rKTs


H75

(e-text produced by ACIP)

see text in transliteration
381b
རྒྱ་གར་སྐད་དུ། ཨཱརྱ་གངྒོ་ར་པ་རི་བྲི་ཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་གངྒཱའི་མཆོག་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་གྲོང་ཁྱེར་ཆེན་པོ་མཉན་ཡོད་ན་དགེ་བསྙེན་མ་གངྒཱའི་མཆོག་ཅེས་བྱ་བ་ཞིག་གནས་སོ། །དེ་ནས་དགེ་བསྙེན་མ་གངྒཱའི་མཆོག་མཉན་ཡོད་ནས་བྱུང་ནས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ ། ཕྱོགས་གཅིག་ཏུ་འདུག་པ་དང ། བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་དགེ་བསྙེན་མ་གངྒཱའི་མཆོག་ལ། གངྒཱའི་མཆོག་ཁྱོད་ད་གཟོད་གང་ནས་འོངས་ཞེས་སྨྲས་སོ། །གངྒཱའི་མཆོག་
382a
༄#། །གིས་གསོལ་པ། བཅོམ་ལྡན་འདས། གང་ཞིག་གིས་སྤྲུལ་པ་ལ་སྨྲས་ཏེ་ཁྱོད་ད་གཟོད་གང་ནས་འོངས་ཞེས་དེ་སྐད་བགྱིས་ན། ཇི་སྐད་ལན་འདེབས་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གངྒཱའི་མཆོག་སྤྲུལ་པ་ལ་ནི་འགྲེང་བ་མེད། འདུག་པ་མེད། ཉལ་བ་མེད། འོང་བ་མེད། འགྲོ་བ་མེད། འཆི་འཕོ་མེད། སྐྱེ་བ་མེད་ན། འདི་ནས་འོངས་སོ་ཞེས་དེ་ཅི་ཞིག་སྟོན་པར་འགྱུར། གངྒཱའི་མཆོག་གིས་གསོལ་པ། བཅོམ་ལྡན་འདས། ཅི་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་ལགས་སམ། བཀའ་སྩལ་པ། གངྒཱའི་མཆོག་།དེ་བཞིན་ནོ། །གསོལ་པ། བཅོམ་ལྡན་འདས། གལ་ཏེ་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་ལགས་ན། གངྒཱའི་མཆོག་ཁྱོད་ད་གཟོད་གང་ནས་འོངས་ཞེས་ཅིའི་སླད་དུ་སྨྲས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གངྒཱའི་མཆོག་སྤྲུལ་པ་ནི་ངན་སོང་དུ་མི་འགྲོ་།མཐོ་རིས་སུ་མི་འགྲོ་།ཡོངས་སུ་མྱ་ངན་ལས་འདས་པར་མི་འགྲོ་ན། ཅི་གངྒཱའི་མཆོག་ཀྱང་ངན་སོང་དུ་མི་འགྲོ་།མཐོ་རིས་སུ་མི་འགྲོ་།ཡོངས་སུ་མྱ་ངན་ལས་འདས་པར་མི་འགྲོའམ། གངྒཱའི་མཆོག་གིས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་བདག་གིས་དགེ་བསྙེན་མ་གངྒཱའི་མཆོག་སྤྲུལ་པའི་རང་བཞིན་ལས་གཞན་ལགས་པར་མཐོང་ན་ནི། དགེ་བསྙེན་མ་གངྒཱའི་མཆོག་།ངན་སོང་དུ་འགྲོ་བའམ།
382b
