rKTs


H590

(e-text produced by ACIP)

see text in transliteration
426a
རྒྱ་གར་སྐད་དུ། ཨཱརྱ་ཨ་བྷ་ཡ་པྲ་དཱ་ནཱ་མ་ཨ་པ་རཱ་ཛི་ཏ། བོད་སྐད་དུ། འཕགས་པ་གཞན་གྱིས་མི་ཐུབ་པ་མི་འཇིགས་པ་སྦྱིན་པ་ཞེས་བྱ་བ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གྲུབ་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་
426b
ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བ་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་གྲོལ་བར་མཛད་པ་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་ཀྱི་བཅིངས་པ་གཅོད་པ་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ལ་ཕྱག་འཚལ་ལོ། །དེ་ནས་འཇིགས་པ་མེད་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཞན་གྱིས་མི་ཐུབ་པའི་སྙིང་པོ་བརྗོད་པར་བྱའོ། །ལས་ཀུན་བྱེད་པ་དགེ་བ་སྟེ། །འབྱུང་པོ་ཀུན་གྱིས་འཇིགས་པ་མེད། །བདུད་རྩི་ལས་ནི་བདུད་རྩི་འབྱུང ། འདི་ནི་ལས་ཀུན་བྱེད་པ་ཡིན། །དགྲ་ཀུན་འཇིགས་པར་བྱེད་པ་སྟེ། །རྩོད་དང་དེ་བཞིན་འཐབ་པ་དང ། །གཞན་ཡང་དགྲས་ནི་འཁོར་བ་དང ། །རྩོད་པའི་ནང་དུ་རྩོད་བྱེད་དང ། །རྟག་ཏུ་དགྲ་དང་འཕྲད་པ་དང ། །རྨུགས་པར་བྱེད་ཅིང་རེངས་པར་བྱེད། །རྨོངས་པར་བྱེད་ཅིང་སྡིག་པ་སེལ། །དུག་དང་མེ་ནི་དེངས་པར་བྱེད། །རིམས་དང་ཉེས་སྡིག་ཐམས་ཅད་སེལ། །ཆོམ་རྐུན་དང་ནི་ཆུ་དང་སྦྲུལ། །རྨི་ལམ་ངན་པ་ཐམས་ཅད་སེལ། །འབྱུང་པོ་ཐམས་ཅད་ཟློག་པ་ཡིན། །སངས་རྒྱས་བྱང་
427a
༄#། །ཆུབ་འདྲེན་པ་དང ། །ཆོས་ཀུན་རབ་ཏུ་སྟོན་པ་སྟེ། །འདི་ནི་རིག་སྔགས་མཐུ་སྟོབས་ཅན། །གཞན་གྱིས་མི་ཐུབ་སྲིན་པོ་འཇོམས། །གང་ཚེ་རིག་སྔགས་འདི་འཆང་བ། །དེས་ན་ས་འདི་གཡོ་བར་འགྱུར། །འཇིགས་མེད་ལྡན་པ་ཞེས་བྱ་བའི། །རིག་སྔགས་རྒྱལ་བ་བླ་ན་མེད། །འཇིགས་རྟེན་མགོན་པོས་གསུངས་པ་སྟེ། །འཇིག་རྟེན་གསུམ་པོ་ཀུན་གྱིས་མཆོད། །དེ་ནས་འཇིགས་པ་མེད་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དེ་བཞིན་གཤེགས་པ་རྗེས་སུ་དྲན་པར་བྱས་ནས་རང་གི་སྙིང་པོ་གཞན་གྱིས་མི་ཐུབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་འདི་སྨྲས་སོ། ། ཏཱ་ར་ཏཱ་ར། ཏཱ་རེ་ཏཱ་རེ། མོ་རི་ཀེ། ཙནྡྲ་པྲ་བྷེ། བྷི་རི་བྷི་རི། ཙི་ཏི་ཙི་རི། སཱུརྱ་ཀནྟེ། ཧེ་མ་པྲ་བྷེ། བུདྡྷྱ་བུདྡྷྱ། བོ་དྷ་ནི། སརྦ་པཱ་པཾ་པྲ་ཤ་མ་ནི། ཙ་ར་ཙ་ར། བི་ཥ་པྲ་ཤ་མ་ནྀ། ཙི་རི་ཙི་རི། ཙུ་རུ་ཙུ་རུ། སརྦ་བིདྱ་དྷ་ར་ནཱ་མ་ཀྲི་ཏེ། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། སརྦ་ཏ་ཐཱ་ག་ཏ་བྷ་ཥ་ཏི། པ་ར་པ་ར། པི་རི་པི་རི། པུ་རུ་པུ་རུ། པྲ་ཛྙཱ་པ་ར་མི་ཏ། ཨ་ནུ་ཛྙཱ་ཏེ། ཥ་ཊ་པཱ་ར་མི་ཏ། པ་རི་པུ་རེ། གཾ་གཱ་ན་དྷི་བ་ལོ་ཀོ་པ་མ། ཏ་ཐཱ་ག་ཏ། བ་ཤི་ཏ། པྲི་ཡཾ་ཀ་རི། དྷ་ན་ཀ་རི། པྲི་ཏི་ཀ་རི། ཤུ་བྷ་ཀ་རི། པ་བི་ཏྲ། མངྒ་ལ་དྷཱ་ར་ཎི། སརྦ་དེ་བ་ཏ། ཨ་དྷིཥྛི་ཏེ། སརྦ་མ་ཧོ་རཱ་ག་ཨ་དྷིཥྛི་ཏེ། སརྦ་ཀིཾ་ན་ར་ཨ་དྷིཥྛི་ཏེ། སརྦ་ཡཀྵ་
