rKTs


H343

(e-text produced by ACIP)

see text in transliteration
425b
།།རྒྱ་གར་སྐད་དུ། ཀརྨ་བི་བྷངྒ། བོད་སྐད་དུ། ལས་རྣམ་པར་འབྱེད་པ། བམ་པོ་དང་པོ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།
426a
༄#། །བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཆོས་གོས་དང ། ཤམ་ཐབས་མནབས། ལྷུང་བཟེད་བསྣམས་ཏེ། མཉན་དུ་ཡོད་པར་བསོད་སྙོམས་ཀྱི་ཕྱིར་གཤེགས་ནས། མཐར་ཆགས་སུ་མཉན་དུ་ཡོད་པར་བསོད་སྙོམས་བཞེས་ཏེ། ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོའི་ཁྱིམ་ག་ལ་བ་དེར་གཤེགས་སོ། །དེའི་ཚེ་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོའི་ཁྱིམ་དེ་ནི། ཁྲི་རས་ཀོ་ནི་ཀ་བཏིང་བའི་སྟེང་ན་ཁྱི་དུང་ཞེས་བྱ་བ་འདུག་སྟེ། ཁར་གཞོང་རྡོ་བ་ཁར་བླངས་པ་ལ་འབྲས་ཆན་དང ། ཤ་བསྲེས་པའི་ཁྲུད་མ་འཐུང་བ་ལས། ཁྱི་དུང་གིས་བཅོམ་ལྡན་འདས་སྒོ་དྲུང་ན་བཞུགས་པ་མཐོང་སྟེ། མཐོང་ནས་ཀྱང་འ་འུ་ཞེས་ཟུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱི་དུང་ལ་འདི་སྐད་ཅེས་བཀའ་སྩལ་ཏེ། ཁྱི་དུང་ཁྱོད་ཀྱེ་ཞེས་བྱ་བ་ལས་འ་འུ་ཞེས་ཟུགས་པར་གྱུར་ན། དེས་ཀྱང་མ་དུལ་ལམ། དེ་སྐད་ཅེས་བཀའ་སྩལ་པ་དང ། ཁྱི་དུང་ཁྲོས་འཁྲུགས་ཚིག་པ་ཟོས་ཏེ། ཡིད་མ་རངས་ནས་རས་ཀོ་ནི་ཀ་བཏིང་བའི་ཁྲི་ལས་བབས་ཏེ། ཁྲིའི་འོག་ན་གཏོར་ཁུང་གི་ཤིང་གི་ཝཱ་ལ་འདུག་གོ་།དེའི་ཚེ་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་བྱ་བ་ཞིག་གི་
426b
ཕྱིར་ཕྱི་རོལ་དུ་བྱུང་བ་ལས། དེ་ནས་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་སླར་ལོག་པ་དང ། ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོས་ཁྱི་དུང་ཁྲིའི་འོག་ན་གཏོར་ཁུང་གི་ཝཱ་ལ་འདུག་པ་མཐོང་ངོ ། །མཐོང་ནས་ཀྱང་ནང་མི་ལ་སྨྲས་པ། ཁྱོད་ཀྱི་ཁྱི་དུང་འདི་ལ་ཅི་ཞིག་སྨྲས། ཇོ་བོ། བདག་ཅག་གང་གིས་ཀྱང་ཁྱི་དུང་ལ་ཅི་ཡང་མ་སྨྲས་སོ། །དེ་ལྟ་ལགས་མོད་ཀྱི་དགེ་སྦྱོང་གོའུ་ཏ་མ་བྱོན་པར་གྱུར་ཏེ། ཁྱི་དུང་གིས་དགེ་སྦྱོང་གོའུ་ཏ་མ་སྒོ་དྲུང་ན་བཞུགས་པ་མཐོང་ངོ ། །མཐོང་ནས་ཀྱང་འ་འུ་ཞེས་ཟུགས་པ་དང ། དགེ་སྦྱོང་གོའུ་ཏ་མས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏེ། ཁྱི་དུང་ཁྱོད་ཀྱེ་ཞེས་བྱ་བ་ལས་འ་འུ་ཞེས་ཟུགས་པར་གྱུར་ན། དེས་ཀྱང་མ་དུལ་ལམ། དེ་སྐད་ཅེས་བཀའ་སྩལ་པ་དང ། ཁྱི་དུང་ཁྲོས་འཁྲུགས་ཚིག་པ་ཟོས་ཏེ་ཡི་མ་རངས་ནས། རས་ཀོ་ནི་ཀ་བཏིང་བའི་ཁྲི་ལས་བབས་ཏེ། ཁྲིའི་འོག་ན་གཏོར་ཁུང་གི་ཤིང་གི་ཝཱ་ལ་འདུག་གོ་།དེ་ནས་བྲམ་ཟེའི་ཁྱེའུ་ནེ་ཙོ་ཁྲོས་འཁྲུགས་ཚིག་པ་ཟོས་ཏེ་ཡི་མ་རངས་ནས་མཉན་དུ་ཡོད་པ་ནས་བྱུང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ག་ལ་བ་དེར་སོང་ངོ ། །དེའི་ཚེ་བཅོམ་ལྡན་འདས་དགེ་སློང་བརྒྱ་ཕྲག་དུ་མའི་འཁོར་གྱི་མདུན་ན་ཆོས་སྟོན་ཅིང་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་རྒྱང་རིང་པོ་ནས་འོང་
427a
༄#། །བ་གཟིགས་སོ། །གཟིགས་ནས་ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག། ཁྱེད་ཀྱིས་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་རྒྱད་རིང་པོ་ནས་འོང་བ་མཐོང་ངམ། བཙུན་པ། དེ་ལྟ་ལགས་སོ། །གལ་ཏེ་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་འདིའི་ཚེ་འཆི་བའི་དུས་བྱས་པར་གྱུར་ན་ནི། ལུས་དང་བྲལ་ནས་ཤི་བའི་འོག་ཏུ། དཔེར་ན། མདའ་སྟེའུ་ཀ་འཕངས་པ་དེ་བཞིན་དུ་ངན་སོང་ངན་འགྲོ་རྣམ་པར་ལྟུང་བ། སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཏེ། འདི་ལྟར་འདི་ང་ལ་སེམས་རབ་ཏུ་ཁྲོས་པའི་ཕྱིར་རོ། །སེམས་རབ་ཏུ་ཁྲོས་པའི་རྒྱུས། དེ་ལྟར་འདི་ན་སེམས་ཅན་ཁ་ཅིག་ལུས་དང་བྲལ་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་རྣམ་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་ནས་དགེ་སློང་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། འདི་ན་གང་ཟག་ཁ་ཅིག་ནི། །རབ་ཏུ་སེམས་ཁྲོས་གྱུར་གཟིགས་ནས། །སྟོན་པས་དགེ་སློང་ཚོགས་རྣམས་ལ། །དོན་དེ་ཉིད་ནི་ལུང་བསྟན་ཏོ། །ཀྱེ་མ་གསོན་པའི་མི་འདི་ནི། །ད་ནི་འཆི་བའི་དུས་བྱེད་ན། །དེ་ཡི་སེམས་ནི་ཁྲོས་པའི་ཕྱིར། །སེམས་ཅན་དམྱལ་བ་རྣམས་སུ་སྐྱེ། །དེ་བཞིན་གཤེགས་ལ་སེམས་ཁྲོས་པ། །དེ་ཡི་རྒྱུས་ནི་སེམས་ཅན་རྣམས། །དཔེར་ན་མདའ་ནི་འཕངས་པ་བཞིན། །དེ་
427b
ལྟར་ངན་འགྲོར་འགྲོ་བར་འགྱུར། །དེ་ནས་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་བཅོམ་ལྡན་འདས་ག་ལ་བ་དེང་སོང་སྟེ་ཕྱིན་པ་དང ། བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་མངོན་དུ་ཀུན་དགའ་བར་བྱ་བ་དང ། ཡང་དག་པར་ཆགས་པར་བྱ་བའི་གཏམ་རྣམ་པ་མང་པོ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་།ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གོའུ་ཏ་མ་ཁྱོད་བདག་གི་ཁྱིམ་དུ་བྱོན་ཏམ། བྲམ་ཟེའི་ཁྱེའུ། ཕྱིན་ཏོ། །གོའུ་ཏ་མ་ཁྱོད་ཀྱིས་བདག་གི་ཁྱི་དུང་ལ་ཅི་ཞིག་མ་གསུངས་སམ། བྲམ་ཟེའི་ཁྱེའུ། ང་འདིར་སྔ་དྲོ་ཆོས་གོས་དང་ཤམ་ཐབས་བགོས། ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ། མཐར་གྱིས་མཉན་དུ་ཡོད་པར་བསོད་སྙོམས་བླངས་ནས་ཁྱོད་ཀྱི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། སྒོ་དྲུང་ན་འདུག་པ་དང ། དེའི་ཚེ་ཁྱི་དུང་རས་ཀོ་ནི་ཀ་བཏིང་བའི་ཁྲིའི་སྟེང་ན་འདུག་ཅིང ། ཁར་གཞོང་རྡོ་བའི་ཁར་བླངས་པ་ལ། འབྲས་ཆན་དང ། ཤ་བསྲེས་པའི་ཁྲུད་མ་འཐུང་བ་ལས། ཁྱི་དུང་གིས་ང་སྒོ་དྲུང་ན་འདུག་པ་མཐོང་སྟེ་མཐོང་ནས་ཀྱང་ཟུགས་པ་དང ། ངས་དེ་ལ་སྨྲས་པ། ཁྱི་དུང་ཁྱོད་ཀྱེ་ཞེས་བྱ་བ་ལས་འ་འུ་ཞེས་ཟུགས་པར་གྱུར་ན། དེས་ཀྱང་མ་དུལ་ལམ་ཞེས་དེ་སྐད་ཅེས་སྨྲས་པ་དང །
428a
༄#། །ཁྱི་དུང་ཁྲོས་འཁྲུགས་ཚིག་པ་ཟོས་ཏེ་ཡི་མ་རངས་ནས། རས་ཀོ་ནི་ཀ་བཏིང་བའི་ཁྲི་ལས་བབས་ཏེ། ཁྲིའི་འོག་ན་གཏོར་ཁུང་གི་ཤིང་གི་ཝྭ་ལ་འདུག་གོ་།གོའུ་ཏ་མ། ཁྱོད་ཀྱིས་ཁྱི་དུང་ཚེ་སྔ་མ་ལ་བདག་གི་ཅིར་མཆི་མཁྱེན་ཏམ། བྲམ་ཟེའི་ཁྱེའུ། ཁ་རོག་འདུག་ལ་ང་ལ་དོན་འདི་མ་འདྲི་ཞིག་།ཁྱོད་ཀུན་ཏུ་གནོད་སེམས་སུ་འགྱུར་བ་དང ། མི་བཟོད་པ་དང ། སེམས་ཡིད་མི་བདེ་བར་འགྱུར་དུ་འོང་ངོ ། །ལན་གཉིས་ལན་གསུམ་དུ་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གོའུ་ཏ་མ་ཁྱོད་ཀྱིས་ཁྱི་དུང་ཚེ་སྔ་མ་ལ་བདག་ཅག་གི་ཅིར་མཆི་མཁྱེན་ཏམ། བཅོམ་ལྡན་འདས་ཀྱིས་ཀྱང་ལན་གཉིས་ལན་གསུམ་དུ་ཏོའུ་ཏེ་ཡེའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེའི་ཁྱེའུ། ཁ་རོག་འདུག་ལ་ང་ལ་དོན་འདི་མ་འདྲི་ཞིག་།ཁྱོད་ཀུན་ཏུ་གནོད་སེམས་སུ་འགྱུར་བ་དང ། མི་བཟོད་པ་དང ། སེམས་ཡིད་མི་བདེ་བར་འགྱུར་དུ་འོང་ངོ ། །བྲམ་ཟེའི་ཁྱེའུ་ཁྱོད་ལན་གསུམ་གྱི་བར་དུ་དོན་འདི་ངེས་པར་མ་ཐོབ་པས་འདྲི་ན། དེའི་ཕྱིར་བྲམ་ཟེའི་ཁྱེའུ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་བཤད་དོ། །བྲམ་ཟེའི་ཁྱེའུ། ཁྱོད་ཀྱི་ཕ་ཏོའུ་ཏེ་ཡ་གང་ཡིན་པ་དེ་
428b
ལུས་དང་བྲལ་ནས། དམན་པ་ཁྱིའི་གནས་སུ་སྐྱེས་སོ། །ཀྱེ་གོའུ་ཏ་མ། བདག་གི་ཕ་ཏེའུ་ཏེ་ཡ་ནི་མཆོད་སྦྱིན་བགྱིས་པ། སྦྱིན་སྲེག་བགྱིས་པ། མཆོད་སྡོང་བསྒྲེང་བ་ལགས་ན། དེ་ཅིའི་སླད་དུ་འདི་ལྟར་འགྱུར། དེ་ནི་ལུས་དང་བྲལ་ནས་ཚངས་པའི་འཇིག་རྟེན་བཟང་པོར་སྐྱེ་བར་འགྱུར་རོ། །བྲམ་ཟེའི་ཁྱེའུ་ཁྱོད་ཀྱི་ཕ་ཏོའུ་ཏེ་ཡ་ནི། ང་རྒྱལ་ལས་ང་རྒྱལ་ཉིད་ཀྱིས་དམན་པ་ཁྱིའི་གནས་སུ་སྐྱེས་སོ། །བྲམ་ཟེའི་ཁྱེའུ། གལ་ཏེ་ངས་སྨྲས་པ་ལ་ཡིད་མི་ཆེས་ན། བྲམ་ཟེའི་ཁྱེའུ། ཁྱོད་དེའི་ཕྱིར་རང་གི་ཁྱིམ་དུ་སོང་ལ་ཕྱིན་པ་དང ། ཁྱི་དུང་ལ། འདི་སྐད་དུ་གལ་ཏེ་ཁྱི་དུང་ཁྱོད་ཚེ་སྔ་མ་ལ་ངའི་ཕ་ཏོའུ་ཏེ་ཡར་གྱུར་པ་ལྟ་ན། རས་ཀོ་ནི་ཀ་བཏིང་བའི་ཁྲི་ལ་འདུག་ཅིག་ཅེས་སྨྲོས་ཤིག་།ཁྲི་ལ་འདུག་པ་དང་ཚིག་འདི་སྐད་དུ་གལ་ཏེ་ཁྱི་དུང་ཁྱོད་ཚེ་སྔ་མ་ལ་ངའི་ཕ་ཏོའུ་ཏེ་ཡར་གྱུར་པ་ལྟ་ན། ཁར་གཞོང་རྡོ་བའི་ཁར་བླངས་པ་ལ་འབྲས་ཆན་དང་ཤ་བསྲེས་པའི་ཁྲུད་མ་འཐུངས་ཤིག་ཅེས་སྨྲོས་ཤིག ། འཐུང་ན་དེ་ལ་ཚིག་འདི་སྐད་དུ་གལ་ཏེ་ཁྱི་དུང་ཁྱོད་ཚེ་སྔ་མ་ལ་ངའི་ཕ་ཏོའུ་ཏེ་ཡར་གྱུར་པ་ལྟ་ན། ཁྱོད་འཆི་བའི་དུས་ཀྱི་ཚེ་བདག་དབང་བ་གང་ཡོད་པ་ང་ལ་མ་བསྟན་པ་དེ་སྟོན་ཅིག་ཅེས་སྨྲོས་ཤིག་དང་སྟོན་པར་འགྱུར་རོ། །དེ་ནས་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོས་བཅོམ་ལྡན་འདས་ཀྱིས་གསུངས་པ་བཟུང་སྟེ། ཀུན་ཆུབ་པར་བྱས་ནས་རང་གི་ཁྱིམ་ག་
429a
༄#། །ལ་བ་དེར་སོང་སྟེ་ཕྱིན་པ་དང ། ཁྱི་དུང་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་ཁྱི་དུང་ཁྱོད་ཚེ་སྔ་མ་ལ་ངའི་ཕ་ཏོའུ་ཏེ་ཡར་གྱུར་པ་ལྟ་ན། རས་ཀོ་ནི་ཀ་བཏིང་བའི་ཁྲི་ལ་འདུག་ཅིག་ཁྲི་ལ་འདུག་ནས་དེ་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་ཁྱི་དུང་ཁྱོད་ཚེ་སྔ་མ་ལ་ངའི་ཕ་ཏོའུ་ཏེ་ཡར་གྱུར་པ་ལྟ་ན། ཁར་གཞོང་རྡོའི་ཁར་བླངས་པ་ལ་འབྲས་ཆན་དང་ཤ་བསྲེས་པའི་ཁྲུད་མ་འཐུངས་ཤིག། འཐུངས་ནས་དེ་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་ཁྱི་དུང་ཁྱོད་ཚེ་སྔ་མ་ལ་ངའི་ཕ་ཏོའུ་ཏེ་ཡར་གྱུར་པ་ལྟ་ན། ཁྱོད་འཆི་བའི་དུས་ཀྱི་ཚེ་བདག་དབང་བ་གང་ཡོད་པ་ང་ལ་མ་བསྟན་པ་དེ་སྟོན་ཅིག་།དེ་ནས་ཁྱི་དུང་རས་ཀོ་ནི་ཀ་བཏིང་བའི་ཁྲི་ལས་བབས་ཏེ། གནས་ཁྱིམ་རྙིང་པ་ཞིག་ཡོད་པ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང ། ཁྲིའི་རྐང་པ་བཞིའི་གནས་སུ་རྐང་ལག་གི་སྡེར་མོས་འབྲུའོ། །དབུས་སུ་ནི་སྣས་སྣོམ་མོ། །ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོས། དེ་ནས་གསེར་དངུལ་བརྡུངས་པ་དང ། སིལ་མ་ལྕགས་ཟངས་བཞི་དང ། དབུས་ནས་གསེར་གྱི་འཁར་བ་དང ། རིལ་བ་རྙེད་དོ། །དེ་ནས་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོས་གསེར་དེ་སྦས་ནས་དགའ་མགུ་ཞིང་རབ་ཏུ་དགའ་སྟེ་རངས་ནས་དགའ་བ་དང ། ཡིད་བདེ་བ་སྐྱེས་ཏེ། མཉན་དུ་ཡོད་པ་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་
