rKTs


D132

(e-text produced by ADARSHA)

see text in transliteration
55-1-253b
༄##། །རྒྱ་གར་སྐད་དུ། ཨཱརྱ་ཤཱུ་རང་ག་མ་ས་མཱ་དྷི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ། ་བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སུམ་ཁྲི་ཉིས་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་མངོན་པར་ཤེས་པས་མངོན་པར་ཤེས་པ་ཤ་སྟག་ དང ། ཐབས་ཅིག་ཏུ་བཞུགས་སོ། །བྱང་ཆུབ་སེམས་དཔའ་བདུན་ཁྲི་ཉིས་སྟོང་དང་ཡང་ཐབས་ཅིག་སྟེ། ཐམས་ཅད་ཀྱང་མངོན་པར་ཤེས་པའི་ཡེ་ཤེས་ཐོབ་པ། གཟུངས་ཀྱིས་མི་བརྗེད་པའི་ཆོས་དང་ལྡན་པ། སྤོབས་པ་མི་ཟད་པའི་ཆོས་དང་ལྡན་པ། ཏིང་ངེ་འཛིན་ལ་ཤིན་ཏུ་གནས་
55-1-254a
པས་མི་གཡོ་བ། ཤེས་རབ་ཀྱི་མིག་སྒྲུབ་པ་ཤེས་པ་ལ་མཁས་པ། བཟོད་པ་ཐོབ་པ། གཟུངས་ཀྱི་ཚུལ་ཐོབ་པ། ཆོས་ཟབ་མོའི་ཚུལ་ལ་ཞུགས་པ། བསྐལ་པ་གྲངས་མེད་པ་བྱེ་བ་ཚར་ཕྱིན་པ། སྨོན་ལམ་ཕུན་སུམ་ཚོགས་པ། བདུད་དང་ཕྱིར་རྒོལ་བ་བཅོམ་པ། སངས་རྒྱས་ཀྱི་ཞིང་བཀོད་པ་ཆེན་པོ་དང་ལྡན་པ་ཡོངས་སུ་བཟུང་བ། བྱམས་པ་ཆེན་པོའི་གོ་ཆ་བགོས་པ། སྙིང་རྗེ་ཆེན་པོ་ཡོངས་སུ་བཟུང་བ། བརྩོན་འགྲུས་ཆེན་པོ་ལ་རྟུལ་བ། ཚིག་ཐམས་ཅད་ཀྱི་ངེས་པའི་ཚིག་སྟོན་པ་ཤེས་པ་ལ་མཁས་པ། སྤྱོད་པ་ཡོངས་སུ་དག་པ། རྣམ་པར་ཐར་ པའི་སྒོ་གསུམ་ལ་གནས་པ། ཡེ་ཤེས་དུས་གསུམ་ལ་མ་ཆགས་པ་ཐོབ་པ། ཁམས་གསུམ་ལས་མངོན་པར་བྱུང་བ། སངས་རྒྱས་དང་ཆོས་ལ་མོས་པ་མང་བ། ཆོས་ཀྱི་འཁོར་ལོ་སྐོར་བ། སྒྲ་ཐོགས་པ་མེད་པ། སྒྲ་ཡིད་དུ་འོང་བས་གོ་བར་བྱེད་པ། སྤྱོད་ལམ་ཐམས་ཅད་ཡོངས་སུ་ བརྟགས་པ་མ་ཡིན་པ། དཀྲིས་པ་དང་བྲལ་བ། མཚན་གྱིས་ལེགས་པར་བརྒྱན་པ། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་གོ་ཆ་བགོས་པ། དྲན་པ་དང ། བློ་གྲོས་དང ། རྟོགས་པ་དང་ལྡན་པ། ངོ་ཚ་ཤེས་པ་དང ། བརྟན་པ་དང་ལྡན་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཐོགས་པ་མེད་པར་ཆོས་ཀྱི་འཁོར་ལོ་སྐོར་བ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་སྐོར་བ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་མེད་པའི་ཆོས་ཀྱི་འཁོར་ལོ་སྐོར་བ་དང ། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་མིག་གཙང་ཞིང་དྲི་མ་མེད་པར་ཡོངས་སུ་སྦྱོང་བ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ནས་ལྡང་བ་ཐམས་ཅད་རྣམ་པར་སེལ་བ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བ་དང་དད་པའི་སྤྱོད་ལམ་སྟོན་པ་དང ། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་དམ་པ་བཀོད་པའི་རྒྱལ་པོའི་བློ་གྲོས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་མི་སླུ་བའི་བློ་དང་ལྡན་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི་བློ་གྲོས་དང ། བྱང་ཆུབ་
55-1-254b
སེམས་དཔའ་སེམས་དཔའ་ཆེན་པོ་འདུ་ཤེས་ལྡོག་པ་ཤེས་པ་ལ་མཁས་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྟན་ཞིང་རྟུལ་བ་རྟག་ཏུ་ལེགས་པར་བརྩམས་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་མཉམ་པར་གཞག་ཅིང་དབང་པོ་མི་གཡེང་བ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་དགའ་བའི་སྒྲ་འབྱིན་པའི་དབྱངས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷ་ཐམས་ཅད་ཀྱིས་བསྟོད་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་དང ། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སྤོབས་པའི་རྒྱལ་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པའི་རྒྱན་བཀོད་པའི་རྒྱལ་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ལྷུན་པོའི་རྩེ་འཛིན་བརྩེགས་པའི་རྒྱལ་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་པོ་ཆེ་བཀོད་པ་རྒྱ་མཚོའི་བློ་གྲོས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཆེན་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ བཀོད་པ་ཆེན་པོའི་བློ་གྲོས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེ་ཆེན་པོའི་ཏོག་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཀྱི་ཏོག་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་དཔལ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་བཀོད་ དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དད་ལྡན་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆོག་ཏུ་དགའ་བའི་རྒྱལ་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་བརྟན་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བརྟན་པ་དང ། དེ་དག་ལ་ སོགས་པ་བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་དང་ཐབས་ཅིག་གོ། །གང་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་གནས་པའི་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དང ། དེ་མ་ཡིན་པ་གཞན་ཡང་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་
55-1-255a
ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང ། མི་མ་ཡིན་པ། གཟི་བརྗིད་ཆེ་བ། གཟི་བརྗིད་ཆེ་བ་ཆེ་ཞིང་ཆེ་བ་འོངས་ཤིང་ལྷགས་པ། དགེ་བའི་རྩ་བ་བསྐྱེད་པ། རྒྱ་ཆེན་པོ་ལ་མོས་པ་དེ་དག་ཐམས་ཅད་ཀྱང་འཁོར་དེར་ཚོགས་ཤིང་འཁོད་ པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བརྟན་པ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེ་འདི་སྙམ་དུ་སེམས་ཏེ། གང་བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཇི་ལྟ་བུའི་ཞུ་བ་ཞུས་པས་སངས་རྒྱས་ཀྱི་རིགས་ཀྱང་ ཡོངས་སུ་འཛིན་པར་འགྱུར་བ་དང ། ཆོས་ཀྱི་རིགས་ཀྱང་ཡོངས་སུ་བསྲུང་བར་འགྱུར་བ་དང ། དགེ་འདུན་གྱི་རིགས་ཀྱང་ཤིན་ཏུ་ཡོངས་སུ་འཛིན་པར་འགྱུར་བ་དང ། བདུད་ཀྱི་གནས་ཐམས་ཅད་ཀྱང་མོག་མོག་པོར་བྱས་པར་འགྱུར་བ་དང ། གང་ཟག་ལྷག་པའི་ང་རྒྱལ་ཅན་རྣམས་ཀྱང་ཤིན་ཏུ་ཚར་ ཆོད་པར་འགྱུར་བ་དང ། སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ཀྱང་དགེ་བའི་རྩ་བ་བསྐྱེད་པར་འགྱུར་བ་དང ། སེམས་ཅན་དགེ་བའི་རྩ་བ་བསྐྱེད་པ་རྣམས་ཀྱང་དགེ་བའི་རྩ་བ་རྒྱས་པར་འཕེལ་བར་འགྱུར་བ་དང ། སེམས་ཅན་གང་དག་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དེ་དག་ཀྱང་བྱང་ཆུབ་ཏུ་ སེམས་བསྐྱེད་པར་འགྱུར་བ་དང ། སེམས་ཅན་གང་དག་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ཀྱང་ཕྱིར་མི་ལྡོག་པར་འགྱུར་བ་དང ། གང་དག་ཕྱིར་མི་ལྡོག་པ་དེ་དག་ཀྱང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང ། སེམས་ཅན་ དམིགས་པ་ཅན་ཐམས་ཅད་དང ། བདག་ཏུ་མངོན་པར་ཞེན་པ་རྣམས་ཀྱང་ལྟ་བ་དེ་དག་ལས་བསྐྱོད་པར་འགྱུར་བ་དང ། སེམས་ཅན་དམན་པ་ལ་མོས་པ་རྣམས་ཀྱང་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ལ་མོས་པར་འགྱུར་བ་དང ། སེམས་ཅན་རྒྱ་ཆེན་པོ་ལ་མོས་པ་རྣམས་ཀྱང་མགུ་ཞིང་མཆོག་ཏུ་ དགའ་བར་འགྱུར་བ་དེ་ལྟ་བུའི་ཞུ་བ་ཀུན་ཞུ་བར་བྱའོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བརྟན་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་
55-1-255b
སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། ། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་བརྟན་པ་དྲིས་པ་ལུང་བསྟན་པའི་ཕྱིར་ཁྱོད་ལ་དེ་བཞིན་གཤེགས་པས་རྟག་ཏུ་སྐབས་ཕྱེས། བློ་གྲོས་བརྟན་པ་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ་ལ་ ཞུས་ཤིག་དང ། ཞུ་བ་ཞུས་པ་དེ་དང་དེའི་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བརྟན་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་གང་ལ་གནས་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མི་འབྲལ་བར་འགྱུར་བ་དང ། ཕྱོགས་བཅུར་སྣང་བའི་ཕྱིར་སྣང་བ་ཆེན་པོ་ཐོབ་པར་འགྱུར་བ་དང ། བདུད་ཐམས་ཅད་ཚར་གཅད་པའི་ཕྱིར་ཤེས་རབ་རྒྱ་ཆེན་པོ་གྲགས་པས་རྣམ་པར་འཕྲུལ་པར་འགྱུར་བ་དང ། རང་བྱུང་གི་ཆོས་ཐོབ་པའི་ཕྱིར་ཡེ་ཤེས་ལ་དབང་དུ་འགྱུར་བ་དང ། མ་བསྟན་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་གཞན་གྱི་དྲིང་ལ་འཇོག་པར་མི་འགྱུར་བ་དང ། ཕྱི་མའི་མཐའི་བསྐལ་པ་ བྱེ་བར་སྟོན་པའི་ཕྱིར་སྤོབས་པ་རྒྱུན་མི་འཆད་པར་འགྱུར་བ་དང ། ཚེ་བསྐལ་པ་དཔག་ཏུ་མེད་པར་འཛིན་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་ཐོབ་པར་འགྱུར་བ་དང ། སེམས་ཅན་ཉན་ཐོས་ཀྱི་ཐེག་པའི་ཆོས་ལ་མོས་པ་རྣམས་ལ་ཉན་ཐོས་ཀྱི་ཐེག་པ་སྟོན་པར་འགྱུར་བ་དང ། སེམས་ཅན་རང་སངས་ རྒྱས་ཀྱི་ཐེག་པའི་ཆོས་ལ་མོས་པ་རྣམས་ལ་རང་སངས་རྒྱས་ཀྱི་ཐེག་པ་སྟོན་པར་འགྱུར་བ་དང ། སེམས་ཅན་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་རྣམས་ལ། སངས་རྒྱས་ཀྱི་ཐེག་པ་སྟོན་པར་འགྱུར་བ་དང ། ཉན་ཐོས་ཀྱི་ཆོས་རྣམས་ཀྱང་འཚལ་ཅིང་འཆད་ལ་ཉན་ཐོས་ཀྱི་ངེས་
55-1-256a
པར་གྱུར་པ་ལ་ཡང་མི་འཇུག་པ་དང ། རང་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་འཚལ་ཅིང་འཆད་ལ་རང་སངས་རྒྱས་ཀྱི་ངེས་པར་གྱུར་པ་ལ་ཡང་མི་འཇུག་པ་དང ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་འཚལ་ཅིང་འཆད་ལ་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་ཡང་ཐོབ་པར་མི་བགྱིད་ པ་དང ། ཉན་ཐོས་ཀྱི་ཁ་དོག་དང ། གཟུགས་དང ། རྟགས་དང ། ཆ་བྱད་རྣམས་ཀྱང་སྟོན་ལ་བྱང་ཆུབ་ཀྱི་སེམས་དང་ཡང་མི་འབྲལ་བ་དང ། རང་སངས་རྒྱས་ཀྱི་ཁ་དོག་དང ། གཟུགས་དང ། རྟགས་དང ། ཆ་བྱད་རྣམས་ཀྱང་སྟོན་ལ་སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོ་དང་ཡང་མི་འབྲལ་བ་ དང ། ས་བཅུའི་སྟོབས་བསྐྱེད་པ་དང་ལྡན་པའི་ཕྱིར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ངེས་པར་བྱུང་བས་དེ་བཞིན་གཤེགས་པའི་གཟུགས་དང ། ཁ་དོག་དང ། ཆ་བྱད་ཀྱང་སྟོན་པ་དང ། སྲིད་པ་ཐ་མ་དང་ལྡན་པས་དགའ་ལྡན་གྱི་གནས་རབ་ན་གནས་པར་ཡང་གདའ་བ་དང ། དགེ་བའི་རྩ་བའི་སྟོབས་ བསྐྱེད་པའི་ཕྱིར་མངལ་དུ་འཇུག་པ་དང ། བཙས་པ་དང ། མངོན་པར་འབྱུང་བ་དང ། དཀའ་བ་སྤྱོད་པ་དང ། བདུད་འདུལ་བ་དང ། བྱང་ཆུབ་ཀྱི་སྙིང་པོ་ཡང་སྟོན་པ་དང ། ཤེས་རབ་ཀྱི་སྟོབས་བསྐྱེད་པའི་ཕྱིར་བྱང་ཆུབ་ཀྱང་རྣམ་པར་འཚང་རྒྱ་བ་དང ། གསོལ་བ་གདབ་པ་དང ། ཆོས་ཀྱི་འཁོར་ལོ་ བསྐོར་བ་ཡང་སྟོན་པ་ནས་ཡེ་ཤེས་ཀྱི་སྟོབས་བསྐྱེད་པའི་ཕྱིར་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་ཡང་ཡོངས་སུ་སྟོན་པ་དང ། ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པའི་ཕྱིར་ལུས་འཇིག་པར་ཡང་སྟོན་པ་དང ། སྨོན་ལམ་གྱི་སྟོབས་བསྐྱེད་པའི་ཕྱིར། དམ་པའི་ཆོས་རབ་ཏུ་འཇིག་པར་ འགྱུར་བ་ཡང་སྟོན་པའི་ཏིང་ངེ་འཛིན་དེ་གང་ཡང་མཆིས་སམ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་གང་ལ་གནས་ན་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ཡོན་ཏན་བཀོད་པ་རྣམ་པར་སྤྲུལ་པ་ཡང་སྟོན་ཅིང་གཟུགས་སུ་མཐོང་བ་ཐམས་ཅད་ཀྱང་སྟོན་ལ། ཤིན་ ཏུ་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་མི་འགྱུར་བའི་ཏིང་ངེ་འཛིན་དེ་གང་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་བརྟན་པ་ལེགས་སོ་ལེགས་
55-1-256b
སོ། །ཡང་བློ་གྲོས་བརྟན་པ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་སྙིང་བརྩེ་བ་དང ། སྐྱེ་བོ་ཕལ་པོ་ཆེ་དང ། ལྷ་དང་མི་རྣམས་ཀྱི་དོན་དང ། ཕན་པ་དང ། བདེ་བ་དང ། ད་ལྟར་དང ། མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་ གཟུང་བའི་ཕྱིར་ཞུགས་ཏེ། བློ་གྲོས་བརྟན་པ་ཁྱོད་དེ་བཞིན་གཤེགས་པ་ལ་དོན་དེ་ཞུ་བར་སེམས་པ་ལེགས་སོ། །ལེགས་སོ། །འདི་ལྟར་བློ་གྲོས་བརྟན་པ་ཁྱོད་ནི་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པ། ཐེག་པ་ཆེན་པོ་འདི་ལ་ཡོངས་སུ་སྦྱང་བ་བྱས་པ། ཐེག་པ་ཐམས་ཅད་ཀྱི་ངེས་པར་འབྱུང་བའི་ལམ་རྣམས་སུ་ངེས་པར་བྱུང་བ། བདུད་དང ། ཉོན་མོངས་པ་དང ། ཕྱིར་རྒོལ་བ་བཅོམ་པ། ཆོས་ལ་ཕན་གདགས་པའི་ཕྱིར་སངས་རྒྱས་ཀྱི་ཆོས་ལ་རང་དབང་ཡོད་པའི་ཡེ་ཤེས་དང་ལྡན་པ། བྱང་ཆུབ་ སེམས་དཔའི་ཡེ་ཤེས་ཡང་དག་པར་འཛིན་དུ་འཇུག་པ། བྱང་ཆུབ་སེམས་དཔའ་ཡོངས་སུ་སྡུད་པ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་མཛོད་འཛིན་པའོ། །འདི་ལྟར་བློ་གྲོས་བརྟན་པ་ཁྱོད་ནི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་ཞུ་བ་ཞུས་པའི་ལུང་བསྟན་པ་ཚར་ ཕྱིན་པའོ། །བློ་གྲོས་བརྟན་པ་ངས་ནི་སྐྱེས་བུ་དམ་པ་ཁྱོད་ལྟ་བུ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གོ་ཆ་ཆེན་པོ་བགོས་པ་མ་གཏོགས་པར་འཁོར་འདི་ན། ལྷའམ། ཀླུའམ། གནོད་སྦྱིན་ནམ། དྲི་ཟའམ། ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་ངམ། མིའམ་ཅིའམ། ལྟོ་འཕྱེ་ ཆེན་པོའམ། མིའམ་མི་མ་ཡིན་པའམ། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཡང་རུང་སྟེ། གང་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་ནུས་པ་དེ་མ་མཐོང་ངོ ། །བློ་གྲོས་བརྟན་པ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ ཡིད་ལ་ཟུང་ཤིག་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་གང་དང་ལྡན་ན་ཡོན་ཏན་གྱི་བྱེ་བྲག་དེ་དག་དང་དེ་བས་ཀྱང་ཤིན་ཏུ་ཆེས་ཁྱད་པར་དུ་འཕགས་པ་གཞན་དག་ཀྱང་ཐོབ་པར་འགྱུར་བའི་ཏིང་ངེ་འཛིན་དེ་ངས་ཁྱོད་ལ་བསྟན་ཏོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས།
55-1-257a
བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང ། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་བརྟན་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཅེས་བྱ་བ་ཡོད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཏིང་ངེ་འཛིན་དེ་ལ་ གནས་ན། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་ཡོན་ཏན་བཀོད་པ་རྣམ་པར་སྤྲུལ་པ་ཡང་སྟོན་ལ་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་མི་འགྱུར། གཟུགས་སུ་སྟོན་པ་ཐམས་ཅད་ཀྱང་སྟོན་ལ་གཟུགས་ཀྱི་དེ་བཞིན་ཉིད་ལས་ཆོས་རྣམས་འཁྲུགས་པར་ཡང་མི་བྱེད། སངས་རྒྱས་ཀྱི་ ཞིང་ཐམས་ཅད་དུ་ཡང་འགྲོ་ལ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་འདུ་ཤེས་པ་ཡང་མེད། སངས་རྒྱས་ཐམས་ཅད་དང་ཕྲད་པར་ཡང་འགྱུར་ལ་ཆོས་ཀྱི་དབྱིངས་ཐ་དད་པར་ཡང་མི་བྱེད། སྤྱོད་པ་ཐམས་ཅད་དུ་ཡང་སྣང་ལ་དེ་དག་ལ་སྤྱོད་པ་ཡོངས་སུ་དག་པ་ཡང་ཤེས། ལྷ་དང་མི་ཐམས་ཅད་ཀྱི་བདག་ པོ་ཡང་ཡོངས་སུ་འཛིན་ལ་དེ་དག་རྒྱགས་ཤིང་བག་མེད་པར་འགྱུར་བའང་མི་སྐྱེད། བདུད་ཀྱི་ཡུལ་ཐམས་ཅད་ཀྱང་སྟོན་ལ་བདུད་ཀྱི་ལས་ལ་གནས་པ་ཡང་མ་ཡིན། ཁམས་གསུམ་ཐམས་ཅད་དུ་ཡང་སྤྱོད་ལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཤེས་པ་ལས་ཀྱང་མི་གཡོ། འཆི་བར་ཡང་མི་འགྱུར། སྐྱེ་བར་ཡང་མི་འགྱུར། འགྲོ་བ་ཐམས་ཅད་དུ་ཡང་སྐྱེ་ལ་འགྲོ་བ་སྣ་ཚོགས་སུ་འདུ་ཤེས་པ་ཡང་མ་ཡིན། ཆོས་ཀྱི་ཚིག་རབ་ཏུ་དབྱེ་བ་ཐམས་ཅད་ཀྱང་སྟོན་ལ་ཡི་གེ་མཉམ་པ་ཉིད་དང ། ཆོས་ཀྱི་ཚུལ་རྟོགས་པ་ལས་ཀྱང་མི་གཡོ། གཅིག་ཏུ་མཉམ་པར་ཡང་བཞག་ལ་སེམས་ཅན་ཡོངས་སུ་སྨིན་ པར་བྱེད་པར་སྤྱོད་པར་ཡང་སྣང་ལ་མི་ཟད་པ་དང་མི་སྐྱེ་བ་ལ་བཟོད་པ་དང་ཡང་ལྡན་པ་ཆོས་རྣམས་ཀྱི་སྐྱེ་བ་དང ། འགོག་པ་ཡང་རྣམ་པར་འཇོག་།ཐམས་ཅད་དུ་མ་ཞུམ་པའི་ཕྱིར་སེང་གེའི་རྩལ་གྱིས་ཀྱང་འགྲོ་ཞིང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བྱ་བ་ཐམས་ཅད་ན་ཡང་སྣང་ལ་པད་མ་བཞིན་ དུ་མི་ཆགས་པའི་ཕྱིར་རྟག་ཏུ་ཆོས་ཀྱི་ཀུན་དགའ་མཆོག་ལ་དགའ་ཞིང་མོས་པར་ཡང་འགྱུར་རོ། །དེ་ནས་ཉན་ཐོས་ཆེན་པོ་དེ་དག་དང ། བརྒྱ་བྱིན་དང ། ཚངས་པ་དག་དང ། འཇིག་རྟེན་སྐྱོང་བ་དག་དང ། ལྷའི་བུ་དག་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་འདི་སྙམ་དུ་སེམས་ཏེ། བདག་
55-1-257b
ཅག་གིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མིང་ཙམ་ཡང་སྔོན་མ་ཐོས་ན། རྒྱ་ཆེར་རྣམ་པར་ཕྱེ་ཞིང་བཤད་པ་ལྟ་ཅི་སྨོས་ཏེ། གང་བདག་ཅག་གིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མིང་ཐོས་པས་ན་བདག་ཅག་གིས་རྙེད་པ་ལེགས་པར་རྙེད་དོ། །བདག་ཅག་འཁོར་འདིར་ལེགས་པར་འོངས་སོ། །བདག་ ཅག་གིས་དེ་བཞིན་གཤེགས་པ་ལེགས་པར་མཐོང་ངོ ། །བྱང་ཆུབ་སེམས་དཔའི་ཐེག་པ་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་རྣམ་པར་ཕྱེ་སྟེ་བཤད་པ་འདི་ཐོས་ནས་མོས་ཤིང་ཡིད་ཆེས་ལ་དད་པ་དེ་དག་ཐེ་ཚོམ་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ན། གང་དག་ཐོས་ནས་ལེན་པ་དང ། འཛིན་པ་དང ། ཀློག་པ་དང ། ཀུན་ཆུབ་པར་བྱེད་པ་དང ། གཞན་དག་ལ་ཡང་རྒྱ་ཆེར་སྟོན་པ་དང ། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་ལྟ་ཅི་སྨོས་སྙམ་མོ། །དེ་ནས་བརྒྱ་བྱིན་དག་དང ། ཚངས་པ་དག་དང ། འཇིག་རྟེན་སྐྱོང་བ་དག་དང ། ལྷའི་བུ་དེ་དག་འདི་སྙམ་དུ་སེམས་ཏེ། གང་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བའི་ཕྱིར་ཁྲི་གང་ལ་བཞུགས་ནས། དེ་བཞིན་གཤེགས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་སྟོན་པའི་ཆོས་ཀྱི་ཁྲི། སྐྱེས་བུ་དམ་པའི་ཁྲི། བཀོད་པ་ཆེན་ པོའི་ཁྲི། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བའི་ཁྲིའི་སེང་གེའི་ཁྲི་ངེས་པར་བཤམ་པར་བྱའོ་སྙམ་མོ། །ཁྲི་དེ་ལ་དེ་བཞིན་གཤེགས་པ་བཞུགས་ནས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་འཆད་པར་འགྱུར་རོ་སྙམ་མོ། །དེ་ནས་ལྷའི་བུ་རེ་རེ་ཞིང་ཡང་བདག་ནི་དེ་བཞིན་གཤེགས་པའི་སེང་ གེའི་ཁྲི་ཤོམ་གྱི་གཞན་ནི་མ་ཡིན་ནོ་སྙམ་མོ། །དེ་ནས་ལྷའི་བུ་དག་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དེ་དག་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བའི་ཕྱིར་རང་རང་གིས་སེང་གེའི་ཁྲི་སྣ་ཚོགས་པ། བལྟ་ན་སྡུག་པ། འཕང་མཐོ་བ། རྒྱ་ཆེ་བ། ཡངས་ པ། རས་བཅོས་བུ་བརྒྱ་སྟོང་དུ་མ་བཏིང་བ། སྟེང་གི་བར་སྣང་ལས་རིན་པོ་ཆེའི་གདུགས་དང ། རྒྱལ་མཚན་དང ། དྲ་བས་གཡོགས་པ། ཁོ་ར་ཁོར་ཡུག་ཏུ་རིན་པོ་ཆེའི་སྟེགས་བུས་བསྐོར་བ། གཡས་གཡོན་དུ་རིན་པོ་ཆེའི་ཤིང་ལྗོན་པ་དུ་མས་བརྒྱན་པ། དར་གྱི་ལྡ་ལྡི་བྲེས་པ།
55-1-258a
མུ་ཏིག་གི་ཕྲེང་བ་དཔྱངས་པ། གདུགས་དང ། རྒྱལ་མཚན་དང ། བ་དན་སྒྲེང་བ། བླ་རེ་བྲེས་པ། གསེར་གྱི་དྲིལ་བུ་གཡེར་ཁའི་དྲ་བས་གཡོགས་པ། མེ་ཏོག་སྣ་ཚོགས་བཀྲམ་པ། གསེར་དང ། དངུལ་དང ། མུ་ཏིག་དང ། ནོར་བུས་བརྒྱན་པ། རྣམ་པ་ཐམས་ ཅད་ཀྱི་མཆོག་དང་ལྡན་པའི་རྒྱན་གྱི་བཀོད་པས་ལེགས་པར་བརྒྱན་པ། གསེར་ཕྱེ་བཀྲམ་པ། ལྷའི་ཙན་དན་དང ། སྤོས་དང ། ཕྲེང་བ་དང ། ཕྱེ་མ་དང ། བྱུག་པ་དང ། སྤོས་ཐམས་ཅད་ཀྱིས་བསྒོས་པ། མེ་ཏོག་སྣ་ཚོགས་གཏོར་བ། སྙིང་པོ་དམ་པ་དང་ལྡན་པའི་པོག་ཕོར་ནས་བདུག་པ་ བཤམས་པར་གྱུར་ཏེ། དེ་ལྟར་དེའི་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་བྱ་བའི་ཕྱིར་སེང་གེའི་ཁྲི་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བཤམས་པར་གྱུར་ཀྱང་འཁོར་དང་ས་ཆེན་པོ་ལ་སྒྲིབ་པར་ཡང་མི་བྱེད། ལྷའི་བུ་གཅིག་གིས་ལྷའི་བུ་ཅིག་ཤོས་ཀྱི་ ཁྲི་བཤམས་པ་ཡང་མ་མཐོང་སྟེ། ལྷའི་བུ་རེ་རེ་ཞིང་ཡང་བདག་གིས་བཅོམ་ལྡན་འདས་ཀྱི་སེང་གེའི་ཁྲི་བཤམས་པས་བདག་གི་སེང་གེའི་ཁྲི་ལ་དེ་བཞིན་གཤེགས་པ་བཞུགས་ཏེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་འཆད་པར་ཤེས་སོ། །དེ་ནས་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དག་དང ། དེ་མ་ཡིན་པའི་ལྷའི་བུ་གཞན་དག་གིས་ཀྱང་བཅོམ་ལྡན་འདས་ཀྱི་སེང་གེའི་ཁྲི་བཤམས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་སེང་གེའི་ཁྲི་འདི་ཉིད་ལ་བཞུགས་ཏེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་བཤད་དུ་ གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་མཛད་པས། སེང་གེའི་ཁྲི་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ་དེ་ལ་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་མངོན་པར་སྤྲུལ་ནས། སེང་གེའི་ཁྲི་དེ་དག་ཐམས་ཅད་ ལ་དེ་བཞིན་གཤེགས་པ་དག་བཞུགས་པར་སྣང་བ་དེ་འདྲ་བའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་མཛད་ནས། དེ་ན་ལྷའི་བུ་རེ་རེ་ཞིང་བདག་བདག་གི་སེང་གེའི་ཁྲི་དེ་ཉིད་ལ་དེ་བཞིན་གཤེགས་པ་བཞུགས་པར་མཐོང་གི་ཕན་ཚུན་དུ་གཅིག་གིས་གཅིག་གི་ཁྲི་ནི་མ་མཐོང་སྟེ། དེ་ནི་བརྒྱ་བྱིན་རེ་རེ་
55-1-258b
ཞིང་བརྒྱ་བྱིན་གཉིས་པ་ལ་ཀྱེ་གྲོགས་པོ་དེ་བཞིན་གཤེགས་པ་ཁོ་བོའི་སེང་གེའི་ཁྲི་ལ་བཞུགས་ཀྱིས་ལྟོས་ཤིག་ཅེས་སྟོན་ཏོ། །གཉིས་པ་ཡང་གསུམ་པ་ལ་ཀྱེ་གྲོགས་པོ་དེ་བཞིན་གཤེགས་པ་ཁོ་བོའི་སེང་གེའི་ཁྲི་ལ་བཞུགས་ཀྱིས་ལྟོས་ཤིག་ཅེས་སྨྲའོ། །དེ་བཞིན་དུ་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དེ་དག་ཐམས་ཅད་དང ། ལྷ་དེ་དག་ཐམས་ཅད་ཀྱང་ཕན་ཚུན་གཅིག་ལ་གཅིག་ཀྱེ་གྲོགས་པོ་དག་དེ་བཞིན་གཤེགས་པ་ཁོ་བོའི་སེང་གེའི་ཁྲི་ལ་བཞུགས་ཀྱིས་ལྟོས་ཤིག་ཅེས་སྟོན་ཏོ། །དེ་ན་རེ་རེ་ཞིང་ཡང་རེ་རེ་དག་ལ་དེ་བཞིན་གཤེགས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འཆད་པ་ ཁོ་བོའི་སེང་གེའི་ཁྲི་ལ་བཞུགས་ཀྱི་ཁྱོད་ཀྱི་ལ་ནི་མ་ཡིན་ནོ་ཞེས་དེ་སྐད་ཅེས་སྨྲའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དེ་དག་དང ། ལྷའི་བུ་དེ་དག་གདུལ་བའི་དབང་དང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཡང་བརྩམ་པ་ཙམ་བསྟན་པ་དང ། ཐེག་ པ་ཆེན་པོ་ཡང་ཡོངས་སུ་བསྡུ་བ་བསྟན་པའི་ཕྱིར་དེའི་ཚེ་ཅི་ནས་ཀྱང་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་ཐམས་ཅད་དང ། ལྷའི་བུ་དེ་དག་གིས་སེང་གེའི་ཁྲི་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ་དེ་དག་ལ་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བཞུགས་ པར་མཐོང་བ་དེ་ལྟ་བུའི་ལྟས་བསྟན་ཏོ། །དེ་ན་འཁོར་དེ་དག་ཐམས་ཅད་ངོ་མཚར་དུ་གྱུར་ནས་བདག་བདག་གི་སྟན་དེ་དག་ལས་ལངས་ཏེ། ཐམས་ཅད་ཀྱིས་ཐལ་མོ་སྦྱར་ནས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཏེ། ཚིག་འདི་སྐད་ཅེས་ལེགས་སོ་ལེགས་སོ། །འདི་ལྟར་དེ་བཞིན་གཤེགས་ པས་ལྷའི་བུ་འདི་དག་གི་བསམ་པ་ཡོངས་སུ་རྫོགས་པར་མཛད་པ་ནི་ངོ་མཚར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་བོ་ཞེས་སྨྲས་སོ། །དེ་ལྟར་ལྷའི་བུ་ཇི་སྙེད་ཀྱིས་སངས་རྒྱས་ཀྱི་སེང་གེའི་ཁྲི་བཤམས་པ་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་ རྣམ་པར་འཕྲུལ་པའི་ཆོ་འཕྲུལ་འདི་ལྟ་བུ་འདི་མཐོང་ནས། ཐམས་ཅད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཚིག་འདི་སྐད་ཅེས། བཅོམ་ལྡན་འདས་བདག་ཅག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་བགྱི་བ་དང ། སེམས་ཅན་ཐམས་ཅད་ཀྱི་སྡུག་
55-1-259a
བསྔལ་ཞི་བར་བགྱི་བ་དང ། དམ་པའི་ཆོས་ཡོངས་སུ་གཟུང་བ་དང ། སངས་རྒྱས་ཀྱི་ཚུལ་རྒྱུན་མི་འཆད་པར་བགྱི་བའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བཅོམ་ལྡན་འདས་ཇི་ལྟར་ད་ལྟར་ན། བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་འཕྲུལ་པ་དེ་བཞིན་དུ་བདག་ཅག་ཀྱང་མ་འོངས་པའི་དུས་ན་སངས་རྒྱས་ཀྱི་ཡུལ་ལ་གནས་ཏེ། རྣམ་པར་འཕྲུལ་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ། ། ལེགས་སོ། །ལྷའི་བུ་དག་དེ་དེ་བཞིན་ནོ། །ལྷའི་བུ་དག་ཇི་སྐད་སྨྲས་པ་དེ་བཞིན་ཏེ། གང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱ་བ་དང ། དམ་པའི་ཆོས་ཡོངས་སུ་གཟུང་བ་དང ། སངས་རྒྱས་ཀྱི་ཚུལ་རྒྱུན་མི་ཆད་པར་བྱ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ སེམས་བསྐྱེད་པ་དེ་ནི་དེ་བཞིན་གཤེགས་པ་ལ་མཆོད་པའི་དམ་པ་ཡིན་ནོ། །དེ་ནས་ཚངས་པའི་འཁོར་དེའི་ནང་ནས་ཚངས་པ་མཉམ་པ་ཉིད་ལ་གནས་པ་ཞེས་བྱ་བས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་ཡང་དག་པ་གང་བདག་གི་སེང་གེའི་ཁྲི་ལ་བཞུགས་པ་ ལགས་སམ། གང་གཞན་གྱི་སེང་གེའི་ཁྲི་ལ་བཞུགས་པ་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚངས་པ་མཉམ་པ་ཉིད་ལ་གནས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་ཆོས་ཐམས་ཅད་ནི་བདག་པོ་མེད་པའི་ཕྱིར་སྒྱུ་མ་ལྟ་བུར་བྱུང་བ། རྣམ་པར་སྒྲུབ་ པས་ཉེ་བར་གནས་པའི་མཚན་ཉིད་བྱེད་པ་མེད་པ་ཡོངས་སུ་རྟོགས་པ་ལས་བྱུང་བ་སྟེ། དེ་དག་ནི་ཇི་ལྟ་ཇི་ལྟར་འདོད་པ་དེ་ལྟ་དེ་ལྟར་རྣམ་པར་སྒྲུབ་བོ། །ཚངས་པ་དེ་བཞིན་གཤེགས་པ་འདི་དག་ཐམས་ཅད་ནི་ཡང་དག་པ་མ་ཡིན་ནོ། །ཚངས་པ་ཇི་ལྟར་ན་དེ་བཞིན་གཤེགས་པ་འདི་དག་ཐམས་ ཅད་ཡང་དག་པ་མ་ཡིན་ཞེ་ན། འདི་དག་ནི་བདེན་པ་མ་ཡིན་ཏེ། འདི་དག་ནི་མི་བདེན་པས་ན་དེའི་ཕྱིར་འདི་དག་ནི་ཡང་དག་པ་མ་ཡིན་ནོ། །བྱུང་བ་མ་ཡིན། འབྱུང་བར་འགྱུར་བ་ཡང་མ་ཡིན་པས་ན། དེའི་ཕྱིར་འདི་དག་ནི་ཡང་དག་པ་མ་ཡིན་ནོ། །འདི་དག་ནི་འབྱུང་བ་ཆེན་པོས་མ་
55-1-259b
བསྡུས་པས་ན་དེའི་ཕྱིར་འདི་དག་ནི་ཡང་དག་པ་མ་ཡིན་ནོ། །འདི་དག་ནི་ཕུང་པོས་མ་བསྡུས། ཁམས་ཀྱིས་མ་བསྡུས། སྐྱེ་མཆེད་ཀྱིས་མ་བསྡུས་པས་ན། དེའི་ཕྱིར་འདི་དག་ནི་ཡང་དག་པ་མ་ཡིན་ནོ། །འདི་དག་ནི་ཡང་དག་པ་མ་ཡིན། སྐྱེས་པ་མ་ཡིན། བྱུང་བ་མ་ཡིན་པས་ན། དེའི་ ཕྱིར་འདི་དག་ནི་ཡང་དག་པ་མ་ཡིན་ནོ། །འདི་དག་ནི་ཡང་དག་པ་མ་ཡིན་ཏེ། ཐོག་མ་ཇི་ལྟ་བར་ཐ་མར་ཡང་དེ་བཞིན། བར་དུ་ཡང་དེ་བཞིན་པས་ན་དེའི་ཕྱིར་འདི་དག་ནི་ཡང་དག་པ་མ་ཡིན་ནོ། །ཚངས་པ་དེ་བཞིན་གཤེགས་པ་འདི་དག་ཐམས་ཅད་ནི་མཉམ་པ་སྟེ་ཁྱད་པར་མེད་དོ། །གསོལ་ པ། བཅོམ་ལྡན་འདས་ཅིའི་སླད་དུ་ན་དེ་བཞིན་གཤེགས་པ་འདི་དག་ཐམས་ཅད་མཉམ་སྟེ་ཁྱད་པར་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་དེ་བཞིན་གཤེགས་པ་འདི་དག་ནི་གཟུགས་ཀྱི་དེ་བཞིན་ཉིད་ཀྱིས་མཉམ། ཚོར་བ་དང ། འདུ་ཤེས་དང ། འདུ་ བྱེད་དང ། རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱིས་མཉམ་པས་ན་དེའི་ཕྱིར་འདི་དག་ནི་མཉམ་མོ། །ཚངས་པ་དེ་བཞིན་གཤེགས་པ་འདི་དག་ཐམས་ཅད་ནི་ཐོག་མའི་མཐའི་དེ་བཞིན་ཉིད་ཀྱིས་མཉམ། ཐ་མའི་མཐའི་དེ་བཞིན་ཉིད་ཀྱིས་མཉམ། ད་ལྟར་བྱུང་བའི་དེ་བཞིན་ཉིད་ཀྱིས་མཉམ་མོ། ། ཚངས་པ་དེ་བཞིན་གཤེགས་པ་འདི་དག་ནི་སྒྱུ་མའི་ཆོས་ཀྱི་དེ་བཞིན་ཉིད་ཀྱིས་མཉམ། མིག་ཡོར་གྱི་ཆོས་ཀྱི་དེ་བཞིན་ཉིད་ཀྱིས་མཉམ་པས་ན། དེའི་ཕྱིར་འདི་དག་ནི་མཉམ་མོ། །ཚངས་པ་དེ་བཞིན་གཤེགས་པ་འདི་དག་ནི་མ་འོངས་པའི་དེ་བཞིན་ཉིད་ཀྱིས་མཉམ། ད་ལྟར་བྱུང་བའི་དེ་བཞིན་ ཉིད་ཀྱིས་མཉམ། མ་ཆགས་པའི་དེ་བཞིན་ཉིད་ཀྱིས་མཉམ་པས་ན་དེའི་ཕྱིར་འདི་དག་ནི་མཉམ་པ་ཞེས་བྱའོ། །ཆོས་ཐམས་ཅད་གང་དང་མཉམ་པ་འདི་དག་ཀྱང་དེ་དང་མཉམ། སེམས་ཅན་ཐམས་ཅད་གང་དང་མཉམ་པ་འདི་དག་ཀྱང་དེ་དང་མཉམ། སངས་རྒྱས་ཐམས་ཅད་གང་དང་མཉམ་ པ་འདི་དག་ཀྱང་དེ་དང་མཉམ། སངས་རྒྱས་ཀྱི་ཞིང་ཐམས་ཅད་གང་དང་མཉམ་པ་འདི་དག་ཀྱང་དེ་དང་མཉམ་པས་ན་ཚངས་པ་དེ་བཞིན་གཤེགས་པ་འདི་དག་ནི་མཉམ་པ་ཉིད་ལས་མི་འདའ་སྟེ། དེའི་ཕྱིར་འདི་དག་ནི་མཉམ་མོ། །ཚངས་པ་དེ་བས་ན་དེ་བཞིན་གཤེགས་པ་འདི་དག་ནི་མཉམ་
55-1-260a
པ་ཉིད་ལས་མ་འདས་ཏེ། དེའི་ཕྱིར་འདི་དག་ནི་མཉམ་མོ། །ཚངས་པ་དེ་ལྟ་བས་ན་དེ་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཉམ་པར་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་གནས་པ་ཞེས་བྱའོ། ། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་མཉམ་པ་ཉིད་ལ་གནས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་དེ་ལྟར་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་མངོན་པར་རྫོགས་པར་སངས་རྒྱས་ལ། གཟུགས་ཀྱི་སྐུ་ཡོངས་སུ་གྲུབ་པ་ཡང་སེམས་ཅན་རྣམས་ལ་སྟོན་པ་ ངོ་མཚར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་དེ་ནི་སྔོན་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་སྦྱངས་པའི་ཁྱད་པར་ཡིན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་དེ་ལྟར་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས། གཟུགས་ཀྱི་སྐུ་ཡོངས་སུ་ གྲུབ་པ་ཡང་སེམས་ཅན་རྣམས་ལ་སྟོན་ཏོ། །དེ་བཞིན་གཤེགས་པ་ལ་བལྟ་བ་བསྟན་པ་འདི་བཤད་པ་ན། ཚངས་པ་མཉམ་པ་ཉིད་ལ་གནས་པས་ཆོས་ལ་རྗེས་སུ་འཐུན་པའི་བཟོད་པ་ཐོབ་བོ། །ལྷའི་བུ་ཁྲིས་ཀྱང་ཆོས་ལ་རྗེས་སུ་འཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་དེ་འདྲ་བའི་རྫུ་འཕྲུལ་བསྡུས་ནས། དེ་བཞིན་གཤེགས་པའི་སྐུ་དེ་དག་ཐམས་ཅད་མི་སྣང་བར་བྱས་པ་དང ། འཁོར་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་གཅིག་པུ་མཐོང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པ་ལ་བཀའ་སྩལ་ པ། བློ་གྲོས་བརྟན་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི་བྱང་ཆུབ་སེམས་དཔའ་ས་དང་པོ་ལ་གནས་པས་མི་འཐོབ། ས་གཉིས་པ་ལ་གནས་པས་མ་ཡིན། ས་གསུམ་པ་ལ་གནས་པས་མ་ཡིན། ས་བཞི་པ་ལ་གནས་པས་མ་ཡིན། ས་ལྔ་པ་ལ་གནས་པས་མ་ཡིན། ས་ དྲུག་པ་ལ་གནས་པས་མ་ཡིན། ས་བདུན་པ་ལ་གནས་པས་མ་ཡིན། ས་བརྒྱད་པ་ལ་གནས་པས་མ་ཡིན། བྱང་ཆུབ་སེམས་དཔའ་ས་དགུ་པ་ལ་གནས་པས་མི་འཐོབ་ཀྱི། བློ་གྲོས་བརྟན་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི་བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་གནས་པས་
55-1-260b
འཐོབ་བོ། །བློ་གྲོས་བརྟན་པ་དེ་ལ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དེ་གང་ཞེ་ན། འདི་ལྟ་སྟེ། ནམ་མཁའི་ཁམས་བཞིན་དུ་སེམས་བསྐྱེད་པ་ཤིན་ཏུ་ཡོངས་སུ་སྦྱང་བ་བྱས་པ་དང ། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་རྟོག་པ་མངོན་སུམ་དུ་གྱུར་པ་དང ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་ མཆོག་དང ། མཆོག་མ་ཡིན་པ་ཤེས་པ་དང ། གནས་དང་གནས་མ་ཡིན་པ་ལ་རྣམ་པར་ལྟ་བ་མངོན་སུམ་དུ་གྱུར་པ་དང ། ལས་རྣམ་པར་འབྱེད་པ་ཐམས་ཅད་ལ་ལས་ཀྱི་རྣམ་པར་སྨིན་པ་ལ་འཇུག་པ་ཤེས་པ་དང ། མོས་པ་སྣ་ཚོགས་ལ་འཇུག་པ་མི་བརྗེད་པ་དང ། ཁམས་སྣ་ཚོགས་ དང ། ཁམས་དུ་མ་དག་མངོན་སུམ་དུ་གྱུར་པ་དང ། ཚངས་པའི་དབྱངས་དང ། ཏིང་ངེ་འཛིན་གྱིས་རྣམ་པར་རྩེ་བ་དང ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མཐོང་ཞིང་ཤེས་པ་དང ། ཏིང་ངེ་འཛིན་དང ། སྙོམས་པར་འཇུག་པ་ཐམས་ཅད་གཅིག་ཏུ་གྱུར་པ་དང ། ཐམས་ཅད་དུ་འགྲོ་བའི་ལམ་ ཤེས་པས་རྣམ་པར་ལྟ་བ་དང ། སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་ལ་སྒྲིབ་པ་མེད་པ་དང ། ལྷའི་མིག་ཐོགས་པ་མེད་པས་མཐོང་བ་དང ། ཟག་པ་ཟད་པར་བྱ་བ་དང ། སྤང་བར་བྱ་བའི་ཕྱིར་དུས་གཅིག་ཏུ་འཐོབ་པ་ཤེས་པ་དང ། གཟུགས་དང་གཟུགས་མེད་པའི་མཉམ་པ་ཉིད་ལ་ འཇུག་པ་ཤེས་པ་དང ། གཟུགས་ཐམས་ཅད་སྟོན་ཅིང་རྣམ་པར་འཕྲུལ་པས་རྣམ་པར་རྩེ་བ་དང ། སྒྲ་སྐད་ཐམས་ཅད་བྲག་ཅའི་སྒྲ་དང་མཉམ་པ་དང ། དབྱངས་ཀྱི་ཡན་ལག་རྣམ་པར་དག་པ་དང ། གཟུངས་ལ་འཇུག་པ་ཤེས་པ་དང ། སེམས་ཅན་ཐམས་ཅད་ལེགས་པར་བཤད་པས་ ཚིམ་པར་བྱེད་པ་དང ། སོ་སོ་ཅི་རིགས་པར་ཆོས་འཆད་པ་དང ། དུས་དང་དུས་མ་ཡིན་པ་ལ་རྣམ་པར་ལྟ་བ་དང ། དབང་པོ་འགྱུར་བ་ཤེས་པ་དང ། ཆོས་འཆད་པ་དོན་མེད་པ་མ་ཡིན་པ་དང ། ཡང་དག་པའི་མཐའ་ལ་འཇུག་པ་ཤེས་པ་དང ། སེམས་ཅན་ཐམས་ཅད་རབ་ཏུ་གཟུང་ བ་དང ། ཚར་གཅད་པ་ལ་མཁས་པ་ཤེས་པ་དང ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང ། སྤྱོད་ལམ་མ་བརྟགས་པ་དང ། རྟོག་པ་དང ། རྣམ་པར་རྟོག་པ་དང ། ཡོངས་སུ་རྟོག་པ་ཐམས་ཅད་ཡང་དག་པར་བཅོམ་པ་དང ། ཆོས་ཀྱི་དབྱིངས་ཐ་མི་དད་
55-1-261a
པ་མཉམ་པའི་ངོས་ལ་འཇུག་པ་ཤེས་པ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་སྐད་ཅིག་གིས་ལུས་སྟོན་པ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་བཤད་པ་འཛིན་ཅིང་མི་བརྗེད་པ་དང ། མིག་ཡོར་ལྟ་བུའི་ལུས་འཇིག་རྟེན་གྱི་ཁམས་ཐམས་ ཅད་དུ་རྣམ་པར་འཕྲུལ་པ་དང ། ཐེག་པ་ཐམས་ཅད་ཀྱི་ངེས་པར་འབྱུང་བ་སྟོན་པ་ལ་མཁས་པ་དང ། ཐེག་པ་ཆེན་པོ་ལས་མི་ཉམས་པ་དང ། དཀོན་མཆོག་གསུམ་གྱི་རིགས་འཛིན་པ་དང ། ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པར་གོ་ཆ་སྲ་ཞིང་ཡོངས་སུ་མི་སྐྱོ་བ་དང ། སྐྱེ་བའི་གནས་ ཐམས་ཅད་དུ་ཅི་རིགས་པར་བྱེད་པར་སྟོན་པ་དང ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ཤེས་པ་ལ་མཁས་པ་དང ། ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱིས་གཏིང་དཔག་དཀའ་བ་དང ། དབྱངས་ཀྱི་ཡན་ལག་ཐམས་ཅད་མངོན་པར་སྒྲུབ་པ་བསྟན་པ་ཤེས་ པ་དང ། ཆོས་ཐམས་ཅད་ལས་མངོན་པར་འཕགས་པའི་གནས་ཤེས་པ་དང ། བསྐལ་པ་གཅིག་ཏུ་བསྐལ་པ་གྲངས་མེད་པ་འཇུག་པ་དང ། བསྐལ་པ་གྲངས་མེད་པ་ལ་བསྐལ་པ་གཅིག་འཇུག་པ་དང ། ཞིང་ཐམས་ཅད་དུ་ཞིང་གཅིག་ཡང་དག་པར་འདུ་ཞིང་འཇུག་པ་དང ། ཞིང་ གཅིག་ལ་ཞིང་ཐམས་ཅད་སྟོན་པ་ཤེས་པ་དང ། སྐྲའི་ཁྱོན་གཅིག་ལ་སངས་རྒྱས་ཀྱི་ཞིང་བསམ་གྱིས་མི་ཁྱབ་པའི་འདུ་ཤེས་སུ་གྱུར་པ་འཇུག་པ་ཤེས་པ་དང ། སེམས་ཅན་གཅིག་གི་ལུས་ལ་སེམས་ཅན་ཐམས་ཅད་ཀྱི་ལུས་ཡང་དག་པར་འདུ་ཞིང་འཇུག་པ་ཤེས་པ་དང ། སངས་ རྒྱས་ཀྱི་ཞིང་ཐམས་ཅད་ནམ་མཁའ་དང་མཉམ་པ་ཉིད་དུ་རྟོགས་པ་དང ། རང་གི་ལུས་ལ་སངས་རྒྱས་ཀྱི་ཞིང་མ་ལུས་པ་ཐམས་ཅད་རྒྱས་པར་འགེངས་པ་དང ། རང་གི་ལུས་ལུས་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་དང ། ཆོས་ཐམས་ཅད་མཚན་ཉིད་མེད་པར་རྟོགས་པ་ལ་མཁས་པ་ དང ། ཐབས་ཐམས་ཅད་ལ་མཁས་པ་དང ། ཐབས་ཐམས་ཅད་ལ་མཁས་པའི་བྱ་བ་ཤེས་པ་དང ། སྒྲ་སྐད་གཅིག་ཕྱུང་བས་ཆོས་ཀྱི་དབྱིངས་ཐམས་ཅད་དུ་གྲགས་པ་དང ། ཚིག་གཅིག་ལ་བརྩམས་ནས་བསྐལ་པ་གྲངས་མེད་པར་འཆད་པ་དང ། ཆོས་ཐམས་ཅད་སངས་
55-1-261b
