rKTs


D103

(e-text produced by ADARSHA)

see text in transliteration
48-1-274a
༄##། ་།རྒྱ་གར་སྐད་དུ། ཨཱརྱཱ་ཙིན་ཏྱ་པྲ་བྷཱས་ནིར་ད་ཤོ་ནཱ་མ་དྷརྨ་པརྱཱ་ཡ། བོད་སྐད་དུ། འཕགས་པ་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པས་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང ། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཙམ་དང ། ཐབས་ཅིག་ཏུ་བཞུགས་སོ། ། དེ་ནས་བཅོམ་ལྡན་འདས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་གནས་ནས་བཞུགས་ཏེ། རྒྱལ་པོ་དང ། བློན་པོ་ཆེན་པོ་དང ། བྲམ་ཟེ་དང ། ཁྱིམ་བདག་དང ། གྲོང་རྡལ་གྱི་མི་དང ། ནང་མི་རྣམས་ཀྱིས་བསྟི་སྟང་དུ་བྱས། བཙུན་པར་བྱས། རི་མོར་བྱས། མཆོད་པ་བྱས་ཏེ། བཅོམ་ལྡན་འདས་ ཀྱིས་བཟའ་བ་དང ། བཅའ་བ་དང ། བྱོག་པ་དང ། མྱང་བ་བཟང་པོ་མང་པོ་བརྙེས་སོ། །འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་རིགས་ཕུན་སུམ་ཚོགས་པ། གདུང་ཕུན་སུམ་ཚོགས་པ། ཆོ་རིགས་ཕུན་སུམ་ཚོགས་པ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ། ཏིང་ངེ་འཛིན་ཕུན་སུམ་ཚོགས་ པ། ཤེས་རབ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཕུན་སུམ་ཚོགས་པའོ་ཞེས། བཅོམ་ལྡན་འདས་ཀྱི་གྲགས་པའི་སྒྲ་དང ། སྙན་པ་འཇིག་རྟེན་དུ་རྒྱ་ཆེར་མངོན་དུ་བྱུང་བར་གྱུར་ཏོ། །བདེ་བར་གཤེགས་པ། འཇིག་ རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱང་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ།
48-1-274b
ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཡང་དག་པར་རབ་ཏུ་སྟོན་ཏོ། །སྤྱན་ལྔ་དང་ཡང་ལྡན་ཏེ། ཤའི་སྤྱན་དང ། ལྷའི་སྤྱན་དང ། ཆོས་ཀྱི་སྤྱན་དང ། ཤེས་རབ་ཀྱི་སྤྱན་དང ། སངས་རྒྱས་ཀྱི་སྤྱན་དང་ལྡན་ནོ། །བཅོམ་ལྡན་འདས་ཀྱིས་གཞན་མུ་སྟེགས་ཅན་སྤྱོད་པ་པ་ དང ། ཀུན་ཏུ་རྒྱུ་དང ། གཅེར་བུ་པ་གཉེན་གྱི་བུ་རྣམས་ནི་ཚར་བཅད་དོ། །བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ལྷ་དང་མི་རྣམས་ཀྱིས་ཡང་དག་པར་བཟུང་ཞིང་འབར་རོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་ཆོས་གོས་དང་ཤམ་ཐབས་མནབས་ཏེ། ལྷུང་བཟེད་བསྣམས་ནས་དགེ་ སློང་གི་ཚོགས་དགེ་སློང་གི་དགེ་འདུན་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། མདུན་དུ་གཟིགས་པ་དང ། གཡས་གཡོན་དུ་གཟིགས་པ་མཛེས་པ་དང ། བསྐུམ་པ་དང ། བརྐྱང་བ་མཛེས་པ་དང ། ཆོས་གོས་སྣམ་སྦྱར་ དང ། བསིལ་ཟན་དང ། ན་བཟའི་ཚགས་དང ། ལྷུང་བཟེད་བསྣམས་པ་མཛེས་པ་དང ། སྐུ་མདོག་གསེར་གྱི་ཁ་དོག་ལྟ་བུ་དང ། འོད་འདོམ་གང་བས་མཚན་མོ་མུན་པ་མུན་ནག་གི་ནང་ན་མེའི་ཕུང་པོ་ལྟ་བུ་དང ། ཚེས་བཅོ་ལྔའི་ཟླ་བ་ཉ་བ་ལྟ་བུ་དང ། ཉི་མ་ཤར་བ་ལྟ་བུར་ཕྱོགས་སུ་སྣང་ ཞིང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ནི་ལྡན་ཏེ། གྲོང་ཁྱེར་ཆེན་པོར་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་གཤེགས་ནས། བཅོམ་ལྡན་འདས་ཀྱིས་སྒོའི་ཐེམ་པ་ལ་ཞབས་བཞག་མ་ཐག་ཏུ། དེ་ནས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་གྲོང་ཁྱེར་དུ་གཤེགས་པ་ན། ཆོ་འཕྲུལ་ངོ་མཚར་རྨད་ དུ་བྱུང་བ་ཆོས་རྣམ་པ་འདི་དག་བྱུང་སྟེ། སྐྱེས་བུ་དམ་པ་འདྲེན་པ་དེ་གཤེགས་པའི་ཚེ། དེར་ཆོ་འཕྲུལ་རྨད་དུ་བྱུང་བ་ཆེན་པོ་གང་དག་བྱུང་བ་དེ་དག་བརྗོད་པར་བྱ། ཤིན་ཏུ་དད་པའི་སེམས་ཀྱིས་ཉོན་ཅིག་།ལོང་བ་རྣམས་ཀྱིས་ནི་མཐོང་ངོ ། །འོན་པ་རྣམས་ཀྱིས་ནི་ཐོས་སོ། །གཅེར་བུ་རྣམས་ཀྱིས་ནི་གོས་རྙེད་ དོ། །སྨྱོན་པ་རྣམས་ཀྱིས་ནི་དྲན་པ་ཐོབ་པོ། །གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་ནི་ཐལ་མོ་སྦྱར་ཏེ། བདེ་བར་གཤེགས་པ་ལ་ཕྱག་འཚལ་ལོ། །རྔ་བོ་ཆེ་དང་རྫ་རྔ་དང་ཁར་རྔ་དང ། སྒྲ་སྙན་དག་ནི་མ་བརྡུངས་པར་སྒྲ་འབྱུང་ངོ ། །ངང་པ་དང ། ངུར་པ་དང ། ཁྲུང་ཁྲུང་དང ། རྨ་བྱ་དང ། ནེ་ཙོ་དང ། ཁུ་བྱུག་དག་
48-1-275a
ཀྱང་ཡིད་དུ་འོང་བའི་སྒྲ་འབྱིན་ཏོ། །གང་དག་གཏེར་སྟོར་བ་དེ་དག་གིས་ནི་གཏེར་རྣམས་རྙེད་པར་གྱུར་ཏོ། །གསེར་དང་དངུལ་ལས་བྱས་པའི་སྣོད་རྣམས་ཀྱང་མ་དཀྲོལ་བར་སྒྲ་བྱུང་ངོ ། །ས་ཡང་རྣམ་པ་དྲུག་ཏུ་གཡོས་ཤིང་འགུལ་ཏེ། སེམས་ཅན་རྣམས་སྐྱབས་མེད་ པར་ཡང་མ་གྱུར་ཅིག་།ཡིད་དང་བ་རབ་ཏུ་ཐོབ་བོ། །སྨྲ་བའི་མཆོག་དམ་པ་སངས་རྒྱས་ཀྱིས་གང་དང་གང་དུ་ཞབས་ཀྱིས་གོམ་པ་བོར་བ་དེ་དང་དེར་པད་མ་དྲི་མ་མེད་ཅིང ། ལེགས་པར་གནས་པ་རྣམས་བྱུང་ངོ ། །དུད་འགྲོའི་སྐྱེ་གནས་སུ་སོང་བའི་སེམས་ཅན་གང་དག་གིས་མཐོང་བ་དེ་དག་ ཐམས་ཅད་ཀྱང་བདེ་བ་རྙེད་ནས་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །བུད་མེད་གང་དག་སྦྲུམ་པ་དེ་དག་ཀྱང་མི་བདེ་བ་མེད་པ་ཉིད་དུ་གཟུགས་བཟང་ཞིང་བལྟ་ན་སྡུག་པ་དག་བཙས་སོ། །སེམས་ཅན་རྣམས་ལ་ཡང་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་རྣམས་ཀྱིས་གནོད་པར་གྱུར་པ་ མེད་དོ། །རབ་ཏུ་སྡང་བའི་སེམས་མེད་པར་ཕན་ཚུན་དུ་སྨྲ་སྟེ། དཔེར་ན་ཕའམ་མ་ཞིག་བུ་གཅིག་པ་ལ་སྨྲ་བ་བཞིན་ནོ། །སྲང་གི་གཡས་གཡོན་རྣམས་ཀྱང་ལེགས་པར་བརྒྱན་པར་གྱུར་ཏོ། །ནམ་མཁའ་ལ་གནས་པའི་ལྷའི་ཚོགས་ཐམས་ཅད་ཀྱིས་ཀྱང་མེ་ཏོག་སིལ་མ་དག་མངོན་པར་གཏོར་ ཏོ། །སེམས་ཅན་སྡུག་བསྔལ་བར་གྱུར་པ་གང་ཡང་མེད་དོ། །སེམས་ཅན་གང་དག་ན་བར་གྱུར་པ་དེ་དག་ཀྱང་ནད་མེད་པར་གྱུར་ཏེ། བདེ་བ་ཐོབ་བོ། །བདེ་བར་གཤེགས་པ་གཤེགས་པ་ན་སེམས་ཅན་སོ་སོ་ནས་དེ་བཞིན་གཤེགས་པ་ཅི་བདག་ཁོ་ན་ལ་གཟིགས་སོ་སྙམ་དུ་སེམས་སོ། །སོ་སོ་ ནས་བདག་ཉིད་བསོད་སྙོམས་འབུལ་ཞིང ། མིའི་འདྲེན་པ་ལ་བརྟེན་ནས་བདག་ཁོ་ན་བསོད་སྙོམས་ཀྱི་འབྲས་བུ་ལ་སྦྱོར་རོ་སྙམ་དུ་སེམས་ཏེ། དེ་གཤེགས་པ་ཙམ་ཡང་གཞལ་བར་སླ་བ་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་མཉན་ཡོད་དུ་མཐར་ཆགས་སུ་བསོད་སྙོམས་བཞེས་ཤིང་ གཤེགས་ནས། བཅོམ་ལྡན་འདས་གྲོང་བར་གྱི་དབུས་ཞིག་ཏུ་གཤེགས་པ་དང ། དེའི་ཚེ་ཁང་སྟོང་ཞིག་ཏུ་ཁྱེའུ་གཟུགས་བཟང་བ།མཛེས་པ། བལྟ་ན་སྡུག་པ་ཞིག་བོར་བར་གྱུར་ཏེ། ལག་པ་གཡས་པའི་མཛུབ་མོ་ཁར་བཅུག་ནས། འཇིབ་ཅིང་འདུག་པ་ལ་ཁྱིའམ། ཅེ་སྤྱང་གང་དག་ཁང་སྟོང་དེར་ལྷགས་པ་