429b
བ་དེར་སོང་ངོ ། །དེའི་ཚེ་བཅོམ་ལྡན་འདས་དགེ་སློང་གི་འཁོར་བརྒྱ་ཕྲག་དུ་མའི་མདུན་ན་ཆོས་སྟོན་ཅིང་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་རྒྱང་རིང་པོ་ནས་འོང་བ་གཟིགས་སོ། །གཟིགས་ནས་ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་རྒྱང་རིང་པོ་ནས་འོང་བ་མཐོང་ངམ། བཙུན་པ། དེ་ལྟ་ལགས་སོ། །གལ་ཏེ་ཏོའུ་ཏེ་ཡའུ་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་འདིའི་ཚེ་འཆི་བའི་དུས་བྱས་པར་གྱུར་ན་ནི། དཔེར་ན། མདའ་སྟེའུ་ཀ་འཕངས་པ་དེ་བཞིན་དུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། འདི་ལྟར་དེས་ང་ལ་སེམས་དད་པར་བྱས་པའི་ཕྱིར་རོ། །དགེ་སློང་དག་།སེམས་དད་པའི་རྒྱུས་དེ་ལྟར་འདི་ན་སེམས་ཅན་ཁ་ཅིག་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ནས་དགེ་སློང་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། འདི་ན་གང་ཟག་ཁ་ཅིག་ནི། །རབ་ཏུ་སེམས་དད་གྱུར་གཟིགས་ནས། །སྟོན་པས་དགེ་སློང་ཚོགས་རྣམས་ལ། །དོན་དེ་ཉིད་ནི་ལུང་བསྟན་ཏོ། །ཀྱེ་མ་གསོན་པའི་མི་འདི་ནི། །ད་ནི་འཆི་བའི་དུས་བྱེད་ན། །དེ་ཡི་སེམས་ནི་དད་པའི་ཕྱིར། །ལྷ་རྣམས་ནང་དུ་སྐྱེ་བར་འགྱུར། །དེ་བཞིན་གཤེགས་ལ་སེམས་དད་པ། །དེ་ཡི་རྒྱུས་ནི་སེམས་
430a
༄#། །ཅན་རྣམས། །དཔེར་ན་མདའ་ནི་འཕངས་པ་བཞིན། །དེ་ལྟར་བཟང་འགྲོར་འགྲོ་བར་འགྱུར། །དེ་ནས་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང ། བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་མདུན་དུ་ཀུན་དགའ་བར་བྱ་བ་དང ། ཡང་དག་པར་ཆགས་པར་བྱ་བའི་གཏམ་རྣམ་པ་མང་པོ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་།ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་ཕྱོགས་གཅིག་ཏུ་འདུག་པ་དང ། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། བྲམ་ཟེའི་ཁྱེའུ་ཅི། ངས་ཇི་ལྟར་ཁྱི་དུང་ལུང་བསྟན་པ་དེ་དེ་བཞིན་དུ་གྱུར་ཏམ། ཀྱེ་གོའུ་ཏ་མ། མད་དེ། ཇི་ལྟར་གོའུ་ཏ་མ་ཁྱོད་ཀྱིས་ཁྱི་དུང་ལུང་བསྟན་པ་དེ་དེ་བཞིན་ནོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་སྐབས་དབྱེ་བར་གནང་ན། གོའུ་ཏ་མ་ཁྱོད་ལ་བདག་ཞུ་བ་གཞན་འགའ་ཞིག་ཀྱང་ཞུའོ། །བྲམ་ཟེའི་ཁྱེའུ་ཅི་དང་ཅི་འདོད་པ་དྲིས་ཤིག་།ཀྱེ་གོའུ་ཏ་མ། རྒྱུ་གང་དང ། རྐྱེན་གང་གིས་འདིར་སེམས་ཅན་ཁ་ཅིག་ཚེ་ཐུང་བ་དང ། ཚེ་རིང་བ་དང ། ནད་མང་བ་དང ། ནད་ཉུང་བ་དང ། མདོག་སྡུག་པ་དང ། མདོག་མི་སྡུག་པ་དང ། དབང་ཆུང་བར་གྲགས་པ་དང ། དབང་ཆེ་བར་གྲགས་པ་དང ། རིགས་བཙུན་པ་དང ། རིགས་དམའ་བ་དང ། ཚིག་གཟུང་བར་འོས་པ་དང །
430b
ཚིག་གཟུང་བར་མི་འོས་པ་དང ། ལོངས་སྤྱོད་ཆེ་བ་དང ། ལོངས་སྤྱོད་ཆུང་བ་དང ། ཤེས་རབ་འཆལ་བ་དང ། ཤེས་རབ་ཆེན་པོར་གྱུར་པ། ཀྱེ་གོའུ་ཏ་མ། ལས་གང་གི་རྣམ་པར་སྨིན་པས། སེམས་ཅན་འདི་དག་ལས་སྣ་ཚོགས་སུ་གདའ། བྲམ་ཟེའི་ཁྱེའུ། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་བཤད་དོ། །བྲམ་ཟེའི་ཁྱེའུ། སེམས་ཅན་རྣམས་ནི་ལས་བདག་གིར་འགྱུར་བ། ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱི་སྐྱེ་གནས་ཅན། ལས་ལ་སྟོན་པ་སྟེ། བྲམ་ཟེའི་ཁྱེའུ། སེམས་ཅན་རྣམས་ནི་ལས་ཀྱིས་འདི་ལྟ་སྟེ། དམན་པ་དང ། མཆོག་དང ། འབྲིང་དང ། མཆོག་དང ། མཐོན་པོ་དང ། དམའ་བ་དང ། ངན་པ་དང ། བཟང་པོ་རྣམས་སུ་རྣམ་པར་ཕྱེའོ། །གོའུ་ཏ་མ། ཁྱོད་ཀྱིས་མདོར་བཤད་དེ་རྣམ་པར་མ་ཕྱེད་པ་འདི་བདག་གིས་དོན་རྒྱ་ཆེར་མ་འཚལ་ཏོ། །བྲམ་ཟེའི་ཁྱེའུ། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་བཤད་དོ། །སེམས་ཅན་རྣམས་ཀྱི་ལས་སྣ་ཚོགས་དང ། ཉོན་མོངས་པ་སྣ་ཚོགས་དང ། ལྟ་བ་སྣ་ཚོགས་དང ། སྤྱོད་པ་སྣ་ཚོགས་རིག་ནས། ལས་ནག་པོ་དང ། དཀར་པོ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་བརྗོད་པར་བྱ་སྟེ། བྲམ་ཟེའི་ཁྱེའུ། ལས་ནག་པོས་ནི་ངན་སོང་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དྭགས་རྣམས་ཀྱི་ནང་དུ་སྐྱེའོ། །ལས་དཀར་
431a
༄#། །པོས་ནི་ལྷ་དང ། མི་རྣམས་ཀྱི་ནང་དུ་སྐྱེའོ། །བྲམ་ཟེའི་ཁྱེའུ། ཚེ་ཐུང་བར་འགྱུར་བའི་ལས་ཀྱང་ཡོད། ཚེ་རིང་བར་འགྱུར་བའི་ལས་ཀྱང་ཡོད། ནད་མང་བར་འགྱུར་བའི་ལས་ཀྱང་ཡོད། ནད་ཉུང་བར་འགྱུར་བའི་ལས་ཀྱང་ཡོད། མདོག་མི་སྡུག་པར་འགྱུར་བའི་ལས་ཀྱང་ཡོད། མཛེས་པར་འགྱུར་བའི་ལས་ཀྱང་ཡོད། དབང་ཆུང་བར་གྲགས་པར་འགྱུར་བའི་ལས་ཀྱང་ཡོད། དབང་ཆེ་བར་གྲགས་པར་འགྱུར་བའི་ལས་ཀྱང་ཡོད། རིགས་བཙུན་པར་འགྱུར་བའི་ལས་ཀྱང་ཡོད། རིགས་དམའ་བར་འགྱུར་བའི་ལས་ཀྱང་ཡོད། ལོངས་སྤྱོད་ཆེན་པོར་འགྱུར་བའི་ལས་ཀྱང་ཡོད། ལོངས་སྤྱོད་ཆུང་བར་འགྱུར་བའི་ལས་ཀྱང་ཡོད། ཤེས་རབ་འཆལ་བར་འགྱུར་བའི་ལས་ཀྱང་ཡོད། ཤེས་རབ་ཆེན་པོར་འགྱུར་བའི་ལས་ཀྱང་ཡོད། སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། དུད་འགྲོར་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། ཡི་དྭགས་སུ་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། །མིའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། འདོད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། གཟུགས་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། གཟུགས་མེད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། ངེས་པར་སྐྱེ་བར་
431b
འགྱུར་བའི་ལས་ཀྱང་ཡོད། སྐྱེ་བར་འགྱུར་བར་མ་ངེས་པའི་ལས་ཀྱང་ཡོད། ཡུལ་གཞན་དུ་རྣམ་པར་སྨིན་པར་འགྱུར་བའི་ལས་ཀྱང་ཡོད། བྱས་ལ་བསགས་པ་མ་ཡིན་པའི་ལས་ཀྱང་ཡོད། བསགས་བ་མ་བྱས་པའི་ལས་ཀྱང་ཡོད། བྱས་ལ་བསགས་པའི་ལས་ཀྱང་ཡོད། མ་བྱས་ལ་མ་བསགས་པའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ཏེ། སེམས་ཅན་དམྱལ་བ་པའི་ཚེ་ཡོངས་སུ་རྫོགས་པར་ཟད་པར་བྱས་ནས། འཆི་འཕོ་བའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན།་གང་ཟག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ཏེ། སེམས་ཅན་དམྱལ་བ་བའི་ཚེ་ཕྱེད་ཟད་པར་བྱས་ནས་འཆི་འཕོ་བའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་མ་ཐག་ཏུ་འཆི་འཕོ་བའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་སྔར་བདེ་བར་གྱུར་ལ། ཕྱིས་སྡུག་བསྔལ་བར་འགྱུར་བའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་སྔར་སྡུག་བསྔལ་བར་གྱུར་ལ། ཕྱིས་བདེ་བར་འགྱུར་བའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་སྔར་ཡང་བདེ་བར་གྱུར་ལ། ཕྱིས་ཀྱང་བདེ་བར་འགྱུར་བའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་སྔར་ཡང་སྡུག་བསྔལ་བར་གྱུར་ལ། ཕྱིས་ཀྱང་སྡུག་བསྔལ་བར་འགྱུར་
432a
༄#། །བའི་ལས་ཀྱང་ཡོད། ལས་གང་ནང་ལྡན་ན། གང་ཟག་ཕྱུག་པོར་གྱུར་ལ། གཏོང་བ་དང་ལྡན་པའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་ཕྱུག་པོར་གྱུར་ལ། སེར་སྣ་ཅན་དུ་འགྱུར་བའི་ལས་ཀྱང་ཡོད། །ལས་གང་དང་ལྡན་ན། གང་ཟག་དབུལ་པོར་གྱུར་ལ། གཏོང་བ་དང་ལྡན་པའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་དབུལ་པོར་གྱུར་ལ། སེར་སྣ་ཅན་དུ་འགྱུར་བའི་ལས་ཀྱང་ཡོད། གང་ཟག་གང་གི་ཚེ་ཟད་པར་གྱུར་ལ། ལས་མ་ཟད་པའི་གང་ཟག་ཀྱང་ཡོད། གང་ཟག་གང་གི་ལས་ཟད་པར་གྱུར་ལ། ཚེ་མ་ཟད་པའི་གང་ཟག་ཀྱང་ཡོད། གང་ཟག་གང་གི་ཚེ་ཡང་ཟད་པར་གྱུར་ལ། ལས་ཀྱང་ཟད་པའི་གང་ཟག་ཀྱང་ཡོད། གང་ཟག་གང་གི་ཚེ་ཡང་མ་ཟད་ཅིང ། ལས་ཀྱང་མ་ཟད་ལ། དེའི་ཉོན་མོངས་པ་རྣམས་ཟད་པའི་གང་ཟག་ཀྱང་ཡོད། ལུས་བདེ་བར་གྱུར་ལ། སེམས་མི་བདེ་བའི་གང་ཟག་ཀྱང་ཡོད། སེམས་བདེ་བར་གྱུར་ལ། ལུས་མི་བདེ་བའི་གང་ཟག་ཀྱང་ཡོད། ལུས་བདེ་བར་གྱུར་ལ། སེམས་ཀྱང་བདེ་བའི་གང་ཟག་ཀྱང་ཡོད། ལུས་ཀྱང་མི་བདེ་བར་གྱུར་ལ། སེམས་ཀྱང་མི་བདེ་བའི་གང་ཟག་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་ངན་སོང་རྣམས་སུ་སྐྱེས་ལ། གཟུགས་བཟང་
432b
པ་དང ། བལྟ་ན་སྡུག་པ་དང ། མཛེས་པ་དང ། མདོག་སྣུམ་པ་དང ། པགས་པ་སྣུམ་པ་དང ། མིག་ཏུ་སྡུག་པར་འགྱུར་བའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་ངན་སོང་རྣམས་སུ་སྐྱེས་ལ། མདོག་མི་སྡུག་པ་དང ། ལུས་རྩུབ་བ་དང ། བལྟ་ན་མི་སྡུག་པ་དང ། ལྟ་བ་དང་མི་མཐུན་པར་འགྱུར་བའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་ངན་སོང་རྣམས་སུ་སྐྱེས་ལ། དྲི་མི་ཞིམ་པ་དང ། དབང་པོ་མི་གསལ་བ་དང ། དབང་པོ་མི་རྣོ་བར་འགྱུར་བའི་ལས་ཀྱང་ཡོད། བྲམ་ཟེའི་ཁྱེའུ། མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་དག་ཡང་དག་པར་བླངས་པའི་རྒྱུས། ཕྱི་རོལ་གྱི་དངོས་པོ་བཅུ་རྒུད་པར་སྣང ། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་བླངས་པའི་རྒྱུས། ཕྱི་རོལ་གྱི་དངོས་པོ་བཅུ་ཕུན་སུམ་ཚོགས་པར་སྣང་སྟེ། འདི་ནི་མདོར་བསྟན་པའོ། །དེ་ལ་ཚེ་ཐུང་བར་འགྱུར་བའི་ལས་གང་ཞེ་ན། ཚེ་ཐུང་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། སྲོག་གཅོད་པ་དང ། སྲོག་གཅོད་པ་ཡང་དག་པར་འཛིན་དུ་འཇུག་པ་དང ། སྲོག་གཅོད་པའི་བསྔགས་པ་སྨྲ་བ་དང ། སྲོག་གཅོད་པ་ལ་རྗེས་སུ་ཡི་རང་བ་དང ། མངལ་ནས་ཟག་པར་བྱེད་པ་དང ། མངལ་ནས་ཟགས་པར་བྱ་བར་ཡང་དག་པར་འཛིན་དུ་འཇུག་པ་དང ། མི་མཛའ་བ་ཤི་ན་ཡིད་དགའ་བ་དང ། མི་འཛའ་བ་ཤི་བར་
433a