མཐོ་རིས་སུ་མཆི་བའམ། ཡོངས་སུ་མྱ་ངན་ལས་འདས་པར་མཆི་བ་མ་ལགས་སོ། །ཞེས་བདག་སྤྲུལ་པ་དང་བསྟུན་དུའང་མི་རུང་ལགས་ན། བཅོམ་ལྡན་འདས། བདག་གིས་ནི་དགེ་བསྙེན་མ་གངྒཱའི་མཆོག་སྤྲུལ་པའི་རང་བཞིན་ནས་གཞན་ལགས་པར་མ་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་བདག་གིས་མ་མཐོང་ན། དགེ་བསྙེན་མ་གངྒཱའི་མཆོག་ངན་སོང་དུ་མཆི་བའམ་།མཐོ་རིས་སུ་མཆི་བའམ། ཡོངས་སུ་མྱ་ངན་ལས་འདས་པར་འཆི་བ་ཞེས་ཇི་སྐད་བསྟན་པར་བགྱི། བཅོམ་ལྡན་འདས། དེ་ལྟ་ལགས་ཀྱིས་ཀྱང ། གཡོ་བ་དང ། རློམ་སེམས་དང ། བསྐྱོད་པ་དང ། སྤྲོས་པ་མཆིས་ན། ཇི་ལྟར་འདི་སྙམ་དུ་བདག་ངན་སོང་དུ་འགྲོ་བའམ། མཐོ་རིས་སུ་འགྲོ་བའམ། ཡོངས་སུ་མྱ་ངན་ལས་འདས་པར་འགྲོ་བའོ་སྙམ་དུ་སེམས་ལགས་ཏེ། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དབྱིངས་ནི། ནམ་ཡང་ངན་སོང་དུ་མཆི་བའམ། མཐོ་རིས་སུ་མཆི་བའམ། ཡོངས་སུ་མྱ་ངན་ལས་འདས་པར་འགྲོ་བའོ་སྙམ་དུ་སེམས་ལགས་ཏེ། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དབྱིངས་ནི་ནམ་ཡང་ངན་སོང་དུ་མཆི་བའམ། མཐོ་རིས་སུ་མཆི་བའམ། ཡོངས་སུ་མྱ་ངན་ལས་འདས་པར་མཆི་བ་མ་ལགས་ཏེ། བཅོམ་ལྡན་འདས། དགེ་བསྙེན་མ་གངྒཱའི་མཆོག་ཀྱང་དེ་ལྟ་བུའི་དབྱིངས་ཅན་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
383a
༄#། །གངྒཱའི་མཆོག་ཁྱོད་ཅི་ཡོངས་སུ་མྱ་ངན་ལས་འདས་པ་ལ་ཡང་དག་པར་མ་ཞུགས་སམ། གསོལ་པ། བཅོམ་ལྡན་འདས། སུ་ཞིག་གིས་མི་སྐྱེ་བ་ལ་སྨྲས་ཏེ། ཁྱོད་ཡོངས་སུ་མྱ་ངན་ལས་འདས་པ་ལ་མ་ཞུགས་སམ་ཞེས་དེ་སྐད་བགྱིས་ན། ཇི་སྐད་ལན་འདེབས་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གངྒཱའི་མཆོག་།མི་སྐྱེ་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཚིག་བླ་དྭགས་ཡིན་ན། དེ་ནི་ཅི་ཞིག་ལན་འདེབས་པར་འགྱུར། གངྒཱའི་མཆོག་གིས་གསོལ་པ། བཅོམ་ལྡན་འདས། ཅི་ཆོས་ཐམས་ཅད་མྱ་ངན་ལས་འདས་པ་དང་མཚུངས་པ་ལགས་སམ། བཀའ་སྩལ་པ། གངྒཱའི་མཆོག། དེ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་མྱ་ངན་ལས་འདས་པ་དང་མཚུངས་སོ། །གསོལ་པ། བཅོམ་ལྡན་འདས། གལ་ཏེ་ཆོས་ཐམས་ཅད་མྱ་ངན་ལས་འདས་པ་དང་མཚུངས་པ་ལགས་ན། གངྒཱའི་མཆོག་ཁྱོད་ཡོངས་སུ་མྱ་ངན་ལས་འདས་པ་ལ་ཡང་དག་པར་མ་ཞུགས་སམ་ཞེས་ད་ཅི་ཞིག་སྨྲ་སྟེ། བཅོམ་ལྡན་འདས། སུ་ཞིག་གིས་སྤྲུལ་པ་ལ་སྨྲས་ཏེ། ཁྱོད་ཡོངས་སུ་མྱ་ངན་ལས་འདས་པ་ལ་ཡང་དག་པར་མ་ཞུགས་སམ་ཞེས་དེ་སྐད་ཅེས་བགྱིས་ན། ཇི་སྐད་ལན་འདེབས་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གངྒཱའི་མཆོག་།དྲི་བ་འདི་ནི་དམིགས་པ་མེད་པའོ། །གསོལ་
