rKTs


H613

(e-text produced by ACIP)

see text in transliteration
62a
རྒྱ་གར་སྐད་དུ། །ཱརྱ་ཨ་པ་ལོ་ཀི་ཏེ་ཤཝ་ར་ཨཥྚོ་ཏྟ་ར་ཤ་ཏ་ཀ་ནཱ་མ་དྷཱ་ར་ཎཱི་མནྟྲ་ས་ཧི་ཏ། བོད་སྐད་དུ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འཚལ་ལོ། །ན་མཿ ་སརྦ་བུདྡྷ། བོ་དྷི་སཏྭཱ་ནཱ་ན། ས་མནྟ་ཨ་མོ་གྷ། ཨ་པྲ་ཏི་ཧ་ཏ། ཤཱ་ས་ནཱ་ནཱ་ན། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། མ་ཧཱ་བོ་དྷི་སཏྭཱ་ཡ། བཛྲ་སྟྭཱ་ཡ། བཛྲ་བི་པཱུ་ལཱ་ཡ།་པདྨ་སཾ་བྷ་བཱ་ཡ། པདྨ་ཡོ་ན་ཡེ། ཏདྱ་ཐཱ། ཨོཾ་ཧྲཱིཿ ་ཀ་ར་ཤྲཱི་ཀ་ར་པྲ་བྷ་ཀ་ར་བཛྲ་སྟྭཱ། བཛྲ་སཾ་བྷ་བ། པདྨ་སཾ་བྷ་བ། པདྨ་སཱ་ག་ར། པདྨ་གོ་ཙ་ར། བ་ར་ད།
62b
མ་ཧཱ་ཀཱ་རུ་ཎི་ཀ་།ཀཱ་རུ་ཎི་སཾ་བྷ་བ། ཧཱུཾ་ཧཱུཾ། དྷ་ར་དྷ་ར། ད་ར་ད་ར། བ་ར་བ་ར། མ་ཧཱ་ཀཱ་རུ་ཎི་ཀ་མ་ཧཱ་ཤུངྡྷ་ས་ཏྭ་སཝཱ་ཧཱ། དེ་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱག་གཡས་པ་བརྐྱང་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་མགོ་བོ་ལ་བྱུགས་ཏེ་བཀའ་སྩལ་པ། ཡོན་ཏན་རིན་པོ་ཆེའི་ཕུང་པོ་ཆེན་པོ་ཁྱོད་ཀྱིས་གཟུངས་སྔགས་འདི་བཤད་པས། སེམས་ཅན་རྣམས་ལ་སངས་རྒྱས་འབྱུང་བའི་ཆོས་བསྟན་པ་ལེགས་སོ་ལེགས་སོ། །འདི་ནི་ཐོས་པ་ཙམ་གྱིས་ཀྱང་སེམས་ཅན་རྣམས་ཤིན་ཏུ་རྣམ་པར་དག་པར་བྱེད་པའོ། །གང་ལ་ལ་ཉན་པ་དང ། འཆང་བ་དང ། ཀློག་པ་དང ། ཀུན་ཆུབ་པར་བྱེད་པ་དེས་ནི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་དང ། དག་པའི་མཆོག་ཀྱང་ཐོབ་པར་འགྱུར་རོ། །དེ་ནས་ལྷའི་དབང་པོ་དབང་ཕྱུག་ཆེན་པོ་དཔག་ཚད་འབུམ་ཕྲག་དུ་མར་ཁྱབ་ཅིང ། འཇིག་རྟེན་གྱི་ཁམས་གསུམ་པོ་ཀུན་ཏུ་རྒྱས་ཀོ་ལྟ་སྟེ། འཁོར་དང་བཅས་པ་དང ། རྡོ་རྗེའི་དཀྱིལ་འཁོར་དུ་འདུས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མགོ་བོ་བཏུད་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སའི་དབང་ཕྱུག་དཔའ་བོ་རྣམ་པར་རྩེ་བ་ཞེས་བྱ་བའི་མཚན་བརྒྱ་རྩ་བརྒྱད་པས་མངོན་པར་