༄#། །དགའ་བ་དང ། གང་དུ་སྲོག་ཆགས་མང་པོ་གསོད་པའི་ལྟ་རྟེན་འཛུགས་པ་དང ། གཡུལ་འགྱེད་པ་ལ་ལྟ་བ་ནི་བཅུ་པའོ། །ཆོས་བཅུ་པོ་དེ་དག་ནི་ཚེ་ཐུང་བར་འགྱུར་བ་སྟེ། ལས་འདི་ནི་ཚེ་ཐུང་བར་འགྱུར་བའོ། །དེ་ལ་ཚེ་རིང་བར་འགྱུར་བའི་ལས་གང་ཞེ་ན། ཚེ་རིང་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། སྲོག་གཅོད་པ་སྤོང་བ་དང ། སྲོག་གཅོད་པ་སྤོང་བ་ཡང་དག་པར་འཛིན་དུ་འཇུག་པ་དང ། །སྲོག་གཅོད་པ་སྤོང་བའི་བསྔགས་པ་སྨྲ་བ་དང ། སྲོག་གཅོད་པ་སྤོང་བ་ལ་རྗེས་སུ་ཡི་རང་བ་དང ། བསད་པར་ཆད་པའི་གང་ཟག་རྣམས་རབ་ཏུ་ཐར་བར་བྱེད་པ་དང ། དུད་འགྲོའི་སྐྱེ་གནས་སུ་གྱུར་པའི་སྲོག་ཆགས་བསད་པར་ཆད་པ་རྣམས་རབ་ཏུ་ཐར་བར་བྱེད་པ་དང ། འཇིགས་སྐྲག་པ་རྣམས་ལ་མི་འཇིགས་པ་སྦྱིན་པ་དང ། མགོན་མེད་པ་རྣམས་ལ་སྙིང་རྗེ་བའི་སེམས་དང་ལྡན་པ་དང ། ནད་པ་རྣམས་ལ་བྱམས་པ་ཉེ་བར་སྒྲུབ་པ་དང ། ལེན་པ་རྣམས་ལ་ཟས་སྦྱིན་པའོ། །ཆོས་བཅུ་པོ་དེ་དག་ནི་ཚེ་རིང་བར་འགྱུར་བ་སྟེ། ལས་འདི་ནི་ཚེ་རིང་བར་འགྱུར་བའོ། །དེ་ལ་ནད་མང་བར་འགྱུར་བའི་ལས་གང་ཞེ་ན། ནད་མང་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། ཁུ་ཚུར་དང ། ཐལ་མོ་ལ་སོགས་པས་བརྡེག་པ་དང ། ཁུ་ཚུར་
433b
དང ། ཐལ་མོ་ལ་སོགས་པས་བརྡེག་པ་ཡང་དག་པར་འཛིན་དུ་འཇུག་པ་དང ། ཁུ་ཚུར་དང ། ཐལ་མོ་ལ་སོགས་པས་བརྡེག་པའི་བསྔགས་པ་སྨྲ་བ་དང ། ཁུ་ཆུར་དང ། ཐལ་མོ་ལ་སོགས་པས་བརྡེག་པ་ལ་རྗེས་སུ་ཡི་རང་བ་དང ། ཕ་མ་ན་བར་སྒྲུབ་པ་དང ། འཕགས་པ་རྣམས་ན་བར་སྒྲུབ་པ་དང ། མི་མཛའ་བ་རྣམས་ནད་ཀྱིས་བཏབ་ན་ཡིད་དགའ་བ་དང ། མི་མཛའ་བ་རྣམས་ནད་སོས་ན་ཡིད་མི་དགའ་བ་དང ། སྨན་མ་ཡིན་པ་སྦྱིན་པ་དང ། ཟས་མ་ཞུ་བར་ཟ་བ་ནི་བཅུ་པའོ། །ཆོས་བཅུ་པོ་དེ་དག་ནི་ནད་མང་བར་འགྱུར་བ་སྟེ། ལས་འདི་ནི་ནད་མང་བར་འགྱུར་བའོ། །དེ་ལ་ནད་ཉུང་བར་འགྱུར་བའི་ལས་གང་ཞེ་ན། ནད་ཉུང་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། ཁུ་ཚུར་དང ། ཐལ་མོ་ལ་སོགས་པས་བརྡེག་པ་སྦོང་བ་དང ། ཁུ་ཚུར་དང ། ཐལ་མོ་ལ་སོགས་པས་བརྡེག་པ་སྤོང་བ་ཡང་དག་པར་འཛིན་དུ་འཇུག་པ་དང ། ཁུ་ཚུར་དང ། ཐལ་མོ་ལ་སོགས་པས་བརྡེག་པ་སྤོང་བའི་བསྔགས་པ་སྨྲ་བ་དང ། ཁུ་ཚུར་དང་ཐལ་མོ་ལ་སོགས་པས་བརྡེག་པ་སྤོང་བ་ལ་རྗེས་སུ་ཡི་རང་བ་དང ། ཕ་མ་ནད་ཀྱིས་བཏབ་ན་རིམ་གྲོ་བྱེད་པ་དང ། འཕགས་པ་རྣམས་ནད་ཀྱིས་བཏབ་ན་རིམ་གྲོ་བྱེད་པ་དང ། མི་མཛའ་བ་ནད་ཀྱིས་བཏབ་ན་ཡིད་མི་དགའ་བ་དང ། མི་མཛའ་བ་ནད་སོས་ན་ཡིད་དགའ་བ་དང ། ནད་པ་ལ་སྨན་སྦྱིན་པ་དང ། ཁ་
434a
༄#། །ཟས་ཞུ་བར་གྱུར་ནས་ཟ་བ་ནི་བཅུ་པའོ། །ཆོས་བཅུ་པོ་དེ་དག་ནི་ནད་ཉུང་བར་འགྱུར་བ་སྟེ། ལས་འདི་ནི་ནད་ཉུང་བར་འགྱུར་བའོ། །དེ་ལ་མདོག་མི་སྡུག་པར་འགྱུར་བའི་ལས་གང་ཞེ་ན། མདོག་མི་སྡུག་པར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། ཁྲོ་བ་དང ། འཆབ་པ་དང ། ཁོན་དུ་འཛིན་པ་དང ། འཚིག་པ་དང ། ཕ་མའི་བསྔགས་པ་མ་ཡིན་པ་སྨྲ་བ་དང ། འཕགས་པ་རྣམས་ཀྱི་བསྔགས་པ་མ་ཡིན་པ་སྨྲ་བ་དང ། འཕགས་པའི་ཡོངས་སུ་སྤྱད་པ་མ་རུང་བར་བྱེད་པ་དང ། དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་མར་མེའི་འོད་ཀྱི་བར་དུ་གཅོད་པ་དང ། གང་ཟག་མདོག་མི་སྡུག་པ་རྣམས་ལ་དབང་ཟ་བ་དང ། གཙང་སྦྲ་མེད་པར་སྤྱོད་པ་ནི་བཅུ་པའོ། །ཆོས་བཅུ་པོ་དེ་དག་ནི་མདོག་མི་སྡུག་པར་འགྱུར་བ་སྟེ། ལས་འདི་ནི་མདོག་མི་སྡུག་པར་འགྱུར་བའོ། །དེ་ལ་མཛེས་པར་འགྱུར་བའི་ལས་གང་ཞེ་ན། མཛེས་པར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། མི་ཁྲོ་བ་དང ། གོས་སྦྱིན་པ་དང ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རྡོ་ཐལ་གྱིས་ཉུག་པ་དང ། གཙུག་ལག་ཁང་ཕྱག་དར་བྱེད་པ་དང ། དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་ཁང་པ་ཕྱག་པ་དང ། དེ་བཞིན་གཤེགས་པའི་སྐུ་གཟུགས་འཕྱི་བ་དང ། ཕ་མའི་བསྔགས་པ་སྨྲ་བ་དང ། འཕགས་པ་རྣམས་ཀྱི་བསྔགས་
434b
བ་སྨྲ་བ་དང ། གང་ཟག་མདོག་མི་སྡུག་རྣམས་ལ་མི་བརྙས་པ་དང ། གཙང་སྦྲ་སྤྱོད་པ་ནི་བཅུ་པའོ། །ཆོས་བཅུ་པོ་དེ་དག་ནི་མཛེས་པར་འགྱུར་བའོ། །དེ་ལ་དབང་ཆུང་བར་གྲགས་པར་འགྱུར་བའི་ལས་གང་ཞེ་ན། དབང་ཆུང་བར་གྲགས་པར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། ཕ་རོལ་གྱི་རྙེད་པ་ལ་ཕྲག་དོག་བྱེད་པ་དང ། ཕ་རོལ་གྱི་རྙེད་པ་ལ་ཡིད་མི་དགའ་བ་དང ། ཕ་རོལ་གྱིས་མ་རྙེད་པ་ལ་ཡིད་དགའ་བ་དང ། ཕ་རོལ་གྱི་གྲགས་པ་དང ། བསྔགས་པ་དང ། བརྗོད་པ་དང ། སྒྲ་དང་ཚིགས་སུ་བཅད་པ་ལ་ཡིད་མི་དགའ་བ་དང ། ཕ་རོལ་གྱི་གྲགས་པ་དང ། བསྔགས་པ་དང ། བརྗོད་པ་དང ། སྒྲ་དང་ཚིགས་སུ་བཅད་པ་མ་ཡིན་པ་ལ་ཡིད་དགའ་བ་དང ། ཕ་མ་ལ་བརྙས་པ་དང ། འཕགས་པ་རྣམས་ལ་བརྙས་པ་དང ། དགེ་བའི་རྩ་བ་ཆུང་ངུ་ཡང་དག་པར་འཛིན་དུ་འཇུག་པ་དང ། དགེ་བའི་རྩ་བ་ཆེན་པོའི་རྒྱུན་གཅོད་པ་དང ། གང་ཟག་དབང་ཆུང་བར་གྲགས་པ་རྣམས་ལ་དབང་ཟ་བའོ། །ཆོས་བཅུ་པོ་དེ་དག་ནི་དབང་ཆུང་བར་གྲགས་པར་འགྱུར་བ་སྟེ། ལས་འདི་ནི་དབང་ཆུང་བར་གྲགས་པར་འགྱུར་བའོ། །དེ་ལ་དབང་ཆེ་བར་གྲགས་པར་འགྱུར་བའི་ལས་གང་ཞེ་ན། དབང་ཆེ་ཆེ་བར་གྲགས་པར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། ཕ་རོལ་གྱི་རྙེད་པ་ལ་ཕྲག་དོག་མེད་པ་དང ། ཕ་རོལ་གྱི་རྙེད་པ་ལ་ཡིད་དགའ་བ་དང ། ཕ་རོལ་གྱིས་མ་རྙེད་པ་ལ་
435a
༄#། །ཡིད་མི་དགའ་བ་དང ། ཕ་རོལ་གྱི་གྲགས་པ་དང ། བསྔགས་པ་དང ། བརྗོད་པ་དང ། སྒྲ་དང ། ཚིགས་སུ་བཅད་པ་མ་ཡིན་པ་ལ་ཡིད་མི་དགའ་བ་དང ། ཕ་རོལ་གྱི་གྲགས་པ་དང ། བསྔགས་པ་དང ། བརྗོད་པ་དང ། སྒྲ་དང ། ཚིགས་སུ་བཅད་པ་ལ་ཡིད་དགའ་བ་དང ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང ། གདུགས་སྦྱིན་པ་དང ། དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་ཁང་པ་བྱེད་པ་དང ། དགེ་བའི་རྩ་བ་ཆུང་དུ་རྒྱུན་མི་གཅོད་པ་དང ། དགེ་བའི་རྩ་བ་ཆེན་པོ་ཡང་དག་པར་འཛིན་དུ་འཇུག་པའོ། །ཆོས་བཅུ་པོ་དེ་དག་ནི་དབང་ཆེ་བར་གྲགས་པར་འགྱུར་བ་སྟེ། ལས་འདི་ནི་དབང་ཆེ་བར་གྲགས་པར་འགྱུར་བའོ། །དེ་ལ་རིགས་དམའ་བར་འགྱུར་བའི་ལས་གང་ཞེ་ན། རིགས་དམའ་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། ཁེངས་པ་དང ། ངའོ་སྙམ་པའི་ང་རྒྱལ་དང ། མར་མི་ཤེས་པ་དང ། ཕར་མི་ཤེས་པ་དང ། དགེ་སྦྱོང་དུ་མི་ཤེས་པ་དང ། བྲམ་ཟེར་མི་ཤེས་པ་དང ། ཁྱིམ་གྱི་གཙོ་བོ་ལ་རིམ་གྲོ་མི་བྱེད་པ་དང ། ཕ་མ་ལ་མི་ལྡང་བ་དང ། འཕགས་པ་རྣམས་ལ་མི་ལྡང་བ་དང ། རིགས་དམའ་བར་སྐྱེས་པའི་གང་ཟག་རྣམས་ལ་དབང་ཟ་བའོ། །ཆོས་བཅུ་པོ་དེ་དག་ནི་རིགས་དམའ་བར་འགྱུར་བ་སྟེ། ལས་འདི་ནི་རིགས་དམའ་བར་འགྱུར་བའོ། །དེ་ལ་རིགས་བཙུན་པར་འགྱུར་
435b
བའི་ལས་གང་ཞེ་ན། རིགས་བཙུན་པར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། མཁེངས་པ་དང ། ངའོ་སྙམ་པའི་ང་རྒྱལ་མེད་པ་དང ། མར་ཤེས་པ་དང ། ཕར་ཤེས་པ་དང ། དགེ་སྦྱོང་དུ་ཤེས་པ་དང ། བྲམ་ཟེར་ཤེས་པ་དང ། ཁྱིམ་གྱི་གཙོ་བོ་ལ་རིམ་གྲོ་བྱེད་པ་དང ། ཕ་མ་ལ་ལྡང་བ་དང ། འཕགས་པ་རྣམས་ལ་ལྡང་བ་དང ། རིགས་དམའ་བར་སྐྱེས་པའི་གང་ཟག་རྣམས་ལ་དབང་མི་ཟ་བའོ། །ཆོས་བཅུ་པོ་དེ་དག་ནི་རིགས་བཙུན་པར་འགྱུར་བའོ། །དེ་ལ་ལོངས་སྤྱོད་ཆུང་བར་འགྱུར་བའི་ལས་གང་ཞེ་ན། ལོངས་སྤྱོད་ཆུང་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། མ་བྱིན་པར་ལེན་པ་དང ། མ་བྱིན་པར་ལེན་པ་ཡང་དག་པར་འཛིན་དུ་འཇུག་པ་དང ། མ་བྱིན་པར་ལེན་པའི་བསྔགས་པ་སྨྲེ་བ་དང ། མ་བྱིན་པར་ལེན་པ་ལ་རྗེས་སུ་ཡི་རང་བ་དང ། ཕ་མའི་འཚོ་བ་རྒྱུན་གཅོད་པ་དང ། འཕགས་པ་རྣམས་ཀྱི་འཚོ་བ་རྒྱུན་གཅོད་པ་དང ། ཕ་རོལ་གྱི་རྙེད་པ་ལ་ཡིད་མི་དགའ་བ་དང ། ཕ་རོལ་གྱིས་མ་རྙེད་པ་ལ་ཡིད་དགའ་བ་དང ། ཕ་རོལ་གྱིས་རྙེད་པའི་བར་ཆད་བྱེད་པ་དང ། མུ་གེ་བྱུང་ན་དགའ་བ་ནི་བཅུ་པའོ། །ཆོས་བཅུ་པོ་དེ་དག་ནི་ལོངས་སྤྱོད་ཆུང་བར་འགྱུར་བ་སྟེ། ལས་འདི་ནི་ལོངས་སྤྱོད་ཆུང་བར་འགྱུར་བའོ། །དེ་ལ་ལོངས་སྤྱོད་ཆེན་པོར་འགྱུར་བའི་ལས་གང་ཞེ་ན། ལོངས་སྤྱོད་ཆེན་པོར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་
436a
༄#། །མ་བྱིན་པར་ལེན་པ་སྤོང་བ་དང ། མ་བྱིན་པར་ལེན་པ་སྤོང་བར་ཡང་དག་པར་འཛིན་དུ་འཇུག་པ་དང ། མ་བྱིན་པར་ལེན་པ་སྤོང་བའི་བསྔགས་པ་སྨྲ་བ་དང ། མ་བྱིན་པར་ལེན་པ་སྤོང་བ་ལ་རྗེས་སུ་ཡི་རང་བ་དང ། ཕ་མ་ལ་འཚོ་བ་སྦྱིན་པ་དང ། འཕགས་པ་རྣམས་ལ་འཚོ་བ་སྦྱིན་པ་དང ། ཕ་རོལ་གྱིས་མ་རྙེད་པ་ལ་ཡིད་མི་དགའ་བ་དང ། ཕ་རོལ་གྱིས་རྙེད་པ་ལ་ཡིད་དགའ་བ་དང ། ཕ་རོལ་གྱིས་རྙེད་པའི་བར་ཆད་མི་བྱེད་པ་དང ། ལོ་ལེགས་ན་མངོན་པར་དགའ་བ་ནི་བཅུ་པའོ། །ཆོས་བཅུ་པོ་དེ་དག་ནི་ལོངས་སྤྱོད་ཆེན་པོར་འགྱུར་བ་སྟེ། ལས་འདི་ནི་ལོངས་སྤྱོད་ཆེན་པོར་འགྱུར་བའོ། །དེ་ལ་ཤེས་རབ་འཆལ་བར་འགྱུར་བའི་ལས་གང་ཞེ་ན། ཤེས་རབ་འཆལ་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། འདི་ལ་གང་ཟག་དགེ་སྦྱོང་དང ། བྲམ་ཟེ་མཁས་པ་དང ། མཁས་པའི་གྲངས་སུ་གཏོགས་པ་གང་ཡིན་པ་དེ་དག་གི་གན་དུ་འགྲོ་ཡང་ཡོངས་སུ་མི་འདྲི། ཡོངས་སུ་འདྲི་བར་མི་བྱེད། མི་བསྙེན། མི་བསྟེན། བསྙེན་བཀུར་མི་བྱེད་པ་དང ། འཆལ་བའི་ཤེས་རབ་ཅན་ལ་བསྙེན་ཅིང་བསྟེན་ཏེ། བསྙེན་བཀུར་བྱེད་པ་དང ། མཁས་པ་རྣམས་ཀྱི་མི་འཇིགས་པ་གཅོད་པ་དང ། ལེགས་པར་བཤད་པ་རྣམས་ཡོངས་སུ་སྤོང་བ་དང ། ཉེས་པར་བཤད་པ་རྣམས་ཀུན་ཏུ་འཛིན་པ་
436b
དང ། དམ་པའི་ཆོས་མ་ཡིན་པ་ཡོངས་སུ་སྟོན་པ་དང ། དམ་པའི་ཆོས་ཡོངས་སུ་སྤོང་བ་དང ། ཆོས་སྨྲ་བ་རྣམས་ལ་ལེགས་སོ་ཞེས་བྱ་བ་མི་སྦྱིན་པ་དང ། ལོག་པར་ལྟ་བ་བསྔགས་པར་བྱེད་པ་དང ། ཡང་དག་པར་ལྟ་བ་ལ་སྨད་པའོ། །ཆོས་བཅུ་པོ་དེ་དག་ནི་ཤེས་རབ་འཆལ་བར་འགྱུར་བ་སྟེ། ལས་འདི་ནི་ཤེས་རབ་འཆལ་པར་འགྱུར་བའོ། །དེ་ལ་ཤེས་རབ་ཆེན་པོར་འགྱུར་བའི་ལས་གང་ཞེ་ན། ཤེས་རབ་ཆེན་པོར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། འདི་ལ་གང་ཟག་དགེ་སྦྱོང་དང ། བྲམ་ཟེ་མཁས་པ་མཁས་པའི་གྲངས་སུ་གཏོགས་པ་གང་ཡིན་པ་དེ་དག་གི་གན་དུ་འགྲོ་སྟེ་ཡོངས་སུ་འདྲི་ཞིང་ཡོངས་སུ་འདྲི་བར་བྱེད་ལ། བསྙེན་ཅིང་བསྟེན་ཏེ་བསྙེན་བཀུར་བྱེད་པ་དང ། ཤེས་རབ་འཆལ་པ་ཅན་རྣམས་ལ་མི་བསྙེན་མི་བསྟེན། བསྙེན་བཀུར་མི་བྱེད་པ་དང ། མཁས་པ་རྣམས་ལ་མི་འཇིགས་པ་ཉེ་བར་སྒྲུབ་པ་དང ། ལེགས་པར་བཤད་པ་རྣམས་ཡོངས་སུ་མི་སྤོང་བ་དང ། ཉེས་པར་བཤད་པ་རྣམས་ཡོངས་སུ་སྤོང་བ་དང ། དམ་པའི་ཆོས་ཡོངས་སུ་མི་སྤོང་བ་དང ། དམ་པའི་ཆོས་མ་ཡིན་པ་ཡོངས་སུ་སྤོང་བ་དང ། ཆོས་སྨྲ་བའི་གང་ཟག་རྣམས་ལ་ལེགས་སོ་ཞེས་བྱ་བ་སྦྱིན་པ་དང ། ལོག་པར་ལྟ་བ་ལ་སྨོད་པ་དང ། ཡང་དག་པར་ལྟ་བ་ལ་བསྔགས་པར་བྱེད་པའོ། །ཆོས་བཅུ་པོ་དེ་དག་ནི་ཤེས་
437a
༄#། །རབ་ཆེན་པོར་འགྱུར་བ་སྟེ། ལས་འདི་ནི་ཤེས་རབ་ཆེན་པོར་འགྱུར་བའོ། །དེ་ལ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའི་ལས་གང་ཞེ་ན། སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། ལུས་ཀྱི་ཉེས་པར་སྤྱོད་པ་ཆེ་བ་དང ། ངག་གི་ཉེས་པར་སྤྱོད་པ་ཆེ་བ་དང ། ཡིད་ཀྱི་ཉེས་པར་སྤྱོད་པ་ཆེ་བ་དང ། ཆད་པར་ལྟ་བ་དང ། རྟག་པར་ལྟ་བ་དང ། མེད་པར་ལྟ་བ་དང ། བྱེད་པ་མེད་པར་ལྟ་བ་དང ། བྱས་པ་མི་གཟོ་བ་དང ། མཚམས་མེད་པའི་ལས་ལ་བསྐུལ་མ་འདེབས་པ་དང ། ལོག་པར་ལྟ་བ་ཡང་དག་པར་འཛིན་དུ་འཇུག་པ་ནི་བཅུ་པའོ། །ཆོས་བཅུ་པོ་དེ་དག་ནི་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བ་སྟེ། ལས་འདི་ནི་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའོ། །དེ་ལ་དུད་འགྲོར་སྐྱེ་བར་འགྱུར་བའི་ལས་གང་ཞེ་ན། དུད་འགྲོར་སྐྱེ་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། ལུས་ཀྱི་ཉེས་པར་སྤྱོད་པ་འབྲིང་དང ། ངག་གི་ཉེས་པར་སྤྱོད་པ་འབྲིང་དང ། ཡིད་ཀྱི་ཉེས་པར་སྤྱོད་པ་འབྲིང་དང ། འདོད་ཆགས་ཀྱིས་ཀུན་ནས་བསླང་བའི་ལས་སྣ་ཚོགས་དང ། ཞེ་སྡང་གིས་ཀུན་ནས་བསླང་བའི་ལས་སྣ་ཚོགས་དང ། གཏི་མུག་གིས་ཀུན་ནས་བསླང་བའི་ལས་སྣ་ཚོགས་དང ། རུང་བ་མ་ཡིན་པའི་སྦྱིན་པ་དང ། དམན་པའི་མིང་གིས་གཤེ་བ་དང །
437b
སྨོན་ལམ་གྱིས་འགྱུར་བ། འདི་ལྟ་སྟེ། སེང་གེའི་སྐྱེས་པའི་རབས་ལྟ་བུ་དང ། ངག་གི་ཉེས་པར་སྤྱོད་པས་འགྱུར་བ་བྲམ་ཟེ་དབྱར་བྱེད་སྤྲེའུར་སྐྱེས་པ་ལྟ་བུའོ། །ཆོས་བཅུ་པོ་དེ་དག་ནི་དུད་འགྲོར་སྐྱེ་བར་འགྱུར་བ་སྟེ། ལས་འདི་ནི་དུད་འགྲོར་སྐྱེ་བར་འགྱུར་བའོ། །དེ་ལ་ཡི་དྭགས་སུ་སྐྱེ་བར་འགྱུར་བ་གང་ཞེ་ན། ཡི་དྭགས་སུ་སྐྱེ་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། ལུས་ཀྱི་ཉེས་པར་སྤྱོད་པ་ཆུང་བ་དང ། ངག་གི་ཉེས་པར་སྤྱོད་པ་ཆུང་བ་དང ། ཡིད་ཀྱི་ཉེས་པར་སྤྱོད་པ་ཆུང་བ་དང ། ཆགས་པ་དང ། ཡང་བས་ཆགས་པ་དང ། ལོག་པར་འཚོ་བ་དང ། སེར་སྣ་བྱེད་པ་དང ། སྦྱིན་པ་འགོག་པ་དང ། བཀྲེས་ཤིང་སྐོམ་བཞིན་དུ་འཆི་བའི་དུས་བྱེད་པ་དང ། དངོས་པོ་ལ་ཆགས་བཞིན་དུ་འཆི་བའི་དུས་བྱེད་པའོ། ། ཆོས་བཅུ་པོ་དེ་དག་ནི་ཡི་དྭགས་སུ་སྐྱེ་བར་འགྱུར་བ་སྟེ། ལས་འདི་ནི་ཡི་དྭགས་སུ་སྐྱེ་བར་འགྱུར་བའོ། །དེ་ལ་མིར་སྐྱེ་བར་འགྱུར་བའི་ལས་གང་ཞེ་ན། མིར་སྐྱེ་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པ་ལ་ལོག་པར་གཡེམ་པ་དང ། བརྫུན་དུ་སྨྲ་བ་དང ། ཕྲ་མ་དང ། ངག་རྩུབ་པོ་དང ། ཚིག་ཀྱལ་པ་དང ། བརྣབ་སེམས་དང ། གནོད་སེམས་དང ། ལོག་པར་ལྟ་བ་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་སྤོང་བའོ། །ཆོས་བཅུ་པོ་དེ་དག་ནི་མིར་སྐྱེ་བར་འགྱུར་བ་
438a
༄#། །སྟེ།་ལས་འདི་ནི་མིར་སྐྱེ་བར་འགྱུར་བའོ། །དེ་ལ་འདོད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་བཅུ་གང་ཞེ་ན། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལེགས་པར་སྦྱངས་པ་ལ་མཉམ་པར་བཞག་པ་སྟེ། ལས་འདི་ནི་འདོད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའོ། །དེ་ལ་གཟུགས་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་གང་ཞེ་ན། ཏིང་ངེ་འཛིན་གྱིས་ལེགས་པར་མཉམ་པར་བཞག་པ། ཟག་པ་དང་བཅས་པའི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཏེ། ལས་འདི་ནི་གཟུགས་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའོ། །གཟུགས་མེད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་གང་ཞེ་ན། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ། བཞི་གང་ཞེ་ན། གཟུགས་ཀྱི་འདུ་ཤེས་རྣམས་ལས་རྣམ་པ་ཐམས་ཅད་དུ་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་ནས། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་དང ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་རྣམ་པ་ཐམས་ཅད་དུ་ཡང་དག་པར་འདས་ནས། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་དང ། རྣམ་
438b
ཤེས་མཐའ་ཡས་སྐྱེ་མཆེད་ལས་རྣམ་པ་ཐམས་ཅད་དུ་ཡང་དག་པར་འདས་ནས་ཅི་ཡང་མེད་དོ་ཞེས་ཅི་ཡང་མེད་པའི་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་དང ། ཅི་ཡང་མེད་པའི་སྐྱེ་མཆེད་ལས་རྣམ་པ་ཐམས་ཅད་དུ་ཡང་དག་པར་འདས་ནས། འདུ་ཤེས་མེད་འདུ་མེད་མིན་སྐྱེ་མཆེད་ཉེ་བར་བསྒྲུབས་ནས་གནས་པ་སྟེ། ལས་འདི་ནི་གཟུགས་མེད་པ་ན་སྤྱོད་པའི་ལྷར་སྐྱེས་བར་འགྱུར་བའོ། །དེ་ལ་ངེས་པར་སྐྱེ་བར་འགྱུར་བའི་ལས་གང་ཞེ་ན། དགེ་བའི་ལས་གང་བྱས་ནས། འདིས་བདག་འདི་ལྟ་བུ་ཞིག་ཏུ་སྐྱེ་བར་གྱུར་ཅིག། ཅེས་ཡོངས་སུ་བསྔོ་བ་དང ། མཚམས་མེད་པ་ལྔ་རྣམས་ཏེ། འདི་ནི་ངེས་པར་སྐྱེ་བར་འགྱུར་བའོ། །དེ་ལ་སྐྱེ་བར་འགྱུར་བར་མ་ངེས་པའི་ལས་གང་ཞེ་ན། དགེ་བའི་ལས་གང་བྱས་ནས། ཅིར་ཡང་ཡོངས་སུ་མི་བསྔོ་བ་སྟེ། ལས་འདི་ནི་སྐྱེ་བར་འགྱུར་བར་མ་ངེས་པའོ། །དེ་ལ་ཡུལ་གཞན་དུ་རྣམ་པར་སྨིན་པར་འགྱུར་བའི་ལས་གང་ཞེ་ན། འདིར་དགེ་བ་དང་མི་དགེ་བའི་ལས་གང་བྱས་པ། ཡུལ་གཞན་དུ་སོང་ནས་རྣམ་པར་སྨིན་པར་འགྱུར་བ་སྟེ། དཔེར་ན། ཚོང་པ་མཛའ་བོའི་བུ་མོ་ལྟ་བུ་སྟེ། ལས་འདི་ནི་གཞན་དུ་རྣམ་པར་སྨིན་པར་འགྱུར་བའོ། །དེ་ལ་བྱས་ལ་བསགས་པ་མ་ཡིན་པའི་ལས་གང་ཞེ་ན། ལས་གང་བྱས་ནས་ངོ་ཚ་བ་དང ། འཛེམ་པ་དང ། འགྱོད་པ་དང ། སྨོད་པ་དང ། འཆགས་
439a
༄#། །པ་དང ། མཐོལ་བ་དང ། འདོར་བ་དང ། སྤོང་བ་དང ། མ་འོངས་པ་ན་སྡོམ་པར་བྱེད་པ་སྟེ། ལས་འདི་ནི་བྱས་ལ་བསགས་པ་མ་ཡིན་པའོ། །དེ་ལ་བསགས་ལ་མ་བྱས་པའི་ལས་གང་ཞེ་ན། ལས་གང་ལུས་ཀྱིས་ཡོངས་སུ་རྫོགས་པར་བྱ་བ་དེ། སེམས་ཀྱིས་ཡོངས་སུ་རྫོགས་པར་བྱས་ཤིང ། ཚིག་ཏུ་ཡང་ལས་འདི་བྱའོ་ཞེས་སྨྲས་ལ་དེ་མ་བྱས་པ་སྟེ། ལས་འདི་ནི་བསགས་ལ་མ་བྱས་པའོ། །དེ་ལ་བྱས་ལ་བསགས་པའི་ལས་གང་ཞེ་ན། ལས་གང་བྱས་ནས་ངོ་མི་ཚ་བ་དང ། མི་འཛེམ་པ་དང ། མི་འགྱོད་པ་དང ། མི་སྨོད་པ་དང ། མི་འཆགས་པ་དང ། མི་མཐོལ་བ་དང ། མི་འདོར་བ་དང ། མི་སྤོང་བ་དང ། མ་འོངས་པ་ན་སྡོམ་པར་མི་བྱེད་པ་སྟེ། ལས་འདི་ནི་བྱས་ལ་བསགས་པའོ། །དེ་ལ་མ་བྱས་ལ་མ་བསགས་པའི་ལས་གང་ཞེ་ན། ལས་གང་ཆེད་དུ་མ་བསམས་པར་བྱས་པ་སྟེ། ལས་འདི་ནི་མ་བྱས་ལ་མ་བསགས་པའོ། །དེ་ལ་ལས་གང་དང་ལྡན་ན། གང་ཟག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ཏེ། སེམས་ཅན་དམྱལ་བའི་ཚེ་ཡོངས་སུ་རྫོགས་པས་ཟད་པར་བྱས་ནས། འཆི་འཕོ་བའི་ལས་གང་ཞེ་ན།་འདི་ལ་གང་ཟག་འགའ་ཞིག་གིས་སེམས་ཅན་དམྱལ་བར་འགྱུར་བའི་ལས་བྱས་ཞིང་བསགས་པར་གྱུར་ལ། དེ་ལས་དེས་ངོ་མི་ཚ་བ་དང ། མི་འཛེམ་པ་དང །
439b
མི་འགྱོད་པ་དང ། མི་སྨོད་པ་དང ། མི་འཆགས་པ་དང ། མི་མཐོལ་བ་དང ། མི་འདོར་བ་དང ། མི་སྤོང་བ་དང ། མི་གཤུང་བ་དང ། སྨོད་པར་མི་བྱེད་པ་དང ། ཡང་གནོད་པར་བྱའོ་ཞེས་ཤ་གཉེར་བ་ཚོལ་བ་སྟེ། དཔེར་ན། ལྷས་བྱིན་ལྟ་བུའོ། །འདི་ནི་ལས་གང་དང་ལྡན་ན། གང་ཟག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ཏེ། སེམས་ཅན་དམྱལ་བ་པའི་ཚེ་ཡོངས་སུ་རྫོགས་པར་ཟད་པར་བྱས་ནས་འཆི་འཕོ་བའི་ལས་སོ། །དེ་ལ་ལས་གང་དང་ལྡན་ན། །གང་ཟག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ཏེ།་སེམས་ཅན་དམྱལ་བའི་ཚེ་ཕྱེད་ཟད་པར་བྱས་ནས། འཆི་འཕོ་བའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་གིས་སེམས་ཅན་དམྱལ་བར་འགྱུར་བའི་ལས་བྱས་ནས།་ངོ་ཚ་བ་དང ། འཛེམ་པ་དང ། འགྱོད་པ་དང ། སྨོད་པ་དང ། འཆགས་པ་དང ། མཐོལ་བ་དང ། འདོར་བ་དང ། སྤོང་བ་དང ། མ་འོངས་པ་ན་སྡོམ་པར་བྱེད་པ་སྟེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ཏེ། སེམས་ཅན་དམྱལ་བ་པའི་ཚེ་ཕྱེད་ཟད་པར་བྱས་ནས་འཆི་འཕོ་བའི་ལས་སོ། །དེ་ལ་ལས་གང་དང་ལྡན་ན། གང་ཟག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་མ་ཐག་ཏུ་འཆི་འཕོ་བའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་གིས་སེམས་ཅན་དམྱལ་བར་
440a
༄#། །འགྱུར་བའི་ལས་བྱས་ཤིང་བསགས་པར་གྱུར་ལ། དེ་ལས་དེ་བྱས་པས། ངོ་ཚ་བ་དང ། འཛེམ་པ་དང ། འགྱོད་པ་དང ། སྨོད་པ་དང ། འཆགས་པ་དང ། མཐོལ་བ་དང ། འདོར་བ་དང ། སྤོང་བ་དང ། དེ་ཤིན་ཏུ་ཡིད་ལ་བཅགས་པ་ཡིན་ཡང་ཡིད་ལ་བཅགས་པ་དེས། ལས་དེ་སེལ་བར་མི་ནུས་པ་སྟེ། དཔེར་ན། རྒྱལ་པོ་མ་སྐྱེས་དགྲས་ཕ་བསད་པ་ལྟ་བུའོ། །དེ་སྐད་དུ་ཤིན་ཏུ་མི་བཟད་ལས་རྣམས་བྱས་པ་ནི། །བདག་ལ་སྨོད་དང་རབ་ཏུ་བཤགས་པ་དང ། །སྡོམ་པར་བྱེད་པས་དེ་དག་བསྲབ་འགྱུར་གྱི། །ཤིན་ཏུ་རྩ་ནས་ཕྱིན་ཅེས་མི་སྨྲའོ། །ཞེས་གསུངས་སོ། །འདི་ནི་ལས་གང་དང་ལྡན་ན། །གང་ཟག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་མ་ཐག་ཏུ་འཆི་འཕོ་བའི་ལས་སོ། །དེ་ལ་ལས་གང་དང་ལྡན་ན། གང་ཟག་སྔར་བདེ་བར་གྱུར་ལ། ཕྱིས་སྡུག་བསྔལ་བར་འགྱུར་བའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་སྦྱིན་པ་སྦྱིན་པ་ན། ཡིད་རབ་ཏུ་དགའ་ཞིང་དགའ་བ་དང ། ཡིད་བདེ་བ་སྐྱེས་ལ་བྱིན་ནས་ནི་འགྱོད་པ་ཡིན་ཏེ། གང་ཟག་དེ་གང་གི་ཚེ་མི་རྣམས་ཀྱི་ནང་དུ་སྐྱེ་བ་ན་ཕྱུག་པ་དང ། ནོར་ཆེ་བ་དང ། ལོངས་སྤྱོད་ཆེ་བ་དང ། ནོར་དང་ཡོ་བྱད་མང་བ་དང ། བདག་དབང་བ་མང་བ་དང ། མཛའ་བཤེས་དང ། བློན་པོ་དང ། ཉེ་དུ་དང །
440b