རྒྱས་ཀྱི་ཆོས་སུ་རྟོགས་པ་དང ། ཆོས་ཀྱི་ཚིག་རབ་ཏུ་དབྱེ་བ་ཐམས་ཅད་བསྟན་པ་ལ་མཁས་པ་ཤེས་པ་དང ། འགྲེ་བ་དང་འགྲེ་བ་མ་ཡིན་པ་ལ་མཁས་པ་ཤེས་པས་རྣམ་པར་དཔྱོད་པ་དང ། ཟུང་གི་རིམ་པ་དང ། སྣརེལ་ཞིའི་རྒྱུད་བསྟན་པ་ཤེས་པ་དང ། བདུད་ཀྱི་ལས་ཐམས་ཅད་ལས་ཡང་ དག་པར་འདའ་བ་ཤེས་པ་དང ། ཐབས་ཆེན་པོ་ལ་མཁས་པས་ཤེས་རབ་དང ། ཡེ་ཤེས་ཀྱི་འོད་ཟེར་གཏོང་བ་དང ། ལུས་དང ། ངག་དང ། ཡིད་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བ་དང ། མངོན་པར་འདུ་མི་བྱེད་པའི་རྫུ་འཕྲུལ་མངོན་དུ་གྱུར་ཅིང་ཐོབ་པ་དང ། སོ་སོ་ཡང་དག་པར་རིག་པ་ བཞིས་སེམས་ཅན་གྱི་ཁམས་ཐམས་ཅད་ཚིམ་པར་བྱེད་པ་དང ། ཆོས་ཀྱི་དབྱིངས་ཐམས་ཅད་ཀྱིས་ཀླས་པར་རྣམ་པར་འཕྲུལ་པ་སྟོན་པ་དང ། བསྡུ་བའི་དངོས་པོ་བཞིས་སེམས་ཅན་ཐམས་ཅད་ཡོངས་སུ་འཛིན་པ་དང ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་གྱི་ཐ་སྙད་ ཐམས་ཅད་རྟོགས་པ་དང ། སྒྱུ་མ་ལྟ་བུའི་ཆོས་སྒྲུབ་པ་ལ་ཐེ་ཚོམ་མེད་པ་དང ། སྐྱེ་བ་ཐམས་ཅད་ལ་དབང་ཐོབ་པ་ཡོངས་སུ་རྫོགས་པ་དང ། ཡོ་བྱད་ལ་དབང་ཐོབ་པ་དང ། སེམས་ཅན་ཐམས་ཅད་བསམ་པ་བཞིན་དུ་ཚིམ་པར་བྱེད་པ་དང ། ཚུལ་ཁྲིམས་འཆལ་པ་དང ། ཚུལ་ཁྲིམས་ དང་ལྡན་པ་ལ་སྦྱིན་གནས་སུ་སེམས་མཉམ་པ་དང ། བྱང་ཆུབ་སེམས་དཔའི་གསང་བ་ཐམས་ཅད་ཐོབ་པ་དང ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཟེར་གཏོང་བ་དང ། ཐམས་ཅད་མཁྱེན་པའི་རྒྱ་མཚོ་དུག་ཅན་པ་གཏིང་དཔག་དཀའ་བ་ཤེས་པ་དང ། སེམས་ས་དང ། ཆུ་དང ། མེ་དང ། རླུང་དང ། མཉམ་པ་དང ། ཚིག་བསྟན་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་སྐོར་བ་དང ། དེ་བཞིན་གཤེགས་པའི་ས་ལ་འཇུག་པ་དང ། མ་བསྟན་པར་རང་གིས་བཟོད་པ་དང ། ཡེ་ཤེས་ཐོབ་པ་དང ། རིན་པོ་ཆེ་ལྟ་བུའི་སེམས་བསྐྱེད་པས་ཀུན་ནས་ཉོན་མོངས་པ་ཐམས་ ཅད་ཀྱི་དྲི་མས་མི་གོས་པ་དང ། སྤུ་གཅིག་གི་ཁུང་བུར་ཆུའི་ཕུང་པོ་ཐམས་ཅད་ཆུད་པར་བྱེད་ལ། ཆུ་ན་གནས་པའི་སེམས་ཅན་ལ་ཡང་གནོད་པར་མི་འགྱུར་བ་དང ། དགེ་བའི་རྩ་བ་ཚད་མེད་པའི་བསོད་ནམས་སྩོགས་པའི་སྙིང་པོ་ཡོངས་སུ་བསྔོ་བ་ལ་མཁས་པའི་བྱ་བ་ཤེས་པ་དང་།
55-1-262a
སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དང ། འཕྲུལ་པ་ལ་ཡེ་ཤེས་ཐོགས་པ་མེད་པ་དང ། སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་དབུགས་འབྱིན་པ་ཐོབ་པ་དང ། རང་གི་ལུས་ཀྱི་སྨོན་ལམ་གྱིས་སེམས་ཅན་འཛིན་པའི་སྤྱོད་པའི་གནས་རྒྱུན་མ་ བཅད་པ་ཀུན་ཏུ་སྟོན་པ་དང ། སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་ལ་འཇུག་པ་དང ། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་རྣམ་པར་ལྟ་བ་མངོན་སུམ་དུ་གྱུར་པ་དང ། དེ་བཞིན་གཤེགས་པའི་གསང་བ་ལ་འཇུག་པ་དང ། རྩེ་བ་དང ། དགའ་བ་དང ། ལོངས་སྤྱོད་ཐམས་ཅད་ཀུན་ཏུ་སྟོན་ པ་དང ། སེམས་ཞི་ཞིང་རབ་ཏུ་ཞི་ལ་ཉེ་བར་ཞི་བ་དང ། ཐོས་པ་ཚད་མེད་པ་འཛིན་པ་རྫོགས་པ་དང ། ཐོས་པ་ཐམས་ཅད་ཀྱི་ནན་ཏན་རྒྱུན་མི་གཅོད་པ་དང ། འཇིག་རྟེན་གྱི་བྱ་བ་རྣམ་པ་སྣ་ཚོགས་ཀྱི་རྗེས་སུ་འཇུག་པ་དང ། འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མི་གོས་པ་དང ། བསྐལ་ པ་གྲངས་མེད་པ་སྔ་དྲོ་གཅིག་ཏུ་བྱིན་གྱིས་རློབ་ཅིང་ཆོས་འཆད་པ་དང ། སྤྱོད་ལམ་ཐམས་ཅད་དུ་ལྐུགས་པ་དང ། གྲུམ་པོ་དང ། རྣ་བ་མི་གསང་བ་དང ། གླེན་པ་དང ། འོན་པ་དང ། ལོང་བ་སྟོན་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང ། ལྕེའི་དབང་པོས་སངས་རྒྱས་ཀྱི་ཞིང་མ་ལུས་པ་ ཐམས་ཅད་ཁེབས་པར་བྱེད་པ་དང ། སངས་རྒྱས་མེད་པའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་འབྱུང་བ་སྟོན་པ་དང ། ལག་ན་རྡོ་རྗེ་འབུམ་རྟག་ཏུ་ཕྱི་བཞིན་དུ་འབྲང་བ་དང ། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་རང་བྱུང་གི་ཡེ་ཤེས་ལ་རྣམ་པར་ལྟ་བ་མངོན་སུམ་དུ་གྱུར་པ་དང ། རྟག་པར་འདུ་ ཤེས་པའི་སེམས་ཅན་རྣམས་ལ་སྲེག་པའི་བསྐལ་པ་སྟོན་པ་དང ། ཚེའི་ཚད་བསྐལ་པ་ཚད་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་བྱིན་གྱིས་རློབ་པ་དང ། སེམས་ཀྱིས་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྟོན་ཅིང་འགྲོ་བ་ཤེས་པ་དང ། ཉན་ཐོས་དང ། རང་སངས་ རྒྱས་ཐམས་ཅད་ཀྱི་སྤྱོད་ལམ་སྟོན་པ་དང ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་རྒྱུན་མི་གཅོད་པ་དང ། ཞི་ཞིང་རབ་ཏུ་ཞི་ལ་ཉེ་བར་ཞི་བ་དང ། མཚན་མ་མེད་པ་ལ་གནས་པ་དང ། སིལ་སྙན་དང ། ཕེག་རྡོབ་པ་དང ། རོལ་མོའི་སྒྲ་དབྱངས་འབྱིན་པ་དང ། དེ་བཞིན་གཤེགས་པ་
55-1-262b
ཐམས་ཅད་ལ་བལྟ་བ་དང ། བསྙེན་བཀུར་བྱ་བ་དང ། མཆོད་པར་བྱ་བ་རྒྱུན་མི་གཅོད་པ་དང ། ཐོས་པ་དང ། མཐོང་བ་དང ། ཕྱག་བྱ་བ་དང ། འདོད་པ་དང ། འགྲོ་བ་དང ། བསྟེན་པ་དང ། རྗེས་སུ་དྲན་པར་བྱས་ཏེ། སེམས་ཅན་མཐའ་ཡས་པ། ཚད་མེད་པ། ཡོངས་སུ་སྨིན་ པར་བྱེད་པ་དང ། སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་གདུལ་བའི་སེམས་ཅན་ཇི་ལྟར་ཡོངས་སུ་སྨིན་པ་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་དང ། རྣམ་པར་གྲོལ་བ་སྟོན་པ་དང ། བྱང་ཆུབ་སེམས་དཔའ་དག་མངལ་དུ་འཇུག་པ་དང ། བཙས་པ་དང ། མངོན་པར་འབྱུང་བ་དང ། དཀའ་བ་སྤྱོད་པ་དང ། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང ། བདུད་འདུལ་བ་དང ། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དང ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང ། མྱ་ངན་ལས་འདའ་བ་ཆེན་པོ་དང ། ལུས་འཇིག་པ་ཡང་སྟོན་ལ་བྱང་ཆུབ་སེམས་དཔའི་ཆོས་ཉིད་དེ་ཡང་མི་གཏོང་ ཞིང་ཤིན་ཏུ་ཕུང་པོ་མེད་པར་ཡང་མྱ་ངན་ལས་མི་འདའ་བ་འདི་ནི་བློ་གྲོས་བརྟན་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཅེས་བྱ་སྟེ། འདི་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་ཡུལ་ལོ། །གཞན་ཡང་དཔག་ཏུ་མེད་པ་དག་ཡོད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཇི་ལྟར་ནམ་མཁའ་དག་གྱུར་ ཅིང ། །རྡུལ་གྱིས་གོས་པར་མི་འགྱུར་བཞིན། །དཔའ་འགྲོ་ཏིང་འཛིན་གནས་པ་ཡང ། །ཡིད་ནི་དེ་ལྟར་སྒོམ་པར་བྱེད། །གང་ཕྱིར་ལུས་ཅན་ཐམས་ཅད་ཀྱི། །རྣམ་པར་བཅས་པའི་སེམས་ཤེས་པ། །དེས་ན་འདི་ནི་བདག་ཉིད་ཆེ། །དེ་ཡི་མཚན་མར་རབ་ཏུ་ཤེས། །དཔའ་འགྲོ་ རྟོགས་པར་ཁོང་ཆུད་པས། །སེམས་ཅན་དག་གི་དབང་པོ་རྣམས། །རྣོ་བ་དག་དང་རྟུལ་བ་དང ། །གནས་དང་གནས་མ་ཡིན་པ་ཤེས། །ལུས་ཀུན་རྣམ་པར་ཕྱེ་བ་དང ། །རྣམ་པར་སྨིན་པ་སྣ་ཚོགས་དང ། །སེམས་ཅན་རྣམས་ཀྱི་མོས་པ་ཡང ། །བདེ་གཤེགས་སྲས་དེས་ཤེས་ པར་འགྱུར། །སེམས་ཅན་ཁམས་ནི་མཁས་པ་ལ། །དེ་ནི་ཆགས་པར་འགྱུར་བ་མེད། །གང་ཕྱིར་དེ་ཡིས་མི་རྨོངས་པས། །ཚངས་དབྱངས་ཏིང་འཛིན་ཤེས་པར་འགྱུར། །རྡོ་རྗེ་སྙིང་པོའི་ཏིང་ངེ་འཛིན། །སྲ་བ་དེས་ནི་ཤེས་གྱུར་ནས། །ཏིང་ངེ་འཛིན་ལ་མཉམ་བཞག་སྟེ། །ལག་ན་
55-1-263a
འདུག་བཞིན་མཐོང་བར་འགྱུར། །ཆོས་རྣམས་ཀུན་གྱི་ལམ་གྱུར་པ། །ཐམས་ཅད་དུ་ནི་གང་འགྲོ་བའི། །དམ་པ་ཐུབ་པས་བཤད་པ་སྟེ། །དེ་དག་འདིས་ནི་རྟོགས་པར་འགྱུར། །དེ་ནས་དེ་ཡི་སྔོན་གྱི་གནས། །ཤེས་པ་ལ་ནི་འཇུག་པར་འགྱུར། །ལྷ་མིག་དྲི་མ་མེད་པ་ཡིས། ། འགྲོ་བ་དག་ནི་མཐོང་བར་འགྱུར། །ཟག་པ་དག་ནི་ཟད་བྱས་ཀྱང ། །མཁས་དེ་མྱ་ངན་འདའ་མི་བྱེད། །གཟུགས་ཡོད་པ་དང་གཟུགས་མེད་པའི། །མཚན་ཉིད་གཅིག་པ་མཉམ་པ་ཤེས། །ཇི་ལྟར་སྒྱུ་མའི་མཁན་པོ་དག་།སྣ་ཚོགས་རྣམ་པར་རྩེ་བ་ལྟར། །དཔའ་བོ་དེས་ནི་གཟུགས་ ཀུན་ཀྱང ། །ཏིང་ངེ་འཛིན་གྱིས་རིམ་གྱིས་སྟོན། །སྒྲ་ཀུན་གྱི་ནི་མཉམ་པ་ཉིད། །བྲག་ཅ་ལྟ་བུ་རྣམ་དག་དང ། །སེམས་ཅན་ཀུན་གྱི་སྐད་རྣམས་ཀྱང ། །སྐད་ཅིག་ཙམ་གྱིས་དེས་ཤེས་སོ། །གཟུངས་དང་ཡེ་ཤེས་ལྡན་པས་ན། །སྐད་ཀྱི་བྱེད་ལ་མྱུར་དུ་འཇུག་།སྒྲ་དབྱངས་ཀྱི་ནི་ཐོག་མའི་ མཐའ། །ཇི་ལྟ་བཞིན་དུ་རྟོགས་པར་འགྱུར། །རྡུལ་མེད་དྲན་དང་བློ་གྲོས་ཀྱིས། །ཐུབ་པ་གཤེགས་པར་མྱུར་དུ་འཇུག་།ལེགས་བཤད་པས་ནི་སེམས་ཅན་ལ། །སྡིག་པ་མེད་པ་ཡིད་དགའ་བྱེད། །སེམས་ཅན་རྣམས་ལ་ཅི་རིགས་པར། །དགྲ་བཅོམ་པ་ནི་ཆོས་འཆད་དེ། །མི་ཡི་དུས་ དང་དུས་མ་ཡིན། །བློས་ནི་རྣམ་པར་རྟོག་པར་བྱེད། །ཇི་ལྟར་དབང་པོ་རྣམས་འབྱུང་བ། །དེ་ལྟ་ཉིད་དུ་ཕྱི་ཕྱིར་ཞིང ། །ཆོ་ག་བཞིན་དུ་ཤེས་གྱུར་ནས། །བརྟན་པ་དམ་པ་དོན་ཡོད་སྟོན། །ཡང་དག་མཐའ་ནི་ཕྲ་བ་ཉིད། །ནད་དང་བྲལ་བས་རྟོགས་པར་འགྱུར། །སེམས་ཅན་བསྡུ་དང་ཚར་གཅད་ ལ། །དུས་རྣམས་ཀུན་ཏུ་མཁས་པར་འགྱུར། །རྟོག་དང་རྣམ་པར་རྟོག་ཀུན་བཅོམ། །ཀུན་ཏུ་རྟོག་པས་མ་བསྒྲིབས་པ། །ཕ་རོལ་ཕྱིན་པའི་ཕ་རོལ་ཐོབ། །སྤྱོད་ལམ་ལ་ནི་མི་རྟོག་གོ། །ཆོས་དབྱིངས་འདྲེས་པ་མེད་པ་ཡང ། །ཡེ་ཤེས་ཀྱིས་ནི་རྟོགས་པར་འགྱུར། །སངས་རྒྱས་གང་དག་ ཕྱོགས་བཞུགས་པ། །སྐད་ཅིག་ཏུ་ཡང་ཀུན་ཏུ་སྣང ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཆོས་བསྟན་གང་དག་ཅི་ཡོད་པ། །དེ་ཀུན་ཤེས་རབ་ལྡན་པས་ལེན། །རྨོངས་པ་དག་ཏུ་འགྱུར་བ་མེད། །མིག་ཡོར་ལྟ་བུའི་ལུས་རྣམས་ཀྱིས། །ཞིང་ཀུན་དུ་ཡང་སྣང་བར་འགྱུར། །
55-1-263b
ནད་མེད་ཐེག་པ་ཐམས་ཅད་པ། །བློ་ལྡན་སངས་རྒྱས་བཞིན་དུ་འཆད། །བརྟུལ་ཞུགས་བརྟན་པར་གྱུར་པ་དེ། །ཐེག་ཆེན་དེ་ལས་མི་ཉམས་ཏེ། །དཀོན་མཆོག་གསུམ་རིགས་གནས་བྱའི་ཕྱིར། །དེ་ལྟར་རྣམ་པ་གསུམ་དུ་འཆད། །ཕྱི་མའི་མཐར་ནི་གོ་བགོས་ཀྱང ། །དེ་ནི་སྐྱོ་བར་མི་འགྱུར་ཏེ། ། སྙིང་རྗེ་ལས་ནི་བྱུང་བ་སྟེ། །སེམས་ཅན་རིས་ནི་ཀུན་ན་སྣང ། །ཤིན་ཏུ་བློ་དང་ལྡན་པ་ཡིས། །སྐྱེ་བའི་མཚན་ཉིད་ཀུན་བསྟན་ཏེ། །མཁས་པས་སེམས་ཅན་ཐམས་ཅད་ནི། །མྱུར་དུ་ཡོངས་སུ་སྨིན་པར་བྱེད། །སེམས་ཅན་ཀུན་གྱི་བསམ་པ་དང ། །སེམས་ཀྱི་སྤྱོད་ཡུལ་ཤེས་པས་ན། ། དེ་བས་དེ་ནི་ཉན་ཐོས་དང ། །ལུས་ཅན་ཀུན་གྱིས་རྟོགས་པར་དཀའ། །གང་དུ་གཉིས་ནི་མེད་པ་དེར། །དབྱངས་ཀྱི་ཡན་ལག་ཀུན་སྒྲུབ་སྒྲུབ། །ཆོས་རྣམས་ཀུན་ལས་འཕགས་ཞི་བ། །གཞལ་ཡས་ཆོས་ནི་སྟོན་པར་བྱེད། །རྣམ་གྲོལ་ཤེས་པ་བསྐལ་གཅིག་ཏུ། །བསྐལ་པ་དུ་མ་སྟོན་པར་ བྱེད། །བསྐལ་པ་རྣམ་པ་དུ་མ་དག་།བསྐལ་པ་གཅིག་ཏུ་སྟོན་པར་བྱེད། །ཞིང་ནི་རྣམ་པ་དུ་མ་དག་།ཞིང་གཅིག་ཏུ་ནི་སྟོན་པར་བྱེད། །ཞིང་གཅིག་རྣམ་པ་དུ་མ་ཡི། །ཞིང་རྣམས་སུ་ནི་སྟོན་པར་བྱེད། །སྐྲ་ཡི་རྩེ་མོ་གཅིག་ཏུ་ཡང ། །ཞིང་རྣམས་ཐམས་ཅད་སྟོན་པར་བྱེད། །དེ་བཞིན་དུ་ནི་ ལུས་གཅིག་ལ། །སྡིག་མེད་ལུས་ཀུན་སྟོན་པར་བྱེད། །ཞིང་ཀུན་དཔེར་ན་ནམ་མཁའ་བཞིན། །དག་པ་ཉིད་དུ་རྟོགས་པར་འགྱུར། །དེ་ནི་བདག་གི་ལུས་ཀྱིས་ཀྱང ། །ཞིང་རྣམས་ཐམས་ཅད་ཁྱབ་པར་བྱེད། །བདག་གི་ལུས་དང་ཆོས་ཀྱི་དབྱིངས། །དེ་གཉིས་མཉམ་པར་རབ་ཏུ་ཤེས། །ཆོས་ ཀྱི་དབྱིངས་ནི་མཚན་མ་མེད། །སྣང་བ་མེད་པ་ཉིད་དུ་རྟོགས། །སྣ་ཚོགས་ཀྱི་ནི་ཐབས་ལ་མཁས། །སྒྲ་བསམ་མི་ཁྱབ་ནམ་མཁའ་བཞིན། །དོན་རིག་ཚིག་གཅིག་བརྩམས་བྱས་ནས། །བསྐལ་པའི་བར་དུ་འཆད་པར་བྱེད། །སེམས་ཅན་ཆེན་པོ་ཆོས་ཀུན་ལ། །སངས་རྒྱས་ཀྱིས་ནི་ཆོས་ སུ་རྟོགས། །ཚིག་གི་རབ་ཏུ་དབྱེ་བསྟན་ལ། །དེ་ཡི་མཁས་པ་འཇུག་པར་འགྱུར། །རྒྱུད་ཀྱི་རྣམ་པ་སྣ་ཚོགས་པ། །ཟུང་དང་སྣརེལ་ཞི་སྒྲུབ་པར་བྱེད། །བདུད་ཀྱི་ལམ་ནི་མནན་གྱུར་ནས། །ལུས་ལས་འོད་ཟེར་གཏོང་བར་བྱེད། །དེ་ཡི་ལུས་དང་ངག་ཡིད་ཀྱི། །ལས་ནི་ཡེ་ཤེས་སྔོན་དུ་འགྲོ། །
55-1-264a
དེ་ནི་ཚེ་རབས་ཚེ་རབས་སུ། །རྫུ་འཕྲུལ་མངོན་པར་ཐོབ་པར་འགྱུར། །སོ་སོར་རིག་པའི་སྟོབས་བསྐྱེད་པས། །དབང་ལྡན་ཆོས་ཀྱི་དབྱིངས་སུ་ནི། །རྣམ་པར་འཕྲུལ་པ་དུ་མ་བྱེད། །གཡོ་བ་མེད་པའི་གནས་འཆད་དོ། །བསྡུ་བ་རྣམ་པ་བཞི་པོ་ཡིས། །སེམས་ཅན་བུ་གཅིག་བཞིན་དུ་ སྡུད། །དེ་དག་གི་ནི་སྨྲ་བ་དང ། །སྒྲ་དང་སྐད་ཀྱང་ཤེས་པར་འགྱུར། །དེས་ནི་སྒྱུ་མ་འདྲ་བའི་ཆོས། །བྱིན་གྱིས་བརླབས་ནས་རྣམ་པར་འཕྲུལ། །སེམས་ཅན་ཐམས་ཅད་སྐྱེ་བར་གནས། །ནམ་མཁའ་ལྟ་བུར་སྣང་བར་འགྱུར། །རྣམ་ཐོས་བུ་ནི་ཇི་བཞིན་དུ། །ཡོ་བྱད་ཀུན་ལྡན་ཕྱུག་ཐོབ་ནས། ། སེམས་ཅན་རྣམས་ཀྱི་འདོད་པ་ཡི། །བསམ་པ་ཐམས་ཅད་རྫོགས་པར་བྱེད། །ཚུལ་ཁྲིམས་འཆལ་དང་ཁྲིམས་ལྡན་ལ། །དེ་ཡི་སེམས་ནི་དེ་ཚེ་མཉམ། །སངས་རྒྱས་རྣམས་ཀྱི་གསང་བ་ཡང ། །གང་ཟག་དམ་པས་ཤེས་པར་འགྱུར། །འོད་ཟེར་དྲ་བ་བྱས་ནས་ཀྱང ། །འཇིག་རྟེན་ཁམས་རྣམས་ ཁྱབ་བྱེད་དེ། །ཤེས་རབ་ལྡན་པས་གཏིང་དཔག་དཀའ། །རྒྱ་མཚོ་ཆེན་པོ་ཆུ་ལྡན་བཞིན། །ས་ཆུ་མེ་དང་མཚུངས་པ་དང ། །རླུང་དང་ནམ་མཁའ་འདྲ་བའི་ཡིད། །དེ་ནི་རྟག་པར་སེམས་ཅན་ལ། །སྙིང་བརྩེ་བ་ཡི་ཕྱིར་འཇུག་གོ། །སྲིད་པ་སེལ་བ་དེ་ཡིས་ནི། །མི་སྐྱེ་དམ་པའི་བཟོད་ཐོབ་ནས། ། ནོར་བུ་རིན་ཆེན་དག་པ་ལྟར། །དེ་བཞིན་ཉོན་མོངས་མི་གོས་སོ། །སྤུ་ཡི་ཁུང་བུ་གཅིག་ཏུ་ནི། །ཆུ་ཡི་ཕུང་པོ་ཀུན་འཇུག་ཅིང ། །བསྐལ་པ་ཆེན་པོ་རྣམ་པར་རྩེ། །དགེ་བ་ཕུན་སུམ་ཚོགས་པར་བྱེད། །ཡོངས་སུ་བསྔོ་བར་བྱ་བ་ལ། །དེ་ཡི་ཤེས་པ་མི་རྨོངས་ཏེ། །སེམས་ཅན་རྣམས་ཀྱི་སྤྱོད་ ཤེས་ནས། །འཕྲུལ་པ་ཆེན་པོ་བྱེད་པར་འགྱུར། །ཆོས་ཀུན་རྟོགས་པར་བྱ་བའི་ཕྱིར། །དེ་ཡི་སེམས་ནི་རྟག་པར་འཇུག་།ལུས་ནི་སྦྱངས་ཤིང་རྡུལ་མེད་དེ། །མྱ་ངན་བྲལ་བ་སེར་སྣ་མེད། །སེམས་ཅན་རྣམས་ནི་གང་ལས་སྐྱེ། །དེ་ནི་སྨད་པ་མེད་པས་ཤེས། །སངས་རྒྱས་རྣམས་ཀྱི་ སྤྱོད་ཡུལ་ཡང ། །སྨྲ་བའི་མཆོག་གིས་རབ་ཏུ་ཤེས། །དེ་བཞིན་གཤེགས་པས་གང་མཁྱེན་པ། །དེ་ཀུན་ལ་ནི་རྟོག་པར་བྱེད། །སངས་རྒྱས་རྣམས་ཀྱི་གསང་བ་ཀུན། །དེས་ནི་རྗེས་སུ་རྟོགས་པར་འགྱུར། །གང་ཡང་རྩེ་དང་དགའ་བ་དག་།དེ་དག་ཐམས་ཅད་དེས་སྟོན་ཏེ། །
55-1-264b
ཐོས་པ་དག་ནི་ཚད་མེད་པས། །ཐོས་པ་རྒྱ་མཚོ་ཐོབ་པར་འགྱུར། །ཐོས་པ་ཚོལ་བས་ངོམས་པ་མེད། །འཇིག་རྟེན་ཆོས་དང་འཐུན་འཇུག་པ། །འཇིག་རྟེན་གྱིས་ནི་མི་གོས་ཏེ། །མཚེའུའི་པད་མ་ཇི་བཞིན་ནོ། །དེ་ནི་སྔ་དྲོ་གཅིག་ཏུ་ཡང ། །བསྐལ་པ་མང་པོ་སྟོན་པར་བྱེད། །བདག་ནི་གླེན་པ་ ལྐུགས་པ་ཡི། །དབྱིབས་དག་ཏུ་ནི་སྟོན་པར་བྱེད། །ལག་ན་རྡོ་རྗེ་སྟོང་དག་དང ། །འགྲོགས་ཤིང་སེམས་ཅན་སྨིན་པར་བྱེད། །རང་བྱུང་བ་ནི་རྟག་ཏུ་ཤེས། །དེ་ཉིད་ལ་ནི་རྟོག་པར་བྱེད། །བསྐལ་པ་བསམ་གྱིས་མི་ཁྱབ་པའི། །ཚེ་ནི་སྐད་ཅིག་གཅིག་ལ་སྟོན། །དེ་ནི་ཉན་ཐོས་རང་རྒྱལ་གྱི། ། བྱེད་པ་དག་ཀྱང་སྟོན་པར་བྱེད། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ། །རྟག་པ་ཁོ་ནར་རྗེས་སུ་འཇུག་།སེམས་ཀྱིས་རྟག་ཏུ་ཞི་བ་དང ། །ཉེ་བར་ཞི་ཞིང་ཕུང་པོ་མེད། །སེམས་ཅན་དགའ་བར་བྱེད་པ་ཡི། །སིལ་སྙན་དཀྲོལ་བ་ཀུན་ཀྱང་ཤེས། །སངས་རྒྱས་རྣམས་ལ་ཕྱག་འཚལ་དང ། ། བསྙེན་བཀུར་བྱ་བ་གཏོང་མི་བྱེད། །མཐོང་བ་དང་ནི་ཐོས་པ་ཡིས། །སེམས་ཅན་མང་པོ་སྨིན་པར་བྱེད། །སྐད་ཅིག་ཏུ་ནི་སྣ་ཚོགས་པའི། །སེམས་ཅན་དག་ནི་སྟོན་པར་བྱེད། །དཔའ་བོ་ལ་ལར་བཙས་པ་དང ། །མངོན་པར་འབྱུང་དང་འཆི་བ་སྟོན། །ལ་ལར་ཡོངས་སུ་མྱ་ངན་འདའ། །ལ་ལར་ འཁོར་ལོ་བསྐོར་བའོ། །ལ་ལར་བདུད་རྣམས་རབ་ཏུ་འཇོམས། །ལ་ལར་དཀའ་བ་སྤྱོད་བྱེད་ཀྱང ། །སེམས་ཅན་ཐར་པར་བྱ་བའི་ཕྱིར། །ཤིན་ཏུ་མྱ་ངན་མི་འདའོ། ། དཔའ་བར་འགྲོ་བའི་ཏིང་འཛིན་གྱི། །ཡུལ་ནི་འདི་འདྲ་འདི་ཡིན་ཏེ། །གང་གིས་ཏིང་འཛིན་དེ་ཐོབ་པ། །དྲི་མེད་དེ་ལྟར་ རྣམ་པར་རྩེ། །བློ་གྲོས་བརྟན་པ་དེ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཅེས་བྱ་སྟེ། དེ་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་ཡུལ་ཡིན་ནོ། །གཞན་དག་ཀྱང་དཔག་ཏུ་མེད་པ་ཡོད་དོ། །བློ་གྲོས་བརྟན་པ་དེ་ལྟར་ན་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི་ཚད་མེད་པ་བསྟན་པའོ། །སངས་རྒྱས་ཐམས་ ཅད་ཀྱི་སྤྱོད་ཡུལ་དང་ཡུལ་བཀོད་པ་སྟོན་པའོ། །སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའོ། །འགྲོ་བ་ཐམས་ཅད་ལ་ཕན་འདོགས་པའོ། །བློ་གྲོས་བརྟན་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི་བཤད་པ་གཅིག་ཏུ་མི་བལྟ། སྤྱོད་ཡུལ་གཅིག་ཏུ་མ་ཡིན། རྣམ་པ་གཅིག་ཏུ་མ་ཡིན། དམིགས་པ་
55-1-265a
གཅིག་ཏུ་མ་ཡིན། དོན་གཅིག་ལས་བྱུང་བར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་བརྟན་པ་ཏིང་ངེ་འཛིན་ཐམས་ཅད་དང ། སྙོམས་པར་འཇུག་པ་ཐམས་ཅད་དང ། རྣམ་པར་ཐར་པ་ཐམས་ཅད་དང ། རྫུ་འཕྲུལ་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་ པའི་ཤེས་པ་དེ་དག་ཐམས་ཅད་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་ནང་དུ་འདུས་ཤིང་ཆུད་པར་བལྟའོ། །བློ་གྲོས་བརྟན་པ་འདི་ལྟ་སྟེ། དཔེར་ན་ཆུ་མིག་དང ། མཚེའུ་དང ། རྫིང་དང ། ལྟེང་ཀ་དང ། ཆུ་བྲན་དང ། འབབ་ཆུ་དང ། འབབ་ཆུ་ཆེན་པོ་གང་ཇི་སྙེད་པ་དེ་དག་ནི་རྒྱ་མཚོ་ཆེན་པོར་ འདུས་པར་བལྟའོ། །བློ་གྲོས་བརྟན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དང ། སྙོམས་པར་འཇུག་པ་དང ། རྣམ་པར་ཐར་པ་གང་ཇི་སྙེད་པ་དག་དང ། རྫུ་འཕྲུལ་ཐམས་ཅད་དང ། མངོན་པར་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པའི་ཤེས་པ་དེ་དག་ཐམས་ཅད་ནི་ དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་ནང་དུ་འདུས་པར་བལྟའོ། །བློ་གྲོས་བརྟན་པ་འདི་ལྟ་སྟེ། དཔེར་ན་རྒྱལ་པོའི་དཔུང་གི་ཚོགས་ཡན་ལག་བཞི་པ་ཐམས་ཅད་ནི་དཔའ་བོ་གཡུལ་དུ་འཇུག་པའི་ལག་ཏུ་སོང་ཞིང་དབང་དུ་གྱུར་པ་ཡིན་ཏེ། དཔའ་བོ་གཡུལ་དུ་འཇུག་པ་གང་དང་གང་དུ་ འགྲོ་བ་དེ་དང་དེར་དཔུང་གི་ཚོགས་ཡན་ལག་བཞི་པ་ཡང་འགྲོའོ། །བློ་གྲོས་བརྟན་པ་དེ་བཞིན་དུ་ཏིང་ངེ་འཛིན་གྱི་སྒོའམ། སྙོམས་པར་འཇུག་པའི་སྒོའམ། ཆོས་ལ་གནས་པའི་སྒོའམ། རྣམ་པར་ཐར་པའི་སྒོའམ། གཟུངས་ཀྱི་སྒོའམ། མངོན་པར་ཤེས་པ་དང ། རིག་པ་དང ། རྣམ་པར་གྲོལ་བའི་སྒོ་གང་ཇི་སྙེད་པ་ཆོས་ལ་གནས་པའི་སྒོ་དེ་དག་ཐམས་ཅད་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་ལག་ཏུ་སོང་བ་ཡིན། དབང་དུ་གྱུར་པ་ཡིན། མངོན་དུ་གྱུར་པ་ཡིན་ཏེ། བློ་གྲོས་བརྟན་པ་བྱང་ཆུབ་སེམས་དཔའི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གང་དང་གང་དུ་འགྲོ་བ་དེ་དང་ དེ་ཉིད་དུ་ཆོས་ལ་གནས་པའི་སྒོ་ཐམས་ཅད་འགྲོའོ། །བློ་གྲོས་བརྟན་པ་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་གར་འགྲོ་བ་དེར་རིན་པོ་ཆེ་སྣ་བདུན་ཡང་འགྲོའོ། །བློ་གྲོས་བརྟན་པ་དེ་བཞིན་དུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གར་འགྲོ་བ་དེར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱང་
55-1-265b
འགྲོ་ཞིང་རྗེས་སུ་འབྲང་སྟེ། དེ་བས་ན་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཅེས་བྱའོ།། །།བམ་པོ་གཉིས་པ། བློ་གྲོས་བརྟན་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ལོངས་སྤྱོད་བཙལ་ཏེ། སྦྱིན་པ་བགེད་པར་བྱེད་པར་མི་བལྟ་ཡི། བློ་གྲོས་ བརྟན་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རིན་པོ་ཆེ་གང་ཇི་སྙེད་པ་རྒྱ་མཚོ་ཆེན་པོ་ན་ཡོད་པའམ། ལྷའི་གནས་ན་ཡོད་པའམ། ཀླུའི་གནས་ན་ཡོད་པའམ། ས་ཆེན་པོའི་སྟེང་ན་ཡོད་པའམ། གནོད་སྦྱིན་གྱི་ལག་ན་ཡོད་པའམ། མིའི་འཇིག་རྟེན་ན་ཡོད་པའི་རིན་པོ་ཆེ་ཡང་ རུང ། ཟས་དང ། སྐོམ་དང ། གོས་དང ། བཞོན་པ་ཡང་རུང་སྟེ། དེ་དག་ཐམས་ཅད་ལ་དེ་དབང་ཕྱུག་ཏུ་གྱུར་པ་ཡིན། དབང་དུ་གྱུར་པ་ཡིན་ནོ། །གང་ལ་སྦྱིན་པར་འདོད་པ་དེ་ལ་སྦྱིན་པར་བྱེད་དེ། དེ་ཡང་སྔོན་གྱི་བསོད་ནམས་ཀྱིས་ཐོབ་པ་ཡིན་ན། ཡིད་ཀྱིས་རྫུ་འཕྲུལ་སྒྲུབ་པ་ལྟ་ཇི་སྨོས་ཏེ། བློ་ གྲོས་བརྟན་པ་དེ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་གནས་པའི་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བ་བྱེད་པའི་བྱེ་བྲག་ཏུ་བལྟའོ། །བློ་གྲོས་བརྟན་པ་གཞན་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཚུལ་ཁྲིམས་ལེན་ པར་མི་བྱེད་དེ། དེ་ནི་ཚུལ་ཁྲིམས་ཀྱི་ཆོས་ཉིད་ལས་ཀྱང་མི་གཡོ་ལ་སེམས་ཅན་གཞན་གདུལ་བའི་ཕྱིར་ཚུལ་ཁྲིམས་ཀྱང་ལེན་པར་བྱེད། བསླབ་པ་ཡང་ཡོངས་སུ་འཛིན་པར་བྱེད། ཆོ་ག་དང་སྤྱོད་པ་ཡང་སྟོན་ལ་ལྟུང་བ་ལས་བྱུང་བར་ཡང་ཤེས། འཐོལ་བ་དང ། འཆགས་པར་ ཡང་བྱེད་ལ་དེ་ཐམས་ཅད་དུ་ལྟུང་བ་མེད་པའི་ཆོས་དང་ཡང་ལྡན་པ་ཡིན། དེ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདོད་པའི་ཁམས་སུ་སྐྱེ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ནས། བུད་མེད་ཀྱི་ཚོགས་ཀྱིས་མདུན་དུ་བདར་ཅིང ། བཙུན་མོའི་འཁོར་གྱི་ནང་དུ་གནས་ ཏེ། འདོད་པ་ལ་ལོངས་སྤྱོད་པར་ཡང་སྣང་ཞིང ། བུ་ཕོ་དང ། བུ་མོ་དང ། ཆུང་མས་གཟིར་བའི་ཁྱིམ་ན་ཡང་གནས་ལ། དེ་ཡང་འདོད་ཆགས་དང་བྲལ་བ། ཏིང་ངེ་འཛིན་གྱི་ཆོས་ཉིད་ལ་གནས་པ། ཚུལ་ཁྲིམས་ཡོངས་སུ་དག་པ། ལེགས་པར་མཐོང་བས་སྲིད་པ་ལ་
55-1-266a
སྐྱོན་དུ་ལྟ་བ་ཡིན་ཏེ། བློ་གྲོས་བརྟན་པ་དེ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བ་བྱེད་པའི་བྱེ་བྲག་ཏུ་བལྟའོ། །བློ་གྲོས་བརྟན་པ་གཞན་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་གནས་ པའི་བྱང་ཆུབ་སེམས་དཔའ་ནི་ཤིན་ཏུ་སྐད་ཅིག་པས་བཟོད་པ་ལ་གནས་པ་ཡིན། སེམས་ཅན་ཐམས་ཅད་མ་སྐྱེས་པས་བཟོད་པ་སྒོམ་པར་བྱེད། ཆོས་ཐམས་ཅད་མ་བྱུང་བས་བཟོད་པ་སྒོམ་པར་བྱེད། སེམས་ལ་གཟུགས་མེད་པས་བཟོད་པ་སྒོམ་པར་བྱེད། བདག་ཀུན་ནས་མི་སློང་བས་ བཟོད་པ་སྒོམ་པར་བྱེད། གཞན་མི་དམིགས་པས་བཟོད་པ་སྒོམ་པར་བྱེད། འཁོར་བ་ལ་རློམ་སེམས་མེད་པས་བཟོད་པ་སྒོམ་པར་བྱེད། མྱ་ངན་ལས་འདས་པའི་རང་བཞིན་གྱིས་བཟོད་པ་སྒོམ་པར་བྱེད། རང་བཞིན་གྱིས་དབྱེར་མེད་པས་བཟོད་པ་སྒོམ་པར་བྱེད་དེ། དེ་བཟོད་པ་ཡང་སྒོམ་ལ་ ཆོས་གང་ལ་ཡང་སྒོམ་པར་མི་བྱེད། སྒོམ་པ་དང་བྲལ་བར་ཡང་མི་བྱེད་དོ། །དེ་དེ་ལྟར་བཟོད་པ་ལ་གནས་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདོད་པའི་ཁམས་སུ་སྐྱེ་སྟེ། གཤེ་བའི་དབང་པོར་ཡང་སྣང་ལ་ཆོས་ཉིད་ཀྱིས་གཤེ་བར་ཡང་མི་བྱེད། གནོད་སེམས་དང་ལྡན་པའི་དབང་ པོར་ཡང་སྣང་ལ་ངོ་བོ་ཉིད་བསྒོམས་པས་གནོད་སེམས་སུ་ཡང་མི་བྱེད། བསྙེན་པར་དཀའ་བར་ཡང་སྣང་ལ་ཆོས་གང་ལ་ཡང་ཉེ་བའམ། རིང་བར་ཡང་མི་གནས། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྤྱོད་ལམ་ཐམས་ཅད་རྣམ་པར་འཁྲུགས་པར་ཡང་བྱེད་ལ། ཆོས་ཀྱི་དབྱིངས་ འཁྲུགས་པར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །དེ་ནི་བཟོད་པ་སྨྲ་བ་ཡང་རྗོད་ལ་རྟག་པ་དང ། བརྟན་པ་དང ། ཐེར་ཟུག་དང་མི་འགྱུར་བའི་ཆོས་ཅན་གང་ཡང་མི་བཟོད་དོ། །དེ་དེ་ལྟར་བཟོད་པ་དང་ལྡན་པས་གནོད་སེམས་དང ། ཐ་བ་དང ། ཞེ་སྡང་དང ། ཁྲོ་བ་མང་བའི་སེམས་ ཅན་རྣམས་ལ་གནོད་སེམས་དང ། ཐ་བ་དང ། ཞེ་སྡང་དང ། ཁྲོ་བ་སྤང་བའི་ཕྱིར་བཟོད་པའི་བསྔགས་པ་ཡང་རྗོད་ལ་གནོད་སེམས་དང ། བཟོད་པ་ཡང་མི་དམིགས་ཤིང ། དེ་དུས་ཐམས་ཅད་དུ་མ་སྣང་མ་ཉམས་སོ། །བློ་གྲོས་བརྟན་པ་དེ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་
55-1-266b
གནས་པའི་བྱང་ཆུབ་སེམས་དཔའི་བཟོད་པ་ཡོངས་སུ་སྦྱོང་བར་བྱེད་པའི་བྱེ་བྲག་ཏུ་བལྟའོ། །བློ་གྲོས་བརྟན་པ་གཞན་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་དགེ་བའི་ཆོས་ཐམས་ཅད་བཙལ་བའི་ཕྱིར་བརྩོན་འགྲུས་ཀྱང་རྩོམ་ལ་ལུས་ཀྱིས་རྟུལ་བ་ཡང་མ་ ཡིན། ངག་དང་སེམས་ཀྱིས་རྟུལ་བ་ཡང་མ་ཡིན་ཏེ། བརྩོན་འགྲུས་རྩོམ་པ་དེ་ཡང་ཇི་ལྟར་ན་བདག་ལ་བལྟས་ཏེ་དེ་བཞིན་ཉིད་དུ་སློབ་ཅིང་དེ་བཞིན་དུ་ནན་ཏན་བྱེད་པར་འགྱུར་སྙམ་ནས། སེམས་ཅན་ལེ་ལོ་ཅན་རྣམས་ཀྱི་ཕྱིར་སྟོན་ཏོ། །དེ་བརྩོན་འགྲུས་ཀྱང་རྩོམ་ལ་ཐམས་ཅད་དུ་རྩོམ་པ་ ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་བྱང་ཆུབ་སེམས་དཔའ་དེས་ཆོས་ཀྱི་དབྱིངས་གནས་པ་ཉིད་མ་འོངས་མ་སོང་བ་རྟོགས་པའི་ཕྱིར་རོ། །དེ་དེ་ལྟར་གནས་པས་ལུས་དང ། ངག་དང ། སེམས་དང་བྲལ་བའི་བརྩོན་འགྲུས་ཀྱང་སྟོན་ལ་ཆོས་གང་ཡང་ཡོངས་སུ་གྲུབ་པར་ཡང་མི་མཐོང་ ངོ ། །དེ་བརྩོན་འགྲུས་བརྩམས་པར་ཡང་སྣང་ལ་དེ་ཕྱི་འམ་ནང་གི་ལུས་རྟུལ་བ་ཡང་མེད་དོ། །སངས་རྒྱས་ཀྱི་ཞིང་གྲངས་མེད་པར་འགྲོ་ཞིང་འོང་ཡང་ལུས་ཀྱི་ཆོས་ཉིད་ལས་ཀྱང་མི་གཡོའོ། །དེ་དགེ་བ་ཐམས་ཅད་རྩོམ་པར་ཡང་སྟོན་ལ་དེས་དགེ་བའམ། མི་དགེ་བའི་ཆོས་གང་ཡང་མི་ དམིགས་སོ། །ཐོས་པ་ཡོངས་སུ་ཚོལ་བར་ཡང་སྣང་ལ་དེ་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ལ་གཞན་གྱི་དྲིང་ལ་མི་འཇོག་པ་ཡང་ཡིན་ནོ། །མཁན་པོ་དང་སློབ་དཔོན་ཡང་ཚོལ་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱི་སློབ་དཔོན་ཡང་ཡིན་ནོ། །ཐལ་མོ་སྦྱར་ཏེ་ཆོས་ཀུན་ཆུབ་པར་བྱེད་པར་ ཡང་སྣང་ལ་དེ་ཐོགས་པ་མེད་པའི་སྤོབས་པ་ཡང་ཐོབ་བོ། །གུས་པར་བྱེད་པར་ཡང་སྣང་ལ་དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་ཡང་གུས་པར་བྱེད་དོ། །དེ་མངལ་ན་ཉལ་བར་ཡང་སྟོན་ལ་དེ་མངལ་གྱི་དྲི་མ་ཐམས་ཅད་ཀྱིས་ཀྱང་མི་གོས་སོ། །དེ་བཙས་པར་ཡང་སྟོན་ལ་དེས་ཆོས་གང་ཡང་ སྐྱེ་བའམ། འགགས་པར་ཡང་མི་མཐོང་ངོ ། །ཁྱེའུའི་གཟུགས་སུ་ཡང་སྟོན་ལ་དེ་དབང་པོ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་སོ། །བཟོའི་གནས་དང ། ལུས་ཀྱི་གནས་དང ། རིག་པ་དང ། སྔགས་ཀྱི་གནས་དང ། རྩི་དང ། སྨན་དང ། ཡི་གེ་དང ། ལག་རྩིས་དང ། གྲངས་
55-1-267a
དང ། རྩིས་སློབ་པར་ཡང་སྣང་ལ་དེ་བཟོ་ཐམས་ཅད་ཀྱང་རྟོགས་པར་ཁོང་དུ་ཆུད་དོ། །ན་བར་ཡང་སྟོན་ལ་དེ་ཉོན་མོངས་པའི་ནད་ཐམས་ཅད་དང་ཡང་བྲལ་ལོ། །རྒ་བར་ཡང་སྟོན་ལ་དེ་དབང་པོ་ཐམས་ཅད་ཉམས་པ་ཡང་མེད་དོ། །འཆི་བ་ཡང་སྟོན་ལ་དེ་སྐྱེ་བ་ཡང་མ་ཡིན། འཆི་ བ་ཡང་མ་ཡིན། འཆི་འཕོ་བ་ཡང་མ་ཡིན། འབྱུང་བ་ཡང་མ་ཡིན་ནོ། །བློ་གྲོས་བརྟན་པ་དེ་ལྟར་ན་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་དེ་འདྲ་བའི་བརྩོན་འགྲུས་སྤྱོད་པ་དང་ལྡན་པ་ཡིན་ནོ། །བློ་གྲོས་བརྟན་པ་གཞན་ཡང་དཔའ་བར་འགྲོ་བའི་ཏིང་ངེ་ འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྙོམས་པར་ཞུགས་པར་ཡང་ཤེས་ལ་ཏིང་ངེ་འཛིན་དང ། བསམ་གཏན་གྱི་སྤྱོད་པ་རྣམ་པར་འབྱེད་པ་ཡང་སྟོན་ཏོ། །དེ་སེམས་ཅན་སེམས་རྣམ་པར་གཡེངས་པ་རྣམས་ཏིང་ངེ་འཛིན་ལ་གཟུད་པའི་ཕྱིར། བདག་བསམ་གཏན་ལ་གནས་པར་ཡང་སྟོན་ལ་ཆོས་ཀྱི་དབྱིངས་ལ་རྣམ་པར་གཡེངས་པའི་ཆོས་གང་ཡང་མི་མཐོང་ངོ ། །ཆོས་ཀྱི་དབྱིངས་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་པར་ཡིད་ལ་ངེས་པར་སེམས་ཤིང་གནས་ལ་དེ་ཏིང་ངེ་འཛིན་དང ། སེམས་རྩེ་གཅིག་པ་ལས་ཀྱང་མི་ གཡོའོ། །མཉམ་པར་ཡང་གཞོག་ལ་འོང་བ་དང ། འགྲོ་བ་དང ། འདུག་པ་དང ། འགྲེང་བ་དང ། འཆག་པ་དང ། ཉལ་བར་ཡང་བྱེད་དོ། །དེ་སྤྱོད་ལམ་ཐམས་ཅད་ཀྱང་སྟོན་ལ་གཅིག་ཏུ་སྙོམས་པར་ཞུགས་པ་ཡང་ཡིན་ནོ། །དེ་སྨྲ་བར་ཡང་སྣང་ལ་ཏིང་ངེ་འཛིན་གྱི་ཆོས་ཉིད་ དེ་ཡང་མི་གཏོང་ངོ ། །བློ་གྲོས་བརྟན་པ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་གང་གི་ཚེ་ན་སེམས་ཅན་གཞན་རྣམས་དང ། གང་ཟག་གཞན་དག་ལ་ཕན་གདགས་པའི་ཕྱིར། གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་དུ་འགྲོ་ ཞིང་འཇུག་པ་དེའི་ཚེ་ཡང་མཉམ་པར་གཞག་པ་ཉིད་ཡིན་ནོ། །གང་གི་ཚེ་ན་སེམས་ཅན་གཞན་རྣམས་དང ། གང་ཟག་གཞན་དག་ལ་སྙིང་བརྩེ་བའི་ཕྱིར་ཟས་ཟ་བ་དེའི་ཚེ་ཡང་མཉམ་པར་བཞག་བཞིན་དུ་ཟས་ཟའོ། །དེ་ཟས་ཟ་བར་ཡང་སྣང་ལ་བྱང་ཆུབ་སེམས་དཔའ་དེའི་ལུས་
55-1-267b
གཅིག་ཏུ་མཁྲགས་པ། སྲ་བ། སྙིང་པོར་གྱུར་པ། རྡོ་རྗེ་ལྟ་བུ། ཁོང་སྟོང་མ་ཡིན་པ། མི་ཕྱེད་པ་ཡང་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེའི་ཁོང་ན་ལོང་ཀ་དང་ཕོ་བ་ཡང་མེད། བཤང་བ་དང་གཅི་བ་ཡང་མེད། སྣབས་དང་མཆིལ་མ་ཡང་མེད། མི་གཙང་བ་ཡང་མེད། དྲི་མི་ཞིམ་པ་ཡང་ མེད་དོ། །དེ་ཟ་བར་ཡང་མི་བྱེད་ལ་མིད་པར་ཡང་མི་བྱེད། ཟ་བ་ཡང་མེད་དོ། །སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་དེ་ཟ་བར་ཡང་སྣང་ལ་དེ་ཐམས་ཅད་དུ་ཁ་ན་མ་ཐོ་བ་ཡང་མེད་པ་ཡིན་ཏེ། བློ་གྲོས་བརྟན་པ་དེ་ལྟར་ན་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ བྱིས་པ་སོ་སོའི་སྐྱེ་བོའི་སྤྱད་པ་ཐམས་ཅད་སྤྱོད་པར་ཡང་སྣང་ལ་གང་དུ་ཡང་སྤྱོད་པ་ཡང་མེད། རབ་ཏུ་སྤྱོད་པར་ཡང་མེད། ཀུན་སྤྱོད་པ་ཡང་མེད་དེ། སྤྱོད་པ་ཐམས་ཅད་ལས་ཀྱང་ལོག་པ་ཡིན་ནོ། །བློ་གྲོས་བརྟན་པ་དེ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་ དཔའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ངེས་པར་འབྱུང་བའི་ལམ་ཡོངས་སུ་སྦྱོང་བ་བྱེད་པའི་བྱེ་བྲག་ཏུ་བལྟའོ། །བློ་གྲོས་བརྟན་པ་གཞན་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་དགོན་པ་ན་གནས་པར་ཡང་སྣང་ལ་དེ་ལ་དགོན་པ་ཇི་ལྟ་བར་དེ་ལ་ གྲོང་ཡང་དེ་བཞིན་ནོ། །དེ་གོས་དཀར་པོ་གྱོན་ཞིང་ཁྱིམ་གྱི་གནས་ན་གནས་པར་ཡང་སྣང་ལ་དེ་ལ་ཁྱིམ་ཇི་ལྟ་བར་རབ་ཏུ་བྱུང་བ་ཡང་དེ་བཞིན་ནོ། །བློ་གྲོས་བརྟན་པ་བྱང་ཆུབ་སེམས་དཔའ་ནི་ཁྱིམ་གྱི་ཆོས་ཀྱིས་ཀྱང་མི་གོས་ལ་རབ་ཏུ་བྱུང་བའི་ཆོས་ཀྱིས་ཀྱང་རློམ་སེམས་མེད་དོ། །དེ་ནི་ སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡ་མཚན་ཅན་ཐམས་ཅད་ཀྱི་ནང་དུ་རབ་ཏུ་བྱུང་བར་ཡང་སྣང་ལ་དེ་གང་དུ་ཡང་ཡ་མཚན་ཅན་གྱི་ལྟ་བར་འགྱུར་བ་ཡང་མེད། དེས་དག་པར་ཡིད་ཆེས་པ་ཡང་མེད་དོ། །དེ་ཡ་མཚན་ཅན་ཐམས་ཅད་ཀྱི་ཁ་དོག་དང ། གཟུགས་དང ། རྟགས་ཀྱང་སྟོན་ ལ་དེ་ལ་ཞུགས་པ་ཡང་མ་ཡིན། དེ་ལ་གཞོལ་བ་ཡང་མ་ཡིན། དེ་ལ་འབབ་པ་ཡང་མ་ཡིན། དེ་ལ་བབ་པར་ཡང་མ་ཡིན་ནོ། །བློ་གྲོས་བརྟན་པ་འདི་ལྟ་སྟེ། དཔེར་ན་འདྲོན་པ་ཕལ་པོ་ཆེའི་ལམ་མཚོན་པ་ཡོངས་སུ་འདྲེན་པ་དེ་ནི་ལམ་ཡང་སྟོན་ལ་ལམ་དེ་ཉིད་དུ་ཡང་འགྲོ་ཞིང་
55-1-268a
སླར་ཡང་ལོག་ནས་འདྲོན་པ་ཕལ་པོ་ཆེ་གཞན་དག་ཀྱང་སྒྲོལ་ལོ། །བློ་གྲོས་བརྟན་པ་དེ་བཞིན་དུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་ཇི་ལྟ་བུའི་ཐེག་པའི་ལམ་ལ་གནས་པའི་སེམས་ཅན་དཔག་ཏུ་མེད་པ་དག་ལ་ལམ་སྟོན་ ཏེ། ཉན་ཐོས་ཀྱི་ཐེག་པའི་ལམ་ལ་གནས་པའི་སེམས་ཅན་དག་ལ་ནི་ཉན་ཐོས་ཀྱི་ཐེག་པའི་ལམ་སྟོན། རང་སངས་རྒྱས་ཀྱི་ཐེག་པའི་ལམ་ལ་གནས་པའི་སེམས་ཅན་དག་ལ་ནི་རང་སངས་རྒྱས་ཀྱི་ཐེག་པའི་ལམ་སྟོན། སངས་རྒྱས་ཀྱི་ཐེག་པའི་ལམ་ལ་གནས་པའི་སེམས་ཅན་ དག་ལ་ནི་ཐེག་པ་ཆེན་པོའི་ལམ་སྟོན་ཏེ། ངེས་པར་འབྱུང་བ་དེ་དག་ལ་སོ་སོ་ཅི་རིགས་པར་ལམ་བསྟན་ནས་སླར་ལོག་སྟེ། སེམས་ཅན་གཞན་དག་ཀྱང་སྒྲོལ་བར་བྱེད་པས་དེའི་ཕྱིར་སྐྱེས་བུ་དམ་པ་དེ་ནི་ལམ་མཚོན་པ་ལྟ་བུ་ཞེས་བྱའོ། །བློ་གྲོས་བརྟན་པ་འདི་ལྟ་སྟེ། དཔེར་ན་གྲུ་ལེགས་ པར་སྦྱར་བ་བྱས་པ་ནི་སེམས་ཅན་ཚད་མེད་པ་བསྒྲལ་བའི་ཕྱིར། ཚུ་རོལ་གྱི་འགྲམ་ནས་ཕ་རོལ་གྱི་འགྲམ་དུ་འགྲོ་ཞིང་བསྒྲལ་ནས། སེམས་ཅན་གཞན་བསྒྲལ་བའི་ཕྱིར་སླར་ཡང་ཕ་རོལ་གྱི་འགྲམ་ནས་ཚུ་རོལ་གྱི་འགྲམ་དུ་འོང་ངོ ། །བློ་གྲོས་བརྟན་པ་དེ་བཞིན་དུ་དཔའ་བར་འགྲོ་ བའི་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་འཁོར་བའི་རྒྱུན་ལ་གནས་པའི་ཆུ་བོ་བཞིས་དེད་པའི་སེམས་ཅན་དག་མཐོང་ནས་དེ་དག་འཁོར་བའི་རྒྱུན་ལས་བསྒྲལ་བའི་ཕྱིར་སེམས་ཅན་དེ་དག་ཇི་ལྟར་མོས་པ་བཞིན་དུ་མྱ་ངན་ལས་འདའ་བ་སྟོན་པར་བྱེད་དེ། དཔའ་བར་ འགྲོ་བའི་ཏིང་ངེ་འཛིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་གལ་ཏེ་ཉན་ཐོས་ཀྱི་ཐེག་པས་འདུལ་བའི་སེམས་ཅན་དག་མཐོང་ན། དེ་དག་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར། དེ་ཡང་དེ་དག་དང་ལྷན་ཅིག་ཏུ་ཡོངས་སུ་མྱ་ངན་ལས་ཀྱང་འདའ་ལ། དེ་དཔའ་བར་འགྲོ་བའི་ཏིང་ངེ་ འཛིན་འདི་ཉིད་ཀྱི་སྟོབས་བསྐྱེད་པས་སླར་སྐྱེ་བར་ཡང་སྟོན་ཏོ། །དེ་གལ་ཏེ་རང་སངས་རྒྱས་ཀྱི་ཐེག་པས་འདུལ་བའི་སེམས་ཅན་དག་མཐོང་ན། དེ་དག་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་དེ་ཡང་དེ་དག་དང་ལྷན་ཅིག་ཏུ་ཡོངས་སུ་མྱ་ངན་ལས་ཀྱང་འདའ་ལ། དེ་དཔའ་བར་
55-1-268b
འགྲོ་བའི་ཏིང་ངེ་འཛིན་འདི་ཉིད་ཀྱི་སྟོབས་བསྐྱེད་པས་སླར་ཡང་སྐྱེ་བར་སྟོན་ཏོ། །དེ་འཁོར་བ་ལས་མྱ་ངན་ལས་འདས་པར་ཡང་འགྲོ་ལ་སེམས་ཅན་གཞན་བསྒྲལ་བའི་ཕྱིར་སླར་ཡང་འཁོར་བ་ན་ཡང་སྣང་སྟེ། སྐྱེས་བུ་དེ་དག་ནི་མཉན་པ་ལྟ་བུ་ཞེས་བྱའོ། །བློ་གྲོས་བརྟན་པ་འདི་ལྟ་སྟེ། དཔེར་ན་སྒྱུ་མ་མཁན་ནི་སྐྱེ་བོ་ཕལ་པོ་ཆེ་ཚོགས་པའི་མདུན་དུ་བདག་ཤི་བར་སྟོན་ཏེ། བདག་ཚིག་པའམ། ཟོས་པའམ། རྙིས་པའམ། སྐམས་པའམ། རྣམ་པར་འཐོར་བ་བསྟན་ནས། དེས་སེམས་ཅན་དེ་དག་ལས་ནོར་བླངས་ཏེ། སླར་འདུག་པར་བྱེད་དོ། །བློ་གྲོས་བརྟན་པ་དེ་ བཞིན་དུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྐྱེ་བ་དང་།རྒ་བ་དང ། ན་བ་དང ། འཆི་བ་ཡང་སྟོན་ལ། དེ་སྐྱེ་བ་ཡང་མེད། རྒ་བ་ཡང་མེད། ན་བ་ཡང་མེད། འཆི་བ་ཡང་མེད་དོ། །བློ་གྲོས་བརྟན་པ་ དེ་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བ་བྱེད་པའི་བྱེ་བྲག་ཏུ་བལྟའོ། །བློ་གྲོས་བརྟན་པ་གཞན་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཤེས་རབ་དང་ལྡན་པ་ཡིན་ཏེ། ཤེས་རབ་ རྣོ་བས་དེ་སེམས་ཅན་གྱི་རང་བཞིན་ཡང་མི་དམིགས་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སེམས་ཅན་སེམས་ཅན་ཞེས་ཐ་སྙད་ཀྱང་འདོགས་སོ། །སྲོག་དང་གང་ཟག་གི་རང་བཞིན་ཡང་མི་དམིགས་ལ་སྲོག་དང་གང་ཟག་དུ་ཐ་སྙད་གདགས་པ་ཡང་ཐ་སྙད་དུ་འདོགས་ སོ། །ལས་དང་རྣམ་པར་སྨིན་པའི་རང་བཞིན་ཡང་མི་དམིགས་ལ་ལས་དང་རྣམ་པར་སྨིན་པ་ཡང་སྟོན་ཏོ། །འཁོར་བའི་ཉོན་མོངས་པའི་རང་བཞིན་ཡང་མི་དམིགས་ལ་འཁོར་བའི་ཉོན་མོངས་པ་ཡོངས་སུ་ཤེས་པ་ཡང་སྟོན་ཏོ། །མྱ་ངན་ལས་འདའ་བར་འགྲོ་བ་ཡང་མི་གཏོང་ལ་མྱ་ ངན་ལས་འདའ་བར་འགྲོ་བར་བྱ་བའི་ཕྱིར་ཆོས་ཀྱང་སྟོན་ཏོ། །ཆོས་གདགས་པ་ཡང་མི་དམིགས་ལ་དགེ་བ་དང ། མི་དགེ་བའི་ཆོས་རྣམ་པར་གཞག་པ་ཡང་སྟོན་ཏོ། །དེ་ཤེས་རབ་ཐོགས་པ་མེད་པའི་དམ་པའི་ཕ་རོལ་ཏུ་ཕྱིན་པས་འདོད་པའི་ཁམས་ལ་ཡང་མི་ཆགས་ལ་དེ་ན་
55-1-269a
ཡང་སྣང་ངོ ། །གཟུགས་ཀྱི་ཁམས་ལ་ཡང་མི་ཆགས་ལ་དེ་ན་ཡང་སྣང་ངོ ། །དེ་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་ལ་སྙོམས་པར་ཞུགས་པར་ཡང་སྣང་ལ་འདོད་པའི་ཁམས་སུ་ཡང་སྐྱེའོ། །གཟུགས་མེད་པའི་ཁམས་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་ པར་ཡང་སྣང་ལ་གཟུགས་ཀྱི་ཁམས་སུ་ཡང་སྐྱེའོ། །དེ་ནི་འདོད་པའི་ཁམས་ན་སྤྱོད་པར་ཡང་སྣང་ལ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་ཡང་སྙོམས་པར་འཇུག་ཅིང་འདོད་པའི་ཁམས་སུ་ཡང་སྐྱེའོ། །དེ་བསམ་གཏན་དང ། བསམ་གཏན་གྱི་ཡན་ལག་ རྣམས་ཀྱང་ཤེས་ཤིང་མཉམ་པར་གཞོག་པ་དང་ལྡང་བར་ཡང་བྱེད་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གང་དང་གང་དུ་འདོད་པ་དེ་དང་དེར་སྐྱེ་བར་ཡང་བྱེད་དོ། །དེ་ཐབས་དང་ཤེས་རབ་ཀྱི་ཡོངས་སུ་བཟུང་བས་སྤྱོད་པ་ཐམས་ཅད་ལས་ལྡོག་པ་ལ་ཡང་གནས་ལ་སེམས་ཅན་ཡོངས་ སུ་སྨིན་པར་བྱ་བའི་ཕྱིར་ཡང་སྤྱོད་དོ། །ཆོས་གང་ལ་ཡང་ཉེ་བར་མི་སྤྱོད་ལ་སྤྱོད་པ་ཐམས་ཅད་ལས་ཀྱང་མ་ལོག་པ་ཡིན་ནོ། །དེ་ནི་ངར་འཛིན་པ་དང ། ང་ཡིར་འཛིན་པ་དག་དང་ཡང་བྲལ་བ་ཡིན་ལ་ལེན་པ་དང་གཏོང་བར་ཡང་སྣང་ངོ ། །དེ་ཤེས་རབ་དང་ཡེ་ཤེས་དང་ལྡན་པས་ ཡེ་ཤེས་ཀྱིས་བྱས་པའི་ལས་ཐམས་ཅད་བྱེད་ཀྱི། ང་རྒྱལ་གྱིས་བྱེད་པ་ཡང་མ་ཡིན་ལ་ལས་དང་རྣམ་པར་སྨིན་པར་བརྗོད་པ་ཡང་མ་ཡིན་ནོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། དེ་ལུག་ལྟར་ལྐུགས་པ་དང ། བླུན་པ་དང ། གླེན་པ་དང ། འོན་པར་ཡང་སྟོན་ལ་དེ་ཚངས་པའི་ སྒྲ་དང ། སྐད་དང ། དབྱངས་ཀྱི་སྒྲ་འབྱིན་པ་དང་ལྡན་པ་ཡང་ཡིན་ནོ། །དེ་བཟོ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཅི་ཞིག་བཤད་ཅེས་མི་རྟོག་།ཅི་ཞིག་སྨྲ་ཞེས་མི་སེམས། ཇི་ལྟར་བསྟན་པར་བྱ་ཞེས་ཚོལ་བར་ཡང་མི་བྱེད་ལ། འཁོར་གང་དང་ གང་དུ་འགྲོ་བ་དེ་དང་དེ་དག་ཏུ་ལྷུན་གྱིས་གྲུབ་ཅིང ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མཐུས་འཁོར་ཐམས་ཅད་ཀྱི་དབང་པོ་མཆོག་དང ། མཆོག་མ་ཡིན་པ་ཤེས་པའི་ཕྱིར་ཆོས་ལ་སྤོབས་པར་བྱེད་དེ། དེའི་ཡེ་ཤེས་བྲི་བའམ། གང་བར་ཡང་མི་འགྱུར་ཞིང ། འཁོར་ཐམས་ཅད་ཀྱང་