383b
པ།་ཅི་བཅོམ་ལྡན་འདས་ཀྱིས་དམིགས་པ་དང་བཅས་པའི་སྨྲ་བས་སྨྲས་ལགས་སམ། བཀའ་སྩལ་པ། གངྒཱའི་མཆོག་།དྲི་བ་འདི་ནི་དམིགས་པ་མེད་མོད་ཀྱི། འོན་ཀྱང་འཁོར་འདི་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་འདུལ་བ་དག་ཡོད་དེ། དེ་དག་གིས་དོན་ཆེན་པོར་འགྱུར་བས་དྲིས་སོ། །དེ་ཅིའི་ཕྱིར་ཞེ་ན། གངྒཱའི་མཆོག་།དེ་བཞིན་གཤེགས་པས་ནི་ཆོས་ཉིད་ཅེས་བྱ་བ་ཡང་མངོན་པར་རྫོགས་པར་སངས་མ་རྒྱས་ན། གང་དེ་ལས་བྱུང་བའི་ཆོས་ཡོངས་སུ་མྱ་ངན་ལས་འདས་པ་ལ་གནས་པ་ལྟ་ག་ལ་ཞིག་ཡོད། གསོལ་པ། གལ་ཏེ་བཅོམ་ལྡན་འདས་ཀྱིས་ཆོས་ཉིད་ཅེས་བགྱི་བ་ཡང་མངོན་པར་རྫོགས་པར་སངས་མ་རྒྱས་ཏེ། དེ་ལས་བྱུང་བའི་ཆོས་ལྟ་ག་ལ་ཞིག་མཆིས་པར་གྱུར་ན། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་སླད་དུ་ཇི་ལྟར་དགེ་བའི་རྩ་བ་ཡང་དག་པར་བསྒྲུབས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གངྒཱའི་མཆོག་།གང་དམིགས་པ་དེ་ནི་དགེ་བའི་རྩ་བ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དེ་ནི་གང་གི་ཚེ། ཡང་དག་པར་སྒྲུབ་པ་དེའི་ཚེ་ཡང་བསམ་གྱིས་མི་ཁྱབ་པ་ཉིད་མི་འདོར་རོ། །གང་གི་ཚེ་ཡང་དག་པར་མི་སྒྲུབ་པ་དེའི་ཚེ་ཡང་བསམ་གྱིས་མི་ཁྱབ་པ་ཉིད་མི་འདོར་རོ། །གསོལ་པ། བཅོམ་ལྡན་འདས། བསམ་གྱིས་མི་ཁྱབ་པ་ལ་བསམ་གྱིས་མི་ཁྱབ་པ་ཞེས་བགྱི་བ། ཅིའི་སླད་དུ་བསམ་གྱིས་མི་ཁྱབ་པ་ལ་བསམ་གྱིས་མི་ཁྱབ་པ་
384a
༄#། །ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གངྒཱའི་མཆོག་།ཆོས་འདི་ནི་སེམས་པས་ཐོབ་པར་བྱ་བ་མ་ཡིན་ཏེ། སེམས་པས་ཐོབ་པར་བྱ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདི་ནི་སེམས་ཉིད་ཀྱང་མི་དམིགས་ན། གང་སེམས་ལས་རབ་ཏུ་བྱུང་བའི་ཆོས་ལྟ་ག་ལ་ཡོད། གངྒཱའི་མཆོག་།སེམས་མི་དམིགས་པ་ནི་བསམ་གྱིས་མི་ཁྱབ་པའི་རྒྱུད་ཅེས་བྱའོ། །བསམ་གྱིས་མི་ཁྱབ་པའི་རྒྱུད་གང་ཡིན་པ་དེ་ནི་ཐོབ་པ་མ་ཡིན། མངོན་པར་རྟོགས་པ་མ་ཡིན། ཤེས་པ་མ་ཡིན། མངོན་སུམ་དུ་བྱས་པ་མ་ཡིན་ཏེ། དེ་ནི་ཐོབ་པར་བྱ་བ་མ་ཡིན། ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གངྒཱའི་མཆོག་།འདི་ལྟར་དེ་བཞིན་གཤེགས་པས་ནི་ཆོས་ཐམས་ཅད་ནམ་མཁའ་ལྟར་ངེས་པར་ཐུགས་སུ་ཆུད་དེ། གངྒཱའི་མཆོག་།ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་པ་གཉེན་པོ་མེད་པའོ། །གསོལ་པ། བཅོམ་ལྡན་འདས། གལ་ཏེ་ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་པ་གཉེན་པོ་མ་མཆིས་པ་ལགས་ན། བཅོམ་ལྡན་འདས་ཀྱིས་གཟུགས་ཞེས་བཏགས་པ་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ཞེས་བཏགས་པ་དང ། ཕུང་པོ་རྣམས་དང ། ཁམས་རྣམས་དང ། སྐྱེ་མཆེད་རྣམས་དང ། རྟེན་ཅིང་འབྲེལ་པར་འབྱུང་བ་དང ། ཟག་པ་དང་
384b
བཅས་པ་དང ། ཟག་པ་མ་མཆིས་པ་དང ། ཀུན་ནས་ཉོན་མོངས་པ་དང ། རྣམ་པར་བྱང་བ་དང ། འཁོར་བ་དང ། མྱ་ངན་ལས་འདས་པ་ཞེས་བཏགས་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གངྒཱའི་མཆོག་།འདི་ལྟ་སྟེ། དཔེར་ན། བདག་བདག་ཅེས་འདོགས་ཀྱང་བདག་གང་ཡང་མི་དམིགས་པ་དེ་བཞིན་དུ་གངྒཱའི་མཆོག་ངས། གཟུགས་ཞེས་བཏགས་ཏེ། གཟུགས་གང་ཡང་མི་དམིགས་སོ། །དེ་བཞིན་དུ་ངས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ཞེས་བཏགས་ཏེ། རྣམ་པར་ཤེས་པ་གང་ཡང་མི་དམིགས་སོ། །ཕུང་པོ་རྣམས་དང ། ཁམས་རྣམས་དང ། སྐྱེ་མཆེད་རྣམས་དང ། རྟེན་ཅིང་འབྲེལ་པར་འབྱུང་བ་དང ། ཟག་པ་དང་བཅས་པ་དང ། ཟག་པ་མེད་པ་དང ། ཀུན་ནས་ཉོན་མོངས་པ་དང ། རྣམ་པར་བྱང་བ་དང ། འཁོར་བ་དང ། མྱ་ངན་ལས་འདས་པ་ཞེས་བྱ་བར་ཡང་ངས་བཏགས་ཏེ། མྱ་ངན་ལས་འདས་པ་གང་ཡང་མི་དམིགས་སོ། །གངྒཱའི་མཆོག་འདི་ལྟ་སྟེ། དཔེར་ན། སྨིག་རྒྱུ་རྣམས་ལ་ནི་ཆུ་ཡོང་མེད་དེ། མི་དམིགས་སོ། །གངྒཱའི་མཆོག་།དེ་བཞིན་དུ་ངས་གཟུགས་ཞེས་བྱ་བར་བཏགས་ཀྱང ། གཟུགས་གང་ཡང་མི་དམིགས་སོ། །ངས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ཞེས་བྱ་བར་བཏགས་ཀྱང ། རྣམ་པར་ཤེས་པ་གང་ཡང་མི་དམིགས་སོ། །ཕུང་པོ་རྣམས་དང ། ཁམས་
385a
༄#། །རྣམས་དང ། སྐྱེ་མཆེད་རྣམས་དང ། རྟེན་ཅིང་འབྲེལ་པར་འབྱུང་བ་དང ། ཟག་པ་དང་བཅས་པ་དང ། ཟག་པ་མེད་པ་དང ། ཀུན་ནས་ཉོན་མོངས་པ་དང ། རྣམ་པར་བྱང་བ་དང ། འཁོར་བ་དང ། མྱ་ངན་ལས་འདས་པ་ཞེས་བྱ་བར་ངས་བཏགས་ཀྱང ། དོན་དམ་པར་ན་དེ་དག་ཐམས་ཅད་མེད་ཅིང་མི་དམིགས་སོ། །གངྒཱའི་མཆོག་།གང་ཆོས་ལ་མཆོག་ཏུ་འཛིན་པ་མེད་པར་ཚངས་པར་སྤྱད་པ་སྤྱོད་པ་དེ་ལྟ་བུ་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཚངས་པར་སྤྱོད་པ་ལ་གནས་པ་ཡིན་ནོ།། གངྒཱའི་མཆོག་།མངོན་པའི་ང་རྒྱལ་ཅན་གནས་ལ་དམིགས་ནས། ཚངས་པ་སྤྱད་པ་སྤྱོད་པར་དེ་དག་གི་ཚངས་པར་སྤྱོད་པ་དེ་ནི་ཡོངས་སུ་མ་དག་པའོ། །ཞེས་ང་སྨྲའོ། །གང་དག་ཚངས་པར་སྤྱོད་པ་ཡོངས་སུ་མ་དག་པ་དེ་དག་ནི་ཟབ་མོ་རྒྱུད་ཆད་པའི་ཆོས་འདི་ལྟ་བུ་འདི་ཐོས་ན། དངངས་སྐྲག་པར་འགྱུར་ཏེ། དེ་དག་སྐྱེ་བ་དང ། རྒ་བ་དང ། ན་བ་དང་འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་ལས་ཡོངས་སུ་མི་འགྲོལ་ཏེ། དེ་དག་ནི་སྡུག་བསྔལ་གྱི་བསྐལ་པ་ཅན་དུ་འགྱུར་རོ། །ཞེས་ང་སྨྲའོ། །གངྒཱའི་མཆོག་།ད་ལྟར་རམ། ང་འདས་པའི་ཕྱི་ན་ཡང་རུང་སྟེ་།གང་དག་ཟབ་མོ་རྒྱུད་ཆད་པ་འདི་ལྟ་བུའི་ཆོས་སྟོན་པ་དེ་དག་ལ་མི་
385b
གཏི་མུག་པ་དག་གསོད་པ་པོའི་འདུ་ཤེས་བསྐྱེད་པར་འགྱུར་ཏེ། དེ་ལྟར་མི་གཏི་མུག་པ་དེ་དག་ལོག་པར་ཟིན་པས་བསད་པའི་ཞེ་སྡང་བསྐྱེད་ནས། ངན་སོང་དུ་འགྲོ་བར་འགྱུར་རོ། ། གངྒཱའི་མཆོག་གིས་གསོལ་པ། བཅོམ་ལྡན་འདས། རྒྱུད་ཆད་པ། རྒྱུད་ཆད་པ་ཞེས་བགྱི་བ། ཅིའི་སླད་དུ་ན་རྒྱུད་ཆད་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གངྒཱའི་མཆོག་།ཆོས་འདི་ནི་རྒྱུད་བཅད་པའམ། དབྱེ་པའམ། རྣམ་པར་གཞིག་ག་པ་མ་ཡིན་ཏེ། དེའི་ཕྱིར་རྒྱུད་ཆད་པ་ཞེས་བྱ་སྟེ། འདི་ནི་ཡང་དག་པའི་མཐའ་ཞེས་བྱ། བསམ་གྱིས་མི་ཁྱབ་པའི་རྒྱུད་ཅེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས། འོད་ཟེར་ཁ་དོག་སྣ་ཚོགས་ཁ་དོག་དུ་མ་འདི་ལྟ་སྟེ། སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དང ། བཙོད་ཀ་དང ། ཤེལ་དང ། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ནས། དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་སྣང་བར་བྱས་ཏེ། འོད་ཀྱིས་ཁྱབ་པར་བྱས་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་བྱུང་སྟེ། སླར་ལོག་ནས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོར་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་
386a