སྣག་གི་གཉེན་མཚམས་མང་བ་དང ། མཛོད་དང ། བང་བ་ཡོངས་སུ་གང་བའི་ཁྱིམ་རྣམས་སུ་སྐྱེ་བར་འགྱུར་ཏེ། ཁྱིམ་དེ་ལྟ་བུ་དག་ཏུ་སྐྱེས་ནས། ཤིན་ཏུ་སྐྱིད་ལ་བཞོན་པ་ལ་ཞོན་ཞིང་བདེ་བར་སྤྱོད་ལ། དེའི་ལོངས་སྤྱོད་དེ་དག་ཕྱིས་ཡོངས་སུ་ཉམས་ཞིང་ཡོངས་སུ་ཟད་པར་འགྱུར་ཏེ། དེའི་གཞིས་སྡུག་བསྔལ་བར་འགྱུར་བ་སྟེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་སྔར་བདེ་བར་འགྱུར་ལ། ཕྱིས་སྡུག་བསྔལ་བར་འགྱུར་བའི་ལས་སོ།། །།ལས་རྣམ་པར་འབྱེད་པ་ཞེས་བྱ་བ། བམ་པོ་གཉིས་པ། དེ་ལ་ལས་གང་དང་ལྡན་ན། གང་ཟག་སྔར་སྡུག་བསྔལ་བར་གྱུར་ལ་ཕྱིས་བདེ་བར་འགྱུར་བའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་སྦྱིན་པ་སྦྱིན་པ་ན། སྡུག་བསྔལ་བར་འཇུག་ཅིང ། སྡུག་བསྔལ་བར་སྦྱིན་པ་བྱིན་ནས་ནི་མི་འགྱོད་པར་གྱུར་ཅིང ། དགའ་བ་དང ། ཡིད་བདེ་བ་སྐྱེས་པ་ཡིན་ཏེ། གང་ཟག་དེ་གང་གི་ཚེ་མི་རྣམས་ཀྱི་ནང་དུ་སྐྱེ་བ་ན། དབུལ་པོ་བཟའ་བ་དང ། བཏུང་པ་དང ། ཁ་ཟས་ཉུང་བ་སྡུག་བསྔལ་བས་འཚོ་བའི་ཁྱིམ་རྣམས་སུ་སྐྱེ་བར་འགྱུར་བ་སྟེ། དེར་སྡུག་བསྔལ་བར་བཟའ་བ་དང ། བགོ་བ་རྙེད་ལ་དེས་ཆེ་འགྲས་སུ་གྱུར་པ་དང ། ལོངས་སྤྱོད་དེ་དག་འཕེལ་ཞིང་རྒྱས་པར་འགྱུར་བ་སྟེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་སྔར་སྡུག་བསྔལ་བར་གྱུར་ལ། ཕྱིས་བདེ་
441a
༄#། །བར་འགྱུར་བའི་ལས་སོ། །དེ་ལ་ལས་གང་དང་ལྡན་ན། གང་ཟག་སྔར་ཡང་བདེ་བར་གྱུར་ལ། ཕྱིས་ཀྱང་བདེ་བར་འགྱུར་བའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་སྦྱིན་པ་སྦྱིན་པ་ན། ཡིད་དགའ་བཞིན་དུ་བྱིན་ཏེ་དགའ་བ་དང ། ཡིད་བདེ་བ་སྐྱེས་ནས། བྱིན་ནས་ཀྱང་མི་འགྱོད་པ་ཡིན་ཏེ། གང་ཟག་དེ་གང་གི་ཚེ་མི་རྣམས་ཀྱི་ནང་དུ་སྐྱེ་བ་ན། ཕྱུག་པ་དང ། ནོར་ཆེ་བ་དང ། ལོངས་སྤྱོད་ཆེ་བ་དང ། ནོར་དང ། ཡོ་བྱད་མང་བ་དང ། བདག་དབང་བ་མང་བ་དང ། མཛའ་བཤེས་དང ། བློན་པོ་དང ། ཉེ་དུ་དང ། སྣག་གི་གཉེན་མཚམས་མང་བ་དང ། མཛོད་དང ། བང་བ་ཡོངས་སུ་གང་བའི་ཁྱིམ་རྣམས་སུ་སྐྱེ་བར་འགྱུར་ཏེ། ཁྱིམ་དེ་ལྟ་བུ་དག་ཏུ་སྐྱེས་ནས་ཤིན་ཏུ་སྐྱིད་ལ་བཞོན་པ་ལ་ཞོན་ཞིང་བདེ་བར་སྤྱོད་ལ། དེའི་ལོངས་སྤྱོད་དེ་དག་ཕྱིས་ཀྱང་འཕེལ་བ་སྟེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་སྔར་ཡང་བདེ་བར་འགྱུར་ལ།་ཕྱིས་ཀྱང་བདེ་བར་འགྱུར་བའི་ལས་སོ། །དེ་ལ་ལས་གང་དང་ལྡན་ན། གང་ཟག་སྔར་ཡང་སྡུག་བསྔལ་བར་གྱུར་ལ། ཕྱིས་ཀྱང་སྡུག་བསྔལ་བར་འགྱུར་བའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་དགེ་བའི་བཤེས་གཉེན་དང་བྲལ་བར་གྱུར་ཏེ། དེ་སུས་ཀྱང་སྦྱིན་པ་ཡང་དག་པར་འཛིན་དུ་མ་བཅུག་པ་ཡིན། དེས་ཀྱང་སྦྱིན་
441b
བ་ཅི་ཡང་མ་བྱིན་པ་ཡིན། དེས་སྡིག་པའི་ལས་ཅི་ཡང་མ་བྱས་ཤིང་མ་བསགས་པ་ཡིན་ཏེ། གང་ཟག་དེ་གང་གི་ཚེ་མི་རྣམས་ཀྱི་ནང་དུ་སྐྱེ་བ་ན། དབུལ་པོ་བཟའ་བ་དང ། བཏུང་བ་དང ། ཁ་ཟས་ཉུང་བ། སྡུག་བསྔལ་བས་འཚོ་བའི་ཁྱིམ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་དེར་སྐྱེས་ནས་སྡུག་བསྔལ་བར་བཟའ་བ་དང ། བགོ་བ་རྙེད་པར་མི་འགྱུར་ལ།་དེའི་ལོངས་སྤྱོད་དེ་དག་ཕྱིས་ཀྱང་མི་འཕེལ་བ་སྟེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་སྔར་ཡང་སྡུག་བསྔལ་བར་གྱུར་ལ། ཕྱིས་ཀྱང་སྡུག་བསྔལ་བར་འགྱུར་བའི་ལས་སོ། །དེ་ལ་ལས་གང་དང་ལྡན་ན། གང་ཟག་ཕྱུག་པོར་གྱུར་ལ་གཏོང་བ་དང་ལྡན་པའི་ལས་གང་ཞེ་ན། འདི་ལ་གང་ཟག་ཞིག་གིས་སྣོད་བཟང་པོར་གྱུར་པ་རྣམས་ལ་སྦྱིན་པ་དཔག་ཏུ་མེད་པ་བྱིན་པ་ཡིན། དེས་གཏོང་བ་གོམས་པར་བྱས་པ་ཡིན་ཏེ། དེས་བསོད་ནམས་དག་བསྒོམས་པས་ཕྱུག་པོར་འགྱུར། གཏོང་བ་བསྒོམས་པས་གཏོང་བ་དང་ལྡན་པར་འགྱུར་ཏེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་ཕྱུག་པོར་གྱུར་ལ་གཏོང་བ་དང་ལྡན་པའི་ལས་སོ། །དེ་ལ་ལས་གང་དང་ལྡན་ན། གང་ཟག་ཕྱུག་པོར་གྱུར་ལ་སེར་སྣ་ཅན་དུ་འགྱུར་བའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་གིས་སྣོད་དུ་གྱུར་པ་རྣམས་ལ་སྦྱིན་པ་ཅུང་ཟད་ཙམ་བྱིན་པ་ཡིན་གྱི། དེ་གཏོང་བ་ལ་ཆེར་
442a
༄#། །གོམས་པར་མ་བྱས་པ་ཡིན་ཏེ། གང་ཟག་དེ་གང་གི་ཚེ་མིའི་ནང་དུ་སྐྱེ་བ་ན། ཕྱུག་པ་དང ། ནོར་ཆེ་བ་དང ། ལོངས་སྤྱོད་ཆེ་བ་དང ། ནོར་དང ། ཡོ་བྱད་མང་བ་དང ། བདག་དབང་བ་མང་བའི་ཁྱིམ་རྣམས་སུ་སྐྱེ་བར་འགྱུར་ཏེ། སྣོད་བཟང་པོ་རྣམས་ལ་ཕུལ་བ་ནི། སྐྱིད་པ་འགྱུར། གཏོང་བ་ལ་གོམས་པར་མ་བྱས་པས་ནི་སེར་སྣ་ཅན་དུ་འགྱུར་ཏེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་ཕྱུག་པོར་གྱུར་ལ་སེར་སྣ་ཅན་དུ་འགྱུར་བའི་ལས་སོ། །དེ་ལ་ལས་གང་དང་ལྡན་ན། གང་ཟག་དབུལ་པོར་གྱུར་ལ་གཏོང་བ་དང་ལྡན་པར་འགྱུར་བའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་གིས་སྣོད་དུ་གྱུར་པ་མ་ཡིན་པ་རྣམས་ལ་སྦྱིན་པ་མང་དུ་བྱིན་པ་ཡིན་ཏེ།་དེ་འཁོར་བ་ན་འཁོར་བའི་ཚེ། བསོད་ནམས་དེ་དག་ཡོངས་སུ་ཉམས་ཤིང ། ཡོངས་སུ་ཟད་པར་འགྱུར། གཏོང་བའི་རྒྱུ་ཡང་ཕྱི་ཕྱིར་ཞིང་བསྒོམས་པ་ཡིན་ཏེ། དེ་བསོད་ནམས་ཡོངས་སུ་ཟད་པའི་ཕྱིར་དབུལ་པོར་འགྱུར། སྔོན་གོམས་པར་བྱས་པས་གཏོང་བ་དང་ལྡན་པར་འགྱུར་ཏེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་དབུལ་པོར་གྱུར་ལ་གཏོང་བ་དང་ལྡན་པའི་ལས་སོ། །དེ་ལ་ལས་གང་དང་ལྡན་ན། གང་ཟག་དབུལ་པོར་གྱུར་ལ་སེར་སྣ་ཅན་དུ་འགྱུར་བའི་ལས་གང་ཞེ་ན། འདི་ལ་
442b
གང་ཟག་འགའ་ཞིག་དགེ་བའི་བཤེས་གཉེན་དང་བྲལ་བར་གྱུར་ཏེ། དེ་སུས་ཀྱང་སྦྱིན་པ་ཡང་དག་པར་འཛིན་དུ་མ་བཅུག་པ་ཡིན། དེས་ཀྱང་སྦྱིན་པ་ཅི་ཡང་མ་བཏང་བ་ཡིན། སྡིག་པའི་ལས་ཀྱང་མ་བྱས་ཤིང་མ་བསགས་པ་ཡིན་ཏེ། གང་ཟག་དེ་གང་གི་ཚེ་མི་རྣམས་ཀྱི་ནང་དུ་སྐྱེ་བ་ན། དབུལ་པོ་བཟའ་བ་དང ། བཏུང་བ་དང ། ཁ་ཟས་ཉུང་བ། སྡུག་བསྔལ་བ། སྡུག་བསྔལ་བས་འཚོ་བའི་ཁྱིམ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་དེ་ན་སྡུག་བསྔལ་བར་བཟའ་བ་དང ། བགོ་བ་རྙེད་པར་འགྱུར་རོ། །གཏོང་བ་མ་བསྒོམས་པས་དབུལ་ཞིང་སེར་སྣ་ཅན་དུ་འགྱུར་ཏེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་དབུལ་པོར་གྱུར་ལ་སེར་སྣ་ཅན་དུ་འགྱུར་བའི་ལས་སོ། །དེ་ལ་ལས་གང་དང་ལྡན་ན། གང་ཟག་ལུས་བདེ་བར་གྱུར་ལ་སེམས་ཀྱིས་མ་ཡིན་པའི་ལས་གང་ཞེ་ན། བསོད་ནམས་བྱས་པའི་སོ་སོའི་སྐྱེ་བོ་སྟེ། དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུ་སྟེ། གང་ཟག་འདི་ནི་ལུས་བདེ་བར་གྱུར་ལ་སེམས་ཀྱིས་མ་ཡིན་པའོ། །དེ་ལ་ལས་གང་དང་ལྡན་ན། གང་ཟག་སེམས་བདེ་བར་གྱུར་ལ་ལུས་ཀྱིས་མ་ཡིན་པའི་ལས་གང་ཞེ་ན།་བསོད་ནམས་མ་བྱས་པའི་དགྲ་བཅོམ་པ་སྟེ། དཔེར་ན། གནས་བརྟན་\?\་ལྟ་བུ་སྟེ། གང་ཟག་འདི་ནི་སེམས་བདེ་བར་གྱུར་ལ་ལུས་ཀྱིས་མ་ཡིན་པའོ།།
443a
༄#། །དེ་ལ་ལུས་ཀྱང་བདེ་ལ་སེམས་ཀྱང་བདེ་བའི་གང་ཟག་གང་ཞེ་ན། བསོད་ནམས་བྱས་པའི་དགྲ་བཅོམ་པ་སྟེ། དཔེར་ན། གནས་བརྟན་ཤེ་བ་ལ་ལྟ་བུ་སྟེ། གང་ཟག་འདི་ནི་ལུས་ཀྱང་བདེ་ལ་སེམས་ཀྱང་བདེ་བའོ། །དེ་ལ་ལུས་ཀྱང་མི་བདེ་ལ། སེམས་ཀྱང་མི་བདེ་བའི་གང་ཟག་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་མ་བྱས་པའི་སོ་སོའི་སྐྱེ་བོ་སྟེ། གང་ཟག་འདི་ནི་ལུས་ཀྱང་མི་བདེ་ལ། སེམས་ཀྱང་མི་བདེ་བའོ། །དེ་ལ་གང་ཟག་གང་གི་ཚེ་ཟད་པར་གྱུར་ལ། ལས་མ་ཟད་པ་གང་ཞེ་ན། གང་ཟག་གང་སེམས་ཅན་དམྱལ་བ་ནས་ཤི་འཕོས་ལ་སེམས་ཅན་དམྱལ་བར་སྐྱེ་བ་དང ། དུད་འགྲོ་ནས་ཤི་འཕོས་ལ་དུད་འགྲོར་སྐྱེ་བ་དང ། ཡི་དྭགས་ལས་ཤི་འཕོས་ལ་ཡི་དྭགས་སུ་སྐྱེ་བ་དང ། ལྷ་ལས་ཤི་འཕོས་ལ་ལྷར་སྐྱེ་བ་དང ། མི་ལས་ཤི་འཕོས་ལ་མིར་སྐྱེ་བ་སྟེ། གང་ཟག་འདི་ཚེ་ཟད་པར་གྱུར་ལ། ལས་མ་ཟད་པའོ། །དེ་ལ་གང་ཟག་གི་ལས་ཟད་པར་གྱུར་ལ་ཚེ་མ་ཟད་པའི་གང་ཟག་གང་ཞེ་ན། གང་ཟག་གང་སྔར་བདེ་བར་གྱུར་ལ། ཕྱིས་སྡུག་བསྔལ་བར་གྱུར་པ་དང ། སྔར་སྡུག་བསྔལ་བར་གྱུར་ལ། ཕྱིས་བདེ་བར་གྱུར་པ་སྟེ། གང་ཟག་དེ་ནི་ལས་ཟད་པར་གྱུར་ལ་ཚེ་མ་ཟད་པའོ། །དེ་ལ་གང་ཟག་གང་གི་ལས་ཀྱང་ཟད་ལ། ཚེ་ཡང་
443b
ཟད་པའི་གང་ཟག་གང་ཞེ་ན། གང་ཟག་གང་སེམས་ཅན་དམྱལ་བ་ནས་ཤི་འཕོས་ཏེ། དུད་འགྲོར་སྐྱེ་བ་དང ། དུད་འགྲོ་ནས་ཤི་འཕོས་ཏེ། ཡི་དྭགས་སུ་སྐྱེ་བ་དང ། ཡི་དྭགས་ལས་ཤི་འཕོས་ཏེ། ལྷ་མ་ཡིན་གྱི་ནང་དུ་སྐྱེ་བ་དང ། ལྷ་མ་ཡིན་ལ་ཤི་འཕོས་ཏེ། མིའི་ནང་དུ་སྐྱེ་བ་དང ། མི་ལས་ཤི་འཕོས་ཏེ། ལྷའི་ནང་དུ་སྐྱེ་བ་སྟེ། གང་ཟག་དེ་ནི་ཚེ་ཡང་ཟད་ལ་ལས་ཀྱང་ཟད་པའོ། །དེ་ལ་གང་ཟག་གང་ཚེ་ཡང་མ་ཟད་ཅིང་ལས་ཀྱང་མ་ཟད་ལ། དེའི་ཉོན་མོངས་པ་རྣམས་ཟད་པའི་གང་ཟག་གང་ཞེ་ན། རྒྱུན་དུ་ཞུགས་པ་དང ། ལན་གཅིག་ཕྱིར་འོང་བ་དང ། ཕྱིར་མི་འོང་བ་དང ། དགྲ་བཅོམ་པ་སྟེ། གང་ཟག་དེ་ནི་ཚེ་ཡང་མ་ཟད་ཅིང ། ལས་ཀྱང་མ་ཟད་ལ། དེའི་ཉོན་མོངས་པ་རྣམས་ཟད་པ་ཡིན་ནོ། །དེ་ལ་ལས་གང་དང་ལྡན་ན། གང་ཟག་ངན་སོང་རྣམས་སུ་སྐྱེས་ལ། གཟུགས་བཟང་བ་དང ། མཛེས་པ་དང ། བལྟ་ན་སྡུག་པ་དང ། མདོག་སྣུམ་པ་དང ། པགས་པ་སྣམ་པ་དང ། མིག་ཏུ་སྡུག་པར་འགྱུར་བའི་ལས་གང་ཞེ་ན། འདོད་ཆགས་ཀྱིས་ཀུན་ནས་བསླང་བའི་ངང་ཚུལ་ངན་པ་སྟེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་ངན་སོང་རྣམས་སུ་སྐྱེས་ལ། གཟུགས་བཟང་བ་དང ། བལྟ་ན་སྡུག་པ་དང ། མཛེས་པ་དང ། མདོག་སྣུམ་པ་དང ། པགས་པ་སྣུམ་པར་འགྱུར་བའི་ལས་སོ། །དེ་ལ་
444a
༄#། །ལས་གང་དང་ལྡན་ན། གང་ཟག་ངན་སོང་རྣམས་སུ་སྐྱེས་ལ། མདོག་མི་སྡུག་པ་དང ། ལུས་རྩུབ་པ་དང ། བལྟ་བ་དང་མི་མཐུན་པར་འགྱུར་བའི་ལས་གང་ཞེ་ན། ཞེ་སྡང་གིས་ཀུན་ནས་བསླང་བའི་ངང་ཚུལ་ངན་པ་སྟེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་ངན་སོང་རྣམས་སུ་སྐྱེས་ལ། མདོག་མི་སྡུག་པ་དང ། ལུས་རྩུབ་པ་དང ། བལྟ་ན་མི་སྡུག་པ་དང ། བལྟ་བ་དང་མི་མཐུན་པར་འགྱུར་བའི་ལས་སོ། །དེ་ལ་ལས་གང་དང་ལྡན་ན། གང་ཟག་ངན་སོང་རྣམས་སུ་སྐྱེས་ལ། དྲི་མི་ཞིམ་པ་དང ། དབང་པོ་མི་གསལ་བ་དང ། དབང་པོ་མི་རྣོ་བར་འགྱུར་བའི་ལས་གང་ཞེ་ན། གཏི་མུག་གིས་ཀུན་ནས་བསླང་བའི་ངང་ཚུལ་ངན་པ་སྟེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་ངན་སོང་རྣམས་སུ་སྐྱེས་ལ། དྲི་མི་ཞིམ་པ་དང ། དབང་པོ་མི་གསལ་བ་དང ། དབང་པོ་མི་རྣོ་བར་འགྱུར་བའི་ལས་སོ། །དེ་ལ་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཡང་དག་པར་བླངས་པའི་རྒྱུས། ཕྱི་རོལ་གྱི་དངོས་པོ་བཅུ་རྒུད་པར་སྣང་བ་གང་ཞེ་ན། སྲོག་གཅོད་པའི་རྣམ་པར་སྨིན་པས་ནི་སའི་མཐུ་ཡོངས་སུ་ཉམས་པར་འགྱུར་རོ། །མ་བྱིན་པར་ལེན་པའི་རྣམ་པར་སྨིན་པས་ནི། སེར་བ་དང ། བྱི་བ་དང ། སྲིན་དང ། མུ་གེ་ལ་སོགས་པ་འབྱུང་བར་འགྱུར་རོ། །འདོད་པ་ལ་ལོག་པར་གཡེམ་པའི་