48-1-275b
དེ་དག་ཀྱང་ཁྱེའུ་དེ་ལ་ལྕེའི་དབང་པོས་བལྡགས་ཤིང་འདོང་སྟེ། ཇི་ལྟར་སྔོན་བྱས་པའི་དགེ་བའི་རྩ་བས་ཁྱེའུ་དེ་ལ་འཚེ་བ་མི་བྱེད་དོ། །ཁང་སྟོང་དེར་སྐྱེ་བོ་ཕལ་པོ་ཆེ་དག་ཀྱང་འཇུག་ཅིང་འབྱུང་ངོ ། །བཅོམ་ལྡན་འདས་ཀྱིས་སྐྱེ་བོ་ཕལ་པོ་ཆེ་འཇུག་ཅིང་འབྱུང་བ་གཟིགས་ནས་མཁྱེན་བཞིན་དུ་ཚེ་དང་ ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གང་དུ་སྐྱེ་བོ་ཕལ་པོ་ཆེ་འདི་དག་འཇུག་ཅིང་འབྱུང་བའི་ཁང་སྟོང་དེ་ན་ཅི་ཡོད་ལྟོས། དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏེ། ཁང་སྟོང་ག་ལ་བ་དེར་སོང་ནས་ཕྱིན་པ་དང་ ཁྱེའུ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ་ཞིག་ལག་པ་གཡས་པའི་མཛུབ་མོ་ཁར་བཅུག་སྟེ། འཇིབ་ཅིང་འདུག་ལ་མིག་གཉིས་མི་འཛུམས་པར་སྐྱེ་བོའི་ཚོགས་ཐམས་ཅད་ལ་ལྟ་བ་མཐོང་ངོ ། །མཐོང་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ ཕྱིན་ནས། བཅོམ་ལྡན་འདས་ལ་སྐབས་དེ་གསོལ་པ། བཅོམ་ལྡན་འདས་ཁང་སྟོང་དེ་ན་ཁྱེའུ་བོར་བ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། རིན་པོ་ཆེའི་གཟུགས་ལྟར་མཆིས་པ། མིག་མི་འཛུམས་པར་སྐྱེ་བོའི་ཚོགས་ཐམས་ཅད་ལ་ལྟ་བ་ཞིག་མཆིས་སོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་ཀྱེ་མ་ཁྱེའུ་འདི་ནི་སྔོན་གྱི་སྦྱོར་བ་ཕུན་སུམ་ཚོགས་པ་སྟེ། ངའི་ལེགས་པར་བཤད་པའི་དོན་ཤེས་པར་ནུས་ཤིང ། སྐལ་བ་ཅན་ནོ་སྙམ་ནས། ཁྱེའུ་དེ་ལ་ཐུགས་བརྩེ་བ་དང ། སྐྱེ་བོ་ཕལ་པོ་ཆེ་དགེ་བ་ལ་གཟུད་པའི་ཕྱིར། ཁང་སྟོང་ག་ལ་བ་དེར་གཤེགས་སོ། ། དེ་ནས་བཅོམ་ལྡན་འདས་དེར་གཤེགས་ནས་ཕྱོགས་གཅིག་ཏུ་བཞུགས་ཏེ། ཕྱོགས་གཅིག་ཏུ་བཞུགས་ནས། ཁྱེའུ་དེ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། སྦྲུལ་དང་གནོད་སྦྱིན་རྒྱུ་བ་ཡི། །དུར་ཁྲོད་འཇིགས་པ་ཆེ་འདི་ན། །བྱིས་པ་ཇི་ལྟར་མི་འཇིགས་ཤིང ། །ཁྱོད་ད་གཅིག་པུ་འདི་ན་ འདུག་།དེ་ནས་ཁྱེའུ་དེས་སངས་རྒྱས་ཀྱི་མཐུ་དང ། རང་གི་སྔོན་གྱི་དགེ་བའི་རྩ་བས། བཅོམ་ལྡན་འདས་ལ་སླར་ཚིགས་སུ་བཅད་དེ་གསོལ་པ། བདག་མ་མཆིས་པའི་ཚོགས་རྣམས་ལ། །ཐུབ་པའི་དབང་ཕྱུག་སུ་ཞིག་འཇིགས། །ཐམས་ཅད་མཁྱེན་པ་སྨྲ་བའི་མཆོག་།ཇི་
48-1-276a
ལྟར་འདིར་མཆིས་ལས་གང་ལགས། །བདག་གཅིག་བདག་གིས་གང་མ་མཆིས། །བདག་ཀྱང་གང་གིའང་མ་ལགས་ཏེ། །བདག་ནི་སུའི་ལགས་དེ་མ་མཐོང ། །བདག་གི་སུ་ལགས་དེ་མ་མཐོང ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྔོན་ཅད་ སྡིག་པ་བྱས་པའི་ལས། །དེ་ཡི་རྣམ་སྨིན་འདི་འདྲ་སྟེ། །ཁང་པ་སྟོང་པ་འདིར་བོར་ནས། །སྡུག་བསྔལ་ཚོར་བ་མྱོང་བ་ཡིན། །ཁྱེའུས་གསོལ་པ། གཽ་ཏམ་ཁང་སྟོང་སྙམ་པ་ཡི། །འདུ་ཤེས་ད་དུང་མངའ་བ་བལྟ། །བྱང་ཆུབ་སྙིང་པོར་ཁྱོད་བཞུགས་ནས། །འདུ་ཤེས་ ཡོངས་སུ་མ་མཁྱེན་ཏམ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ངས་ནི་འདུ་ཤེས་ཡོངས་ཤེས་ཏེ། །ང་ལ་འདུ་ཤེས་ཡོད་མ་ཡིན། །ཁྱོད་ཉིད་ལ་ནི་སྙིང་བརྩེ་བས། །ཁང་པ་སྟོང་པ་འདིར་འོངས་སོ། །ཁྱེའུས་གསོལ་པ། སེམས་ཅན་དག་ནི་བར་འགའ་ཡང ། །གང་ ཚེ་ཤིན་ཏུ་མི་དམིགས་པ། །དེ་ཚེ་ཐུགས་རྗེ་གང་དུ་བྱུང ། །ཁྱོད་ནི་སུ་ལ་ཐུགས་བརྩེ་མཛད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བདག་མེད་ཞི་བ་སྟོང་པ་ཉིད། །སེམས་ཅན་འདི་དག་མི་ཤེས་ཏེ། །དེ་དག་ཉིད་ལ་སྙིང་བརྩེའི་ཕྱིར། །བསོད་ནམས་སྤྱད་པ་སྤྱོད་པ་ ཡིན། །ཁྱེའུས་གསོལ་པ། སྟོང་པ་ཞི་བར་ཐུགས་ཆུད་ནས། །ཞི་བ་སྟོང་པ་ཉིད་མཁྱེན་ཀྱང ། །དེ་བཞིན་གཤེགས་པ་ད་དུང་དུ། །ཕྱིན་ཅི་ལོག་ཀྱང་མ་སྤངས་སམ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞི་བ་སྟོང་པ་ཉིད་རྟོགས་ནས། །སེམས་ཅན་ཡོངས་སུ་ སྨིན་བྱའི་ཕྱིར། །འདྲེན་པ་ཆོས་སྟོན་མཛད་པ་འདི། །སངས་རྒྱས་རྣམས་ཀྱི་ཐུགས་རྗེ་ཡིན། །ཁྱེའུས་གསོལ་པ། དེ་བཞིན་གཤེགས་པ་ད་དུང་དུ། །ཁྱོད་ཀྱིས་ཕྱིན་ཅི་ལོག་མ་སྤངས། །སེམས་ཅན་འདུ་ཤེས་མ་མཆིས་ན། །ཐུགས་རྗེ་གང་དུ་སྐྱེ་བར་འགྱུར། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། །བྱང་ཆུབ་སེམས་ནི་རབ་བཟུང་ནས། །ཡོད་མིན་སེམས་ཅན་རྣམས་ལ་ཡང ། །མི་མཆོག་རྣམས་ནི་གོ་གྱོན་པ། །རང་བྱུང་རྣམས་ཀྱིས་བྱིན་རླབས་སོ། །ཁྱེའུས་གསོལ་པ། དངོས་པོ་གང་ནའང་མི་དམིགས་པས། །གོ་ཆ་ཐམས་ཅད་བརྫུན་པ་ལགས། །
48-1-276b