༄#། །འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་རྣམས་ནི་རྒྱུ་མ་མཆིས་པར་འཛུམ་པར་མི་མཛད་ན། འཛུམ་པར་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། ངས་མངོན་པར་ཤེས་ཏེ། ས་ཕྱོགས་འདི་ཉིད་དུ་དེ་བཞིན་གཤེགས་པ་སྟོང་གིས། གངྒཱའི་མཆོག་ཅེས་བྱ་བ་ཁོ་ནའི་དགེ་བསྙེན་མ་ཤ་སྟག་ལས་བརྩམས་ཏེ། ཆོས་ཀྱི་རྣམ་གྲངས་འདི་བཤད་དོ། །དགེ་བསྙེན་མ་དེ་དག་ཐམས་ཅད་ནི་རབ་ཏུ་བྱུང་ནས། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། ཆོས་ཀྱི་རྣམ་གྲངས་འདིའི་མིང་ནི་དྲི་མ་མེད་པ་ཞེས་བྱ་སྟེ། འདི་ནི་དྲི་མ་མེད་པ་ཞེས་བྱ་བར་གཟུང་ཞིག་།ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན། དགེ་སློང་བདུན་བརྒྱ་དང ། དགེ་སློང་མ་བཞི་བརྒྱ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དེ་ནས་འདོད་པ་ན་སྤྱོད་པ་དང ། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱིས་ལྷའི་མེ་ཏོག་རྣམས་དང ། ཙནྡན་གྱི་
386b
ཕྱེ་མ་རྣམས་མངོན་པར་སྤྲུལ་ཏེ། བཅོམ་ལྡན་འདས་ལ་གཏོར་ནས་ཚིག་འདི་སྐད་ཅེས། འདི་ལྟར་གྲོང་ཁྱེར་མཉན་ཡོད་ན། དགེ་བསྙེན་མ་འདི་ལྟ་བུ་གནས་ལ། དེ་དེ་བཞིན་གཤེགས་པ་དང་ལྷན་ཅིག་སྨྲ་ཡང ། དེའི་ལུས་ངལ་བར་ཡང་མི་འགྱུར་བ་དང ། ཇི་ལྟར་ཡང་གངྒཱའི་མཆོག་འདི་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་ཤིང ། དགེ་བའི་རྩ་བ་བསྐྱེད་པ་དང ། ཡུན་རིང་པོ་ནས་དགེ་བ་སྤྱད་པ་དང ། ཡུན་རིང་པོ་ནས་ཚངས་པར་སྤྱད་པ་དང ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་འདི་ནི་ངོ་མཚར་ཏོ། །ཞེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་།དེ་དེ་བཞིན་ཏེ། འདི་ནི་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པས་དགེ་བའི་རྩ་བ་བསྐྱེད་པ། ཡུན་རིང་པོ་ཚངས་པར་སྤྱད་པ་ལ་གནས་པའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་བསྙེན་མ་གངྒཱའི་མཆོག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། འཕགས་པ་གངྒཱའི་མཆོག་གིས་ཞུས་པའི་ལེའུ་ཞེས་བྱ་བ་སྟེ། འདུས་པ་སུམ་ཅུ་རྩ་གཅིག་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཇི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུ་ཆེན་གྱི་
387a
༄#། །ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།།