444b
རྣམ་པར་སྨིན་པས་ནི། བ་ཚཝ་དང ། ས་འབབ་པ་དང ། རྡུལ་དང ། རླུང་དང ། ཆར་དྲག་པོ་འབྱུང་བར་འགྱུར་རོ། །བརྫུན་དུ་སྨྲ་བའི་རྣམ་པར་སྨིན་པས་ནི། དྲི་མི་ཞིམ་པར་འགྱུར་རོ།། ཕྲ་མའི་རྣམ་པར་སྨིན་པས་ནི། མཐོ་དམན་དང ། ངམ་གྲོག་དང ། འདམ་རྫ་བ་དང ། གཡང་ས་དང ། ལྗག་ལྗིག་དང ། ངན་སྐྱུགས་ཀྱི་ལྗན་ལྗིན་འབྱུང་བར་འགྱུར་རོ། །ངག་རྩུབ་པའི་རྣམ་པར་སྨིན་པས་ནི། འབྲས་བུ་ངན་པ་དང ། རེག་ཏུ་མི་བཟོད་པ་དང ། གསེག་མ་དང ། གྱོ་མོ་དང ། ཚེར་མ་ཚང་ཚིང་དག་འབྱུང་བར་འགྱུར་རོ། །ཚིག་ཀྱལ་བའི་རྣམ་པར་སྨིན་པས་ནི། རྩཝ་ཚང་ཚིང་དང ། ནགས་ཐིབས་པ་དང ། འཁྲི་ཤིང་ཚེར་མ་ཚང་ཚིང་ཅན་དག་འབྱུང་བར་འགྱུར་རོ། །བརྣབ་སེམས་ཀྱི་རྣམ་པར་སྨིན་པས་ནི། ལོ་ཏོག་ལ་སོགས་པ་འབྲས་བུ་ཉུང་དུ་འབྱུང་བར་འགྱུར་རོ། །གནོད་སེམས་ཀྱི་རྣམ་པར་སྨིན་པས་ནི། འབྲས་བུ་དང ། ས་བོན་ཚ་བ་དང ། ཁ་བ་འབྱུང་བར་འགྱུར་རོ། །ལོག་པར་ལྟ་བ་ཡང་དག་པར་བླངས་པའི་རྒྱུས་ནི་འབྲས་བུ་མེད་པ་དང ། ཉུང་བའི་ས་བོན་འབྱུང་བར་འགྱུར་ཏེ། མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ཡང་དག་པར་བླངས་པའི་རྒྱུས། ཕྱི་རོལ་གྱི་དངོས་པོ་བཅུ་རྒུད་པར་སྣང་ངོ ། །དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་བླངས་པའི་རྒྱུས། ཕྱི་རོལ་གྱི་དངོས་པོ་བཅུ་ཕུན་སུམ་ཚོགས་པར་སྣང་སྟེ།
445a
༄#། །བཅུ་གང་ཞེ་ན། སྲོག་གཅོད་པ་སྤངས་པའི་རྣམ་པར་སྨིན་པས་ནི། སའི་མཐུ་མེད་པར་མི་འགྱུར་རོ། །མ་བྱིན་པར་ལེན་པ་སྤངས་པའི་རྣམ་པར་སྨིན་པས་ནི། སེར་བ་དང ། བྱི་བ་དང ། སྲིན་དང ། མུ་གེ་ལ་སོགས་པ་འབྱུང་བར་མི་འགྱུར་རོ། །འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་རྣམ་པར་སྨིན་པས་ནི། བ་ཚཝ་དང ། ས་འབབ་པ་དང ། རྡུལ་དང ། རླུང་དང ། ཆར་དྲག་པོ་འབྱུང་བར་མི་འགྱུར་རོ། །བརྫུན་དུ་སྨྲ་བ་རྣམ་པར་སྤངས་པའི་རྣམ་པར་སྨིན་པས་ནི། དྲི་མི་ཞིམ་པ་འབྱུང་བར་མི་འགྱུར་རོ། །ཕྲ་མ་སྤངས་པའི་རྣམ་པར་སྨིན་པས་ནི། ངམ་གྲོག་དང ། གཡང་ས་དང ། འདམ་རྫབ་དང ། ངན་སྐྱུགས་ཀྱི་ལྗན་ལྗིན་དང ། དོང་རྣམས་འབྱུང་བར་མི་འགྱུར་རོ། །ངག་རྫུབ་པོ་སྤངས་པའི་རྣམ་པར་སྨིན་པས་ནི། གསེག་མ་དང ། གྱོ་མོ་དང ། གྱོ་དུམ་གྱིས་རེག་པ་འབྱུང་བར་མི་འགྱུར་རོ། །ཚིག་ཀྱལ་པ་སྤངས་པའི་རྣམ་པར་སྨིན་པས་ནི། རྩཝ་ཚང་ཚིང་དང ། ནགས་ཐིབས་པོ་དང ། ཚེར་མ་ཚང་ཚིང་རྣམས་འབྱུང་བར་མི་འགྱུར་རོ། །བརྣབ་སེམས་སྤངས་པའི་རྣམ་པར་སྨིན་པས་ནི། ལོ་ཏོག་ལ་སོགས་པ་འབྲས་བུ་དང་བཅས་པ་འབྱུང་བར་འགྱུར་རོ། །གནོད་སེམས་སྤངས་པའི་རྣམ་པར་སྨིན་པས་ནི། ལོ་ལེགས་པ་དང ། འབྲས་བུ་དང ། ས་བོན་
445b
མི་ཁ་བ་དང ། མི་ཚ་བ་རྣམས་འབྱུང་བར་འགྱུར་རོ། །ལོག་པར་ལྟ་བ་སྤངས་པའི་རྣམ་པར་སྨིན་པས་ནི། འབྲས་བུ་མེད་པ་དང ། ཆུང་བ་མ་ཡིན་པའི་ས་བོན་རྣམས་འབྱུང་བར་འགྱུར་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་བཅུ་པོ་འདི་དག་ཡང་དག་པར་བླངས་པའི་རྒྱུས། ཕྱི་རོལ་གྱི་དངོས་པོ་བཅུ་པོ་འདི་དག་ཕུན་སུམ་ཚོགས་པར་སྣང་ངོ ། །བྲམ་ཟེའི་ཁྱེའུ་སྲོག་གཅོད་པའི་ཉེས་དམིགས་བཅུ་པོ་འདི་དག་རིག་པར་བྱ་སྟེ། བཅུ་གང་ཞེ་ན། ཤ་གཉེར་བ་མང་བ་དང ། མཐོང་ན་ཡིད་དུ་མི་འོང་བ་དང ། སྡིག་པ་རྣམས་སེམས་པ་དང ། དེ་ལ་སེམས་ཅན་རྣམས་འཇིགས་པར་འགྱུར་བ་དང ། མི་བདེ་བཞིན་ཉལ་ཞིང ། མི་བདེ་བཞིན་སད་པ་དང ། སྡིག་པ་ཅན་གྱི་རྨི་ལམ་རྨི་བ་དང ། རྨུགས་ཏེ་འཆི་བའི་དུས་བྱེད་པར་འགྱུར་བ་དང ། འགྱོད་པར་འགྱུར་བ་དང ། ཚེ་ཐུང་བར་འགྱུར་བའི་ལས་བྱེད་ཅིང་གསོག་པ་དང ། ལུས་དང་བྲལ་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོར་རྣམ་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །མ་བྱིན་པར་ལེན་པ་ལ་ཉེས་དམིགས་བཅུར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། ཁོན་བཅུགས་སུ་འགྱུར་བ་དང ། དོགས་པར་འགྱུར་བ་དང ། དུས་མ་ཡིན་པར་རྒྱུ་བ་དང ། དགོངས་ཀར་རྒྱུ་བ་དང ། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་དང ། དགེ་བའི་བཤེས་གཉེན་གྱིས་
446a
༄#། །རྣམ་པར་སྤངས་པ་དང ། ངང་ཚུལ་ངན་པ་དང ། རྒྱལ་པོའི་གནོད་པ་དང ། ཆད་པའི་གནོད་པ་འབྱུང་བ་དང ། ལོངས་སྤྱོད་ཀྱིས་ཕོངས་པར་འགྱུར་བའི་ལས་བྱེད་ཅིང་གསོག་པ་དང ། ལུས་དང་བྲལ་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བའོ། །འདོད་པ་ལ་ལོག་པར་གཡེམ་པ་ལ་ཉེས་དམིགས་བཅུར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། གང་དག་གི་ཆུང་མ་ལ་ཉལ་པོ་བྱེད་པ་དེ་དག་དེ་ལ་གླགས་ཚོལ་བར་འགྱུར་བ་དང ། དེའི་ཆུང་མ་དང་རྩོད་པར་འགྱུར་བ་དང ། དེའི་མི་དགེ་བའི་ཆོས་འཕེལ་བར་འགྱུར་བ་དང ། དེའི་དགེ་བའི་ཆོས་ཡོངས་སུ་འགྲིབ་ཅིང་ཡོངས་སུ་ཟད་པར་འགྱུར་བ་དང ། བདག་མ་སྦས་ཤིང་མ་བསྲུངས་པ་དང ། དེའི་བུ་དང ། ཆུང་མ་དང ། ནོར་རྣམས་མ་སྦས་ཤིང་མ་བསྲུངས་པ་དང ། དོགས་པར་འགྱུར་བ་དང ། མཛའ་བཤེས་དང ། བློན་པོ་དང ། ཉེ་དུ་དང ། སྣག་གི་གཉེན་མཚམས་རྣམས་ཡིད་མི་རྟོན་པ་དང ། བྱི་བོ་བྱེད་པ་དང ། བཅས་པར་འགྱུར་བའི་ལས་བྱེད་ཅིང་གསོག་པ་དང ། ལུས་དང་བྲལ་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོར་རྣམ་པར་ལྟུང་བ། སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བའོ། །བརྫུན་དུ་སྨྲ་བ་
446b
ལ་ཉེས་དམིགས་བཅུར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། དེ་ཁ་མནམ་པར་འགྱུར་བ་དང ། དེའི་ལུས་ལས་ལྷ་རྣམས་མི་འཕངས་པ་དང ། མི་མ་ཡིན་པ་རྣམས་ཀྱིས་དེ་ལ་གླགས་རྙེད་པར་འགྱུར་བ་དང ། བདེན་པ་སྨྲས་ཀྱང་དེ་ལ་སུ་ཡང་ཡིད་ཆེས་པར་མི་འགྱུར་བ་དང ། རྫུན་སྨྲ་བར་འགྱུར་བ་དང ། ཡིད་ཆེས་པར་བྱ་བའི་གནས་རྣམས་སུ་མཁས་པ་རྣམས་དེ་ལ་དྲི་བར་བྱ་བར་མི་སེམས་པ་དང ། དེའི་བདེན་པ་མ་ཡིན་པའི་བསྔགས་པ་དང ། བརྗོད་པ་དང ། སྒྲ་དང ། ཚིགས་སུ་བཅད་པ་མ་ཡིན་པ་འབྱུང་བ་དང ། གཟུང་བའི་ཚིག་ཏུ་མི་འགྱུར་བ་དང ། སྐུར་པ་འདེབས་པར་འགྱུར་བའི་ལས་བྱེད་ཅིང་གསོག་པ་དང ། ལུས་དང་བྲལ་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བའོ། །འབྲུ་དང ། འབྲས་བུའི་ཆང་བག་མེད་པའི་གནས་ལ་ཉེས་དམིགས་སུམ་ཅུ་རྩ་དྲུག་ཏུ་རིག་པར་བྱ་སྟེ། སུམ་ཅུ་རྩ་དྲུག་གང་ཞེ་ན། ཚེ་འདི་ལ་ནོར་ཟད་པ་དང ། ནད་ཀྱི་གཞིར་འགྱུར་བ་དང ། འཐབ་པ་དང ། མཚང་འདྲུ་བ་དང ། རྩོད་པ་འཕེལ་བ་དང ། གསང་བའི་གནས་སྟོན་པ་དང ། ཤེས་རབ་ཉམས་པར་བྱེད་པ་དང ། མ་ཐོབ་པའི་ལོངས་སྤྱོད་རྣམས་མི་ཐོབ་པ་དང ། ལོངས་སྤྱོད་ཐོབ་པ་རྣམས་ལས་ཡོངས་སུ་ཉམས་པར་འགྱུར་བ་དང །
447a
༄#། །གསང་རྡོལ་བར་འགྱུར་བ་དང ། ལས་ཀྱི་མཐའ་རྣམས་ཡོངས་སུ་ཉམས་པ་དང ། མྱ་ངན་གྱི་རྩ་བར་འགྱུར་བ་དང ། ཉམ་ཆུང་བར་འགྱུར་བ་དང ། མར་མི་ཤེས་པར་འགྱུར་བ་དང ། ཕར་མི་ཤེས་པར་འགྱུར་བ་དང ། དགེ་སྦྱོང་དུ་མི་ཤེས་པར་འགྱུར་བ་དང ། བྲམ་ཟེར་མི་ཤེས་པར་འགྱུར་པ་དང ། རིགས་ཀྱི་གཙོ་བོ་ལ་རིམ་གྲོ་མེད་པར་འགྱུར་བ་དང ། སངས་རྒྱས་ལ་གུས་པར་མི་འགྱུར་བ་དང ། ཆོས་ལ་གུས་པར་མི་འགྱུར་བ་དང ། དགེ་འདུན་ལ་གུས་པར་མི་འགྱུར་བ་དང ། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པར་འགྱུར་བ་དང ། དགེ་བའི་བཤེས་གཉེན་གྱིས་རྣམ་པར་སྤངས་པ་དང ། ངོ་ཚ་མེད་པར་འགྱུར་བ་དང ། འཛེམ་པ་མེད་པར་འགྱུར་བ་དང ། དབང་པོའི་སྒོ་མ་བསྡམས་པར་འགྱུར་བ་དང ། བུད་མེད་རྣམས་ལ་ཤིན་ཏུ་བག་མེད་པར་འགྱུར་བ་དང ། སྐྱེ་བོ་མང་པོའི་ཡིད་དུ་མི་འོང་བར་འགྱུར་བ་དང ། སྐྱེ་བོ་མང་པོ་མི་མཐུན་པ་དང ། ཉེ་དུ་དང་སྣག་གི་གཉེན་མཚམས་བཙུན་པ་རྣམས་ཀྱིས་སྨད་པར་འགྱུར་བ་དང ། དམ་པའི་ཆོས་མ་ཡིན་པ་ཡོངས་སུ་འཛིན་པ་དང ། དམ་པའི་ཆོས་ཡོངས་སུ་སྤངས་པ་དང ། ཡིད་ཆེས་པར་བྱ་བའི་གནས་སུ་མཁས་པ་རྣམས་ཀྱིས་དེ་བཞག་པར་མི་བསམ་པ་དང ། བག་མེད་
447b
པས་གཡེལ་བ་དང ། དེ་ལ་མྱ་ངན་ལས་འདས་པ་རིང་བར་འགྱུར་བ་དང ། མྱོས་པར་འགྱུར་བ་དང ། མྱོས་པར་འགྱུར་བའི་ལས་བྱེད་ཅིང་གསོག་པ་དང ། ལུས་དང་བྲལ་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བའོ། །བྲམ་ཟེའི་ཁྱེའུ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་བའི་ཕན་ཡོད་ནི། བཅུ་པོ་འདི་དག་སྟེ།་བཅུ་གང་ཞེ་ན། རྒྱ་ཆེན་པོའི་ཁྱིམ་དུ་སྐྱེ་བ་འཐོབ་པ་དང ། རྒྱ་ཆེ་བའི་གཟུགས་དང ། རྒྱ་ཆེ་བའི་གཡོག་འཁོར་དང ། རྒྱ་ཆེ་བའི་མཆོད་པ་དང ། བཀུར་སྟི་དང ། རྒྱ་ཆེ་བའི་ནོར་དང ། རྒྱ་ཆེ་བའི་ཐོས་པ་དང ། རྒྱ་ཆེ་བའི་དད་པ་དང ། རྒྱ་ཆེ་བའི་དྲན་པ་དང ། རྒྱ་ཆེ་བའི་ཤེས་རབ་དང ། རྒྱ་ཆེ་བའི་རྟོགས་པ་ཐོབ་པ་སྟེ། བཅུ་པོ་དེ་དག་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་སྟེ་མདོག་གསེར་གྱི་ཁ་དོག་ལྟ་བུར་འགྱུར་བ་དང ། མཛེས་ཏེ་མིག་ཏུ་སྡུག་པར་འགྱུར་བ་དང ། སྐད་སྙན་ཅིང་གཟུང་བའི་ཚིགས་ཏུ་འགྱུར་བ་བག་ཚ་བ་མེད་པར་འཁོར་གྱི་ནང་དུ་འགྲོ་བ་དང ། ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང ། གཟི་བརྗིད་ཆེན་པོར་འགྱུར་བ་དང ། གཟི་བརྗིད་ཆེན་པོའི་གང་ཟག་།འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང ། བྱང་ཆུབ་
448a