དངོས་པོ་མ་མཆིས་ཆོས་རྣམས་ལ། །གོ་ཆ་དམིགས་པ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཆོས་རྣམས་དངོས་པོ་ཡོད་མིན་ཡང ། །སྲོག་ཆགས་རྣམས་ལ་ཆོས་སྟོན་འདི། །འཇིག་རྟེན་མགོན་པོ་སྐྱོབ་རྣམས་ཀྱི། །ཐུགས་རྗེས་རྣམ་པར་རོལ་པ་ཡིན། ། ཁྱེའུས་གསོལ་པ། ཆོས་ནི་ཡི་གེ་མ་མཆིས་ན། །བཤད་པ་གུད་ན་ག་ལ་མཆིས། །འཇིག་རྟེན་རྣམས་ལ་སླུ་མཛད་དམ། །ཆོས་མ་ལགས་པ་ཆོས་བཤད་དམ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ང་ནི་འཇིག་རྟེན་སླུ་མ་ཡིན། །ཆོས་མ་ཡིན་པའང་ང་མི་སྨྲ། ། ཕྱིན་ཅི་ལོག་གྱུར་སེམས་ཅན་གྱི། །ཉོན་མོངས་སེལ་བར་ང་བྱེད་དོ། །ཁྱེའུས་གསོལ་པ། ཉོན་མོངས་རྩ་བ་མ་མཆིས་ཏེ། །ནང་ངམ་ཕྱི་རོལ་རྣམས་ན་ཡང ། །དེ་དག་རྣམས་ཀྱི་གནས་མ་མཆིས། །ཉོན་མོངས་ཇི་ལྟར་རྣམ་པར་སྦྱང ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། ཕྱིན་ཅི་ལོག་ལས་བྱུང་བ་རྣམས། །ཡོངས་སུ་བརྟགས་ལས་སྐྱེས་པ་སྟེ། །རྟོག་པ་ཐམས་ཅད་སྤང་བའི་ཕྱིར། །སྲོག་ཆགས་རྣམས་ལ་ཆོས་སྟོན་ཏོ། །ཁྱེའུས་གསོལ་པ། རྣམ་བརྟག་མང་པོ་ཅི་འཚལ་ཏེ། །སེམས་ནི་རང་བཞིན་འོད་གསལ་ཞིང ། །དེ་ལ་ཉོན་མོངས་མི་འབྱུང་སྟེ། ། ནམས་ཀྱང་ཉོན་མོངས་དེ་མི་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། །སེམས་ནི་རྟག་ཏུ་འོད་གསལ་ཀྱང ། །བློ་བུར་ཉེ་བའི་ཉོན་མོངས་ཀྱིས། །སོ་སོའི་སྐྱེ་བོ་ཉོན་མོངས་འགྱུར། །ཁྱེའུས་གསོལ་པ། ཉོན་མོངས་དམིགས་སུ་མ་མཆིས་ ཏེ། །དེ་དག་ཕྱོགས་ན་མི་གནས་ན། །བློ་བུར་དུ་ནི་ཇི་ལྟར་འགྱུར། །དེ་ཞུས་བདག་ལ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དཔེར་ན་སྤྲིན་རྣམས་བར་སྣང་ལ། །སྣང་ཡང་དེ་དག་དེ་བཞིན་མིན། །ཉོན་མོངས་འབྱུང་བའང་དེ་འདྲ་སྟེ། །སྣང་ཡང་དེ་དག་ དེ་བཞིན་མིན། །ཁྱེའུས་གསོལ་པ། མ་ནོར་དེ་བཞིན་གང་ལགས་པ། །ཆོས་གནས་ཉིད་དེ་ཆོས་ཉིད་དོ། །མ་ནོར་དེ་བཞིན་ཉིད་ཆོས་ལ། །ནོར་བའི་དེ་བཞིན་ཉིད་མི་དམིགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བྱིས་པ་འདུ་ཤེས་ལྡན་རྣམས་ཀྱིས། །ལོག་པར་རྣམ་པར་
48-1-277a
གང་བརྟགས་པ། །བློ་དེ་རྟོགས་པར་བྱ་བའི་ཕྱིར། །དེ་བཞིན་གཤེགས་རྣམས་འབྱུང་བ་ཡིན། །ཁྱེའུས་གསོལ་པ། སྐྱེ་མ་མཆིས་པས་རབ་ཕྱེ་བ། །རྫོགས་པའི་སངས་རྒྱས་གང་ཞིག་བྱུང ། །སྐྱེ་བ་མ་མཆིས་ཆོས་རྣམས་ལ། །སངས་རྒྱས་འབྱུང་བ་ འཐད་མ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྐྱེ་བ་མེད་པར་སྐྱེ་བ་ནི། །སངས་རྒྱས་འབྱུང་བ་རབ་ཏུ་བསྟན། །ཀུན་རྫོབ་ཐ་སྙད་བཏགས་པ་སྟེ། །དམ་པའི་དོན་དུ་ཡོད་མ་ཡིན། །ཁྱེའུས་གསོལ་པ། ད་དུང་ཁྱོད་ལ་དོན་དམ་དང ། །ཀུན་རྫོབ་འདུ་ཤེས་ གཉིས་མངའ་སྟེ། །ཐེག་པ་གཅིག་ལམ་འགལ་འགྱུར་བ། །གཽ་ཏམ་ཁྱོད་ཀྱིས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ང་ནི་ལམ་དང་འགལ་མི་བྱེད། །འགལ་བ་མེད་པར་ང་གནས་ཏེ། །མི་འཐུན་སེམས་ཅན་སྡུམས་ཀྱང་བྱེད། །ཁྱེའུ་ཁྱོད་དེ་ ལྟར་ཤེས་པར་གྱིས། །ཁྱེའུས་གསོལ་པ། སེམས་ཅན་དེ་ནི་མི་དམིགས་ན། །གཽ་ཏ་མ་ཁྱོད་ཅི་སྡུམས་མཛད། །ཆོས་རྣམས་སྔོན་གྱི་མཐའ་ལ་གཟིགས། །གང་གི་ཀུན་ནས་ཉོན་མོངས་སྐྱེ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྔོན་གྱི་མཐའ་དང་ཕྱི་མཐའ་ དང ། །དེ་བཞིན་ད་ལྟར་བྱུང་བ་དང ། །བྱང་ཆུབ་དམ་པ་རྟོགས་གྱུར་ནས། །སྲོག་ཆགས་རྣམས་ལ་ཆོས་སྟོན་ཏོ། །ཁྱེའུས་གསོལ་པ། རྫོགས་སངས་རྒྱས་ཞེས་སྒྲོགས་མཛད་ཅིང ། །ཉིད་ཀྱི་མཁྱེན་པ་སྒྲོགས་མཛད་དེ། །འདི་ལྟར་བདག་ཏུ་སྒྲོ་འདོགས་པས། །ཁྱོད་ནི་ལྷག་ པའི་ང་རྒྱལ་ཆེ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ང་ནི་བདག་ལ་མི་སྟོད་དེ། །དེ་བཞིན་གཞན་ལ་བརྙས་མི་བྱེད། །དེ་བཞིན་ཉིད་ནི་རབ་ཏུ་སྟོན། །དེས་ན་དེ་བཞིན་གཤེགས་ཞེས་བྱ། །ཁྱེའུས་གསོལ་པ། བརྗོད་དུ་མ་མཆིས་དེ་བཞིན་ཉིད། །དེ་ན་དེ་ཉིད་མ་མཆིས་ ན། །སྒྲ་སྐད་མ་མཆིས་སྒྲ་བཤད་པ། །མཁྱེན་བཞིན་ལོག་པར་བཀའ་མ་སྩལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཆོས་དེ་ཐམས་ཅད་ལོག་པ་སྟེ། །དེ་བཞིན་ཉིད་ལས་བྱུང་བ་ཡིན། །དེ་བཞིན་ཉིད་ནི་རྟོགས་པས་ན། །ང་ལ་སྐྱོན་མེད་ཡོན་ཏན་མེད། །ཁྱེའུས་གསོལ་པ།
48-1-277b
དེ་བཞིན་གཤེགས་པའི་མཐུ་ཡིན་ན། །བདག་གི་སྤོབས་པ་འདི་སྐྱེས་ཏེ། །འདི་འདྲའི་ལན་དག་གང་གསོལ་པ། །རྫོགས་སངས་རྒྱས་ལ་བཟོད་པར་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་གཡས་པ་གསེར་གྱི་ཁ་དོག་ཅན་ཆོས་གོས་ཀྱི་ནང་ནས་ཕྱུང་སྟེ། ཁྱེའུ་དེའི་ ལོགས་སུ་བརྐྱང་བ་དང ། དེ་ནས་ཁྱེའུ་དེས་བཅོམ་ལྡན་འདས་ཀྱི་ཕྱག་གི་སོར་མོ་ལ་བཟུང་སྟེ་ལངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་ཁང་སྟོང་ནས་བསྣམས་ཏེ། སྲང་དུ་བཞག་པ་དང ། དེ་ན་སྐྱེ་བོ་ཕལ་པོ་ཆེ་དག་འདི་ལྟར་ཁྱེའུ་འདི་འདི་ཁོ་ན་ལྟར་ཉོན་མོངས་པར་གྱུར་ཀྱང ། བདག་ཉིད་ཆེན་པོའི་ཆོས་འདི་ལྟ་བུའི་ལན་འདེབས་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ངོ་མཚར་ཏོ་སྙམ་ནས། ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་ལ་རབ་ཏུ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེའུ་ཁྱོད་ཀྱི་ལས་ ཀྱི་སྒྲིབ་པ་ཟད་ཀྱིས། སྔོན་གྱི་དགེ་བའི་རྩ་བ་དྲན་པར་གྱིས་ལ་སྐྱེ་བོའི་ཚོགས་ཆེན་པོ་ལ་ཡང་ཤེས་པར་གྱིས་ཏེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན་པོ་སྟོན་ཅིག་།དེ་ནས་ཁྱེའུ་དེ་ས་ལས་མི་བདུན་སྲིད་ཙམ་དུ་འཕགས་ནས་ལུས་ལས་འོད་ཕྱུང་སྟེ། འོད་དེས་མཉན་ཡོད་ཐམས་ཅད་དང ། འཛམ་ བུའི་གླིང་ཐམས་ཅད་སྣང་བ་ཆེན་པོ་རྒྱས་པར་གྱུར་ཏོ། །འོད་དེས་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དང ། དེ་མ་ཡིན་པ་ལྷ་བརྒྱ་སྟོང་མང་པོ་གཞན་དག་ལ་ཡང་ཡང་དག་པར་བསྐུལ་བར་གྱུར་ནས། སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་བཅོམ་ལྡན་འདས་ག་ལ་བ་དེར་ སོང་སྟེ། ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལྷའི་མེ་ཏོག་དག་གིས་བཅོམ་ལྡན་འདས་ལ་གཏོར་ནས། བཅོམ་ལྡན་འདས་ཀྱེ་མ་བྱང་ཆུབ་སེམས་དཔའ་འདི་ནི་སྣང་བ་བསམ་གྱིས་མི་ཁྱབ་པ་སྟེ། འདི་ལྟར་སངས་རྒྱས་ཀྱི་ཞིང་འདི་འོད་ཀྱིས་སྣང་ བར་བགྱིས་ནས། སེམས་ཅན་དཔག་ཏུ་མ་མཆིས་པ་དག་གི་དོན་བགྱིས་སོ། །ཞེས་ཆེད་དུ་རྗོད་པ་དེ་སྐད་ཆེད་དུ་བརྗོད་དེ། དེ་ལྟར་ཁྱེའུ་དེའི་མིང་སྣང་བ་བསམ་གྱིས་མི་ཁྱབ་པ། སྣང་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བར་བཏགས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཁྱེའུ་འདི་སྣང་བ་