55-1-269b
ལེགས་པར་བཤད་པས་ཚིམ་པར་བྱེད་དོ། །བློ་གྲོས་བརྟན་པ་འདི་ལྟ་སྟེ། དཔེར་ན་བུད་མེད་དམ། སྐྱེས་པའམ། ཁྱེའུའམ། བུ་མོས་སྣོད་ཆུང་ངུ་ཡང་རུང ། ཆེན་པོ་ཡང་རུང་སྟེ། ཇི་ཙམ་པ་དེ་ཁྱེར་ནས། ཆུ་མིག་གམ། མཚེའུའམ། རྫིང་ངམ། ལྟེང་ཀའམ། འབབ་ཆུའམ། རྒྱ་མཚོ་ ཆེན་པོར་སོང་སྟེ། སྣོད་དེ་དག་ཐམས་ཅད་ཡོངས་སུ་བཀང་ནས་སོང་ཡང་ཆུ་མིག་གམ། མཚེའུའམ། རྫིང་ངམ། ལྟེང་ཀའམ། འབབ་ཆུའམ། རྒྱ་མཚོ་ཆེན་པོ་དེ་ཡང་ཅུང་ཟད་ཀྱང་བྲི་བ་ཡང་མེད་ལ་སེམས་ཅན་དེ་དག་ཀྱང་ཚིམ་པར་བྱེད་དོ། །བློ་གྲོས་བརྟན་པ་དེ་བཞིན་དུ་དཔའ་བར་འགྲོ་བའི་ ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་འཁོར་གང་དང་གང་དུ་འགྲོ་ཡང་རུང་སྟེ། གལ་ཏེ་རྒྱལ་རིགས་ཀྱི་འཁོར་ཏམ། གལ་ཏེ་བྲམ་ཟེའི་འཁོར་ཏམ། གལ་ཏེ་ཁྱིམ་བདག་གི་འཁོར་ཏམ། གལ་ཏེ་དགེ་སྦྱོང་གི་འཁོར་ཏམ། གལ་ཏེ་བརྒྱ་བྱིན་གྱི་འཁོར་ཏམ། གལ་ ཏེ་ཚངས་པའི་འཁོར་དུ་འགྲོ་ན་ཡང ། དེ་དག་ཐམས་ཅད་ལ་ལྷུན་གྱིས་གྲུབ་ཅིང་ལེགས་པར་བཤད་པས་ཚིམ་པར་བྱེད་དེ། ཇི་ལྟ་བུར་རིགས་དང ། དབང་པོ་དང ། མོས་པ་ཇི་ལྟ་བ་བཞིན་དུ་ཆོས་འཆད་པ་བྱུང་ཡང ། བྱང་ཆུབ་སེམས་དཔའ་དེའི་ཤེས་རབ་དང ། ཡེ་ཤེས་དང ། སྤོབས་པ་དང ། སྟོན་པ་ཡོངས་སུ་འབྲི་བ་ཡང་མེད་ལ་འཁོར་ཐམས་ཅད་ཀྱང་ལེགས་པར་བཤད་པས་ཚིམ་པར་བྱེད་དོ། །བློ་གྲོས་བརྟན་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་མཐོང་མ་ཐག་ཏུ་ཡང་སེམས་ཅན་རྣམས་འདུལ་བར་བྱེད་དོ། །ཐོས་ པ་དང ། སྤྱོད་ལམ་དང ། བཤད་པ་དང ། མི་སྨྲ་བར་འདུག་པས་ཀྱང་སེམས་ཅན་དག་འདུལ་བར་བྱེད་དོ། །བློ་གྲོས་བརྟན་པ་འདི་ལྟ་སྟེ། དཔེར་ན་སྨན་གྱི་རྒྱལ་པོ་ཆེན་པོ་བལྟ་ན་སྡུག་པ་ཞེས་བྱ་བ་ནི་མཐོང་མ་ཐག་ཏུ་སེམས་ཅན་དག་གི་ནད་སེལ་བར་བྱེད་དོ། །བློ་གྲོས་བརྟན་པ་དེ་ བཞིན་དུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་མཐོང་མ་ཐག་ཏུ་སེམས་ཅན་དེ་དག་གི་ནད་འདི་ལྟ་སྟེ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་ནད་རྣམས་སེལ་བར་བྱེད་དོ། །བློ་གྲོས་བརྟན་པ་འདི་ལྟ་སྟེ། དཔེར་ན་སྨན་གྱི་
55-1-270a
རྒྱལ་པོ་ཆེན་པོ་འབྲལ་བ་ཞེས་བྱ་བ་དེས་བསྐུས་པའི་རྔ་ཆེན་པོ་གཡུལ་གྱི་ངོགས་སུ་བརྡུངས་ན། རྔའི་སྒྲ་དེ་ཐོས་མ་ཐག་ཏུ་སེམས་ཅན་རྣམས་ཟུག་རྔུ་རྣམས་ལྟུང་བར་འགྱུར། དུག་ཐམས་ཅད་ཀྱང་མི་དུག་པར་འགྱུར་རོ། །བློ་གྲོས་བརྟན་པ་དེ་བཞིན་དུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ འདི་ལ་གནས་པའི་བྱང་ཆུབ་སེམས་དཔའི་མིང་ཐོས་མ་ཐག་ཏུ་སེམས་ཅན་རྣམས་ཀྱི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་ཉོན་མོངས་པའི་ཟུག་རྔུ་རྣམས་ལྟུང་བར་འགྱུར། ལྟ་བར་གྱུར་པའི་དུག་ཐམས་ཅད་ཀྱང་མི་དུག་པར་འགྱུར་རོ། །བློ་གྲོས་བརྟན་པ་འདི་ལྟ་སྟེ། དཔེར་ན་སྨན་གྱི་ཤིང་ ལྗོན་པ་ནི་རྩ་བ་ནས་བྱུང་ཡང་སེམས་ཅན་རྣམས་ཀྱི་ནད་སེལ་བར་བྱེད་དོ། །སྡོང་པོའམ། ཡལ་གའམ། འདབ་མའམ། མེ་ཏོག་གམ། འབྲས་བུའམ། ཤུན་པའམ། གསོག་གམ། སྙིང་པོ་ལས་བླངས་ཀྱང་སེམས་ཅན་རྣམས་ཀྱི་ནད་སེལ་བར་བྱེད་དོ། །བསྒྲེང་ངམ། འགྱེལ་ ཏམ། དུམ་བུ་དུམ་བུར་བཅད་པ་ལས་བླངས་ཀྱང་སེམས་ཅན་རྣམས་ཀྱི་ནད་སེལ་བར་བྱེད་དོ། །བློ་གྲོས་བརྟན་པ་དེ་ལྟར་ན་སྨན་གྱི་ཤིང་ལྗོན་པ་ནི་སེམས་ཅན་རྣམས་ཀྱི་ནད་ཞི་བར་བྱ་བའི་འཚོ་བར་ནམ་ཡང་མི་འགྱུར་བ་མ་ཡིན་ནོ། །བློ་གྲོས་བརྟན་པ་དེ་བཞིན་དུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་ནད་ཞི་བར་བྱ་བའི་འཚོ་བར་ནམ་ཡང་མི་འགྱུར་བ་མ་ཡིན་ཏེ། གང་དག་དེ་ལ་ཕན་པ་དང ། གནོད་པར་བྱེད་པ་དེ་དག་གི་ཉེ་བར་འཚོ་བར་ཡང་འགྱུར། གང་དེ་ལ་བཀུར་སྟི་བྱེད་པ་དང ། བཀུར་སྟི་མི་བྱེད་པ་ དེ་དག་ཉེ་བར་འཚོ་བར་ཡང་འགྱུར་རོ། །དེ་ཤི་ཞིང་ཤི་བའི་དུས་བྱས་པར་གྱུར་པའི་ཤ་ལ་གང་དག་ཟ་བ་དུད་འགྲོའི་སྐྱེ་གནས་སུ་སོང་བ་རྐང་གཉིས་པ་དང ། རྐང་བཞི་པ་དང ། རི་དགས་དང ། བྱའི་ཚོགས་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་དེའི་སྔོན་གྱི་སྨོན་ལམ་དང ། ཚུལ་ཁྲིམས་ཀྱི་སྟོབས་ བསྐྱེད་པས་དེའི་འཆི་བའི་དུས་བྱས་ཏེ། ཤི་འཕོས་མ་ཐག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷའི་ནང་དུ་སྐྱེ་བར་འགྱུར་ཏེ། དེ་དག་ངན་སོང་དང ། ནད་རྣམས་དང་བྲལ་བར་འགྱུར་རོ། །བློ་གྲོས་བརྟན་པ་དེ་ལྟར་ན་སྨན་གྱི་ཤིང་ལྗོན་པ་ཞེས་བྱ་བ་དེ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་གནས་
55-1-270b
པའི་བྱང་ཆུབ་སེམས་དཔའི་ཚིག་བླ་དགས་སོ། །བློ་གྲོས་བརྟན་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ལ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་མ་བསྟན་པར་ཚེ་རབས་ཐམས་ཅད་དུ་རྟག་ཏུ་འཇུག་པར་འགྱུར་རོ། །གོམ་པ་འདོར་བ་ཐམས་ཅད་ལ་ཡང་ ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་འཇུག་པར་འགྱུར་རོ། །དབུགས་རྔུབ་པ་དང ། འབྱུང་བ་ཐམས་ཅད་ལ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་འཇུག་པར་འགྱུར་རོ། །སེམས་བསྐྱེད་ཅིང་སེམས་བསྐྱེད་པ་ཐམས་ཅད་ལ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་འཇུག་པར་འགྱུར་རོ། །དེ་ཅིའི་ ཕྱིར་ཞེ་ན། འདི་ལྟར་བློ་གྲོས་བརྟན་པ་བྱང་ཆུབ་སེམས་དཔའ་དེའི་ལུས་ནི་ཆོས་ཀྱི་རང་བཞིན་ནོ། །གནས་པ་ནི་ཆོས་ཀྱི་རང་བཞིན་ནོ། །བློ་གྲོས་བརྟན་པ་འདི་ལྟ་སྟེ། དཔེར་ན་རྒྱལ་པོ་འམ། བློན་པོས་ཡན་ལག་གི་ཚོགས་འབུམ་དང་ལྡན་པའི་སྤོས་ཀྱི་ཕྱེ་མ་བཏགས་པ་རྡུལ་ལྟ་བུ་ཞིབ་མོར་ བྱས་པ་སྦྱར་བ་ལས་མི་ལ་ལ་ཞིག་འོངས་ཏེ། ཀྱེ་ལྷ་སྤོས་ཀྱི་ཕྱེ་མའི་ཚོགས་སྦྱར་བ་འདི་ལས་སྤོས་གཞན་དང་མ་འབགས་པ། སྤོས་གཞན་དང་མ་འདྲེས་པའི་ཡན་ལག་གཅིག་ཅིག་བླང་བར་འཚལ་ལོ་ཞེས་དེ་སྐད་ཟེར་ན། བློ་གྲོས་བརྟན་པ་དེ་ཇི་སྙམ་དུ་སེམས། སྤོས་ཀྱི་ཕྱེ་མ་སྦྱར་ བ་དེ་ལས་སྤོས་གཞན་དང་མ་འབགས་པ། སྤོས་གཞན་དང་མ་འདྲེས་པའི་ཡན་ལག་གཅིག་བླང་བར་ནུས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་བརྟན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེའི་ལུས་ཡུན་རིང་ པོ་ནས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིས་བསྒོས་པ་དང ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིས་བསྒོས་པའི་སེམས་དང ། སེམས་ལས་བྱུང་བ་ཐམས་ཅད་འབྱུང་བར་འགྱུར་ཏེ། དེའི་སེམས་བསྐྱེད་ཅིང་སེམས་བསྐྱེད་པ་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་འབྱུང་བར་འགྱུར་རོ། ། བློ་གྲོས་བརྟན་པ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དེའི་སེམས་བསྐྱེད་པ་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་འབྱུང་བར་འགྱུར་ཞེ་ན། བློ་གྲོས་བརྟན་པ་འདི་ལྟར་གང་སེམས་ཀྱིས་བཏང་བ་དང ། སྤངས་པ་དང ། མངོན་པར་མ་ཞེན་པ་དེ་ནི་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །
55-1-271a
གང་སེམས་ཞི་བ་དང ། རབ་ཏུ་ཞི་བ་དང ། ཉེ་བར་ཞི་བ་དང ། ཤིན་ཏུ་ཞི་གནས་སུ་གྱུར་པ་དེ་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་སེམས་ཀྱི་མི་ཟད་པའི་ཆོས་ཉིད་དང ། ཡུལ་ཐམས་ཅད་ཀྱིས་སྨས་པར་མི་འགྱུར་བ་དེ་ནི་དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། ། གང་སེམས་ཀྱི་རྣམ་པར་སྒྲུབ་པ་དང ། དབྱེ་བ་དང ། དབེན་པ་དང ། རྣམ་པར་ཤེས་པ་དེ་ནི་དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་སེམས་ཀྱི་ངེས་པར་སེམས་པ་དང ། ཉེ་བར་རྟོག་པ་དང ། གང་ཡང་དེའི་ཤིན་ཏུ་སེམས་པ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །གང་སེམས་ རབ་ཏུ་ཤེས་པ་དང ། སོ་སོར་རྟོག་པ་དང ། རབ་ཏུ་ཞི་བ་དང ། ཉེ་བར་ཞི་བ་དང ། མངོན་སུམ་དུ་ཤེས་པ་དེ་ནི་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བློ་གྲོས་བརྟན་པ་དེ་ལྟར་ན་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི་འཇུག་པ་འདིས་སེམས་བསྐྱེད་ པ་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་འཇུག་གོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བརྟན་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་བྱང་ཆུབ་སེམས་དཔའ་གང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཤིན་ཏུ་ཡོངས་སུ་གྲུབ་ པ་དེའི་གནས་པ་ནི་བསམ་གྱིས་མི་ཁྱབ་སྟེ་ངོ་མཚར་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་གནས་པས་གནས་པར་འཚལ་བས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་བརྩོན་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། དེ་ལྟར་དེ་ནི་བྱིས་པ་སོ་སོའི་སྐྱེ་བོ་ ཐམས་ཅད་ཀྱི་གནས་པ་རྣམས་ན་ཡང་གདའ་ལ། གང་ལ་ཡང་ཆགས་པར་མི་འགྱུར། ཞེ་སྡང་བར་མི་འགྱུར། གཏི་མུག་པར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་བྱམས་པ་མཆོག་ཅེས་བྱ་བ་དེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་ དཔའ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་གནས་པས་གནས་པར་འཚལ་བས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་བསླབ་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། དེ་ལྟར་དེ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་གནས་པ་རྣམས་ན་ཡང་གདའ་ལ། གང་ལ་ཡང་མི་ཆགས། མི་
55-1-271b
འཆིང ། ཆགས་པར་མི་འགྱུར། ཞེ་སྡང་བར་མི་འགྱུར། གཏི་མུག་པར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་བྱམས་པ་མཆོག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ། །ཚངས་པ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། བྱང་ཆུབ་སེམས་དཔའ་ བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་གནས་པས་གནས་པར་འདོད་པས་བསླབ་པ་ཐམས་ཅད་ལ་རློམ་སེམས་མེད་པར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ ཇི་ལྟར་སློབ་ན་བྱང་ཆུབ་སེམས་དཔའ་བསླབ་པ་ཐམས་ཅད་ལ་རློམ་སེམས་མ་མཆིས་པར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་སློབ་པ་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བརྟན་པ་ལ་འདི་སྐད་ཅེས་བཀའ་སྩལ་ ཏོ། །བློ་གྲོས་བརྟན་པ་འདི་ལྟ་སྟེ་དཔེར་ན་འཕོང་གི་སློབ་དཔོན་ནམ། འཕོང་གི་སློབ་མ་ནི་ཐོག་མར་བ་ལང་གི་ཀོ་བ་ལ་ཕོག་པར་བྱེད་དོ། །གང་གི་ཚེ་ན་བ་ལང་གི་ཀོ་བ་ལ་ལོབས་པ་དེའི་ཚེ་ཤིང་ལེབ་ལ་ཕོག་པར་བྱེད་དོ། །གང་གི་ཚེ་ཤིང་ལེབ་ལ་ལོབས་པ་དེའི་ཚེ་འབེན་ལ་ཕོག་པར་བྱེད་དོ། ། གང་གི་ཚེ་འབེན་ལ་ལོབས་པ་དེའི་ཚེ་དབྱུག་གུ་ལ་ཕོག་པར་བྱེད་དོ། །གང་གི་ཚེ་དབྱུག་གུ་ལ་ལོབས་པ་དེའི་ཚེ་སྐྲ་བརྒྱ་ལ་ཕོག་པར་བྱེད་དོ། །གང་གི་ཚེ་སྐྲ་བརྒྱ་ལ་ལོབས་པ་དེའི་ཚེ་སྐྲ་བཅུ་ལ་ཕོག་པར་བྱེད་དོ། །གང་གི་ཚེ་སྐྲ་བཅུ་ལ་ལོབས་པ་དེའི་ཚེ་སྐྲ་གཅིག་ལ་ཕོག་པར་བྱེད་དོ། །གང་གི་ ཚེ་སྐྲ་གཅིག་ལ་ལོབས་པ་དེའི་ཚེ་སྒྲས་མཚོན་པ་ལ་ཕོག་པ་ལ་སློབ་པར་བྱེད་དོ། །གང་གི་ཚེ་སྒྲས་མཚོན་པ་ལ་ལོབས་པ་དེའི་ཚེ་མི་འཆོར་བར་ཕོག་པར་འགྱུར་རོ། །གང་གི་ཚེ་མི་འཆོར་བར་ཕོག་པ་དེའི་ཚེ་འཕོང་སློབ་པ་ཚར་ཕྱིན་པ་ཡིན་ཏེ། དེ་འདོད་ན་ནུབ་མོ་མུན་པ་མུན་ནག་གི་ནང་ན་ ཡང་མི་དང་མི་མ་ཡིན་པ་གང་དང་གང་དག་གི་སྒྲ་བསྒྲགས་པ་དེ་དག་དེར་ལྷུན་གྱིས་གྲུབ་ཅིང་མི་འཆོར་བ་ཉིད་དུ་མདའ་འགྲོའོ། །བློ་གྲོས་བརྟན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་སློབ་པ་ན་ཐོག་མ་ཉིད་དུ་བསམ་པ་ལ་སློབ་བོ། །གང་གི་ཚེ་བསམ་པ་ལ་
55-1-272a
ལོབས་པར་གྱུར་པ་དེའི་ཚེ་སྦྱོར་བ་ལ་འཇུག་གོ། །གང་གི་ཚེ་སྦྱོར་བ་ལ་བསླབས་པར་གྱུར་པ་དེའི་ཚེ་ལྷག་པའི་བསམ་པ་ལ་འཇུག་གོ། །གང་གི་ཚེ་ལྷག་པའི་བསམ་པ་ལ་བསླབས་པར་གྱུར་པ་དེའི་ཚེ་བྱམས་པ་ཆེན་པོ་ལ་འཇུག་གོ། །གང་གི་ཚེ་བྱམས་པ་ཆེན་པོ་ལ་བསླབས་པར་ གྱུར་པ་དེའི་ཚེ་སྙིང་རྗེ་ཆེན་པོ་ལ་འཇུག་གོ། །གང་གི་ཚེ་སྙིང་རྗེ་ཆེན་པོ་ལ་བསླབས་པར་གྱུར་པ་དེའི་ཚེ་དགའ་བ་ཆེན་པོ་ལ་འཇུག་གོ། །གང་གི་ཚེ་དགའ་བ་ཆེན་པོ་ལ་བསླབས་པར་གྱུར་པ་དེའི་ཚེ་བཏང་སྙོམས་ཆེན་པོ་ལ་འཇུག་གོ། །གང་གི་ཚེ་བཏང་སྙོམས་ཆེན་པོ་ལ་བསླབས་པར་གྱུར་པ་དེའི་ཚེ་བྱང་ ཆུབ་སེམས་དཔའི་འཕགས་པའི་གནས་པ་བཞི་ལ་བསླབས་པ་ཡིན་ཏེ། བཞི་གང་ཞེ་ན། བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོ་དང ། དགའ་བ་ཆེན་པོ་དང ། བཏང་སྙོམས་ཆེན་པོའོ། །གང་གི་ཚེ་བྱང་ཆུབ་སེམས་དཔའི་འཕགས་པའི་གནས་པ་འདི་བཞི་ལ་བསླབས་པར་གྱུར་པ་དེའི་ ཚེ་རྗེས་སུ་འཐུན་པའི་མངོན་པར་ཤེས་པ་ལྔ་པོ་མི་ཉམས་པ་དག་ལ་སློབ་བོ། །གང་གི་ཚེ་རྗེས་སུ་འཐུན་པའི་མངོན་པར་ཤེས་པ་ལྔ་པོ་མི་ཉམས་པ་དག་ལ་བསླབས་པར་གྱུར་པ་དེའི་ཚེ་ཕ་རོལ་ཏུ་ཕྱིན་པ་དྲུག་ཚར་ཕྱིན་པ་ཡིན་ནོ། །གང་གི་ཚེ་ཕ་རོལ་ཏུ་ཕྱིན་པ་དྲུག་ཚར་ཕྱིན་པར་གྱུར་པ་དེའི་ཚེ་ ཐབས་མཁས་པ་རྟོགས་པར་ཁོང་དུ་ཆུད་པ་ཡིན་ནོ། །གང་གི་ཚེ་ཐབས་མཁས་པ་རྟོགས་པར་ཁོང་དུ་ཆུད་པ་དེའི་ཚེ་རྗེས་སུ་འཐུན་པའི་བཟོད་པ་གཉིས་པ་ལ་གནས་པ་ཡིན་ནོ། །གང་གི་ཚེ་རྗེས་སུ་འཐུན་པའི་བཟོད་པ་གཉིས་པ་ལ་གནས་པ་དེའི་ཚེ་མི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་བོ། ། གང་གི་ཚེ་མི་སྐྱེ་བའི་ཆོས་ལ་བཟོད་པ་དང་ལྡན་པ་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་ བསྟན་པ་དེའི་ཚེ་ས་བརྒྱད་པ་ལ་འཇུག་པར་འགྱུར་རོ། །གང་གི་ཚེ་ས་བརྒྱད་པ་ལ་ཞུགས་པར་གྱུར་པ་དེའི་ཚེ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པ་མཐོང་སྟེ། དེ་ཏིང་ངེ་འཛིན་དེ་དང་ལྡན་པས་སངས་རྒྱས་མཐོང་བ་དང་མི་འབྲལ་བར་འགྱུར་རོ། །
55-1-272b
གང་གི་ཚེ་སངས་རྒྱས་མཐོང་བ་དང་མི་འབྲལ་བ་དེའི་ཚེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་ཤིང་ཡོངས་སུ་གྲུབ་པ་ཐོབ་པར་འགྱུར་རོ། །དེས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་ཤིང་ཡོངས་སུ་གྲུབ་པ་ལ་གནས་ནས་སངས་རྒྱས་ཀྱི་ཞིང་བཀོད་པ་ཕུན་སུམ་ཚོགས་པ་མངོན་ པར་སྒྲུབ་བོ། །དེ་སངས་རྒྱས་ཀྱི་ཞིང་བཀོད་པ་ཡོངས་སུ་བཟུང་ནས་སྐྱེ་བ་དང ། རིགས་དང ། རུས་ཕུན་སུམ་ཚོགས་པ་དང ། མངལ་དུ་འཇུག་པ་དང ། མངོན་པར་འབྱུང་བ་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་སྐྱེ་བ་དང ། རིགས་དང ། རུས་ཕུན་སུམ་ཚོགས་པ་དང ། མངལ་ དུ་འཇུག་པ་དང ། མངོན་པར་འབྱུང་བ་ཕུན་སུམ་ཚོགས་པར་གྱུར་ནས་ས་བཅུ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་ས་བཅུ་ལ་གནས་ནས་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བ་འཐོབ་བོ། །དེ་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བ་ཐོབ་ནས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ ཅད་ཐོབ་པར་འགྱུར་རོ། །དེ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་ཐོབ་ནས་ཕྱིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་པར་འགྱུར་རོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་ནི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པས་ཉེ་བར་གནས་པར་ འགྱུར་ཏེ། བྱང་ཆུབ་སེམས་དཔའི་ཆོས་ཉིད་དེ་ཡང་མི་གཏོང་ངོ ། །བློ་གྲོས་བརྟན་པ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་གང་ཆོས་དེ་ལྟ་བུ་དག་ལ་བསླབས་པར་གྱུར་པ་དེ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་པར་འགྱུར་རོ། །བློ་གྲོས་བརྟན་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་ གནས་པའི་བྱང་ཆུབ་སེམས་དཔས་ནི་གང་དུ་ཡང་བསླབ་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་ལེགས་པར་བསླབས་པའི་ཕྱིར་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ་ལ་མངོན་དུ་འགྱུར་རོ། །བློ་གྲོས་བརྟན་པ་འདི་ལྟ་སྟེ།དཔེར་ན་འཕོང་གི་སློབ་དཔོན་ནམ། འཕོང་གི་སློབ་ མ་ནི་སྒྲས་མཚོན་པ་ལ་ཕོག་པར་བྱེད་པར་གནས་པས་ཕྱིས་གང་དུ་ཡང་མི་སློབ་བོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་ལེགས་པར་བསླབས་པའི་ཕྱིར་ཏེ། ཕོག་པར་བྱ་བ་ཐམས་ཅད་དེ་ལ་མངོན་དུ་འགྱུར་རོ། །བློ་གྲོས་བརྟན་པ་དེ་བཞིན་དུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་
55-1-273a
གནས་པའི་བྱང་ཆུབ་སེམས་དཔས་ཀྱང་ཆོས་གང་ལ་ཡང་བསླབ་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་སྔོན་ལེགས་པར་བསླབས་པའི་ཕྱིར་ཏེ། ཏིང་ངེ་འཛིན་ཐམས་ཅད་དང ། སྙོམས་པར་འཇུག་པ་ཐམས་ཅད་དང ། རྣམ་པར་ཐར་པ་ཐམས་ཅད་དང ། བྱང་ཆུབ་སེམས་ དཔའི་ཡོན་ཏན་གྱི་ཆོས་ཐམས་ཅད་དེ་ལ་མངོན་དུ་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་སྤོབས་སོ། །བདེ་བར་གཤེགས་པ་བདག་སྤོབས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་ གྲོས་བརྟན་པ་དེའི་དུས་ལ་ད་བབ་པར་ཤེས་ན་ཁྱོད་སྤོབས་པར་གྱིས་ཤིག་།བློ་གྲོས་བརྟན་པས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོ་ལ་དབང་བའི་ཚངས་པ་ཆེན་པོ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལ་ཚེགས་ཆུང་ངུས་རྣམ་ པར་ལྟ་བར་བགྱིད་དོ། །བཅོམ་ལྡན་འདས་དེ་བཞིན་དུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་ཚེགས་ཆུང་ངུས་བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་ལ་རྣམ་པར་ལྟ་ཞིང་སེམས་ཅན་ཐམས་ཅད་ཀྱི་སེམས་དང ། སྤྱོད་པ་རྣམས་ཀྱང་འཚལ་ཏོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་བརྟན་པ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། བྱང་ཆུབ་སེམས་དཔའ་གང་དག་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་གནས་པ་དེ་དག་ནི་ཀུན་ཏུ་རྣམ་པར་བལྟས་པར་བལྟ་བར་བྱས་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་སུམ་ དུ་གྱུར་པ་དག་གོ་།དེ་ནས་བཅོམ་ལྡན་འདས་ལ་བརྒྱ་བྱིན་ལྷུན་པོའི་རྩེ་འཛིན་ཅེས་བྱ་བ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་མཐའི་གླིང་ན་གནས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་རི་རབ་ཀྱི་རྩེ་མོ་ལ་གནས་ན་ཚེགས་ཆུང་ངུས་བང་ རིམ་ཐམས་ཅད་བལྟའོ། །བཅོམ་ལྡན་འདས་དེ་བཞིན་དུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་ཚེགས་ཆུང་ངུས་ཉན་ཐོས་ཀྱི་སྤྱོད་པ་ཐམས་ཅད་ལ་རྣམ་པར་ལྟ་ཞིང་རང་སངས་རྒྱས་ཀྱི་སྤྱོད་པ་ཐམས་ཅད་དང ། བྱང་ཆུབ་སེམས་དཔའི་སྤྱོད་པ་
55-1-273b
ཐམས་ཅད་དང ། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ལ་ཡང་རྣམ་པར་བལྟའོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་བརྒྱ་བྱིན་ལྷུན་པོའི་རྩེ་འཛིན་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་གྲོགས་པོ་ཁྱོད་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་གང་ནས་འདིར་འོངས། རི་རབ་གང་གི་རྩེ་མོ་ ལ་གནས། དེ་སྐད་ཅེས་སྨྲས་པ་དང ། བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པ་ལ་བརྒྱ་བྱིན་ལྷུན་པོའི་རྩེ་འཛིན་གྱིས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་པ་དེ་ལ་ཁྱོད་གང་ན་གནས་ཞེས་གནས་མི་འདྲིའོ། །དེ་ཅིའི་ ཕྱིར་ཞེ་ན། དེ་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་གནས་སོ། །དེ་ནི་གང་དུ་ཡང་མངོན་པར་ཞེན་པས་མི་གནས་སོ། །དེ་ནི་དམིགས་པས་མི་གནས་སོ། །དེ་ནི་ལྟ་བར་གྱུར་པས་མི་གནས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་བརྒྱ་བྱིན་ལྷུན་པོའི་རྩེ་འཛིན་ལ་འདི་སྐད་ ཅེས་སྨྲས་སོ། །ཀྱེ་གྲོགས་པོ་ཅི་ཁྱོད་ཀྱིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་བམ། བརྒྱ་བྱིན་ལྷུན་པོའི་རྩེ་འཛིན་གྱིས་སྨྲས་པ། རིགས་ཀྱི་བུ་ཅི་ཏིང་ངེ་འཛིན་འདི་ཐོབ་པའམ། མ་ཐོབ་པས་ཉེ་བར་གནས་སམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། རིགས་ ཀྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་གང་ཏིང་ངེ་འཛིན་འདིས་གནས་པ་དེ་ནི་ཆོས་གང་ཡང་མི་འཐོབ་ཅིང་ཐོབ་པ་མེད་དོ། །བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་སྨྲས་པ། ཀྱེ་གྲོགས་པོ་ཁྱོད་ཀྱི་སྤོབས་པ་ལས་ན་ཁྱོད་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་གནས་སོ། ། སྨྲས་པ། རིགས་ཀྱི་བུ་ཆོས་ཐམས་ཅད་གནས་མེད་པའི་ཕྱིར་ཁོ་བོས་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་གང་ལ་གནས་པའི་ཆོས་དེ་མ་མཐོང་ངོ ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ལ་གནས་པ་ནི་ཆོས་གང་ལ་ཡང་མི་གནས་སོ། །གང་ལ་ ཡང་མི་གནས་པ་དེ་ལ་ནི་ལེན་པ་མེད་དོ། །གང་ལ་ལེན་པ་མེད་པ་དེ་ལ་ཆོས་བསྟན་པ་གང་ཡང་མེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་བརྟན་པ་ཁྱོད་ཀྱིས་བརྒྱ་བྱིན་ལྷུན་པོའི་རྩེ་འཛིན་མཐོང་ངམ། གསོལ་
55-1-274a
པ། བཅོམ་ལྡན་འདས་མཐོང་ངོ ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་བརྟན་པ་བརྒྱ་བྱིན་ལྷུན་པོའི་རྩེ་འཛིན་འདི་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་པའོ། །ངེས་པར་གྱུར་པ་ཐོབ་པའོ། །ཚེགས་མེད་པ་ཐོབ་པའོ། །འདི་ནི་དཔའ་བར་འགྲོ་བའི་ཏིང་ ངེ་འཛིན་ལ་གནས་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་བརྒྱ་བྱིན་གྱི་གནས་ཇི་སྙེད་ཡོད་པ་དེ་ཐམས་ཅད་དུ་འདི་སྟོན་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བརྒྱ་བྱིན་ལྷུན་པོའི་རྩེ་འཛིན་འདི། བརྒྱ་ བྱིན་གྱི་གནས་ཐམས་ཅད་དུ་གདའ་བ་ལགས་ན། བདག་གིས་ནི་འདི་བརྒྱ་བྱིན་གྱི་གནས་རི་རབ་ཀྱི་རྩེ་མོར་སྔོན་ཆད་མ་མཐོང་ངོ ། །དེ་ནས་བརྒྱ་བྱིན་ལྷུན་པོའི་རྩེ་འཛིན་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་གལ་ཏེ་ཁྱོད་ལྟ་བུ་ལ་ཁོ་བོ་ལྟ་བུའི་གཟུགས་ཀྱི་ལུས་ཡོངས་སུ་ གྲུབ་པ་བསྟན་དུ་ཟིན་ན། དེའི་ཕྱིར་བརྒྱ་བྱིན་གྱི་གནས་ཐམས་ཅད་དུ་ཁྱེད་གདའ་བར་མི་འགྱུར་ཏེ། ཀཽ་ཤི་ཀ་ཁོ་བོ་ནི་ཁྱོད་ཀྱི་བརྒྱ་བྱིན་གྱི་གནས་སུ་རྒྱུ་མོད་ཀྱི་ཁོ་བོ་ཁྱོད་ཀྱིས་མི་མཐོང་ངོ ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ བདག་ཅག་ནི་སྐྱེས་བུ་དམ་པ་འདིའི་གཟུགས་ཀྱི་ལུས་ཡོངས་སུ་གྲུབ་པ་མཐོང་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་ཀཽ་ཤི་ཀ་སྐྱེས་བུ་དམ་པ་འདིའི་གཟུགས་ཀྱི་ལུས་ཡོངས་སུ་གྲུབ་པ་མཐོང་བར་འདོད་དམ། གསོལ་པ། བཅོམ་ལྡན་འདས་མཐོང་བར་འཚལ་ ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་ལྷུན་པོའི་རྩེ་འཛིན་ལ་བཀའ་སྩལ་པ། སྐྱེས་བུ་དམ་པ་ཁྱོད་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་འདི་ལ་རང་གི་གཟུགས་ཀྱི་ལུས་ཡོངས་སུ་གྲུབ་པ་སྟོན་ཅིག་།དེ་ནས་བརྒྱ་བྱིན་ལྷུན་པོའི་རྩེ་འཛིན་གྱིས་བདག་གི་གཟུགས་ཀྱི་ལུས་ཡོངས་སུ་གྲུབ་ པ་བསྟན་ཏོ། །གཟུགས་ཀྱི་ལུས་ཡོངས་སུ་གྲུབ་པ་བསྟན་མ་ཐག་ཏུ་དེ་ནས་འཁོར་དེ་ན་བརྒྱ་བྱིན་ནམ། ཚངས་པའམ། འཇིག་རྟེན་སྐྱོང་བའམ། གནས་གཙང་མའི་རིས་ཀྱི་ལྷའམ། ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པའམ། བྱང་ཆུབ་སེམས་དཔའི་
55-1-274b
ཐེག་པ་པའམ། དེ་མ་ཡིན་པ་སེམས་ཅན་གཞན་ཡང་རུང་སྟེ། གང་དག་གིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་མ་ཐོབ་པ་དེ་དག་ཐམས་ཅད་ཀྱི་ལུས་ནི་འདི་ལྟ་སྟེ། དཔེར་ན་སྣག་ཚའི་ཕུང་པོ་བཞིན་དུ་སྣང་ངོ ། །བརྒྱ་བྱིན་དེའི་ལུས་ནི་རི་རབ་བཞིན་དུ་མངོན་པར་འཕགས་ཤིང་ལམ་མེ་ལྷན་ནེ་ལྷང་ ངེར་སྣང་ངོ ། །དེ་བཞིན་གཤེགས་པའི་སྐུ་ནི་དེའི་ཉིས་གྱུར་ཏུ་བཞུགས་པར་སྣང་ངོ ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་ཆེན་པོ་འདིའི་གཟུགས་ཀྱི་ལུས་ཡོངས་སུ་གྲུབ་པ་ངོ་མཚར་ཏེ། བཅོམ་ལྡན་འདས་བརྒྱ་ བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་འདི་དག་གི་ལུས་ནི་སྣག་ཚའི་ཕུང་པོ་བཞིན་དུ་མཆིས་པར་གདའོ། །བཅོམ་ལྡན་འདས་བདག་རི་རབ་ཀྱི་རྩེ་མོ་འདི་ལ་མཆིས་ཤིང་གང་གི་ཚེ་ན་བདག་ཆོས་བཟང་ལྷའི་མདུན་སར་མཆིས་པ་དེའི་ཚེ། བཅོམ་ལྡན་འདས་བདག་གི་མགུལ་དུ་བརྒྱ་ བྱིན་ཐོགས་པ་ཞེས་བགྱི་བའི་ནོར་བུ་རིན་པོ་ཆེ་ཆེན་པོ་ཐོགས་པས་དེའི་འོད་ཀྱིས་ལྷའི་འཁོར་ཐམས་ཅད་མོག་མོག་པོར་གྱུར་ཏེ། ལམ་མེར་མ་མཆིས། ལྷན་ནེར་མ་མཆིས། ལྷང་ངེར་མ་མཆིས་ན། བཅོམ་ལྡན་འདས་སྐྱེས་བུ་དམ་པ་དེའི་འོད་ཀྱིས་བདག་མོག་མོག་པོར་བགྱིས་ལགས་ ཏེ། བདག་གི་བརྒྱ་བྱིན་ཐོགས་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ཡང་ལམ་མེར་མ་མཆིས། ལྷན་ནེར་མ་མཆིས། ལྷང་ངེར་མ་མཆིས་སོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་གལ་ཏེ་སྟོང་གསུམ་གྱི་ སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་བརྒྱ་བྱིན་ཐོགས་པའི་ནོར་བུ་རིན་པོ་ཆེ་ཆེན་པོས་ཡོངས་སུ་གང་དུ་ཟིན་ཀྱང་ལྷ་ཐམས་ཅད་སྣང་བ་ཞེས་བྱ་བའི་ནོར་བུ་རིན་པོ་ཆེ་ཞེས་བྱ་བ་ཡོད་དེ། དེའི་འོད་ཀྱིས་བརྒྱ་བྱིན་ཐོགས་པའི་ནོར་བུ་རིན་པོ་ཆེ་དེ་དག་ཐམས་ཅད་མོག་མོག་པོར་འགྱུར་རོ། །ཀཽ་ ཤི་ཀ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་ལྷ་ཐམས་ཅད་སྣང་བའི་ནོར་བུ་རིན་པོ་ཆེས་ཡོངས་སུ་གང་དུ་ཟིན་ཀྱང་རྡོ་རྗེ་སྣང་བ་ཞེས་བྱ་བའི་ནོར་བུ་རིན་པོ་ཆེ་ཡོད་དེ། དེའི་འོད་ཀྱིས་ལྷ་ཐམས་ཅད་སྣང་བའི་ནོར་བུ་རིན་པོ་ཆེ་དེ་དག་ཐམས་ཅད་མོག་མོག་པོར་འགྱུར་
55-1-275a
རོ། །ཀཽ་ཤི་ཀ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྡོ་རྗེ་སྣང་བའི་ནོར་བུ་རིན་པོ་ཆེས་ཡོངས་སུ་གང་དུ་ཟིན་ཀྱང་སྣང་བ་ཐམས་ཅད་བསྡུས་པ་ཞེས་བྱ་བའི་ནོར་བུ་རིན་པོ་ཆེ་ཡོད་དེ། དེས་རྡོ་རྗེ་སྣང་བའི་ནོར་བུ་རིན་པོ་ཆེ་ཐམས་ཅད་མོག་མོག་པོར་བྱེད་དོ། ། ཀཽ་ཤི་ཀ་བརྒྱ་བྱིན་འདིའི་མགུལ་དུ་སྣང་བ་ཐམས་ཅད་བསྡུས་པ་ཞེས་བྱ་བའི་ནོར་བུ་རིན་པོ་ཆེ་ཆེན་པོ་ཐོགས་པ་མཐོང་ངམ། བཅོམ་ལྡན་འདས་གང་གི་ཚེ་བདག་གིས་བརྟགས་པ་དེའི་ཚེ་ན་མིག་ཟི་ཟི་པོར་གྱུར་ལགས་ཏེ། དེའི་འོད་ནི་དེ་ལྟ་བུ་ལགས་སོ། །བཀའ་སྩལ་པ། ཀཽ་ཤི་ཀ་བྱང་ཆུབ་ སེམས་དཔའ་གང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་པར་གྱུར་པ་དེ། གང་གི་ཚེ་ན་ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར་པ་དེའི་ཚེ། དེའི་མགུལ་དུ་ནོར་བུ་རིན་པོ་ཆེ་དེ་ལྟ་བུ་ཐོགས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པའི་སེམས་ཅན་དེ་དག་ནི་གཟུགས་ཀྱི་ལུས་ཡོངས་སུ་གྲུབ་པ་འདི་ལྟ་བུ་ལས་ཡོངས་སུ་ཉམས་སོ། །བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལས་ཡོངས་སུ་ཉམས་སོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཤད་པ་དེ་ལྷའི་བུ་སྦེད་པས་ཐོས་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཡབ་ཉན་ཐོས་ཀྱི་ངེས་པར་གྱུར་པ་ལ་ཞུགས་པའི་སེམས་ཅན་བརྒྱ་ཕྲག་མང་པོ་དག་སངས་རྒྱས་ཀྱི་ཆོས་ལ་འདོད་པའི་སེམས་བསྐྱེད་ཀྱང་ཅི་ཞིག་བྱར་ཡོད་དེ། དེ་དག་ནི་འཁོར་བའི་རྒྱུན་གྱི་མཚམས་བཅད་པའོ། །ཀྱེ་ཡབ་གང་དག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང ། གང་དག་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང ། གང་དག་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དེ་དག་གིས་ནི་སངས་རྒྱས་ཀྱི་ཆོས་འདི་དག་ལ་འདོད་པའི་སེམས་བསྐྱེད་པར་བྱ་སྟེ། དེ་དག་ནི་གཟུགས་ཀྱི་ལུས་ཡོངས་སུ་གྲུབ་པ་འདི་ལྟ་བུ་ཐོབ་པར་འགྱུར་རོ། །ཀྱེ་ཡབ་འདི་ལྟ་སྟེ། དཔེར་ན་ཉི་མ་དང་ཟླ་བའི་བསྔགས་པ་ཇི་ཙམ་མང་དུ་བརྗོད་ཅིང་བསྔགས་པ་བཤད་པ་ལ་མི་དམུས་ལོང་གིས་འདོད་པའི་སེམས་བསྐྱེད་ཀྱང་དེས་དེ་དག་མི་མཐོང་སྟེ། མྱོང་བར་མི་འགྱུར་རོ། །
55-1-275b
ཀྱེ་ཡབ་དེ་བཞིན་དུ་ཉན་ཐོས་ཀྱི་ངེས་པར་གྱུར་པ་ལ་ཞུགས་པ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བསྔགས་པ་བརྗོད་བསྔགས་པ་བསྟན་པ་ལ་འདོད་པའི་སེམས་ཇི་ཙམ་མང་དུ་བསྐྱེད་ཀྱང་དེས་སངས་རྒྱས་ཀྱི་ཆོས་དང་ཡོན་ཏན་རྣམས་མི་ཤེས་མི་མཐོང་མི་མྱོང་ངོ ། །ཀྱེ་ཡབ་དེ་བས་ན་གཟུགས་འདོད་པས་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱི་སྟེ། དེའི་གཟུགས་ཀྱི་ལུས་ཁ་དོག་ཡོངས་སུ་གྲུབ་པ་འདི་ལྟ་བུར་འགྱུར་རོ། །ལྷའི་བུ་སྦེད་པས་བསྟན་པ་འདི་བཤད་པའི་ཚེ་ལྷའི་བུ་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་ བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་ལྷའི་བུ་སྦེད་པ་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་ཁྱོད་ཀྱིས་དགེ་བའི་རྩ་བ་ཇི་ཙམ་གྱིས་བུད་མེད་ཀྱི་ལུས་ལས་བསྒྱུར། སྨྲས་པ། རིགས་ཀྱི་བུ་ཐེག་པ་ཆེན་པོ་ལ་གནས་པས་ནམ་བུད་མེད་དམ། སྐྱེས་པར་གནས་ཀྱང་ཉེས་པར་མི་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་མཁྱེན་པའི་སེམས་ནི་ཁམས་གསུམ་དང་ལྷན་ཅིག་མི་གནས་པའི་ཕྱིར་ཏེ། བུད་མེད་དང་སྐྱེས་པ་ནི་སེམས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ནོ། །ཡང་རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བའི་རྩ་བ་ཇི་ཙམ་གྱིས་བུད་མེད་ཀྱི་ལུས་ལས་བསྒྱུར་ཅེས་གང་དེ་སྐད་སྨྲས་པ་ནི་ཇི་ ཙམ་དུ་ཁྱིམ་ཐབ་ལ་གཡོ་མེད་ཅིང་ཕངས་པར་སེམས་པས་རིམ་གྲོ་བྱས་པས་སོ། །སྨྲས་པ། ཁྱོད་ཀྱིས་ཇི་ལྟར་ཁྱིམ་ཐབ་ལ་རིམ་གྲོ་བྱས། སྨྲས་པ། སྟོན་པ་ཙམ་དུ་ཕངས་པར་བསམས་པས་སོ། །སྨྲས་པ། ཇི་ལྟར་ཁྱོད་ཀྱིས་གཡོ་མེད་པར་བྱས། སྨྲས་པ། ལུས་ཀྱི་ལས་ ཇི་ལྟ་བ་དང ། ངག་གི་ལས་ཇི་ལྟ་བ་དེ་བཞིན་དུ་ཡིད་ཀྱི་ལས་བགྱིས་ཏེ། རིགས་ཀྱི་བུ་དེ་ནི་བུད་མེད་ཀྱི་གཡོ་མེད་པའོ། །སྨྲས་པ། ཁྱོད་ཀྱིས་བུད་མེད་ཀྱི་ལུས་ལས་ཇི་ལྟར་བསྒྱུར། སྨྲས་པ། ཇི་ལྟར་བསྒྲུབས་པ་བཞིན་དུའོ། །སྨྲས་པ། ཁྱོད་ཀྱིས་ཇི་ལྟར་བསྒྲུབས། སྨྲས་པ། ཇི་ལྟར་བསྒྱུར་བ་ བཞིན་དུའོ། །སྨྲས་པ། ལྷའི་བུ་བཤད་པ་དེའི་དོན་གང་ཡིན། སྨྲས་པ། རིགས་ཀྱི་བུ་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་སུ་རོ་གཅིག་པས་ན། རིགས་ཀྱི་བུ་ཆོས་ཐམས་ཅད་ནི་མི་འགྲུབ་མི་ལྡོག་གོ། །ཡང་རིགས་ཀྱི་བུ་ཇི་སྲིད་དུ་བདག་སྨོན་པར་གྱུར་པ་དེ་སྲིད་དུ་བདག་ལ་བུད་མེད་ཀྱི་
55-1-276a
མཚན་བྱུང་ངོ ། །རིགས་ཀྱི་བུ་གང་གི་ཚེ་ན་བདག་ལ་སྐྱེས་པའི་མཚན་བྱུང་བར་གྱུར་པ་དེའི་ཚེ་ཡང་བདག་གིས་བུད་མེད་ཀྱི་རང་བཞིན་གྱི་ཆོས་ཉིད་དེ་མ་སྤངས་སོ། །རིགས་ཀྱི་བུ་དེ་བས་ན་འདི་ལྟ་སྟེ། བུད་མེད་དམ། སྐྱེས་པར་འཛིན་པ་ནི་ཕྱིན་ཅི་ལོག་ཏུ་འཛིན་པའོ། །རིགས་ཀྱི་ བུ་གང་ཡང་ཕྱིན་ཅི་ལོག་དང ། ཕྱིན་ཅི་མ་ལོག་པ་དེ་གཉི་ག་གཉིས་སུ་མེད་པ་གཉིས་སུ་དབྱེར་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཆོས་ཐམས་ཅད་ནི་ཤིན་ཏུ་གཉིས་དང་བྲལ་བའོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་ལྷའི་བུ་སྦེད་པ་ལ་འདི་སྐད་ཅེས་སྨྲས་སོ། །ཅི་ལྷའི་ བུ་ཁྱོད་ཀྱིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདིའི་ཕྱོགས་འགའ་ཡང་མངོན་སུམ་དུ་གྱུར་ཏམ། སྨྲས་པ། རིགས་ཀྱི་བུ་གཞན་གྱིས་བསྟན་པས་བདག་ལ་མངོན་སུམ་དུ་གྱུར་གྱི། བདག་གི་ཡེ་ཤེས་ཀྱིས་མངོན་སུམ་དུ་གྱུར་པ་ནི་མ་ལགས་སོ། །རིགས་ཀྱི་བུ་བདག་གིས་མངོན་པར་ཤེས་ པ་གང་གི་ཚེ་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་པོ་ཟས་གཙང་མའི་ཁབ་ན་བྱང་ཆུབ་སེམས་དཔར་གྱུར་ཅིང་བདག་གི་མལ་དུ་སླས་ཀྱི་ནང་ན་བཞུགས་པ་དེའི་ཚེ། མཚན་མོ་མི་ཉལ་ཙམ་ན་ཤར་ཕྱོགས་ནས་ཚངས་པ་ གང་གཱའི་ཀླུང་གི་བྱེ་མ་སྙེད་ལྷགས་ཏེ། དེ་ན་བྱང་ཆུབ་སེམས་དཔའ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ལམ་དང ། ཉན་ཐོས་ཀྱི་ལམ་ཡོངས་སུ་ཞུས་པ་དང ། བྱང་ཆུབ་སེམས་དཔས་དེ་དག་ལ་ཇི་ལྟར་ཞུ་བ་ཞུས་པ་བཞིན་དུ་ལན་བླན་ཏེ། དེ་ན་བྱང་ཆུབ་སེམས་དཔའ་ལ་ཚངས་པ་ གཅིག་གིས་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ་ཆོས་ཤེས་པ་ཐོབ་པ་དང ། ཐོགས་པ་མེད་པའི་ཤེས་རབ་དང ། སྤོབས་པ་འདི་ལྟ་བུ་ཡང་ཡོད་ལ། འདོད་པའི་ལོངས་སྤྱོད་དང ། རྒྱལ་སྲིད་ལ་ཆགས་པར་ཡང་བྱེད་པ་འདི་ནི་མི་རིགས་སོ། །དེ་ནས་ཚངས་པ་གཞན་བྱང་ཆུབ་ སེམས་དཔའི་ཐབས་ཤེས་པའི་ཡོན་ཏན་གྱི་ཆོས་ལ་མངོན་སུམ་དུ་གྱུར་པ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་འདི་ནི་འདོད་པའི་ལོངས་སྤྱོད་དང ། རྒྱལ་སྲིད་ཀྱི་ཕྱིར་ཁྱིམ་ན་གནས་པ་མ་ཡིན་གྱི། འདི་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཁྱིམ་ན་གནས་ཏེ། འདི་ནི་
55-1-276b
འཇིག་རྟེན་གྱི་ཁམས་གཞན་དུ་ཡང་ཆོས་ཀྱི་འཁོར་ལོ་སྐོར་ལ། འདིར་ཡང་བྱང་ཆུབ་སེམས་དཔར་གྱུར་པར་སྣང་ངོ ། །དེའི་ཚེ་ཚངས་པ་དེས་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་གང་ལ་གནས་ན་འདི་འདྲ་བའི་རྣམ་པར་འཕྲུལ་པར་འགྱུར། དེ་དག་གིས་སྨྲས་པ། ཚངས་པ་འདི་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་ཡུལ་ལོ། །རིགས་ཀྱི་བུ་དེའི་ཚེ་བདག་འདི་སྙམ་དུ་སེམས་ཏེ། རིགས་ཀྱི་བུ་འདི་ལྟར་འདོད་པ་ལ་ཡང་ཡོངས་སུ་སྤྱོད་ཅིང་རྒྱལ་སྲིད་ཀྱང་ཡོངས་སུ་སྡུད་ལ་ཏིང་ངེ་འཛིན་ཀྱང་ཐོབ་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་གྱི་རྩལ་ངོ་ མཚར་ཏོ་སྙམ་མོ། །རིགས་ཀྱི་བུ་བདག་གིས་དེ་ཐོས་ནས་བྱང་ཆུབ་སེམས་དཔའ་ལ་ཤིན་ཏུ་སྟོན་པར་འདུ་ཤེས་མངོན་པར་བཞག་གོ། །བདག་གིས་དད་པ་ཡང་རྙེད་ནས་བདག་གིས་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བདག་ཀྱང་ ཡེ་ཤེས་དང ། ཡོན་ཏན་གྱི་ཆོས་འདི་ལྟ་བུ་དང་ལྡན་པར་གྱུར་ཅིག་ཅེས་བགྱིས་སོ། །རིགས་ཀྱི་བུ་འདི་ལ་ནི་བདག་ཕྱོགས་ཙམ་ཞིག་མངོན་དུ་གྱུར་གྱི། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདིའི་ཡོན་ཏན་གྱི་བྱེ་བྲག་ནི་བསམ་གྱིས་མི་ཁྱབ་བོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་ དཔའ་བློ་གྲོས་བརྟན་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷའི་བུ་སྦེད་པའི་ལྷག་པའི་བསམ་པ་བསྟན་པ་ནི་ངོ་མཚར་ཏེ། དེ་ནི་དགེ་བའི་བཤེས་གཉེན་བཅོམ་ལྡན་འདས་ཀྱིས་ཡོངས་སུ་ཟིན་པས་འདི་ལྟ་སྟེ་དཔེར་ན། ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་རྣམ་པར་འཕྲུལ་པ་བཞིན་དུ་བཅོམ་ལྡན་འདས་ལྷའི་བུ་སྦེད་པ་འདི་ཡང་རིང་པོ་མི་ཐོགས་པར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་གནས་ཏེ་རྣམ་པར་འཕྲུལ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཁོར་འདི་ན་བྱང་ཆུབ་སེམས་དཔའ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་པ་གང་ལ་ལ་དག་འདུས་པ་མཆིས་སམ། དེ་ནས་འཁོར་དེ་ན་ལྷའི་བུ་སངས་རྒྱས་བློ་གྲོས་མངོན་སུམ་ཞེས་བྱ་བ་འདུས་
55-1-277a
