rKTs


D146

(e-text produced by ADARSHA)

see text in transliteration
57-1-82a
༄#། །རྒྱ་གར་སྐད་དུ། ཱརྱ་བོ་ངྷི་ས་ཏྭ་གོ་ཙ་ར་ཨུ་པཱ་ཡ་བི་ཥ་ཡ་བི་ཀུརྦ་ཎ་ནིར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་འཕགས་རྒྱལ་ན་རྒྱལ་པོ་གཏུམ་པོ་རབ་སྣང་གི་སྐྱེད་མོས་ཚལ་ཤིང་སཱ་ལ་དང ། ཏ་ལ་དང ། ཏ་མ་ལ་དང ། དོང་ཀའི་ཤིང་དང ། ནྱ་གྲོ་དྷ་དང ། པལག་ཤ་དང ། ུ་དུམ་བཱ་ར་དང ། བར་ཤི་ཤི་ཀ་དང ། དྷ་ནུ་ཀ་རི་དང ། ་ཏི་མུག་ཏ་ཀ་དང ། ཙམ་པ་ཀ་དང ། མྱ་ངན་འཚང་དང ། སྐྱ་སྣར་གྱིས་ལེགས་པར་བརྒྱན་པ། འབབ་ཆུའི་དངོ་དང ། མཚོ་དང ། མཚོ་བྲན་དང ། མཚེའུ་དང ། རྫིང་དང ། ལུ་མ་ མང་པོས་མཛེས་པར་བྱས་པ། མེ་ཏོག་ཨུད་པ་ལ་དང ། པད་མ་དང ། ཀུ་མུ་ད་དང ། པད་མ་དཀར་པོས་མངོན་པར་གང་བ། ངང་པ་དང ། ཁྲུང་ཁྲུང་དང ། རྨ་བྱ་དང ། ཁུ་བྱུག་དང ། ཀུ་ན་ལ་དང ། འདབ་སྐྱོབ་དང ། ནེ་ཙོ་དང ། རི་སྐེགས་དང ། ཤང་
57-1-82b
ཤང་ཏེའུ་དག་སྒྲ་མངོན་པར་སྒྲོགས་པ་དང་ལྡན་པ། བུང་བ་མང་པོས་གང་བ། ས་གཞི་ནེའུ་གསིང་སྔོ་བ་དང་ལྡན་པའི་ནགས་ཚལ་ཆེན་པོ་མཆོག་ན། དགེ་སློང་ཁྲི་ཉིས་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། འདི་ལྟ་སྟེ། ཚེ་དང་ལྡན་པ་ ཤཱ་རིའི་བུ་དང ། མཽད་གལ་གྱི་བུ་ཆེན་པོ་དང ། འོད་སྲུང་ཆེན་པོ་དང ། མ་འགགས་པ་དང ། རབ་འབྱོར་དང ། ཀཱཏྱཱའི་བུ་ཆེན་པོ་དང ། ཀ་པི་ན་ཆེན་པོ་དང ། ནག་པོ་དང ། དགའ་བོ་དང ། ལྟེང་རྒྱས་འོད་སྲུང་དང ། ཆུ་ཀླུང་འོད་སྲུང་དང ། ག་ཡཱ་འོད་སྲུང་དང ། བྱམས་མའི་བུ་གང་པོ་དང ། བ་ལང་བདག་དང ། བཀ་ཀུ་ལ་དང ། ལམ་བསྟན་དང ། ལམ་ཕྲན་བསྟན་དང ། གྱད་བུ་ནོར་དང ། སེང་ལྡེང་ནགས་དང ། སྐུལ་བྱེད་དང ། གསུས་པོ་ཆེ་དང ། སྒྲ་གཅན་ཟིན་དང ། ཚེ་དང་ལྡན་པ་ཀུན་དགའ་བོ་དང ། དེ་དག་ ལ་སོགས་པ་དགེ་སློང་ཁྲི་ཉིས་སྟོང་དང་ཐབས་ཅིག་སྟེ། ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་ཚུལ་གཅིག་པའི་སྤྱོད་ཡུལ་ལ་གནས་པ། ངོ་བོ་ཉིད་ཀྱི་ཆོས་ཀྱི་ཚུལ་ལ་ཞུགས་པ་ནམ་མཁའ་གནས་མེད་པའི་སྤྱོད་ཡུལ་བ། མི་རྟེན་པར་གནས་པ། ཉོན་མོངས་པ་དང ། སྒྲིབ་པ་དང ། ཆོད་པ་དང ། ཀུན་ནས་དཀྲིས་པ་ཐམས་ཅད་དང་བྲལ་བ། དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་སྣང་བའི་ཚུལ་ལ་ཞུགས་པ། ཆོས་ཐམས་ཅད་ཚུལ་གཅིག་པ་ལ་ཡང་དག་པར་གཞོལ་བ། ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་ཕྱོགས་པ། ལམ་ གྱི་རྒྱུན་མ་ཆད་པ། ཐམས་ཅད་མཁྱེན་པ་ཉིད་ལ་མོས་པ་མི་ཟློགས་པའི་ཡིད་དང་ལྡན་པ། ཤེས་རབ་དང་ཡེ་ཤེས་རྣམ་པར་མཐོང་བའི་དམ་པའི་ཕ་རོལ་ཏུ་ཕྱིན་པ། ཐབས་ཀྱི་ཡུལ་དང་སྤྱོད་ཡུལ་ལ་ངེས་པར་བྱང་བ་ཤ་སྟག་གོ། །དགེ་སློང་མ་སྐྱེ་དགུའི་བདག་མོ་ཆེན་མོ་ དང་གྲགས་འཛིན་ལ་སོགས་པ་དགེ་སློང་མ་བརྒྱད་འབུམ་དང་ཡང་ཐབས་ཅིག་སྟེ་ཆོས་དཀར་པོ་ཤིན་ཏུ་ཡོངས་སུ་བསྡུས་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་རབ་ཏུ་རྟོགས་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཉེ་བར་གྱུར་པ། དངོས་པོ་མེད་པའི་ཆོས་ཀྱི་ཚུལ་ཤིན་ཏུ་རྟོགས་པ།
57-1-83a
མཚན་ཉིད་མེད་པའི་ཆོས་ཀྱི་ཚུལ་ལ་རྟོགས་པ། ཆོས་ཐམས་ཅད་ཡང་དག་པའི་མཐས་མཐའ་མེད་པར་ཤིན་ཏུ་མོས་པ། སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ཐོབ་པ། གདུལ་བའི་འགྲོ་བ་ཇི་ལྟ་བ་དེ་བཞིན་དུ་གཟུགས་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །བྱང་ ཆུབ་སེམས་དཔའ་ས་ཡ་ཕྲག་བདུན་དང་ཉིས་འབུམ་གྱི་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཡང་ཐབས་ཅིག་སྟེ་འདི་ལྟ་སྟེ། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤུགས་ཆེན་དང ། ཤུགས་ཆེན་འཛིན་དང ། རྣམ་པར་འཕྲུལ་པ་ཆེན་པོ་དང ། རྣམ་པར་འཕྲུལ་པ་ཆེན་ པོའི་རྒྱལ་པོ་དང ། བརྩོན་འགྲུས་ཆེན་པོས་རྣམ་པར་གནོན་པ་དང ། རྩལ་ཆེན་དཔའ་བོ་དང ། ཆེར་བསྒྱིངས་དང ། ཆེར་བསྒྱིངས་སྟོབས་ལྡན་དང ། ཚོགས་ཆེན་དབང་པོ་དང ། གླང་པོ་ཆེན་པོ་སྤོས་ཀྱི་གླང་པོ་དང ། ཟླ་བ་ཆེན་པོ་དང ། ཟླ་བ་བཟང་པོ་དང ། ཡོན་ཏན་ཟླ་ བ་དང ། རིན་ཆེན་ཟླ་བ་དང ། ཀུན་ཏུ་སྣང་བའི་ཟླ་བ་དང ། ཆོས་དྲི་མ་མེད་པའི་ཟླ་བ་དང ། རྣམ་པར་སྣང་བྱེད་ཟླ་བ་དང ། རྣམ་པར་གྲགས་པའི་ཟླ་བ་དང ། འོད་ཟེར་རབ་ཏུ་འགྱེད་པའི་ཟླ་བ་དང ། རྒྱས་པའི་ཟླ་བ་དང ། ཚངས་པའི་དབྱངས་དང ། ཚངས་པའི་དབང་པོ་ལྟར་ སྒྲོགས་པའི་དབྱངས་དང ། ས་ལ་ངེས་པར་སྒྲོགས་པའི་དབྱངས་དང ། ཆོས་ཀྱི་དབྱིངས་ངེས་པར་སྒྲོགས་པའི་དབྱངས་དང ། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་སྨ་འབེབས་པའི་དབྱངས་དང ། ཆོས་ཀྱི་སྒྲ་ངེས་པར་སྒྲོགས་པའི་དབྱངས་དང ། ཐམས་ཅད་དུ་གོ་བར་བྱེད་པའི་ དབྱངས་དང ། རྣམ་པར་མི་རྟོགས་པས་རྣམ་པར་མ་བརྟགས་པའི་དབྱངས་དང ། ས་སྟེང་ངེས་པར་སྒྲོགས་པའི་དབྱངས་དང ། དབྱངས་ཀྱི་ཡན་ལག་ཐམས་ཅད་ཟིལ་གྱིས་མནོན་པའི་དབྱངས་དང ། ཀུན་ནས་སྙིང་པོ་དང ། ཡོན་ཏན་སྙིང་པོ་དང ། ཆོས་དྲི་མ་མེད་ པའི་སྙིང་པོ་དང ། རྣམ་པར་སྣང་བྱེད་སྙིང་པོ་དང ། རིན་ཆེན་སྙིང་པོ་དང ། ཟླ་བའི་སྙིང་པོ་དང ། ཉི་མའི་སྙིང་པོ་དང ། སྣང་བའི་སྙིང་པོ་དང ། པད་མའི་སྙིང་པོ་དང ། པད་མའི་དཔལ་གྱི་སྙིང་པོ་དང ། བསོད་ནམས་དཔལ་གྱི་སྙིང་པོ་དང ། ཡེ་ཤེས་དཔལ་གྱི་
57-1-83b