48-1-278a
བསམ་གྱིས་མི་ཁྱབ་པ་ཞེས་བྱ་བར་གྱུར་ཅིག་ཅེས། ཁྱེའུ་དེའི་མིང་ལ་རྗེས་སུ་ཡི་རང་བ་མཛད་དོ། །དེ་ནས་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་བར་སྣང་དེ་ལས་བབས་ཏེ། ས་ལ་འདུག་པ་དང ། དེ་སངས་རྒྱས་ཀྱི་མཐུ་དང ། རང་གི་སྔོན་གྱི་དགེ་བའི་རྩ་ བས་འདི་ལྟ་སྟེ་དཔེར་ན། གྲོགས་པོ་ལོ་བརྒྱད་ལོན་པའི་ལུས་གཟུགས་ཡོངས་སུ་གྲུབ་པར་གྱུར་པ་དེ་འདྲ་བར་འདུག་གོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཁྱེའུ་དེ་ལ་ལྷའི་རས་བཅོས་བུ་ཟུང་ཅིག་བྱིན་ཏེ། ཀྱེ་ཁྱེའུ་ང་ལ་སྙིང་བརྩེ་བའི་ཕྱིར་རས་བཅོས་བུའི་ཟུང་འདི་གྱོན་ལ་གཅེར་བུར་མ་ འདུག་ཤིག་།དེ་ནས་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་རྣམས་ནི་གོས་ཀྱི་རྒྱན་བགོས་པས་མཛེས་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་ཀྱི་རྒྱན་ཐོགས་ན་མཛེས་སོ། །ཀཽ་ཤི་ཀ་ དེ་ལྟ་མོད་ཀྱི་འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གོས་ཀྱི་རྒྱན་གང་དག་ཡིན་པ་དེ་དག་ཉོན་ཅིག་།བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོས་ཀྱི་རྒྱན་ཏེ། བྱང་ཆུབ་ཀྱི་སྙིང་པོར་བརྒྱན་པར་འགྱུར་རོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་རྒྱན་ནི་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་གོས་ཀྱི་རྒྱན་ཏེ། སེམས་ཅན་ཐམས་ཅད་མངོན་དུ་འཛིན་པར་འགྱུར་རོ། །དམ་བཅས་པ་བརྟེན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོས་ཀྱི་རྒྱན་ཏེ། ཤེས་རབ་ཡོངས་སུ་རྫོགས་པར་འགྱུར་རོ། །བསམ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོས་ཀྱི་ རྒྱན་ཏེ། སྒྱུ་དང་གཡོ་སེལ་བར་འགྱུར་རོ། །སྦྱོར་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོས་ཀྱི་རྒྱན་ཏེ། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །ལྷག་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོས་ཀྱི་རྒྱན་ཏེ། ཐམས་ཅད་ལས་ཁྱད་པར་དུ་འགྲོ་བར་འགྱུར་ རོ། །ང་རྒྱལ་མེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོས་ཀྱི་རྒྱན་ཏེ། ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ། །ཆོས་དོན་དུ་གཉེར་བ་དང ། ཆོས་འདོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོས་ཀྱི་རྒྱན་ཏེ། ཤེས་རབ་ཡོངས་སུ་རྫོགས་པར་འགྱུར་རོ། །སློབ་དཔོན་གྱི་དཔེ་མཁྱུད་
48-1-278b
མེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོས་ཀྱི་རྒྱན་ཏེ། ཆགས་པ་མེད་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ། །ནོར་ཐམས་ཅད་ཡོངས་སུ་གཏོང་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོས་ཀྱི་རྒྱན་ཏེ། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་འགྱུར་རོ། །ཚུལ་ ཁྲིམས་ཡོངས་སུ་དག་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོས་ཀྱི་རྒྱན་ཏེ། སྨོན་ལམ་ཡོངས་སུ་རྫོགས་པར་འགྱུར་རོ། །བཟོད་པ་དང་དེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོས་ཀྱི་རྒྱན་ཏེ། ཚངས་པའི་དབྱངས་ཀྱི་ང་རོ་དང་སྒྲ་སྐད་ལྟ་བུའི་ཚིག་ཏུ་འགྱུར་རོ། །དམ་བཅས་པ་བརྟན་ཞིང་ སེམས་མི་ཞུམ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོས་ཀྱི་རྒྱན་ཏེ། བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །བསམ་གཏན་དང ། རྣམ་པར་ཐར་པ་དང ། ཏིང་ངེ་འཛིན་དང ། སྙོམས་པར་འཇུག་པ་ཐོབ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོས་ཀྱི་རྒྱན་ཏེ། མངོན་པར་ཤེས་པ་ ཆེན་པོའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ། །ཚིག་རབ་ཏུ་དབྱེ་བ་ཤེས་པའི་ཤེས་རབ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོས་ཀྱི་རྒྱན་ཏེ། བག་ལ་ཉལ་བ་དང་ལྟ་བར་སྨྲ་བ་དང ། ཀུན་ནས་ལྡང་བ་ཐམས་ཅད་རྣམ་པར་སེལ་བར་འགྱུར་རོ། །སྙིང་རྗེ་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་གོས་ཀྱི་རྒྱན་ཏེ། འཁོར་བ་ན་ཡོངས་སུ་མི་སྐྱོ་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་སེམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོས་ཀྱི་རྒྱན་ཏེ། བདག་དང་གཞན་གྱི་དོན་ལ་སྐྱོ་བ་མེད་པར་འགྱུར་རོ། །ཟང་ཟིང་མེད་པར་ཆོས་སྟོན་པ་ནི་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་གོས་ཀྱི་རྒྱན་ཏེ། ཤེས་རབ་ཀྱིས་བདག་དང་གཞན་སྒྲོལ་བར་འགྱུར་རོ། །ཆོས་སྒྲུབ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོས་ཀྱི་རྒྱན་ཏེ། ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་རོ། །ཀཽ་ཤི་ཀ་རྣམ་གྲངས་འདིས་འདི་ལྟར་བྱང་ཆུབ་སེམས་དཔའ་གང་ཆོས་ཀྱི་རྒྱན་འདི་ལྟ་བུ་དག་དང་ལྡན་པ་དེ་ ནམ་ཡང་གཅེར་བུ་མ་ཡིན་པར་རིག་པར་བྱའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཁྱེའུ་དེ་ལ་ཤིན་ཏུ་དགའ་བ་དང་དད་པ་སྐྱེས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ལ་ཐུགས་བརྩེ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་རས་བཅོས་བུའི་ཟུང་འདི་ལེན་དུ་སྩལ་བར་གསོལ། །དེ་ནས་བཅོམ་ལྡན་
48-1-279a