427b
རཀྵ་ས་ཨདྷི་ཥྛི་ཏེ། པྲ་ཧྨ་བྷཱ་ཥི་ཏེ། ཙ་ཏུར་མ་ཧཱ་རཱ་ཛ་བྷཱ་ཥི་ཏེ། ཙནྡྲ་སུརྱ་བྷཱ་ཥི་ཏེ། ཨོཾ་ཏི་རི་ཏི་རི། ཙནྡྲ་ཀཱ་རི་ཎི། ཀི་ལི་ཀི་ལི། སརྦ་ཤ་ཏྲཱུཾ་བི་ནཱ་ཤ་ནི་ཧཱུཾ་ཕཊ་སཝཱཧཱ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བྱང་ཆུབ་སེམས་དཔའ་མི་འཇིགས་པ་སྦྱིན་པ་ལ་འདི་སྐད་ཅེས་སྨྲས་སོ། །མི་འཇིགས་པ་སྦྱིན་པ། སྔོན་བྱུང་བ་འདས་པའི་དུས་ན་འཇིགས་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ། གཞན་གྱིས་མི་ཐུབ་པའི་དབང་ཕྱུག་འོད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་ལས་བདག་གིས་འདི་དག་ཐོས་སོ། །དེ་ལས་བཟུང་ནས་བྱང་ཆུབ་སེམས་དཔའ་རྣམས་དང ། སེམས་ཅན་ཐམས་ཅད་ལ་ཡང་བསྙད་དོ། །མི་འཇིགས་པ་སྦྱིན་པ་གཞན་གྱིས་མི་ཐུབ་པའི་སྙིང་པོ་འདི་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་པོ་རྣམས་པར་གཟིགས་དང ། གཙུག་ཏོར་ཅན་དང ། ཐམས་ཅད་སྐྱོབ་དང ། འཁོར་བ་འཇིག་དང ། གསེར་ཐུབ་དང ། འོད་སྲུང་དང ། ཤཱཀྱ་ཐུབ་པ་རྣམས་ཀྱིས་གསུངས་སོ། །གཞན་གྱིས་མི་ཐུབ་པའི་སྙིང་པོ་འདི་ནི། བདག་སྲུང་བ་དང་།གཞན་
428a
༄#། །སྲུང་བ་དང ། གཉི་ག་སྲུང་བ་དང ། གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་སྲུང་བ་དང ། སྲོག་སྐྱོང་བ་དང ། ཚེ་སྦྱིན་པ་དང ། ལག་བ་རེངས་པར་བྱེད་པ་དང ། འཐབ་མོ་དང ། འཐབ་པ་དང ། འགྱེད་པ་དང ། རྩོད་པ་ཐམས་ཅད་ཟློག་པར་བྱེད་པ། དགྲ་ཐམས་ཅད་ཟློག་པ། འཆིང་བ་ཐམས་ཅད་གྲོལ་བར་བྱེད་པ། ཐམས་ཅད་དུ་གཞན་གྱི་མི་ཐུབ་པའོ། །ཤུདྡྷེ་མུཀྟེ། པྲ་བྷ་སཝ་རེ། ཤཝཱ་ཏེ། པནྜ་ར་ཧཱ་སི་ནི། སརྦ་དུཥྚ་ན་ཛ་བྷ་ཡ་མི། སྟཾ་བྷ་ཡ་མི། མོ་ཧ་ཡ་མི། ཨོཾ་སཝཱཧཱ། པ་བི་ཏྲེ་སཝཱཧཱ། ཤཝེ་ཏི་སཝཱཧཱ། ཤཝེ་ཏེ་པ་ཏ་པྲི་ཏེ་སཝཱཧཱ། ཏདྱ་ཐཱ། ཏ་རེ་ཏ་རེ། ཏ་རི་ཎི་རཀྵ་རཀྵ། སརྦ་ཀ་ལི། ཀ་ལ་ཧ། བི་གྲ་ཧ། བི་བྷ་དྷི། དུཿ སཝ་བ་ན་བྷ་ཡེ་བྷྱཿ སཝཱཧཱ། རྟག་ཏུ་ལེ་ལོ་མེད་པར་ནི། །གང་ཞིག་གཟུངས་འདི་འཆང་བྱེད་པ། །དེ་ལ་ལྷ་ཚོགས་ཐམས་ཅད་ཀྱང ། །དུས་ཀུན་ཏུ་ནི་སྲུང་བར་བྱེད། །དེ་ནི་འཇིགས་པར་འགྱུར་བ་མེད། །དེ་ནི་རྟག་སྲུང་ལྷན་ནེར་འདུག་།ཇི་ལྟར་ཉི་མ་ས་སྟེང་ན། །གཟི་བརྗིད་གྲགས་འཆང་ལྷན་ནེ་བཞིན། །དེ་ལ་གཤེད་བྱེད་བྱད་སྟེམས་དང ། །སྲུལ་པོ་དག་གིས་མི་ཚུགས་ཏེ། །དེ་ལ་དཔལ་ཡོན་འཇུག་པར་འགྱུར། །ཁ་དོག་དང་ནི་ཚེ་ཡང་འཕེལ། །འཕགས་པ་གཞན་གྱིས་མི་ཐུབ་པ་མི་འཇིགས་པ་སྦྱིན་པ་ཞེས་བྱ་བ་རྫོགས་སོ།།
428b
རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝ་རྨ་དང ། ཞུ་ཆེན་གྱི་ལོཙྪ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་པ།