པར་གྱུར་ཏེ། འདུག་པ་དེས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པ་ལ་འདི་སྐད་ཅེས་སྨྲས་སོ། །བློ་གྲོས་བརྟན་པ་ཁྱོད་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ་ཆེན་པོའི་སྤྱན་སྔར་འདུག་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་གྱི་ཆོས་རིན་པོ་ཆེ་མཐའ་ ཡས་པ་དང་ལྡན་པ་གོ་ཆ་ཆེན་པོ་བགོས་པ་རྣམས་ཀྱི་ནང་དུ་ཕྱིན་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་པ་གང་ལ་ལ་དག་འཁོར་འདིར་འདུས་པ་མཆིས་སམ་ཞེས་དེ་སྐད་ཟེར་བའི་ཁྱོད་ཀྱི་ཞུ་བ་ནི་ཁོ་བོས་བསམས་ན། འདི་ལྟ་སྟེ། དཔེར་ན། འདྲོན་པ་ བྱིས་པའི་རང་བཞིན་ཅན་ལ་ལ་ཞིག་རྒྱ་མཚོ་ཆེན་པོར་ཞུགས་ནས། རྒྱ་མཚོ་ཆེན་པོ་འདི་ན་གང་དག་བླངས་ཏེ། འགྲོ་བར་བྱ་བའི་རིན་པོ་ཆེ་དག་ཡོད་དམ་ཞེས་དེ་སྐད་ཟེར་བ་དང་མཚུངས་པ་སྙམ་བྱེད་དོ། །བློ་གྲོས་བརྟན་པ་འཁོར་འདི་ན་ནི་བྱང་ཆུབ་སེམས་དཔའ་གང་དག་དཔའ་བར་འགྲོ་བའི་ཏིང་ངེ་ འཛིན་འདི་ཐོབ་པ་བརྒྱ་བྱིན་གྱི་ཁ་དོག་དང ། གཟུགས་དང་ལྡན་པ་དག་ཀྱང་ཡོད་དོ། །བྱང་ཆུབ་སེམས་དཔའ་གང་དག་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་པ་ཚངས་པའི་ཁ་དོག་དང ། གཟུགས་དང་ལྡན་པ་དག་ཀྱང་ཡོད་དོ། །བྱང་ཆུབ་སེམས་དཔའ་གང་དག་དཔའ་བར་འགྲོ་བའི་ཏིང་ངེ་ འཛིན་འདི་ཐོབ་པའི་ལྷའི་ཁ་དོག་དང ། གཟུགས་དང་ལྡན་པ་དག་ཀྱང་ཡོད་དོ། །བྱང་ཆུབ་སེམས་དཔའ་འཁོར་ལོས་སྒྱུར་བའི་ཁ་དོག་དང ། གཟུགས་དང་ལྡན་པ་དག་ཀྱང་ཡོད་དོ། །བྱང་ཆུབ་སེམས་དཔའ་དགེ་སློང་གི་ཁ་དོག་དང ། གཟུགས་དང་ལྡན་པ་དག་ཀྱང་ཡོད་དོ། །བྱང་ཆུབ་སེམས་ དཔའ་དགེ་སློང་མའི་ཁ་དོག་དང ། གཟུགས་དང་ལྡན་པ་དག་ཀྱང་ཡོད་དོ། །བྱང་ཆུབ་སེམས་དཔའ་དགེ་བསྙེན་གྱི་ཁ་དོག་དང ། གཟུགས་དང་ལྡན་པ་དག་ཀྱང་ཡོད་དོ། །དགེ་བསྙེན་མའི་ཁ་དོག་དང ། གཟུགས་དང་ལྡན་པ་དག་ཀྱང་ཡོད་དོ། །མཚན་གྱིས་ལེགས་པར་བརྒྱན་པ་དག་ཀྱང་ ཡོད་དོ། །བྱང་ཆུབ་སེམས་དཔའ་གང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་པ་དག་སེམས་ཅན་གདུལ་བའི་ཕྱིར་ལུས་དང ། ཁ་དོག་དམན་པ་དང་ལྡན་པ་དག་ཀྱང་ཡོད་དོ། །བློ་གྲོས་བརྟན་པ་འཁོར་འདི་ན་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ཁ་དོག་དང ། གཟུགས་དང ། སྤྱོད་ལམ་དང་
55-1-277b
ལྡན་པ་དག་ཀྱང་ཡོད་དོ། །བྱང་ཆུབ་སེམས་དཔའ་གང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་པ་དག་རང་སངས་རྒྱས་ཀྱི་ཁ་དོག་དང ། གཟུགས་དང ། སྤྱོད་ལམ་དང་ལྡན་པ་དག་ཀྱང་ཡོད་དོ། །བློ་གྲོས་བརྟན་པ་གང་གི་ཚེ་ན་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་གལ་ཏེ་རྒྱལ་རིགས་ཀྱི་འཁོར་ཏམ། གལ་ཏེ་བྲམ་ཟེའི་འཁོར་ཏམ། གལ་ཏེ་ཁྱིམ་བདག་གི་འཁོར་ཏམ། གལ་ཏེ་དགེ་སྦྱོང་གི་འཁོར་ཏམ། གལ་ཏེ་ལྷའི་འཁོར་ཏམ། གལ་ཏེ་བརྒྱ་བྱིན་གྱི་འཁོར་ཏམ། གལ་ཏེ་ཚངས་པའི་འཁོར་ཏམ། གལ་ཏེ་འཇིག་རྟེན་སྐྱོང་གི་འཁོར་ཏམ། འཁོར་གང་དང་གང་དུ་གཤེགས་པར་དེ་བཞིན་གཤེགས་པ་སེམས་ཅན་དེ་དག་ཇི་ལྟར་མོས་པ་དེ་ལྟ་བུའི་ཁ་དོག་དང ། གཟུགས་དང ། སྤྱོད་ལམ་དུ་སྣང་ཞིང་དེ་དག་གིས་ཀྱང་དེའི་ཁ་དོག་དེ་འདྲ་བ་ཉིད་དུ་མཐོང་སྟེ། བློ་གྲོས་བརྟན་པ་དེ་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སྔོན་བསམ་པ་སྦྱངས་ པའི་བྱེ་བྲག་ཏུ་བལྟའོ། །བློ་གྲོས་བརྟན་པ་དེ་ལྟར་ན་ཁྱོད་ཀྱིས་གང་དང་གང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་སྟོན་པ་མཐོང་བ་དེ་དང་དེར། ཁྱོད་ཀྱིས་འདི་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ། ཆོས་ཐམས་ཅད་ཀྱི་དབང་ ཕྱུག་དང་ལྡན་པར་གནས་པ། ཆོས་ཀྱི་འཁོར་ལོ་སྐོར་བ་དཔག་ཏུ་མེད་པ་དག་ཡོད་པར་ཤེས་པར་གྱིས་ཤིག་།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདིའི་སྤོབས་པ་ཇི་ལྟ་བ་དང ། འདིའི་ཡེ་ཤེས་ཐོགས་པ་མ་ མཆིས་པར་འཆད་པ་ཇི་ལྟ་བ་དང ། འདིའི་སྤྱོད་པ་རྣམ་པར་འབྱེད་པ་འཆད་པ་ཇི་ལྟ་བ་ལས་ན། བདག་ནི་ལྷའི་བུ་སངས་རྒྱས་བློ་གྲོས་མངོན་སུམ་འདིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་བོ་སྙམ་བགྱིད་དོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ བློ་གྲོས་བརྟན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་བརྟན་པ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ལྷའི་བུ་འདི་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་གནས་ཏེ། ཏིང་ངེ་འཛིན་འདི་མངོན་དུ་བྱས་ནས་འཆད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་སངས་རྒྱས་བློ་གྲོས་
55-1-278a
མངོན་སུམ་ལ་བཀའ་སྩལ་པ། ལྷའི་བུ་ཁྱོད་ཀྱིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་སྦྱངས་པའི་བྱེ་བྲག་གི་ཕྱོགས་འགའ་ཞིག་སྟོན་ཅིག་།དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པ་ལ་ལྷའི་བུ་སངས་རྒྱས་བློ་གྲོས་མངོན་སུམ་གྱིས་འདི་སྐད་ཅེས་སྨྲས་སོ། །བློ་གྲོས་བརྟན་པ་ཁྱོད་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདིའི་ཕྱོགས་ཙམ་གྱི་ཁྱུ་མཆོག་ཏུ་གྱུར་པ་ལྟ་བར་འདོད་དམ། སྨྲས་པ། ལྷའི་བུ་ལྟ་བར་འདོད་དོ། །དེ་ནས་ལྷའི་བུ་སངས་རྒྱས་བློ་གྲོས་མངོན་སུམ་གྱིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་པའི་ཕྱིར་དེའི་ཚེ་ཐམས་ཅད་དང་ལྡན་པའི་འཁོར་ འདི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁ་དོག་དང ། གཟུགས་སུ་གནས་པ་དང ། མཚན་གྱིས་ལེགས་པར་བརྒྱན་པ་དང ། འཁོར་དང་བཅས་པ་དཔུང་གི་མཐུ་དང་ལྡན་པ་དང ། རིན་པོ་ཆེ་སྣ་བདུན་དང་ལྡན་པར་འདུ་ཤེས་པ་དེ་འདྲ་བའི་རྫུ་འཕྲུལ་མངོན་པར་འདུ་བྱེད་པའི་ལྟས་བསྟན་ནས། སྨྲས་པ། བློ་གྲོས་བརྟན་པ་ཅི་མཐོང ། སྨྲས་པ། ལྷའི་བུ་ཁོ་བོས་ནི་ཐམས་ཅད་དང་ལྡན་པའི་འཁོར་འདི་འཁོར་ལོས་སྒྱུར་བའི་ཁ་དོག་དང ། དབྱིབས་དང ། གཟུགས་སུ་གནས་པ་དང ། མཚན་གྱིས་ལེགས་པར་བརྒྱན་པ་དང ། འཁོར་དང་བཅས་པ་དཔུང་གི་མཐུ་དང་ལྡན་པ་ དང ། རིན་པོ་ཆེ་སྣ་བདུན་དང་ལྡན་པར་མཐོང་ངོ ། །དེ་ནས་ལྷའི་བུ་སངས་རྒྱས་བློ་གྲོས་མངོན་སུམ་གྱིས་ཐམས་ཅད་དང་ལྡན་པའི་འཁོར་ལྷའི་དབང་པོ་བརྒྱ་བྱིན་གྱི་ཁ་དོག་དང ། དབྱིབས་དང ། གཟུགས་སུ་གནས་པ་དང ། སུམ་ཅུ་རྩ་གསུམ་གནས་ཀྱི་ཁང་པ་ན་གནས་ཤིང་ ལྷའི་བུ་མོ་བརྒྱ་སྟོང་གིས་ཡོངས་སུ་བསྐོར་ཏེ། སིལ་སྙན་དང ། ཕེག་རྡོབ་པ་དང ། རོལ་མོའི་སྒྲ་དབྱངས་བྱེད་པར་འདུ་ཤེས་པ་དེ་འདྲ་བའི་རྫུ་འཕྲུལ་མངོན་པར་འདུ་བྱེད་པར་བྱིན་གྱིས་བརླབས་ནས་སྨྲས་པ། བློ་གྲོས་བརྟན་པ་ཅི་མཐོང ། སྨྲས་པ། ལྷའི་བུ་ཁོ་བོས་ནི་ཐམས་ ཅད་དང་ལྡན་པའི་འཁོར་འདི་ལྷའི་དབང་པོ་བརྒྱ་བྱིན་གྱི་ཁ་དོག་དང ། དབྱིབས་དང ། གཟུགས་སུ་གནས་པ་དང ། སུམ་ཅུ་རྩ་གསུམ་གྱི་ལྷའི་ཁང་པ་ན་གནས་ཤིང་ལྷའི་བུ་མོ་བརྒྱ་སྟོང་གིས་ཡོངས་སུ་བསྐོར་ཏེ། སིལ་སྙན་དང ། ཕེག་རྡོབ་པ་དང ། རོལ་མོའི་སྒྲ་
55-1-278b
དབྱངས་བྱེད་པར་མཐོང་ངོ ། །དེ་ནས་ལྷའི་བུ་སངས་རྒྱས་བློ་གྲོས་མངོན་སུམ་གྱིས་ཡང་གང་ཐམས་ཅད་དང་ལྡན་པའི་འཁོར་དེ་ཚངས་པའི་ཁ་དོག་དང་།དབྱིབས་དང ། གཟུགས་སུ་གནས་པ་དང ། སྤྱོད་ལམ་ཤིན་ཏུ་ཞི་བ་དང ། ཚངས་པའི་གནས་ཀྱི་གཞལ་མེད་ཁང་ན་གནས་པ་དང ། ཚད་མེད་པ་བཞིའི་བསམ་གཏན་ལ་བསམ་གཏན་དུ་བྱེད་པར་འདུ་ཤེས་པ་དེ་ལྟ་བུའི་བྱིན་གྱི་རླབས་པ་བྱིན་གྱིས་བརླབས་ནས། སྨྲས་པ། བློ་གྲོས་བརྟན་པ་ཅི་མཐོང ། སྨྲས་པ། ལྷའི་བུ་ཁོ་བོས་ནི་ཐམས་ཅད་དང་ལྡན་པའི་འཁོར་འདི་ཚངས་པའི་ཁ་དོག་དང ། དབྱིབས་དང ། གཟུགས་སུ་ གནས་པ་དང ། སྤྱོད་ལམ་རབ་ཏུ་ཞི་བ་དང ། ཚངས་པའི་གནས་ཀྱི་གཞལ་མེད་ཁང་ན་གནས་པ་དང ། ཚད་མེད་པ་བཞིའི་བསམ་གཏན་ལ་བསམ་གཏན་དུ་བྱེད་པར་མཐོང་ངོ ། །དེ་ནས་ལྷའི་བུ་སངས་རྒྱས་བློ་གྲོས་མངོན་སུམ་གྱིས་ཡང་འཁོར་དེ་དག་གནས་བརྟན་འོད་སྲུང་ཆེན་པོའི་ཁ་དོག་ དང ། གཟུགས་དང ། དབྱིབས་དང ། ཆོས་གོས་སྣམ་སྦྱར་དང ། ཐང་བ་དང ། ལྷུང་བཟེད་ཐོགས་པའི་སྤྱོད་ལམ་འཛིན་པ་དང ། རྣམ་པར་ཐར་པ་བརྒྱད་ཀྱི་བསམ་གཏན་ལ་བསམ་གཏན་བྱེད་པ་ཅི་འདྲ་བ་དེ་འདྲ་བར་སྣང་ལ། སྣ་ཚོགས་སུ་མེད་ཅིང་ཁ་དོག་གཅིག་ཏུ་གྱུར་པ་དེ་ལྟ་བུའི་བྱིན་གྱི་ རླབས་པ་བྱིན་གྱིས་བརླབས་ནས། སྨྲས་པ། བློ་གྲོས་བརྟན་པ་ཅི་མཐོང ། སྨྲས་པ། ལྷའི་བུ་ཁོ་བོས་ནི་ཐམས་ཅད་དང་ལྡན་པའི་འཁོར་འདི་གནས་བརྟན་འོད་སྲུང་ཆེན་པོའི་ཁ་དོག་དང ། གཟུགས་དང ། དབྱིབས་དང ། ཆོས་གོས་སྣམ་སྦྱར་དང ། ཐང་བ་དང ། ལྷུང་བཟེད་ཐོགས་ པའི་སྤྱོད་ལམ་འཛིན་པ་དང ། རྣམ་པར་ཐར་པ་བརྒྱད་ཀྱི་བསམ་གཏན་ལ་བསམ་གཏན་བྱེད་པ་ཅི་འདྲ་བ་དེ་འདྲ་བར་སྣང་ལ། སྣ་ཚོགས་སུ་མེད་ཅིང་ཁ་དོག་གཅིག་ཏུ་གྱུར་པ་དེ་ལྟ་བུར་མཐོང་ངོ ། །དེ་ནས་ལྷའི་བུ་སངས་རྒྱས་བློ་གྲོས་མངོན་སུམ་གྱིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཉིད་ ཀྱི་ཁྱུ་མཆོག་ཏུ་གྱུར་པ་བསྟན་པའི་ཕྱིར་ཐམས་ཅད་དང་ལྡན་པའི་འཁོར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཁ་དོག་དང ། གཟུགས་དང ། དབྱིབས་དང ། སྤྱོད་ལམ་དང ། མཚན་བཀོད་པས་བརྒྱན་པ་དང ། ཞབས་འབྲིང་བ་དགེ་སློང་གི་དགེ་འདུན་ཅི་འདྲ་བ་དེ་འདྲ་བར་དེ་བཞིན་གཤེགས་
55-1-279a
པ་མང་པོ་ཐམས་ཅད་སོ་སོ་ན་དགེ་སློང་གི་དགེ་འདུན་དང་བཅས་པར་སྣང་བ་དེ་ལྟ་བུའི་མཚན་མ་བསྟན་ནས། སྨྲས་པ། བློ་གྲོས་བརྟན་པ་ཅི་མཐོང ། སྨྲས་པ། ལྷའི་བུ་ཁོ་བོས་ནི་ཐམས་ཅད་དང་ལྡན་པའི་འཁོར་འདི་དེ་བཞིན་གཤེགས་པའི་ཁ་དོག་དང ། གཟུགས་དང ། དབྱིབས་དང ། སྤྱོད་ལམ་དང ། མཚན་བཀོད་པས་བརྒྱན་པ་དང ། ཞབས་འབྲིང་བ་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་བ་ཅི་འདྲ་བ་དེ་འདྲ་བར་སོ་སོ་ན་དགེ་སློང་གི་དགེ་འདུན་དང་བཅས་པར་མཐོང་ངོ ། །སྨྲས་པ། བློ་གྲོས་བརྟན་པ་འདི་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་ཁྱུ་ མཆོག་ཏུ་གྱུར་པ་སྟེ། བློ་གྲོས་བརྟན་པ་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་དེ་དང་ལྡན་པ་ནི་འདོད་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡུངས་འབྲུ་གཅིག་ཏུ་བྱིན་གྱིས་རློབ་བོ། །ཡང་ན་ཡུངས་འབྲུ་གཅིག་གི་ནང་དུ་ཆུད་པར་ཀུན་དུ་སྟོན་ཅིང་གླིང་བཞི་པའི་འཇིག་རྟེན་གྱི་ ཁམས་ཐམས་ཅད་ཀྱང་སྣང་བར་འགྱུར། ཉི་མ་དང་ཟླ་བ་ཐམས་ཅད་ཀྱང་སྣང་བར་གྱུར་ཏེ། སེམས་ཅན་དག་ལ་གནོད་པར་ཡང་མི་འགྱུར་རོ། །བློ་གྲོས་བརྟན་པ་དེ་ལྟར་ན་ཏིང་ངེ་འཛིན་འདི་ནི་བསམ་གྱིས་མི་ཁྱབ་བོ།། །།བམ་པོ་གསུམ་པ། དེ་ནས་ཉན་ཐོས་ཆེན་ པོ་དེ་དག་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང ། མི་མ་ཡིན་པ་དག་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དེ་དག་དང ། བྱང་ཆུབ་སེམས་དཔའ་དེ་ དག་གིས་མགྲིན་གཅིག་ཏུ་ཚིག་སྨྲས་པ། བཅོམ་ལྡན་འདས་གང་དག་གིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་པའམ། ཐོབ་པར་གྱུར་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་བསམ་གྱིས་མི་ཁྱབ་པར་བལྟ་བ་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་ པའི་འགྲོས་སུ་མཆི་བ་ལགས་སོ། །མངོན་པར་ཤེས་པའི་ཡེ་ཤེས་དང ། རིག་པ་དང་ལྡན་པ་ལགས་ཏེ། བཅོམ་ལྡན་འདས་དེ་ལྟར་བདག་ཅག་སྟན་གཅིག་ལ་མཆིས་པ་ལས་འདི་འདྲ་བའི་ཁ་དོག་དང ། གཟུགས་སུ་གདའ་བར་གྱུར་ནས། བདག་ཅག་གཅིག་ལ་གཅིག་ཁ་
55-1-279b
དོག་དང ། གཟུགས་དང ། སྤྱོད་ལམ་དེ་ལྟ་བུར་མཐོང་སྟེ། བཅོམ་ལྡན་འདས་བདག་ཅག་ནི་གང་དག་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་རྣར་མི་གྲག་པའི་སེམས་ཅན་དེ་དག་བདུད་ཀྱིས་བྱིན་གྱིས་བརླབས་པའོ། །བཅོམ་ལྡན་འདས་ཐ་ན་གང་དག་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ ཐོས་པའི་སེམས་ཅན་དེ་དག་ཀྱང་སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ་ལགས་ན་འདོན་པར་བགྱིད་པ་ལྟ་ཅི་སྨོས། ཐོས་ནས་ནན་ཏན་བགྱིད་པ་ལྟ་ཅི་སྨོས། གང་དག་གིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོས་པ་ལྟ་ཅི་སྨོས་སྙམ་བགྱིད་དོ། །བཅོམ་ལྡན་འདས་ཆོས་ཐམས་ ཅད་ཀྱི་ཕ་རོལ་དུ་མཆི་བར་འཚལ་བས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་མཉན་པར་བགྱིའོ། །གཟུང་བར་བགྱིའོ། །བཀླག་པར་བགྱིའོ། །ཀུན་ཆུབ་པར་བགྱིའོ། །གཟུགས་དང ། ཁ་དོག་ཐམས་ཅད་སྟོན་པར་འཚལ་བ་དང ། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དང ། སྤྱོད་ལམ་ ཇི་ལྟ་བ་བཞིན་དུ་སྟོན་པར་འཚལ་བ་དང ། དེ་དག་གི་སེམས་རབ་ཏུ་རྟོགས་པར་འཚལ་བ་དང ། དེ་དག་གི་ནད་ཇི་ལྟ་བ་བཞིན་དུ་སྨན་གྱིས་གསོ་བར་འཚལ་བས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཉིད་མཉན་པར་བགྱིའོ། །བཀླག་པར་བགྱིའོ། །བསྒོམ་པར་བགྱིའོ། །གང་དག་གིས་ དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་པའི་སྐྱེས་བུ་དམ་པ་དེ་དག་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་དུ་མཆིས་པ་ལགས་སོ། །རང་བྱུང་གི་ཡེ་ཤེས་ལ་དབང་བགྱིད་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཆེན་པོ་དེ་དག་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དེ་དག་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དེ་དག་དང ། བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་དེ་དེ་བཞིན་ནོ། ། ཇི་སྐད་སྨྲས་པ་དེ་བཞིན་ཏེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་ནི་བྱང་ཆུབ་སེམས་དཔའ་ཞེས་ང་མི་སྨྲའོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་ནི་མངོན་པར་ཤེས་པ་ཐོབ་པ་ཞེས་ང་མི་སྨྲའོ། །
55-1-280a
དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་ནི་སྦྱང་བ་བྱས་པའོ་ཞེས་ང་མི་སྨྲའོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་ནི་སྦྱིན་པ་དང ། ཚུལ་ཁྲིམས་དང ། བཟོད་པ་དང ། བརྩོན་འགྲུས་ དང ། བསམ་གཏན་དང ། ཤེས་རབ་དང ། ཐབས་དང་ལྡན་པའོ་ཞེས་ང་མི་སྨྲའོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་ལ་ནི་མང་དུ་ཐོས་པའོ་ཞེས་ང་མི་སྨྲའོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་མ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་ དེ་ལ་ནི་སྤོབས་པ་དང་ལྡན་པའོ་ཞེས་ང་མི་སྨྲའོ། །རིགས་ཀྱི་བུ་དག་དེ་བས་ན་ངེས་པར་འབྱུང་བའི་ལམ་ཐམས་ཅད་དུ་ངེས་པར་འབྱུང་བར་འདོད་པའི་བྱང་ཆུབ་སེམས་དཔས་རློམ་སེམས་ཐམས་ཅད་མེད་པའི་ཕྱིར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་བསླབ་པར་བྱའོ། །དེ་ནས་བྱང་ཆུབ་ སེམས་དཔའ་བློ་གྲོས་བརྟན་པས་ལྷའི་བུ་སངས་རྒྱས་བློ་གྲོས་མངོན་སུམ་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ཐོབ་པར་འདོད་པས་གང་ལ་བརྩོན་པར་བྱ། སྨྲས་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ཐོབ་པར་འདོད་པས་ སོ་སོའི་སྐྱེ་བོའི་ཆོས་རྣམས་ལ་བརྩོན་པར་བྱའོ། །སྨྲས་པ། ལྷའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་སོ་སོའི་སྐྱེ་བོའི་ཆོས་རྣམས་ལ་བརྩོན་པར་བྱ། སྨྲས་པ། ཅི་ནས་ཀྱང་སོ་སོའི་སྐྱེ་བོའི་ཆོས་རྣམས་སངས་རྒྱས་ཀྱི་ཆོས་རྣམས་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ པར་མཐོང་བ་དེ་ལྟ་བུར། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་སོ་སོའི་སྐྱེ་བོའི་ཆོས་ལ་བརྩོན་པར་བྱའོ། །སྨྲས་པ། ལྷའི་བུ་ཅི་སངས་རྒྱས་ཀྱི་ཆོས་རྣམས་ལྡན་པའམ། མི་ལྡན་པར་ཉེ་བར་གནས་སམ། སྨྲས་པ། རིགས་ཀྱི་བུ་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་སྦྱར་བའམ། དབྲལ་བར་མི་ནུས་ཏེ། གང་ཡང་རིགས་ཀྱི་བུ་སངས་རྒྱས་ཀྱི་ཆོས་རྣམས་དང ། སོ་སོའི་སྐྱེ་བོའི་ཆོས་རྣམས་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། ཚུལ་གཅིག་པས་དེའི་ཕྱིར་བརྩོན་པ་ཞེས་བྱའི་རིགས་ཀྱི་བུ་འདི་ལ་སྦྱར་བའམ། དབྲལ་བར་བྱ་བའི་ཆོས་ནི་གང་
55-1-280b
ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཆོས་ཐམས་ཅད་ནི་མི་སྐྱེ་བའི་དེ་བཞིན་ཉིད་དང་ལྡན་ནོ། །ཆོས་ཐམས་ཅད་ནི་མི་འགོག་པའི་དེ་བཞིན་ཉིད་དང་ལྡན་ནོ། །ཆོས་ཐམས་ཅད་ནི་མི་འཁྲུགས་པའི་དེ་བཞིན་ཉིད་དང་ལྡན་ནོ། །ཆོས་ཐམས་ཅད་ནི་འདུ་བ་མེད་པའི་དེ་བཞིན་ཉིད་དང་ ལྡན་ནོ། །ཆོས་ཐམས་ཅད་ནི་འབྲལ་བ་མེད་པའི་དེ་བཞིན་ཉིད་དང་ལྡན་ནོ། །ཆོས་ཐམས་ཅད་ནི་ནམ་མཁའ་བཞིན་དུ་དབེན་པ་དང་ལྡན་ནོ། །ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་མཉམ་པ་ཉིད་དང་ལྡན་ནོ། །ཆོས་ཐམས་ཅད་ནི་མ་སྐྱེས་པའི་ཆོས་ཉིད་དང་ལྡན་ཏེ་ཤི་འཕོ་མེད་དོ། །སྨྲས་པ། ལྷའི་བུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གང་དུ་འགྲོ་བ་ཡིན། སྨྲས་པ། རིགས་ཀྱི་བུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ལ་འགྲོ་བ་ཡང་ཡིན་ལ། སེམས་དང་ལྟ་བ་དང ། དམིགས་པར་འདུ་ཤེས་པ་ལ་འགྲོ་བ་ནི་མ་ཡིན་ནོ། །སྲིད་པར་ འགྲོ་བའི་འཆི་འཕོ་དང ། སྐྱེ་བ་ཐམས་ཅད་དུ་འགྲོ་བ་ཡང་ཡིན་ལ། སྲིད་པར་འགྲོ་བའི་ཉོན་མོངས་པར་འགྲོ་བ་ནི་མ་ཡིན་ནོ། །རིགས་ཀྱི་བུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་ཐམས་ཅད་སྟོན་པར་འགྲོ་བ་ཡང་ཡིན་ལ་མཉམ་པ་ཉིད་འཁྲུགས་པར་འགྲོ་བ་ནི་མ་ཡིན་ནོ། །སངས་ རྒྱས་ཀྱི་ཞིང་ཐམས་ཅད་དུ་འཇུག་པར་འགྲོ་བ་ཡང་ཡིན་ལ་ཞིང་སྣ་ཚོགས་སུ་འདུ་ཤེས་པར་འགྲོ་བ་ནི་མ་ཡིན་ནོ། །སངས་རྒྱས་ཐམས་ཅད་སྟོན་པར་འགྲོ་བ་ཡང་ཡིན་ལ་སངས་རྒྱས་ཀྱི་གཟུགས་དང ། མཚན་ལ་རྣམ་པར་རྟོག་ཅིང་སྟོན་པར་འགྲོ་བ་ནི་མ་ཡིན་ནོ། །སྒྲ་དང ། སྐད་ ཐམས་ཅད་སྟོན་པར་འགྲོ་བ་ཡང་ཡིན་ལ་ཡི་གེའི་འདུ་ཤེས་ཡོངས་སུ་རྟོག་པར་འགྲོ་བ་ནི་མ་ཡིན་ནོ། །རིགས་ཀྱི་བུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི་སངས་རྒྱས་ཐམས་ཅད་མཐོང་བར་འགྲོ་བ་ཡང་ཡིན་ལ་ཤིན་ཏུ་མཐོང་བར་འགྲོ་བ་ནི་མ་ཡིན་ནོ། །རིགས་ཀྱི་བུ་དེ་ལྟ་བས་ན་དཔའ་བར་ འགྲོ་བའི་ཏིང་ངེ་འཛིན་ཇི་ལྟ་བུར་འགྲོ་བ་ཡིན་ཞེས་གང་དེ་སྐད་སྨྲས་པ་ནི་དེ་བཞིན་གཤེགས་པའི་འགྲོ་བ་གང་ཡིན་པ་ཏིང་ངེ་འཛིན་འདིའི་འགྲོ་བ་ཡང་དེ་ཡིན་ནོ། །སྨྲས་པ། ལྷའི་བུ་དེ་བཞིན་གཤེགས་པ་ཇི་ལྟ་བུར་གཤེགས། སྨྲས་པ། དེ་བཞིན་གཤེགས་པ་ནི་དེ་བཞིན་
55-1-281a
ཉིད་ཀྱི་ཕྱིར་མི་འགྲོ་བར་གཤེགས་སོ། །སྨྲས་པ། ལྷའི་བུ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་མི་གཤེགས་སམ། སྨྲས་པ། རིགས་ཀྱི་བུ་ཆོས་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བར་འགྲོ་བ་ཡིན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ཡོངས་སུ་ མྱ་ངན་ལས་འདའ་བར་གཤེགས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདའ་བའི་འགྲོ་བ་ནི་ཡོངས་སུ་མྱ་ངན་ལས་མི་འདའོ། །སྨྲས་པ། ལྷའི་བུ་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཡོངས་སུ་མྱ་ངན་ལས་མ་འདས་སམ། སྨྲས་པ། ཅི་རིགས་ཀྱི་ བུ་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྐྱེས་སམ། སྨྲས་པ། ལྷའི་བུ་དེ་ནི་དེ་བཞིན་གཤེགས་པས་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྐྱེས་ལ་མྱ་ངན་ལས་ཀྱང་འདས་སོ་ཞེས་བཀའ་སྩལ་ཏོ། །སྨྲས་པ། རིགས་ཀྱི་བུ་གང་ཡང་དེ་བཞིན་གཤེགས་ པས་ལྷ་དང་མིའི་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར། སྐྱེ་བོ་ཕལ་པོ་ཆེ་དང་ལྷ་དང་མི་རྣམས་ཀྱི་དོན་གྱི་ཕྱིར། ཕན་པའི་ཕྱིར། བདེ་བའི་ཕྱིར། གང་ཟག་གཅིག་འཇིག་རྟེན་དུ་འབྱུང་སྟེ། འདི་ལྟ་སྟེ། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་དེ་སྐད་ཅེས་བཀའ་སྩལ་པ། །ཅི་དེ་བཞིན་གཤེགས་པས་གང་སྐྱེ་བའམ། འགག་པར་འགྱུར་བའི་གང་ཟག་དེ་རྙེད་དམ། སྨྲས་པ། ལྷའི་བུ་དེ་བཞིན་གཤེགས་པས་གང་སྐྱེ་བའམ། འགག་པར་འགྱུར་ བའི་ཆོས་གང་ཡང་མ་རྙེད་དོ། །སྨྲས་པ། རིགས་ཀྱི་བུ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་ནི་སངས་རྒྱས་འབྱུང་བར་ཡང་འཆད་མོད་ཀྱི། དེ་བཞིན་གཤེགས་པའི་ཆོས་ཉིད་ནི་འབྱུང་བའམ། འགག་པ་མེད་དོ། །དེ་བཞིན་གཤེགས་པ་ནི་སངས་རྒྱས་ཡོངས་སུ་མྱ་ངན་ལས་ འདའ་བར་ཡང་འཆད་མོད་ཀྱི། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ནི་ཡོངས་སུ་མྱ་ངན་ལས་ཀྱང་མི་འདའོ། །སྨྲས་པ། ལྷའི་བུ་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་ད་ལྟར་མངོན་པར་རྫོགས་པར་སངས་མ་རྒྱས་སམ། སྨྲས་པ། རིགས་ཀྱི་བུ་མི་སྐྱེ་བའི་ཆོས་ཉིད་
55-1-281b
ཇི་ལྟ་བ་དང ། མི་འགོག་པའི་ཆོས་ཉིད་ཇི་ལྟ་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་སྐྱེས་ཤིང་མངོན་པར་རྫོགས་པར་སངས་རྒྱས་ཏེ། རིགས་ཀྱི་བུ་བདག་ནི་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་པ་དང ། ཡོངས་སུ་མྱ་ངན་ལས་འདས་པ་ཐ་དད་པར་མི་འདོད་དོ། །སྨྲས་ པ། ཅིའི་ཕྱིར། སྨྲས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ནི་ཆོས་ཐམས་ཅད་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །སྨྲས་པ། ལྷའི་བུ་ཆོས་གང་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་དེ་མངོན་པར་རྫོགས་པར་སངས་རྒྱས་པར་ བྱ་ནུས་སམ། སྨྲས་པ། རིགས་ཀྱི་བུ་ཇི་ལྟར་ཡོངས་སུ་མྱ་ངན་ལས་འདས་པ་དེ་བཞིན་དུ་དེས་མངོན་པར་རྫོགས་པར་སངས་རྒྱས་མོད་ཀྱི་མྱ་ངན་ལས་འདས་པའི་དེ་བཞིན་ཉིད་དེ་ལས་ཀྱང་མི་འདའོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པས་ནི་སྐྱེ་བས་ཀྱང་བྱང་ཆུབ་མངོན་པར་རྫོགས་ པར་སངས་རྒྱས་པ་མ་ཡིན། འགག་པས་ཀྱང་མ་ཡིན། ཆོས་གང་ལ་ཡང་གནས་པས་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་ཏེ། རིགས་ཀྱི་བུ་གང་ན་མི་སྐྱེ་བ་མི་འགག་པ། མི་གནས་པ་དེ་ནི་ཡོངས་སུ་མྱ་ངན་ལས་འདས་པའོ། །སྨྲས་པ། ལྷའི་བུ་ ཁྱོད་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་གནས་ཏེ་དེ་ལྟར་འཆད་དམ། སྨྲས་པ། རིགས་ཀྱི་བུ་བདག་ནི་ཆོས་གང་ལ་ཡང་གནས་ཏེ་འཆད་པ་མེད་དོ། །སྨྲས་པ། ལྷའི་བུ་ཁྱོད་ཇི་ལྟར་གནས་མེད་པ་ལ་གནས་ཏེ་འཆད་པར་བྱེད། སྨྲས་པ། རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། གང་དེ་བཞིན་གཤེགས་པས་སྤྲུལ་པ་སྤྲུལ་པས་འཆད་པ་དེ་གང་དུ་གནས་ཏེ་འཆད། སྨྲས་པ། དེ་བཞིན་གཤེགས་པས་སྤྲུལ་པ་དེ་ནི་དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཀྱིས་འཆད་དོ། སྨྲས་པ། རིགས་ཀྱི་བུ་ཡང་དེ་བཞིན་གཤེགས་པས་བྱིན་གྱིས་བརླབ་པ་གང་ ཞིག་བྱིན་གྱིས་བརླབས་ཏེ། སྤྲུལ་པ་ལ་བྱིན་གྱིས་རློབ་པར་མཛད། ཅི་བདག་བྱིན་གྱིས་བརླབས་པའམ། སྨྲས་པ། དེ་མ་ཡིན་ནོ། །སྨྲས་པ། གཞན་བྱིན་གྱིས་བརླབས་པའམ། །སྨྲས་པ། དེ་མ་ཡིན་ནོ། །སྨྲས་པ། ཆོས་བསྟན་པ་བྱིན་གྱིས་བརླབས་པའམ། སྨྲས་པ།
55-1-282a
དེ་མ་ཡིན་ནོ། །སྨྲས་པ། དེ་བཞིན་གཤེགས་པ་གང་དུ་གནས་ཏེ་བྱིན་གྱིས་རློབ། སྨྲས་པ། ལྷའི་བུ་དེ་བཞིན་གཤེགས་པ་ནི་གནས་མེད་པ་ལ་གནས་ཏེ་སྤྲུལ་པ་སྤྲུལ་པར་མཛད་དོ། །སྨྲས་པ། རིགས་ཀྱི་བུ་ཇི་ལྟར་དེ་བཞིན་གཤེགས་པ་གནས་མེད་པ་ལ་གནས་ཏེ་ སྤྲུལ་པ་སྤྲུལ་པར་མཛད་པ་བཞིན་དུ་སྤྲུལ་པ་དེ་དག་ཀྱང་གནས་མེད་པ་ལ་གནས་བཞིན་དུ་འཆད་དོ། །རིགས་ཀྱི་བུ་དེ་བཞིན་དུ་ཆོས་ཐམས་ཅད་ནི་གནས་མེད་པ་ལ་གནས་པ་ཡིན་ཏེ། བདག་ཀྱང་གནས་མེད་པ་ལ་གནས་ནས་ཏིང་ངེ་འཛིན་འདི་འཆད་དོ། །སྨྲས་པ། ལྷའི་བུ་གནས་མེད་པ་ ལ་གནས་ན་ཁྱོད་ཇི་ལྟར་ན་སྤོབས་པར་འགྱུར། སྨྲས་པ། ཇི་ལྟར་གནས་མེད་པ་དེ་བཞིན་དུ་སྤོབས་སོ། །སྨྲས་པ། ལྷའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྤོབས་པ་ཕུན་སུམ་ཚོགས་པ་ཡིན། སྨྲས་པ། རིགས་ཀྱི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་བདག་ཏུ་འདུ་ཤེས་པས་མི་ འཆད། གང་ཟག་ཏུ་འདུ་ཤེས་པ་དང ། སེམས་ཅན་དུ་འདུ་ཤེས་པ་དང ། ཆོས་སུ་འདུ་ཤེས་པས་མི་འཆད་པ་དེ་ལྟ་བུ་ནི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སྤོབས་པ་ཕུན་སུམ་ཚོགས་པ་ཡིན་ཏེ། ཆོས་འཆད་པ་ན་ཇི་ལྟར་ཡི་གེ་མི་ཟད་ཅིང་ཟད་པར་མི་འགྱུར་བ་དེ་བཞིན་དུ་ཆོས་མི་ཟད་ཅིང་ ཟད་པར་མི་འགྱུར་ལ། ཡི་གེ་རྣམ་པ་སྣ་ཚོགས་སུ་ཡང་མི་འཆད། ཆོས་རྣམ་པ་སྣ་ཚོགས་སུ་ཡང་མི་འཆད་དེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སྤོབས་པ་ཕུན་སུམ་ཚོགས་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་ཀྱི་སྒྱུ་མའི་ ཆོས་ཉིད་ཀྱང་མི་འདོར། འདོད་ཆགས་དང་བྲལ་བའི་ཆོས་ཉིད་ཀྱང་མི་འདོར། བྲག་ཅའི་སྒྲ་ལྟ་བུའི་ཆོས་ཉིད་ཀྱང་མི་འདོར་ན། རིགས་ཀྱི་བུ་དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའི་སྤོབས་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཇི་ལྟར་ཡི་གེ་དེ་དག་ཡུལ་ན་མི་གནས། ཕྱོགས་ན་མི་གནས། ནང་ ན་མ་ཡིན། ཕྱི་རོལ་ན་མ་ཡིན། གཉིས་ཀ་མེད་པར་ཡང་མ་ཡིན་ཞིང་གང་ན་ཡང་མི་གནས་ཏེ། ཚོགས་པ་ལས་བྱུང་བ་དེ་བཞིན་དུ་རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱང་ཡུལ་ན་མི་གནས། ཕྱོགས་ན་མི་གནས། ནང་ན་མ་ཡིན། ཕྱི་རོལ་ན་མ་ཡིན། གཉི་ག་མེད་པར་ཡང་མ་ཡིན།
55-1-282b
འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ཏེ། ཡི་གེ་གང་དག་གིས་དེ་དག་བཤད་པ་དེ་དག་ཀྱང་དེ་ལྟར་ཡི་གེ་མི་ཟད་པ་མངོན་སུམ་དུ་གྱུར་པས་འཆད་པས་ན་དེའི་ཕྱིར་སྤོབས་པ་ཕུན་སུམ་ཚོགས་པ་ཞེས་བྱའོ། །སྨྲས་པ། ལྷའི་བུ་ཁྱོད་ཇི་ལྟར་འཆད་པ་དེ་བཞིན་དུ་ སྤོབས་སམ། སྨྲས་པ། རིགས་ཀྱི་བུ་བདག་དེ་བཞིན་དུ་སྤོབས་ཏེ། བྲག་ཅའི་སྒྲ་བྱུང་བའི་རང་བཞིན་ཇི་ལྟ་བ་དག་གི་ལམ་གྱི་སྒྲས་བཤད་པ་ཐམས་ཅད་ཀྱང་དེ་བཞིན་དུ་རྟོགས་པར་བྱའོ། །སྨྲས་པ། ལྷའི་བུ་རྟོགས་པ་ཞེས་བྱ་བ་ཅི། སྨྲས་པ། རིགས་ཀྱི་བུ་རྟོགས་པ་ཞེས་བྱ་བ་དེ་ནི་ ནམ་མཁའ་རྟོགས་པའི་ཚིག་བླ་དགས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་དཔེ་མེད་པ་ཡིན་ནོ། །རིགས་ཀྱི་བུ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དཔེ་མེད་པས་ན་དེའི་ཕྱིར་རྟོགས་པ་ཞེས་བྱའོ། །གང་དུ་དེ་འགྲོ་བའི་ཆོས་དེ་དག་གི་དཔེ་ཡང་བྱ་བར་སླ་བ་མ་ཡིན་པས་ན་དེའི་ ཕྱིར་རྟོགས་པ་ཞེས་བྱའོ། །ཡེ་ཤེས་དེ་ནི་དཔེ་མེད་པ། འདྲ་བ་མེད་པ། དངོས་པོ་ཐམས་ཅད་བྲལ་བ་དེ་རྟོགས་པར་བྱེད་པས་ན་དེའི་ཕྱིར་རྟོགས་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་སངས་རྒྱས་བློ་གྲོས་མངོན་སུམ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། ལྷའི་བུ་ལེགས་ སོ་ལེགས་སོ། །ཁྱོད་ཀྱི་ཚིག་འདི་ནི་ལེགས་པར་སྨྲས་པའོ། །གལ་ཏེ་བཤད་པར་བྱ་ན་དེ་ལྟར་བཤད་དོ། །བྱང་ཆུབ་སེམས་དཔས་བཤད་པ་དེ་ཐོས་ནས། སྐྲག་པར་མི་བྱ། དངང་བར་མི་བྱ། དངང་བར་འགྱུར་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྟོགས་པར་བྱ་བ་དེ་མ་རྟོགས་ པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷའི་བུ་སངས་རྒྱས་བློ་གྲོས་མངོན་སུམ་འདི་སངས་རྒྱས་ ཀྱི་ཞིང་གང་ནས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་མཆིས། ལྷའི་བུ་སངས་རྒྱས་བློ་གྲོས་མངོན་སུམ་གྱིས་སྨྲས་པ། རིགས་ཀྱི་བུ་ཅི་ཞིག་བྱ། སྨྲས་པ། ལྷའི་བུ་གང་ན་སྐྱེས་བུ་དམ་པ་འདི་ལྟ་བུ་དག་གི་གཙུག་ལག་ཁང་ངམ། གནས་ཁང་ངམ། གནས་སམ། འཆག་
55-1-283a
ས་ཡོད་པའི་ཕྱོགས་དེར་ཕྱག་འཚལ་ལོ། །ཕྱག་བྱའོ། །ལྷའི་བུས་སྨྲས་པ། བློ་གྲོས་བརྟན་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་བཤད་པ་འདི་ཉིད་གླེགས་བམ་དུ་བྲིས་ནས་གང་དག་གི་ལག་ཏུ་སོང་བར་གྱུར་པའི་སེམས་ཅན་དེ་དག་ཀྱང་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ ཕྱག་བྱ་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་བརྟན་པ་ལྷའི་བུ་སངས་རྒྱས་བློ་གྲོས་མངོན་སུམ་འདི་ནི་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་དགའ་ ནས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཉན་ཅིང་འཆད་དུ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་འོངས་སོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་འཁྲུགས་པ་དེ་བྱང་ཆུབ་སེམས་དཔའ་དེ་དག་ལ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་མི་འཆད་དམ། ཅི་ལགས་ན། ལྷའི་ བུ་སངས་རྒྱས་བློ་གྲོས་མངོན་སུམ་འདི་འཇིག་རྟེན་གྱི་ཁམས་མངོན་དགའ་དེ་ནས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་མཆིས། བཀའ་སྩལ་པ། བློ་གྲོས་བརྟན་པ་གང་ཏིང་ངེ་འཛིན་འདི་མི་འཆད་པའི་དེ་བཞིན་གཤེགས་པ་དེ་ནི་ཤིན་ཏུ་དཀོན་མོད་ཀྱི། བློ་གྲོས་བརྟན་པ་ལྷའི་བུ་སངས་ རྒྱས་བློ་གྲོས་མངོན་སུམ་འདི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། ལྷའི་བུ་འདི་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་གང་སྙིགས་མ་ལྔའི་ཉེས་པ་གང་ཡིན་པ་དེ་དག་སྤང་བ་དང ། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་ པ་དག་ཀྱང་ཡོངས་སུ་གཟུང་བ་དང ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱ་བ་དང ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཡང་ཤིན་ཏུ་བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ལྷའི་བུ་སངས་རྒྱས་བློ་གྲོས་མངོན་སུམ་འདི་འཇིག་རྟེན་གྱི་ཁམས་མངོན་དགའ་དེ་ནས་མི་ མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་འོངས་སོ། །གསོལ་པ། བཅོམ་ལྡན་འདས་ལྷའི་བུ་སངས་རྒྱས་བློ་གྲོས་མངོན་སུམ་འདི་ཇི་སྲིད་ན་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། འདི་
55-1-283b
བྱང་ཆུབ་ཐོབ་ནས་མིང་ཅི་ཞེས་བྱ་བར་འགྱུར། བཅོམ་ལྡན་འདས་དེའི་ཚེ་དེའི་དུས་ན་འཇིག་རྟེན་གྱི་ཁམས་འདི་མིང་ཇི་སྐད་ཅེས་བགྱི་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་བརྟན་པ་བསྐལ་པ་བཟང་པོ་འདི་འདས་ཤིང་སངས་རྒྱས་སྟོང་ཡོངས་སུ་མྱ་ངན་ལས་འདས་ ནས་བསྐལ་པ་དྲུག་ཅུ་རྩ་གཉིས་ན་སངས་རྒྱས་འབྱུང་བར་འགྱུར་ཏེ། དེ་ན་རང་སངས་རྒྱས་ཀྱང་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་འབྱུང་བར་འགྱུར་རོ། །བློ་གྲོས་བརྟན་པ་བསྐལ་པ་དྲུག་ཅུ་རྩ་གཉིས་པོ་དེ་དག་འདས་ནས་ལྷའི་བུ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །བློ་གྲོས་བརྟན་པ་དེའི་ཚེ་དེའི་དུས་ན་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ནི་མཐོང་ན་དད་པ་ཞེས་བྱ་བའི་འཇིག་ རྟེན་གྱི་ཁམས་སུ་འགྱུར་ཏེ། བློ་གྲོས་བརྟན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞིང་མཐོང་ན་དད་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་དེ་དག་ཐམས་ཅད་དད་པ་རྙེད་པས་མཛེས་པར་འགྱུར་ཏེ། དེ་ན་སེམས་ཅན་ གང་ཡང་འདོད་ཆགས་ཀྱིས་སེམས་ཀུན་ཏུ་དཀྲིས་ཤིང་འདུག་པར་མི་འགྱུར། ཞེ་སྡང་གིས་སེམས་ཀུན་ཏུ་དཀྲིས་ཤིང་འདུག་པར་མི་འགྱུར། གཏི་མུག་གིས་སེམས་ཀུན་ཏུ་དཀྲིས་ཤིང་འདུག་པར་མི་འགྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ཆོས་སྤྱོད་པ་དང་ལྡན་ཞིང་ཆོས་ལ་དད་པ་རྙེད་པར་ འགྱུར་རོ། །བློ་གྲོས་བརྟན་པ་དེ་བཞིན་གཤེགས་པ་འོད་དྲི་མ་མེད་པར་གྲགས་པའི་རྒྱལ་པོའི་ཚེའི་ཚད་ནི་བསྐལ་པ་བར་མ་བཅུའི་ཚད་དུ་འགྱུར་རོ། །སེམས་ཅན་རྣམས་ནི་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བར་འགྱུར་རོ། །དེ་ན་བྱང་ཆུབ་སེམས་དཔའ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་ པ་དང ། ཆོས་ཐམས་ཅད་ལ་རྣམ་པར་འཕྲུལ་པ་དང་ལྡན་པ་ནི་ཚད་མེད་པར་འགྱུར་རོ། །བློ་གྲོས་བརྟན་པ་དེའི་ཚེ་དེའི་དུས་ན་གང་བདུད་དང ། བདུད་ཀྱི་རིས་ཀྱི་ལྷ་འབྱུང་བ་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་འགྱུར། སེམས་ཅན་ཐམས་ཅད་ལ་སྙིང་
55-1-284a
རྗེས་གནས་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་དེ་ཡང་ངན་སོང་གསུམ་ཡོངས་སུ་སྤངས་པར་འགྱུར། མི་ཁོམ་པ་བརྒྱད་ལས་འདས་པ་དང ། རྟག་ཏུ་བརྒྱན་པའི་སངས་རྒྱས་ཀྱི་ཞིང་དུ་འགྱུར་ཏེ། བྱང་གི་སྒྲ་མི་སྙན་གྱི་གླིང་དང་འདྲ་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་དེ་ནི་བདུད་ དང་ཕྱིར་རྒོལ་བ་བཅོམ་པ་དང ། ལྟ་བ་ཐམས་ཅད་དང་བྲལ་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་ཡོངས་སུ་མྱ་ངན་ལས་འདས་ནས་བདེ་བར་གཤེགས་པས་གསུངས་པའི་དམ་པའི་ཆོས་ནི་ལོ་བྱེ་བ་ཕྲག་འབུམ་དུ་གནས་པར་འགྱུར་རོ། །བློ་ གྲོས་བརྟན་པ་ལྷའི་བུ་འདི་ནི་བཀོད་པ་འདི་ལྟ་བུས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་ལྷའི་བུ་སངས་རྒྱས་བློ་གྲོས་མངོན་སུམ་ལ་འདི་སྐད་ཅེས་སྨྲས་ སོ། །ལྷའི་བུ་ཁྱོད་ནི་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པས་རྙེད་པ་ཤིན་ཏུ་རྙེད་དོ། །ལྷའི་བུས་སྨྲས་པ། རིགས་ཀྱི་བུ་གང་ཆོས་ཐམས་ཅད་ཀྱི་མ་རྙེད་པ་དེ་ནི་ཆོས་ཀྱི་རྙེད་པའོ། །གང་ཆོས་འགའ་ཞིག་དམིགས་པ་དེ་ལ་ནི་ཆོས་ཀྱི་རྙེད་པ་ ཅི་ཡང་མེད་དོ། །རིགས་ཀྱི་བུ་དེ་ལྟ་བས་ན་གང་ཆོས་ཐམས་ཅད་ཀྱི་མ་རྙེད་པ་སོ་སོར་མ་རྙེད་པ་མ་དམིགས་པ་དེ་ནི་ཆོས་ཀྱི་རྙེད་པ་ཡིན་ཏེ། རིགས་ཀྱི་བུ་བདག་ཀྱང་རྙེད་པ་ལེགས་པར་རྙེད་དོ། །ལྷའི་བུ་དེ་ལ་འདི་བཤད་ཅིང་ལུང་བསྟན་པའི་ཚེ་སྲོག་ཆགས་སྔོན་དགེ་བའི་རྩ་བ་བསྐྱེད་པ་ཉི་ཁྲི་ལྔ་ སྟོང་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་སེམས་དཔའ་ཁྲིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་འཆད་ པའི་ཚེ། བདུད་སྡིག་ཅན་མིག་གིས་མི་རྩོལ་བར་བགྱི་བའི་སླད་དུ་མི་མཆི་བ་བཅོམ་ལྡན་འདས་ངོ་མཚར་ཏོ། །བདེ་བར་གཤེགས་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་བདུད་སྡིག་ཅན་སྐབས་སུ་མཐོང་བར་འདོད་དམ། གསོལ་པ་བཅོམ་ལྡན་འདས་
55-1-284b
འཚལ་ལོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་སྨིན་མཚམས་ཀྱི་མཛོད་སྤུ་ནས་བདུད་སྡིག་ཅན་ཞགས་པ་ལྔའི་བཅིང་བས་བཅིངས་ལ། བཅིངས་པ་དེ་གཅོད་པའམ། དེ་ལས་ཐར་བར་བྱེད་མི་ནུས་པར་གང་ཐམས་ཅད་དང་ལྡན་པའི་འཁོར་གྱིས་མཐོང་བར་འགྱུར་བ་དེ་ལྟ་བུའི་འོད་ཕྱུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཀྱིས་བདུད་སྡིག་ཅན་ཞགས་པ་ལྔའི་བཅིང་བས་བཅིངས་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ངོ ། །བདེ་བར་གཤེགས་པ་མཐོང་ངོ ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་ནི་དཔའ་བར་འགྲོ་ བའི་ཏིང་ངེ་འཛིན་འདིའི་ཁྱུ་མཆོག་ཏུ་གྱུར་པ་ཡིན་ནོ། །ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་གང་དག་ན་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་འཆད་དམ། སྟོན་པའི་སངས་རྒྱས་ཀྱི་ཞིང་དེ་དག་ན་བདུད་དམ། བདུད་ཀྱི་རིས་ཀྱི་ལྷ་གང་དག་ཡིད་རབ་ཏུ་ཞེ་སྡང་ཞིང་ཆོས་ལ་བར་ཆད་བྱ་བའི་ཕྱིར་ཉེ་བར་ གནས་པ་དེ་དག་ཐམས་ཅད་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་གཟི་བརྗིད་དང ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བྱིན་གྱི་བརླབས་ཀྱིས་བདག་ཞགས་པ་ལྔའི་བཅིང་བས་བཅིངས་པར་ཤེས་པར་འགྱུར་རོ། །ཤཱ་རིའི་བུ་ད་ལྟར་ཡང་རུང་ང་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་ ཡང་རུང་སྟེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་གང་ན་འཆད་དམ། སྟོན་ཏམ། ཡི་གེར་འདྲིའམ། གླེགས་བམ་དུ་བྱེད་པར་འགྱུར་བ་དེར་བདུད་སྡིག་ཅན་ནམ། བདུད་ཀྱི་རིས་ཀྱི་ལྷའམ། དེ་མ་ཡིན་པ་གཞན་ཡང་ཡིད་ཀྱི་རྟོག་པ་རབ་ཏུ་ཞེ་སྡང་བ་ཇི་སྙེད་པ་དེ་དག་ཐམས་ཅད་དཔའ་ བར་འགྲོ་བའི་ཏིང་ངེ་འཛིན་གྱི་གཟི་བརྗིད་དང ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བྱིན་གྱི་རླབས་ཀྱིས་བདག་ཞགས་པ་ལྔའི་བཅིང་བས་བཅིངས་པར་ཤེས་པར་འགྱུར་རོ། །དེ་ནས་འཁོར་དེར་འདུས་པའི་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང་མི་མ་ཡིན་པ་དེ་དག་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་ཐེ་ཙོམ་མི་འཚལ་ལོ། །ནེམ་ནུར་མ་མཆིས་སོ། །བར་