འདས་ཀྱིས་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེའུ་རས་བཅོས་བུའི་ཟུང་འདི་ལོང་ལ་གྱོན་ཅིག་།དེ་ནས་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་རས་བཅོས་བུའི་ཟུང་བླངས་ནས་བགོས་སོ། །དེ་ནས་བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་མཉན་ཡོད་དུ་བསོད་སྙོམས་ལ་གཤེགས་སོ། །དེ་ན་སྐྱེས་པ་དང ། བུད་མེད་དང ། ཁྱེའུ་དང ། བུ་མོ་དང ། ཚོང་དཔོན་དང ། བྲམ་ཟེ་དང ། ཁྱིམ་བདག་དང ། རྒྱལ་པོ་དང ། བློན་པོ་ཆེན་པོ་དག་ངོ་མཚར་དུ་གྱུར་ཏེ། ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་ལ་བལྟ་བ་དང ། བཅོམ་ལྡན་འདས་ལ་ཡང་བལྟ་བ་དང ། ཕྱག་བྱ་བ་དང ། མཆོད་པའི་ཕྱིར་འདུས་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་མཐར་གྱིས་བསོད་སྙོམས་བཞེས་ཏེ། ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པའི་མའི་ཁྱིམ་ག་ལ་བ་དེར་གཤེགས་སོ། །གཤེགས་ནས་ཀྱང་ཅང་མི་གསུང་བར་ཕྱོགས་གཅིག་ཏུ་བཞུགས་སོ། །དེ་ནས་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པའི་མ་ངོ་ཚ་ནས། བཅོམ་ལྡན་འདས་ ལ་བལྟ་བའི་ཕྱིར་སྒོར་མ་བྱུང་ངོ ། །དེ་ནས་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་རང་གི་ཁྱིམ་དུ་སོང་ནས། མ་ལ་ཚིགས་སུ་བཅད་དེ་སྨྲས་པ། བདག་གི་སྔོན་གྱི་ནོངས་པ་ཡིས། །ཁྱོད་ཀྱི་མངལ་དུ་བདག་མཆིས་ཏེ། །ཡུམ་གྱིས་ནོངས་པ་མ་ལགས་ཀྱིས། །འོ་ལྟར་གནོད་པར་མ་མཛད་ ཅིག་།ཐུགས་བརྩེ་ལྡན་ཏེ་བསྐྱེད་པས་ན། །བདག་གི་སྦྱིན་གནས་ཁྱོད་ལགས་སོ། །ཞལ་ཚ་མ་མཛད་མ་འཛེམ་པར། །དེ་བཞིན་གཤེགས་པའི་དྲུང་དུ་བཞུད། །དེ་ལྟར་ཁྱོད་མངལ་བདག་མཆིས་པ། །ཁྱོད་ཀྱིས་བརྙེས་པ་ལེགས་པར་བརྙེས། །ལུས་ཀྱི་དགེ་བའི་ལས་ རྣམས་ཀྱང ། །རྣམ་པར་འདྲེན་ལ་ཞུ་བ་མཛོད། །དེ་ནས་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་ལྷའི་མེ་ཏོག་མན་དཱ་ར་བ་དག་དང ། ལྷའི་སྤོས་དག་དང ། ལྷའི་གོས་དག་བདག་ལ་སྩོལ་ཅིག་།དེ་དག་བདག་གི་སྐྱེད་པའི་མ་འདི་ལ་སྩལ་ཏོ། །
48-1-279b
འདིས་དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བགྱིས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་འགྱུར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཁྱེའུ་དེ་ལ་ལྷའི་མེ་ཏོག་མན་དཱ་ར་བ་དག་དང ། ལྷའི་སྤོས་དག་དང ། ལྷའི་གོས་དག་བྱིན་ནོ། །དེ་ ནས་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པས་མ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཡུམ་ཅིག་ལྷ་ཡི་མེ་ཏོག་མན་དཱ་ར། །བལྟ་སྡུག་མཛེས་ཤིང་ཡིད་དུ་འོང་བ་དང ། །སྤོས་དང་ན་བཟའ་འདི་དག་བླང་མཛོད་ལ། །མི་མཆོག་སངས་རྒྱས་དེ་ལ་དབུལ་བ་མཛོད། །འཇིག་རྟེན་དག་ན་ཕ་མ་ ཟས་སྐོམ་དང ། །ནོར་དང་གོས་ཀྱིས་མཆོད་པ་མཆོད་མ་ལགས། །གཞན་དུ་གང་དག་ཆོས་ལ་སྦྱོར་བགྱིད་པ། །དེས་ན་དེ་དག་མཆོད་པ་བགྱིས་པར་འགྱུར། །རྐང་གཉིས་དམ་པ་དེ་ལ་མཆོད་མཛོད་ལ། །བྱང་ཆུབ་མཆོག་ཏུ་སྨོན་ལམ་བརྟན་པར་མཛོད། །བདག་ནི་ དུས་དུས་ཁྱོད་ཀྱི་དྲུང་མཆིས་ཏེ། །ཡུན་རིང་དུས་ནས་སྐུལ་བ་བགྱིད་པ་ལགས། །གནོང་ཞིང་ཞུམ་པའི་སེམས་སུ་མ་མཛད་པར། །རངས་པའི་སེམས་དང་དགའ་བ་ཐོབ་མཛོད་ལ། །རང་བྱུང་རྒྱལ་བ་བཞུགས་པ་དེར་བཞུད་དེ། །སྐྱེས་བུ་མཆོག་གི་ཞབས་ལ་ཕྱག་མཛོད་ལ། ། མགོན་པོ་དེ་ལ་མེ་ཏོག་སྤོས་རྣམས་དང ། །དེ་བཞིན་ན་བཟའ་རྣམས་ཀྱང་གཏོར་ནས་སུ། །རྒྱལ་བ་དེ་ལས་དགེ་བའི་རྩ་བསྐྱེད་དེ། །བྱང་ཆུབ་མཆོག་ཏུ་སེམས་ཀྱང་བསྐྱེད་པ་མཛོད། །བྱང་ཆུབ་མཆོག་ཏུ་སེམས་ནི་བརྟན་གྱུར་ནས། །གང་དག་དད་པས་རྒྱལ་ལ་གུས་བགྱིས་པ། ། དེ་དག་རྣམ་སྨིན་འཇིག་མགོན་བཀའ་སྩལ་ཅེས། །རང་བྱུང་རྒྱལ་བ་དེ་ལ་ཞུ་བ་མཛོད། །དེ་ནས་བུད་མེད་དེས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཞུ་བ་ཇི་སྐད་བསྟན་ པ་བཞིན་དུ་གུས་པ་དང་བཅས་པར་ཡོངས་སུ་ཞུས་སོ། །ཞུ་བ་ཞུས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་བའི་རྩ་བ་བསྒྲུབས་པ་འདིས། །ངན་འགྲོའམ་མི་ཁོམ་འགྲོ་མི་འགྱུར། །སངས་རྒྱས་བྱེ་མང་མཉེས་བྱས་ནས། །མི་ཡི་དམ་པ་སངས་རྒྱས་འགྱུར། །
48-1-280a
དེ་ནས་བཅོམ་ལྡན་འདས་ཀྱིས་གྲོང་ཁྱེར་ཆེན་པོ་མཉན་ཡོད་དུ་བསོད་སྙོམས་བཞེས་ནས། ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་དང ། སྐྱེ་བོ་ཕལ་པོ་ཆེ་གཞན་དག་དང་ཡང་ཐབས་ཅིག་ཏུ་གྲོང་ཁྱེར་ནས་བྱུང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་ གྱི་ཀུན་དགའ་ར་བ་ག་ལ་བ་དེར་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཟས་ཀྱི་བྱ་བ་མཛད་དེ། ནང་དུ་ཡང་དག་འཇོག་ལས་བཞེངས་ནས་ཆོས་ཉན་དུ་གཞུག་པའི་ཕྱིར་བཞུགས་སོ། །དེ་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ ཅིག་ཏུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས། ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་ འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ངོ་མཚར་རྨད་དུ་བྱུང་བའི་ཆོས་རྣམ་པ་དེ་ལྟ་བུ་དག་དང་ལྡན་པའི་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་དེ་ག་ལ་མཆིས། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་བསྟན་ནས་མཐོང་སྟེ། རྒྱལ་པོ་ གསལ་རྒྱལ་གྱིས་ཁྱེའུ་དེའི་ལུས་གཟུགས་ཡོངས་སུ་གྲུབ་པ་ལྷ་ལས་འདས་པའི་མདོག་དང ། མི་འཇིགས་པ་དང ། ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་ཀྱིས་བརྒྱན་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། སྔོན་ལས་བྱས་ཤིང་བསགས་པ་ཇི་ལྟ་བུ་ཞིག་གིས་འདི་ལྟར་འདིའི་ ལུས་ཡོངས་སུ་དག་པར་གྱུར་སྙམ་མོ། །དེ་ནས་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པས་སངས་རྒྱས་ཀྱི་མཐུ་དང ། རང་གི་སྔོན་གྱི་དགེ་བའི་རྩ་བས་རྒྱལ་པོ་གསལ་རྒྱལ་གྱི་སེམས་ཀྱི་ཡོངས་སུ་རྟོགས་པ་སེམས་ཀྱིས་ཤེས་ནས་ཚིགས་སུ་བཅད་དེ་སྨྲས་པ། གང་དག་རྟག་ཏུ་བྱམས་སེམས་དག་ སེམས་ལྡན། །གང་དག་མི་བརླང་མཉེན་ཞིང་དྲན་ལྡན་ལ། །ལེགས་པར་བསྡམས་ཤིང་དྲང་ལ་ཚངས་སྤྱོད་པ། །དེ་དག་ལུས་ནི་རྣམ་པར་དག་པར་འགྱུར། །གང་དག་སྡིག་པ་སྤོང་ཞིང་མི་སྤྱོད་ལ། །རྟག་ཏུ་དགེ་བ་མི་ཆུང་རྣམ་སྤེལ་ཞིང ། །གནོད་པར་སེམས་དང་ཁྲོ་བ་རྣམ་སྤོང་བ། །