༄#། །སེམས་དཔའ་རྣམས་དང ། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་འགྲོགས་པར་འགྱུར་བ་དང ། ལོངས་སྤྱོད་ཆེ་བར་འགྱུར་བ་དང ། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་འདི་དག་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ཕྱགས་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་བ་དང ། བལྟ་ན་སྡུག་པར་འགྱུར་བ་དང ། མཛེས་པར་འགྱུར་བ་དང ། སྐད་སྙན་པར་འགྱུར་བ་དང ། དེའི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་བསྲབ་པར་འགྱུར་བ་དང ། ལམ་དུ་འགྲོ་ན་རྩ་བ་དང ། གསེག་མ་དང ། གྱོ་མོ་རྣམས་མེད་པར་འགྱུར་བ་དང ། བཙུན་པའི་རིགས་སུ་སྐྱེ་བར་འགྱུར་བ་དང ། ལོངས་སྤྱོད་ཆེ་བར་འགྱུར་བ་དང ། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་ཕྱགས་པའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གདུགས་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན།་འཇིག་རྟེན་ན་གདུགས་ལྟ་བུར་འགྱུར་བ་དང ། ལུས་ལ་གདུང་བ་མེད་པར་འགྱུར་བ་དང ། སེམས་ལ་གདུང་བ་མེད་པར་འགྱུར་བ་དང ། འཇིག་རྟེན་གྱི་རྟེན་དུ་འགྱུར་བ་
448b
དང ། བདག་པོར་འགྱུར་བའི་ལས་བྱེད་ཅིང་གསོག་པ་དང ། འཁོར་ལོས་སྒྱུར་པའི་རྒྱལ་སྲིད་ཡང་དང ། ཡང་འཐོབ་པ་དང ། དབང་ཆེ་བར་གྲགས་པར་འགྱུར་བ་དང ། ལོངས་སྤྱོད་ཆེ་བར་འགྱུར་བ་དང ། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་འདི་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གདུགས་ཕུལ་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་དྲིལ་བུ་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་བར་འགྱུར་བ་དང ། སྒྲ་སྙན་པར་འགྱུར་བ་དང ། ཡིད་དུ་འོང་བ་སྨྲ་བ་དང་ལྡན་པར་འགྱུར་བ་དང ། ཀ་ལ་པིངྐའི་སྒྲ་ལྟ་བུར་སྨྲ་བ་དང་ལྡན་པར་འགྱུར་བ་དང ། གཟུང་བའི་ཚིག་ཏུ་འགྱུར་བ་དང ། རབ་ཏུ་དགའ་བར་འགྱུར་བ་དང ། ཀུན་ཏུ་དགའ་བའི་རྒྱ་ཆེན་པོའི་སྒྲ་འཐོབ་པ་དང ། ལོངས་སྤྱོད་ཆེ་བར་འགྱུར་བ་དང ། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་དྲིལ་བུ་དབུལ་པའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བ་དན་དབུལ་བའི་ཕན་ཡོན་བཅུ་སྟེ།་བཅུ་གང་ཞེ་ན། འཇིག་རྟེན་ན་རྒྱལ་མཚན་ལྟ་བུར་འགྱུར་བ་དང ། མཛའ་བཤེས་དང ། བློན་པོ་དང ། ཉེ་དུ་དང ། སྣག་གི་གཉེན་མཚམས་རྣམས་ཀྱིས་བསྟི་སྟང་དུ་བྱེད།
449a
༄#། །བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་པ་དང ། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དེའི་གྲགས་པ་དང ། བརྗོད་པ་དང ། སྒྲ་དང་ཚིགས་སུ་བཅད་པ་མངོན་དུ་འབྱུང་བ་དང ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་འགྱུར་བ་དང ། སྐྱེ་བ་གཞན་རྣམས་སུ་ཚེ་རིང་ཞིང་རིང་དུ་གནས་པར་འགྱུར་བ་དང ། དབང་ཆེ་བར་གྲགས་པར་འགྱུར་བ་དང ། རིགས་བཙུན་པར་སྐྱེ་བར་འགྱུར་བ་དང ། ལོངས་སྤྱོད་ཆེན་པོར་འགྱུར་བ་དང ། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བ་དན་ཕུལ་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གོས་ཕུལ་བའི་ཕན་ཡོན་བཅུ་གཉིས་ཏེ། བཅུ་གཉིས་གང་ཞེ་ན། མཛེས་ཤིང་བལྟ་ན་སྡུག་པར་འགྱུར་བ་དང ། པགས་པ་འཇམ་པ་དང ། པགས་པ་སྣུམ་པ་དང ། པགས་པ་སྲབ་པ་དང ། དེའི་ལུས་ལ་རྡུལ་དང ། དྲི་མ་མི་འཆགས་པ་དང ། དེའི་གོས་བཟང་པོར་འགྱུར་བ་དང ། གདིང་བ་དང ། བགོ་བ་ཕྲ་མོ་རྙེད་པར་འགྱུར་བ་དང ། ངོ་ཚ་ཤེས་པ་དང ། ཁྲེལ་ཡོད་པ་ཕུན་སུམ་ཚོགས་པར་འགྱུར་བ་དང ། མཐོང་ན་དགའ་བར་འགྱུར་བ་དང ། ལོངས་སྤྱོད་ཆེ་བར་འགྱུར་བ་དང ། མཐོ་རིས་སུ་སྐྱེ་བར་འགྱུར་བ་
449b
དང ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་གཉིས་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གོས་ཕུལ་པའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་མེ་ཏོག་ལྟ་བུར་འགྱུར་བ་དང ། དེའི་སྣའི་དབང་པོ་ནམ་ཡང་ཉམས་པར་མི་འགྱུར་བ་དང ། ལུས་ཀྱི་དྲི་ང་བ་རྣམ་པར་དག་པར་འགྱུར་བ་དང ། དྲི་ཞིམ་པོ་འབྱུང་བར་འགྱུར་བ་དང ། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དེའི་ཚུལ་ཁྲིམས་ཀྱི་དྲིའི་ངད་ལྡང་བར་འགྱུར་བ་དང ། འཇིག་རྟེན་གྱིས་མངོན་དུ་འགྲོ་བར་བྱ་བར་འགྱུར་བ་དང ། སྡུག་པའི་ཆོས་རྣམས་འཐོབ་པར་འགྱུར་བ་དང ། ལོངས་སྤྱོད་ཆེ་བར་འགྱུར་བ་དང ། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕུལ་པའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྲེང་བ་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་ཕྲེང་བ་ལྟ་བུར་འགྱུར་བ་དང ། ལུས་ཀྱི་དྲི་ང་བ་རྣམ་པར་དག་པར་འགྱུར་བ་དང ། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཚུལ་ཁྲིམས་ཀྱི་དྲི་ཞིམ་པོའི་ངད་ལྡང་བ་དང ། རྟག་ཏུ་དྲི་ཞིམ་པོར་འགྱུར་བ་དང་བརྒྱན་པར་འགྱུར་བ་དང ། གཡོག་འཁོར་མི་ཕྱེད་པར་འགྱུར་
450a
༄#། །བ་དང ། སྐྱེས་པ་དང ། བུད་མེད་རྣམས་ཀྱི་ཡིད་དུ་འོང་བར་འགྱུར་བ་དང ། ལོངས་སྤྱོད་ཆེ་བར་འགྱུར་བ་དང ། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྲེང་བ་ཕུལ་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་མར་མེ་ལྟ་བུར་འགྱུར་བ་དང ། ཤའི་མིག་རྣམ་པར་དག་པར་འགྱུར་བ་དང ། ལྷའི་མིག་འཐོབ་པར་འགྱུར་བ་དང ། དགེ་བ་དང ། མི་དགེ་བའི་ཆོས་རྣམས་ལ་ཤེས་རབ་འབྱུང་བར་འགྱུར་བ་དང ། མ་རིག་པ་དང ། གཏི་མུག་གི་མུན་པ་སེལ་བ་དང ། ཤེས་རབ་ཀྱི་སྣང་བ་ཐོབ་པར་འགྱུར་བ་དང ། དེ་འཁོར་བ་ན་འཁོར་བའི་ཚེ། ནམ་དུ་ཡང་མུན་པ་ན་གནས་པར་མི་འགྱུར་བ་དང ། ལོངས་སྤྱོད་ཆེ་བར་འགྱུར་བ་དང ། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྤོས་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་སྤོས་ལྟ་བུར་འགྱུར་བ་དང ། སྣའི་དབང་པོ་རྣམ་པར་དག་པར་འགྱུར་བ་དང ། ལུས་ཀྱི་དྲི་མི་ཞིམ་པ་
450b
རྣམ་པར་དག་པར་འགྱུར་བ་དང ། རྟག་ཏུ་དྲི་ཞིམ་པར་འགྱུར་བ་དང ། གཟུགས་བཟང་བར་འགྱུར་བ་དང ། འཇིག་རྟེན་གྱིས་མངོན་དུ་འགྲོ་བར་འགྱུར་བ་དང ། སྡུག་པའི་ཆོས་རྣམས་འཐོབ་པར་འགྱུར་བ་དང ། ལོངས་སྤྱོད་ཆེ་བར་འགྱུར་བ་དང ། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྤོས་ཕུལ་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རོལ་མོ་སིལ་སྙན་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་ཞིང་བལྟ་ན་སྡུག་པར་འགྱུར་བ་དང ། སྐད་སྙན་པར་འགྱུར་བ་དང ། ཡིད་དུ་འོང་བར་སྨྲ་བ་དང་ལྡན་པར་འགྱུར་བ་དང ། གྲགས་པ་དང་ལྡན་པར་འགྱུར་བ་དང ། གཟུང་བའི་ཚིག་ཏུ་འགྱུར་བ་དང ། རྟག་ཏུ་དགའ་བར་འགྱུར་བ་དང ། ཀུན་དགའ་བའི་སྒྲ་རྒྱ་ཆེན་པོ་འཐོབ་པར་འགྱུར་བ་དང ། ལོངས་སྤྱོད་ཆེ་བར་འགྱུར་བ་དང ། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རོལ་མོ་སིལ་སྙན་ཕུལ་བའི་ཕན་ཡོན་ནོ། །དེ་བཞིན་གཤེགས་པའི་མཆོད་རྟེན་བྱེད་པའི་ཕན་ཡོན་བཅོ་བརྒྱད་དེ། བཅོ་བརྒྱད་གང་ཞེ་ན། རྒྱ་ཆེན་པོའི་ཁྱིམ་དུ་སྐྱེ་བར་འགྱུར་བ་ཐོབ་པ་དང ། གཟུགས་བཟང་
451a
༄#། །བར་འགྱུར་བ་དང ། མཛེས་ཤིང་མིག་ཏུ་སྡུག་པར་འགྱུར་བ་དང ། དབང་ཆེ་བར་གྲགས་པར་འགྱུར་བ་དང ། གཡོག་འཁོར་ཆེན་པོར་འགྱུར་བ་དང ། གཡོག་འཁོར་མི་ཕྱེད་པར་འགྱུར་བ་དང ། ལོངས་སྤྱོད་ཆེ་བར་འགྱུར་བ་དང ། མངོན་དུ་འགྲོ་བར་བྱ་བར་འགྱུར་བ་དང ། རྟེན་དུ་འགྱུར་བ་དང ། ཕྱོགས་བཅུར་བརྗོད་པ་དང ། སྒྲ་དང་ཚིགས་སུ་བཅད་པ་རྒྱ་ཆེན་པོ་མངོན་དུ་འབྱུང་བར་འགྱུར་བ་དང ། ལྷ་དང་མིས་མཆོད་པར་འགྱུར་བ་དང ། ནོར་ཆེན་པོ་མང་པོ་དང་ལྡན་པར་འགྱུར་བ་དང ། འཁོར་ལོ་སྒྱུར་བའི་རྒྱལ་སྲིད་འཐོབ་པར་འགྱུར་བ་དང ། ཚེ་དང་ལྡན་པར་འགྱུར་བ་དང ། ལུས་རྡོ་རྗེའི་ཚོགས་ལྟར་འགྱུར་བ་དང ། ལུས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་འགྱུར་བ་དང ། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅོ་བརྒྱད་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་བྱེད་པའི་ཕན་ཡོན་ནོ། །ཁྲི་སྟན་སྦྱིན་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་གྱི་བླ་མའི་གནས་སུ་འགྱུར་བ་དང ། བསྔགས་པར་འགྱུར་བ་དང ། སྐྱེ་བོ་མང་པོ་ལ་གྲགས་པ་དང ། བརྗོད་པ་དང ། སྒྲ་དང ། ཚིགས་སུ་བཅད་པ་མང་པོ་མངོན་དུ་འབྱུང་བར་འགྱུར་བ་དང ། བདེ་བ་དང ། ཡིད་བདེ་བ་མང་བར་འགྱུར་བ་
451b
དང ། བཞོན་པ་དང ། ཁྲི་སྟན་དང ། རིམ་གྲོ་བྱེད་པ་དང་མི་ལྡན་པར་མི་འགྱུར་བ་དང ། འཇིག་རྟེན་གྱིས་མངོན་དུ་འགྲོ་བར་བྱ་བར་འགྱུར་བ་དང ། ལོངས་སྤྱོད་ཆེ་བར་འགྱུར་བ་དང ། དབང་ཆེ་བར་གྲགས་པར་འགྱུར་བ་དང ། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་ཁྲི་སྟན་སྦྱིན་པའི་ཕན་ཡོན་ནོ། །ལྷམ་སྦྱིན་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། དེ་བཞོན་པ་རྣམས་ཀྱིས་བྲེལ་བར་མི་འགྱུར་བ་དང ། རྐང་པ་ལེགས་པར་གནས་པར་འགྱུར་བ་དང ། ལམ་དུ་འགྲོ་ན་སྟོབས་དང་ལྡན་པར་འགྱུར་བ་དང ། དེའི་ལུས་ངལ་བར་མི་འགྱུར་བ་དང ། དེ་འགྲོ་ན་ཚེར་མ་དང ། གསེག་མ་དང ། གྱོ་མོ་རྣམས་ཀྱིས་རྐང་པ་རྨས་པར་མི་འགྱུར་བ་དང ། རྫུ་འཕྲུལ་ཐོབ་པར་འགྱུར་བ་དང ། དེ་རིམ་གྲོ་བྱེད་པ་དང་མི་ལྡན་པར་མི་འགྱུར་བ་དང ། ལོངས་སྤྱོད་ཆེ་བར་འགྱུར་བ་དང ། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་ལྷམ་སྦྱིན་པའི་ཕན་ཡོན་ནོ། །སྣོད་སྦྱིན་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་གྱི་ཡོན་ཏན་གྱི་སྣོད་ལྟ་བུར་འགྱུར་བ་དང ། མདོག་སྣུམ་པར་འགྱུར་བ་དང ། སེམས་ཀྱི་རྒྱུད་མཉེན་པར་འགྱུར་བ་དང ། སྐོམ་པར་མི་འགྱུར་བ་དང ། སྐོམ་ནའང་ཆུ་འབྱུང་བར་འགྱུར་བ་དང ། ཡི་དྭགས་སུ་སྐྱེ་བར་མི་འགྱུར་བ་དང ། ལྷ་དང ། མི་རྣམས་
452a