55-1-285a
ཆད་ཀྱང་མི་བགྱིད་དོ། །བདག་ཅག་བཅིང་མི་འཚལ་ཏེ། བཅོམ་ལྡན་འདས་བདག་ཅག་ནི་ཏིང་ངེ་འཛིན་འདི་ཡོངས་སུ་གཟུང་བའི་སླད་དུ་ཆོས་སྨྲ་བ་དེའང་བསྲུང་བར་བགྱིད་དོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་ཡང་སྟོན་པར་འདུ་ཤེས་བསྐྱེད་པར་བགྱིའོ། །དེ་ སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང་མི་མ་ཡིན་པ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་གྲོགས་པོ་དག་དེའི་ཕྱིར་ ཁྱེད་ལྟ་བར་གྱུར་པའི་འཆིང་བ་བཅུ་གཉིས་ལས་ཡོངས་སུ་ཐར་བར་གྱིས་ཤིག་བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། བདག་ཏུ་ལྟ་བའི་འཆིང་བ་དང ། སེམས་ཅན་དུ་ལྟ་བའི་འཆིང་བ་དང ། སྲོག་ཏུ་ལྟ་བའི་འཆིང་བ་དང ། གང་ཟག་ཏུ་ལྟ་བའི་འཆིང་བ་དང ། ཆད་པར་ལྟ་བའི་འཆིང་ བ་དང ། རྟག་པར་ལྟ་བའི་འཆིང་བ་དང ། ངར་འཛིན་པར་ལྟ་བའི་འཆིང་བ་དང ། ང་ཡིར་འཛིན་པར་ལྟ་བའི་འཆིང་བ་དང ། འབྱུང་བར་ལྟ་བའི་འཆིང་བ་དང ། འཇིག་པར་ལྟ་བའི་འཆིང་བ་དང ། འཇིག་ཚོགས་ལ་ལྟ་བའི་འཆིང་བ་དང ། ཆོས་ཐམས་ཅད་ལ་མངོན་པར་ཞེན་ པར་ལྟ་བའི་འཆིང་བ་ལས་སོ། །ཀྱེ་གྲོགས་པོ་དག་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་གང་ལ་ལ་དག་གཤེ་བའམ། སྤོང་བའམ། ཟློག་པར་བྱེད་པ་དེ་དག་ཐམས་ཅད་ནི་བཅིང་བ་འདི་བཅུ་གཉིས་ཀྱིས་བཅིངས་ནས། ཟློག་ པར་བྱེད། སྤོང་བར་བྱེད། གཤེ་བར་བྱེད་དོ། །ཀྱེ་གྲོགས་པོ་དག་གང་དག་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་འདི་ཐོས་ནས་མོས་པར་བྱེད། ཡིད་ཆེས་པར་བྱེད་དེ། སྤོང་བར་མི་བྱེད་པ་དེ་དག་ཐམས་ཅད་ནི་ལྟ་བར་གྱུར་པའི་འཆིང་བ་བཅུ་གཉིས་ཀྱི་བཅིང་བ་ འདི་དག་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །ཅི་བཅོམ་ལྡན་འདས་བདུད་སྡིག་ཅན་གྱིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདིའི་མིང་ཐོས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
55-1-285b
ཤཱ་རིའི་བུ་ཐོས་མོད་ཀྱི་འོང་བ་དང་བདག་བཅིང་བ་དེ་ལས་ཐར་བར་བྱེད་མི་ནུས་སོ། །གསོལ་པ། བཅོམ་ལྡན་འདས་གང་དེ་བཞིན་གཤེགས་པས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདིའི་མིང་བྱིན་གྱིས་བརླབས་ན་ཐོས་པར་གྱུར་པ་བཅོམ་ལྡན་འདས་ངོ་མཚར་ཏོ། །བདེ་བར་གཤེགས་པ་ངོ་མཚར་ ཏོ། །བཀའ་སྩལ་པ། ཤཱ་རིའི་བུ་ཆོག་གིས་ཁྱོད་དེ་སྐད་མ་ཟེར་ཅིག་ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་མེས་ཡོངས་སུ་གང་བ་ཡང་འབོགས་ཏེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདིའི་མིང་ཉན་དུ་འགྲོ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དཔའ་བར་འགྲོ་ བའི་ཏིང་ངེ་འཛིན་འདི་ནི་ཐོས་ནས་ཀྱང་གཅེས་སྤྲས་བྱེད་པ་ཡིན་གྱི། བསམ་གཏན་བཞི་ལ་གནས་ཤིང་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་ངས་བཤད་དོ། །ཤཱ་རིའི་བུ་བདུད་སྡིག་ཅན་གྱིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདིའི་མིང་ཐོས་པ་དེ་ཉིད་དེའི་བདུད་ཀྱི་ལས་ ཐམས་ཅད་རབ་ཏུ་ཞི་བར་འགྱུར་བའི་རྒྱུར་འགྱུར་རོ། །གང་ཡང་བཅིང་བས་བཅིངས་བཞིན་དུ་ཐོས་པ་དེ་ཉིད་དེའི་ལྟ་བར་གྱུར་པའི་འཆིང་བ་བཅུ་གཉིས་ལས་རབ་ཏུ་ཐར་བར་འགྱུར་བའི་རྒྱུར་འགྱུར་རོ། །ཤཱ་རིའི་བུ་དེ་བས་ན་ལྟ་བར་གྱུར་པའི་བདུད་ཀྱི་ཞགས་པས་བཅིངས་པར་གནས་པས་ཀྱང་ དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་མཉན་པར་བྱ་ན་དགའ་བ་དང་།དད་པ་དང ། མཆོག་ཏུ་དགའ་བ་ཐོབ་པས་མཉན་པ་ལྟ་ཅི་སྨོས། དེ་ནས་འཁོར་དེར་བྱང་ཆུབ་སེམས་དཔའ་བདུད་ཀྱི་སྤྱོད་པའི་ཡུལ་གྱིས་མི་གོས་པ་ཞེས་བྱ་བ་ཞིག་འདུས་པར་གྱུར་ཏེ་འདུག་གོ། །དེ་ནས་བཅོམ་ལྡན་ འདས་ལ་བྱང་ཆུབ་སེམས་དཔའ་བདུད་ཀྱི་སྤྱོད་པའི་ཡུལ་གྱིས་མི་གོས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདུད་སྡིག་ཅན་འཁོར་འདིར་མཆི་བར་མཛད་དུ་གསོལ། བཅོམ་ལྡན་འདས་བདག་གིས་དེ་ལ་བདུད་ཀྱི་སྤྱོད་པའི་ཡུལ་ཐམས་ཅད་བསྟན་པར་བགྱིའོ། །དཔའ་བར་ འགྲོ་བའི་ཏིང་ངེ་འཛིན་འདི་ལ་ཡང་འཇུག་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་དེའི་དུས་ལ་བབ་པར་སེམས་ནའོ། །དེ་ནས་བྱང་ཆུབ་སེམས་དཔའ་བདུད་ཀྱི་སྤྱོད་པའི་ཡུལ་གྱིས་མི་གོས་པ་འཁོར་དེར་མི་སྣང་བར་གྱུར་ནས། བདུད་ཀྱི་གནས་སུ་འདུག་པར་
55-1-286a
གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་བདུད་ཀྱི་སྤྱོད་པའི་ཡུལ་གྱིས་མི་གོས་པས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འཆད་ན་ཁྱོད་མི་ཉན་ ཏམ། དེ་ན་སེམས་ཅན་དཔག་ཏུ་མེད་པ་དག་བྱང་ཆུབ་ཀྱི་ཕྱིར་གོ་ཆ་གྱོན་པར་བྱེད་དེ། དེ་དག་ཁྱོད་ཀྱི་ཡུལ་ལས་འདའ་བར་འགྱུར་རོ། །གཞན་ཡང་སེམས་ཅན་ཤིན་ཏུ་དཔག་ཏུ་མེད་པ་དག་ཁྱོད་ཀྱི་ཡུལ་ལས་འདའ་བར་འགྱུར་རོ། །དེ་སྐད་ཅེས་སྨྲས་པ་དང ། བྱང་ཆུབ་སེམས་དཔའ་ བདུད་ཀྱི་སྤྱོད་པའི་ཡུལ་གྱིས་མི་གོས་པ་ལ་བདུད་སྡིག་ཅན་གྱིས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བདག་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཉན་ན་མཆི་བར་ནི་མི་ནུས་སོ། །དེ་ཅིའི་སླད་དུ་ཞེ་ན། བདག་ནི་ཞགས་པའི་བཅིང་བ་ལྔས་བཅིངས་ཏེ། ལག་པ་གཉིས་དང ། རྐང་པ་ གཉིས་དང ། མགུལ་བར་བཅིངས་པས་དེར་མཆི་མི་ནུས་སོ། །སྨྲས་པ། སྡིག་ཅན་ཁྱོད་སུས་བཅིངས། སྨྲས་པ། ཏིང་ངེ་འཛིན་འདི་ལ་བར་ཆད་བགྱིད་དུ་མཆི་ཞིང་སེམས་ཅན་གང་དག་འདི་ལ་མོས་པ་དེ་དབྲལ་བར་བགྱིའོ་སྙམ་དུ་བསམས་པ་དང ། དེའི་ཚེ་ཞགས་པའི་བཅིང་ བ་ལྔས་བཅིངས་པར་འཚལ་བར་གྱུར་ཏོ། །གང་གི་ཚེ་ན་བདག་དེ་བཞིན་གཤེགས་པ་ནི་མཉེས་པར་དཀའ་བ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡང་མཉེས་པར་དཀའ་བ་ལགས་ཀྱིས་དེར་མི་མཆི་བར་འདི་ཉིད་དུ་བདག་གི་གནས་ན་གནས་སོ་སྙམ་དུ་ བསམས་ན་དེའི་ཚེ་བདག་གྲོལ་བར་གྱུར་པར་འཚལ་ཏོ། །བྱང་ཆུབ་སེམས་དཔའ་བདུད་ཀྱི་སྤྱོད་པའི་ཡུལ་གྱིས་མི་གོས་པས་སྨྲས་པ། སྡིག་ཅན་དེ་ལྟ་བས་ན་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི་རང་གི་ཡོངས་སུ་རྟོག་པའི་ཕྱིན་ཅི་ལོག་གིས་བཅིངས་སོ། །འདུ་ཤེས་འཛིན་པས་ བཅིངས་སོ། །གཡོ་བ་དང ། རློམ་སེམས་དང ། སྤྲོས་པས་བཅིངས་སོ། །མཐོང་བ་དང ། ཐོས་པ་དང ། བྱེ་བྲག་ཕྱེད་པ་དང ། རྣམ་པར་ཤེས་པའི་རྣམ་པར་རྟོག་པས་བཅིངས་པ་ཡིན་ཏེ། སྡིག་ཅན་འདི་ལ་ཆོས་གང་ཡང་བཅིངས་པ་ཡང་མེད། གྲོལ་བ་ཡང་མེད་དོ། །དེ་ཅིའི་
55-1-286b
ཕྱིར་ཞེ་ན། སྡིག་ཅན་ཆོས་ཐམས་ཅད་ནི་རང་བཞིན་གྱིས་རྣམ་པར་གྲོལ་བས་ཆོས་ཐམས་ཅད་གྲོལ་བ་སྟེ། སྡིག་ཅན་ཆོས་ཐམས་ཅད་ནི་རང་བཞིན་གྱིས་མ་བཅིངས་མ་གྲོལ་བའོ། །སྡིག་ཅན་འདི་ནི་མ་བཅིངས་མ་གྲོལ་བའི་སྒོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་སྒོ་ དེས་ཆོས་སྟོན་ཏོ། །གང་དག་གིས་ཆོས་སྟོན་པ་འདི་ཤེས་པ་དེ་དག་ནི་བཅིངས་པ་ལས་ཐར་བར་ཡང་མི་རྩོལ་བ་གང་ལས་ཐར་བར་འགྱུར་བའི་བཅིངས་པ་ཡང་མི་དམིགས་སོ། །དེ་ནས་འཁོར་དེའི་ནང་ནས་ལྷའི་བུ་མོ་བདུན་བརྒྱས་ལྷའི་མེ་ཏོག་དང ། བདུག་པ་དང ། ཕྱེ་མ་དང ། སྤོས་ དང ། ཕྲེང་བ་དང ། བྱུག་པ་དག་གིས་བྱང་ཆུབ་སེམས་དཔའ་བདུད་ཀྱི་སྤྱོད་པའི་ཡུལ་གྱིས་མི་གོས་པའི་ལུས་ལ་གཏོར་ནས། རིགས་ཀྱི་བུ་གང་གི་ཚེ་ན་བདུད་ཀྱི་བཅིང་བ་འདི་ལས་ཐར་བར་འགྱུར། རིགས་ཀྱི་བུ་དེས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །གང་བདུད་ཀྱི་བཅིང་བ་ འཁྲུགས་པར་མི་བྱེད་པ་དེ་ནི་བདུད་ཀྱི་བཅིང་བ་ལས་ཐར་བར་འགྱུར་རོ། །བདུད་ཀྱི་བཅིང་བ་དེ་གང་ཞེ་ན། འདི་ལྟ་སྟེ། ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ཡིན་ཏེ། གང་ལྟ་བ་དྲུག་ཅུ་རྩ་གཉིས་འཁྲུགས་པར་མི་བྱེད་པ་དེ་བདུད་ཀྱི་བཅིང་བ་ལས་ཐར་བར་འགྱུར་རོ། །ལྷའི་བུ་མོ་དེ་དག་གིས་སྨྲས་པ། རིགས་ཀྱི་བུ་ཇི་ལྟར་ན་ལྟ་བར་གྱུར་པ་མི་འཁྲུགས་པ་ལགས། དེས་སྨྲས་པ། ལྟ་བར་གྱུར་པ་དེ་དག་ནི་ཆོས་གང་གི་ནང་དུ་ཡང་སོང་བ་ཡང་མ་ཡིན། མ་སོང་བ་ཡང་མ་ཡིན་ཏེ། དེ་ལྟར་གང་དུ་ཡང་མི་འགྲོ། གང་ནས་ཀྱང་མི་འོང་བ་འདི་ནི་བདུད་ཀྱི་ བཅིང་བ་ལས་ཐར་བ་ཡིན་ནོ། །ལྟ་བར་གྱུར་པ་དེ་དག་ནི་མེད་པ་ཡིན་ཏེ། ཡོད་པ་མ་ཡིན་ནོ། །གང་ཡོད་པ་དང ། མེད་པར་རྣམ་པར་མི་རྟོག་པ་དེ་ནི་བདུད་ཀྱི་བཅིང་བ་ལས་ཐར་བའོ། །ལྟ་བར་གྱུར་པ་དེ་དག་ཐམས་ཅད་ནི་ཡོངས་སུ་གྲུབ་པ་མ་ཡིན་ཏེ། གང་ཆོས་ཐམས་ཅད་ཀྱི་ ཡོངས་སུ་མ་གྲུབ་པ་དེ་ནི་བདུད་ཀྱི་བཅིང་བ་ལས་ཐར་བའོ། །ལྟ་བར་གྱུར་པ་དེ་དག་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉི་ག་མེད་པར་ཡང་མི་དམིགས། རིང་བ་ཡང་མ་ཡིན། ཉེ་བ་ཡང་མ་ཡིན་ཏེ། གང་དེ་ལྟར་ཤེས་ཤིང་རློམ་སེམས་མེད་པ་དེ་ནི་བདུད་ཀྱི་བཅིང་བ་
55-1-287a
ལས་ཐར་བའོ། །ལྟ་བ་དེ་ནི་ཆོས་གང་གི་ལྟ་བ་ཡང་མ་ཡིན་ནོ། །གང་ཆོས་གང་གི་ཡང་ལྟ་བ་མ་ཡིན་པ་དེ་ནི་ཡང་དག་པའི་ལྟ་བ་ཞེས་བྱ་བ་སྟེ། ཡང་དག་པའི་ལྟ་བ་གང་ཡིན་པ་དེ་ལ་ནི་མཉམ་པའམ་མི་མཉམ་པ་མེད་དོ། །ཆོས་ཐམས་ཅད་མི་བྱེད་པའི་ཕྱིར་གང་ ན་ཆོས་གང་ཡང་མཉམ་པའམ། མི་མཉམ་པར་བྱེད་པ་ཡང་མེད། མི་བྱེད་པ་ཡང་མེད་པ་དེ་ནི་བདུད་ཀྱི་བཅིང་བ་ལས་ཐར་བའོ། །དེ་ནས་ལྷའི་བུ་མོ་བདུན་བརྒྱས་བཤད་པ་དེ་ཐོས་ནས་འཐུན་པའི་ཆོས་ལ་བཟོད་པ་ཐོབ་སྟེ། རིགས་ཀྱི་བུ་བདག་ཅག་ཀྱང་བདུད་ཀྱི་བཅིང་བའི་ཡུལ་ གྱིས་མི་གོས་པར་གྱུར་ནས། བདུད་ཀྱི་ཡུལ་གྱི་བཅིང་བས་བཅིངས་པའི་སེམས་ཅན་ཐམས་ཅད་བདུད་ཀྱི་ཡུལ་གྱི་བཅིངས་པ་ལས་ཡོངས་སུ་ཐར་བར་བགྱིའོ་ཞེས་ཚིག་དེ་སྐད་ཀྱང་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བདུད་ཀྱི་སྤྱོད་པའི་ཡུལ་གྱིས་མི་གོས་པས་བདུད་ སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །འདི་ལ་སྡིག་ཅན་ཁྱོད་ཀྱི་གཡོག་ལྷའི་བུ་མོ་འདི་དག་ནི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ན་ད་ཁྱོད་ཀྱིས་ཇི་ལྟར་བྱ། བདུད་ཀྱིས་སྨྲས་པ། དེ་ཇི་ལྟར་བགྱི། བདག་ནི་བཅིང་བ་ལྔས་བཅིངས་ན། དེ་ཇི་ལྟར་བགྱི་མ་འཚལ་ཏོ། །སྨྲས་པ། སྡིག་ ཅན་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག་དང ། བཅིངས་པ་ལས་ཡོངས་སུ་ཐར་བར་འགྱུར་རོ། །ལྷའི་བུ་མོ་དེ་དག་གིས་ཀྱང་སྡིག་ཅན་ལ་སྙིང་རྗེ་བ་བསྐྱེད་ནས་འདི་སྐད་ཅེས་སྨྲས་སོ། །བདག་ཅག་གསོལ་བ་འདེབས་ཀྱིས་སྡིག་ཅན་ཁྱོད་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག་།བདེ་བ་ལ་འཇིགས་པར་འདུ་ཤེས་མ་སྐྱེད་ཅིག་།བདེ་བ་ལ་སྡུག་བསྔལ་དུ་འདུ་ཤེས་མ་སྐྱེད་ཅིག་།ཐར་པ་ལ་འཆིང་བར་འདུ་ཤེས་མ་སྐྱེད་ཅིག་།དེ་ནས་བདུད་སྡིག་ཅན་གྱིས་སྒྱུས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། གལ་ཏེ་ཁྱོད་བྱང་ཆུབ་ཀྱི་སེམས་བསྐྱེད་པ་འདི་སླར་གཏོང་ན། ང་བྱང་ཆུབ་ཏུ་སེམས་སྐྱེད་དོ་ཞེས་དེ་སྐད་ཀྱི་ཚིག་ཀྱང་སྨྲས་སོ། །དེ་ནས་བཟོད་པ་ཐོབ་པའི་ལྷའི་བུ་མོ་བདུན་བརྒྱ་པོ་དེ་དག་གིས་ཐབས་མཁས་པས་བདུད་སྡིག་ཅན་ཐར་བར་བྱ་བའི་ཕྱིར། གང་བྱང་ཆུབ་སེམས་དཔའ་
55-1-287b
གཅིག་གི་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སེམས་བསྐྱེད་པ་ཡང་དེ་ཡིན་ཏེ། སེམས་དེ་ལ་ནི་མི་མཉམ་པ་མེད་དེ། སེམས་དེ་ནི་སེམས་ཅན་ཐམས་ཅད་མཉམ་པའི་སེམས་སོ། །དེ་བས་ན་སེམས་དེ་ནི་མཉམ་པའོ་སྙམ་ནས། བདག་ ཅག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་གཏང་གིས་སྡིག་ཅན་ཁྱོད་བྱང་ཆུབ་ཏུ་སེམས་སྐྱེད་ཅིག་ཅེས་དེ་སྐད་ཀྱི་ཚིག་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བདུད་ཀྱི་སྤྱོད་པའི་ཡུལ་གྱིས་མི་གོས་པ་ལ་བདུད་ཀྱིས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བདག་བྱང་ཆུབ་ཏུ་སེམས་བསྐྱེད་ ཀྱིས་བཅིངས་པ་འདི་ལས་ཐར་བར་གྱུར་ཅིག་ཅེས་བདུད་སྡིག་ཅན་གྱིས་ཚིག་དེ་སྨྲས་མ་ཐག་ཏུ། དེ་ནས་བདུད་སྡིག་ཅན་བདག་ཐར་པར་ཤེས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་བདུད་ཀྱི་སྤྱོད་པའི་ཡུལ་གྱིས་མི་གོས་པས་དེའི་ཚེ་གང་དུ་བདུད་ཀྱི་གནས་ཐམས་ཅད་སྣང་བར་གྱུར་ པ་དང ། བདུད་སྡིག་ཅན་འདི་ལྟ་སྟེ། དཔེར་ན་སྣག་ཚའི་ཕུང་པོ་བཞིན་དུ་བདག་ལ་མོག་མོག་པོར་མཐོང་བར་འགྱུར་བ་དེ་ལྟ་བུའི་འོད་ཀྱང་ལུས་ལས་ཕྱུང ། དེ་ལྟ་བུའི་བདག་གི་ལུས་ཡོངས་སུ་གྲུབ་པ་ཡང་བསྟན་ཏོ། །དེ་ནས་བདུད་ཀྱི་རིས་ཀྱི་ལྷ་དེ་དག་གི་ནང་ནས་ལྷ་མོ་འདོད་ ཆགས་ལ་སྤྱོད་ཅིང་ཆགས་པ་ཉིས་བརྒྱས་བྱང་ཆུབ་སེམས་དཔའ་དེའི་ལུས་ཀྱི་གཟུགས་ཕུན་སུམ་ཚོགས་པ་མཐོང་ནས་ཆགས་པར་གྱུར་ཏོ། །ཆགས་ནས་དེ་དག་འདི་སྙམ་དུ་སེམས་ཏེ། གལ་ཏེ་རིགས་ཀྱི་བུ་འདི་དག་བདག་ཅག་དང་དགའ་བར་བྱེད། རྩེ་བར་བྱེད། དགའ་མགུར་སྤྱོད་ པར་བྱེད་ན། བདག་ཅག་ནི་འདིའི་སེམས་ཀྱི་དབང་དུ་འགྱུར་རོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་བདུད་ཀྱི་སྤྱོད་པའི་ཡུལ་གྱིས་མི་གོས་པས་ལྷའི་བུ་མོ་ཉིས་བརྒྱ་གདུལ་བའི་དབང་གི་ཕྱིར་བདག་གི་ལུས་ཀྱི་གཟུགས་ཕུན་སུམ་ཚོགས་པ་དང་འདྲ་བའི་ལྷའི་བུ་ཉིས་བརྒྱ་ཡང་ མངོན་པར་སྤྲུལ། ཁང་པ་བརྩེགས་པ་བདུད་ཀྱི་གཞལ་མེད་ཁང་གི་དབྱིབས་ལས་ལྷག་པ་ཉིས་བརྒྱ་ཡང་མངོན་པར་སྤྲུལ་པ་དང ། ལྷའི་བུ་མོ་དེ་དག་བདག་ཅག་དེའི་ནང་དུ་ཞུགས་སོ་སྙམ་དུ་ཤེས་པར་གྱུར་ཏེ། རེ་རེ་ཞིང་ཡང་བདག་འདི་དང་ལྷན་ཅིག་ཏུ་རྩེའོ་དགའོ། །དགའ་མགུར་
55-1-288a
སྤྱོད་དོ་སྙམ་དུ་སེམས་པར་གྱུར་ནས། འདོད་པ་ལ་འདོད་ཆགས་པ་རྒྱུན་བཅད་པ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ། ལྷག་པའི་བསམ་པས་སེམས་ཀྱིས་མོས་པར་གྱུར་པ་དེ་དག་ལ་སྐྱེས་བུ་དམ་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ བསྐྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཆོས་བཤད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་བདུད་ཀྱི་སྤྱོད་པའི་ཡུལ་གྱིས་མི་གོས་པས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན་ཁྱོད་དེ་བཞིན་གཤེགས་པའི་དྲུང་དུ་སོང་ཤིག་།དེ་ནས་བདུད་སྡིག་ཅན་འདི་སྙམ་དུ་སེམས་ཏེ། བདག་ནི་བཅིང་བ་དེ་ ལས་ཐར་གྱིས་བདག་བར་ཆད་བྱེད་དུ་འགྲོའོ་སྙམ་མོ། །དེ་ནས་བདུད་སྡིག་ཅན་གཉེན་འདབ་དང ། གཡོག་དང ། བཀོད་པ་ཆེན་པོ་དང ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སླན་ཆད་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ འདི་མ་འཆད་ཅིག་།དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གང་གི་ཚེ་ན་བདག་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདིའི་མིང་ཐོས་པ་དེའི་ཚེ་བདག་ཞགས་པའི་བཅིང་བ་ལྔས་བཅིངས་པར་འཚལ་ཏོ། །བཅོམ་ལྡན་འདས་དེ་བས་ན་བཀའ་མཆིད་གཞན་དག་གསུངས་ན་ལེགས་སོ། །སླན་ཆད་དཔའ་བར་ འགྲོ་བའི་ཏིང་ངེ་འཛིན་འདི་མ་འཆད་ཅིག་།དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན་ཁྱོད་བཅིངས་པ་དེ་ལས་སུས་བཀྲོལ། སྨྲས་པ། བྱང་ཆུབ་སེམས་དཔའ་བདུད་ཀྱི་སྤྱོད་པའི་ཡུལ་གྱིས་མི་གོས་པས་བཅིངས་པ་དེ་ལས་བཀྲོལ་ ལོ། །སྨྲས་པ། སྡིག་ཅན་ཁྱོད་ཀྱིས་དེ་ལ་ཇི་ལྟ་བུ་ཞིག་གིས་ལན་དུ་ཕན་བཏགས། སྨྲས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པ་ལ་བཀའ་སྩལ་པ། བློ་གྲོས་བརྟན་པ་འདི་ལྟ་ སྟེ་དཔེར་ན་བདུད་སྡིག་ཅན་གྱིས་བཅིངས་པ་ལས་ཐར་བར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་ཀྱི། ལྷག་པའི་བསམ་པས་ནི་མ་ཡིན་པ་དེ་བཞིན་དུ། བློ་གྲོས་བརྟན་པ་ང་ཡོངས་སུ་མྱ་ངན་ལས་འདས་ནས་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མ་ལ་གང་དགེ་སློང་དང ། དགེ་སློང་མ་མང་པོ་དག་རྙེད་
55-1-288b
པ་དང ། བཀུར་སྟི་དང ། ཚིགས་སུ་བཅད་པ་འདོད་པའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་གྱི་ལྷག་པའི་བསམ་པས་ནི་མ་ཡིན་ནོ། །བློ་གྲོས་བརྟན་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདིའི་བྱེ་བྲག་དང ། དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བའི་ཆེ་བ་ཉིད་ལ་ ལྟོས། བློ་གྲོས་བརྟན་པ་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་དག་ཅོ་དྲི་བའི་ཕྱིར་རམ། བསྟིང་བའི་ཕྱིར་རམ། རིམ་གྲོ་བྱ་བའི་ཕྱིར་རམ། གཞན་གྱི་རྗེས་སུ་འཇུག་པའི་ཕྱིར་རམ། རྙེད་པ་དང ། བཀུར་སྟི་དང ། ཚིགས་སུ་བཅད་པའི་ཕྱིར་དཔའ་བར་ འགྲོ་བའི་ཏིང་ངེ་འཛིན་འདི་ཐོས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དེ་ཉིད་ཀྱང ། བློ་གྲོས་བརྟན་པ་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་ན། གང་དག་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོས་ཏེ། ལྷག་ པའི་བསམ་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྟ་ཅི་སྨོས་ཏེ། དེ་དག་ནི་སངས་རྒྱས་ཀྱི་ཆོས་ལ་ངེས་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་སླད་དུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ འདི་ཐོས་ནས་བཅིང་བ་ལས་ཐར་བར་འགྱུར་བའི་སླད་དུ་བདུད་སྡིག་ཅན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པའི་རྒྱུར་འགྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ནོ། །བློ་གྲོས་བརྟན་ པ་བདུད་སྡིག་ཅན་གྱིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོས་པའི་དགེ་བའི་རྩ་བ་དང ། བྱང་ཆུབ་ཏུ་སེམས་བསྐྱེད་པ་འདིའི་དགེ་བའི་རྩ་བས་བདུད་ཀྱི་ལས་ཐམས་ཅད་དང ། བདུད་ཀྱི་སྤྱོད་པ་ཐམས་ཅད་དང ། བདུད་ཀྱི་གཡོ་ཐམས་ཅད་དང ། བདུད་ཀྱི་སྒྱུ་ཐམས་ཅད་དང ། གྱ་ གྱུ་ཐམས་ཅད་བྱང་བར་བྱས་ཏེ། སྤོངས་ཤིང་ཡོངས་སུ་བཏང་སྟེ་བོར་ནས་རིམ་གྱིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་པར་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དུས་དང་གནས་དེ་ཡོད་དོ། །དེ་ནས་བྱང་
55-1-289a
ཆུབ་སེམས་དཔའ་བློ་གྲོས་བརྟན་པས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པས་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །སྨྲས་པ། རིགས་ཀྱི་བུ་བདག་གིས་ལྷག་པའི་བསམ་པས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་ན་ཇི་ལྟར་ན་དེ་བཞིན་གཤེགས་པས་བདག་ལ་ལུང་སྟོན་པར་མཛད། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཀྱང་སེམས་ལས་ནི་ལས། ལས་ལས་ནི་རྣམ་པར་སྨིན་པར་འགྱུར་རོ་ཞེས་བཀའ་སྩལ་ཏེ། རིགས་ཀྱི་བུ་དེ་ལྟར་བདག་མི་སྨོན་ན། ཇི་ལྟར་ན་ དེ་བཞིན་གཤེགས་པ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ཐམས་ཅད་ཀྱི་ཐེ་ཙོམ་གཅད་པའི་ཕྱིར་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པ་ལ་བཀའ་སྩལ་པ། བློ་གྲོས་བརྟན་པ་བཞི་པོ་འདི་དག་ནི་བྱང་ཆུབ་ སེམས་དཔའ་རྣམས་ཀྱི་ལུང་བསྟན་པའོ། །བཞི་གང་ཞེ་ན། འདི་ལྟ་སྟེ། བློ་གྲོས་བརྟན་པ་བྱང་ཆུབ་ཏུ་སེམས་མ་བསྐྱེད་པར་ལུང་བསྟན་པ་ཡང་ཡོད་དོ། །སེམས་བསྐྱེད་མ་ཐག་ཏུ་ལུང་བསྟན་པ་ཡང་ཡོད་དོ། །གསང་སྟེ་ལུང་བསྟན་པ་ཡང་ཡོད་དོ། །བཟོད་པ་ཐོབ་ནས་མངོན་ སུམ་དུ་ལུང་བསྟན་པ་ཡང་ཡོད་དེ། བློ་གྲོས་བརྟན་པ་ལུང་བསྟན་པ་བཞི་པོ་ནི་དེ་དག་ཡིན་ཏེ། དེ་དག་ནི་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་གྱི་དེ་ནི་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱིས་མ་ཡིན་ནོ། །བློ་གྲོས་བརྟན་པ་དེ་ལ་བྱང་ཆུབ་ཏུ་སེམས་མ་བསྐྱེད་པར་ལུང་བསྟན་ པ་གང་ཞེ་ན། བློ་གྲོས་བརྟན་པ་འདི་ལ་གང་ཟག་ལ་ལ་ཞིག་ཡང་ན་སེམས་ཅན་དམྱལ་བའམ། ཡང་ན་དུད་འགྲོའི་སྐྱེ་གནས་སམ། ཡང་ན་གཤིན་རྗེའི་འཇིག་རྟེན་ནམ། ཡང་ན་ལྷའམ། ཡང་ན་མིའི་ནང་དུ་འགྲོ་བ་ལྔའི་འཁོར་བར་སྐྱེས་པར་གྱུར་ལ། གང་ཟག་དེ་ཡང ། དབང་པོ་ རྣོ་བ་རྒྱ་ཆེན་པོ་ལ་མོས་པ་ཡིན་ན། དེ་ལ་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏེ། སྐྱེས་བུ་གང་ཟག་འདི་ནི་བསྐལ་པ་འདི་སྙེད། བསྐལ་པ་བརྒྱ་ཕྲག་འདི་སྙེད། བསྐལ་པ་སྟོང་ཕྲག་འདི་སྙེད། བསྐལ་པ་བརྒྱ་སྟོང་ཕྲག་འདི་སྙེད། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་
55-1-289b
འདི་སྙེད་ན། དེ་བཞིན་གཤེགས་པ་ཆེ་གེ་མོ་ཞིག་གི་དྲུང་དུ་བྱང་ཆུབ་ཏུ་སེམས་སྐྱེད་པར་འགྱུར་ཏེ། དེ་ཡང་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་འགྱུར་རོ། །དེ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་འདི་སྙེད་ཅིག་ཏུ་བྱང་ཆུབ་ སེམས་དཔའི་སྤྱོད་པ་སྤྱད་ནས། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་འདི་སྙེད་ཅིག་མཐོང་བར་འགྱུར་རོ། །སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་འདི་སྙེད་ཅིག་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །གྲངས་མེད་པ་བརྒྱ་སྟོང་ཕྲག་འདི་སྙེད་ཅིག་ན་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བྱང་ཆུབ་ཐོབ་ནས་མིང་འདི་ཞེས་བྱ་བར་འགྱུར་རོ། །དེའི་སངས་རྒྱས་ཀྱི་ཞིང་ནི་འདི་ལྟ་བུར་འགྱུར་རོ། །དེའི་ཉན་ཐོས་ཀྱི་དགེ་འདུན་ནི་འདི་སྙེད་དུ་འགྱུར་རོ། །དེའི་བྱང་ཆུབ་སེམས་དཔའི་དགེ་འདུན་ནི་འདི་སྙེད་དུ་འགྱུར་རོ། །དེའི་ཚེའི་ཚད་ནི་ འདི་ཙམ་དུ་འགྱུར་རོ། །ཡོངས་སུ་མྱ་ངན་ལས་འདས་ནས་དེའི་དམ་པའི་ཆོས་ནི་འདི་སྲིད་དུ་གནས་སོ་ཞེས་བློ་གྲོས་བརྟན་པ་དེ་བཞིན་གཤེགས་པ་ནི་འདི་དང་དེ་བས་ཀྱང་ལྷག་པ་དག་རབ་ཏུ་མཁྱེན་ཏེ། བློ་གྲོས་བརྟན་པ་དེ་ནི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པར་ལུང་བསྟན་པ་ཞེས་བྱ་ འོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ནི་དེ་རིང་སླན་ཆད་སེམས་ཅན་ཐམས་ཅད་ལ་སྟོན་པར་འདུ་ཤེས་བསྐྱེད་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། སེམས་ཅན་གང་དག་ལ་བྱང་ཆུབ་ཏུ་ཡོངས་སུ་ སྨིན་པའི་དབང་པོ་མཆིས། གང་དག་ལ་མ་མཆིས་ཞེས་བདག་ཅག་ལ་ཡེ་ཤེས་དེ་མི་འཇུག་པས་བཅོམ་ལྡན་འདས་དེ་དག་མ་འཚལ་ནས། དེ་ལྟ་བུའི་སེམས་ཅན་དག་ལ་དམན་པའི་འདུ་ཤེས་སྐྱེད་པས། དེའི་སླད་དུ་བདག་ཅག་ནི་ཉམས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ལེགས་སོ་ལེགས་སོ། །འོད་སྲུང་ཚིག་དེ་ནི་ལེགས་པར་སྨྲས་སོ། །འོད་སྲུང་ངས་ཀྱང་དོན་དེའི་དབང་མཐོང་ནས་ཁྱེད་ལ་དགེ་སློང་དག་གང་ཟག་ལ་ཚོད་མ་འཛིན་ཅིག་།དགེ་སློང་དག་གང་ཟག་གིས་གང་ཟག་ལ་ཚོད་བཟུང་ན་ཉམས་པར་འགྱུར་ཏེ། དགེ་སློང་དག་
55-1-290a
ངའམ། གང་གཞན་ཡང་ང་དང་འདྲ་བ་དག་གིས་ཚོད་གཟུང་ངོ་ཞེས་དེ་སྐད་དུ་ཆོས་བཤད་དེ། འོད་སྲུང་བསྟན་པ་དེས་ན་བྱང་ཆུབ་སེམས་དཔའའམ། ཉན་ཐོས་ཀྱིས་སེམས་ཅན་ཐམས་ཅད་ལ་སྟོན་པར་འདུ་ཤེས་བསྐྱེད་པར་བྱའོ། །འདི་ལ་བྱང་ཆུབ་སེམས་དཔའི་ ཐེག་པ་པའི་གང་ཟག་ལ་ལ་དག་ཏུ་གྱུར་ཏ་རེ། དེས་ན་དེར་བདག་བསྲུང་བར་བྱའོ། །བློ་གྲོས་བརྟན་པ་གཞན་ཡང་སེམས་ཅན་ལ་ལ་དགེ་བའི་རྩ་བ་ཡོངས་སུ་སྨིན་པ། ས་བོན་བཏབ་པ། སྦྱང་བ་བྱས་པ། དབང་པོ་རྣོ་བ། རྒྱ་ཆེན་པོ་ལ་མོས་པ། སྙིང་རྗེ་ཆེན་པོ་དང་ལྡན་པ། སེམས་ ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བའི་ཕྱིར་ཞུགས་པ། སེམས་བསྐྱེད་མ་ཐག་ཏུ་ཕྱིར་མི་ལྡོག་པ། བྱང་ཆུབ་སེམས་དཔའི་ངེས་པར་གྱུར་པ་ལ་ཞུགས་པ། ལོག་པར་ལྟུང་བའི་ཆོས་ཅན་མ་ཡིན་པ། མི་དལ་བ་བརྒྱད་ལས་འདས་པ་དག་ཡོད་དེ། དེ་དག་ནི་སེམས་བསྐྱེད་མ་ ཐག་ཏུ་ཞིང་ཡོངས་སུ་དག་པ་དང ། མིང་བརྗོད་པ་དང ། ཚེའི་མཐའ་བརྗོད་པའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། བློ་གྲོས་བརྟན་པ་དེ་བཞིན་གཤེགས་པས་ཀྱང་གང་ཟག་དེ་འདྲ་བ་དེ་དག་གི་བསམ་པ་མཁྱེན་ནས་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པ་དེ་ནི་བློ་གྲོས་བརྟན་པ་སེམས་བསྐྱེད་མ་ཐག་ཏུ་ལུང་བསྟན་པ་ཞེས་བྱའོ། །བློ་གྲོས་བརྟན་པ་དེ་ལ་གསང་སྟེ་ལུང་བསྟན་པ་གང་ཞེ་ན། བློ་གྲོས་བརྟན་པ་འདི་ལ་བྱང་ཆུབ་སེམས་དཔའ་ལེ་ལོ་ཅན་ཁ་ཅིག་ཇི་ལྟ་ཇི་ལྟར་ལུང་མ་བསྟན་པ། དེ་ལྟ་ དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བརྩོན་འགྲུས་རྩོམ་ལ། བྱང་ཆུབ་སེམས་དཔའ་དེ་ཡང་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་ཕྱིར་སྦྱིན་པ་སྣ་ཚོགས་ལ་མོས་པ་ཡིན། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མི་གཏོང་བའི་ཕྱིར་ཡི་དམ་ལ་བརྟན་པར་ གནས་པ་ཡིན། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པས་བཟོད་པའི་སྟོབས་ཀྱི་གོ་ཆ་བགོས་པ་ཡིན། མགོ་དང་གོས་ལ་མེ་འབར་བ་ལྟར་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་ཚོལ་བས་བརྩོན་འགྲུས་བརྩམས་པ་ཡིན། བསམ་གཏན་ལ་བསམ་གཏན་པ་ཡིན་པས་
55-1-290b
དྲན་པ་དང་ཤེས་བཞིན་ལ་མཁས་པ་ཡིན། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཞུགས་པས་ཤེས་རབ་ཀྱིས་རྣམ་པར་དཔྱད་པའི་བློ་དང་ལྡན་པ་ཡིན་ལ། དེ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་སྤྱོད་པར་བྱེད་ཅིང་དེ་ཡང་མཚན་མ་དང་བཅས་པ་བྱེད་པ་དང་བཅས་པ་ཡིན་ལ། དེ་ལ་བྱང་ཆུབ་ སེམས་དཔའ་གཞན་དག་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དག་འདི་སྙམ་དུ་སེམས་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་འདི་ནི་བརྩོན་འགྲུས་བརྩམས་པ་ངོ་མཚར་ན་ཇི་སྲིད་ཅིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། འདི་བྱང་ཆུབ་ཐོབ་ནས་མིང་ཅིར་འགྱུར། སངས་རྒྱས་ཀྱི་ཞིང་ནི་ཇི་ལྟ་བུར་འགྱུར། ཉན་ཐོས་ཀྱི་དགེ་འདུན་ནི་ཇི་ལྟ་བུར་འགྱུར། བྱང་ཆུབ་སེམས་དཔའི་དགེ་འདུན་ནི་ཇི་ལྟ་བུར་འགྱུར་སྙམ་པ་དང ། དེ་བཞིན་གཤེགས་པས་སེམས་ཅན་ དེ་དག་གི་ཐེ་ཙོམ་གཅད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏེ། ཅི་ནས་ཀྱང་ཐམས་ཅད་དང་ལྡན་པའི་འཁོར་གྱིས་ཐོས་པ་དང ། ཤེས་པ་དང ། རྟོགས་པར་འགྱུར་ལ། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ ཀྱིས་བྱང་ཆུབ་སེམས་དཔའ་དེས་མི་ཤེས་མི་མཐོང ། མི་ཐོས་ཤིང་འཁོར་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་ཐོབ་ནས་མིང་འདི་ཞེས་བྱ་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནི་འདི་ལྟ་བུར་འགྱུར་རོ། །ཉན་ཐོས་ཀྱི་དགེ་འདུན་ནི་འདི་ལྟ་བུར་འགྱུར་རོ། །བྱང་ཆུབ་ སེམས་དཔའི་དགེ་འདུན་ནི་འདི་ལྟ་བུར་འགྱུར་རོ། །ཚེའི་ཚད་ནི་འདི་ཙམ་དུ་འགྱུར་རོ་ཞེས་ཐོས་པར་འགྱུར། མཐོང་བར་འགྱུར། ཤེས་པར་འགྱུར་ཞིང ། དེ་ཐོས་ནས་ནེམ་ནུར་མེད་པ་དང ། སོམ་ཉི་མེད་པ་དང ། ཐེ་ཙོམ་མེད་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་ལ་སྟོན་ པའི་འདུ་ཤེས་དང ། དེ་བཞིན་གཤེགས་པའི་འདུ་ཤེས་དང ། འདྲེན་པའི་འདུ་ཤེས་སྐྱེད་པར་འགྱུར་ལ། བྱང་ཆུབ་སེམས་དཔའ་དེས་ནི་བདག་དེ་བཞིན་གཤེགས་པས་ལུང་བསྟན་པར་མི་ཤེས། མི་མཐོང ། མི་རྟོགས་པ་དེ་ནི་བྱང་ཆུབ་སེམས་དཔའི་གསང་སྟེ་ལུང་
55-1-291a
བསྟན་པ་ཡིན་ཏེ། དེ་བཞིན་གཤེགས་པའི་ཁྱུ་མཆོག་ཏུ་གྱུར་པའི་བྱིན་གྱིས་བརླབས་ཀྱིས་བྱང་ཆུབ་སེམས་དཔའ་ལ་ལུང་བསྟན་པ་ཐམས་ཅད་དང་ལྡན་པའི་འཁོར་གྱིས་ཐོས་ལ་བྱང་ཆུབ་སེམས་དཔའ་དེས་མི་ཐོས་སོ། །དེ་ལ་བཟོད་པ་ཐོབ་ནས་མངོན་སུམ་དུ་ལུང་ བསྟན་པ་གང་ཞེ་ན། བློ་གྲོས་བརྟན་པ་འདི་ལ་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་བསྡུས་པ་ཡིན། ཡུན་རིང་པོ་ནས་ཚངས་པར་སྤྱོད་པ་མི་དམིགས་པར་སྤྱད་པ་དང ། བདག་མེད་པའི་ཆོས་ལ་བཟོད་པ་དང ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཡིན་ཏེ། དེ་ལ་དེ་བཞིན་གཤེགས་པ་དག་ མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་མཁྱེན་ནས་ལྷ་དང་བཅས་པའི་འཇིག་རྟེན་གྱི་མདུན་དང ། བདུད་དང་བཅས་པ་དང ། ཚངས་པ་དང་བཅས་པ་དང ། དགེ་སྦྱོང་དང ། བྲམ་ཟེར་བཅས་པའི་འཁོར་གྱི་མདུན་དུ་རིགས་ཀྱི་བུ་ཁྱོད་ཚུར་ཤོག་།བསྐལ་པ་བརྒྱ་སྟོང་འདི་སྙེད་ཀྱིས་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཁྱོད་བྱང་ཆུབ་ཐོབ་ནས་མིང་འདི་ཞེས་བྱ་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནི་འདི་ལྟ་བུར་འགྱུར་རོ། །ཉན་ཐོས་ཀྱི་དགེ་འདུན་ནི་འདི་ལྟ་བུར་འགྱུར་རོ། །བྱང་ཆུབ་སེམས་དཔའི་དགེ་འདུན་ནི་འདི་ལྟ་ བུར་འགྱུར་རོ། །ཚེའི་ཚད་ནི་འདི་ཙམ་དུ་འགྱུར་རོ་ཞེས་བཟོད་པ་ཐོབ་པ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་སུམ་དུ་ལུང་བསྟན་པས་ལུང་སྟོན་ཏེ། དེའི་རྗེས་སུ་བསླབས་ནས་སེམས་ཅན་ཚད་མེད་པ་དག་ཀྱང་བྱང་ཆུབ་ཏུ་སེམས་སྐྱེད་པར་འགྱུར་རོ། །བྱང་ཆུབ་ སེམས་དཔའ་དེ་ཡང་མངོན་སུམ་དུ་ལུང་བསྟན་པ་ཐོས་ནས་ནམ་མཁའ་ལ་ཤིང་ཏ་ལ་བདུན་ཙམ་དུ་མངོན་པར་འཕགས་པར་འགྱུར་ཏེ། བློ་གྲོས་བརྟན་པ་དེ་ནི་བྱང་ཆུབ་སེམས་དཔའི་ལུང་བསྟན་པ་བཞི་པ་ཞེས་བྱའོ།། །།བམ་པོ་བཞི་པ། དེ་ནས་བཅོམ་ ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཁོར་འདི་ན་བྱང་ཆུབ་སེམས་དཔའ་འཚོགས་ཤིང་མཆིས་པ་ལས་གང་དག་ལུང་བསྟན་པ་འདི་བཞིས་ལུང་བསྟན་པ་དག་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
55-1-291b
པ། བློ་གྲོས་བརྟན་པ་ཡོད་དོ། །གསོལ་པ། དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་བརྟན་པ་བྱང་ཆུབ་སེམས་དཔའ་སེང་གེའི་སྒྲ་བསྒྲགས་འདི་དང ། ཁྱིམ་བདག་དགའ་འདོད་ཀྱི་བུ་འདི་ནི་བྱང་ཆུབ་ཀྱི་སེམས་མ་བསྐྱེད་པར་ལུང་བསྟན་ཏོ། ། དེ་མ་ཡིན་པའི་འཇིག་རྟེན་གྱི་ཁམས་གཞན་དག་ན་ཡང་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་ཏུ་སེམས་མ་བསྐྱེད་པར་ལུང་བསྟན་པས་ལུང་བསྟན་པ་ཚད་མེད་པ་དག་ཡོད་དོ། །བློ་གྲོས་བརྟན་པ་བྱང་ཆུབ་སེམས་དཔའ་ཞི་བ་ལྡན་འདི་དང ། འཇམ་དཔལ་གཞོན་ནུར་གྱུར་པ་འདི་དང ། དེ་མ་ཡིན་པའི་འཇིག་རྟེན་གྱི་ཁམས་གཞན་དག་ན་ཡང་བྱང་ཆུབ་སེམས་དཔའ་གང་དག་སེམས་བསྐྱེད་མ་ཐག་ཏུ་ཕྱིར་མི་ལྡོག་པར་ལུང་བསྟན་པས་ལུང་བསྟན་པ་ཚད་མེད་པ་དག་ཡོད་དོ། །བློ་གྲོས་བརྟན་པ་བྱང་ཆུབ་སེམས་དཔའ་ཡེ་ཤེས་དཔའ་བོ་འདི་དང ། བྱང་ཆུབ་སེམས་དཔའ་ཁྱད་ པར་བློ་གྲོས་འདི་དང ། དེ་མ་ཡིན་པའི་འཇིག་རྟེན་གྱི་ཁམས་གཞན་དག་ན་ཡང་བྱང་ཆུབ་སེམས་དཔའ་གང་གསང་སྟེ་ལུང་བསྟན་པས་ལུང་བསྟན་པ་ཚད་མེད་པ་དག་ཡོད་དོ། །བློ་གྲོས་བརྟན་པ་ང་དང་བྱང་ཆུབ་སེམས་དཔའ་བྱམས་པ་འདི་དང ། གང་བསྐལ་པ་བཟང་པོ་འདི་ལ་ བྱང་ཆུབ་སེམས་དཔའ་འབྱུང་བ་དེ་དག་ཐམས་ཅད་བཟོད་པ་ཐོབ་སྟེ། མངོན་སུམ་དུ་ལུང་བསྟན་པས་ལུང་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་གསོལ་པ། བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་བསམ་གྱིས་མི་ཁྱབ་པ་ ནས་ལུང་བསྟན་པའི་བར་དུ་བསམ་གྱིས་མི་ཁྱབ་པ་ངོ་མཚར་ཏོ། །དེ་ནི་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱིས་ཡང་མ་ལགས་ན། སེམས་ཅན་གཞན་གྱི་ལྟ་ཅི་སྨོས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་བརྟན་པ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ ཏེ། བློ་གྲོས་བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཐམས་ཅད་རྟུལ་བ་ནི་བསམ་གྱིས་མི་ཁྱབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་བདུད་ཀྱི་སྤྱོད་པའི་ཡུལ་གྱིས་མི་གོས་པས་བདུད་ཀྱི་རིས་ཀྱི་ལྷའི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨིན་པར་བྱས་པ་
55-1-292a
དེ་དག་གིས་མེ་ཏོག་དང ། ཕྲེང་བ་དང ། སྤོས་དང ། ཕྱེ་མ་དང ། བྱུག་པ་དག་གིས་བཅོམ་ལྡན་འདས་ལ་གཏོར་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ནི་གསང་སྟེ་ལུང་བསྟན་པས་ལུང་བསྟན་པར་མི་འགྱུར་བར་བཅོམ་ལྡན་འདས་བདག་ཅག་ནི་བཟོད་པ་ ཐོབ་ནས་མངོན་སུམ་དུ་ལུང་བསྟན་པས་ལུང་བསྟན་པར་གྱུར་ཅིག་།བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བདག་ཅག་བཟོད་པ་ཐོབ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་སུམ་དུ་ལུང་བསྟན་པས་ལུང་བསྟན་པར་མཛད་ན་ལེགས་སོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ནས་ཁ་དོག་དུ་མ་ཁ་དོག་སྣ་ཚོགས་ཁ་དོག་བརྒྱ་སྟོང་དུ་མ། འདི་ལྟ་སྟེ། སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དང ། ལེ་བརྒན་ དང ། ཤེལ་གྱི་ཁ་དོག་དང ། དངུལ་གྱི་ཁ་དོག་དེ་དག་ཞལ་གྱི་སྒོ་ནས་བྱུང་ནས། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་སྣང་བས་ཁྱབ་པར་བྱས་ཏེ། སྟེང་དུ་ཚངས་པའི་འཇིག་རྟེན་གྱི་ཁམས་སུ་མངོན་པར་འཕགས་ནས། གཟི་བརྗིད་ཀྱིས་ཉི་མ་དང་ཟླ་བའི་གཟི་བརྗིད་ ཟིལ་གྱིས་མནན་ཏེ། སླར་ལོག་ནས་བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ལྷའི་བུ་ མོ་དགུ་བརྒྱ་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་བ་འདི་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ངོ ། །བདེ་བར་གཤེགས་པ་མཐོང་ངོ ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ལྷའི་བུ་མོ་དགུ་བརྒྱ་པོ་འདི་དག་གིས་
55-1-292b