སྙིང་པོ་དང ། བློ་གྲོས་ཆེན་པོ་དང ། ཁྱད་པར་བློ་གྲོས་དང ། རྣམ་གྲགས་བློ་གྲོས་དང ། རླབས་ཆེན་བློ་གྲོས་དང ། བླ་མའི་བློ་གྲོས་དང ། རིན་ཆེན་བློ་གྲོས་དང ། འཕེལ་བའི་བློ་གྲོས་དང ། མཐའ་ཡས་བློ་གྲོས་དང ། རྒྱ་ཆེན་བློ་གྲོས་དང ། སངས་རྒྱས་བློ་གྲོས་ དང ། བློ་གྲོས་མི་ཟད་པ་དང ། བློ་གྲོས་རྒྱ་མཚོ་དང ། ལྷུན་པོའི་སྒྲོན་མ་དང ། སྒྲོན་མ་ཆེན་པོ་དང ། ཆོས་ཏ་ལ་ལའི་སྒྲོན་མ་དང ། ཕྱོགས་ཐམས་ཅད་རྒྱས་པར་འགེངས་པའི་སྒྲོན་མ་དང ། ཀུན་ཏུ་སྒྲོན་མ་དང ། མུན་པ་ཐམས་ཅད་སེལ་བའི་སྒྲོན་མ་དང ། འགྲོ་བ་ཐམས་ཅད་སྣང་བར་བྱེད་པའི་སྒྲོན་མ་དང ། ཤིན་ཏུ་སྣང་བའི་སྒྲོན་མ་དང ། ཟླ་བའི་སྒྲོན་མ་དང ། ཉི་མའི་སྒྲོན་མ་དང ། ངན་སོང་སེལ་བ་དང ། བདུད་ཕམ་བྱེད་དང ། བདུད་ཆེན་ཕམ་བྱེད་དང ། མངོན་པར་འབྱུང་དཀའ་དང ། ཐུབ་དཀའ་དང ། གཏིང་ དཔག་དཀའ་བ་དང ། བློ་རྟོགས་དཀའ་བ་དང ། ངན་འགྲོ་སྐེམས་དང ། མཐུ་ཆེན་ཐོབ་དང ། སྤྱན་རས་གཟིགས་དབང་ཕྱུག་དང ། བྱམས་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང ། དེ་དག་ལ་སོགས་པ་བྱང་ཆུབ་སེམས་ དཔའ་ས་ཡ་ཕྲག་བདུན་དང་འབུམ་ཕྲག་གཉིས་དང་ཐབས་ཅིག་སྟེ། ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ། གཟུངས་ཐོབ་པ། ཏིང་ངེ་འཛིན་ཐོབ་པ། སྤོབས་པ་མཐའ་ཡས་པ་ཐོབ་པ། ཐོགས་པ་མེད་པའི་མི་འཇིགས་པ་ཐོབ་པ། རྫུ་འཕྲུལ་ལ་དབང་བ་དམ་ པའི་ཕ་རོལ་ཏུ་ཕྱིན་པ། སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་འགྲོ་བའི་མངོན་པར་ཤེས་པས་རྣམ་པར་རྩེ་བ། ལུས་དང་སེམས་ཅན་རྣམ་པར་གྲོལ་བ། ཆགས་པ་མེད་ཅིང་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་དང་ལྡན་པ། སངས་རྒྱས་མི་བཞུགས་པའི་འཇིག་རྟེན་གྱི་ཁམས་ སུ་སངས་རྒྱས་འབྱུང་བ་ཀུན་ཏུ་སྟོན་པ། ཆོས་ཀྱི་འཁོར་ལོ་ཁྱད་པར་ཐོབ་པར་བྱེད་པ་ལ་མཁས་པ། སེམས་ཅན་ཐམས་ཅད་ལ་སོ་སོ་ཅི་རིགས་པར་ཆོས་ཡང་དག་པར་སྟོན་པ། ཕྱིར་མི་ཟློགས་པའི་ཆོས་སྟོན་པ། བླང་བ་མེད་པ་དང ། དོར་བ་མེད་པའི་ཆོས་ཀྱི་ངོ་བོ་ཉིད་ཀྱི་
57-1-84a
ཚུལ་ལ་ཞུགས་པ། སྟོང་པ་ཉིད་རྗོད་པ། སེང་གེའི་སྒྲ་ཆེན་པོ་སྒྲོགས་པ། ཕས་ཀྱི་རྒོལ་བ་ཐམས་ཅད་སྨ་འབེབས་པ། བདུད་ཕྱིར་རྒོལ་བ་ཐམས་ཅད་བཅོམ་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་དང ། རྫུ་འཕྲུལ་ཐམས་ཅད་ཐོབ་པ། རྗེས་སུ་ཆགས་ པ་དང ། ཁོང་ཁྲོ་བ་མེད་པ། ཆུ་དང ། མེ་དང ། རླུང་དང ། ས་ལྟ་བུའི་སེམས་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་གནས་སུ་ཆུད་པ། སེམས་ཅན་ཐམས་ཅད་ལ། སངས་རྒྱས་ཀྱི་མཛད་པས་ཉེ་བར་གནས་པ། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱིས་བསྟོད་བསྔགས་སྙན་པར་བརྗོད་བརྗོད་ཅིང་བཀུར་བ། ཕྱི་མའི་མཐའི་བསྐལ་པར་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་ཡང་དག་པར་འཛིན་པ། ཆོས་རིན་པོ་ཆེའི་འོད་ཟེར་དང་ལྡན་པ། ཡོན་ཏན་གྱི་ བསྔགས་པ་ཐམས་ཅད་མཐར་ཕྱིན་པ་དང་ལྡན་པ། འཇིག་རྟེན་གྱི་དབང་པོར་གྱུར་པ། སྔོན་གྱི་སྨོན་ལམ་ཕུན་སུམ་ཚོགས་པ། དེ་བཞིན་གཤེགས་པ་ལ་མོས་པའི་སྤྱོད་ཡུལ་ལ་ངེས་པར་བྱུང་བ། སྔོན་ཐེག་པ་ཆེན་པོ་ལ་སྤྱད་པ་ལེགས་པར་སྤྱད་པ། སངས་རྒྱས་ཀྱི་ཡེ་ ཤེས་ཀྱི་ཚུལ་གྱིས་དྲི་མ་མེད་ཅིང་ཡོངས་སུ་དག་པ་རྟག་ཏུ་རྒྱུན་མི་འཆད་པར་དེ་བཞིན་གཤེགས་པ་ལ་མཆོད་ཅིང་རིམ་གྲོ་བྱེད་པ་ལ་བརྩོན་པ། ཕྱིར་མི་ཟློགས་པའི་གོ་ཆ་བགོས་པ། སྙིང་རྗེ་ཆེན་པོ་མངོན་དུ་གྱུར་པ། རང་བཞིན་གྱིས་རྒྱ་ཆེན་པོ་ལ་མོས་པའི་སེམས་དང་ལྡན་ པ། ནེམ་ནུར་དང་ཐེ་ཙོམ་དང་ཡིད་གཉིས་ཐམས་ཅད་ལས་ཡང་དག་པར་འདས་པ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱི་བྱིན་གྱིས་བརླབས་པ་ཤ་སྟག་གོ། །དགེ་བསྙེན་དང ། དགེ་བསྙེན་མ་དུ་མ་དང་ཡང་ཐབས་ཅིག་གོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་འདི་ན་ལྷའམ། ལྷའི་དབང་པོའམ། ཀླུའམ། ཀླུའི་དབང་པོའམ། གནོད་སྦྱིན་ནམ། གནོད་སྦྱིན་གྱི་དབང་པོའམ། དྲི་ཟའམ། དྲི་ཟའི་དབང་པོའམ། ལྷ་མ་ཡིན་ནམ། ལྷ་མ་ཡིན་གྱི་དབང་པོའམ། ནམ་མཁའ་ལྡིང་ངམ། ནམ་མཁའ་
57-1-84b
ལྡིང་གི་དབང་པོའམ། མིའམ་ཅིའམ། མིའམ་ཅིའི་དབང་པོའམ། ལྟོ་འཕྱེ་ཆེན་པོའམ། ལྟོ་འཕྱེ་ཆེན་པོའི་དབང་པོའམ། མིའམ་མིའི་དབང་པོ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་རྒྱ་ཆེ་བ་རྒྱ་ཆེ་བ། གཡོག་འཁོར་འབུམ་ཕྲག་དུ་མ་དང་ལྡན་པ་གང་དག་གནས་པ་དེ་དག་ཐམས་ ཅད་ཀྱང་འཁོར་དེ་ཉིད་དུ་འདུས་ཏེ་འཁོད་པར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་དཔལ་གྱི་སྙིང་པོའི་སེང་གེའི་ཁྲི་ལ་བཞུགས་ཏེ། སྐུ་མདོག་དང ། གཟི་བརྗིད་དང ། སྐུའི་འོད་ཀྱིས་འཁོར་ཐམས་ཅད་ཟིལ་ གྱིས་མནན་ནས་ལམ་མེ་ལྷན་ནེ་ལྷང་ངེའོ། །འདི་ལྟ་སྟེ་དཔེར་ན་རིའི་རྒྱལ་པོ་རི་རབ་རྒྱ་མཚོའི་ནང་ནས་མངོན་པར་འཕགས་ཤིང ། རི་ནག་པོ་གཞན་ཟིལ་གྱིས་མནན་ནས་ལམ་མེ་ལྷན་ནེ་ལྷང་ངེ་བ་དེ་བཞིན་དུ། བཅོམ་ལྡན་འདས་གདན་སེང་གེའི་ཁྲི་ལ་བཞུགས་པ་ཡང་ལྷ་དང་མིར་ བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་ལམ་མེ་ལྷན་ནེ་ལྷང་ངེའོ། །འདི་ལྟ་སྟེ་དཔེར་ན། ཟླ་བ་ཡར་གྱི་ངོའི་ཟླ་བ་ཉ་ལ་བབ་སྟེ། ཟླ་བའི་དཀྱིལ་འཁོར་རྒྱས་པ་ནི་རྒྱུ་སྐར་དང་སྐར་མའི་ཚོགས་ཐམས་ཅད་ཟིལ་གྱིས་མནན་ཏེ་མོག་མོག་པོར་བྱས་ནས་ལམ་མེ་ལྷན་ནེ་ལྷང་ངེའོ། །དེ་བཞིན་ དུ་བཅོམ་ལྡན་འདས་གདན་སེང་གེའི་ཁྲི་ལ་བཞུགས་པ་ཡང་ལྷ་དང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ། མོག་མོག་པོར་མཛད་ནས་ལམ་མེ་ལྷན་ནེ་ལྷང་ངེའོ། །འདི་ལྟ་སྟེ་དཔེར་ན། དག་ཅིང་དྲི་མ་མེད་པའི་ནམ་མཁའ་སྤྲིན་མེད་པ་ལ་ཉི་མའི་དཀྱིལ་འཁོར་འོད་ཟེར་གྱི་དྲ་བ་རབ་ ཏུ་འཕྲོ་བར་འདུག་པ་ནི་སྲིན་བུ་མེ་ཁྱེར་ཐམས་ཅད་ཟིལ་གྱིས་མནན་ཏེ། མོག་མོག་པོར་བྱས་ནས་ཤིན་ཏུ་ལམ་མེ་ལྷན་ནེ་ལྷང་ངེའོ། །དེ་བཞིན་དུ་བཅོམ་ལྡན་འདས་གདན་སེང་གེའི་ཁྲི་ལ་བཞུགས་པ་ཡང་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་རྣམས་ཀྱི་འོད་ཟིལ་ གྱིས་མནན་ཏེ། མོག་མོག་པོར་མཛད་ནས་ལམ་མེ་ལྷན་ནེ་ལྷང་ངེའོ། །འདི་ལྟ་སྟེ་དཔེར་ན། མཚན་མོ་རི་ཆེན་པོའི་སྤོ་ལ་མེ་ཆེན་པོ་འབར་བ་ནི་ལམ་མེ་ལྷན་ནེ་ལྷང་ངེའོ། །དེ་བཞིན་དུ་བཅོམ་ལྡན་འདས་གདན་སེང་གེའི་ཁྲི་ལ་བཞུགས་པ་ལ་ཡང་ལམ་མེ་ལྷན་ནེ་ལྷང་ངེའོ། །
57-1-85a
འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་བཻ་དཱུརྱ་ཡན་ལག་བརྒྱད་དང་ལྡན་ཞིང་དྲི་མ་མེད་པ་འོད་ཟེར་རབ་ཏུ་འཕྲོ་བ་ནི་ལམ་མེ་ལྷན་ནེ་ལྷང་ངེའོ། །དེ་བཞིན་དུ་བཅོམ་ལྡན་འདས་གདན་སེང་གེའི་ཁྲི་ལ་བཞུགས་ཤིང་ཕྱོགས་བཅུ་ཐམས་ཅད་སྣང་བར་མཛད་པ་ཡང་ལམ་མེ་ ལྷན་ནེ་ལྷང་ངེའོ། །འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་གླིང་བཞིའི་སེམས་ཅན་ཐམས་ཅད་ཟིལ་གྱིས་མནན་ཅིང་ལམ་མེ་ལྷན་ནེ་ལྷང་ངེའོ། །དེ་བཞིན་དུ་བཅོམ་ལྡན་འདས་གདན་སེང་གེའི་ཁྲི་ལ་བཞུགས་པ་ཡང་ལམ་མེ་ལྷན་ནེ་ལྷང་ངེའོ། །འདི་ལྟ་སྟེ་ དཔེར་ན། ལྷའི་དབང་པོ་བརྒྱ་བྱིན་བརྒྱ་བྱིན་ཐོགས་པའི་ནོར་བུ་རིན་པོ་ཆེ་ཐོགས་ཤིང་ལྷའི་འདུན་ས་ཆོས་བཟངས་ན་གནས་པ་ནི་ལྷ་ཐམས་ཅད་ཟིལ་གྱིས་མནན་ཅིང་ལམ་མེ་ལྷན་ནེ་ལྷང་ངེའོ། །དེ་བཞིན་དུ་བཅོམ་ལྡན་འདས་གདན་སེང་གེའི་ཁྲི་ལ་བཞུགས་པ་ཡང་ལྷ་དང་བཅས་ པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་ལམ་མེ་ལྷན་ནེ་ལྷང་ངེའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དེ་ལྟ་བུའི་འཁོར་ཆེན་པོ་འདུས་པར་ཡང་རིག་ཅིང་དེ་བཞིན་གཤེགས་པའི་སྐུ་བསྙེན་པར་དཀའ་བ་དེ་ཡང་མཐོང་ནས་འདི་སྙམ་དུ་སེམས་ཏེ། འདི་ལྟར་བཅོམ་ལྡན་ འདས་གདན་སེང་གེའི་ཁྲི་ལ་བཞུགས་པ་ཡང་ཤིན་ཏུ་ལམ་མེ་ལྷན་ནེ་ལྷང་ངེའོ། །འཁོར་ཆེན་པོ་འདི་ཡང་འདུས་པར་གྱུར་ན་འདི་གོ་ཅིའི་སྔ་ལྟས་ཞིག་ཏུ་འགྱུར། བདག་གིས་དེའི་དོན་དེ་བཞིན་གཤེགས་པ་ལ་ཞུ་བར་བྱའོ་སྙམ་ནས་དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ལ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །སྟོབས་བཅུ་མངའ་བས་ལྷར་ བཅས་འཇིག་རྟེན་འདི། །ཟིལ་གྱིས་མནན་ནས་ཁྱོད་ནི་ལྷན་ནེར་བཞུགས། །སྲིད་པ་གསུམ་ན་ཁྱོད་འདྲ་མ་མཆིས་ན། །ལྷག་པའི་སེམས་ཅན་མཆིས་པར་ག་ལ་འགྱུར། །དཔེར་ན་ལྷ་གནས་གྱུར་པ་ལྷུན་པོ་ནི། །རི་བོ་ཀུན་གྱི་ནང་ནས་མངོན་འཕགས་ཏེ། །རི་བོ་གཞན་
57-1-85b
དག་ཟིལ་གྱིས་མནན་ནས་སུ། །ཕྱོགས་རྣམས་ཀུན་ནས་ལྷན་ནེར་རྣམ་པར་མཛེས། །དེ་བཞིན་ཐུབ་པ་ཡོན་ཏན་མངའ་བ་པོ། །ཡེ་ཤེས་རི་བོའི་དབང་པོ་འཇིག་རྟེན་ལས། །མངོན་པར་འཕགས་ཤིང་འཁོར་ཀུན་ཟིལ་མནན་ཏེ། །རྟག་ཏུ་ལྷན་ནེར་བཞུགས་ཤིང་རྣམ་པར་མཛེས། ། དཔེར་ན་མཁའ་ལ་གནས་པའི་དགུང་ཟླ་ནི། །མར་གྱི་ངོ་ལ་མཛེས་པ་མ་ལགས་ཀྱི། །དཔལ་ལྡན་དགུང་ཟླ་ཉ་བ་རྒྱས་པ་ནི། །སྐར་མའི་ཚོགས་རྣམས་ཐམས་ཅད་ཟིལ་གྱིས་གནོན། །དེ་བཞིན་སྟོབས་བཅུ་མངའ་བ་ཐུབ་པ་ཁྱོད། །རང་གི་སློབ་མ་སྐར་ཚོགས་ཞབས་འབྲིང་ མངའ། །འཇིག་རྟེན་ཐམས་ཅད་ཟིལ་གྱིས་མནན་མཛད་ཅིང ། །ཡེ་ཤེས་འོད་རྣམས་ཀྱིས་ཀྱང་སིམ་པར་མཛད། །དྲང་སྲོང་དཔེར་ན་གདུགས་ཀྱི་དཀྱིལ་འཁོར་ནི། །འཇིག་རྟེན་ཐམས་ཅད་ཟིལ་མནན་རབ་ཏུ་ལྷན། །མི་ཡི་ཉི་མ་ཁྱོད་ཀྱང་དེ་བཞིན་ཏེ། །བློ་གྲོས་ འོད་ཀྱིས་འཇིག་རྟེན་ཀུན་ཟིལ་གནོན། །དཔེར་ན་རི་མཆོག་མཆིས་པའི་ཞུགས་ཀྱི་ཚོགས། །གཟི་བརྗིད་ཀྱིས་ནི་ཕྱོགས་བཅུ་རྣམ་པར་མཛེས། །དེ་བཞིན་ཡེ་ཤེས་རི་བཞུགས་ཐུབ་པ་ཡང ། །ཕྱོགས་བཅུ་དག་ཏུ་རྣམ་པར་མཛེས་པ་ལགས། །དཔེར་ན་རི་དགས་རྒྱལ་ པོས་རི་དགས་ཕྲན། །ཟིལ་གྱིས་མནན་ཅིང་དེར་གནས་མངོན་པར་མཛེས། །མུ་སྟེགས་ཅན་གཞན་ཀུན་གྱི་ནང་གནས་ཤིང ། །ཐུབ་པ་ཁྱོད་ཀྱང་དེ་བཞིན་རྣམ་པར་མཛེས། །དཔེར་ན་འདི་ན་མི་བདག་འཁོར་ལོས་སྒྱུར། །འགྲོ་བ་ཟིལ་གྱིས་མནན་ཅིང་རྣམ་པར་མཛེས། ། མགོན་པོ་ཆོས་མཆོག་འཁོར་ལོས་སྒྱུར་བ་ཡང ། །འགྲོ་བའི་ནང་ན་དེ་བཞིན་རྣམ་པར་མཛེས། །དཔེར་ན་སུམ་ཅུ་གསུམ་དབང་བརྒྱ་བྱིན་ནི། །ལྷ་རྣམས་ཟིལ་གྱིས་མནན་ནས་མངོན་པར་མཛེས། །མཚུངས་པ་མ་མཆིས་དེ་བཞིན་ཚོགས་པ་རྣམས། །ཐམས་ཅད་ ཟིལ་གྱིས་མནན་ནས་རྣམ་པར་མཛེས། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་ནས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ཐོས་པས་རྒྱ་ཆེན་པོ་ལ་མོས་
57-1-86a
པའི་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དང ། དམན་པ་ལ་མོས་པའི་སེམས་ཅན་རྣམས་ཀྱང་རྒྱ་ཆེན་པོ་ལ་འཇུག་པ་ལ་གནས་པར་འགྱུར་བ་དང ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་སེམས་ཅན་རྣམས་ཀྱང་བྱང་ཆུབ་ལ་ དམིགས་པ་རྣམ་པར་འཕེལ་བར་འགྱུར་བ་དང ། དམན་པ་ལ་སྦྱོར་བའི་སེམས་ཅན་རྣམས་ཀྱང་བརྩམ་པ་ཆེན་པོ་རྩོམ་པར་འགྱུར་བ་དང ། ལམ་ལས་ཉམས་པའི་སེམས་ཅན་རྣམས་ཀྱང་བྱང་ཆུབ་ཀྱི་ལམ་དུ་འཇུག་པར་འགྱུར་བ་དང ། བྱང་ཆུབ་ཀྱི་ལམ་དུ་ཞུགས་པའི་སེམས་ཅན་ རྣམས་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་རྣམ་པར་བསྒྲུབས་པའི་དགོངས་པའི་ཚུལ་ལ་འཇུག་པར་འགྱུར་བ། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་དེ་འཁོར་འདིར་བསྟན་དུ་གསོལ། དེ་སྐད་ཅེས་ གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ལྡེམ་པོ་དག་དགོངས་ཏེ་བསྟན་པ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མོས་ པར་དཀའ་བ། ཤེས་པར་དཀའ་བ། རྟོགས་པར་དཀའ་བ། རྣམ་པར་ཤེས་པར་དཀའ་བ། འཇུག་པར་དཀའ་བ། ཡོངས་སུ་རྟོགས་པར་དཀའ་བ་ཡིན་པས་ཆོ་ག་ཉམས་པའམ། ལྟ་བ་ཉམས་པའམ། ཚུལ་ཁྲིམས་ཉམས་པས། ཡོངས་སུ་ཤེས་པའམ། རྣམ་པར་ ཤེས་པར་མི་ནུས་སོ། །དམན་པ་ལ་མོས་པ་རྣམས་ཀྱིས་མོས་པར་མི་ནུས་སོ། །བསམ་པ་ཉམས་པ་རྣམས་ཀྱིས་ཡིད་ཆེས་པར་མི་ནུས་སོ། །སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་རྣམས་ཀྱིས་འཇུག་པར་མི་ནུས་སོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་ཟིན་པ་རྣམས་ ཀྱིས་རྟོགས་པར་མི་ནུས་སོ། །ཆོས་དེ་ལྟ་བུ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱིན་གྱིས་མ་བརླབས་པར་མཉན་པར་ཡང་མི་ནུས་ན། མོས་པར་ལྟ་ག་ལ་ནུས་ཏེ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་མ་གཏོགས་པར་དེ་ནི་གནས་མེད་དོ། །དེ་ནས་བཅོམ་ལྡན་
57-1-86b
འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཡིད་འོང་སྙན་པའི་དབྱངས་དང་ལྡན་ཁྱོད་ཀྱིས། །ང་ལ་གང་དྲིས་དོན་དེ་ངས་བསྟན་ཉོན། །སེམས་ཅན་དམན་པ་མུན་པ་བསྒྲིབས་པ་ཡིས། །ཆོས་ཚུལ་དམ་པ་ཁོང་དུ་ཆུད་མི་ནུས། །གང་དག་སྔོན་སངས་ རྒྱས་ལ་སྤྱོད་སྤྱད་ཅིང ། །འཇིག་རྟེན་མགོན་པོ་རྣམས་ཀྱིས་བྱིན་བརླབས་པ། །དེ་དག་ཆོས་ཚུལ་དམ་པ་འདི་ཐོས་ན། །མི་རྟོག་ཤིན་ཏུ་གྱ་ནོམ་འབྱུང་བར་འགྱུར། །གང་དག་སྡིག་གྲོགས་སྦྲུལ་གྱིས་སེམས་ཟིན་ཅིང ། །དགེ་བའི་བཤེས་ཀྱི་དུག་སྨན་རྣམ་སྤངས་པ། །དེ་དག་ དམ་ཆོས་དཀོན་མཆོག་འདི་ཐོས་ན། །ཀྱེ་མ་བག་མེད་གཡང་ས་ཆེ་ལས་ལྟུང ། །གང་དག་སེམས་ཆུང་དམན་ཞིང་ཞུམ་གྱུར་དང ། །གང་དག་ལྷག་པའི་བསམ་པ་ཆེ་མེད་པ། །ཡིད་ཆེས་མེད་པ་མོས་པ་ཉམས་པས་ན། །ཐོས་ཀྱང་དེ་དག་དགའ་བར་མི་འགྱུར་རོ། །ཆོས་ མཆོག་འདི་ལ་དད་པར་མ་གྱུར་པ། །དེ་དག་ཡུན་རིང་སྡུག་བསྔལ་ལྟུང་འགྱུར་ཏེ། །ཀྱེ་མ་སྡུག་བསྔལ་རྣམས་ལ་གནོད་འགྱུར་ཞེས། །དེ་ལ་སྙིང་རྗེ་མངོན་བྱས་དེ་མ་བསྟན། །དེ་སྐད་ཅེས་བཀའ་སྩལ་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་ སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཁོར་འདུས་པ་འདི་ནི་དག་པ་ལགས་ཏེ། སྤྱད་པ་རྣམས་ལེགས་པར་སྤྱད་པ་སངས་རྒྱས་འབྱུང་བ་རྣམས་ལེགས་པར་བསྙེན་བཀུར་བགྱིས་པ་དགེ་བའི་བཤེས་གཉེན་རྣམས་ཀྱིས་ལེགས་པར་ཡོངས་སུ་བཟུང་བ། དད་པའི་མིག་ལེགས་ པར་ཡོངས་སུ་དག་པ། མོས་པའི་སྤྱོད་ཡུལ་ལ་ངེས་པར་བྱུང་བ་བསམ་པ་དང་ལྷག་པའི་བསམ་པ་ལེགས་པར་ཡོངས་སུ་དག་པ་རྣམ་པ་བཟང་པོ་རྟོགས་པར་འགྱུར་བ་ཤ་སྟག་སྟེ། འཁོར་འདུས་པ་འདི་ནི་དེ་ལྟ་བུ་ལགས་པས་དེ་དག་གིས་ཆོས་ཀྱི་ཚུལ་འདི་འཚལ་བར་འགྱུར་ཞིང ། རྣམ་པར་འཚལ་བར་འགྱུར་ན་སེམས་ཅན་རྣམས་ལ་ཐུགས་བརྩེ་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་ལེགས་པར་ཡང་དག་པར་བཤད་དུ་གསོལ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་གསོལ་ཏོ། །དྲང་སྲོང་ཆེན་པོ་གང་དག་ཆོས་འདི་འཚལ་འགྱུར་བའི། །སེམས་ཅན་
57-1-87a
དཔལ་ཡོན་ལྡན་པ་འདི་ན་མང་དུ་མཆིས། །གང་དག་སྔོན་སངས་རྒྱས་ལ་སྤྱད་པ་ལེགས་སྤྱད་པ། །དེ་དག་རྣམས་ལ་ཐུབ་དབང་དེ་རིང་ཆོས་བསྟན་གསོལ། །དེ་དག་གུས་དང་བཅས་ཤིང་ཐལ་མོ་སྦྱར་མཆིས་ནས། །མི་ཡི་ལྷ་ཡི་ཞལ་དུ་ལྟ་ཞིང་མཆིས་ལགས་ན། །དྲང་ སྲོང་ཆེན་པོ་དེ་སླད་ཐུགས་རྗེ་བསྐྱེད་མཛད་ཅིང ། །དམ་ཆོས་ཆར་པ་དགྱེས་པ་བཞིན་དུ་དབབ་ཏུ་གསོལ། །ཆོས་རྒྱལ་ཁྱོད་ལ་བདག་ནི་གསོལ་བ་འདེབས་ལགས་ན། །ཆོས་ཀྱི་དམ་པ་གྱ་ནོམ་རབ་ཏུ་བསྟན་དུ་གསོལ། །རྫོགས་པའི་བྱང་ཆུབ་སེམས་དཔའ་ཁྱུ་མཆོག་བསྡུ་སླད་དུ། ། མགོན་པོ་དམ་ཆོས་ཕྱག་མཛོད་དབྱེ་བ་མཛད་དུ་གསོལ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ལེགས་སོ་ལེགས་སོ། །འཇམ་དཔལ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་འདི་འདྲི་བར་སེམས་པ་ལེགས་སོ་ལེགས་སོ། །འདི་ལྟར་འཇམ་དཔལ་ཁྱོད་ནི་ཆོས་འདི་དག་ལ་མངོན་སུམ་དུ་གནས་པ། ཆོས་ཐམས་ཅད་ལ་ཐེ་ཙོམ་མེད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ལ་མཁས་པས་ངེས་པར་འབྱུང་ བ་སྟེ། འཇམ་དཔལ་ཁྱོད་ནི་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་ཞུགས་པའོ། །འཇམ་དཔལ་ཁྱོད་ནི་མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་བ་བྱ་བར་འདོད་པའོ། །འཇམ་དཔལ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་།བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་དེ་བཞིན་འཚལ་ལོ་ཞེས་འཇམ་དཔལ་གཞོན་ནུར་གྱུར་པ་དང ། བྱང་ཆུབ་སེམས་དཔའ་དེ་དག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང ། བཅོམ་ལྡན་འདས་ཀྱིས་ དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་བཅུ་གཉིས་དང་ལྡན་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་བར་འགྱུར་རོ། །བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། རང་བཞིན་གྱིས་རྒྱ་ཆེན་པོ་ལ་མོས་ཤིང་དམན་པ་ལ་
57-1-87b
མོས་པ་མེད་པ་ཡིན། རང་བཞིན་གྱིས་སྙིང་རྗེའི་སྤྱོད་ཡུལ་དང་ལྡན་ཞིང་དཀར་པོའི་རང་བཞིན་ཅན་ཡིན། བཅོས་མ་མ་ཡིན་པའི་ལྷག་པའི་བསམ་པའི་སྤྱོད་ཡུལ་དང་ལྡན་ཞིང་ཡི་དམ་ལ་བརྟན་པ་ཡིན། ཚོགས་ཤིན་ཏུ་བསགས་ཤིང་སྤྱད་པ་ལེགས་པར་སྤྱད་པ་ཡིན། སངས་རྒྱས་འབྱུང་བ་ ལེགས་པར་བསྙེན་བཀུར་ཞིང་དཀར་པོའི་ཆོས་ལེགས་པར་ཡོངས་སུ་བསྡུས་པ་ཡིན། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཁ་ན་མ་ཐོ་བ་མེད་པ་དང་ལྡན་ཞིང་སྡིག་པའི་ལས་ཐམས་ཅད་བོར་བ་ཡིན། སྡིག་པའི་གྲོགས་པོ་ཐམས་ཅད་ཡོངས་སུ་སྤངས་ཤིང་དགེ་བའི་བཤེས་གཉེན་ལ་ བརྟེན་པ་ཡིན། ཇི་ལྟར་སྨྲས་པ་དེ་བཞིན་དུ་བྱེད་ཅིང་སླུ་བ་མེད་པ་ཡིན། བགེད་པའི་ངང་ཚུལ་ཅན་ཡིན་ཞིང་རོ་བྲོ་བ་རྣམས་ལ་མ་ཞེན་མ་ཆགས་པ་མང་བ་ཡིན། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་ཤིང་བདུད་ཀྱི་བྱིན་གྱི་རླབས་དང་བྲལ་བ་ཡིན། སེམས་ ཅན་ཐམས་ཅད་ལ་ཡང་དང་ཡང་སྙིང་རྗེ་ཆེན་པོ་ཡང་དག་པར་འཇུག་པ་ཡིན། བདོག་པ་ཐམས་ཅད་ཡོངས་སུ་གཏོང་ཞིང་མ་ཆགས་པའི་སེམས་དང་ལྡན་པ་ཡིན་ཏེ། རིགས་ཀྱི་བུ་ཡོན་ཏན་གྱི་ཆོས་བཅུ་གཉིས་པོ་དེ་དག་དང་ལྡན་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་སྟེ། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་བདེ་བར་བྱ་བའི་ཕྱིར་ཕན་པའི་སེམས་སོ། །སྡིག་པ་ཐམས་ཅད་མི་བྱེད་པའི་ཕྱིར་སྙིང་རྗེའི་སེམས་སོ། །སེམས་ཅན་ཐམས་ཅད་ཀྱི་ཁུར་བཀུར་བའི་ཕྱིར་སྙིང་རྗེ་ཆེན་པོའི་སེམས་སོ། ། ངན་འགྲོ་ཐམས་ཅད་རབ་ཏུ་སིམ་པར་བྱེད་པའི་ཕྱིར་བྱམས་པ་ཆེན་པོའི་སེམས་སོ། །ཐེག་པ་གཞན་མི་འདོད་པའི་ཕྱིར་དག་པའི་སེམས་སོ། །ཉོན་མོངས་པའི་རྙོག་པ་སེལ་བའི་ཕྱིར་ཉོན་མོངས་པ་མེད་པའི་སེམས་སོ། །རང་བཞིན་གྱིས་འོད་གསལ་བའི་ཕྱིར་འོད་གསལ་བའི་སེམས་ སོ། །རྫས་མེད་པའི་ཕྱིར་སྒྱུ་མ་ལྟ་བུའི་སེམས་སོ། །དངོས་པོ་དང་བྲལ་བའི་ཕྱིར་དངོས་པོ་མེད་པའི་སེམས་སོ། །མི་སྒུལ་བའི་ཕྱིར་བརྟན་པའི་སེམས་སོ། །ཆོས་ཐམས་ཅད་ངེས་པར་རྟོག་པའི་ཕྱིར་མི་ཟློག་པའི་སེམས་སོ། །ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པའི་ཕྱིར་སེམས་
57-1-88a
ཅན་ཐམས་ཅད་སྒྲོལ་བའི་སེམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །རྒྱལ་སྲས་གང་དག་སྤྱོད་པ་ལེགས་སྤྱོད་ཅིང ། །དཀར་པོའི་ཆོས་ཀྱིས་བསམ་པ་ཡོངས་དག་ལ། །དགྲ་ལའང་བྱམས་ཤིང་སྙིང་རྗེས་ སེམས་བརླན་པ། །དེ་དག་བྱང་ཆུབ་དོན་དུ་སེམས་ཀྱང་སྐྱེ། །གང་དག་སྡིག་གྲོགས་དགྲ་བོ་རྣམ་སྤངས་ཤིང ། །བྱང་ཆུབ་སྟོན་པའི་དགེ་བཤེས་བསྟེན་གྱུར་ཏེ། །བྱང་ཆུབ་ཐེག་པར་སྨོན་ལམ་སྦྱོང་བྱེད་པ། །དེ་དག་བྱང་ཆུབ་དོན་དུ་སེམས་ཀྱང་སྐྱེ། །གང་དག་སྔོན་མཐར་སྤྱད་ པ་སྤྱོད་པ་ན། །ནམས་ཀྱང་སྐྱོ་བའི་སེམས་ནི་མི་སྐྱེ་ལ། །རྡོ་རྗེ་ལྟ་བུར་མི་ཟློགས་སེམས་ལྡན་པ། །དེ་དག་བྱང་ཆུབ་དོན་དུ་སེམས་ཀྱང་སྐྱེ། །གང་དག་སྐྱེ་བོ་ཀུན་ལ་བྱམས་སེམས་ལྡན། །སེམས་ཅན་ཐམས་ཅད་བདེ་ལ་སྦྱོར་འདོད་ཅིང ། །སྡིག་པ་ཐམས་ཅད་སྤང་བའི་ བསམ་པ་ཅན། །དེ་དག་བྱང་ཆུབ་དོན་དུ་སེམས་ཀྱང་སྐྱེ། །ཐེག་པ་གཞན་གྱི་ཡོན་ཏན་མི་འདོད་ཅིང ། །བྱང་ཆུབ་རྒྱ་ཆེན་ཡོན་ཏན་མཆོག་སེམས་ཤིང ། །རྣམ་དག་ཉོན་མོངས་མེད་པའི་སེམས་ལྡན་པ། །དེ་དག་བྱང་ཆུབ་དོན་དུ་སེམས་ཀྱང་སྐྱེ། །སྲིད་པ་ཞི་བ་གང་ ལ་ཡང་དག་ཏུ། །སྐད་ཅིག་ཙམ་ཡང་ཡོད་མེད་རྟོག་མེད་ཅིང ། །མེ་ལོང་གདོང་ལྟར་འགྲོ་བ་ཀུན་ལྟ་བ། །འདི་ནི་ཡང་དག་ཏུ་ན་བྱང་ཆུབ་སེམས། །ཉོན་མོངས་སྐྱོན་གྱི་རྡུལ་རྣམས་རྣམ་སྤངས་ཤིང ། །དྲི་མེད་ནམ་མཁའ་ལྟ་བུར་རྣམ་མཛེས་ལ། །ཚིག་ལམ་ངེས་ཚིག་ཐམས་ ཅད་མཐོང་དགའ་བ། །འདི་ནི་བཟང་པོའི་བྱང་ཆུབ་སེམས་ཞེས་བྱ། །གཟུངས་དང་སོ་སོ་རིག་དང་སྤྱོད་མཆོག་གི། །རྩ་བ་འདི་ཡིན་མཚན་གྱི་འབྱུང་གནས་ཏེ། །དཔེ་བྱད་བཟང་པོ་འབར་བ་ལུས་ཀྱི་རྒྱུ། །སངས་རྒྱས་ཡོན་ཏན་ཀུན་གྱི་རིགས་སུ་གནས། །གླེང་གཞིའི་ལེའུ་སྟེ་ དང་པོའོ།། ་་།།འཇམ་དཔལ་ཡོན་ཏན་གྱི་ཆོས་དེ་ལྟ་བུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡོན་ཏན་གྱི་ཕན་ཡོན་བཅུ་གཉིས་ཡང་དག་པར་མཐོང་བ་དེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱའོ། །བཅུ་གཉིས་པོ་དག་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་
57-1-88b
ཀྱི་ལམ་སྟོན་པར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ་དང ། ལོངས་སྤྱོད་ཆེན་པོ་ཡོངས་སུ་སྒྲུབ་པའི་ལམ་ཡིན་པར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ་དང ། འདོད་པའི་རིགས་སུ་སྐྱེ་བར་འགྱུར་བར་ཡང་དག་པར་ མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ་དང ། སེར་སྣ་ཚར་གཅོད་པར་འགྱུར་བར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ་དང ། གཏོང་བའི་རྒྱུན་འཕེལ་བར་འགྱུར་བར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ་ དང ། ཡི་དགས་ཀྱི་གྲོང་ཁྱེར་གྱི་སྒོ་གཅོད་པར་བྱེད་པར་འགྱུར་བར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ་དང ། སྐྱེ་བོ་མང་པོ་དང་ཐུན་མོང་གི་ལོངས་སྤྱོད་རྣམས་ལས་སྙིང་པོ་ལེན་པར་འགྱུར་བར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ ལ་སྦྱར་བར་བྱ་བ་དང ། ཡོ་བྱད་ཡོངས་སུ་རྫོགས་པར་འགྱུར་བར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ་དང ། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་གོམས་པར་བྱས་པར་འགྱུར་བར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ སྦྱར་བར་བྱ་བ་དང ། དངོས་པོ་ཐམས་ཅད་ལ་འཛིན་པའི་སེམས་བདག་ལ་མེད་པར་འགྱུར་བར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ་དང ། བདག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བར་ཡང་དག་པར་མཐོང་བས་སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ་དང ། དེ་བཞིན་གཤེགས་པའི་རྗེས་སུ་བསྟན་པ་ལ་འཐུན་པར་ཞུགས་པར་འགྱུར་བར་ཡང་དག་པར་མཐོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་བ་སྟེ། རིགས་ཀྱི་བུ་ཡོན་ཏན་གྱི་ཕན་ཡོན་བཅུ་གཉིས་པོ་དེ་དག་ཡང་དག་པར་མཐོང་ བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བར་བྱ་སྟེ། སྦྱིན་པ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་
57-1-89a
ཏོ། །སྦྱིན་པ་རྒྱ་ཆེན་མཚུངས་མེད་བྱིན་པས་དེ་དག་བྱང་ཆུབ་འགྲུབ་འགྱུར་ཞེས། །རྐང་ལག་མགོ་དང་དྲི་མེད་མིག་དང་རྐང་དང་དེ་བཞིན་རུས་པ་དང ། །ཕྱི་དང་ནང་གི་དངོས་པོ་ཐམས་ཅད་སེར་སྣ་མེད་པའི་བློས་ཀྱང་གཏོང ། །ཕྱིར་ཞིང་ཕན་ཡོན་མཐོང་བ་རྒྱ་ཆེན་སེམས་ ལྡན་གང་དུའང་ལྟ་བ་མེད། །བདག་ནི་ལོངས་སྤྱོད་བཟང་པོ་རྫོགས་འགྱུར་རིགས་ཀྱི་མཆོག་ཏུ་སྐྱེ་བར་འགྱུར། །སངས་རྒྱས་དྲི་མེད་ལམ་འཕེལ་ཡོན་ཏན་སེར་སྣ་ཡོངས་སུ་སྤངས་པར་འགྱུར། །དབང་དང་ཕ་རོལ་ཕྱིན་ལ་སོགས་པ་རྫོགས་འགྱུར་སྦྱིན་འདི་རྒྱལ་བས་བསྔགས། ། མཁས་པ་དེ་ལྟར་དུ་མར་རྟོག་ཅིང་དོན་ཀུན་གཏོང་ལ་དགའ་བར་བྱེད། །རིགས་ཀྱི་བུ་ཡོན་ཏན་གྱི་ཆོས་བཅུ་གཉིས་པོ་འདི་དག་མཐོང་བའི་བྱང་ཆུབ་སེམས་དཔས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །བཅུ་གཉིས་པོ་དག་གང་ཞེ་ན། འདི་ལྟ་སྟེ། བདག་གིས་ བྱིན་གྱི་རླབས་ཕུན་སུམ་ཚོགས་པ་ཡོངས་སུ་ཟིན་པར་འགྱུར་བར་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ་དང ། བྱང་ཆུབ་སེམས་དཔའི་ལམ་དུ་ཞུགས་པར་འགྱུར་བར་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ་དང ། བདག་གིས་ ཉོན་མོངས་པའི་འཆིང་བ་རྣམས་ལྷོད་པར་འགྱུར་བར་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ་དང ། བདག་ངན་འགྲོ་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་བར་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ་དང ། བདག་ གིས་ངན་འགྲོའི་ལམ་ཐམས་ཅད་རྣམ་པར་སྦྱངས་པར་འགྱུར་བར་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ་དང ། བདག་གིས་ལུས་དང་ངག་དང ། ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པར་འགྱུར་བར་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་ བྱ་བ་དང ། མཁས་པའི་སྐྱེ་བོ་རྣམས་ཀྱིས་སྨད་པ་མེད་པར་འགྱུར་བར་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ་དང ། བདག་བག་ཡོད་པའི་ཆོས་ལ་བརྟེན་པར་འགྱུར་བར་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ་དང ། བདག་