༄#། །དགའ་བར་འགྱུར་བ་དང ། ལོངས་སྤྱོད་ཆེ་བར་འགྱུར་བ་དང ། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་སྣོད་སྦྱིན་པའི་ཕན་ཡོན་ནོ། ཁ་ཟས་སྦྱིན་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། ཚེ་རིང་བར་འགྱུར་བ་དང ། ཁ་དོག་དང་ལྡན་པར་འགྱུར་བ་དང ། སྟོབས་དང་ལྡན་པར་འགྱུར་བ་དང ། དྲན་པ་དང་ལྡན་ཞིང ། སྤོབས་པ་དང་ལྡན་པར་འགྱུར་བ་དང ། བག་ཚ་བ་མེད་པར་འཁོར་གྱི་ནང་དུ་འགྲོ་བ་དང ། འཁོར་འདུན་པར་འགྱུར་བ་དང ། ལྷ་དང ། མི་རྣམས་འདུན་ཞིང ། དགའ་བར་འགྱུར་བ་དང ། ལོངས་སྤྱོད་ཆེ་བར་འགྱུར་བ་དང ། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི། ཁ་ཟས་སྦྱིན་པའི་ཕན་ཡོན་ནོ། །བཞོན་པ་སྦྱིན་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། རྐང་པ་ཤིན་ཏུ་གཞོན་པར་འགྱུར་བ་དང ། རྐང་པ་ཤིན་ཏུ་གནས་པར་འགྱུར་པ་དང ། རྐང་པས་འགྲོ་ན་ལུས་ངལ་བར་མི་འགྱུར་བ་དང ། བདེ་བར་འགྱུར་བ་དང ། མི་མཛའ་བ་མང་བར་མི་འགྱུར་བ་དང ། རྫུ་འཕྲུལ་གྱི་རྐང་པ་རྒྱ་ཆེན་པོ་འཐོབ་པར་འགྱུར་པ་དང ། བཞོན་པ་རྣམས་ཀྱིས་བྲེལ་བར་མི་འགྱུར་བ་དང ། རིམ་གྲོ་བྱེད་པ་དང་མི་ལྡན་པར་མི་འགྱུར་བ་དང ། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང ། མྱུར་དུ་ཡོངས་སུ་མྱ་ངན་ལས་
452b
འདའ་བ་སྟེ། བཅུ་པོ་དེ་དག་ནི་བཞོན་པ་སྦྱིན་པའི་ཕན་ཡོན་ནོ། །གནས་སྦྱིན་པའི་ཕན་ཡོན་རབ་ཏུ་མང་པོ་སྟེ། མང་པོ་གང་ཞེ་ན། དེ་ལ་འཇིགས་པ་མི་འབྱུང་ངོ ། །གདིང་བ་དང ། བགོ་བ་ཤིན་ཏུ་འཇམ་པོ་རྙེད་པར་འགྱུར་རོ། །ལྷ་དང་མི་རྣམས་ཀྱི་འདོད་པའི་ཕན་ཡོན་ལྔ་རྙེད་པར་འགྱུར་རོ། །གལ་ཏེ་འདོད་དེ་མ་ལ། ཀྱེ་མ་བདག་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་དུ་སྐྱེ་བར་གྱུར་ཅིག་ཅེའམ། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་དུ་སྐྱེ་བར་གྱུར་ཅིག་ཅེའམ། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་དུ་སྐྱེ་བར་གྱུར་ཅིག་ཅེའམ། དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ། །གལ་ཏེ་འདོད་དེ་ཀྱེ་མ་བདག་གྲོང་གི་གཙོ་བོར་གྱུར་ཅིག་ཅེའམ། གྲོང་ཁྱེར་གྱི་གཙོ་བོར་གྱུར་ཅིག་ཅེའམ། གྲོང་རྡལ་གྱི་གཙོ་བོར་གྱུར་ཅིག་ཅེའམ། རི་བྲགས་ཀྱི་རྒྱལ་པོར་གྱུར་ཅིག་ཅེའམ། རྒྱལ་ཕྲན་དུ་གྱུར་ཅིག་ཅེའམ། རྒྱལ་པོ་བཙན་པར་གྱུར་ཅིག་ཅེའམ། དེའི་སྨོན་པ་དེ་དེ་བཞིན་དུ་གྲུབ་པར་འགྱུར་རོ། །གལ་ཏེ་འདོད་དེ་གླིང་གཅིག་གི་རྒྱལ་པོར་གྱུར་ཅིག་ཅེའམ། གླིང་གཉིས་ཀྱི་རྒྱལ་པོར་གྱུར་ཅིག་ཅེའམ། གླིང་གསུམ་གྱི་རྒྱལ་པོར་གྱུར་ཅིག་ཅེའམ། འཁོར་ལོ་སྒྱུ་བའི་རྒྱལ་པོར་གྱུར་ཅིག་ཅེ་ན། དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ། །གལ་ཏེ་འདོད་དེ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེ་ན།
453a
༄#། །དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ། །སུམ་ཅུ་རྩ་གསུམ་དང ། འཐབ་བྲལ་དང ། དགའ་ལྡན་དང ། འཕྲུལ་དགའ་དང ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེ་ན། དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ། །གལ་ཏེ་འདོད་དེ། མ་ལ། ཀྱེ་མ་བདག་ཚངས་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་གྱུར་ཅིག་ཅེ་ན། དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ། །ཚངས་པའི་མདུན་ན་འདོན་པ་དང ། ཚངས་ཆེན་དང ། འོད་ཆུང་དང ། ཚད་མེད་འོད་དང ། འོད་གསལ་དང ། དགེ་ཆུང་དང ། ཚད་མེད་དགེ་དང ། དགེ་རྒྱས་དང ། སྤྲིན་མེད་དང ། བསོད་ནམས་འཕེལ་བ་དང ། འབྲས་བུ་ཆེ་བ་དང ། མི་ཆེ་བ་དང ། མི་གདུང་བ་དང ། གྱ་ནོམ་སྣང་དང ། ལེགས་པར་མཐོང་དང ། འོག་མིན་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེ་ན། དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ། །གལ་ཏེ་འདོད་དེ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་སུ་ཉེ་བར་འགྲོ་བ་རྣམས་དང ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་སུ་ཉེ་བར་འགྲོ་བ་རྣམས་དང ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་སུ་ཉེ་བར་འགྲོ་བ་རྣམས་དང ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་འདུ་ཤེས་སུ་ཉེ་བར་འགྲོ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར་གྱུར་ཅིག་ཅེ་ན། དེའི་
453b
སྨོན་པ་དེ་འགྲུབ་པར་འགྱུར་རོ། །གལ་ཏེ་འདོད་དེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱའོ་ཞེ་ན། དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ། །གལ་ཏེ་འདོད་དེ་ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང ། ཕྱིར་མི་འོང་བའི་འབྲས་བུ་དང ། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་དང ། རང་བྱང་ཆུབ་མངོན་དུ་བྱའོ་ཞེ་ན། དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ། །གལ་ཏེ་འདོད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་གྱུར་ཅིག་ཅེ་ན། དེའི་སྨོན་པ་དེ་འགྲུབ་པར་འགྱུར་ཏེ། མང་པོ་དེ་དག་ནི་གནས་སྦྱིན་པའི་ཕན་ཡོན་ནོ། །སྐོམ་སྦྱིན་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། དབང་པོ་ཐམས་ཅད་ཡོངས་སུ་ཚང་བར་དཔྲལ་བ་དག་ཅིང ། འཛུམ་པའི་བཞིན་དུ་འགྱུར་བ་དང ། ཡོན་ཏན་དང་ལྡན་པར་འགྱུར་བ་དང ། སེམས་ཀྱི་རྒྱུད་མཉེན་པར་འགྱུར་བ་དང ། སྐོམ་པར་མི་འགྱུར་བ་དང ། སྐོམ་ན་ཡང་ཆུ་འབྱུང་བར་འགྱུར་བ་དང ། ཡི་དྭགས་སུ་སྐྱེ་བར་མི་འགྱུར་བ་དང ། ལོངས་སྤྱོད་ཆེ་བར་འགྱུར་བ་དང ། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་སྐོམ་སྦྱིན་པའི་ཕན་ཡོན་ནོ། །རབ་ཏུ་འབྱུང་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། དེའི་བུ་དང ། ཚུང་མ་དང ། ནོར་ལ་སྲེད་པར་མི་འགྱུར་བ་དང ། དེ་འདོད་པ་ཡོངས་སུ་འཛིན་པར་མི་འགྱུར་བ་དང ། དགོན་པར་གནས་པ་ལ་
454a
༄#། །དགའ་བ་རྙེད་པ་དང ། སངས་རྒྱས་ལ་གུས་པར་འགྱུར་བ་དང ། བདུད་ཀྱི་སྤྱོད་ཡུལ་རྣམ་པར་སྤོང་བ་དང ། བདེ་འགྲོ་ཐོབ་པར་བྱེད་པའི་ཆོས་རྣམས་ཡོངས་སུ་ཚོར་བ་དང ། དན་འགྲོ་ཐོབ་པར་བྱེད་པའི་ཆོས་རྣམས་རྣམ་པར་སྤོང་བ་དང ། ལྷ་དང་མིར་སྨོན་པར་བྱེད་པ་དང ། རྟག་ཏུ་དེ་བཞིན་གཤེགས་པའི་གསུང་རབ་ལ་རབ་ཏུ་འབྱུང་བ་རྙེད་པ་དང ། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང ། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་རབ་ཏུ་འབྱུང་བའི་ཕན་ཡོན་ནོ། །དགོན་པ་ལ་གནས་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འདུ་འཛི་རྣམ་པར་སྤོང་བ་དང ། རབ་ཏུ་དབེན་པ་ལ་སྟེན་པ་དང ། དེའི་སེམས་བསམ་གཏན་ལ་དམིགས་པར་འགྱུར་བ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྨོན་པ་དང ། དགའ་བ་དང ། བདེ་བ་དང ། ཡིད་བདེ་བ་ལུས་ལ་སྐྱེད་པ་དང ། དེ་ལ་བར་དུ་གཅོད་པ་མི་འབྱུང་བ་དང ། ཇི་ལྟར་ཐོས་པའི་ཆོས་ཀྱི་དོན་རྒྱ་ཆེར་ཤེས་པར་འགྱུར་བ་དང ། ཞི་གནས་ཐོབ་པ་དང ། ལྷག་མཐོང་ཐོབ་པ་སྟེ། བཅུ་པོ་དེ་དག་ནི་དགོན་པ་ལ་གནས་པའི་ཕན་ཡོན་ནོ། །བསོད་སྙོམས་པའི་ཕན་ཡོན་བཅུ་སྟེ།་བཅུ་གང་ཞེ་ན། དེ་འགྲོ་བ་ལ་གོམས་པར་འགྱུར་བ་དང ། དེ་སྤྱོད་ཡུལ་གོམ་པར་འགྱུར་བ་དང ། དེ་ང་རྒྱལ་བཅོམ་པར་འགྱུར་བ་དང ། བདག་རྙེད་པ་ལ་སྦྱོར་བ་དང ། གཞན་
454b
དག་ཀྱང་བསོད་ནམས་ལ་རབ་ཏུ་འགོད་པ་དང ། སྟོན་པའི་བསྟན་པ་ཡོངས་སུ་སྟོན་པ་དང ། ཕྱི་མའི་སྐྱེ་བོ་ལ་སྣང་བར་བྱས་པར་འགྱུར་བ་དང ། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཉམ་ང་བ་མེད་པར་འགྱུར་བ་དང ། དམའ་བའི་སེམས་ཉེ་བར་གཞག་པར་འགྱུར་བ་དང ། བསོད་སྙོམས་ཀྱིས་ཡོངས་སུ་དུལ་བའི་དགེ་སློང་ཕྱོགས་ལ་མུན་པ་མེད་པར་སྣང་བའོ། །འཇིགས་པ་མེད་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིགས་པ་མེད་པར་གྲོང་དུ་འཇུག་པ་དང ། འཇིགས་པ་མེད་པར་གྲོང་ནས་འབྱུང་བ་དང ། འཇིགས་པ་མེད་པར་ཁྱིམ་རྣམས་སུ་འགྲོ་བ་དང ། འཇིགས་པ་མེད་པར་འཁོར་ལ་ཆོས་སྟོན་པ་དང ། འཇིགས་པ་མེད་པར་དགེ་འདུན་གྱི་ནང་དུ་འཇུག་པ་དང ། འཇིག་པ་མེད་པར་སློབ་དཔོན་དང ། མཁན་པོའི་དྲུང་དུ་འགྲོ་བ་དང ། འཇིགས་པ་མེད་པར་བྱམས་པའི་སེམས་ཀྱིས་སློབ་མའི་གན་དུ་འགྲོ་བ་དང ། འཇིགས་པ་མེད་པར་གོས་དང ། ཟས་དང ། མལ་ཆ་དང ། ན་བའི་གསོས་སྨན་དང ། ཡོ་བྱད་རྣམས་ཡོངས་སུ་སྦྱོར་བ་དང ། འཇིགས་པ་མེད་པར་ཁ་ཏོན་འདོན་པ་དང ། འཇིགས་པ་མེད་པར་འཆི་བའི་དུས་བྱེད་པའོ། །བྲམ་ཟེའི་ཁྱེའུ། དེ་ལྟར་ན་སེམས་ཅན་རྣམས་ནི་ལས་བདག་གིར་འགྱུར་བ། ལས་ཀྱི་སྐྱེ་གནས་ཅན། ལས་ཀྱི་བསྒོ་སྐལ་ལ་སྤྱོད་པ། ལས་ལ་སྟོན་པ་སྟེ། སེམས་ཅན་རྣམས་ནི་ལས་ཀྱིས་བཅུན་པ་དང ། དམའ་
455a
༄#། །པ་དང ། དམན་པ་དང ། བཟང་པོར་རྣམ་པར་ཕྱེའོ་ཞེས་ངས་གང་སྨྲས་པ་དེ་ནི། ལས་འདི་ལས་བསམས་ཏེ་སྨྲས་སོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ཏོའུ་ཏེ་ཡའུ་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ། བཅོམ་ལྡན་འདས་ལ་སེམས་མངོན་པར་དད་དོ། །དེ་ནས་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གོའུ་ཏེ་མ་ཁྱོད་མཉན་དུ་ཡོད་པར་དགེ་བསྙེན་གྱི་ཁྱིམ་དག་ཏུ་གཤེགས་པར་དགོངས་པ་ན། དེ་ལྟར་ཏོའུ་ཏེ་ཡའི་ཁྱིམ་དུ་ཡང་གཤེགས་པར་དགོངས་སུ་གསོལ། དེས་ནི་ཏོའུ་ཏེ་ཡའི་ཁྱིམ་དུ་ཡུན་རིང་པོའི་དོན་དང་ཕན་པ་དང་བདེ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་ལ་གནང་བ་མཛད་དོ། །དེ་ནས་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོས། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནས་བར་རིག་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རང་ནས་བཅོམ་ལྡན་ཀྱིས་གནང་བས་སོང་ངོ ། །ལས་རྣམ་པར་འབྱེད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང།་དཱ་ན་ཤཱི་ལ་དང ། མུ་ནི་བར་མ་དང ། ཞུས་ཆེན་གྱི་ལོ་ཙ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པའོ།།