48-1-280b
དེ་དག་ལུས་ནི་རྣམ་པར་དག་པར་འགྱུར། །གང་དག་སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །གུས་དང་བཅས་པར་རྟག་ཏུ་མཆོད་བྱེད་ཅིང ། །གཞན་ལ་རྡེག་འདོད་སྡིགས་མོ་མི་བྱེད་པ། །དེ་དག་ལུས་ནི་རྣམ་པར་དག་པར་འགྱུར། །གང་དག་གཞན་ལ་ཕྲག་དོག་སེར་ སྣ་དང ། །དེ་བཞིན་ང་རྒྱལ་དག་ཀྱང་མི་བྱེད་ལ། །གཞན་གྱི་ཉེས་པ་བྱུང་བ་མི་རྗོད་པ། །དེ་དག་ལུས་ནི་རྣམ་པར་དག་པར་འགྱུར། །གཞན་ལ་ཅོ་དྲི་བ་དང་སྨད་པ་དང ། །བཤུང་བ་དག་ནི་ནམ་ཡང་མི་བྱེད་ཅིང ། །གཞན་ལ་འཁྲུལ་པའི་གླགས་ལྟ་མི་བྱེད་པ། །དེ་དག་ ལུས་ནི་རྣམ་པར་དག་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་གསལ་རྒྱལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་འདི་ཆོས་ཆེན་པོ་དང་ལྡན་པ་ལགས་ན། བཅོམ་ལྡན་འདས་ལས་ཀྱི་སྒྲིབ་པ་གང་ཞིག་གིས། ཁྱེའུ་ འདི་བུད་མེད་ཁྱིམ་ཐབ་མ་མཆིས་པའི་མངལ་དུ་སྐྱེས་ལ། དེར་ཡང་ཁང་སྟོང་དུ་བོར་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་ན། འདི་ནས་བསྐལ་པ་དགུ་བཅུ་རྩ་གཅིག་འདས་པ། དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་ བྱུང་ངོ ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་དེའི་གསུང་རབ་ལ་བྱང་ཆུབ་སེམས་དཔའ་གཉིས་ཤིག་བྱུང་སྟེ། ལྷ་བཟང་ཞེས་བྱ་བ་དང ། ས་ཞེས་བྱ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་ལྷ་བཟང་ཞེས་བྱ་བར་གྱུར་པ་གང་ཡིན་ པ་དེ་ནི་ཕྱིར་མི་ལྡོག་པར་གྱུར་ཅིང ། །དོན་དུ་ཉུང་བ། བྱ་བ་ཉུང་བ། དབེན་པ་ལ་དགའ་བ། བསམ་གཏན་དང ། མངོན་པར་ཤེས་པས་རྣམ་པར་བརྩེ་བར་གྱུར་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་ས་ཞེས་བྱ་བར་གྱུར་པ་གང་ཡིན་པ་དེ་ནི་ཆོས་རྒྱ་ཆེན་པོ་དང་ལྡན་པར་མ་གྱུར་ཏེ། ལྷ་བཟང་གི་
48-1-281a
གཡོག་བྱེད་དོ། །དེ་ཧ་ཅང་གྲོང་དང ། གྲོང་རྡལ་དང ། ཡུལ་འཁོར་དང ། ཕོ་བྲང་འཁོར་དག་ཏུ་འཇུག་སྟེ། ཞུགས་ནས་ཀྱང་བྱ་བ་མང་ཞིང་བྱེད་པ་མང་བར་གྱུར་ནས། བྱང་ཆུབ་སེམས་དཔའ་ལྷ་བཟང་དེས་དེ་ལ་ཁྱོད་ཅིའི་ཕྱིར་རྣལ་འབྱོར་དང་སྤོང་བ་ལ་བརྩོན་པར་མི་ བྱེད་པར་ཧ་ཅང་བྱ་བ་མང་ཞིང་ཧ་ཅང་བྱེད་པ་མང་ཞེས་བསྒོ་ཞིང་བསྟན་ཏོ། །དེས་དེ་ལ་ཡང་དང་ཡང་བསྐུལ་བས་དེ་ཁྲོས་ཤིང་འཁྲུགས་ཏེ་ཡིད་མ་རངས་ནས། གནོད་སེམས་སུ་གྱུར་པ་དེས་ལུས་དང་སེམས་མ་རུང་བར་བྱས་ཏེ། ངན་དུ་བསམས་ནས་ཚིག་རྩུབ་པོ་སྨྲས་པ། ནལ་གྱི་བུ། སྦྱར་མའི་བུ། སྐྱེས་པ་གཞན་ལས་གྲུབ་པ་ཁྱོད་ཀྱི་ཕ་མ་ཡང་མེད་ན། ཁྱོད་ལ་ཤེས་རབ་བམ། ཚུལ་ཁྲིམས་ལྟ་ག་ལ་ཡོད་ཅེས་དེས་ངན་དུ་བསམས་ཏེ། ཚིག་རྩུབ་པོ་སྨྲས་པ། མི་མཐོལ་མི་འཆགས་མི་འདོར་གྱི། ཞེ་ལ་འཛིན་ཏེ། དེ་བྱང་ཆུབ་སེམས་དཔའ་ལྷ་བཟང་དེ་ལ་རྟག་ ཏུ་ངན་སེམས་དང་ལྡན་ཞིང་བྱམས་པའི་སེམས་མེད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ལྷ་བཟང་གིས་ཀྱང་དེ་སྣོད་མ་ཡིན་ནོ་སྙམ་ནས་བཀྱེད་པ་དང ། དེ་དེ་བས་ཀྱང་བྱང་ཆུབ་སེམས་དཔའ་ལྷ་བཟང་ལ་ངན་དུ་སེམས་ཤིང་བསྔགས་པ་མ་ཡིན་པ་བརྗོད་དེ། སྙན་པ་མ་ཡིན་པ་དང ། གྲགས་ པ་མ་ཡིན་པ་དང ། ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་དོ། །དེ་ལས་བསགས་ཤིང་ཚོགས་སུ་བྱས་པ་དེས་ལུས་ཞིག་སྟེ། ཤི་བའི་འོག་ཏུ་བུད་མེད་ཁྱིམ་ཐབ་མེད་པའི་མངལ་དུ་སྐྱེས་སོ། །བྱང་ཆུབ་ཀྱི་སེམས་བསྲུངས་པས་དེས་ན་སེམས་ཅན་དམྱལ་བར་ནི་མ་སྐྱེས་སོ། །དེ་བཙས་མ་ཐག་ཏུ་ བུད་མེད་དེས་ལམ་སྲང་ཆེན་པོར་བོར་ཏེ། དེར་དེ་ཁྱི་དང ། སྤྱང་ཀི་དང ། ཅེ་སྤྱང་རྣམས་ཀྱིས་ཟོས་སོ། །རྒྱལ་པོ་ཆེན་པོ་ཚུལ་འདི་འདྲ་བར་འདི་བསྐལ་པ་དགུ་བཅུར་སྡུག་བསྔལ་འདི་ལྟ་བུ་དང ། ཉམ་ཐག་པ་འདི་ལྟ་བུས་འཆི་བའི་དུས་བྱས་ཤིང་བཙས་པ་བཙས་པ་ན་ཡང་བོར་བར་གྱུར་ཏེ། ཡང་ སྐྱེ་བོ་ཕལ་པོ་ཆེ་འདི་སྐད་དུ་ནལ་གྱི་བུ་སྦྱར་མའི་བུ་འདི་ལ་ཁྱི་དང་སྤྱང་ཀི་དང ། ཅེ་སྤྱང་རྣམས་ཟའོ་ཞེས་འཛེར་ཏོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་ས་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སོམ་ཉིའམ། ཡིད་གཉིས་ཟ་བར་གྱུར་ན་རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་
48-1-281b
དེ་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་འདི་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ས་ཞེས་བྱ་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་འདིའི་ལས་ཀྱི་སྒྲིབ་པ་ནི་ཟད། ཀུན་ནས་ཉོན་མོངས་པའི་སེམས་ནི་རྣམ་པར་སྦྱངས། དེ་བཞིན་གཤེགས་པ་ནི་མཉེས་པར་ བྱས། ངན་འགྲོ་ཐམས་ཅད་ནི་བཅད་ནས། ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་འདིས་སངས་རྒྱས་བྱེ་བ་ཕྲག་དྲུག་ཅུ་རྩ་བཞི་མཉེས་པར་བྱས་ཤིང ། བསྟི་སྟང་དུ་བྱས། རི་མོ་བྱས། མཆོད་པ་བྱས་ནས། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་དོ། ། ཆོས་ཡོངས་སུ་བཙལ་བ་ལ་ཡང་བརྩོན་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་དེ་སྔོན་གྱི་དགེ་བའི་རྩ་བ་འདིས་བདག་ཉིད་ཆེན་པོ་འདི་ཐོབ་བོ། །རྒྱལ་པོ་ཆེན་པོ་དེ་ལྟར་ན་ལས་ནག་པོ་དང ། དཀར་པོ་དག་ཆུད་ཟ་བར་འགྱུར་བ་མེད་དོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་མཁས་པས་ལུས་ཀྱི་ལས་དང ། ངག་གི་ལས་དང ། ཡིད་ཀྱི་ལས་བསྡམ་པར་བྱ་སྟེ། སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལྷ་བཟང་ཞེས་བགྱི་བར་གྱུར་པ་དེས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ལགས་སམ། འོན་ཏེ་ད་དུང་དུ་ཡང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷ་བཟང་དེ་ནི་དེ་བཞིན་གཤེགས་པ་མི་འཁྲུགས་ པའི་སངས་རྒྱས་ཀྱི་ཞིང་ན་ཚངས་པར་སྤྱད་པ་སྤྱོད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔལ་འབྱུང་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་གསལ་རྒྱལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་གུས་པར་ བགྱིས་ཏེ། དགེ་བའི་བཤེས་གཉེན་རྣམས་ལ་བསྙེན་པར་བགྱིའོ། །བསྟེན་པར་བགྱིའོ། །བསྙེན་བཀུར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དགེ་བའི་བཤེས་གཉེན་ལ་བསྙེན་ཅིང་བསྟེན་ཏེ། བསྙེན་བཀུར་བགྱིས་ན་དགེ་བའི་ཆོས་ཐོབ་པར་འགྱུར་རོ། །དགེ་བའི་
48-1-282a
ཆོས་ཐོབ་པས་བསམ་པ་དགེ་བར་འགྱུར་རོ། །བསམ་པ་དགེ་བས་སྦྱོར་བ་དགེ་བར་འགྱུར་རོ། །སྦྱོར་བ་དགེ་བས་དགེ་བའི་ལས་བགྱིད་པར་འགྱུར་རོ། །ལས་དགེ་བས་འགྲོ་བ་དགེ་བར་མཆི་བར་འགྱུར་རོ། །འགྲོ་བ་དགེ་བས་དགེ་བའི་གྲོགས་པོ་མགུ་བར་བགྱིད་དོ། ། གྲོགས་པོ་དགེ་བས་སྡིག་པའི་ལས་མི་བགྱིད་དོ། །བགྱིད་པར་མི་འགྱུར་རོ། །སྡིག་པ་མ་བགྱིས་ཤིང་དགེ་བའི་ལས་བགྱིས་པས་བདག་ལ་གདུང་བར་མི་འགྱུར། གཞན་ལ་གདུང་བར་མི་འགྱུར་རོ། །བདག་དང་གཞན་རྗེས་སུ་སྲུང་བས་བྱང་ཆུབ་ཀྱི་ལམ་ཡོངས་སུ་རྫོགས་པར་འགྱུར་རོ། ། བྱང་ཆུབ་ཀྱི་ལམ་ལ་གནས་པས་ལམ་ངན་པར་ཞུགས་པའི་སེམས་ཅན་རྣམས་ཀྱི་དོན་བགྱིད་ནུས་པ་དང ། སྐལ་བ་མཆིས་པ་དང ། མཐུ་དང་ལྡན་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ཚིག་འདི་ལེགས་པར་སྨྲས་ སོ། །རྒྱལ་པོ་ཆེན་པོ་དགེ་བའི་བཤེས་གཉེན་ལ་བརྟེན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་གྱི་ཆོས་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ བྱང་ཆུབ་སེམས་དཔའ་ཆོས་དུ་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང ། ཟབ་མོའི་ཆོས་རྣམས་ལ་ཡང་བཟོད་པ་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེའུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དང ། ཟབ་མོའི་ཆོས་རྣམས་ལ་ཡང་བཟོད་པ་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པ་ལ་འཇུག་པ་དང ། ཆད་པ་དང ། རྟག་པ་རྣམ་པར་སྤོང་བ་དང་ སེམས་ཅན་མེད་པ་དང ། སྲོག་མེད་པ་དང ། གང་ཟག་མེད་པར་འཇུག་པ་དང ། སྟོང་པ་ཉིད་ལ་མོས་ཤིང ། སྟོང་པ་ཉིད་ལ་སྤྱོད་ཡུལ་བ་སྟེ། བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་
48-1-282b
བ་དང ། ཟབ་མོའི་ཆོས་རྣམས་ལ་ཡང་བཟོད་པ་ཐོབ་པར་འགྱུར་རོ། །ཁྱེའུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། བཞི་གང་ཞེ་ན། སྔོན་གྱི་མཐའ་དབེན་པ་དང ། ཕྱི་མའི་མཐའ་ མི་འཕོ་བ་དང ། ད་ལྟར་བྱུང་བ་འཇིག་པར་ཤེས་པ་དང ། དུས་གསུམ་མཉམ་པ་ཉིད་དེ་བཞི་པོ་དེ་དག་གོ། །གཞན་ཡང་བཞི་སྟེ། བཞི་གང་ཞེ་ན། ལུས་དབེན་པ་དང ། སེམས་དབེན་པ་དང ། ཆོས་དབེན་པ་དང ། ལས་དབེན་པ་སྟེ། བཞི་པོ་དེ་དག་གོ། །གཞན་ཡང་བཞི་སྟེ། བཞི་ གང་ཞེ་ན། སངས་རྒྱས་ལ་ཆོས་ཉིད་དུ་མཐོང་གི་གཟུགས་སུ་མ་ཡིན་པ་དང ། ཆོས་ལ་འདོད་ཆགས་དང་བྲལ་བར་མཐོང་གི་ཡི་གེ་དང ། ངེས་པའི་ཚིག་ཏུ་མ་ཡིན་པ་དང ། དགེ་འདུན་ལ་འདུས་མ་བྱས་སུ་མཐོང་གི་ཚོགས་སུ་མ་ཡིན་པ་དང ། ཤེས་རབ་ཀྱི་མིག་ཡོངས་སུ་དག་པར་འགྱུར་ བ་སྟེ། བཞི་པོ་དེ་དག་གོ། །གཞན་ཡང་བཞི་སྟེ། བཞི་གང་ཞེ་ན། བསྡུ་བའི་དངོས་པོ་མི་གཏོང་བས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དང ། ཐབས་དང་ཤེས་རབ་ལ་མཁས་པ་དང ། སེམས་ཅན་མེད་པར་རྣམ་པར་དཔྱོད་པ་དང་སྙིང་རྗེ་ཆེན་པོ་སྟེ། ཁྱེའུ་བྱང་ཆུབ་སེམས་དཔའ་ ཆོས་བཞི་པོ་དེ་དག་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དང ། ཟབ་མོའི་ཆོས་རྣམས་ལ་ཡང་བཟོད་པ་ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཞི་པ་བསྒྲུབ་པ་བསྟན་པ་འདི་བཤད་པ་ན་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་མི་ སྐྱེ་བའི་ཆོས་ལ་བཟོད་པར་ཐོབ་པར་གྱུར་ཏེ། དེ་དགའ་བ་དང་མཆོག་ཏུ་དགའ་བ་དེ་ཉིད་ཀྱིས་ཏ་ལ་བདུན་སྲིད་ཙམ་དུ་སྟེང་གི་བར་སྣང་ལ་མངོན་པར་འཕགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་ མཛད་པའི་ཆོས་ཉིད་དེ། དེ་ནས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་འཕྲོ་བ་ཁ་དོག་སྣ་ཚོགས། ཁ་དོག་དུ་མ་བྱུང་བ་འདི་ལྟ་སྟེ། སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དང ། ལེ་བརྒན་དང ། དངུལ་གྱི་ཁ་དོག་ལྟ་བུ་སྟེ། ཁ་དོག་དུ་མ་དེ་དག་གིས་འཇིག་རྟེན་གྱི་ཁམས་
48-1-283a