57-1-89b
གིས་སེམས་ཅན་ཐམས་ཅད་ལ་མི་འཇིགས་པའི་སྦྱིན་པ་བྱིན་པར་འགྱུར་བར་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ་དང ། ལུས་དང་ངག་དང་ཡིད་ཀྱི་ལས་སྡོམ་པ་ཐོབ་པར་འགྱུར་བར་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ་དང ། བདག་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྒྲུབ་པར་འགྱུར་བར་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ་དང ། བདག་གིས་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡོངས་སུ་སྦྱངས་པར་འགྱུར་བར་མཐོང་བས་ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ་སྟེ། རིགས་ཀྱི་བུ་ཡོན་ཏན་གྱི་ཕན་ཡོན་བཅུ་གཉིས་པོ་དེ་དག་ཡང་དག་པར་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་སྟེ། ཚུལ་ཁྲིམས་དེ་ཡང་ཐམས་ཅད་མཁྱེན་ པ་ཉིད་དུ་ཡོངས་སུ་བསྔོ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །བདག་གི་ཉོན་མོངས་འཆིང་བ་ལྷོད་འགྱུར་ཞིང ། །བདག་ནི་ངན་འགྲོའི་སྒོ་བཅད་འགྱུར་རོ་ཞེས། །མཁས་པས་ཕན་ཡོན་ཡོངས་སུ་བསམ་བྱས་ ལ། །ཚུལ་ཁྲིམས་གཡག་རྔ་བཞིན་དུ་བསྲུང་བར་བྱ། །སངས་རྒྱས་རྗེས་བསྟན་རྗེས་སུ་བདག་འབྲང་ཞིང ། །བདེ་བར་གཤེགས་པས་རྟག་ཏུ་བསྔགས་འགྱུར་ལ། །བདག་གིས་བྱིན་བརླབས་དོན་མེད་མི་འགྱུར་བ། །ཚུལ་ཁྲིམས་གནས་ལས་འགྱུར་ཞེས་ཚུལ་ཁྲིམས་ བསྲུང ། །ལུས་དང་ངག་ལ་ཁ་ན་མ་ཐོ་མེད། །སེམས་ལ་སྐྱོན་མེད་ཆོས་ལ་སྤྱོད་པར་འགྱུར། །ལུས་ཀྱིས་བསྲུངས་ལ་ངག་གིས་བསྲུངས་གྱུར་ཅིང ། །སེམས་ཀྱིས་སྡིག་པ་རྣམ་པར་སེམས་མི་འགྱུར། །བག་ཡོད་བདེ་བར་གཤེགས་པས་བསྔགས་པ་སྟེ། །དགེ་བའི་ ལས་ཀྱི་རྩ་བར་གང་གྱུར་པ། །དེ་ལ་རྟག་ཏུ་བག་ཡོད་བདག་གནས་བྱ། །བག་མེད་ཐམས་ཅད་རྟག་པར་ཡོངས་སུ་སྤང ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པའི་མཆོག་གནས་ན། །སངས་རྒྱས་ཆོས་རྣམས་བདག་གིས་ཐོབ་པར་འགྱུར། །སངས་རྒྱས་ཚུལ་ཁྲིམས་རབ་ཏུ་
57-1-90a
སྦྱང་བར་བྱ། །དེ་ནི་ཚུལ་ཁྲིམས་མཆོག་ཅེས་འཕགས་པས་གསུངས། །ཡོན་ཏན་དེ་དག་ཐོབ་པར་གང་འདོད་ཅིང ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་མཆོག་འདོད་པ། །དེས་ན་ཚུལ་ཁྲིམས་གཡག་རྔ་བཞིན་བསྲུངས་ན། །ཡོན་ཏན་ཐམས་ཅད་མཁས་ པས་མྱུར་དུ་འཐོབ། །རིགས་ཀྱི་བུ་གཞན་ཡང་ཆོས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་བཅུ་གཉིས་ཀྱིས་བཟོད་པ་བསྒོམ་པར་བྱའོ། །བཅུ་གཉིས་པོ་དག་གང་ཞེ་ན། འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་སྐད་ཅིག་པའོ་ཞེས་བཟོད་པ་ བསྒོམ་པར་བྱ་བ་དང ། བདག་མི་དམིགས་པར་བྱ་བའི་ཕྱིར་བཟོད་པ་བསྒོམ་པར་བྱ་བ་དང ། བདག་དང་གཞན་ཡོངས་སུ་བསྲུང་བའི་ཕྱིར་བཟོད་པ་བསྒོམ་པར་བྱ་བ་དང ། འཁྲུག་པ་གཏན་མེད་པར་བྱ་བའི་ཕྱིར་བཟོད་པ་བསྒོམ་པར་བྱ་བ་དང ། བག་ལ་ཉལ་དང་ཀུན་ནས་ དཀྲིས་པ་རྣམ་པར་བསལ་བའི་ཕྱིར་བཟོད་པ་བསྒོམ་པར་བྱ་བ་དང ། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤང་བའི་ཕྱིར་བཟོད་པ་བསྒོམ་པར་བྱ་བ་དང ། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་བསྒྲུབ་པའི་ཕྱིར་བཟོད་པ་བསྒོམ་པར་བྱ་བ་དང ། ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ཐོབ་པར་ བྱ་བའི་ཕྱིར་བཟོད་པ་བསྒོམ་པར་བྱ་བ་དང ། གཞན་གྱི་གནོད་པ་ཐམས་ཅད་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་བཟོད་པ་བསྒོམ་པར་བྱ་བ་དང ། ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་ཐོབ་པར་བྱ་བའི་ཕྱིར་བཟོད་པ་བསྒོམ་པར་བྱ་བ་དང ། བདུད་ཀྱི་ཡུལ་ཐམས་ཅད་ལས་ ཡང་དག་པར་འདའ་བར་བྱ་བའི་ཕྱིར་བཟོད་པ་བསྒོམ་པར་བྱ་བ་དང ། དེ་བཞིན་གཤེགས་པའི་སྐུ་ཚད་མེད་པ་ཡང་དག་པར་མཐོང་བས་བཟོད་པ་བསྒོམ་པར་བྱ་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་བཅུ་གཉིས་པོ་དེ་དག་གིས་བཟོད་པ་ བསྒོམ་པར་བྱ་སྟེ། བཟོད་པ་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཀྱེ་མ་ཆོས་རྣམས་སྐད་ཅིག་ཡ་མ་བརླ། །དེ་ལ་ནམས་ཀྱང་སེམས་ཅན་རྙེད་མི་འགྱུར། །
57-1-90b
ཡོན་ཏན་ཆོས་རྣམས་རབ་ཏུ་རྟོགས་གྱུར་ན། །འཕགས་པ་སངས་རྒྱས་ཡོན་ཏན་གནས་པར་འགྱུར། །མཐའ་གཉིས་རྣམ་པར་སྤང་བ་བྱས་པས་ན། །བདག་དང་གཞན་ལ་རྟག་ཏུ་གནོད་མེད་པར། །བཟོད་པ་ཕུན་སུམ་ཚོགས་པ་མྱུར་བསྒོམ་ཞེས། །ཐུགས་རྗེ་ཆེན་པོའི་ དབང་པོ་དེ་སྐད་གསུང ། །རྟག་ཏུ་རྣམ་རྟོག་མེད་པར་བྱ་བ་ལ། །དེ་ནི་བརྟན་པའི་ཡིད་ཀྱིས་བཟོད་པ་སྟེན། །ཟད་པ་ཤེས་པ་བདག་གིས་ཐོབ་བྱ་ཞེས། །ཉོན་མོངས་ཞི་བར་བྱ་ཕྱིར་བཟོད་པ་སྟེན། །མཚན་གཟུགས་དཔེ་བྱད་བཟང་པོ་དག་བྱ་དང ། །ཚངས་པའི་གནས་སུ་ འགྲོ་བར་སུ་འདོད་པ། །བརྩོན་འགྲུས་བརྟན་པ་དེ་ཡིས་བཟོད་སྟོབས་སྟེན། །བཟོད་ལ་མོས་ན་ཐམས་ཅད་འབྱོར་པར་འགྱུར། །བདུད་ཀྱི་སྟོབས་ནི་སྟོབས་མེད་བྱ་བ་ལ། །བཟོད་པ་འདྲ་བ་སྟོབས་ཟླ་གང་ཡང་མེད། །དེ་ནི་ཡོན་ཏན་ཀུན་གྱི་འབྱུང་གནས་ཏེ། །དེ་ཕྱིར་བཟོད་ པའི་ཡོན་ཏན་དེ་བསྟེན་བྱ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔས་རྟུལ་བ་བཅུ་གཉིས་ཀྱིས་བརྩོན་འགྲུས་བརྩམ་པར་བྱའོ། །བཅུ་གཉིས་པོ་དག་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་རྟུལ་བས་བརྩོན་འགྲུས་བརྩམ་ པར་བྱ་བ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲུང་དུ་འགྲོ་བའི་རྟུལ་བས་བརྩོན་འགྲུས་བརྩམ་པར་བྱ་བ་དང ། དེ་བཞིན་གཤེགས་པ་ཐམས་ཅད་མཆོད་ཅིང་རིམ་གྲོ་བྱ་བའི་རྟུལ་བས་བརྩོན་འགྲུས་བརྩམ་པར་བྱ་བ་དང ། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་ པར་བྱ་བའི་རྟུལ་བས་བརྩོན་འགྲུས་བརྩམ་པར་བྱ་བ་དང ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་རྟུལ་བས་བརྩོན་འགྲུས་བརྩམ་པར་བྱ་བ་དང ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ལ་དགོད་པའི་རྟུལ་བས་བརྩོན་འགྲུས་བརྩམ་པར་བྱ་བ་དང ། སེམས་ ཅན་ཐམས་ཅད་ཀྱི་མི་ཤེས་པ་བསལ་བའི་རྟུལ་བས་བརྩོན་འགྲུས་བརྩམ་པར་བྱ་བ་དང ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཡེ་ཤེས་ཉེ་བར་བསྒྲུབ་པའི་རྟུལ་བས་བརྩོན་འགྲུས་བརྩམ་པར་བྱ་བ་དང ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྟུལ་བས་བརྩོན་