63a
༄#། །བསྟོད་པ། །ས་ཡི་དབང་ཕྱུག་རྡོ་རྗེའི་དཀྱིལ་འཁོར་བ། །སྲིད་གསུམ་མ་ལུས་ཡོན་ཏན་ཆེན་པོའི་བདག་།དྲི་མེད་སྐྱོན་བྲལ་གསལ་བའི་དཀྱིལ་འཁོར་ཅན། །སྙིང་རྗེས་ཁྱབ་པའི་དཀྱིལ་འཁོར་རྒྱ་ཆེ་བ། །རབ་དགའ་རབ་དགྱེས་རབ་ཏུ་སྟོན་པའོ། །བསྐལ་པ་བཟང་པོ་རྣམ་པར་ཞི་བའི་མཆོག ། ཤིན་ཏུ་རྣམ་དག་ཡོན་ཏན་ཆེན་པོའི་བདག་།རྣམ་དག་དུ་མར་གྲགས་པའི་མེ་ཏོག་ཐོད། །རབ་མཆོག་སྲིད་གསུམ་དག་གི་མིག་གཅིག་པ། །མཆོག་སྦྱིན་འགྲོ་བ་ཀུན་གྱི་འབྱོར་བ་མཛེས། །དཔག་མེད་པས་ཀྱང་དཔག་མེད་བསྐལ་པར་འབྱུང ། །སྐྱབས་དང་ཡིད་འཕྲོག་དག་ཅིང་སེལ་བར་མཛད། །ནོར་བུའི་ཐོད་ཅན་རྡོ་རྗེ་ལས་བྱུང་བ། །སྲིད་གསུམ་གཅིག་པུ་དཔའ་བོ་པདྨའི་སྤྱན། །ཐོས་པའི་རྒྱ་མཚོ་སེམས་ཅན་ཀུན་བས་དཔའ། །འགྲོ་བ་ཐམས་ཅད་རྣམ་པར་གྲོལ་མཛད་མཆོག་།སྙམ་ཆ་འགུལ་ཞིང་པདྨ་དག་པ་བསྣམས། །དབང་ཕྱུག་བདེ་གཤེགས་བཞུགས་པའི་ཐོར་ཚུགས་ཅན། །ཚུལ་བཟང་ཡོན་ཏན་རྒྱན་དུ་འཚམ་བའི་གཟུགས། །འཇིགས་པའི་རླུང་ཆེན་འཚུབས་པའི་མཚོན་ཆ་ཅན། །དགེ་བའི་རྒྱུ་སྟེ་དམ་པ་སྩོལ་བའི་རྒྱུ། །ཚུལ་གྱི་ལོངས་སྤྱོད་བདེ་ཆེན་མཆོག་གི་རྒྱུ། །
63b
དཀྱིལ་འཁོར་མཆོག་གི་སྤྱོད་ཡུལ་རྒྱུ་གཅིག་པ། །སྲིད་གསུམ་སྒྲོལ་བའི་ཟམ་པ་གཅིག་པུ་ལགས། །དཀྱིལ་འཁོར་མཆོག་གི་རྒྱན་ཏེ་སྡིག་མེད་པ། །གསེར་མདོག་འོད་རྒྱན་རྟེན་དུ་གྱུར་པ་སྟེ། །མཉམ་པ་ཉིད་ཀྱིས་མི་མཉམ་མཚུངས་པར་འགྱུར། །ས་བརྙེས་འོད་ཟེར་རྒྱས་པ་རྒྱན་ཕྲེང་མངའ། །ཆེན་པོའི་མཆེ་བ་ཐོགས་པ་མེད་པ་སྟེ། །སྔ་མ་མུན་པ་ཀུན་བསལ་ཉོན་མོངས་མེད། །དགེ་བ་དག་པས་སྤྱོད་ཡུལ་རྣམ་པར་དག་།ཚུལ་གྱི་དཀྱིལ་འཁོར་ཡངས་ཤིང་རྣམ་པར་དག། སྲིད་གསུམ་དབང་ཕྱུག་པདྨ་ལས་བྱུང་བ། །སྲིད་གསུམ་བདེ་ཆེན་ཡངས་པའི་དབང་ཕྱུག་སྟེ། །དབང་ཕྱུག་མི་གཡོ་རྣལ་འབྱོར་མཁས་པའོ། །དེ་བཞིན་གཤེགས་པ་ཆེན་པོ་རབ་མཆོག་ཡངས། །ནོར་བུའི་རྒྱན་ཏེ་རྡོ་རྗེའི་རྒྱན་དུ་ཐོགས། །པདྨས་བརྒྱན་པ་ལྷུན་པོ་ལས་བྱུང་བ། །དགེ་སྣོད་ཡོན་ཏན་ཆེན་པོའི་སྣོད་གཅིག་པ། །བདེ་ལ་ལོངས་སྤྱོད་རྣམ་འདྲེན་ཆེན་པོའི་བདག་།སྨོན་ལམ་རྒྱ་ཆེན་རྒྱ་མཚོ་ལྡན་པ་སྟེ། །འགྲོ་བ་སྲིད་པར་ལྷུང་བ་གྲོལ་མཛད་པ། །ས་དང་མཉམ་པ་ཐམས་ཅད་གཟིགས་པར་མཛད། །སྐལ་བཟང་བསྐལ་པ་སྟོང་གིས་གནང་བ་པོ། །རྡོ་རྗེ་མཆོག་གིས་སྒེག་པའི་དཀྱིལ་འཁོར་ཅན། །ཡོན་ཏན་རྣམ་གྲངས་ཁྱད་པར་དཀྱིལ་འཁོར་
64a
༄#། །བ། །དགེ་བའི་མཚན་ཉིད་དཔའ་བོའི་རྩལ་མངའ་བ། །དེ་བཞིན་ཉིད་ཆོས་རོ་མཁྱེན་སྤྱོད་ཡུལ་ཅན། །ཅོད་པན་ཐིག་ལེ་དམར་པོའི་དཀྱིལ་འཁོར་ལྡན། །ལྷ་ཆེན་བརྒྱ་མངའ་སུམ་ཅུ་གསུམ་བདག་དབང ། །ལྷ་དང་ལྷ་མིན་དབང་བཅས་རྣམས་ཀྱིས་བཏུད། །བརྩོན་འགྲུས་བརྒྱ་དང་ལྡན་ཞིང་རྩལ་སྟོང་མངའ།། བསོད་ནམས་བརྒྱ་མངའ་མཚོན་ཆ་བརྒྱ་འཆང་བ། །པདྨ་བརྒྱ་པ་པདྨ་ཉིད་ལས་བྱུང ། །དཀྱིལ་འཁོར་བརྒྱ་ཡི་དབུས་ན་མཛེས་པ་སྟེ། །ཆོས་བརྒྱ་ལྡན་པ་མཆོག་སྟོང་སྟོན་པ་པོ། །སངས་རྒྱས་སྟོང་ཕྲག་མང་པོས་ཡོངས་བསྟོད་པ། །བསྐལ་པ་རབ་འབྱམས་མང་པོར་མཁས་པ་སྟེ། །དཀྱིལ་འཁོར་མང་པོ་དག་ན་དཔའ་བའི་སྐུ། །འཇིག་རྟེན་འདས་པའི་མཐུ་མངའ་སྟོན་པ་པོ། །རྒྱ་ཆེན་དྲི་མེད་དཀྱིལ་འཁོར་དབུས་ན་བཞུགས། །རབ་དགའ་བསྒྱིངས་པ་འཐོར་མཛད་མེ་ཏོག་ཐོད། །ན་བཟའ་དར་དཀར་ལ་མནབས་འོད་མཛད་པ། །ཐུགས་ཀྱི་དཀྱིལ་འཁོར་ཐུགས་རྗེས་བརྒྱན་པ་ལགས། །ཆ་ཕྲར་གསེར་མཛད་མཐའ་ཡས་ཟད་མི་ཤེས། །དཔའ་བོའི་ཉི་མ་འོད་ཟེར་རྒྱན་མངའ་བ། །ནོར་བུའི་དཀྱིལ་འཁོར་ཟླ་འདྲ་འོད་གསལ་ཞིང ། །ཉི་མས་ཁ་ཕྱེ་པདྨ་མཆོག་བསྣམས་པ། །མེ་ཏོག་མཚོན་ཆ་ཐོགས་པའི་