སངས་རྒྱས་ལྔ་བརྒྱ་ལ་དགེ་བའི་རྩ་བ་བསྐྱེད་དེ། ཕྱིས་དེ་བཞིན་གཤེགས་པ་གྲངས་ལས་འདས་པ་ལ་བཀུར་སྟི་བྱེད་པར་འགྱུར། རིམ་གྲོ་བྱེད་པར་འགྱུར། བསྟི་སྟང་བྱེད་པར་འགྱུར། མཆོད་པ་བྱེད་པར་འགྱུར་ཏེ། བསྐལ་པ་གྲངས་མེད་པ་བདུན་བརྒྱ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བཀོད་པའི་རྒྱལ་པོ་ཞེས་བྱ་བར་འགྱུར་ཏེ། ཀུན་དགའ་བོ་ལྷའི་བུ་མོ་དེ་དག་ནི་འདི་ནས་ཤི་འཕོས་ཏེ། འཆི་བའི་དུས་བྱས་མ་ཐག་ཏུ་བུད་མེད་ཀྱི་ལུས་ལས་བསྒྱུར་ཏེ། དགའ་ལྡན་གྱི་གནས་ན་བྱང་ཆུབ་སེམས་དཔའ་བྱམས་པ་དང་ལྷན་ཅིག་འགྲོགས་ ཤིང་མཉེས་པར་བྱེད་པར་འགྱུར་ལ། རིམ་གྱིས་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་དོ། །མཉེས་པར་བྱས་ནས་མི་མཉེས་པར་མི་བྱེད་དེ། རིམ་གྲོ་བྱེད། བཀུར་སྟི་བྱེད། བསྟི་སྟང་བྱེད། མཆོད་པ་བྱེད་པར་འགྱུར་རོ། །དེ་ནས་བདུད་སྡིག་ཅན་ གྱིས་ལྷའི་བུ་མོ་དེ་དག་ལུང་བསྟན་པར་རིགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་གཡོག་འཁོར་གང་གིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོས་པ་དེ་དག་བདག་གི་དབང་དུ་མི་འགྱུར་ན། དེ་དག་བདག་གི་སླད་བཞིན་དུ་འབྲང་བ་ ལྟ་ཅི་སྨོས། དེ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོས་པ་ནི་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་ལ་ངེས་པར་རིག་པར་བགྱིའོ། །དེ་ནས་ལྷའི་བུ་མོ་དེ་དག་སེམས་ཞུམ་པར་མ་གྱུར་ནས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན་དེ་སྐད་མ་ཟེར། ཡི་ཆད་ པར་མ་བྱེད་ཅིག་།བདག་ཅག་ནི་ཁྱོད་ཀྱི་ཡུལ་ལས་མི་འདའ་ཞིང་མི་ལྡོག་གོ། །དེ་ཅིའི་ཕྱིར་ཞེ་ན། བདུད་ཀྱི་ཡུལ་དུ་འགྲོ་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཡུལ་དུ་འགྲོ་བའི་དེ་བཞིན་ཉིད་ཡིན་ཏེ། དེ་ལྟར་ན་བདུད་ཀྱི་ཡུལ་དུ་འགྲོ་བའི་དེ་བཞིན་ཉིད་དང ། སངས་རྒྱས་ཀྱི་ཡུལ་དུ་འགྲོ་བའི་དེ་བཞིན་ཉིད་དེ་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་དོ། །སྡིག་ཅན་དེ་ལྟ་བས་ན་བདག་ཅག་ནི་དེ་བཞིན་ཉིད་ལས་མི་འདའོ། །བདུད་ཀྱི་ཡུལ་གྱི་ཆོས་ཉིད་གང་ཡིན་པ་སངས་རྒྱས་ཀྱི་ཡུལ་གྱི་ཆོས་ཉིད་ཀྱང་དེ་ཡིན་ཏེ། དེ་ལྟར་ན་བདུད་ཀྱི་
55-1-293a
ཡུལ་གྱི་ཆོས་ཉིད་དང ། སངས་རྒྱས་ཀྱི་ཡུལ་གྱི་ཆོས་ཉིད་དེ་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་དོ། །དེ་བས་ན་སྡིག་ཅན་བདག་ཅག་ནི་ཆོས་ཉིད་ལས་མི་འདའོ། །བདུད་ཀྱི་ཡུལ་ཡང་ཆོས་གང་ཡང་རྣམ་པར་རིག་པར་མི་བྱེད། སངས་རྒྱས་ཀྱི་ཡུལ་ཡང་ཆོས་ གང་ཡང་རྣམ་པར་རིག་པར་མི་བྱེད་དེ། དེ་ལྟར་ན་བདུད་ཀྱི་ཡུལ་དང ། སངས་རྒྱས་ཀྱི་ཡུལ་དེ་ནི་རྣམ་པར་རིག་པར་བྱེད་པ་མ་ཡིན་ནོ། །སྡིག་ཅན་དེ་བས་ན་ཆོས་ཐམས་ཅད་ནི་ཡུལ་རྣམ་པར་རིག་པར་བྱེད་པ་མ་ཡིན་ཏེ། སྡིག་ཅན་དེ་བས་ན་གང་གི་གཡོག་ཀྱང་མ་ཡིན། གཡོག་ མ་ཡིན་པ་ཡང་མ་ཡིན་ནོ། །དེ་ནས་བདུད་སྡིག་ཅན་སྡུག་བསྔལ་ཞིང་ཡིད་མི་བདེ་ལ། མི་དགའ་བར་གྱུར་ནས་འགྲོ་འདོད་པ་དང ། བྱང་ཆུབ་སེམས་དཔའ་བདུད་ཀྱི་སྤྱོད་པའི་ཡུལ་གྱིས་མི་གོས་པས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན་ཁྱོད་གང་དུ་འགྲོ། སྨྲས་པ། རིགས་ཀྱི་བུ་བདག་ནི་གནས་སུ་མཆིའོ། །སྨྲས་པ། དེ་བས་ན་སྡིག་ཅན་ཁྱོད་འཁོར་འདི་ནས་ཀྱང་མ་གཡོ་ལ། བདག་གི་གནས་སུ་ཡང་འདུག་པར་གྱིས་ཤིག་།དེ་ནས་བདུད་སྡིག་ཅན་བདག་ཉིད་རང་གི་གནས་སུ་ཕྱིན་པ་སྙམ་དུ་ཤེས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་བདུད་ ཀྱི་སྤྱོད་པའི་ཡུལ་གྱིས་མི་གོས་པས་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན་ཁྱོད་ཀྱིས་ཅི་མཐོང ། བདུད་ཀྱིས་སྨྲས་པ། བདག་ཉིད་རང་གི་གནས་སུ་ཕྱིན་པར་མཐོང་སྟེ། རིགས་ཀྱི་བུ་ཀུན་དགའི་ར་བ་ཉམས་དགའ་བ་འདི་དག་དང ། ནགས་ཚལ་ཉམས་དགའ་བ་འདི་དག་དང་ རྫིང་བུ་ཉམས་དགའ་བ་འདི་དག་དང ། ཆུ་བོ་ཉམས་དགའ་བ་འདི་དག་ནི་བདུད་ཀྱི་གནས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བདུད་ཀྱི་སྤྱོད་པའི་ཡུལ་གྱིས་མི་གོས་པས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན་ཁྱོད་ཀྱིས་གནས་འདི་དེ་བཞིན་གཤེགས་པ་ལ་ སྤྱད་པའི་ཕྱིར་ཕུལ་ཅིག་།སྨྲས་པ། ཕུལ་ལོ། །དེས་བདག་གི་གནས་ན་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་བཞུགས་ཤིང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་འཆད་པར་མཛད། སྟོན་པར་མཛད་པ་མཐོང་ངོ ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་
55-1-293b
ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་གཙུག་ལག་ཁང་ན་དེ་བཞིན་གཤེགས་པ་བཞུགས་ཤིང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་འཆད་པར་མཛད། སྟོན་པར་མཛད་པ་དང ། གང་གི་བཤོས་གསོལ་ཏེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ འདི་འཆད་པར་མཛད་པའི་སྦྱིན་པ་པོ་སྦྱིན་བདག་གཙུག་ལག་ཁང་གི་བདག་པོའི་བསོད་ནམས་ཇི་ཙམ་དུ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་གཤེགས་པས་བཤོས་གང་གསོལ་ཏེ་བྱང་ཆུབ་ཐོབ་པ་དང ། བཤོས་གང་གསོལ་ཏེ་ཆོས་ ཀྱི་འཁོར་ལོ་བསྐོར་བ་དང ། བཤོས་གང་གསོལ་ཏེ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་བཤད་པའི་བཤོས་དེ་དག་ལ་ཐ་དད་པ་ཅུང་ཟད་ཀྱང་མེད་དོ། །ཀུན་དགའ་བོ་སའི་ཕྱོགས་གང་དུ་བྱང་ཆུབ་ཐོབ་པའི་སའི་ཕྱོགས་རྡོ་རྗེ་ལྟ་བུ་དེ་ནི་འདས་པ་དང ། མ་བྱོན་པ་དང ། ད་ལྟར་གྱི་བཅོམ་ ལྡན་འདས་ཀྱིས་ཡོངས་སུ་སྤྱད་པ་ཡིན་ཏེ། ཀུན་དགའ་བོ་བྱང་ཆུབ་ཀྱི་སྙིང་པོ་དེ་ཇི་ལྟ་བ་དེ་བཞིན་དུ་སའི་ཕྱོགས་གང་དུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་བསྟན་པའམ། བཤད་པའམ། ཡི་གེར་བྲིས་པའམ། ལུང་ཕོག་པ་ལ་ཡང་བལྟ་བར་བྱ་སྟེ། ཀུན་དགའ་བོ་དེ་བཞིན་ གཤེགས་པ་བཤོས་གང་གསོལ་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང ། ཆོས་སྨྲ་བས་སྦྱིན་པ་པོ་སྦྱིན་བདག་གང་གི་ཟན་ཟོས་ཏེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་འཆད་དམ། སྟོན་ཏམ། ལུང་འབོག་པར་བྱེད་དམ། ཀློག་པར་བྱེད་པ་ཟས་དེ་དག་ལ་ཐ་དད་པ་ཅུང་ཟད་ཀྱང་ མེད་དོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་གཙུག་ལག་ཁང་གང་ན་བཞུགས་ཤིང་ཆོ་འཕྲུལ་ཆེན་པོ་བཅཝ་བརྒྱད་ཀྱིས་སེམས་ཅན་གདུལ་བར་མཛད་པ་དང ། གཙུག་ལག་ཁང་ངམ། གནས་ཁང་ངམ། འཆག་སའི་ས་ཕྱོགས་གང་དང་གང་དུ་དཔའ་བར་འགྲོ་བའི་ཏིང་ངེ་ འཛིན་འདི་འཆད་དམ། སྟོན་ཏམ། ཀློག་གམ། ཡི་གེར་འདྲིའམ་རྗོད་ན། ཀུན་དགའ་བོ་གཙུག་ལག་ཁང་དེ་དག་ལ་ཐ་དད་པ་ཅུང་ཟད་ཀྱང་མེད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན་ཁྱོད་ཀྱིས་གནས་ཁང་
55-1-294a
དེ་བཞིན་གཤེགས་པ་ལ་སྤྱད་པའི་ཕྱིར་ཕུལ་བ་རྙེད་པ་ལེགས་པར་རྙེད་དོ། །བདུད་ཀྱིས་སྨྲས་པ། ཀུན་དགའ་བོ་འདི་ནི་བྱང་ཆུབ་སེམས་དཔའ་བདུད་ཀྱི་སྤྱོད་པའི་ཡུལ་གྱིས་མི་གོས་པའི་བྱིན་གྱི་རླབས་ཡིན་ཏེ། བྱང་ཆུབ་སེམས་དཔའ་བདུད་ཀྱི་སྤྱོད་པའི་ཡུལ་གྱིས་མི་ གོས་པ་ནི་རྣམ་པར་འཕྲུལ་པ་འདི་དག་གིས་རྣམ་པར་འཕྲུལ་ལོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་སེམས་དཔའ་བདུད་ཀྱི་སྤྱོད་པའི་ཡུལ་གྱིས་མི་གོས་པ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་གནས་ཏེ། རྣམ་པར་འཕྲུལ་པ་འདི་དག་གིས་རྣམ་པར་འཕྲུལ་པར་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་བརྟན་པ་དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་བདུད་ཀྱི་སྤྱོད་པའི་ཡུལ་གྱིས་མི་གོས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་གནས་ནས་རྣམ་པར་འཕྲུལ་པ་འདི་དག་ གིས་རྣམ་པར་འཕྲུལ་པར་བྱེད་དོ། །བདུད་ཀྱི་སྤྱོད་པའི་ཡུལ་གྱིས་ཀྱང་མི་གོས་ལ་བདུད་ཀྱི་སྤྱོད་པའི་ཡུལ་གྱི་སྤྱོད་པ་ཐམས་ཅད་ཀྱང་སྟོན་ཏོ། །འཁྲིག་པའི་དགའ་བ་ཡང་མི་སྤྱོད་ལ་གཉིས་ཀྱིས་གཉིས་སྦྱོར་བར་ཡང་སྣང་ངོ ། །རིགས་ཀྱི་བུ་དེ་ཏིང་ངེ་འཛིན་འདི་ལ་གནས་ནས་བདུད་རང་ གི་གནས་ན་གནས་པར་ཡང་སྟོན་ལ་དེ་བཞིན་གཤེགས་པའི་འཁོར་ནས་ཀྱང་མི་གཡོའོ། །བློ་གྲོས་བརྟན་པ་བྱང་ཆུབ་སེམས་དཔའ་ནི་ཏིང་ངེ་འཛིན་འདི་ལ་གནས་ནས་བདུད་རྣམས་ལ་བདུད་ཀྱི་ཡུལ་ཡང་སྟོན། སངས་རྒྱས་ཀྱི་ཆོས་ལ་ཡང་ཡོངས་སུ་སྨིན་པར་བྱེད་དོ། །དེ་ནས་ བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་སྔོན་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་གནས་ནས་རྣམ་པར་འཕྲུལ་པའི་བཀོད་པ་ཇི་ལྟ་བུ་བསྟན་ པ། བཅོམ་ལྡན་འདས་ཀྱིས་སྤྱད་པ་དེའི་ཕྱོགས་ཙམ་ཞིག་བཀའ་སྩལ་ན། ལེགས་སོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་བརྟན་པ་ངས་ནི་དཔའ་བར་འགྲོ་བའི་
55-1-294b
ཏིང་ངེ་འཛིན་འདི་ལ་གནས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་དང ། ཉི་མ་དང ། ཟླ་བ་བྱེ་བ་བརྒྱ་དང ། རྒྱལ་ཆེན་བཞིའི་ལྷའི་རིས་བྱེ་བ་བརྒྱ་དང ། སུམ་ཅུ་རྩ་གསུམ་གྱི་ལྷ་བྱེ་བ་བརྒྱ་དང ། འཐབ་བྲལ་གྱི་ལྷ་བྱེ་བ་ བརྒྱ་དང ། དགའ་ལྡན་གྱི་ལྷ་བྱེ་བ་བརྒྱ་དང ། འཕྲུལ་དགའ་བྱེ་བ་བརྒྱ་དང ། གཞན་འཕྲུལ་དབང་བྱེད་བྱེ་བ་བརྒྱ་དང ། བདུད་ཀྱི་གནས་བྱེ་བ་བརྒྱ་དང ། ཚངས་པའི་གནས་བྱེ་བ་བརྒྱ་ནས། དེ་བཞིན་དུ་འོག་མིན་གྱི་བར་དུ་བྱེ་བ་ཕྲག་བརྒྱ་བརྒྱ་དང ། རིའི་རྒྱལ་པོ་རི་རབ་བྱེ་བ་ཕྲག་བརྒྱ་དང ། རྒྱ་ མཚོ་ཆེན་པོ་བྱེ་བ་ཕྲག་བརྒྱ་དང ། དེ་རྣམས་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ། བློ་གྲོས་བརྟན་པ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་གནས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་ འཛམ་བུའི་གླིང་ལ་ལར་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། འཛམ་བུའི་གླིང་ལ་ལར་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། འཛམ་བུའི་གླིང་ལ་ལར་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། འཛམ་བུའི་གླིང་ལ་ལར་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། འཛམ་བུའི་ གླིང་ལ་ལར་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། འཛམ་བུའི་གླིང་ལ་ལར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །འཛམ་བུའི་གླིང་ལ་ལར་ནི་མངོན་པར་ཤེས་པ་ལྔ་དང་ལྡན་པར་སྣང ། འཛམ་བུའི་གླིང་ལ་ལར་ནི་ཁྱིམ་ན་གནས་པར་སྣང ། འཛམ་བུའི་གླིང་ལ་ལར་ནི་རབ་ཏུ་ བྱུང་བར་སྣང ། འཛམ་བུའི་གླིང་ལ་ལར་ནི་དགའ་ལྡན་གྱི་གནས་ན་གནས་པར་སྣང ། འཛམ་བུའི་གླིང་ལ་ལར་ནི་ཁྱིམ་བདག་ཚོང་དཔོན་དུ་ཤེས། འཛམ་བུའི་གླིང་ལ་ལར་ནི་དེད་དཔོན་དུ་ཤེས། འཛམ་བུའི་གླིང་ལ་ལར་ནི་ཁམས་ཀྱི་རྒྱལ་པོར་ཤེས། འཛམ་བུའི་གླིང་ལ་ལར་ནི་ བློན་པོར་ཤེས། འཛམ་བུའི་གླིང་ལ་ལར་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་ཤེས། འཛམ་བུའི་གླིང་ལ་ལར་ནི་སྟོབས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོར་ཤེས། འཛམ་བུའི་གླིང་ལ་ལར་ནི་སའི་རྒྱལ་པོར་ཤེས། འཛམ་བུའི་གླིང་ལ་ལར་ནི་ལྷའི་དབང་པོ་བརྒྱ་བྱིན་དུ་ཤེས།
55-1-295a
འཛམ་བུའི་གླིང་ལ་ལར་ནི་ཚངས་པར་ཤེས། ལ་ལར་ནི་རྒྱལ་ཆེན་བཞིའི་ལྷའི་རིས་ཀྱི་དབང་པོར་ཤེས། ལ་ལར་ནི་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་དབང་པོར་ཤེས། ལ་ལར་ནི་འཐབ་བྲལ་གྱི་ལྷ་རྣམས་ཀྱི་དབང་པོར་ཤེས། ལ་ལར་ནི་དགའ་ལྡན་གྱི་ལྷ་ རྣམས་ཀྱི་དབང་པོར་ཤེས། ལ་ལར་ནི་འཕྲུལ་དགའི་ལྷ་རྣམས་ཀྱི་དབང་པོར་ཤེས། ལ་ལར་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་དབང་པོར་ཤེས། ལ་ལར་ནི་བདུད་དུ་ཤེས། འཛམ་བུའི་གླིང་ལ་ལར་ནི་ཚོང་དཔོན་དུ་ཤེས། འཛམ་བུའི་གླིང་ལ་ལར་ནི་ཁྱིམ་བདག་ཏུ་ཤེས། འཛམ་བུའི་གླིང་ལ་ལར་ནི་ཁམས་ཀྱི་རྒྱལ་པོར་ཤེས། འཛམ་བུའི་གླིང་ལ་ལར་ནི་གཞོན་ནུར་ཤེས། འཛམ་བུའི་གླིང་ལ་ལར་ནི་བློན་པོར་ཤེས། འཛམ་བུའི་གླིང་ལ་ལར་ནི་དེད་དཔོན་དུ་ཤེས། འཛམ་བུའི་གླིང་ལ་ལར་ནི་དགའ་ལྡན་ནས་འཆི་འཕོ་བར་ཤེས། འཛམ་བུའི་གླིང་ ལ་ལར་ནི་མའི་མངལ་དུ་འཇུག་པར་ཤེས། འཛམ་བུའི་གླིང་ལ་ལར་ནི་མའི་མངལ་ན་གནས་པར་ཤེས། འཛམ་བུའི་གླིང་ལ་ལར་ནི་བཙའ་བར་ཤེས། འཛམ་བུའི་གླིང་ལ་ལར་ནི་གོམ་པ་བདུན་འདོར་བར་ཤེས། འཛམ་བུའི་གླིང་ལ་ལར་ནི་ཕྱོགས་བཞིར་ལྟ་ཞིང་འཇིག་རྟེན་ན་ང་ གཙོ་བོ། །འཇིག་རྟེན་ན་ང་མཆོག་གོ་ཞེས་སེང་གེའི་སྒྲ་སྒྲོགས་པར་ཤེས། འཛམ་བུའི་གླིང་ལ་ལར་ནི་བཙུན་མོའི་འཁོར་གྱི་ནང་ན་གནས་པར་ཤེས། འཛམ་བུའི་གླིང་ལ་ལར་ནི་མངོན་པར་འབྱུང་བར་ཤེས། འཛམ་བུའི་གླིང་ལ་ལར་ནི་དཀའ་བ་སྤྱོད་པར་ཤེས། འཛམ་བུའི་གླིང་ ལ་ལར་ནི་ཟས་ཟ་བར་ཤེས། འཛམ་བུའི་གླིང་ལ་ལར་ནི་རྩཝ་ལེན་པར་ཤེས། འཛམ་བུའི་གླིང་ལ་ལར་ནི་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་ཤེས། འཛམ་བུའི་གླིང་ལ་ལར་ནི་བྱང་ཆུབ་ཀྱི་སྙིང་པོར་འདུག་པར་ཤེས། འཛམ་བུའི་གླིང་ལ་ལར་ནི་བདུད་འདུལ་བར་ཤེས། འཛམ་བུའི་ གླིང་ལ་ལར་ནི་བྱང་ཆུབ་ཐོབ་པར་ཤེས། འཛམ་བུའི་གླིང་ལ་ལར་ནི་བྱང་ཆུབ་ཐོབ་སྟེ་འདུག་པར་ཤེས། འཛམ་བུའི་གླིང་ལ་ལར་ནི་བྱང་ཆུབ་ཐོབ་ནས་བསམ་གཏན་བྱེད་པར་ཤེས། འཛམ་བུའི་གླིང་ལ་ལར་ནི་བརྒྱ་བྱིན་དང་ཚངས་པ་དག་གསོལ་བ་འདེབས་པར་ཤེས། འཛམ་
55-1-295b
བུའི་གླིང་ལ་ལར་ནི་ཆོས་ཀྱི་འཁོར་ལོ་སྐོར་བར་ཤེས། འཛམ་བུའི་གླིང་ལ་ལར་ནི་སངས་རྒྱས་ཀྱི་མཛད་པ་སྣ་ཚོགས་མཛད་པར་ཤེས། འཛམ་བུའི་གླིང་ལ་ལར་ནི་ཚེའི་འདུ་བྱེད་འདོར་བར་ཤེས།ལ་ལར་ནི་ཡོངས་སུ་མྱ་ངན་ལས་འདའ་བར་ཤེས། ལ་ལར་ནི་ཡོངས་སུ་མྱ་ངན་ལས་ འདས་པར་ཤེས། ལ་ལར་ནི་སྲེག་པར་ཤེས། ལ་ལར་ནི་བསྲེགས་པར་ཤེས། འཛམ་བུའི་གླིང་ལ་ལར་ནི་ལུས་གཅིག་ཏུ་མཁྲེགས་པར་ཤེས། ལ་ལར་ནི་རིང་བསྲེལ་འགེད་པར་ཤེས། ལ་ལར་ནི་ཆོས་ནུབ་པར་འགྱུར་བར་ཤེས། ལ་ལར་ནི་ཆོས་ནུབ་པར་ཤེས། ལ་ལར་ནི་ ཚེ་དཔག་ཏུ་མེད་པར་ཤེས། ལ་ལར་ནི་ཚེ་ཐུང་བར་ཤེས། ལ་ལར་ནི་ངན་སོང་དུ་སྐྱེ་བའི་སྒྲ་ཡོད་པར་ཤེས། ལ་ལར་ནི་ངན་སོང་དུ་སྐྱེ་བའི་སྒྲ་ཡང་མེད་པར་ཤེས། ལ་ལར་ནི་འཛམ་བུའི་གླིང་ལྷའི་ལོངས་སྤྱོད་དང་འདྲ་བར་ཤེས། ལ་ལར་ནི་སེམས་ཅན་དག་ང་དང་བདག་གིར་མི་ འཛིན་པས་འཛམ་བུའི་གླིང་བྱང་གི་སྒྲ་མི་སྙན་དང་འདྲ་བར་ཤེས། ལ་ལར་ནི་རིན་པོ་ཆེའི་གླིང་དུ་ཤེས། ལ་ལར་ནི་སའི་གླིང་དུ་ཤེས། ལ་ལར་ནི་རབ། ལ་ལར་ནི་འབྲིང ། ལ་ལར་ནི་ཐ་མར་ཤེས་པ་དེ་ནི་བློ་གྲོས་བརྟན་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་ཁྱུ་མཆོག་ཏུ་གྱུར་པ་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་དག་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་མི་འདའ་ཞིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་ཡང་འདི་འདྲ་བའི་བཀོད་པས་རྣམ་པར་རྩེན་པ་སྟོན་པར་མཛད་པ་ལ་ལྟོས། བློ་གྲོས་བརྟན་པ་འཛམ་བུའི་གླིང་འདིར་ ཡང་ད་ལྟ་ན་ཡང་ཆོས་ཀྱི་འཁོར་ལོ་བསྐོར་ལ། འཛམ་བུའི་གླིང་གཞན་དག་ཏུའང་ད་དུང་མངོན་པར་རྫོགས་པར་སངས་མ་རྒྱས་པར་ཡང་ཤེས། ལ་ལར་ནི་ཡོངས་སུ་མྱ་ངན་ལས་འདས་པར་ཤེས། འཛམ་བུའི་གླིང་ལ་ལར་ནི་དང་པོ་སེམས་བསྐྱེད་པར་ཤེས་ཏེ། བློ་གྲོས་བརྟན་པ་ དེ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་ཁྱུ་མཆོག་ཏུ་གྱུར་པའོ། །དེ་ནས་འཁོར་དེ་ན་བྱང་ཆུབ་སེམས་དཔའ་ཁ་ཅིག་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང་མི་མ་
55-1-296a
ཡིན་པ་དེ་དག་དང ། ཉན་ཐོས་ཆེན་པོ་དེ་དག་འདི་སྙམ་དུ་སེམས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་དུ་རྣམ་པར་རོལ་པའི་བཀོད་པ་འདི་ལྟ་བུ་བསྟན་པར་གྱུར་ཏམ། འོན་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་ཡང་ བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སངས་རྒྱས་ཀྱི་ཡུལ་ལ་འཇུག་སྙམ་པ་དང ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་འཁོར་དེ་དག་གི་ཐེ་ཙོམ་གཅད་པའི་ཕྱིར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལ་བདག་སངས་རྒྱས་ཀྱི་ཡུལ་དུ་སྤྱད་པ་སྤྱོད་ཅིང ། སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དྲུག་ཅུ་འདས་ནས་སྟེང་གི་ཕྱོགས་སུ་མཆིས་པ་དང ། འཇིག་རྟེན་གྱི་ཁམས་སྒྲོན་མ་གཅིག་ཅེས་བགྱི་བ་དེ་ན་དེ་བཞིན་གཤེགས་པ་ཞིག་ཆོས་སྟོན་ཏེ། བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པ་དེའི་དྲུང་དུ་ མཆིས་ནས་དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཁྱོད་མཚན་ཅི། ཇི་ལྟར་གཟུང་བར་བགྱི། དེ་བཞིན་གཤེགས་པ་དེས་བདག་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་སོང་ལ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་ པ་དེ་ཉིད་ལ་ཞུས་ཤིག་དང ། དེ་ཉིད་ཁྱོད་ལ་ལན་འདེབས་པར་མཛད་དེ། བཅོམ་ལྡན་འདས་དེའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་ནི་བསྐལ་པར་ཡང་བསྔགས་པ་མཐར་ཕྱིན་པར་བྱ་བ་དང ། བདེ་བའི་རྒྱུ་རྣམས་བཤད་མི་ནུས་ཏེ། སངས་རྒྱས་ཀྱི་ཞིང་དེའི་ཡོན་ཏན་བཀོད་པ་ ནི་དེ་འདྲའོ། །ཉན་ཐོས་དང ། རང་སངས་རྒྱས་རྣམས་ཀྱི་མིང་ཡང་མི་གྲག་གོ། །བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་སྟོན་པ་ཤིན་ཏུ་ཡོངས་སུ་དག་པའི་དགེ་འདུན་ལགས་ཏེ། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་སྒྲོན་མ་གཅིག་པ་ན། ད་ལྟར་དེ་ བཞིན་གཤེགས་པ་ཆོས་སྟོན་པ་དེའི་མཚན་དེ་བཞིན་གཤེགས་པས་ལེགས་པར་བཀའ་སྩལ་དུ་གསོལ། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་
55-1-296b
ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །ཐོས་ནས་ཀྱང་ཁྱེད་ཀྱིས་སྐྲག་པར་མི་བྱ།དངང་བར་མི་བྱ། དངང་བར་འགྱུར་བར་མི་བྱ། ཐེ་ཙོམ་དུ་མི་བྱ། ནེམ་ནུར་དུ་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་གནས་པ་ཡང་བསམ་གྱིས་མི་ཁྱབ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་སྤྱོད་པའི་ཡུལ་ལ་འཇུག་པ་ཡང་བསམ་གྱིས་མི་ཁྱབ་སྟེ། འཇམ་དཔལ་འཇིག་རྟེན་གྱི་ཁམས་སྒྲོན་མ་གཅིག་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་གྱི་ཆོས་ཐམས་ཅད་སྟོན་པར་སྣང་བ་རྣམ་པར་འཕྲུལ་པའི་རྒྱལ་པོ་ དེ་བཞིན་གཤེགས་པ་ཆོས་སྟོན་པ་ནི་འཇམ་དཔལ་ང་ཉིད་ཡིན་ན། འཇིག་རྟེན་གྱི་ཁམས་སྒྲོན་མ་གཅིག་པ་ཞེས་བྱ་བ་དེ་ན་ཡོན་ཏན་གྱི་ཆོས་ཐམས་ཅད་སྟོན་པར་སྣང་བ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བར་ཤེས་ཏེ། ང་ཉིད་ཀྱི་སངས་རྒྱས་ཀྱི་ཡུལ་དུ་འཇུག་གོ། །འཇམ་དཔལ་ང་ཉིད་དེ་ན་ཕྱིར་ མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །སངས་རྒྱས་ཀྱི་ཞིང་དེ་ནི་ང་ཉིད་ཀྱིས་སྔོན་ཡོངས་སུ་སྦྱངས་པའོ། །འཇམ་དཔལ་དེ་ལྟར་ན་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ངའི་ཡུལ་ལ་འཇུག་གོ་།དེར་ནི་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱིས་མི་ཆུད་དོ། །གང་གི་ཕྱིར་བྱང་ ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ཚད་མེད་པར་སེམས་ཅན་རྣམས་ལ་ཆོས་སྟོན་པར་ཡང་བྱེད་ལ། ཏིང་ངེ་འཛིན་འདི་དང ། ཆོས་ཀྱི་དབྱིངས་ལས་ཀྱང་མི་གཡོ་བ་འདི་ནི་འཇམ་དཔལ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་ཡུལ་ཡིན་ནོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ཉི་མའི་དཀྱིལ་ འཁོར་རམ། ཟླ་བའི་དཀྱིལ་འཁོར་ནི་གཞལ་མེད་ཁང་ལས་ཀྱང་མི་གཡོ་ལ། གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་དུ་སྟོན་པར་བྱེད་ཀྱང་སེམས་ཅན་དམུས་ལོང་དག་གིས་ནི་མི་ཤེས་མི་མཐོང་གི་།སྣོད་ཇི་ལྟ་བ་བཞིན་དུ་ སྣང་ཞིང་ཤེས་པའི་ཕྱིར་སེམས་ཅན་མིག་གི་ལས་ཇི་ལྟར་ཡོངས་སུ་དག་པ་རྣམས་ལ་གཞལ་མེད་ཁང་དེ་སྣང་བར་འགྱུར་བ་དེ་བཞིན་དུ་འཇམ་དཔལ་སངས་རྒྱས་བཅོམ་ལྡན་འདས་དང ། བྱང་ཆུབ་སེམས་དཔའ་རྣམས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་གནས་ནས། ཏིང་ངེ་
55-1-297a
འཛིན་གྱི་དཀྱིལ་འཁོར་འདི་ལས་ཀྱང་མི་གཡོ་ཞིང་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ལས་ཀྱང་མི་གཡོ་ལ། སངས་རྒྱས་ཀྱི་ཞིང་ཚད་མེད་པ་རྣམས་སུ་ཡང་སེམས་ཅན་རྣམས་ལ་སྟོན་པར་བྱེད་ཅིང ། སེམས་ཅན་ཇི་ལྟར་མོས་པ་དག་ལ་དེ་བཞིན་དུ་ཆོས་སྟོན་ཏེ། སེམས་ ཅན་སྣོད་དུ་མ་གྱུར་པ་དག་ནི་ཇི་ལྟར་དམུས་ལོང་གི་སེམས་ཀྱིས་མ་ཤེས་མ་མཐོང་བ་བཞིན་ནོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ངོ་མཚར་དུ་གྱུར་ནས། དགའ་བ་དང ། དད་པ་དང ། མཆོག་ཏུ་དགའ་བ་ལ་གནས་སོ། །གང་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང་མི་མ་ཡིན་པ་དེ་དག་གིས་དེ་བཞིན་གཤེགས་པ་ལ་མེ་ཏོག་སིལ་མས་གཏོར་ཏོ། །སིལ་སྙན་ཡང་དཀྲོལ་ཏོ། །མེ་ཏོག་དང ། བདུག་པ་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དག་ཀྱང་གཏོར་ཏོ། །ཉན་ ཐོས་ཆེན་པོ་དེ་དག་གིས་ཀྱང་བདག་བདག་གི་བླ་གོས་དེ་བཞིན་གཤེགས་པའི་སྐུ་ལ་གསོལ་ཏོ། །བྱང་ཆུབ་སེམས་དཔའ་དེ་དག་གིས་ཀྱང་མེ་ཏོག་གི་སྐོན་བུ་རི་རབ་དང་མཉམ་པ་དང ། ཙན་དན་དང ། སྤོས་དང ། ཕྲེང་བ་དང ། ཕྱེ་མ་དང ། བྱུག་པ་དག་གིས་དེ་བཞིན་གཤེགས་པ་ལ་གཏོར་ ཏེ་ཚིག་འདི་སྐད་དུ། བཅོམ་ལྡན་འདས་གང་ན་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་རབ་ཏུ་སྤྱོད་པའི་སའི་ཕྱོགས་དེ་ནི་རྡོ་རྗེ་ལྟ་བུ་ལགས་སོ། །བཅོམ་ལྡན་འདས་གང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་བཤད་པ་ཐོས་ནས་མོས་པར་བགྱིད། ཡིད་ཆེས་པར་བགྱིད། མི་སྐྲག་མི་དངང་ དངང་བར་མི་འགྱུར་གྱི། ལེན་པར་བགྱིད། འཛིན་པར་བགྱིད། ཀློག་པར་བགྱིད། ཀུན་ཆུབ་པར་བགྱིད། འཆད་པར་བགྱིད་པའི་སེམས་ཅན་དེ་དག་ཀྱང་རྡོ་རྗེ་ལྟ་བུར་འགྱུར་ཏེ། བཟོད་པ་མི་ཕྱེད་པ། དད་པ་ལ་གནས་པ། དེ་བཞིན་གཤེགས་པས་ཡོངས་སུ་ཟིན་པ། དགེ་ བའི་རྩ་བ་ཤིན་ཏུ་བགྱིས་པ། རྙེད་པ་ལེགས་པར་རྙེད་པ། བདུད་དང་ཕྱིར་རྒོལ་བ་བཅོམ་པ། ལྟུང་བ་བཅད་པ། དགེ་བའི་བཤེས་གཉེན་གྱིས་ཤིན་ཏུ་ཟིན་པ་དག་ལགས་སོ། །བཅོམ་ལྡན་འདས་ཀྱིས་ཇི་ལྟར་བཀའ་སྩལ་པའི་དོན་བདག་གིས་འཚལ་བ་ལྟར་ན། གང་དཔའ་བར་
55-1-297b
འགྲོ་བའི་ཏིང་ངེ་འཛིན་འདི་ཐོས་མ་ཐག་ཏུ་མོས་པའི་སེམས་ཅན་དེ་དག་ནི་སངས་རྒྱས་ཀྱི་ཆོས་ལ་ངེས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། དགེ་བའི་རྩ་བ་མ་བསྐྱེད་པའི་སེམས་ཅན་དག་གིས་ནི་བསྟན་པ་འདི་ ཐོས་ནས་ཡིད་ཆེས་པར་མི་ནུས་ཏེ། རིགས་ཀྱི་བུ་གང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་མོས་པར་འགྱུར་བའི་སེམས་ཅན་དེ་དག་ནི་ཉུང་ངོ ། །གང་དག་སྤོང་ཞིང་མོས་པར་མི་འགྱུར་བ་དག་ནི་མང་ངོ ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཏིང་ངེ་འཛིན་འདི་ལ་མོས་ པར་ནུས་སོ། །བཞི་གང་ཞེ་ན། དེས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལས་ཏིང་ངེ་འཛིན་འདི་སྔོན་ཆད་ཐོས་པ་ཡིན། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་ཅིང་ལྷག་པའི་བསམ་པ་ལ་གནས་པ་ཡིན། དགེ་བའི་རྩ་བ་བསགས་པ་དང་རྒྱ་ཆེན་པོ་ལ་མོས་པ་ ཡིན། ཐེག་པ་ཆེན་པོ་འདི་ལ་ལུས་མངོན་དུ་བྱས་པ་ཡིན་ཏེ། རིགས་ཀྱི་བུ་དག་ཆོས་བཞི་པོ་དེ་དག་དང་ལྡན་ན་ཏིང་ངེ་འཛིན་འདི་ལ་མོས་པའམ། ཡིད་ཆེས་པར་སླའོ། །དགྲ་བཅོམ་པ་བརྣག་པ་ཡོངས་སུ་རྫོགས་པའམ། ལྟ་བ་ཕུན་སུམ་ཚོགས་པའམ། རྒྱུན་དུ་ཞུགས་པའམ། དད་པས་རྗེས་སུ་འབྲང་བ་གང་ཡིན་པ་དེ་དག་ཀྱང་དེ་བཞིན་གཤེགས་པ་ལ་དད་པས་མོས་པ་ཡིན་གྱི། དེ་དག་འདི་ལ་མངོན་སུམ་དུ་གྱུར་པ་ནི་མ་ཡིན་ནོ། །རིགས་ཀྱི་བུ་དག་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རྟོགས་པར་ཁོང་དུ་ཆུད་པར་མི་ནུས་ན། སེམས་ཅན་གཞན་ དག་གིས་ལྟ་ཅི་སྨོས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་མི་དམུས་ལོང་ལ་ལ་ཞིག་གཉིད་ལོག་པའི་རྨི་ལམ་ན་མིག་རྙེད་དེ་གཟུགས་ཀྱི་རྣམ་པ་དག་ཀྱང་མཐོང་བར་གྱུར་ནས། དེའི་རྨི་ལམ་ན་ཚིམ་ ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང ། ཡིད་བདེ་བ་སྐྱེས་ནས་སེམས་ཅན་མིག་དང་ལྡན་པ་གཞན་དག་དང ། འགྲེང་བའམ། མཆིས་པའམ། འཆག་པའམ། སྨྲ་བར་བགྱིད་པ་ལས། བཅོམ་ལྡན་འདས་མི་དམུས་ལོང་དེ་སད་པ་དང ། མི་དེ་དམུས་ལོང་
55-1-298a
ཉིད་ལགས་ཏེ། གཟུགས་དག་མི་མཐོང་ངོ ། །བཅོམ་ལྡན་འདས་དེ་བཞིན་དུ་གང་གི་ཚེ་བདག་ཅག་གིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་མ་ཐོས་པ་དེའི་ཚེ། བདག་ཅག་ཡི་རངས་ཏེ། དགའ་བ་དང ། ཡིད་བདེ་བ་སྐྱེས་པར་གྱུར་ལ། བདག་ཅག་ནི་ལྷའི་མིག་དང་ལྡན་པའོ། ། སྙམ་དུ་འཚལ་ཅིང་བྱང་ཆུབ་སེམས་དཔའ་དག་དང་སྨྲ་བར་བགྱིད་པ་ཞིག་ན་གང་གི་སླད་དུ་ད་ལྟར་བཅོམ་ལྡན་འདས་ལས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོས་པ་དེའི་སླད་དུ་བདག་ཅག་དམུས་ལོང་དུ་གྱུར་ཏེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་དེ་བཞིན་གཤེགས་པ་ཇི་ལྟར་གནས་པ་དང ། བྱང་ཆུབ་སེམས་དཔའ་དག་ཇི་ལྟར་སྤྱོད་པ་མ་འཚལ་མི་མཐོང་ངོ ། །བཅོམ་ལྡན་འདས་སངས་རྒྱས་ཀྱི་ཡུལ་ལ་སྤྱོད་པ་མ་འཚལ་བའི་སླད་དུ། བདག་ནི་དེ་རིང་སླན་ཆད་བདག་ཉིད་ལ་དམུས་ལོང་ལྟ་བུར་འཚལ་ཏོ། །གང་དག་ཤེས་པ་ལ་བཟོད་པ་འདི་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ ལ་ནི་ལྷའི་མིག་དང་ལྡན་པར་འཛིན་ཏེ། ཕྱག་འཚལ་བར་བགྱིའོ། །བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་སེམས་མ་མཆིས་པར་སུ་ཞིག་བདག་ལ་ཡེ་ཤེས་དང་ལྡན་པའམ། སྦྱིན་གནས་སོ་ཞེས་ཁས་འཆེ་བར་འགྱུར། བྱང་ཆུབ་སེམས་དཔའ་རྣམས་ནི་ཡེ་ཤེས་དེ་རྟོགས་པར་ འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ལེགས་སོ་ལེགས་སོ། །དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་བཞིན་ནོ། །འདི་ལ་ནི་ཉན་ཐོས་རྣམས་ཀྱི་ཡེ་ཤེས་ཀྱིས་རྟོགས་པ་འཇུག་པར་མི་འགྱུར་ཏེ། ཡེ་ཤེས་ཀྱིས་རྟོགས་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཁོང་དུ་ ཆུད་པར་འགྱུར་རོ། །གནས་བརྟན་འོད་སྲུང་ཆེན་པོས་བསྟན་པ་འདི་བཤད་པའི་ཚེ་ལྷ་དང་མིའི་སྲོག་ཆགས་བརྒྱ་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། ། འཇམ་དཔལ་སྦྱིན་པའི་གནས་སྦྱིན་པའི་གནས་ཞེས་བགྱི་བ། འཇམ་དཔལ་ཇི་ཙམ་གྱིས་ན་སྦྱིན་པའི་གནས་ཞེས་བགྱི། འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་སྦྱིན་པའི་གནས་སྦྱིན་པའི་གནས་ཞེས་བྱ་བ་ནི་གང་ཆོས་བཅུ་དང་ལྡན་པ་ཡིན་ནོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་
55-1-298b
ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་གསུམ་ལ་གནས་པ་ཡང་ཡིན་ལ། ངེས་པར་གྱུར་པ་ལ་ཡང་མི་འཇུག་པ་དང ། བདེན་པ་བཞི་ཡོངས་སུ་ཤེས་པ་ཡང་ཡིན་ལ། འབྲས་བུ་ཐོབ་པར་ཡང་མི་བྱེད་པ་དང ། རྣམ་པར་ཐར་པ་བརྒྱད་ཀྱི་བསམ་གཏན་ལ་ བསམ་གཏན་པ་ཡང་ཡིན་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་མི་གཏོང་བ་དང ། རིག་པ་གསུམ་དང་ལྡན་པ་ཡང་ཡིན་ལ། ཁམས་གསུམ་ན་ཡང་སྤྱོད་པ་དང ། ཉན་ཐོས་ཀྱི་ཁ་དོག་དང ། རྟགས་དང ། དབྱིབས་སུ་གནས་པ་ཡང་ཡིན་ལ། སྒྲའི་རྗེས་སུ་སོང་ཞིང་ཕ་རོལ་ལས་ ཐོས་པ་ཚོལ་བར་ཡང་མི་བྱེད་པ་དང ། རང་སངས་རྒྱས་ཀྱི་ཁ་དོག་དང ། རྟགས་དང ། དབྱིབས་སུ་གནས་པ་ཡང་ཡིན་ལ། སྤོབས་པ་ཐོགས་པ་མེད་པས་ཆོས་ཀྱང་སྟོན་པ་དང ། གཅིག་པུ་མཉམ་པར་གཞག་པ་ཡང་ཡིན་ལ། སེམས་ཅན་ཐམས་ཅད་སྨིན་པར་བྱ་བའི་སྤྱོད་པ་རྣམས་ ན་ཡང་སྣང་བ་དང ། ལམ་ལས་ཀྱང་མ་འདས་ལ། ལམ་ངན་པ་ན་ཡང་སྣང་བ་དང ། ཤིན་ཏུ་ཀུན་ཏུ་ཆགས་པར་ཡང་སྣང་ལ། ཉོན་མོངས་པ་ཐམས་ཅད་དང་བྲལ་བས་འདོད་ཆགས་དང་བྲལ་བར་ཡང་གྱུར་པ་དང ། ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་ཡང་ཡིན་ལ། འཁོར་བའི་ སྤྱོད་པ་འཁྲུགས་པར་མི་བྱེད། གཏོང་བར་ཡང་མི་བྱེད་པ་སྟེ། རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན་སྦྱིན་པའི་གནས་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་རབ་འབྱོར་ནི་བཅོམ་ལྡན་འདས་ཀྱིས་ སྦྱིན་པའི་གནས་ཀྱི་ནང་ན་མཆོག་ཏུ་བཀའ་སྩལ་ན།འཇམ་དཔལ་གཞོན་ནུར་གྱུར་པས་གང་ཆོས་བཅུ་པོ་འདི་དག་བཤད་པའི་ཆོས་དེ་དག་གི་ནང་ན་གནས་བརྟན་རབ་འབྱོར་སྣང་ངམ། དེ་སྐད་ཅེས་སྨྲས་པ་དང ། གནས་བརྟན་རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པ་ལ་འདི་ སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེ་ལས་ཆོས་གཅིག་ཀྱང་ཁོ་བོ་ལ་མེད་ན་བཅུ་ལྟ་ཅི་སྨོས། སྨྲས་པ། འོ་ན་ད་ཇི་ལྟར་ན་གནས་བརྟན་རབ་འབྱོར་སྦྱིན་པའི་གནས་ཀྱི་ནང་ན་མཆོག་ཅེས་བྱ། རབ་འབྱོར་གྱིས་སྨྲས་པ། རིགས་ཀྱི་བུ་ཁོ་བོ་ནི་བྱང་ཆུབ་སེམས་དཔའ་དང་བསྐྲུན་ཏམ།
55-1-299a
དེ་བཞིན་གཤེགས་པ་དང ། རང་སངས་རྒྱས་དང་བསྐྲུན་ཏེ། སྦྱིན་པའི་གནས་ཀྱི་ནང་ན་མཆོག་གོ་ཞེས་ནི་བཅོམ་ལྡན་འདས་ཀྱིས་བཀའ་མ་སྩལ་གྱི། རིགས་ཀྱི་བུ་ཁོ་བོ་ནི་ཉན་ཐོས་རྣམས་དང་བསྐྲུན་ཏེ། སྦྱིན་པའི་གནས་ཀྱི་ནང་ན་མཆོག་གོ་ཞེས་བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་ཏོ། །བློ་གྲོས་བརྟན་པ་འདི་ལྟ་སྟེ་དཔེར་ན་མཐའ་འཁོབ་ཀྱི་གླིང་ན་གནས་པ་ལ་ནི་ཁམས་ཀྱི་རྒྱལ་པོ་ཁམས་ཀྱི་རྒྱལ་པོ་ཞེས་བཤད་མོད་ཀྱི། གང་གི་ཚེ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་འཁོབ་ཀྱི་གླིང་དུ་སོང་བ་ན་དེ་ལ་ཁམས་ཀྱི་རྒྱལ་པོ་ཞེས་མི་བརྗོད་ཀྱི། དེ་ནི་འཁོར་ལོས་ སྒྱུར་བའི་རྒྱལ་པོ་ཡིན་པས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོས་ཁམས་ཀྱི་རྒྱལ་པོ་དེ་ཟིལ་གྱིས་གནོན་ཏོ། །བློ་གྲོས་བརྟན་པ་དེ་བཞིན་དུ་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་གང་དག་ན་བྱང་ཆུབ་སེམས་དཔའ་མི་གནས་པ་དེ་དག་ན་བདག་སྦྱིན་པའི་གནས་སོ་ཞེས་བྱ་བའི་གྲངས་སུ་འགྲོ་མོད་ཀྱི། གང་ གི་ཚེ་དེར་དེ་བཞིན་གཤེགས་པ་བཞུགས་སམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལ་ལ་ཞིག་གནས་པར་གྱུར་ན་དེའི་ཚེ་ཁོ་བོ་སྦྱིན་པའི་གནས་ཞེས་བྱ་བའི་གྲངས་སུ་མི་འགྲོ་སྟེ། ཁོ་བོ་བྱང་ཆུབ་སེམས་དཔས་ཐམས་ཅད་མཁྱེན་པའི་སེམས་ཀྱིས་ཟིལ་གྱིས་མནན་ཏོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་གནས་བརྟན་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་རབ་འབྱོར་འདི་ལྟར་ཉན་ཐོས་ཆེན་པོ་མངོན་པའི་ང་རྒྱལ་མེད་པ་འདི་བསྟན་པ་ལེགས་སོ་ལེགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་མང་ དུ་ཐོས་པ་མང་དུ་ཐོས་པ་ཞེས་བྱ་བ། འཇམ་དཔལ་ཇི་ཙམ་གྱིས་ན་མང་དུ་ཐོས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་མང་དུ་ཐོས་པ་མང་དུ་ཐོས་པ་ཞེས་བྱ་བ་ནི་རིགས་ཀྱི་བུ་གང་གི་ཚེ་ཐོས་མ་ཐག་ཏུ་ཆོས་ཀྱི་སྒོའི་ཚིག་གཅིག་གི་དྲིས་པའི་ལན་རྣམ་པར་ཕྱེ་བ་བྱེ་བ་ཁྲག་ཁྲིག་འབུམ་ གྱུར་དུ་བསྐལ་པའམ། བསྐལ་པ་བརྒྱར་སྟོན་ཀྱང་ཆོས་ཀྱི་སྒོ་དེའི་ཚིག་དང་སྤོབས་པ་ཡོངས་སུ་བྲི་བར་ཡང་མི་འགྱུར་བས་ན་དེའི་ཕྱིར་མང་དུ་ཐོས་པ་ཞེས་བྱ་སྟེ། བློ་གྲོས་བརྟན་པ་དེ་ཙམ་གྱིས་ན་མང་དུ་ཐོས་པ་མང་དུ་ཐོས་པ་ཞེས་བྱའོ། །བློ་གྲོས་བརྟན་པ་གཞན་ཡང་ཕྱོགས་བཅུའི་སངས་
55-1-299b
རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ། གྲངས་མེད་པས་བཤད་པ་ཀུན་འཛིན་ཀྱང་དེ་ལ་ཚིག་གཅིག་ཀྱང་སྔོན་མ་ཐོས་པའི་རྣར་གྲགས་པར་མི་འགྱུར་གྱི་གང་ཅི་ཐོས་ཀྱང་དེ་ཐམས་ཅད་མངོན་ཐོས་པ་ཉིད་ཐོས་པ་ཡིན་གྱི། མ་ཐོས་པ་ལས་ཐོས་པ་མ་ཡིན་པ་དང ། མི་བརྗེད་པའི་ཆོས་ཅན་དུ་གྱུར་པའི་ ཕྱིར་ཇི་ལྟར་ཐོས་པ་ཀུན་འཛིན་པ་དང ། སེམས་ཅན་མེད་པའི་ཕྱིར་སེམས་ཅན་ལ་དེ་ལྟར་ཆོས་འཆད་ཅིང་བདག་གམ། སེམས་ཅན་ནམ། ཆོས་ལ་ཀུན་ཏུ་རྟོག་པ་རྣམ་པ་སྣ་ཚོགས་པའི་འདུ་ཤེས་སུ་ཡང་མི་བྱེད་པ་ཡིན་ཏེ། བློ་གྲོས་བརྟན་པ་དེ་ཙམ་གྱིས་ན་མང་དུ་ཐོས་པ་ཞེས་བྱའོ། །དེ་ནས་ ལྷའི་བུ་ཟླ་བ་དྲི་མ་མེད་པའི་སྙིང་པོ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། འདུག་པ་དེས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་ཀུན་དགའ་བོ་ནི་མང་དུ་ཐོས་པ་རྣམས་ཀྱི་མཆོག་གོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན། ཅི་གནས་བརྟན་ཀུན་དགའ་བོ་ ཇི་ལྟར་ན་འཇམ་དཔལ་གཞོན་ནུར་གྱུར་པས་བཤད་པའི་མང་དུ་ཐོས་པ་དེ་འདྲ་བ་དང་ལྡན་ནམ། ཀུན་དགའ་བོས་སྨྲས་པ། ལྷའི་བུ་དེ་ནི་མི་ལྡན་ཏེ། ཁོ་བོ་ནི་ཇི་ལྟར་འཇམ་དཔལ་གཞོན་ནུར་གྱུར་པས་བཤད་པ་དེ་འདྲ་བའི་མང་དུ་ཐོས་པ་དང་ལྡན་པ་མ་ཡིན་ནོ། །སྨྲས་པ། འོ་ན་ཇི་ལྟར་ན་ གནས་བརྟན་ཀུན་དགའ་བོ་མང་དུ་ཐོས་པ་རྣམས་ཀྱི་མཆོག་གོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་སྨྲས་པ། ལྷའི་བུ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཕ་རོལ་གྱི་སྒྲའི་རྗེས་སུ་སོང་ཞིང་ཕ་རོལ་གྱི་སྒྲ་ལ་མོས་པས་རྣམ་པར་གྲོལ་བ་ལ་གཏོད་པ་གང་སུ་དག་ཡོད་པ་དེ་དག་ཚད་མར་བྱས་ནས། ཁོ་བོ་མང་དུ་ཐོས་པ་རྣམས་ཀྱི་མཆོག་གོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་གྱི། ལྷའི་བུ་ཁོ་བོ་ནི་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་རྒྱ་མཚོ་ཐོགས་པ་མེད་ཅིང་ཚད་མེད་ལ་ཤེས་རབ་དང་སྤོབས་པ་ཟད་མི་ཤེས་པ་དག་གི་ནང་ན་མང་དུ་ཐོས་པའི་མཆོག་གོ་ཞེས་བཀའ་མ་སྩལ་ཏོ། །ལྷའི་བུ་འདི་ལྟ་ སྟེ་དཔེར་ན་འཛམ་བུའི་གླིང་གི་མི་དག་ནི་ཉི་མ་དང་ཟླ་བའི་འོད་ཀྱིས་ན་སྣང་བ་རྣམས་ཀྱི་ལས་དག་ཀྱང་བྱེད་གཟུགས་རྣམས་ཀྱང་མཐོང་ངོ ། །ལྷའི་བུ་དེ་བཞིན་དུ་ཤེས་རབ་ཀྱི་སྣང་བ་འདི་ནི་དེ་བཞིན་གཤེགས་པའི་ཡིན་ཏེ། དེའི་ཕྱིར་ཁོ་བོ་བཅོམ་ལྡན་འདས་ཀྱིས་ཆོས་ཇི་ལྟར་གསུངས་པ་བཞིན་དུ་འཛིན་
55-1-300a
གྱི། ལྷའི་བུ་དེ་ལ་ཁོ་བོ་སྐྱེས་བུའི་མཐུར་ནི་མི་བལྟ་སྟེ། སངས་རྒྱས་ཀྱི་སྐྱེས་བུའི་མཐུ་ཉིད་དུ་བལྟའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནས་བརྟན་ཀུན་དགའ་བོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ། །ཀུན་དགའ་བོ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་ པ་བཞིན་ཏེ། ཁྱོད་ནི་སངས་རྒྱས་ཀྱི་མཐུས་ཀུན་ཆུབ་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་དྲི་མ་མེད་པའི་སྙིང་པོ་ལ་བཀའ་སྩལ་པ། ལྷའི་བུ་དགེ་སློང་ཀུན་དགའ་བོས་ཆོས་ཀུན་ཆུབ་པར་བྱས་པ་ནི་ཉུང་གི་།གང་དག་ཀུན་ཆུབ་པར་མ་བྱས་པ་ནི་དཔག་ཏུ་མེད་དོ། །ལྷའི་བུ་ དེ་བཞིན་གཤེགས་པས་ཆོས་ཇི་སྙེད་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་འདུལ་བ་དེ་ལས་བྱེ་བའི་ཆའམ། བྱེ་བ་སྟོང་གི་ཆའམ། བྱེ་བ་བརྒྱ་སྟོང་གི་ཆའི་ཆ་ཤས་ཀྱང་ངས་མ་བཤད་དོ། །ངས་གང་བཤད་པ་དེ་ལས་བྱེ་བ་བརྒྱ་སྟོང་གི་ཆ་ཤས་ཀྱང་དགེ་སློང་ཀུན་དགའ་བོས་མ་བཟུང་ ངོ ། །ལྷའི་བུ་ང་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་ལྷགས་པའི་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དག་དང ། བྱང་ཆུབ་སེམས་དཔའ་དག་དང ། ཉིན་ཞག་གཅིག་ཅིག་ཆོས་ཀྱི་འབེལ་པའི་གཏམ་བཤད་པ་ དང ། དྲིས་པ་རྣམ་པར་ཕྱེ་བ་བཤད་པ་དང ། མདོའི་སྡེ་དང ། དབྱངས་ཀྱིས་བསྙད་པའི་སྡེ་དང ། ལུང་དུ་བསྟན་པའི་སྡེ་དང ། ཚིགས་སུ་བཅད་པའི་སྡེ་དང ། ཆེད་དུ་བརྗོད་པའི་སྡེ་དང ། རྟོགས་པ་བརྗོད་པའི་སྡེ་དང ། གླེང་གཞིའི་སྡེ་དང ། དེ་ལྟ་བུ་བྱུང་བའི་སྡེ་དང ། སྐྱེས་པའི་ རབས་ཀྱི་སྡེ་དང ། ཤིན་ཏུ་རྒྱས་པའི་སྡེ་དང ། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང ། གཏན་ལ་དབབ་པར་བསྟན་པའི་སྡེ་རྣམས་བཤད་པ་དང ། སེམས་ཅན་གྱི་སྤྱོད་པ་འཇུག་པ་བཤད་པ་དང ། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་བཤད་པ་དང ། ཉན་ཐོས་དང ། རང་སངས་ རྒྱས་ཀྱི་ཐེག་པ་བཤད་པ་དང ། འཁོར་བ་སྨད་པ་བཤད་པ་དང ། མྱ་ངན་ལས་འདའ་བའི་ཡོན་ཏན་གྱི་ཕན་ཡོན་བཤད་པ་འཆད་པར་བྱེད་ན། ལྷའི་བུ་ཆོས་བཤད་པ་དེ་ལས་རྒྱ་ཆེར་རྣམ་པར་དབྱེ་བ་ནི་འཛམ་བུའི་གླིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་དང་མཉམ་པའི་སེམས་ཅན་མང་དུ་ཐོས་
55-1-300b