57-1-91a
འགྲུས་བརྩམ་པར་བྱ་བ་དང ། ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པར་སེམས་ཅན་གྱི་དོན་དུ་སྤྱོད་པ་སྤྱད་པས་ཡོངས་སུ་མི་སྐྱོ་བའི་རྟུལ་བས་བརྩོན་འགྲུས་བརྩམ་པར་བྱ་བ་དང ། སྐད་ཅིག་གཅིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་བའི་རྟུལ་ བས་བརྩོན་འགྲུས་བརྩམ་པར་བྱ་བ་དང ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟུལ་བས་བརྩོན་འགྲུས་བརྩམ་པར་བྱ་བ་སྟེ། རིགས་ཀྱི་བུ་རྟུལ་བ་བཅུ་གཉིས་ པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བརྩོན་འགྲུས་བརྩམ་པར་བྱ་སྟེ། བརྩོན་འགྲུས་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །དྲང་སྲོང་ སྲས་པོ་གང་དག་བྱང་ཆུབ་མཆོག་འདོད་པ། །ཁྱུ་མཆོག་དེ་དག་རྣམས་ཀྱི་བརྩོན་འགྲུས་མ་ཞུམ་མཆོག་།དེ་དག་སངས་རྒྱས་ཞིང་ནི་བརྒྱར་ཡང་འགྲོ་བར་བྱེད། །དེ་དག་ཡུན་རིང་སྤྱད་པ་སྤྱོད་ཀྱང་སྐྱོ་བ་མེད། །སེམས་ཅན་ཡོངས་སུ་སྨིན་པར་བྱ་ཕྱིར་བརྩོན་འགྲུས་ཅན། ། དེ་དག་བསྐལ་པ་བརྒྱ་ཕྲག་མང་པོར་སྡུག་བསྔལ་བཟོད། །སྐྱེ་བོ་སྡུག་བསྔལ་དཔག་མེད་ཞི་བདེ་སྦྱིན་འདོད་པ། །ལེ་ལོ་མེད་པ་དེ་དག་བརྩོན་འགྲུས་མི་ཉམས་འདོད། །ཞིང་ཀུན་རྣམ་པར་སྦྱོང་བར་བདག་ནི་སྨོན་ལམ་འདེབས། །ཆོས་རྣམས་འདི་དག་ཐམས་ཅད་རྣམ་པ་ཀུན་ རྟོགས་བྱ། །ཞིང་བརྒྱ་ཀུན་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ། །ཐེག་པ་མཆོག་ལ་བདག་གིས་སེམས་ཅན་བྱེ་བ་གདུལ། །ཤིན་ཏུ་རྒྱ་ཆེན་ཞིང་རྣམས་སྤྲུལ་པ་བྱས་ནས་སུ། །སེམས་ཀྱི་སྐད་ཅིག་གཅིག་ལ་བྱང་ཆུབ་མཆོག་འཚང་རྒྱ། །རྒྱལ་བའི་སྲས་པོ་བརྩོན་འགྲུས་ཕ་ རོལ་དོང་བ་དག་།སེམས་ཅན་དོན་དུ་རྣམ་པར་འཕྲུལ་པ་འདི་ན་སྟོན། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་རྣམ་པ་བཅུ་གཉིས་ཀྱིས་བསམ་གཏན་རྣམས་བསྒོམ་པར་བྱའོ། །བཅུ་གཉིས་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ། ཤིན་ཏུ་མི་འཁྲུགས་པའི་ཕྱིར་ཉོན་མོངས་
57-1-91b
པ་ཞི་བར་བྱ་བའི་རྣམ་པ་དང ། ཡུལ་རྣམས་ལ་མི་རྒྱུག་པའི་ཕྱིར་སེམས་གནས་པའི་རྣམ་པ་དང ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ལས་ཡང་དག་པར་འདའ་བའི་ཕྱིར་མི་གནས་པའི་རྣམ་པ་དང ། འཇིག་རྟེན་པའི་སྙོམས་པར་འཇུག་པ་ཟིལ་གྱིས་ གནོན་པའི་ཕྱིར་འཇིག་རྟེན་ལས་འདས་པའི་རྣམ་པ་དང ། དེ་ལ་མ་ཆགས་པའི་ཕྱིར་ཁྱད་པར་གྱི་རྣམ་པ་དང ། བསམ་གཏན་ཟློག་པའི་ཕྱིར་འདོད་རྒྱལ་གྱི་རྣམ་པ་དང ། དངོས་པོའི་འདུ་ཤེས་དང་བྲལ་བའི་ཕྱིར་ངོ་བོ་ཉིད་ཀྱི་རྣམ་པ་དང ། ཚད་ཡོད་པའི་ཏིང་ངེ་འཛིན་ལ་ སྨོད་པའི་ཕྱིར་ཚད་མེད་པའི་རྣམ་པ་དང ། ཤིན་ཏུ་ཞི་བའི་ཕྱིར་ཞི་གནས་ཀྱི་རྣམ་པ་དང ། ཅང་ཤེས་པའི་ཕྱིར་སེམས་དུལ་བའི་རྣམ་པ་དང ། དབང་པོ་ངེས་པར་བསྡམས་པའི་ཕྱིར་ངེས་པར་སེམས་པའི་རྣམ་པ་དང ། བྱང་ཆུབ་ཀྱི་བསམ་པ་མ་བོར་བའི་ཕྱིར་ཐབས་མཁས་ པའི་རྣམ་པས་བྱང་ཆུབ་སེམས་དཔའ་རྣམས་བསམ་གཏན་སྒོམ་གྱི། ང་རྒྱལ་དང་ལྟ་བ་དང་སྲེད་པ་ཤས་ཆེ་བའི་བསམ་གཏན་པ་ནི་མ་ཡིན་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་སྙོམས་པར་འཇུག་པ་ཐམས་ཅད་ཟིལ་གྱིས་གནོན་ཏོ། །རིགས་ཀྱི་བུ་རྣམ་ པ་བཅུ་གཉིས་པོ་དེ་དག་གིས་བྱང་ཆུབ་སེམས་དཔས་བསམ་གཏན་རྣམས་བསྒོམ་པར་བྱ་སྟེ། བསམ་གཏན་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །བྱང་ ཆུབ་སེམས་དཔའ་གཟི་ལྡན་པ། །དེ་ཉིད་དེ་དག་བསམ་གཏན་ནི། །ཉོན་མོངས་ཐམས་ཅད་ཞི་ཕྱིར་དང ། །ཤིན་ཏུ་འཁྲུག་མེད་དོན་ཕྱིར་ཡིན། །ཞི་བའི་ཞི་གནས་ངེས་པར་སེམས། །ཡུལ་ལ་རྟག་པར་དགའ་བ་མེད། །སེམས་འཁྲུལ་གྱུར་པ་གནས་རྣམས་ སུ། །རྟག་པར་ཡང་དག་རབ་ཏུ་སྦྱོར། །མི་གནས་དེ་དག་བསམ་གཏན་བྱེད། །འདོད་དང་གཟུགས་དང་གཟུགས་མེད་པ། །གང་ལའང་དེ་དག་མི་གནས་ཏེ། །དེ་དག་མི་གནས་བསམ་གཏན་བྱེད། །བྱང་ཆུབ་སེམས་དཔའ་ཡེ་ཤེས་ཅན། །བསམ་གཏན་འཇིག་
57-1-92a
རྟེན་འདས་པར་བརྗོད། །དེ་བས་ཏིང་ངེ་འཛིན་རྣམས་ཀྱིས། །ཉན་ཐོས་རྣམས་དང་འཇིག་རྟེན་འཕགས། །དེ་དག་བསམ་གཏན་ལས་སུ་རུང ། །ཇི་ལྟར་འདོད་བཞིན་དབང་ཡང་སྒྱུར། །འདོད་པའི་ཁམས་སུ་སྐྱེ་མི་འདོད། །དེ་དག་བསམ་གཏན་ཟློག་པར་ བྱེད། །བདག་ཉིད་ཆེན་པོ་དེ་དག་གི། །བསམ་གཏན་རྣམས་ནི་རྣམ་པས་འཕགས། །དེ་དག་དེར་ཆགས་མེད་པ་ཞེས། །དེ་ཕྱིར་རྒྱལ་བས་བཀའ་སྩལ་ཏོ། །སེམས་ཅན་མེད་ཆོས་དྲི་མེད་དེ། །དེ་དག་བསམ་གཏན་ཚད་མེད་དོ། །ཕྱོགས་གཅིག་བསམ་གཏན་ བྱེད་པ་དག་།ཟིལ་གྱིས་མནན་ཅིང་བསམ་གཏན་བྱེད། །ཤེས་རབ་ཐབས་དང་ལྡན་པ་པོ། །མ་སྨད་བསམ་གཏན་བསམ་གཏན་བྱེད། །དེ་དག་ལྟ་བའི་རྣམ་པ་སྤངས། །ཤིན་ཏུ་དགེ་བའི་སྤྱོད་ཡུལ་ཅན། །དངོས་ལ་མི་གནས་ཤེས་རབ་ལྡན། །དངོས་པོ་མེད་ལའང་མི་ གནས་ཏེ། །དངོས་དང་དངོས་མེད་འདུ་ཤེས་སྤངས། །དེ་དག་བསམ་གཏན་བསམ་གཏན་བྱེད། །གཟི་ལྡན་དེ་དག་འདྲ་བ་ཡི། །རྣམ་པས་མཉམ་མེད་བསམ་གཏན་བྱེད། །དེ་ལ་དགྲ་བཅོམ་རང་སངས་རྒྱས། །བློ་ནི་ཤིན་ཏུ་རྨོངས་པར་འགྱུར། །རིགས་ཀྱི་བུ་རྣམ་པ་བཅུ་ གཉིས་ཀྱིས་བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་བྱའོ། །བཅུ་གཉིས་པོ་དག་གང་ཞེ་ན། འདི་ལྟ་སྟེ། གཏི་མུག་གི་མུན་པ་མུན་ནག་མེད་པའི་ཕྱིར་སྣང་བའི་རྣམ་པ་དང ། ཉོན་མོངས་པའི་ཐིབས་པོ་སྣང་བར་བྱེད་པའི་ཕྱིར་སྒྲོན་མའི་རྣམ་པ་དང ། མི་ཤེས་པ་དང་བྲལ་བའི་ཕྱིར་ཡེ་ཤེས་ཀྱི་འོད་ཟེར་རབ་ཏུ་འགྱེད་པའི་རྣམ་པ་དང ། མ་རིག་པ་དྲུངས་ནས་འབྱིན་པའི་ཕྱིར་ཐང་གཤོལ་གྱི་རྣམ་པ་དང ། སྲེད་པའི་རྒྱ་མོ་རྣམ་པར་འཇིག་པར་བྱེད་པའི་ཕྱིར་ལྕགས་ཀྱུའི་རྣམ་པ་དང ། ཉོན་མོངས་པའི་རི་རྡུལ་དུ་རློག་པའི་ཕྱིར་རྡོ་རྗེའི་ རྣམ་པ་དང ། ཉོན་མོངས་པའི་འདམ་རྫབ་སྐེམས་པའི་ཕྱིར་ཉི་མའི་དཀྱིལ་འཁོར་གྱི་རྣམ་པ་དང ། སྐྱེ་བའི་ཤིང་སྲེག་པའི་ཕྱིར་མེའི་རྣམ་པ་དང ། རྨོངས་པ་མེད་པར་བྱེད་པའི་ཕྱིར་ནོར་བུ་ལྟ་བུའི་རྣམ་པ་དང ། རྫས་མེད་པའི་ཕྱིར་སྟོང་པ་ཉིད་ཀྱི་རྣམ་པ་དང ། མཚན་ཉིད་མེད་པའི་