64b
ལྷ་ཞེས་གྲགས། །གཙུག་ཕུད་གསུམ་པ་ཚངས་སྲས་སྐྱེ་རྒུའི་བདག་།བཙུན་རིགས་མཆོག་སྟེ་རིགས་ཆེན་ནང་དུ་སྐྱེས། །རང་གི་རིགས་གསལ་དབང་ཆེན་དཀྱིལ་འཁོར་བ། ། པདྨ་བཟང་པོའི་རིགས་མཆོག་ཐིག་ལེའི་མཚན། །སྤྱན་བཟང་དགེ་བའི་ལྷ་རྣམས་རྟེན་གྱུར་པ། །གསང་སྣགས་མང་པོ་འཛིན་པའི་དབང་ཕྱུག་པོ། །ཚོགས་ཆེན་འདུན་མ་འདུས་པའི་མངའ་བདག་ལགས། །སྤྱན་གསུམ་དག་གིས་དཀྱིལ་འཁོར་མཛེས་གྱུར་པ། ཀ་ལ་པིངྐའི་སྐད་ཀྱིས་སྡང་བ་འདུལ། །མདའ་དང་རུས་གཞུ་སྟོབས་ཆེན་མཚོན་ཆ་བསྣམས། །སྟོབས་ཀྱི་ལྷ་སྟེ་སྟོབས་དང་བརྩོན་པས་འདུལ། །རྒྱན་རྣམས་སྣ་ཚོགས་ལེགས་པར་སྤྲས་པ་སྟེ། །རྒྱལ་བ་རིགས་སྣགས་འཆང་བ་མང་པོས་བསྟོད། །ཚོགས་མཆོག་དགའ་བྱེད་རྣམས་ཀྱིས་རབ་བསྟོད་པ། །ཆུ་སྲིན་འཛིན་ཁྲི་འཇིགས་ལས་རབ་གྲོལ་མཛད། །གཟུགས་མང་མངའ་ཞིང་བདེ་སྐྱིད་རབ་སྦྱིན་པ། །ལྷ་ཡུལ་འགྲོ་བའི་ཁྱད་པར་དཀྱིལ་འཁོར་ཅན། །མཚུངས་མེད་པས་ཀྱང་མཚུངས་མེད་མཐུ་རྩལ་མངའ། །སྟབས་གཤེགས་ཡོན་ཏན་མཆེ་མཆོག་འོད་ཟེར་ལྡན། །འཇིག་རྟེན་ནང་ན་མཁས་པ་སྤྱན་རས་གཟིགས། །ས་གཞིའི་དཀྱིལ་འཁོར་དབུས་ཀྱི་དཀྱིལ་འཁོར་ཅན། །འོད་ཟེར་མང་པོ་སྟོང་ཕྲག་ཟད་མི་ཤེས།།
65a
༄#། །ཉོན་མོངས་རྡུལ་རྣམས་ཐམས་ཅད་སེལ་མཛད་པ། །མཐའ་དང་བྲལ་བ་ཀུན་ཏུ་གཟིགས་པ་སྟེ། རབ་ཞི་ཀུན་ལས་འཕགས་པའི་སྤྱོད་ཡུལ་ཅན། །དོན་དམ་ཚུལ་ལ་སེམས་ཅན་གཅིག་དཔའ་བ། །ཐེག་པ་བཟང་པོ་འཛིན་པའི་ཉི་མ་ལགས། །དུལ་དང་སྤྱན་དང་ཚུལ་ལ་དད་པ་བསྙེས། ། སྐྱུ་རྒུ་རྣམས་ཀྱི་དྲི་མ་མ་ལུས་བཅོམ་བློ་གྲོས་བཟང་པོ་རབ་དགྱེས་སྟོན་པ་པོ། བདེ་ལྡན་གོས་རྒྱན་ཡང་བ་སྣ་ཚོགས་ཅན། བཅོམ་ལྡན་འབྱུང་བ་འཇིགས་པ་མེད་པར་མཛད། །རྟག་ཏུ་དགེ་བ་ཀུན་མཆོག་སྦྱིན་པ་པོ། །རྒྱལ་བས་གསུངས་པའི་རྣམ་ཐར་བརྙེས་པའི་བློ། །བདེ་ལ་ལོངས་སྤྱོད་ཆེ་འབྱུང་དྲི་མ་མེད། །ཞལ་གྱི་དཀྱིལ་འཁོར་རྒྱས་ཤིང་དྲི་མེད་པ། །མིང་དང་སྲེད་མེད་བརྒྱ་བྱིན་ལག་པའི་མཆོག། །འཇིག་རྟེན་མང་པོ་གཟིགས་པའི་དབང་ཕྱུག་གོ། །སྟོབས་དང་རིགས་དང་མཐུ་སྟོབས་ཆེ་བ་ལགས། །སངས་རྒྱས་མཚུངས་ཤིང་ཆོས་མཆོག་རིན་ཆེན་མཚུངས། །དགེ་འདུན་མཚུངས་ཤིང་ཆགས་བྲལ་ཐུབ་པར་དཀའ། །ཁྱད་པར་གསུམ་འཕགས་རིན་ཆེན་མཆོག་ཆེན་མཚུངས། །ཁྱབ་བདག་ཉོན་མོངས་རྣམ་གསུམ་རྡུལ་བསལ་བའི། །རྡོ་རྗེ་སེམས་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །
65b
པདྨ་དྲི་མེད་ཕྱག་གི་དབུས་བསྣམས་པ། །ཐོར་ཚུགས་ཅན་ལ་གཟུགས་ལྡན་ཅོད་པན་ཐོགས། །སྤྱི་བོ་འོད་དཔག་མེད་རྒྱས་ཁྱོད་ཕྱག་འཚལ། །དེ་ནས་བཅོམ་ལྡན་རང་བྱུང་མུན་སེལ་བ། །རྔ་ཆེན་སྒྲ་ལྟར་བརྟན་པས་བཀའ་སྩལ་པ། །མཆོག་ཆེན་རྡོ་རྗེའི་གླུ་ལ་བསྟོད་པ་ཡི། །མིང་བརྒྱ་རྩ་བརྒྱད་སྐྱོན་སེལ་ལེགས་པ་མངའ། ། ཅི་སྟེ་ལ་ལ་རྟག་ཏུ་དགེ་མཆོག་འདོད། །སྤྱན་རས་གཟིགས་དབང་ལ་ནི་བསྟོད་བྱེད་པ། །དེས་ནི་རིང་པོ་མི་ཐོགས་ཡོན་ཏན་གྱི། །ལོངས་སྤྱོད་མཆོག་ཆེན་ཆོས་ནི་ཐོབ་པར་འགྱུར། །མི་ནི་གང་ཞིག་རྟག་ཏུ་འདིས་བསྟོད་ལ། །སྤྱན་རས་གཟིགས་དབང་དམ་པ་སྦྱིན་པར་བྱེད། །སྡིག་པ་རྣམས་ཀྱང་དེ་ལ་འབྱུང་མི་འགྱུར། །འདོད་པ་གང་ཡིན་བདེ་བླག་དེ་ཡིས་འཐོབ། །དེ་ནི་སྡིག་པའི་དྲི་མས་མ་གོས་ཏེ། ལམ་སྲང་བཟང་པོར་དམིགས་ཏེ་འགྲོ་བར་འགྱུར། །སྲིད་གསུམ་སྐྱགས་འོས་གཅིག་པུ་པདྨ་སྐྱེས། །དེ་འདྲའི་ཆོས་ཀྱི་མཆོག་ལ་སྤྱོད་པར་འགྱུར། །དེ་ལྟར་མིང་གི་ཁྱད་པར་གྲུབ་འདོད་ཅིང ། །གང་ཞིག་རྟག་ཏུ་བདེ་བར་འདོད་པ་ཡིས། །འགྲོ་ཀུན་སྐྱེ་རྒུའི་བདག་པོ་སྤྱན་རས་གཟིགས། །པདྨ་ལས་བྱུང་རྟག་ཏུ་བསྟོད་པར་གྱིས། །བཅོམ་ལྡན་འདས་བླ་མ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་
66a
༄#། །བརྒྱད་པ་གཟུངས་སྔགས་དང་བཅས་པ་རྫོགས་སོ།། །།