པ་དགེ་སློང་ཀུན་དགའ་བོ་དང་འདྲ་བ་དག་གིས་ཀྱང་བསྐལ་པ་བརྒྱ་ཕྲག་སྟོང་དུ་ཡང་ཐམས་ཅད་ཆུབ་པར་སླ་བ་མ་ཡིན་ནོ། །ལྷའི་བུ་རྣམ་གྲངས་དེས་ཀྱང་འདི་ལྟར་རིག་པར་བྱ་སྟེ། དེ་ལྟར་དེ་བཞིན་གཤེགས་པའི་ཆོས་བཤད་པ་ནི་དཔག་ཏུ་མེད་དེ། དེ་ལ་དགེ་སློང་ཀུན་དགའ་བོས་ནི་ཉུང་ཟད་ཅིག་ཀུན་ ཆུབ་པར་བྱས་སུ་ཟིན་གྱི། གང་དག་ཀུན་ཆུབ་པར་མ་བྱས་པ་དག་ནི་དཔག་ཏུ་མེད་དོ། །དེ་ནས་ལྷའི་བུ་ཟླ་བ་དྲི་མ་མེད་པའི་སྙིང་པོས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་གདུགས་འབུམ་བཅོམ་ལྡན་འདས་ལ་ཕུལ་ནས། གདུགས་དེ་དག་གིས་བར་སྣང་ཡོག་པར་སྣང་སྟེ། སེམས་ཅན་གདུགས་དེ་ དག་གིས་ཇི་སྙེད་ཡོག་པ་དེ་དག་ཐམས་ཅད་ཀྱི་ལུས་ཀྱང་གསེར་གྱི་ཁ་དོག་ཏུ་སྣང་བར་གྱུར་ཏོ། །དེ་ནས་ལྷའི་བུ་དེས་གདུགས་དེ་དག་བཅོམ་ལྡན་འདས་ལ་ཕུལ་ནས་འདི་སྐད་ཀྱི་ཚིག་སྨྲས་སོ། །བཅོམ་ལྡན་འདས་བདག་གི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཇི་ལྟར་དེ་བཞིན་གཤེགས་པའི་ ཆོས་བཤད་པ་དང ། ཇི་ལྟར་འཇམ་དཔལ་གཞོན་ནུར་གྱུར་པའི་དྲན་པས་ཆོས་འཛིན་པ་དེ་ལྟ་བུ་དེ་འདྲ་བའི་སྤོབས་པ་དང ། ཆོས་འཆད་པ་དང་ལྡན་པར་གྱུར་ཅིག་།དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེའི་ལྷག་པའི་བསམ་པ་མཁྱེན་ནས། བློ་གྲོས་བརྟན་པ་ལྷའི་བུ་འདི་ནི་བསྐལ་པ་བཞི་ ཁྲི་བཞི་སྟོང་ན་སངས་རྒྱས་ཀྱི་ཞིང་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་གདུགས་གཅིག་པ་ཞེས་བྱ་བར་འགྱུར་རོ་ཞེས་ལྷའི་བུ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། ། གཏམ་འདི་བརྗོད་པའི་ཚེ་འཁོར་དེ་ནས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་སྲོག་ཆགས་ཉིས་བརྒྱ་སེམས་ཞུམ་པར་གྱུར་ནས། སངས་རྒྱས་ཀྱི་ཆོས་དག་ཀྱང་དེ་ལྟ་བུ་ཡིན། འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་དུ་ཡང་འགྱུར་བར་དཀའ་བ་ཡིན་ཏེ། བདག་ཅག་གིས་ནི་གནས་དེ་ཡོངས་སུ་རྫོགས་ པར་བྱེད་མི་ནུས་ཀྱིས་བདག་ཅག་ནི་རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་གོར་མ་ཆག་གོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་གང་ཕྱིར་ལྡོག་པ་དེ་ནི་རང་བྱང་ཆུབ་འཐོབ་བོ་ཞེས་དེ་བཞིན་གཤེགས་པས་གསུངས་སོ་སྙམ་མོ། །དེ་ནས་འཇམ་དཔལ་
55-1-301a
གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་སེམས་ཞུམ་པ་ཉིས་བརྒྱ་པོ་དེ་དག་གི་སེམས་རབ་ཏུ་འཛིན་པ་ལ་བརྟེན་ནས། ཀྱེ་མ་འདི་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་ཡོད་དོ་ཞེས་དེ་དག་གདུལ་བའི་དབང་གི་ཕྱིར་ བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་འདས་པའི་དུས་ན་བསྐལ་པ་རྣམ་པར་སྣང་བ་ཞེས་བགྱི་བ་ཞིག་བྱུང་སྟེ། བཅོམ་ལྡན་འདས་བདག་བསྐལ་པ་རྣམ་པར་སྣང་བ་དེ་ལ་ལན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཏུ་རང་སངས་ རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ཐེ་ཙོམ་དུ་གྱུར་ནས། འདི་ཇི་ལྟ་བུ་ཞིག་།འདི་ཅི་གང་གི་ཚེ་ཡོངས་སུ་མྱ་ངན་ལས་འདས་པ་ལ་ཉིང་མཚམས་སྦྱོར་བ་མེད་ན། ཇི་ལྟར་ན་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ནི་བཅོམ་ལྡན་འདས་ བདག་གིས་མངོན་པར་འཚལ་བ། བསྐལ་པ་རྣམ་པར་སྣང་བ་ལ་ལན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཏུ་རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་དེ་སྐད་སྨྲ་སྙམ་མོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཚེ་ཡོངས་སུ་མྱ་ངན་ལས་འདས་པ་ལ་ཉིང་མཚམས་སྦྱོར་བ་མ་མཆིས་ན། ཇི་ལྟར་ན་འཇམ་དཔལ་གཞོན་ནུར་གྱུར་པ་འདི་མྱ་ངན་ལས་འདས་ནས་ཉིང་མཚམས་སྦྱོར་བར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་ བུ་ཁྱོད་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ཉིད་ལ་དྲིས་ཤིག་དང ། དེ་ཉིད་ཁྱོད་ལ་ལན་ལྡོན་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་གང་གི་ཚེ་ཡོངས་སུ་མྱ་ངན་ལས་འདས་པ་ལ་འགྲོ་བ་མེད་ཅིང་ ཉིང་མཚམས་སྦྱོར་བ་མེད་ན། འཇམ་དཔལ་ཁྱོད་ཇི་ལྟར་ན་འདི་སྐད་དུ་བཅོམ་ལྡན་འདས་བདག་གིས་མངོན་པར་འཚལ་བ་བསྐལ་པ་རྣམ་པར་སྣང་བ་ལ་ལན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཏུ་རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདས་ཞེས་སྨྲ། ཁྱོད་ཀྱིས་
55-1-301b
སྨྲས་པའི་དོན་ཇི་ལྟར་བལྟ་བར་བྱ། དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། བདེན་པར་གསུང་བ། ཡང་དག་པར་གསུང་ བ། སླུ་བར་མི་མཛད་པ་ཡིན་ནོ། །དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བསླུ་བར་མི་ནུས་ཏེ། དེ་ནི་འདིར་ཁོ་བོའི་དབང་ཡིན་ཏེ། གལ་ཏེ་ཁོ་བོ་གཞན་དུ་སྨྲ་བར་གྱུར་ན། ཁོ་བོས་དེ་བཞིན་གཤེགས་པ་བསླུས་པར་འགྱུར་རོ། །དེ་ལྟར་ན་བཙུན་པ་ཤཱ་རིའི་བུ་དེའི་ཚེ་དེའི་དུས་ན་བསྐལ་ པ་རྣམ་པར་སྣང་བ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་ཞེས་བྱ་བ་ཞིག་བྱུང་སྟེ། དེས་ལྷ་དང་བཅས་པའི་འཇིག་རྟེན་གྱི་དོན་མཛད་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ལོ་འབུམ་དུ་ གནས་པར་གྱུར་ཏོ། །དེ་ལྟར་བཙུན་པ་ཤཱ་རིའི་བུ་དམ་པའི་ཆོས་དེ་ནུབ་ནས་སེམས་ཅན་དེ་དག་རྐྱེན་གྱི་སྟོབས་ཅན་དུ་གྱུར་ཏེ། རང་སངས་རྒྱས་ཀྱི་སྤྱོད་ལམ་གྱིས་གདུལ་ནུས་པར་འགྱུར་བ་མ་གཏོགས་པར་གལ་ཏེ་དེ་དག་ལ་སངས་རྒྱས་བརྒྱ་སྟོང་གིས་ཆོས་བཤད་དུ་ཟིན་ཀྱང་དེ་དག་ཆོས་ བཤད་པ་ལ་མོས་པར་མི་འགྱུར་ཏེ། སེམས་ཅན་དེ་དག་རང་སངས་རྒྱས་ཀྱི་ཐེག་པ་ལ་མོས་པ་ཤ་སྟག་གོ། །བཙུན་པ་ཤཱ་རིའི་བུ་དེའི་ཚེ་དེའི་དུས་ན་གང་ལ་སེམས་ཅན་དེ་དག་གིས་ཡོན་དབུལ་བར་བྱ་བའི་རང་སངས་རྒྱས་འགའ་ཡང་མ་བྱུང་ནས། ཤཱ་རིའི་བུ་ཁོ་བོ་ནི་སེམས་ཅན་དེ་དག་ ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བདག་ཉིད་རང་སངས་རྒྱས་སུ་ཁས་འཆེས་ཏེ། གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ཡུལ་འཁོར་དང ། ཕོ་བྲང་འཁོར་གང་དང་གང་དུ་གནས་པ་དེ་དང་དེར་རང་སངས་རྒྱས་སུ་འདུ་ཤེས་སོ། །རང་སངས་རྒྱས་ཀྱི་སྤྱོད་ལམ་ཡང་བསྟན་ཅིང་རང་སངས་ རྒྱས་ཀྱི་ཆ་བྱད་ཀྱང་བསྟན་པས་ཁོ་བོ་ལ་སེམས་ཅན་དེ་དག་གུས་པ་དང་བཅས་ཤིང་རིམ་གྲོ་བསྐྱེད་ནས་བསོད་སྙོམས་སྦྱིན་པར་བྱེད་དོ། །ཁོ་བོས་བསོད་སྙོམས་དེ་དག་ཁས་བླངས་ནས་སེམས་ཅན་སྣོད་དུ་གྱུར་པ་ཇི་སྙེད་པའི་སེམས་ཅན་དེ་དག་ལ་ཆོས་བཤད་དོ། །བཤད་ནས་ཀྱང་
55-1-302a
ཁོ་བོ་ངང་པའི་རྒྱལ་པོ་བཞིན་དུ་བར་སྣང་ལ་འཕགས་ཏེ། དེ་ན་སེམས་ཅན་དེ་དག་བདག་ལ་དད་པར་གྱུར་པས་ཕྱག་འཚལ་ཞིང ། བདག་ཅག་གིས་ཀྱང་ཆོས་དེ་དག་ཐོབ་པར་གྱུར་ཅིག་ཅེས་དེ་སྐད་ཀྱི་ཚིག་ཀྱང་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ ན་སེམས་ཅན་མང་པོ་དག་དགེ་བའི་རྩ་བ་ལ་ཡོངས་སུ་སྨིན་པར་བྱས་སོ། །གང་གི་ཚེ་ན་ཀྱེ་མའོ་སེམས་ཅན་འདི་དག་ནི་བསོད་སྙོམས་ཀྱིས་སྐྱེའོ་སྙམ་དུ་ཤེས་པ་དེའི་ཚེ་ཀྱེ་གྲོགས་པོ་དག་བདག་ནི་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ལ་བབ་ཀྱིས། བདག་ནི་ཡོངས་སུ་མྱ་ངན་ལས་འདའོ་ ཞེས་སྒྲ་ཕྱུང་སྟེ། དེ་ན་ཡང་སེམས་ཅན་བརྒྱ་སྟོང་མང་པོ་དག་མེ་ཏོག་དང ། བདུག་པ་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དག་ཐོགས་ནས་འོང་ངོ ། །ཁོ་བོ་ནི་འདུ་ཤེས་དང ། ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་ཅིང་སྨོན་ལམ་གྱི་དབང་གིས་ཡོངས་སུ་ མྱ་ངན་ལས་འདས་སོ། །སེམས་ཅན་དེ་དག་གིས་ཀྱང་ཁོ་བོ་ཡོངས་སུ་མྱ་ངན་ལས་འདས་པར་ཤེས་ནས་ལུས་བསྲེགས་སོ། །བསྲེགས་ནས་ཀྱང་མཆོད་རྟེན་བྱེད་ཅིང་དེ་དག་མཆོད་རྟེན་དེ་ལ་མཆོད་པའི་ལས་བྱེད་དེ། དེ་ལྟར་བཙུན་པ་ཤཱ་རིའི་བུ་ཁོ་བོ་ལ་དེར་ཡོངས་སུ་མྱ་ངན་ལས་འདས་པར་ འདུ་ཤེས་སོ། །ཡང་གཉིས་སུ་ན་ཁོ་བོ་རྒྱལ་པོའི་ཕོ་བྲང་གཞན་ཞིག་ཏུ་སོང་ནས་ཁོ་བོ་རང་སངས་རྒྱས་སུ་ཁས་འཆེས་སོ། །སེམས་ཅན་དེ་དག་ཀྱང་ཁོ་བོ་ལ་རང་སངས་རྒྱས་སུ་འདུ་ཤེས་ནས་བསོད་སྙོམས་སྦྱིན་པར་བྱེད་དེ། དེ་དག་གི་ནང་དུ་ཡང་ཁོ་བོ་ཡོངས་སུ་མྱ་ངན་ལས་འདས་པར་ བསྟན་ཅིང་དེ་དག་ཀྱང་ཁོ་བོ་ཡོངས་སུ་མྱ་ངན་ལས་འདས་པ་ལ་མཆོད་པ་བྱེད་དོ། །བཙུན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ཀྱང་རྣམ་པར་སྣང་བའི་བསྐལ་པ་བར་མ་དེ་ལ་ཁོ་བོ་ལན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཏུ་རང་སངས་རྒྱས་ཀྱི་ཐེག་པར་ཡོངས་སུ་མྱ་ངན་ལས་འདས་ཏེ། རྒྱལ་པོའི་ཕོ་བྲང་ཐམས་ཅད་དུ་ཡང་ཁོ་བོས་སྲོག་ཆགས་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་རང་སངས་རྒྱས་ཀྱི་ཐེག་པ་ལ་བཏུལ་ལོ། །བཙུན་པ་ཤཱ་རིའི་བུ་དེ་ནི་རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་མོད་ཀྱི་ཤིན་ཏུ་ཡོངས་སུ་མྱ་ངན་ལས་ཀྱང་མི་འདའོ། །འཇམ་
55-1-302b
དཔལ་གཞོན་ནུར་གྱུར་པས་བཤད་པ་འདིའི་ལན་བཏབ་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་སོ། །སྣང་བ་ཆེན་པོས་ཀྱང་ཁྱབ་པར་གྱུར་ཏོ། །ལྷ་བརྒྱ་སྟོང་དག་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་མཆོད་པའི་ལས་བྱ་བའི་ཕྱིར་མེ་ཏོག་གི་ཆར་ཡང་ འབེབས་སོ། །ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་སྒྲ་ཡང་འབྱིན་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པ་ཡང་མཐོང ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཡང་ཐོས་ཏེ། རྙེད་པ་ལེགས་པར་རྙེད་དོ་ཞེས་ཆེད་དུ་རྗོད་པ་ཆེད་དུ་བརྗོད་དོ། ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་འདི་བསམ་གྱིས་མི་ཁྱབ་པའི་ཆོས་དང་ལྡན་པ་ངོ་མཚར་ན།བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ཏིང་ངེ་འཛིན་གང་ལ་གནས་ཏེ། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་འདི་ལྟ་བུ་འདི་སྟོན་པར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ལྷའི་བུ་དག་འདི་ལ་འཇམ་དཔལ་གཞོན་ནུར་གྱུར་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་གནས་ནས་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་འདི་ལྟ་བུ་འདི་སྟོན་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ལ་གནས་ན་དད་པས་རྗེས་སུ་འབྲང་བ་ཡང་ཡིན་ལ་གཞན་གྱི་དད་པས་འགྲོ་བ་ཡང་མ་ ཡིན། ཆོས་ཀྱི་རྗེས་སུ་འབྲང་བ་ཡང་ཡིན་ལ་ཆོས་ཉིད་དང་ཆོས་ཀྱི་འཁོར་ལོ་སྐོར་བ་ལས་ཉམས་པ་ཡང་མ་ཡིན། བརྒྱད་པ་ཡང་ཡིན་ལ་ལོག་པ་བརྒྱད་དུ་ལྷུང་བའི་སེམས་ཅན་རྣམས་ཀྱི་ཕྱིར་བསྐལ་པ་གྲངས་མེད་པར་སྤྱོད་པ་ཡང་ཡིན། རྒྱུན་དུ་ཞུགས་པ་ཡང་ཡིན་ལ་སེམས་ཅན་རྒྱུན་ ཕྱོགས་སུ་དེད་པ་རྣམས་ཀྱི་ཕྱིར་ཉན་ཐོས་རྣམས་ཀྱི་སྐྱོན་མེད་པར་ཡང་མི་ལྟུང ། ལན་ཅིག་ཕྱིར་འོང་བའང་ཡིན་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣང་བ་ཡང་ཡིན། ཕྱིར་མི་འོང་བའང་ཡིན་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་ཡང་འོང ། དགྲ་བཅོམ་པའང་ཡིན་ལ་སངས་ རྒྱས་ཀྱི་ཆོས་ཡོངས་སུ་བཙལ་བའི་ཕྱིར་བརྩོན་འགྲུས་བརྩམས་པ་ཡང་ཡིན། ཉན་ཐོས་ཀྱང་ཡིན་ལ་སྤོབས་པ་རྒྱུན་མི་ཆད་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཆོས་འཆད་པ་ཡང་ཡིན། རང་སངས་རྒྱས་ཀྱང་ཡིན་ལ་སེམས་ཅན་རྐྱེན་གྱི་སྟོབས་ཅན་རྣམས་ཀྱི་ཆེད་དུ་བསྐལ་པ་གྲངས་མེད་
55-1-303a
པར་སྤྱོད་པར་ཡང་བྱེད། སེམས་ཅན་རྐྱེན་གྱི་མཐུ་ཆེ་བ་རྣམས་ཀྱི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་སྟོན་ལ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཀྱང་སྐྱེ་བ་ཡིན་ཏེ། ལྷའི་བུ་དག་དེ་ལྟར་བྱང་ཆུབ་སེམས་དཔའ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་གནས་པ་ནི་འཕགས་ པའི་ཐ་སྙད་ཐམས་ཅད་ཀྱིས་ཀྱང་ཐ་སྙད་འདོགས་ཤིང ། སེམས་ཅན་ཇི་ལྟ་བུའི་ས་ལ་གནས་པ་དེ་དག་ལ་ཡང་ཆོས་སྟོན་ལ་ས་དེ་ལ་གནས་པར་ཡང་མི་བྱེད་དོ།། །།བམ་པོ་ལྔ་པ་སྟེ་ཐ་མ། དེ་ནས་ལྷའི་བུ་དེ་དག་གིས་བཤད་པ་དེ་ཐོས་ནས་རབ་ཏུ་དགའ་སྟེ་ཚིག་སྨྲས་ པ།བཅོམ་ལྡན་འདས་གང་དག་ཉན་ཐོས་ཀྱི་སྐྱོན་མེད་པ་ལ་ཞུགས་པ་དང ། གང་དག་རང་སངས་རྒྱས་ཀྱི་སྐྱོན་མེད་པ་ལ་ཞུགས་པའི་སེམས་ཅན་དེ་དག་གིས་ནི་མདུད་པར་བགྱི་སྟེ། བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལས་ཉམས་པ་ལགས་སོ། ། བཅོམ་ལྡན་འདས་མཚམས་མ་མཆིས་པ་ལྔ་དང་ལྡན་པས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོས་པ་ནི་ལེགས་ཀྱི། དགྲ་བཅོམ་པ་ཟག་པ་ཟད་པ་ནི་དེ་ལྟ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་མཚམས་མ་མཆིས་པ་ལྔ་དང་ལྡན་པས་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ འདི་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ཀྱང་བསྐྱེད་ལ། དེས་སྔོན་སྡིག་པའི་ལས་བགྱིས་པས་ནི་སེམས་ཅན་དམྱལ་བར་ཡང་མཆི་མོད་ཀྱི། འོན་ཀྱང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་ནང་དུ་ཡང་ཆུད་པར་མཆིའོ། །དགྲ་བཅོམ་པ་ཟག་པ་ཟད་པ་ཤིན་ཏུ་ བསླབས་པ་སྣོད་དུ་མ་གྱུར་པས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་ཅི་ཞིག་བགྱིར་མཆིས་ཏེ། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྦྲང་རྩིའམ། མར་རམ། འབྲུ་མར་གྱི་སྦྱིན་པ་ཆེན་པོ་བགྱིད་པའི་ཚེ། མི་མང་པོ་སྣོད་ཐོགས་ཏེ་མཆིས་པ་ལས། དེ་ན་མི་ཞིག་དྲན་པ་ཉམས་ པས་སྣོད་ཆག་པར་གྱུར་ན། དེ་སྦྲང་རྩི་དང ། མར་དང ། འབྲུ་མར་གྱི་སྦྱིན་གཏོང་བགྱིད་པ་དེར་མཆིས་སུ་ལགས་ཀྱང ། སྣོད་ཆག་པའི་སླད་དུ་ཅི་བགྱིར་ཡང་མ་མཆིས་ཏེ། དེ་བདག་ཅི་ཡོག་པ་ཞིག་འཚལ་ནས་མཆི་བར་བས་ཀྱི། སེམས་ཅན་གཞན་དག་ལ་འདྲངས་པར་བགྱི་ཞིང་
55-1-303b
བསྟབས་པའི་སླད་དུ་བླངས་ཏེ་མཆི་ནི་མི་ནུས་སོ། །བཅོམ་ལྡན་འདས་མི་གང་དག་སྣོད་དང་ལྡན་པ་ནི་བདག་ཀྱང་ཅི་ཡོག་ཏུ་འཚལ་ལ། སྣོད་ཀྱང་ཡོངས་སུ་བཀང་ནས་བླངས་ཏེ་མཆིས་པས་སེམས་ཅན་གཞན་དག་གི་ཡང་ཉེ་བར་འཚོ་བ་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་སྦྲང་རྩི་དང ། མར་ དང ། འབྲུ་མར་གྱི་སྦྱིན་གཏོང་གི་མཆོད་སྦྱིན་ཞེས་བགྱི་བ་དེ་ནི་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བའི་ཚིག་བླ་དགས་སོ། །སྣོད་ཆག་པའི་མིས་ཅི་ཡོག་པར་འཚལ་ཏེ་མཆི་བར་བས་ཀྱི་བླངས་ཏེ་མཆི་མི་ནུས་སོ་ཞེས་བགྱི་བ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཚིག་བླ་དགས་སོ། ། བཅོམ་ལྡན་འདས་སྣོད་དང་ལྡན་པའི་མི་ཞེས་བགྱི་བ་དེ་ནི་བདག་ལ་ཕན་པ་དང ། གཞན་ལ་ཕན་པའི་སླད་དུ་ཞུགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་བླ་དགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་ཞུམ་པ་རང་གི་རང་བཞིན་ལ་སླར་འཇུག་འདོད་པར་གྱུར་པ་ཉིས་བརྒྱ་པོ་དེ་དག་གིས་ལྷའི་ བུ་དག་གི་བཤད་པ་འདི་དང ། འཇམ་དཔལ་གཞོན་ནུར་གྱུར་པའི་བསོད་ནམས་བསམ་གྱིས་མི་ཁྱབ་པ་ཐོས་ནས། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཡང་སེམས་བསྐྱེད་པ་དེ་བྱང་ཆུབ་དང་འབྲེལ་བར་གྱུར་ཏོ། །འདི་སྐད་ཀྱི་ཚིག་ཀྱང་སྨྲས་ སོ། །བཅོམ་ལྡན་འདས་བདག་ཅག་ནི་སྲོག་ཡོངས་སུ་གཏོང་བར་ཡང་སྤྲོའི་སེམས་ཅན་ཡོངས་སུ་གཏོང་བ་ནི་མ་ལགས་སོ། །བཅོམ་ལྡན་འདས་བདག་ཅག་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོས་པའི་སྟོབས་བསྐྱེད་པའི་དགེ་བའི་རྩ་བས་བྱང་ཆུབ་སེམས་དཔའི་སྟོབས་བཅུ་ཐོབ་པར་གྱུར་ཅིག་། བཅུ་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་ལྷག་པའི་བསམ་པའི་སྟོབས་དང ། སངས་རྒྱས་ཀྱི་ཆོས་ལ་དད་པའི་སྟོབས་དང ། མང་དུ་ཐོས་པ་མི་བརྗེད་པའི་སྟོབས་དང ། འཁོར་བས་ཡོངས་སུ་མི་སྐྱོ་བའི་སྟོབས་དང ། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བརྟན་པའི་སྟོབས་དང ། གཏོང་བ་སྤེལ་བའི་སེམས་ཀྱི་སྟོབས་དང ། ཚུལ་ཁྲིམས་ཡང་དག་པར་བསླབས་པ་མི་ཉམས་པའི་སྟོབས་དང ། བཟོད་ཅིང་དང་དུ་ལེན་པའི་སྟོབས་དང ། བདུད་འདུལ་བའི་ཤེས་རབ་ཀྱི་སྟོབས་དང ། ཆོས་ཟབ་མོ་ལ་མོས་པའི་སྟོབས་ཏེ། བཅོམ་ལྡན་འདས་བདག་ཅག་གིས་བྱང་
55-1-304a
ཆུབ་སེམས་དཔའི་སྟོབས་བཅུ་པོ་དེ་དག་ཐོབ་པར་གྱུར་ཅིག་།དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པ་ལ་བཀའ་སྩལ་པ། བློ་གྲོས་བརྟན་པ་ད་ལྟར་རམ། ང་འདས་ནས་ཀྱང་རུང་སྟེ། གང་ལ་ལ་ཞིག་གིས་དཔའ་བར་འགྲོ་བའི་ཏིང་ངེ་ འཛིན་འདི་མཉན་ཏེ་ཐོས་ནས་མོས་པར་བྱེད་ན། དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་སྟོབས་བཅུ་པོ་འདི་དག་དང་ལྡན་པར་འགྱུར་རོ། །ཡང་དེའི་ཚེ་ན་འཁོར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བའི་བློ་གྲོས་ཞེས་བྱ་བ་འདུས་པར་གྱུར་ཏེ་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྒྱལ་བའི་བློ་གྲོས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བསོད་ནམས་འཚལ་བས་དེ་བཞིན་གཤེགས་པ་ལ་མཆོད་པར་བགྱིའོ། །ཤེས་རབ་འཚལ་བས་ཐོས་པ་ལ་བརྩོན་པར་བགྱིའོ། །མཐོ་རིས་འཚལ་བས་ཚུལ་ཁྲིམས་བསྲུང་བར་བགྱིའོ། །ལོངས་སྤྱོད་འཚལ་བས་སྦྱིན་པ་སྤེལ་བར་བགྱིའོ། །གཟུགས་ འཚལ་བས་བཟོད་པ་བསྒོམ་པར་བགྱིའོ། །སྤོབས་པ་འཚལ་བས་བླ་མ་ལ་གུས་པར་བགྱིའོ། །གཟུངས་འཚལ་བས་ང་རྒྱལ་མ་མཆིས་པར་བགྱིའོ། །ཡེ་ཤེས་འཚལ་བས་ཚུལ་བཞིན་ཡིད་ལ་བགྱིད་པ་དང་ལྡན་པར་བགྱིའོ། །བདེ་བ་འཚལ་བས་སྡིག་པ་ཐམས་ཅད་མི་བགྱིའོ། ། སེམས་ཅན་གྱི་དོན་བགྱིད་པར་འཚལ་བས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །སྒྲ་སྙན་པར་འཚལ་བས་བདེན་པ་སྨྲ་བར་བགྱིའོ། །ཡོན་ཏན་འཚལ་བས་རབ་ཏུ་དབེན་པ་ལ་དགའ་བར་བགྱིའོ། །ཆོས་འཚལ་བས་དགེ་བའི་བཤེས་གཉེན་ལ་བསྟེན་པར་བགྱིའོ། །ཞི་གནས་ འཚལ་བས་འདུ་འཛི་མང་པོ་མ་མཆིས་པར་བགྱིའོ། །ལྷག་མཐོང་འཚལ་བས་ཆོས་ལ་སྟོང་པར་སོ་སོར་བརྟག་པ་མང་བར་བགྱིའོ། །ཚངས་པའི་འཇིག་རྟེན་འཚལ་བས་ཚད་མེད་པ་བཞི་ལ་བསྒོམ་པར་བགྱིའོ། །ལྷའི་དང་མིའི་ཕུན་སུམ་ཚོགས་པ་འཚལ་བས་དགེ་བ་བཅུའི་
55-1-304b
ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས་པར་བགྱིའོ། །མྱ་ངན་ལས་འདའ་བར་འཚལ་བས་ཆོས་ལ་སྟོང་པར་མོས་པར་བགྱིའོ། །བཅོམ་ལྡན་འདས་དེ་ལྟར་བསོད་ནམས་འཚལ་བ་དང ། ཤེས་རབ་འཚལ་བ་དང ། མཐོ་རིས་འཚལ་བ་དང ། ལོངས་སྤྱོད་འཚལ་བ་དང ། གཟུགས་ འཚལ་བ་དང ། སྤོབས་པ་འཚལ་བ་དང ། གཟུངས་འཚལ་བ་དང ། ཡེ་ཤེས་འཚལ་བ་དང ། བདེ་བ་འཚལ་བ་དང ། སེམས་ཅན་གྱི་དོན་འཚལ་བ་དང ། སྒྲ་སྙན་པ་འཚལ་བ་དང ། ཡོན་ཏན་འཚལ་བ་དང ། ཆོས་འཚལ་བ་དང ། ཞི་གནས་འཚལ་བ་དང ། ལྷག་མཐོང་འཚལ་བ་ དང ། ཚངས་པའི་འཇིག་རྟེན་འཚལ་བ་དང ། ལྷ་དང་མིའི་ཕུན་སུམ་ཚོགས་པ་འཚལ་བ་དང ། མྱ་ངན་ལས་འདའ་བར་འཚལ་བ་དང ། བཅོམ་ལྡན་འདས་དོན་ཐམས་ཅད་རྟོགས་པར་འཚལ་བའི་རིགས་ཀྱི་བུ་དང ། རིགས་ཀྱི་བུ་མོ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཉིད་མཉན་པར་བགྱི། བླང་བར་བགྱི། གཟུང་བར་བགྱི། བཀླག་པར་བགྱི། བཤད་པར་བགྱི། བསྒོམ་པར་བགྱིའོ། །ཡང་བཅོམ་ལྡན་འདས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་ཇི་ལྟར་ནན་ཏན་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་བའི་བློ་གྲོས་གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་ ཆོས་ཐམས་ཅད་མ་ཞུགས་པར་མཐོང་བ་དེའི་ཚེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་ཞུགས་པ་ཡིན་ནོ། །རྒྱལ་བའི་བློ་གྲོས་གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ཐོགས་པ་མེད་པ་དང ། སྐད་ཅིག་པ་དང ། ཡ་མ་བརླ་དང ། རྗེས་སུ་ཆགས་པ་དང ། ཁོང་ཁྲོ་བ་དང་ བྲལ་བར་མཐོང་བ་དེའི་ཚེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་ཞུགས་པ་ཡིན་ནོ། །རྒྱལ་བའི་བློ་གྲོས་འོན་ཀྱང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་ནི་ནན་ཏན་གཅིག་ཏུ་མ་ཟད་ཀྱི་རྒྱལ་བའི་བློ་གྲོས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་ནན་ཏན་བྱེད་པའི་རྒྱུ་ནི་སེམས་ཅན་ཐམས་ཅད་ཀྱི་ སེམས་དང་སྤྱོད་པའི་རྒྱུ་བ་ཇི་སྙེད་པ་དེ་སྙེད་ཡོད་དོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་འཇུག་པ་ཇི་སྙེད་པ་དེ་སྙེད་ཀྱི་ནན་ཏན་འཇུག་པ་ཡོད་དོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་ནི་སེམས་ཅན་ཐམས་ཅད་ཀྱི་དབང་པོའི་རྒྱུ་བ་ཇི་སྙེད་
55-1-305a
པ་དེ་སྙེད་ཀྱི་ནན་ཏན་འཇུག་པ་ཡོད་དོ། །སེམས་ཅན་ཐམས་ཅད་ཀྱི་མིང་དང་གཟུགས་ཇི་སྙེད་པ་བྱང་ཆུབ་སེམས་དཔའ་དེས་དེ་སྙེད་ཀྱི་མིང་དང་གཟུགས་བསྟན་པར་བྱའོ། །རྒྱལ་བའི་བློ་གྲོས་གང་དེ་ལྟར་སྟོན་པ་དེ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་ནན་ཏན་བྱེད་པའོ། །སངས་ རྒྱས་ཐམས་ཅད་ཀྱི་མིང་དང་གཟུགས་དང ། མཚན་མཐོང་བ་ཇི་སྙེད་པ་བྱང་ཆུབ་སེམས་དཔའ་དེས་མིང་དང་གཟུགས་དང ། མཚན་མཐོང་བ་དེ་སྙེད་བསྟན་པར་བྱ་སྟེ། རྒྱལ་བའི་བློ་གྲོས་གང་དེ་ལྟར་སྟོན་པ་དེ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་ནན་ཏན་བྱེད་པའོ། །སངས་རྒྱས་ཐམས་ཅད་ ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཇི་སྙེད་མཐོང་བ་བྱང་ཆུབ་སེམས་དཔའ་དེས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་མཐོང་བ་དེ་སྙེད་བསྟན་པར་བྱའོ། །རྒྱལ་བའི་བློ་གྲོས་གང་དེ་ལྟར་སྟོན་པ་དེ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་ནན་ཏན་བྱེད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་ འདས་ལ་བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་ནན་ཏན་བགྱི་བ་དེ་ནི་ཤིན་ཏུ་བསྒྲུབ་དཀའ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་བའི་བློ་གྲོས་དེའི་ཕྱིར་བྱང་ཆུབ་སེམས་ དཔའ་གང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་གནས་པ་ནི་ཉུང་གི་གང་ཏིང་ངེ་འཛིན་ངན་པ་གཞན་ལ་སྤྱོད་པ་དག་ནི་མང་ངོ ། །རྒྱལ་བའི་བློ་གྲོས་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱམས་པ་འདི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེ་བ་གཅིག་ གིས་ཐོགས་པ་ལགས་ཏེ། དེ་བཞིན་གཤེགས་པའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱམས་པ་འདིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་པ་ལགས་སམ། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རྒྱལ་བའི་བློ་གྲོས་བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ། སྐྱེ་བ་གཅིག་གིས་ཐོགས་པ། དབང་བསྐུར་བ་ཐོབ་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་
55-1-305b
བྱམས་པ་ལ་བཀའ་སྩལ་པ། བྱམས་པ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་ལ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་ཡུལ་སྟོན་ཅིག་།དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་དེའི་ཚེ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་བསྟན་པ་དང ། བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་ གྲོས་དང ། ཐམས་ཅད་དང་ལྡན་པའི་འཁོར་དེས་དེ་མཐོང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་འཛམ་བུའི་གླིང་ཇི་སྙེད་པ་དེ་དག་ཐམས་ཅད་ན་བྱང་ཆུབ་སེམས་དཔའ་བྱམས་པ་སྣང་སྟེ། ལ་ལ་ན་ནི་ལྷའི་འཇིག་རྟེན་ན་གནས། ལ་ལ་ན་ནི་མིའི་འཇིག་རྟེན་ན་གནས། ལ་ལ་ ན་ནི་རབ་ཏུ་བྱུང་བར་གྱུར། ལ་ལ་ན་ནི་ཁྱིམ་ན་གནས་པར་གྱུར། ལ་ལ་ན་ནི་ཀུན་དགའ་བོ་བཞིན་དུ་དེ་བཞིན་གཤེགས་པའི་གཡོག་བྱེད། ལ་ལ་ན་ནི་ཤཱ་རིའི་བུ་བཞིན་དུ་ཤེས་རབ་ཆེ། ལ་ལ་ན་ནི་མཽད་གལ་གྱི་བུ་ཆེན་པོ་བཞིན་དུ་རྫུ་འཕྲུལ་ཆེ། ལ་ལ་ན་ནི་འོད་སྲུང་ཆེན་པོ་བཞིན་དུ་སྦྱངས་པ་སྨྲ། ལ་ལ་ ན་ནི་གང་པོ་བཞིན་དུ་ཆོས་སྨྲ་བ་པོར་གྱུར། ལ་ལ་ན་ནི་སྒྲ་གཅན་ཟིན་བཞིན་དུ་བསླབ་པ་འདོད་པར་གྱུར། ལ་ལ་ན་ནི་ཉེ་བར་འཁོར་བཞིན་དུ་འདུལ་བ་འཛིན། ལ་ལ་ན་ནི་མ་འགགས་པ་བཞིན་དུ་ལྷའི་མིག་དང་ལྡན། ལ་ལ་ན་ནི་ནམ་གྲུ་བཞིན་དུ་བསམ་གཏན་པར་གྱུར། ལ་ལ་ན་ནི་རབ་ འབྱོར་བཞིན་དུ་ཉོན་མོངས་པ་མེད་པར་གནས་པའི་མཆོག་ཏུ་གྱུར་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཉན་ཐོས་མཆོག་བཞིན་དུ་འདུ་ཤེས་ཏེ། གྲོང་དང་གྲོང་ཁྱེར་ལ་ལ་ན་ནི་བསོད་སྙོམས་སྤྱོད། ལ་ལ་ན་ནི་ཆོས་འཆད་པར་བྱེད། ལ་ལ་ན་ནི་ནང་དུ་ཡང་དག་པར་འཇོག་པར་སྣང་སྟེ། བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་དང ། ཐམས་ཅད་དང་ལྡན་པའི་འཁོར་དེས་བྱང་ཆུབ་སེམས་དཔའ་བྱམས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་ཡུལ་ལ་འཇུག་པ་མཐོང་ངོ ། །མཐོང་ནས་ དགའ་མགུ་ཡི་རངས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། གསེར་ཁར་བ་དང ། མཆིང་བུ་དང ། ལྕགས་ཀྱི་དྲི་མ་དང་བྲལ་བ་རྡུལ་མ་མཆིས་པ་ནི་གང་དང་གང་དུ་བདར་བ་དེ་དང་དེར་གསེར་གྱི་རིགས་བཟང་པོ་མི་འདོར་རོ། །བཅོམ་
55-1-306a
ལྡན་འདས་དེ་བཞིན་དུ་སྐྱེས་བུ་དམ་པ་བསམ་གྱིས་མི་ཁྱབ་པའི་ཆོས་དང་ལྡན་པ་འདི་དག་ནི་ཇི་ལྟ་ཇི་ལྟར་བརྟགས་པ་དེ་ལྟ་དེ་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་སྟོན་པར་བགྱིད་དོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་བདག་ཇི་ལྟར་སེམས་པ་ལྟར་ན། གང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདིའི་ཚར་ཕྱིན་པ་དེ་ནི་ཉན་ཐོས་ཀྱི་ཐེག་པ་ཚར་ཕྱིན། དེ་ནི་རང་སངས་རྒྱས་ཀྱི་ཐེག་པ་ཚར་ཕྱིན། དེ་ནི་ཐེག་པ་ཆེན་པོ་ཚར་ཕྱིན་པ་ལགས་པ་སྙམ་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ དེ་དེ་བཞིན་ཏེ། གང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཚར་ཕྱིན་པ་དེ་ནི་འབྱུང་བའི་ལམ་ཐམས་ཅད་ཚར་ཕྱིན་ཏོ། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཇི་ལྟར་བཀའ་སྩལ་པའི་དོན་བདག་གིས་འཚལ་ཅིང་བདག་སེམས་པ་ལྟར་ན། འཇམ་དཔལ་གཞོན་ནུར་གྱུར་པས་ནི་སྔོན་སངས་རྒྱས་ཀྱི་མཛད་པ་བགྱིས། སྔོན་བྱང་ཆུབ་ཀྱི་ སྙིང་པོ་བསྟན། སྔོན་ཆོས་ཀྱི་འཁོར་ལོ་བསྐོར། སྔོན་ཡོངས་སུ་མྱ་ངན་ལས་འདས་པ་བསྟན་པ་སྙམ་བགྱིད་དོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། འཇམ་ དཔལ་གཞོན་ནུར་གྱུར་པས་ནི་སྔོན་སངས་རྒྱས་ཀྱི་བྱ་བ་བྱས། སྔོན་བྱང་ཆུབ་ཀྱི་སྙིང་པོ་བསྟན། སྔོན་ཆོས་ཀྱི་འཁོར་ལོ་བསྐོར། སྔོན་ཡོངས་སུ་མྱ་ངན་ལས་འདའ་བར་བསྟན་ཏོ། །འོད་སྲུང་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ། ཡངས་ པ། ཚད་མེད་པ། བསམ་གྱིས་མི་ཁྱབ་པ་དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ཏུ་ཕྱིན་པ་དེའི་ཚེ་དེའི་དུས་ན། ལྷོ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་སུམ་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་མཉམ་པ་ཞེས་བྱ་བ་རི་དང་རྡོ་མེད་པ། བོང་བ་དང ། གྱོ་མོ་དང་།
55-1-306b
གསེག་མ་མེད་པ། ལག་མཐིལ་ལྟར་མཉམ་པར་གྱུར་པ། ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བའི་རྩཝ་འཇམ་པོ་སྐྱེས་པར་གྱུར་ཏེ། དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་ མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཀླུའི་རིགས་མཆོག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །དེར་དེ་བཞིན་གཤེགས་པ་ཀླུའི་རིགས་མཆོག་དེ་བཞུགས་ཏེ། བྱང་ཆུབ་ཐོབ་བོ། །ཡང་ འོད་སྲུང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀླུའི་རིགས་མཆོག་དེས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ནི་བྱེ་བ་ཕྲག་བདུན་ཅུ་ཡོངས་སུ་སྨིན་པར་བྱས། ཉན་ཐོས་ཀྱི་ཐེག་པ་ལ་ནི་བྱེ་བ་ཕྲག་བརྒྱད་ཅུ་ཡོངས་སུ་སྨིན་པར་བྱས། རང་སངས་རྒྱས་ཀྱི་ཐེག་ པ་ལ་ནི་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དྲུག་ཡོངས་སུ་སྨིན་པར་བྱས་ནས་ཕྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀླུའི་རིགས་མཆོག་དེའི་ཉན་ཐོས་ཀྱི་དགེ་འདུན་དཔག་ཏུ་མེད་པར་གྱུར་ཏོ། །ཡང་འོད་སྲུང་དེ་བཞིན་གཤེགས་པ་ཀླུའི་རིགས་མཆོག་དེའི་ཚེའི་ཚད་ནི་ལོ་བཞི་ཁྲིར་གྱུར་ཏེ། དེས་ ལྷ་དང་བཅས་པའི་འཇིག་རྟེན་གྱི་དོན་བྱས་ནས་ཡོངས་སུ་མྱ་ངན་ལས་འདས་ཏེ། དེའི་སྐུ་གདུང་དག་ཀྱང་རྒྱས་པར་གྱུར་ཏོ། །དེའི་མཆོད་རྟེན་ནི་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་ཏུ་གྱུར་ཏེ། དེ་དག་ལ་སེམས་ཅན་དེ་དག་གིས་མཆོད་པ་བྱས་པར་གྱུར་ཏོ། །འོད་སྲུང་བཅོམ་ལྡན་འདས་ཀླུའི་ རིགས་མཆོག་དེ་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ནི་ལོ་འབུམ་དུ་གནས་པར་གྱུར་ཏོ། །འོད་སྲུང་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀླུའི་རིགས་མཆོག་དེས། ང་འདས་པའི་འོག་ཏུ་བྱང་ཆུབ་སེམས་དཔའ་ཡེ་ཤེས་འོད་ཅེས་བྱ་ བ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། མཚན་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འོད་ཅེས་བྱ་བ་ཉིད་དུ་འགྱུར་རོ་ཞེས་བྱང་ཆུབ་སེམས་དཔའ་ཡེ་ཤེས་འོད་ཅེས་
55-1-307a
བྱ་བ་ལུང་བསྟན་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །འོད་སྲུང་དེ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་འཇིག་རྟེན་གྱི་ཁམས་མཉམ་པ་ཞེས་བྱ་བ་དེར་དེ་བཞིན་གཤེགས་པ་ཀླུའི་རིགས་མཆོག་ཅེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་ནོ་སྙམ་ན་འོད་སྲུང་ཁྱོད་ཀྱིས་དེ་ལྟར་ མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ཉིད་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀླུའི་རིགས་མཆོག་ཅེས་བྱ་བར་གྱུར་ཏོ། །འོད་སྲུང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་ཡུལ་ལ་ལྟོས། འདི་ལྟར་ མངལ་དུ་འཇུག་པ་དང ། བཙས་པ་དང ། མངོན་པར་འབྱུང་བ་དང ། དཀའ་བ་སྤྱོད་པ་དང ། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང ། བདུད་འདུལ་བ་དང ། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དང ། ཆོས་ཀྱི་འཁོར་ལོ་སྐོར་བ་དང ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་དང ། རིང་ བསྲེལ་འགེད་པར་ཡང་སྟོན་ལ། བྱང་ཆུབ་སེམས་དཔའི་ཆོས་ཉིད་དེ་ཡང་མི་འདོར། ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདའ་བས་ཀྱང་ཡོངས་སུ་མྱ་ངན་ལས་མི་འདའོ། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ གང་ཁྱོད་འདི་ལྟ་བུར་བསམ་གྱིས་མི་ཁྱབ་པའི་གནས་དག་སྟོན་པ་ནི་ཁྱོད་དཀའ་བ་བྱེད་པའོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་འོད་སྲུང་དེ་ཇི་སྙམ་དུ་སེམས། བྱ་རྒོད་ཀྱི་ཕུང་པོའི་རི་འདི་གང་ནས་བྱུང ། འཇིག་རྟེན་གྱི་ཁམས་འདི་གང་ནས་བྱུང ། སྨྲས་པ། འཇམ་དཔལ་ འཇིག་རྟེན་གྱི་ཁམས་ཐམས་ཅད་ནི་དབུ་བ་ལྟར་བྱུང་སྟེ། སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པས་མངོན་པར་གྲུབ་བོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་དེ་བཞིན་ཏེ། ཆོས་ཐམས་ཅད་ཀྱང་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་ མི་ཁྱབ་པ་ལས་བྱུང་ངོ ། །དེ་བས་ན་འདིར་ཁོ་བོ་ལ་བྱ་དཀའ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་བཅོས་མ། རྒྱུ་ལ་རག་ལས་པ། བེམས་པོ་སྟེ། དེ་དག་ནི་བདག་པོ་མེད་པའི་ཕྱིར་ཇི་ལྟར་འདོད་པ་དེ་བཞིན་དུ་རྣམ་པར་གྲུབ་བོ། །གང་གིས་ཚུལ་དེ་རྟོགས་པ་དེ་ལ་ནི་
55-1-307b
བྱ་དཀའ་བ་ཅི་ཡང་མེད་དོ། །བཙུན་པ་འོད་སྲུང་ཆེན་པོ་གང་དག་བདེན་པ་མ་མཐོང་བ་དེ་དག་ནི་ཚུལ་འདི་ལ་མོས་པར་ཤིན་ཏུ་བྱ་དཀའ་བ་ཡིན་གྱི། བདེན་པ་མཐོང་བ་དེ་དག་གི་ཆོས་ལ་གནས་པའི་རྣམ་པར་འཕྲུལ་པ་དེ་ནི་དེ་ལྟ་མ་ཡིན་ཏེ། དེ་དག་ནི་ངོ་མཚར་མི་ཆེའོ། །དེ་ནས་དེའི་ཚེ་བཅོམ་ལྡན་ འདས་སྟེང་གི་བར་སྣང་ལ་ཤིང་ཏ་ལ་བདུན་ཙམ་དུ་འཕགས་ནས་སྐྱིལ་མོ་ཀྲུང་དུ་བཞུགས་ཤིང་སྐུ་ལས་ཀྱང་འོད་གང་གིས་ཕྱོགས་བཅུ་ཐམས་ཅད་དུ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་གྲངས་མེད་པ་སྣང་བར་འགྱུར་བ་དེ་ལྟ་བུའི་འོད་བཏང་བ་དང ། ཐམས་ཅད་དང་ལྡན་པའི་འཁོར་དེས་ཕྱོགས་བཅུ་ ན་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་གྲངས་མེད་པ་དག་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་འཆད་པར་མཐོང་ངོ ། །ཆོས་འཆད་པ་དེ་ཡང་ཆད་པ་མེད་ཅིང་ལྷག་པ་མེད་པར་འདི་ནས་ཐོས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱང་སྟེང་གི་བར་སྣང་ལ་ཤིང་ཏ་ལ་བདུན་ ཙམ་དུ་འཕགས་ནས་སྐྱིལ་མོ་ཀྲུང་བཅས་ཤིང་བཞུགས་པར་སྣང་ངོ ། །དེ་དག་ཐམས་ཅད་ཀྱིས་ཀྱང་སྐུ་ལས་འོད་བཏང་བར་སྣང་ངོ ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་འཁོར་གང་ཡིན་པ་དེས་ཀྱང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་སྟེང་གི་བར་སྣང་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་པར་ མཐོང་ངོ ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེར། མེ་ཏོག་དང ། ཕྲེང་བ་དང ། སྤོས་དང ། བྱུག་པ་དག་ཀྱང་འཐོར་བར་སྣང་ངོ ། །མེ་ཏོག་དེ་དག་ཀྱང་སོང་སྟེ། བཅོམ་ལྡན་ འདས་ཀྱི་དབུའི་གཙུག་གི་སྟེང་གི་དྲང་ཐད་ན་མེ་ཏོག་གི་གདུགས་སུ་འདུག་པར་སྣང་ངོ ། །སངས་རྒྱས་ཀྱི་ཞིང་འདི་དག་ཀྱང་བྱང་ཆུབ་སེམས་དཔའ་དེ་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་ དག་སངས་རྒྱས་བཅོམ་ལྡན་འདས་དེ་དག་ག་ལ་བ་དེར་མེ་ཏོག་དག་འཐོར་རོ། །མེ་ཏོག་དེ་དག་ཐམས་ཅད་ཀྱང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དབུའི་གཙུག་གི་སྟེང་གི་དྲང་ཐད་ན་མེ་ཏོག་གི་གདུགས་སུ་འདུག་པར་སྣང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་དེ་དག་བསྡུས་
55-1-308a
ཏེ། གདན་ཇི་ལྟར་བཤམས་པ་ཉིད་ལ་བཞུགས་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པ་ལ་བཀའ་སྩལ་པ། བློ་གྲོས་བརྟན་པ་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་སྤེལ་བའི་ཕྱིར་དེ་བཞིན་གཤེགས་པ་རྣམས་མཐོང་བའི་ཆོ་འཕྲུལ་དེ་བཞིན་གཤེགས་པས་བསྟན་ཏོ། །བློ་གྲོས་ བརྟན་པ་དེ་བཞིན་གཤེགས་པ་མཐོང་བའི་ཆོ་འཕྲུལ་འདིས་ལྷ་དང་མི་བརྒྱད་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདིའི་མཐར་ཕྱིན་པ་དང ། མུར་ཐུག་པ་བསྟན་པ་བཤད་པའི་ཚེ་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་ དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་གཞན་ལྔ་བརྒྱས་ཀྱང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་མ་ཐག་ཏུ་ཕྱོགས་བཅུར་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་ཡང་མཐོང་བར་གྱུར་ཏོ། །ཆོས་ཐམས་ཅད་ཀྱི་ཚུལ་ལ་འཇུག་པ་ལ་ཡང་སྣང་བ་ ཐོབ་པར་གྱུར་ཏོ། །ས་བཅུ་པ་ཡང་ཐོབ་ཅིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་བསྐུར་བ་ཡང་ཐོབ་བོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་སོ། །སྣང་བ་ཆེན་པོས་ཀྱང་ཁྱབ་པར་གྱུར་ཏོ། །སྟེང་གི་བར་སྣང་ལ་ལྷའི་སིལ་སྙན་བརྒྱ་སྟོང་དག་ཀྱང་ དཀྲོལ་བར་གྱུར་ཏོ། །མེ་ཏོག་གི་ཆར་ཡང་བབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལོང་ཤིག་།ཟུང་ཤིག་།ལྷོགས་ཤིག་།ཀུན་ཆུབ་པར་གྱིས་ཤིག་།གཞན་དག་ལ་ཡང་རྒྱ་ཆེར་ ཤོད་ཅིག་་་།དེ་ནས་བཅོམ་ལྡན་འདས་ལ་བརྒྱ་བྱིན་རི་རབ་ལྷུན་པོ་རྩེ་མོ་འཛིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལགས། གནས་བརྟན་ཀུན་དགའ་བོ་དྲན་པའི་ཡེ་ཤེས་ཕྱོགས་གཅིག་པ་དང་ལྡན་པ། ཕ་རོལ་གྱི་སྒྲའི་རྗེས་སུ་མཆིས་པ་ལ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ དཀོན་མཆོག་འདི་གཏད་པར་མཛད་དམ། བཅོམ་ལྡན་འདས་བདག་གི་བདེན་པའི་ཚིག་གི་བདེན་པ་གང་གིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ད་ལྟར་དང་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མ་ལ་རྒྱས་པར་བགྱིད་པའི་བདེན་པའི་ཚིག་གི་བདེན་པ་དེས་བྱ་རྒོད་ཀྱི་ཕུང་པོའི་རིའི་ཁོ་ར་ཁོར་ཡུག་ན་ཤིང་