མཐའ་ཡས་མུ་མེད་པ་སྣང་བར་བྱས་ཏེ། ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་བྱུང་ནས། ཟླ་བ་དང་ཉི་མ་རྣམས་ཀྱི་འོད་མོག་མོག་པོར་བྱས་ཏེ། སླར་ལོག་ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་ གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་དོན་དེ་ཞུས་པ། བལྟ་སྡུག་བལྟར་འོས་གཟུགས་དང་མཚན་རྣམས་དང ། ། དཔེ་བྱད་བཟང་པོ་རྣམས་ཀྱིས་རབ་མཛེས་ཤིང ། །འོད་ཀྱི་དཀྱིལ་འཁོར་འོད་ཀྱིས་འོད་མཛེས་པ། །འཛུམ་པ་མཛད་དེ་བདག་ལ་བསྟན་དུ་གསོལ། །ཚུལ་ཁྲིམས་འཕགས་ཤིང་སྤྱོད་པ་ལེགས་སྤྱད་པ། །ཏིང་འཛིན་ཤེས་རབ་བསགས་པའི་ཡེ་ཤེས་འོད། །རྣམ་གྲོལ་སྙིང་ པོ་སྟོབས་ལྡན་ཡང་དག་གཟིགས། །འཛུམ་པ་མཛད་དེ་བདག་ལ་བསྟན་དུ་གསོལ། །བཟོད་པའི་སྟོབས་ལྡན་སྟོབས་ཀྱི་ཤུགས་མངའ་བ། །བརྩོན་འགྲུས་མངོན་པར་འཕགས་ཏེ་མི་བསྐྱོད་པ། །མིག་ཏུ་སྡུག་ཅིང་བདེན་པ་བཞི་གཟིགས་པ། །འཛུམ་པ་མཛད་དེ་ བདག་ལ་བསྟན་དུ་གསོལ། །རྡོ་རྗེའི་སྐུ་མངའ་སྲ་བརྟན་མི་ཤིགས་པ། །སྲེད་མེད་བུ་མཐུ་སྲེད་མེད་བུ་བས་མཆོག་།ཚངས་དབྱངས་སྒྲ་སྙན་འཇམ་པའི་དབྱངས་ལྡན་པ། །འཛུམ་པ་མཛད་དེ་བདག་ལ་བསྟན་དུ་གསོལ། །བཞུགས་ཀྱང་ཚངས་དང་དེ་བཞིན་ལྷ་ཚོགས་ ཀྱིས། །དེ་བཞིན་གཤེགས་པའི་སྤྱི་གཙུག་མ་མཐོང་ལ། །གུས་དང་བཅས་པས་ཀུན་ནས་བལྟ་བགྱིད་པ། །འཛུམ་པ་མཛད་དེ་བདག་ལ་བསྟན་དུ་གསོལ། །ཁྱོད་ཀྱིས་ཆོས་ཀྱི་འཁོར་ལོ་དམ་པ་བསྐོར། །མི་རྟག་སྒྲས་ནི་ལྷ་དང་ལྷ་མིན་དང ། །དེ་བཞིན་ཀླུ་དང་གནོད་ སྦྱིན་རབ་བསྐྱོད་པ། །འཛུམ་པ་མཛད་དེ་བདག་ལ་བསྟན་དུ་གསོལ། །སྣང་བ་མཉེས་ཤིང་མུན་པ་རྣམས་བྲལ་བ། །ཀུན་ནས་སྤྱན་མངའ་མཉམ་པ་ཉིད་བཞུགས་པ། །ཡོན་ཏན་མཆོག་མངའ་ཡོན་ཏན་སྙིང་པོ་བསྟན། །འཛུམ་པ་མཛད་དེ་བདག་ལ་བསྟན་དུ་གསོལ། །
48-1-283b
དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་ཤིང་ཏ་ལ་བདུན་སྲིད་ཀྱི་སྟེང་གི་བར་སྣང་ལ་འདུག་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྣང་བ་བསམ་གྱིས་མི་ཁྱབ་པ་འདི་བསྐལ་པ་གྲངས་མེད་པ་བརྒྱའི་འོག་ཏུ་བསྐལ་པ་ཀུན་ཏུ་སྣང་བྱེད་ཅེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་རྣམ་པར་སྤྱོད་པ་ཞེས་བྱ་བར་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་ འདས་སྣང་བ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ཉིད་དུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་རྣམ་པར་སྤྱོད་པ་དེ་ནི་འདི་ལྟ་བུར་ཡོངས་སུ་དག་པར་འགྱུར་ཏེ། དཔེར་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང ། ཡོངས་སུ་སྤྱོད་པ་ལྟ་བུར་ འགྱུར་རོ། །དེ་བཞིན་གཤེགས་པ་དེ་ནི་བར་གྱི་བསྐལ་པ་ཉི་ཤུར་གནས་པར་འགྱུར་རོ། །དེ་ལ་ཉན་ཐོས་བརྒྱད་ཁྲིའི་དགེ་འདུན་ཡོད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་གི་དགེ་འདུན་ཡོད་པར་འགྱུར་རོ། །ཀུན་དགའ་བོ་ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་ དེ་རྣམ་པར་སྤྱོད་པ་ཞེས་བྱ་ཞིང ། བསྐལ་པ་ཀུན་ཏུ་སྣང་བྱེད་ཅེས་བྱ་བར་འགྱུར་ཞེ་ན། ཀུན་དགའ་བོ་བར་གྱི་བསྐལ་པ་བརྒྱ་སྟོང་མང་པོར་སངས་རྒྱས་ཀྱི་ཞིང་དེར་སྔོན་ནམ་ཡང་དེ་བཞིན་གཤེགས་པ་མ་བྱུང་སྟེ། དེར་དེ་བཞིན་གཤེགས་པ་སྣང་བ་བསམ་གྱིས་མི་ཁྱབ་པ་དེ་འབྱུང་བར་ འགྱུར་བ་དེ་ན། གནས་གཙང་མའི་རིས་ཀྱི་ལྷ་རྣམས་འདི་སྐད་དུ་བསྐལ་པ་འདི་ནི་ཀུན་ཏུ་སྣང་བ་མེད་པ་ཀུན་ཏུ་སྣང་བ་མེད་པ་སྟེ། དེ་ལ་དེ་བཞིན་གཤེགས་པ་བྱུང་ངོ ། །ཞེས་ཆེད་དུ་རྗོད་པ་ཆེད་དུ་བརྗོད་པར་འགྱུར་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སྣང་བ་བསམ་གྱིས་མི་ཁྱབ་པ་ལུང་
48-1-284a
བསྟན་པ་བརྗོད་པ་འདི་བཤད་པ་དང ། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ལྷ་དང་མིའི་སྲོག་ཆགས་སུམ་ཁྲི་ཉིས་སྟོང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་དྲུག་ཅུ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ ཐོབ་པར་གྱུར་ཏོ། །ཉན་ཐོས་ལྔ་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ངའི་དམ་པའི་ཆོས་ཡོངས་སུ་གཟུང་བ་དང ། ད་ལྟར་དང ། མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་གདགས་པའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག་།ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་གཟུང་ལགས་ན། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་ གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བ་ཞེས་བྱ་བ་དང ། སངས་རྒྱས་རྣམ་པར་རོལ་པ་ཞེས་བྱ་བ་དང་།སྣང་བ་བསམ་གྱིས་མི་ཁྱབ་པས་བསྟན་པ་ཞེས་བྱ་བར་ཟུང་ཤིག་།ཀུན་དགའ་བོ་གང་ལ་ལ་ཞིག་གིས་ཇི་ སྲིད་འཚོའི་བར་དུ་དེ་བཞིན་གཤེགས་པ་བཞུགས་པ་ལ་བསྟི་སྟང་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང ། མེ་ཏོག་གི་ཕུར་མ་རི་རབ་ཙམ་གཏོར་བ་དང ། སྤོས་དང ། ཕྱེ་མ་དང ། བྱུག་པ་དང ། གོས་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དང ། ལྷའི་དང་མིའི་མཆོད་པ་རྣམ་པ་མང་པོ་གཞན་དག་གིས་མཆོད་པ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཞིག་སྣང་བ་བསམ་གྱིས་མི་ཁྱབ་པས་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཅིང་ཀློག་ལ། ཀུན་ཆུབ་པར་བྱེད་ཅིང ། གཞན་དག་ལ་ཡང་རྒྱ་ཆེར་ ཡང་དག་པར་སྟོན་ལ། དེ་བཞིན་དུ་ནན་ཏན་དུ་བྱེད་ན་འདི་ནི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་བསྐྱེད་དོ། །ཀུན་དགའ་བོ་དེ་ལྟ་བས་ན་དེ་བཞིན་གཤེགས་པ་ལ་ཆོས་ཀྱི་མཆོད་པས་མཆོད་པར་འདོད་པ་དང ། ཤེས་རབ་ཀྱི་སྣང་བ་ཆེན་པོ་བྱེད་པར་འདོད་པས་ཆོས་ཀྱི་རྣམ་གྲངས་འདི་གཟུང་
48-1-284b
བར་བྱ། བཀླག་པར་བྱ། ནན་ཏན་གྱིས་བསྒྲུབ་པར་བྱ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྣང་བ་བསམ་ གྱིས་མི་ཁྱབ་པ་དང ། ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་འཁོར་དང་བཅས་པ་དང ། ལྷའི་དབང་པོ་བརྒྱ་བྱིན་དང ། མི་མཇེད་ཀྱི་བདག་པོ་ཚངས་པ་དང ། འཇིག་རྟེན་སྐྱོང་བ་བཞི་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པས་བསྟན་པ་ཞེས་བྱ་བ་ཆོས་ཀྱི་རྣམ་གྲངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང ། ཞུ་ཆེན་ གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།