55-1-308b
གང་དག་མཆིས་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ཀྱི་སྙིང་པོའི་ཤིང་ཇི་ལྟ་བ་དེ་བཞིན་དུ་གྱུར་ཅིག་།དེ་དག་ཐམས་ཅད་ན་བྱང་ཆུབ་སེམས་དཔའ་གནས་པར་གདའ་བར་གྱུར་ཅིག་།བརྒྱ་བྱིན་ལྷུན་པོའི་རྩེ་མོ་འཛིན་གྱིས་ཚིག་དེ་སྨྲས་མ་ཐག་ཏུ་དེ་ནས་དེའི་ཚེ་ཤིང་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་ སྙིང་པོའི་ཤིང་འདྲ་བར་གྱུར་ཏོ། །བྱང་ཆུབ་ཀྱི་སྙིང་པོའི་ཤིང་དེ་དག་ཐམས་ཅད་ཀྱི་དྲུང་ན་བྱང་ཆུབ་སེམས་དཔའ་རྣམས་གནས་པར་ཡང་སྣང་ངོ ། །བྱང་ཆུབ་ཀྱི་སྙིང་པོའི་ཤིང་དེ་དག་ལས་བརྒྱ་བྱིན་ལྷུན་པོའི་རྩེ་མོ་འཛིན་ཁྱོད་ཀྱིས་ཇི་སྐད་སྨྲས་པ་དེ་བཞིན་ཏེ། ད་ལྟར་དང་ཕྱི་མའི་ཚེ་ལ་ཁྱོད་དཔའ་བར་ འགྲོ་བའི་ཏིང་ངེ་འཛིན་དཀོན་མཆོག་འདི་རྒྱས་པར་བྱེད་པར་འགྱུར་རོ་ཞེས་སྒྲ་བྱུང་ངོ ། །དེ་ནས་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མགྲིན་གཅིག་ཏུ་ཚིག་སྨྲས་པ། གལ་ཏེ་དེ་བཞིན་གཤེགས་ པའི་སྐུ་ཚེ་བསྐལ་པར་གནས་པར་གྱུར་ལ། ཉན་ཐོས་ཀྱི་ཐེག་པ་ལས་བརྩམས་ཏེ་ཆོས་བཤད་ནས་ཆོས་བཤད་པ་རེ་རེ་ཞིང་ཡང་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བས་སེམས་ཅན་ཇི་སྙེད་བཏུལ་བ་དེ་སྙེད་ཀྱི་སེམས་ཅན་དུལ་བར་གྱུར་པ་བས། གང་ཡང་དཔའ་བར་འགྲོ་བའི་ཏིང་ ངེ་འཛིན་འདི་བཤད་པའི་ཚེ་སེམས་ཅན་རྣམས་ཀྱི་དོན་བགྱིས་པ་ནི་དེ་བས་འདི་ཆེས་མཆོག་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སེམས་ཅན་དེ་དག་ཐམས་ཅད་ནི་ཉན་ཐོས་ཀྱི་ཐེག་པར་བཏུལ་བ་ལགས་ཏེ། བྱང་ཆུབ་སེམས་དཔའི་འདུལ་བའི་བརྒྱའི་ཆར་ཡང་ཉེ་བར་མི་ མཆི་བ་ནས། རྒྱུའི་བར་དུ་ཡང་ཉེ་བར་མི་མཆི་སྟེ། གང་དུ་བྱང་ཆུབ་སེམས་དཔའ་དག་ངེས་པར་བྱུང་བ་དང ། ངེས་པར་འབྱུང་བ་དང ། ངེས་པར་འབྱུང་བར་འགྱུར་བ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དེ་ནི་དེ་ཙམ་དུ་ཚད་མ་མཆིས་སོ། །བཅོམ་ལྡན་འདས་དེ་ལྟ་བས་ན་བྱང་ཆུབ་སེམས་ དཔའ་ངེས་པར་འབྱུང་བའི་ལམ་ཐམས་ཅད་ཀྱིས་ངེས་པར་འབྱུང་བར་འཚལ་བས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་བརྩོན་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་
55-1-309a
པའི་སྐུ་ཚེའི་ཚད་ཇི་ཙམ་ལགས། ཇི་སྲིད་ན་དེ་བཞིན་གཤེགས་པ་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་བརྟན་པ་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས། སངས་རྒྱས་ ཀྱི་ཞིང་སུམ་ཁྲི་ཉིས་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་རྣམ་པར་སྤུད་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་འོད་ཟེར་གྱིས་བརྒྱན་པ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བ་ད་ལྟར་བཞུགས་ཞིང་འཚོ་ལ་གཞེས་ཤིང་ ཆོས་ཀྱང་སྟོན་ཏེ། བློ་གྲོས་བརྟན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་འོད་ཟེར་གྱིས་བརྒྱན་པ་རྣམ་པར་འཕྲུལ་པའི་རྒྱལ་པོ་དེའི་ཚེའི་ཚད་ཇི་ཙམ་པ་ངའི་ཚེའི་ཚད་ཀྱང་དེ་ཙམ་མོ། །བློ་གྲོས་བརྟན་པས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ སྣང་མཛད་འོད་ཟེར་གྱིས་བརྒྱན་པ་རྣམ་པར་འཕྲུལ་པའི་རྒྱལ་པོ་དེའི་སྐུ་ཚེའི་ཚད་ཇི་ཙམ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་བརྟན་པ་ཁྱོད་སོང་ལ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་འོད་ཟེར་གྱིས་བརྒྱན་པ་རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ཉིད་ལ་ཞུས་ཤིག་ དང ། དེ་ཉིད་ཁྱོད་ལ་ལན་འདེབས་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པ་སངས་རྒྱས་ཀྱི་མཐུ་དང ། ཏིང་ངེ་འཛིན་གྱི་མཐུ་དང ། བདག་གི་དགེ་བའི་རྩ་བའི་སྟོབས་བསྐྱེད་པས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ་འཇིག་རྟེན་གྱི་ཁམས་རྣམ་པར་སྤུད་པ་ཞེས་བྱ་བར་ སོང་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་འོད་ཟེར་གྱིས་བརྒྱན་པ་རྣམ་པར་འཕྲུལ་པའི་རྒྱལ་པོའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་ཏེ། ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་དེ་ལ་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་སྐུ་ཚེའི་ཚད་ཇི་ཙམ་ལགས། ཇི་སྲིད་ན་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར། བཅོམ་ལྡན་འདས་དེས་བཀའ་སྩལ་པ། བློ་གྲོས་བརྟན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་ཇི་ཙམ་པ་བཞིན་
55-1-309b
ཏེ། བློ་གྲོས་བརྟན་པ་ཚེའི་ཚད་ནི་བསྐལ་པ་གྲངས་མེད་པ་བདུན་བརྒྱའོ། །ངའི་ཚེའི་ཚད་ཇི་ཙམ་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་ཀྱང་དེ་ཙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པ་ངོ་མཚར་དུ་གྱུར་ནས། ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ འོད་ཟེར་གྱིས་བརྒྱན་པ་རྣམ་པར་འཕྲུལ་པའི་རྒྱལ་པོའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལན་གསུམ་བསྐོར་ཏེ། སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་འོངས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་རྣམ་པར་སྣང་མཛད་འོད་ཟེར་གྱིས་བརྒྱན་པ་རྣམ་པར་འཕྲུལ་པའི་རྒྱལ་པོ་དེའི་སྐུ་ཚེའི་ཚད་ནི་བསྐལ་པ་གྲངས་མ་མཆིས་པ་བདུན་བརྒྱ་ལགས་ཏེ། ངའི་ཚེའི་ཚད་ཇི་ཙམ་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་ཀྱང་དེ་ཙམ་མོ་ཞེས་བཀའ་སྩལ་ཏོ། །དེ་ནས་སངས་ རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་བདག་གིས་འཚལ་བ་དང ། བདག་ཇི་ལྟར་སེམས་པ་ལྟར་ན། བཅོམ་ལྡན་འདས་ཉིད་འཇིག་རྟེན་གྱི་ཁམས་རྣམ་པར་སྤུད་པ་དེའི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་འོད་ཟེར་གྱིས་བརྒྱན་པ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་ བགྱི་བ་དེ་ལགས་ཏེ། མཚན་དེ་ཉིད་ཀྱིས་སེམས་ཅན་རྣམས་ལ་སྨན་པ་དང ། བདེ་བའི་སླད་དུ་ཆོས་འཆད་དོ་སྙམ་བགྱིད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། ལེགས་སོ་ལེགས་སོ། །ཀུན་དགའ་བོ་ཁྱོད་སངས་རྒྱས་ཀྱི་ མཐུས་རབ་ཏུ་ཤེས་སོ། །ང་ཉིད་དེ་ཡིན་ཏེ། འཇིག་རྟེན་གྱི་ཁམས་རྣམ་པར་སྤུད་པ་ཞེས་བྱ་བ་དེ་ན་སེམས་ཅན་རྣམས་ལ་ཕན་པ་དང ། བདེ་བའི་ཕྱིར་མིང་དེ་ཉིད་ཀྱིས་ཆོས་འཆད་དོ། །ཀུན་དགའ་བོ་དེ་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་ཡིན་ནོ། །དེ་ནས་བཅོམ་
55-1-310a
ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པ་ལ་བཀའ་སྩལ་པ། བློ་གྲོས་བརྟན་པ་དེ་ལྟར་ན་ངའི་ཚེའི་ཚད་ནི་བསྐལ་པ་གྲངས་མེད་པ་བདུན་བརྒྱ་སྟེ། དེའི་འོག་ཏུ་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདས་སོ། །ཐམས་ཅད་དང་ལྡན་ པའི་འཁོར་དེས་སངས་རྒྱས་ཀྱི་སྐུ་ཚེའི་ཚད་འདི་ཐོས་ནས་མགྲིན་གཅིག་ཏུ་ཚིག་འདི་སྐད་ཅེས་ངོ་མཚར་ཏོ། །སངས་རྒྱས་བཅོམ་ལྡན་འདས་ཆེ་བའི་བདག་ཉིད་རྣམས་ཀྱི་བཞུགས་པ་དང ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་དང་ཡོན་ཏན་གྱི་ཁྱད་པར་བསམ་གྱིས་མི་ཁྱབ་པ་ཐུགས་སུ་ ཆུད་པ་དང ། སྤྱོད་པའི་ཁྱུ་མཆོག་ཏུ་གྱུར་པ་ཐམས་ཅད་ངོ་མཚར་ཏེ། དེ་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་ནི་བསྐལ་པ་གྲངས་མེད་པ་བདུན་བརྒྱ་ལགས་ན། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་ནི་སྐུ་ཚེའི་ཚད་ཐུང་བར་གདའོ། །སེམས་ཅན་ཐམས་ཅད་ཀྱིས་ཚེའི་ཚད་ འདི་དང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་པར་ཤོག་ཤིག་།ཅེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པ་ལ་བཀའ་སྩལ་པ། བློ་གྲོས་བརྟན་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་བཤད་པ་འདི་གྲོང་ངམ། གྲོང་ཁྱེར་རམ། ཡུལ་ ལམ། ལྗོངས་སམ། གཙུག་ལག་ཁང་ངམ། དགོན་པ་ཡང་རུང་སྟེ། གང་དུ་སྤྱོད་པར་འགྱུར་བ་དེར་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་གླགས་ལྟ་ཞིང་ཀླན་ཀ་ཚོལ་བ་དག་གིས་གླགས་རྙེད་པར་མི་འགྱུར་རོ། །བློ་གྲོས་བརྟན་པ་ཆོས་སྨྲ་བ་དེ་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ ཡི་གེར་འདྲིའམ། ཀློག་གམ། ལུང་ནོད་དམ། ཁ་ཏོན་བྱེད་དམ། འཆང་ན། མིའམ་མི་མ་ཡིན་པ་ལས་འཇིགས་པར་མི་འགྱུར་བར་རེ་བར་བྱ་བའི་སྟེང་དུ། དེ་ཡོན་ཏན་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཉི་ཤུ་ཐོབ་པར་རེ་བར་བྱའོ། །ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། བསོད་ ནམས་བསམ་གྱིས་མི་ཁྱབ་པ་དང ། ཤེས་རབ་བསམ་གྱིས་མི་ཁྱབ་པ་དང ། ཐབས་བསམ་གྱིས་མི་ཁྱབ་པ་དང ། སྤོབས་པ་བསམ་གྱིས་མི་ཁྱབ་པ་དང ། ཆོས་སྣང་བ་བསམ་གྱིས་མི་ཁྱབ་པ་དང ། གཟུངས་ཀྱི་སྒོ་ལ་འཇུག་པ་བསམ་གྱིས་མི་ཁྱབ་པ་དང ། ཆོས་ཀྱི་
55-1-310b
སྒོར་འཇུག་པ་བསམ་གྱིས་མི་ཁྱབ་པ་དང ། དྲན་པ་དང ། བློ་གྲོས་དང ། རྟོགས་པའི་སྣོད་བསམ་གྱིས་མི་ཁྱབ་པ་དང ། མངོན་པར་ཤེས་པ་བསྒྲུབ་པ་བསམ་གྱིས་མི་ཁྱབ་པ་དང ། སེམས་ཅན་ཐམས་ཅད་ཀྱི་སྐད་ལ་འཇུག་པ་བསམ་གྱིས་མི་ཁྱབ་པ་དང ། སེམས་ཅན་གྱི་སྤྱོད་པ་དང ། བསམ་པ་ལ་འཇུག་པ་བསམ་གྱིས་མི་ཁྱབ་པ་དང ། སངས་རྒྱས་མཐོང་བ་བསམ་གྱིས་མི་ཁྱབ་པ་དང ། ཆོས་ཐོས་པ་བསམ་གྱིས་མི་ཁྱབ་པ་དང ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་བསམ་གྱིས་མི་ཁྱབ་པ་དང ། ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་དང ། ཞིང་གི་ ཡོན་ཏན་བཀོད་པའི་ཡོན་ཏན་བསྒྲུབ་པ་བསམ་གྱིས་མི་ཁྱབ་པ་དང ། གཟུགས་དང ། མཚན་མཛེས་པ་བསམ་གྱིས་མི་ཁྱབ་པ་དང ། བསྔགས་པ་དང ། ཡོན་ཏན་དང ། སྙན་པ་དང ། བརྗོད་པ་བསམ་གྱིས་མི་ཁྱབ་པ་དང ། ཕ་རོལ་ཏུ་ཕྱིན་པ་སྦྱངས་པ་བསམ་གྱིས་མི་ཁྱབ་པ་དང ། ཆོས་རྟོགས་པ་བསམ་གྱིས་མི་ཁྱབ་པ་སྟེ། བློ་གྲོས་བརྟན་པ་ཆོས་སྨྲ་བ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་བརྩོན་པ་ཡི་གེར་འདྲིའམ། ཀློག་གམ། ལུང་ནོད་དམ། ཁ་ཏོན་བྱེད་དམ། སྟོན་ན་ཡོན་ཏན་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཉི་ཤུ་པོ་དེ་དག་ཡོངས་སུ་འཛིན་ཏོ། །བློ་གྲོས་ བརྟན་པ་དེ་ལྟ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཚེ་འདིའམ་ཚེ་རབས་གཞན་ལ་ཡོན་ཏན་ཡོངས་སུ་འཛིན་པར་འདོད་པས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཡི་གེར་འདྲི་བ་དང ། བཀླག་པ་དང ། ལུང་ནོད་པ་དང ། ཁ་ཏོན་བྱ་བ་དང ། བཤད་པ་ལ་བརྩོན་པར་བྱའོ། །བློ་གྲོས་ བརྟན་པ་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བྱང་ཆུབ་འདོད་པས་བསྐལ་པ་བརྒྱ་ཕྲག་སྟོང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་བས། གང་གིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོས་མ་ཐག་ཏུ་སེམས་མ་ཞུམ་ལ་མི་སྐྲག་མི་དངང ། དངང་བར་མི་འགྱུར་ཞིང་མོས་པར་བྱེད་ན། དེ་ནི་ཆེས་ མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འགྱུར་ན་གང་གིས་ཐོས་ནས་ལུང་འབོག་པའམ་གཞན་ལ་འཆད་པར་འགྱུར་བ་ལྟ་ཅི་སྨོས། དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པ་ཐོས་ནས་མི་འཇིགས་པར་འདོད་པས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་
55-1-311a
དཀོན་མཆོག་འདི་མཉན་པར་བྱའོ། །མ་ཐོས་པའི་ཆོས་རྣམས་ཐོས་ནས་མི་སྤོང་བར་འདོད་པ་དང ། ལྡེམ་པོ་ངག་རྟོགས་པར་འདོད་པ་དང ། ཡེ་ཤེས་མངོན་སུམ་དུ་གྱུར་པ་རྟོགས་པར་འདོད་པས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་མོས་པར་བྱའོ། །དཔའ་བར་འགྲོ་བའི་ ཏིང་ངེ་འཛིན་འདི་བཤད་པའི་ཚེ་སེམས་ཅན་གྲངས་མེད་ཚད་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་སོ། །གང་བྱང་ཆུབ་སེམས་དཔའི་ས་ལ་གནས་པ་ནི་དེ་བས་ཀྱང་ཤིན་ཏུ་ཚད་མེད་དོ། །གང་དག་བཟོད་པ་ཐོབ་པར་གྱུར་པ་ནི་དེ་བས་ཀྱང་ཤིན་ཏུ་ཚད་མེད་དོ། ། སྐྱེ་བ་གཅིག་གིས་ཐོགས་པ་ཡང་ཚད་མེད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཁྲི་བརྒྱད་སྟོང་གིས་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་བོ། །སྲོག་ཆགས་བརྒྱད་ཁྲི་དྲུག་སྟོང་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དགེ་སློང་དང ། དགེ་སློང་མ་ཉི་ ཁྲི་བརྒྱད་སྟོང་ནི་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །དགེ་བསྙེན་དང ། དགེ་བསྙེན་མ་བརྒྱད་ཁྲི་དྲུག་སྟོང་ནི་ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ་།ལྷ་ཁྲག་ཁྲིག་ཕྲག་སུམ་ཅུ་རྩ་དྲུག་གིས་ནི་ཆོས་མངོན་པར་རྟོགས་པར་གྱུར་ཏོ། །དེ་ ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལ་དོན་ལས་སྐྱེས་པའི་ཚིག་ཇི་ལྟ་བུ་དག་གིས་མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདས་པ་རྣམས་ཀྱི་བསླབ་པ་སློབ་ཅིང་ ལོབས་ནས་སྤོབས་པ་རྒྱུན་མི་འཆད་པ་འཐོབ་པར་འགྱུར་བ་དེ་ལྟ་བུའི་དོན་ལས་སྐྱེས་པའི་ཚིག་བདག་ལ་བཤད་དུ་གསོལ། དོན་ལས་སྐྱེས་པའི་ཚིག་ཇི་ལྟ་བུས་གཟུངས་ཐོབ་པར་འགྱུར་བའི་དོན་ལས་སྐྱེས་པའི་ཚིག་དེ་དག་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། དེ་ནི་སྐྱེ་བོ་མང་པོ་ ལ་སྨན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་སྙིང་བརྩེ་བ་དང ། སྐྱེ་བོ་ཕལ་པོ་ཆེ་དང ། ལྷ་དང་མི་རྣམས་ཀྱི་དོན་དང ། སྨན་པ་དང ། བདེ་བ་དང ། གང་མ་འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཕྱི་མའི་ཚེ་ཕྱི་མའི་དུས་ལ། དེ་བཞིན་གཤེགས་
55-1-311b
པས་བསྐལ་པ་བྱེ་བ་དུ་མར་ཡང་དག་པར་བསྒྲུབས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཛིན་པར་འགྱུར་བ་དང ། དམ་པའི་ཆོས་ནུབ་ནས་སླར་ཡང་དེ་དག་ཆོས་ཀྱི་སྒྲོན་མ་འབར་བར་བགྱིད་པ་དང ། དམ་པའི་ཆོས་ཡོངས་སུ་འཛིན་པའི་སླད་དུ་འཇུག་པར་འགྱུར་བ་དང ། ཆོས་ ཐམས་ཅད་ཀྱི་ཡང་དག་པའི་མཐའ་དང ། དེ་བཞིན་ཉིད་མཐོང་བ་དང ། ལྷག་པའི་ང་རྒྱལ་ཅན་རྣམས་ཚར་གཅད་པར་འགྱུར་བ་དང ། མུ་སྟེགས་ཅན་གཞན་སྤྱོད་པ་ཅན་དང ། ཀུན་ཏུ་རྒྱུ་དག་ཚར་གཅོད་ཅིང་འཇོམས་པར་འགྱུར་བ་དང་།འདི་ལྟ་སྟེ། ཆོས་ཐམས་ཅད་མི་དམིགས་པའི་ འཁོར་ལོ་དང ། མ་གཡོས་པའི་འཁོར་ལོ་དང ། མི་གནས་པའི་འཁོར་ལོ་དང ། མ་འདྲེས་པའི་འཁོར་ལོ་དང ། མ་བརྙས་པའི་འཁོར་ལོ་དང ། སྟོང་པ་ཉིད་ཀྱི་འཁོར་ལོ་དང ། མཚན་མ་མེད་པའི་འཁོར་ལོ་དང ། སྨོན་པ་མེད་པའི་འཁོར་ལོ་དང ། མཚན་ཉིད་མེད་པའི་འཁོར་ལོ་ དང ། ཆོས་ཐམས་ཅད་ཀྱི་འཁོར་ལོ་དང ། ཚིག་དང་ཡི་གེའི་དོན་ཡང་དག་པར་བསྟན་པའི་འཁོར་ལོ་དང ། མངོན་པར་འདུ་མི་བྱེད་པའི་འཁོར་ལོ་དང ། བརྗོད་དུ་མེད་པའི་འཁོར་ལོ་དང ། ཕྱེ་སྟེ་བརྟགས་པ་མ་ཡིན་པའི་འཁོར་ལོ་དང ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་འཁོར་ལོ་དང ། དོན་མཉམ་པར་བསྟན་པའི་འཁོར་ལོ་དང ། ཆོས་རྣམས་སྨོས་པའི་འཁོར་ལོ་དང ། སྒྲིབ་པ་མེད་པའི་འཁོར་ལོ་དང ། ཆོས་ཐམས་ཅད་ལ་མི་ཆགས་པའི་འཁོར་ལོ་དག་གི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྗེས་སུ་སྐོར་བར་འགྱུར་ལ། འཁོར་ལོ་དེ་བསྐོར་མ་ཐག་ཏུ་ལྷ་དང་མིར་བཅས་པའི་ འཇིག་རྟེན་འཇིགས་ཤིང་དངངས་པར་འགྱུར་བ་དང ། བཅོམ་ལྡན་འདས་གང་མངོན་པའི་ང་རྒྱལ་ཅན་ཐམས་ཅད་དང ། མུ་སྟེགས་ཅན་གཞན་སྤྱོད་པ་ཅན་དང ། ཀུན་ཏུ་རྒྱུ་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མ་ལགས་པའི་དོན་ལས་སྐྱེས་པའི་ཚིག་རྒྱ་ཆེར་བཤད་དུ་གསོལ། དེ་ནི་ལྷ་དང་ མི་དང ། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་སྣང་བར་འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཁྱོད་དེ་བཞིན་གཤེགས་པ་ལ་དོན་དེ་ཞུ་བར་སེམས་པ་ལེགས་སོ་ལེགས་སོ། །
55-1-312a
ཁྱོད་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་སྙིང་བརྩེ་བ་དང ། སྐྱེ་བོ་ཕལ་པོ་ཆེ་དང ། ལྷ་དང་མི་རྣམས་ཀྱི་དོན་དང ། ཕན་པ་དང ། བདེ་བ་དང ། ད་ལྟར་དང་མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་གྱི་ཕྱིར་ཞུགས་པ་ ཡིན་ནོ། །འཇམ་དཔལ་ཁྱོད་གསོལ་བ་འདེབས་པའི་ཚིག་འདི་ནི་དེ་བཞིན་གཤེགས་པའི་མཐུས་སྐྱེས་སོ། །འཇམ་དཔལ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་བཅོམ་ལྡན་འདས་ ཀྱི་ལྟར་མཉན་པ་དང ། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཆོས་ཐམས་ཅད་ནི་རྒྱུ་བ་མེད་པའི་ཕྱིར་མི་གནས་པའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་མེད་པའི་ཕྱིར་ཡོངས་སུ་འཛིན་པ་མེད་པའོ། །འཇམ་དཔལ་ ཆོས་ཐམས་ཅད་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་མི་དམིགས་པའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་མི་འཁྲུགས་པའི་ཕྱིར་ཀུན་ནས་སློང་བ་མེད་པའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་འབྲལ་བ་མེད་པའི་ཕྱིར་མ་འཁྲུགས་པའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ཕྱིར་ དབྱེར་མེད་པའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་འདི་ལྟ་སྟེ། མཚན་ཉིད་མེད་པའི་ཕྱིར་འདུ་ཤེས་མེད་པའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་མེད་པའི་ཕྱིར་མཚན་ཉིད་མེད་པའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་འདི་ལྟ་སྟེ། འདུ་བྱེད་མི་དམིགས་པའི་ཕྱིར་ཡ་མ་བརླའོ། །འཇམ་ དཔལ་ཆོས་ཐམས་ཅད་ནི་འདི་ལྟ་སྟེ། སེམས་ཅན་མི་དམིགས་པའི་ཕྱིར་མངོན་པར་འདུས་མ་བྱས་པའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་བྱེད་པ་པོ་མི་དམིགས་པའི་ཕྱིར་འདུས་མ་བྱས་པའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་མིག་མི་དམིགས་པའི་ཕྱིར་མཐོང་བ་པོ་མེད་པའོ། །འཇམ་ དཔལ་ཆོས་ཐམས་ཅད་ནི་སེམས་མི་དམིགས་པའི་ཕྱིར་རྣམ་པར་ཤེས་པ་དང་བྲལ་བའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་ཚད་མེད་པའི་ཕྱིར་མཐའ་ཡས་པའི་མུའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་འདི་ལྟ་སྟེ། སེམས་ཅན་ཚད་མེད་པའི་ཕྱིར་ཚད་མེད་པའོ། །འཇམ་དཔལ་ཆོས་
55-1-312b
ཐམས་ཅད་ནི་འདི་ལྟ་སྟེ། གཉེན་པོ་མི་དམིགས་པའི་ཕྱིར་སྒྲིབ་པ་མེད་པའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་འདི་ལྟ་སྟེ། མཉམ་པ་ཉིད་ཀྱི་ཕྱིར་གཉེན་པོ་མེད་པའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་འདི་ལྟ་སྟེ། སྣ་ཚོགས་མི་དམིགས་པའི་ཕྱིར་མཉམ་པའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་འདི་ལྟ་སྟེ། ཐ་མ་དང་མཆོག་དང་མཚུངས་པ་མི་དམིགས་པའི་ཕྱིར་སྣ་ཚོགས་མེད་པའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་འདི་ལྟ་སྟེ། མི་འོང་བའི་ཕྱིར་མི་འཕོ་བའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་འདི་ལྟ་སྟེ། འབྱུང་བ་མེད་པའི་ཕྱིར་མ་འོངས་པའོ། །འཇམ་དཔལ་ ཆོས་ཐམས་ཅད་ནི་འདི་ལྟ་སྟེ། དུས་གསུམ་མཉམ་པའི་ཕྱིར་ལྟོས་པ་མེད་པའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་འདི་ལྟ་སྟེ། འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བ་མི་དམིགས་པའི་ཕྱིར་དུས་གསུམ་ལས་འདས་པའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་འདི་ལྟ་སྟེ། དབྱེ་བ་མི་དམིགས་པའི་ཕྱིར་རྡོ་རྗེ་ལྟ་བུའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་འདི་ལྟ་སྟེ། རྣམ་པར་འཇིག་པ་མེད་པའི་ཕྱིར་གཡོ་བ་མེད་པའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་འདི་ལྟ་སྟེ། ཡང་དག་པའི་མཐའ་རྣམ་པར་མི་རིག་པའི་ཕྱིར་མ་ཞིག་པའོ། །འཇམ་དཔལ་ཆོས་ཐམས་ ཅད་ནི་འདི་ལྟ་སྟེ། མི་དམིགས་པའི་ཕྱིར་མྱ་ངན་ལས་འདས་པ་དང་མཉམ་པ་ཡིན་ཏེ། འཇམ་དཔལ་མ་ཆགས་པའི་ཚིག་དེ་དག་ནི་མཚན་མ་མེད་པའི་ཚིག་གོ། །མ་སྤྲོས་པའི་ཚིག་གོ། །རྙོག་པ་མེད་པའི་ཚིག་གོ། །མ་ནོར་བའི་ཚིག་གོ། །མ་གཡོས་པའི་ཚིག་གོ། །མི་འཕྲོགས་པའི་ཚིག་ གོ། །ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པའོ། །ང་རྒྱལ་ཅན་ཐམས་ཅད་ཀྱིས་ཟིལ་གྱིས་མ་ནོན་པའོ། །འདི་ནི་མུ་སྟེགས་ཅན་དང ། ཕས་ཀྱི་རྒོལ་བ་རྣམས་ཀྱིས་མ་ཡིན་ནོ། །དམིགས་པར་ལྟ་བ་དང ། གང་ཟག་ཏུ་ལྟ་བ་དང ། སེམས་ཅན་དུ་ལྟ་བ་དང ། མཚན་ མར་ལྟ་བ་རྣམས་ཀྱིས་མ་ཡིན་ནོ། །སེམས་ཅན་འདུ་བྱེད་སྤྱོད་པ་ཐམས་ཅད་ཀྱིས་མ་ཡིན་ནོ། །འཇམ་དཔལ་དེ་དག་ནི་དོན་ལས་སྐྱེས་པའི་ཚིག་རྣམས་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ནི་དེས་ཤེས་རབ་ཀྱི་སྟོབས་བསྐྱེད་པ་ཐོབ་ཅིང ། ཆོས་ཐམས་ཅད་ཀྱང་
55-1-313a
རྟོགས་པར་ཁོང་དུ་ཆུད་པ་ཡིན་ནོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་གནས་པ། དེ་ལྟར་ཞུགས་པ་དག་ལ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སྤོབས་པ་ཉེ་བར་སྒྲུབ་བོ། །འཇམ་དཔལ་འདི་ ལྟ་སྟེ། དཔེར་ན་རི་དགས་ཀྱི་རྒྱལ་པོ་སེང་གེ་རལ་པ་ཅན་རིགས་བཙུན་པ་ནི་ཝ་དང་རྐང་པ་བཞི་པ་འོངས་པ་ཐམས་ཅད་ལ་ནི་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་ཏེ། ཐ་ན་དེ་སྤུ་ཟིང་ཞེས་བྱེད་པ་ཙམ་དུ་ཡང་མི་འགྱུར་རོ། །འཇམ་དཔལ་དེ་བཞིན་དུ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་དམིགས་པ་འདི་ལྟ་བུ་དག་ལ་བསླབས་པར་གྱུར་པ་ནི་ཕས་ཀྱི་རྒོལ་བ་དང་ཀུན་ཏུ་རྒྱུ་དམིགས་པར་ལྟ་བ་ཅན་ཐམས་ཅད་ནས། མངོན་པར་འདུ་བྱེད་པ་ཅན་དག་གི་བར་ལ་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་སེང་གེའི་སྒྲ་ཆེན་པོ་སྒྲོགས་པའི་ཕྱིར་རོ། །འཇམ་དཔལ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཆོས་ཐམས་ཅད་ལ་མི་གནས་པའི་ཕྱིར་ཡོན་ཏན་གྱི་བྱེ་བྲག་དེ་འདྲ་བར་འགྱུར་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ པར་རྫོགས་པར་སངས་རྒྱས་པ་རྣམས་ལྟ་ཅི་སྨོས། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་གསུངས་སོ། །ཆོས་རྣམས་ཐམས་ཅད་མི་གནས་ཏེ། །རང་ བཞིན་གྱིས་ནི་དབེན་པའི་ཕྱིར། །དེ་དག་གི་ནི་གནས་མེད་དེ། །དེ་ཕྱིར་གནས་པ་མེད་ཅེས་བྱ། །ཆོས་རྣམས་རང་བཞིན་འོད་གསལ་བས། །དེ་དག་དངོས་པོ་ཡོད་མ་ཡིན། །གང་ན་དངོས་པོ་མེད་གྱུར་པ། །དེ་ནི་ཆོས་ཀྱི་རྣམ་དག་ཡིན། ། དངོས་པོ་ཡོད་པ་མ་ཡིན་པས། །དེ་ན་ཆགས་པ་མེད་པ་ཡིན། །གང་ན་ཆགས་པ་མེད་གྱུར་པ། །དེ་ཡི་ཕྱིར་ནི་གཟུངས་ཞེས་བྱ། །ཆོས་རྣམས་ཐམས་ཅད་དེ་འདྲ་སྟེ། །དེ་ན་ཚིག་ནི་ཡོད་མ་ཡིན། །ཆོས་རྣམས་མང་པོའི་རྒྱ་མཚོ་ནི། །དེ་ནི་
55-1-313b
གཟུངས་ཞེས་གསུངས་པ་ཡིན། །གང་ན་དངོས་པོ་མེད་གྱུར་པ། །དེ་ན་དེ་ཡང་མི་རྟོགས་ཏེ། །གང་ན་བདག་ཏུ་མི་རྟོགས་པ། །གཟུངས་ཉིད་ཡིན་པར་ཤེས་པར་གྱིས། །ཆོས་ཀུན་ཉེ་བར་ཞི་བ་སྟེ། །རང་བཞིན་གྱིས་ནི་མཚན་ཉིད་མེད། །གང་ཞིག་ཡེ་ཤེས་ དེར་འཇུག་པ། །དེ་ཡང་གཟུངས་ནི་མྱུར་དུ་འཐོབ། །ཆོས་རྣམས་ཐམས་ཅད་གཡོ་བ་མེད། །དེ་ན་འཇིག་རྟེན་མེད་པ་སྟེ། །གང་ན་འཇིག་རྟེན་ཡོད་མིན་པ། །དེ་ནི་གཟུངས་ཞེས་བྱ་བ་ཡིན། །ཆོས་ཀུན་གྲུབ་པ་མེད་པ་སྟེ། །གང་ན་དངོས་པོ་མེད་པ་དང ། ། གང་ན་ཅི་ཡང་གྲུབ་མེད་པ། །དེ་ནི་གཟུངས་ཞེས་བྱ་བ་ཡིན། །ཆོས་རྣམས་ཐམས་ཅད་གཟུང་དུ་མེད། །དེ་ལ་ཐོག་མ་ཡོད་མ་ཡིན། །གང་ལ་ཐོག་མ་མེད་གྱུར་པ། །དེ་ཕྱིར་གཟུངས་སུ་ཤེས་པར་གྱིས། །ཆོས་རྣམས་ཐམས་ཅད་མ་སྐྱེས་ཏེ། །རྟོགས་པ་ ལས་ནི་ཀུན་ཏུ་བྱུང ། །གང་ན་རྟོག་པ་མེད་གྱུར་པ། །དེ་ཕྱིར་གཟུངས་སུ་ཤེས་པར་གྱིས། །ཆོས་རྣམས་ཐམས་ཅད་མེད་པར་གནས། །མི་རྟོག་པར་ནི་བསྟན་པ་སྟེ། །འདི་ལ་བསྟན་པ་ཅུང་ཟད་མེད། །དེས་ན་བསྟན་ཅེས་བྱ་བ་ཡིན། །ཆོས་རྣམས་ ཐམས་ཅད་མ་འདྲེས་ཏེ། །འདི་ལ་ངོ་བོ་ཉིད་ཀྱང་མེད། །གང་ན་ཆོས་སུ་དམིགས་མེད་པ། །དེ་ནི་དེ་ན་ཐ་དད་མེད། །ཆོས་རྣམས་ཐམས་ཅད་མ་ཆགས་ཏེ། །དེ་ནི་ནམ་མཁའ་མཚུངས་ཤིང་འདྲ། །ཆོས་ཀྱི་རང་བཞིན་དེ་ཡིན་ཏེ། །གཟུངས་ཞེས་པ་ཡང་དེ་ཡིན་ ནོ། །ཆོས་རྣམས་ཐམས་ཅད་མཚན་ཉིད་གཅིག་།འདི་ན་གཅིག་ཀྱང་མེད་པ་སྟེ། །འདི་ན་རང་བཞིན་ཐ་དད་མེད། །དེ་བས་དེ་དག་མཚན་ཉིད་གཅིག་།ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །དེ་ན་དངོས་པོ་མེད་པ་སྟེ། །གང་ན་དངོས་པོ་མེད་གྱུར་པ། །དེ་ ཕྱིར་གཟུངས་ཞེས་བྱ་བ་ཡིན། །ཆོས་རྣམས་ཐམས་ཅད་དབེན་པས་ན། །དེ་ན་ངོ་བོ་ཉིད་མེད་དེ། །གང་ན་དངོས་པོ་མི་དམིགས་པ། །དེ་ནི་གཟུངས་སུ་ཤེས་པར་གྱིས། །ཆོས་རྣམས་ཐམས་ཅད་མི་གནས་ཏེ། །ལྡང་བ་བྱེད་པའང་མེད་པ་ཡིན། །གང་ན་
55-1-314a
ལྡང་བ་མེད་གྱུར་པ། །དེ་ནི་མྱ་ངན་འདས་ཞེས་བྱ། །ཆོས་ཀུན་མངོན་པར་འདུས་མ་བྱས། །སེམས་ཅན་དག་ཀྱང་དེ་ན་མེད། །སེམས་ཅན་རང་བཞིན་གང་ཡིན་པ། །དེ་ནི་གཟུངས་ཞེས་བྱ་བ་ཡིན། །ཆོས་རྣམས་ཐམས་ཅད་མ་བྱས་ཏེ། །བྱེད་པ་པོ་ཡང་དེ་ན་མེད། །གང་དག་ལས་ ཀྱི་བྱ་བ་མེད། །དེ་ནི་གཟུངས་ཞེས་བྱ་བ་ཡིན། །མིག་ནི་ཡོད་པ་མ་ཡིན་པས། །ཆོས་རྣམས་ཐམས་ཅད་མཐོང་བ་མེད། །གང་ན་མིག་ནི་མི་དམིགས་པ། །དེ་ན་མེད་ཅེས་བྱ་བ་ཡིན། །སེམས་ནི་ཡོད་པ་མ་ཡིན་པས། །ཆོས་རྣམས་རྣམ་པར་ཤེས་དང་བྲལ། །སེམས་དང་ཤེས་པ་མེད་པས་ ན། །རྣམ་པར་ཤེས་པ་མེད་པ་ཡིན། །གང་ན་ཤེས་དང་དེ་བཞིན་དུ། །མི་ཤེས་པ་ཡང་མེད་པ་དང ། །གང་ན་སེམས་ནི་ཡོད་མ་ཡིན། །དེ་ཙམ་གྱིས་ནི་ཡེ་ཤེས་སོ། །ཇི་ཙམ་དུ་ནི་རྣམ་རྟོག་པ། །ཡེ་ཤེས་དང་ནི་མི་ཤེས་འགྱུར། །རྟོག་དང་སྒྲིབ་པ་མེད་གྱུར་ན། །དེ་ལ་ཡེ་ཤེས་ཞེས་ཀྱང་ བྱ། །ཆོས་རྣམས་ཐམས་ཅད་དངོས་པོ་མེད། །མིང་ཙམ་དུ་ཡང་བཤད་པ་སྟེ། །ཡེ་ཤེས་དང་ནི་མི་ཤེས་པ། །དེ་ཡང་དེ་བཞིན་ཤེས་པར་གྱིས། །ཆོས་རྣམས་ཐམས་ཅད་མེད་པ་སྟེ། །འདི་ན་ཅི་ཡང་ཡོད་མ་ཡིན། །གང་ན་ཆོས་རྣམས་ཡོད་མིན་པ། །དེ་ནི་ཆོས་ཀྱི་མཆོག་ཡིན་ནོ། ། ཆོས་རྣམས་ཐམས་ཅད་རང་བཞིན་གྱིས། །ཚད་མེད་པར་ནི་བསྟན་པ་སྟེ། །སེམས་ཅན་རང་བཞིན་གང་ཡིན་པ། །དེ་ནི་གཟུངས་ཞེས་བྱ་བ་ཡིན། །ཆོས་རྣམས་ཐམས་ཅད་གསོག་ཡིན་ཏེ། །དེ་ལ་སྙིང་པོ་ཡོད་མ་ཡིན། །གང་ན་སྙིང་པོ་ཡོད་མིན་པ། །དེ་ནི་གཟུངས་ཀྱི་མཚན་ཉིད་ཡིན། །ཆོས་ རྣམས་ཐམས་ཅད་གཉེན་པོ་མེད། །དེ་ལྟར་མཚན་ཉིད་གཅིག་པ་སྟེ། །མཚན་ཉིད་མེད་པའི་ཆོས་རྣམས་ཀྱི། །གཉེན་པོ་ཡོད་པ་མ་ཡིན་ནོ། །ཆོས་ཀུན་བྱེ་བྲག་མེད་པ་སྟེ། །དམ་པ་དང་ནི་ཐ་མ་མེད། །འདི་ལ་འདྲ་བ་གང་ཡང་མེད། །དེ་ཡི་ཕྱིར་ནི་གཟུངས་ཞེས་བྱ། ་།མཚུངས་ཤིང་མཉམ་པར་ ཞུགས་པས་ན། །ཆོས་ཀུན་ལ་ནི་སྣ་ཚོགས་མེད། །གང་ན་སྣ་ཚོགས་ཡོད་མིན་པ། །དེ་ནི་གཟུངས་ཞེས་བྱ་བ་ཡིན། །ཆོས་རྣམས་ཐམས་ཅད་མེད་པས་ན། །འདིར་ནི་འོང་བ་ཡོད་མ་ཡིན། །འདིར་ནི་གཞན་ཡང་འཕོ་བ་མེད། །དེར་ནི་ཆོས་ཀྱི་ཆོས་ཉིད་ཡིན། །ཆོས་རྣམས་ཐམས་ཅད་མ་འོངས་
55-1-314b
པས། །འདིར་ནི་འདུ་བར་འགྱུར་བ་མེད། །གང་ན་འདུ་བ་ཡོད་མིན་པ། །དེ་ནི་གཟུངས་ཞེས་བྱ་བ་ཡིན། །ཆོས་ཀུན་བསམ་གྱིས་མི་ཁྱབ་སྟེ། །དེ་ནི་ཡོད་དང་མེད་པ་མེད། །དེ་ནི་འཛིན་པ་ཡོད་མ་ཡིན། །དེ་ནི་གཟུངས་ཀྱི་མཚན་ཉིད་དོ། །རང་བཞིན་གྱིས་ནི་བདག་ མེད་པས། །ཆོས་རྣམས་ཐམས་ཅད་ལྟོས་པ་མེད། །གང་ཡང་བདག་ནི་མེད་བཤད་པ། །དེ་ཕྱིར་དངོས་མེད་ཤེས་པར་གྱིས། །ཁམས་གསུམ་ལས་ནི་འདས་གྱུར་པར། །གཟུངས་ལ་རབ་ཏུ་ཤེས་པར་གྱིས། །ཆོས་རྣམས་ཐོབ་པ་མེད་པས་ན། །དེ་ནི་གཟུངས་ཞེས་ བརྗོད་པ་ཡིན། །ཆོས་རྣམས་ཐམས་ཅད་རྡོ་རྗེ་བཞིན། །དེ་དག་ལ་ནི་ཐ་དད་མེད། །དེ་ལྟར་དངོས་པོ་སྟོང་པ་སྟེ། །དེ་ཡི་ཕྱིར་ནི་དངོས་པོ་མེད། །ཆོས་ཀུན་གཡོ་བ་མེད་པ་སྟེ། །དེ་དག་ལ་ནི་བཤིག་པ་མེད། །དེ་དག་ལ་ནི་སྐྱེ་བ་མེད། །དེ་ཡི་ཕྱིར་ནི་བཤིག་པ་མེད། །ཆོས་རྣམས་ ཐམས་ཅད་འཇིག་མེད་ན། །ཡང་དག་རྗེས་སུ་མཐོང་བ་སྟེ། །གང་དག་གི་ནི་བྱང་ཆུབ་མཆོག་།དེ་ནི་ཅུང་ཟད་རྟོགས་པ་མེད། །ཕྲ་རབ་ཆོས་ཀྱང་མ་དམིགས་པས། །སངས་རྒྱས་ཀྱི་ནི་བྱང་ཆུབ་བཤད། །ཆོས་རྣམས་ཐམས་ཅད་གཟུང་དུ་མེད། །དེ་ནི་བྱང་ཆུབ་མཚན་ ཉིད་དོ། །གཟུགས་ཉིད་རང་བཞིན་མེད་པའི་ཕྱིར། །གཟུངས་ལ་གཟུགས་ནི་མེད་པར་བཤད། །གཞན་དུ་གཟུགས་ནི་མ་གཏོགས་པར། །གཟུངས་སུ་དམིགས་པར་མི་འགྱུར་རོ། །གཟུགས་ལ་ངོ་བོ་ཉིད་མེད་ཀྱང ། །ངོ་བོ་ཉིད་ཅེས་བྱ་བ་ཡིན། །དེ་བཞིན་ངོ་བོ་ཉིད་ཤེས་ན། ། གཟུངས་ནི་ཉེ་བར་འབྱུང་བ་ཡིན། །གཟུངས་འདི་བྲི་བར་བྱ་བ་ནི། །མིང་ཙམ་ལ་ཡང་གནས་པ་སྟེ། །གཟུངས་ཞེས་ངེས་པར་བརྗོད་པ་ཡི། །ཆོས་དེ་ཡོད་པ་མ་ཡིན་ནོ། །མིག་ལ་གཟུངས་སུ་ཤེས་པར་གྱིས། །དེ་ནི་འཁོར་ལོས་བསྟན་པ་སྟེ། །ཆོས་རྣམས་ཀྱི་ནི་མ་ ཆགས་པ། །དེ་ལ་གཟུངས་ཞེས་བཤད་པ་ཡིན། དེ་བཞིན་དུ་སྦྱར་ཏེ། ཡིད་ནི་གཟུངས་སུ་ཤེས་པར་གྱིས། །དེ་ནི་འཁོར་ལོས་བསྟན་པ་སྟེ། །ཆོས་རྣམས་ཀྱི་ནི་མ་ཆགས་པ། །གཟུངས་སོ་ཞེས་ནི་བཤད་པ་ཡིན། །འདིར་ནི་བཤད་པ་མཐའ་ཡས་པ། །ཆོས་
55-1-315a
རྣམས་དེ་ལྟར་ཤེས་གྱུར་ན། །ཇི་ཙམ་ཅུང་ཟད་དམིགས་མེད་པ། །ཐམས་ཅད་དུ་ནི་གཟུངས་ཞེས་བཤད། །དམིགས་པ་མང་པོ་མི་མཐོང་བར། །མི་གནས་པར་ནི་འཆད་བྱེད་དེ། །ཆོས་རྣམས་ཐམས་ཅད་དངོས་པོ་མེད། །མཚན་མ་མེད་ཅིང་ མཚན་ཉིད་མེད། །གཟུངས་འདོད་གང་ཞིག་འགྲོ་བྱེད་པ། །ཆོས་རྣམས་དེ་ལྟར་ཤེས་གྱུར་ཅིང ། །ཆགས་པ་མེད་པར་རབ་འཆད་ན། །གཟུངས་ནི་བཞག་པར་གྱུར་པ་ཡིན། །འཇམ་དཔལ་སྔོན་བྱུང་བ་འདས་པའི་དུས་ན། དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང ། མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་ འདས་ཆོས་ཏ་ལ་ལའི་སྒྲོན་མ་ཞེས་བྱ་བ་ཞིག་བྱུང་བར་གྱུར་ཏོ། །དེའི་སངས་རྒྱས་ཀྱི་ཞིང་ནི་རྡུལ་དང་བྲལ་བ་ཞེས་བྱ་བར་གྱུར་ཏེ། མཉམ་པ། ཉམས་དགའ་བ། མཛེས་པ། བལྟ་ན་སྡུག་པ། དག་པ། འབྱོར་པ། རྒྱས་པ། མི་དང་སྐྱེ་བོ་མང་ པོས་གང་བར་གྱུར་ཏོ། །འཇམ་དཔལ་འཇིག་རྟེན་གྱི་ཁམས་དེ་ནི་བཻ་དཱུརྱ་ལས་གྲུབ་ཅིང་གསེར་སྐུད་མིག་མངས་རིས་སུ་བྲེས་ཏེ། མིག་མངས་རིས་ཐམས་ཅད་ན་ཡང་རིན་པོ་ཆེའི་ཤིང་ལྗོན་པ་མེ་ཏོག་དང་འབྲས་བུར་ལྡན་པར་གྱུར་ཏོ། །ས་ཆེན་པོ་དེ་ ཡང་ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བར་གྱུར་ཏོ། །འཇམ་དཔལ་སངས་རྒྱས་ཀྱི་ཞིང་དེ་ན་དུད་འགྲོ་དང ། ཡི་དགས་དང ། ལྷ་མ་ཡིན་ཐམས་ཅད་མེད་པར་གྱུར་ཏོ། །འཇམ་དཔལ་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་གང་དག་སྐྱེས་པ་དེ་དག་ཀྱང་དགེ་བ་ བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་དེ་ཡང་ཤིན་ཏུ་ཡོངས་སུ་དག་པར་གྱུར་ཏེ། རྣམ་པ་ཐམས་ཅད་ཕུན་སུམ་ཚོགས་ཤིང་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་སོ། །གྲོང་ཁྱེར་དེ་ནི་འབྱུང་བ་མེད་ཅེས་བྱ་བར་གྱུར་ཏོ། །འཇམ་དཔལ་
55-1-315b
དེའི་ཚེ་ན་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་འབུམ་ཚང་བར་གྱུར་ཏེ། མ་ཚང་བར་འགའ་ཡང་འཆི་བའི་དུས་བྱེད་པ་མེད་དོ། །འཇམ་དཔལ་གྲོང་ཁྱེར་འབྱུང་བ་མེད་ཅེས་བྱ་བ་དེར་རྒྱལ་པོ་རྣམ་པར་རྒྱལ་བ་ཞེས་བྱ་བ་ཞིག་བྱུང་སྟེ། འཇམ་དཔལ་རྒྱལ་པོ་རྣམ་པར་རྒྱལ་བ་ཞེས་ བྱ་བ་དེ་ལ་བུ་སྟོང་ཡོད་པར་གྱུར་ཏོ། །ཡང་འཇམ་དཔལ་རྒྱལ་པོ་རྣམ་པར་རྒྱལ་བ་ཞེས་བྱ་བ་བུ་སྟོང་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཏ་ལ་ལའི་སྒྲོན་མ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ན་བཟའ་དང ། བཤོས་དང ། མལ་སྟན་དང ། ན་ བའི་གསོས་སྨན་དང ། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱས་པར་གྱུར་ཏོ། །བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་ཀྱང་བཀུར་སྟིར་བྱས་པར་གྱུར། བླ་མར་བྱས་པར་གྱུར། བསྟི་སྟང་བྱས་པར་གྱུར། རིམ་གྲོ་བྱས་པར་གྱུར། མཆོད་པ་བྱས་པར་གྱུར་ཏོ། །འཇམ་ དཔལ་དེ་ནས་རྒྱལ་པོ་རྣམ་པར་རྒྱལ་བ་བུ་སྟོང་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཏ་ལ་ལའི་སྒྲོན་མ་ལ་ཆོས་ཀྱི་རྣམ་གྲངས་འདི་ཀུན་ཞུས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་དེས་ཀྱང་དེའི་ལྷག་པའི་བསམ་པ་མཁྱེན་ནས་ཆོས་ཀྱི་རྣམ་གྲངས་འདི་བཤད་པར་ གྱུར་ཏེ། ཐོས་མ་ཐག་ཏུ་རྒྱལ་པོ་རྣམ་པར་རྒྱལ་བ་དེ་བུ་སྟོང་དང་ལྷན་ཅིག་ཏུ་ཆོས་ཤེས་པར་གྱུར་ཏོ། །ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་སྤོབས་པ་རྒྱུན་མི་འཆད་པ་ཐོབ་པར་གྱུར་ཏོ། །འཇམ་དཔལ་དེ་ལྟ་བས་ན་ད་ལྟར་རམ། དེ་བཞིན་གཤེགས་པ་འདས་ཀྱང་རུང་སྟེ། རིགས་ ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་སྤོབས་པ་རྒྱུན་མི་འཆད་ཅིང་སྤོབས་པ་ཐོགས་པ་མེད་པ་འདི་འདོད་པ་དེས་ཟབ་པ་ཆགས་པ་མེད་པ་འདི་འདྲ་བའི་གནས་ཀྱི་ཆོས་ལ་བརྩོན་པར་བྱ། བསླབ་པར་བྱའོ། །ཆོས་ཀྱི་ཚིག་ཟབ་མོ་འདི་ལྟ་བུ་གཟུང་བར་བྱའོ། །ཀུན་ཆུབ་པར་ བྱའོ། །ཁ་དོན་དུ་བྱའོ། །ཆོས་ཟབ་མོའི་རྣམ་གྲངས་འདི་ལྟ་བུ་ཀུན་ཆུབ་པར་བྱས་ནས་གཞན་ལ་ཡང་བསྟན་པར་བྱའོ། །ཆོས་ཐམས་ཅད་ལ་སེར་སྣ་མེད་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་
55-1-316a
འདི་སྐད་ཅེས་གསོལ་ཏོ། །མ་འོངས་པའི་དུས་ཀྱི་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་ཅི་ནས་ཀྱང་མ་འོངས་པའི་དུས་ན་ཕྱི་མའི་དུས་ཕྱི་མའི་ཚེ་ལ་ཆོས་ཀྱི་རྣམ་གྲངས་འདི་སླར་ཡང་སྤྱོད་པར་འགྱུར་བར་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། དེ་ ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པའི་གསོལ་བ་བཏབ་པ་མཁྱེན་ནས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་པ་དང ། ཆོས་ལ་བཟོད་པས་འདུལ་བ་དག་བཟོད་པ་ཐོབ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང ། འཇམ་དཔལ་གཞོན་ནུར་གྱུར་པ་དང ། བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པ་དང ། བྱང་ཆུབ་སེམས་ དཔའ་བྱམས་པ་དང ། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་དང ། ཉན་ཐོས་ཆེན་པོ་དེ་དག་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང ། ཞུ་ཆེན་གྱི་ལོཙྪ་བ་བན་དེ་རཏྣ་རཀྵི་ཏས་བསྒྱུར་ཅིང་ ཞུས་ཏེ་གཏན་ལ་ཕབ་པ། ་་་སྐད་གསར་ཆད་ཀྱིས་ཀྱང་བཅོས་ལགས་སོ།། །།