57-1-92b
ཕྱིར་མཚན་མ་མེད་པའི་རྣམ་པ་དང ། ཁམས་གསུམ་ལས་ཡང་དག་པར་འདའ་བའི་ཕྱིར་སྨོན་པ་མེད་པའི་རྣམ་པ་སྟེ། རིགས་ཀྱི་བུ་རྣམ་པ་བཅུ་གཉིས་པོ་དེ་དག་གིས་བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཤེས་རབ་འཕགས་པ་འདི་ནི་སྣང་ལྟ་བུར། །རྟག་ཏུ་སྐྱེ་དགུ་རྣམས་ཀྱི་མུན་པ་སེལ། །དེ་ནི་སྒྲོན་མ་ལྟ་བུར་སྣང་ཕྱིར་བྱུང ། །ཉོན་མོངས་ཚོགས་ལ་འདི་ནི་སྣང་བར་བྱེད། །སྲེད་དང་རྨོངས་པའི་རྩ་རྣམས་བསལ་ བའི་ཕྱིར། །དགེ་བའི་ཡིད་ནི་ཐོང་གཤོལ་འདྲ་བ་ཡིན། །ཉོན་མོངས་རི་རྣམས་རྡུལ་དུ་རློག་པ་སྟེ། །ལྷ་མིན་ལྡང་ལ་དབང་པོའི་རྡོ་རྗེ་བཞིན། །རང་གི་སྣང་བས་ཤེས་རབ་མུན་བྲལ་བས། །དམ་པ་རྣམས་ཀྱིས་མར་མེ་འདྲ་ཞེས་བསྟན། །དེ་ནི་ཉོན་མོངས་འདམ་རྫབ་ངན་ སྐེམས་ཕྱིར། །དཔྱིད་ཉི་འདྲ་ཞེས་དམ་པ་རྣམས་ཀྱིས་བརྗོད། །དེ་ནི་ཉོན་མོངས་ཆུ་བོར་ནུབ་པ་ལ། །གྲུ་བཞིན་འཇིག་རྟེན་ཡང་དག་སྒྲོལ་བ་བྱེད། །དེ་ནི་གཏི་མུག་ཤིང་ཆེན་གཅོད་པས་ན། །དག་ཅིང་མི་རྟོག་རལ་གྲི་རྣོ་དང་མཚུངས། །རྨོངས་པ་མེད་འགྱུར་ནོར་བུ་རིན་ ཆེན་འདྲ། །དངོས་མེད་ཆོས་ཀྱི་མཚན་ཉིད་རྟོགས་པར་བྱེད། །སྟོང་པ་རང་དབང་བྱེད་ཅིང་རྟོག་མེད་པས། །དེ་ནི་སྲིད་དང་ཞི་ལ་མི་གནས་སོ། །ནེམ་ནུར་ཐེ་ཙོམ་ལ་སོགས་འཇིག་བྱེད་དེ། །དྲིས་པ་ལན་གདབ་པ་ལའང་དེ་མཁས་སོ། །འཁོར་བའི་ཉེས་པའང་དེ་ཉིད་སེལ་བྱེད་དེ། ། མྱ་ངན་འདས་ལམ་མཚོན་ལ་དེས་སྒྲོན་ཡིན། །དེ་ལ་མིག་ཅེས་ཐུབ་པ་ཟླ་བ་གསུང ། །མངོན་སུམ་བྱེད་ཅིང་རྟོགས་པའི་མཚན་ཉིད་དེ། །དེ་གྲོགས་བྱང་ཆུབ་སེམས་དཔའ་དྲི་མེད་རྣམས། །སྒྲོལ་མའི་ཡིད་ལྟར་བྱང་ཆུབ་སྤྱད་པ་སྤྱོད། །ཕ་རོལ་ཏུ་ཕྱིན་པ་བསྟན་པའི་ལེའུ་ སྟེ་གཉིས་པའོ།། ་་།།རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཐབས་ནི་ཡུལ་བཅུ་གཉིས་ལ་བལྟ་བར་བྱ་སྟེ། བཅུ་གཉིས་པོ་དག་གང་ཞེ་ན། རིགས་ཀྱི་བུ་འདི་ལ་ནི་བྱང་ཆུབ་སེམས་དཔའ་ནི་མྱ་ངན་ལས་འདས་པའི་ཡུལ་ལ་གནས་པའང་ཡིན་ལ། ཐབས་ཀྱིས་
57-1-93a
འཁོར་བའི་ཡུལ་ལ་ཡང་གནས་པར་སྣང་བ་དང ། དབེན་པའི་ཡུལ་ལ་གནས་པའང་ཡིན་ལ། ཐབས་ཀྱིས་འདུ་འཛིའི་ཡུལ་ལ་གནས་པར་ཡང་སྣང་བ་དང ། བསམ་གཏན་གྱི་ཡུལ་ལ་གནས་པའང་ཡིན་ལ། ཐབས་ཀྱིས་བཙུན་མོའི་འཁོར་གྱི་ ནང་ན་གནས་པར་ཡང་སྣང་བ་དང ། མངོན་པར་འདུ་མི་བྱེད་པའི་ཡུལ་ལ་གནས་པའང་ཡིན་ལ། ཐབས་ཀྱིས་མངོན་པར་འདུ་བྱེད་པ་ཐམས་ཅད་ཀྱི་ཡུལ་ལ་གནས་པར་ཡང་སྣང་བ་དང ། སྐྱེ་བ་མེད་པའི་ཡུལ་ལ་གནས་པའང་ཡིན་ལ། ཐབས་ཀྱིས་སྐྱེ་བ་དང ། ཤི་ འཕོའི་ཡུལ་ལ་གནས་པར་ཡང་སྣང་བ་དང ། བདུད་བཞིའི་ཡུལ་ལ་ཡང་དག་པར་འདས་པའང་ཡིན་ལ། ཐབས་ཀྱིས་བདུད་འདུལ་བ་ཡང་སྟོན་པ་དང ། འཕགས་པའི་སྐྱེ་བོའི་ཡུལ་ལ་གནས་པའང་ཡིན་ལ། ཐབས་ཀྱིས་འཕགས་པ་མ་ཡིན་པའི་ཡུལ་ལ་གནས་པར་ཡང་ སྣང་བ་དང ། འཇིག་རྟེན་གྱི་ཡུལ་ལས་ཡང་དག་པར་འདས་པའང་ཡིན་ལ། ཐབས་ཀྱིས་འཇིག་རྟེན་གྱི་ཡུལ་ལ་གནས་པར་ཡང་སྣང་བ་དང ། ཡེ་ཤེས་ཀྱི་ཡུལ་རྙེད་པའང་ཡིན་ལ་ཐབས་ཀྱིས་མི་ཤེས་པའི་མཐའི་ཡུལ་ལ་གནས་པར་ཡང་སྣང་བ་དང ། ཡང་དག་པའི་མཐའི་ ཡུལ་མངོན་སུམ་དུ་གྱུར་པའང་ཡིན་ལ། ཐབས་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་དུ་ཡང་མི་ལྟུང་བ་དང ། མཚན་ཉིད་མེད་པའི་ཆོས་ཁོང་དུ་ཆུད་པའང་ཡིན་ལ། ཐབས་ཀྱིས་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་ཅིང་སྤུད་པའི་ལུས་ཀྱིས་སེམས་ཅན་ ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའི་ཡུལ་ལ་གནས་པར་ཡང་སྣང་བ་དང ། སངས་རྒྱས་ཀྱི་ཡུལ་ལ་ཡང་དག་པར་ཞུགས་པའང་ཡིན་ལ། ཐབས་ཀྱིས་བདུད་ཀྱི་ཡུལ་ཐམས་ཅད་ལ་གནས་པར་ཡང་སྣང་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ནི་ ཡུལ་བཅུ་གཉིས་པོ་དེ་དག་ལ་བལྟ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་དག་རྣམས་ཀྱི། །ཐབས་ཀྱི་ཡུལ་ནི་འདི་ཡིན་ཏེ། །ཡུལ་རྣམས་གང་ལ་གནས་གྱུར་ཀྱང ། །ཡུལ་རྣམས་ཀུན་
57-1-93b
ལའང་སྣང་བ་ཡིན། །མྱ་ངན་འདས་པའི་མཚོར་བཀྲུས་ཀྱང ། །ཐབས་ཀྱིས་འཁོར་བའི་ཆུན་སྣང ། །ཐབས་ཀྱི་བསམ་པ་ཐོབ་པས་ན། །གཉི་གའི་སྐྱོན་གྱིས་གོས་པ་མེད། །འགྲོ་ཕན་ཐམས་ཅད་ལུས་ཡིད་ཀྱིས། །དབེན་པ་དམ་པ་ཐོབ་གྱུར་ནས། །མེ་ཏོག་ནགས་ཀྱི་བུང་བ་ བཞིན། །འདུ་འཛི་དག་དང་འདྲེས་པ་མེད། །གདུ་བུ་འཁྲོལ་བའི་སྒྲ་ཆེན་འབྱུང་བ་ཡི། །བཙུན་མོའི་འཁོར་ན་དེ་དག་སྒེག་པར་སྣང ། །སེམས་ཅན་དམྱལ་ལ་སོགས་པའི་གནོད་པ་ཡིས། །སེམས་ཅན་སྡུག་བསྔལ་སེམས་ཤིང་རྟག་མི་གཡོ། །དེ་དག་རྟག་ཏུ་ཞི་ཞིང་མཉམ་ གཞག་ཀྱང ། །རྣམ་པར་གཡེངས་པའི་ཡུལ་དུའང་སྣང་བ་ཡིན། །རྣམ་པར་གཡེངས་པའི་གཞི་ནི་བསལ་བ་སྟེ། །དེ་དག་ཐབས་མཁས་ཚུལ་ནི་དེ་ཡིན་ནོ། །དེ་དག་མི་རྟོག་མངོན་པར་འདུ་བྱེད་མེད། །རྣམ་པར་རྟོག་པའི་མེ་ཡང་ཡོད་མིན་ཀྱང ། །ཐབས་ཀྱིས་སྤྲོས་པ་དང་ ནི་འདུ་བྱེད་དང ། །རྟོག་དང་ལྡན་པ་དེ་དག་སྣང་བ་ཡིན། །ཆོས་རྣམས་འཆི་འཕོ་སྐྱེ་བ་མེད་ལྡན་ཞིང ། །ཡང་དག་ཉིད་དུ་སྐྱེ་མེད་ལྡན་མཐོང་ཡང ། །མཁས་པ་རྣམས་ནི་ཐབས་ཀྱི་ཡེ་ཤེས་ཀྱིས། །སྐྱེ་བ་དང་ནི་འཆི་འཕོ་སྟོན་པར་བྱེད། །བདུད་ཀྱི་ཡུལ་ལས་ཡོངས་འདས་ ཤིང ། །བརྟན་རྣམས་སངས་རྒྱས་ཡུལ་གནས་ཀྱང ། །བརྟན་པ་རྣམས་ཀྱི་ཐབས་ཀྱིས་སུ། །བདུད་ཀྱི་ཡུལ་ལ་རྒྱུ་བར་སྣང ། །འཕགས་པའི་ཚོགས་ཀྱི་སྤྱིར་གནས་ཀྱང ། །ཐབས་ཀྱིས་བྱིས་པ་ཉིད་དུ་སྟོན། །ཡེ་ཤེས་སྟོབས་ཅན་རྣམ་འཕྲུལ་ཀྱང ། །སེམས་ཅན་དག་ པ་སྙིང་རྗེས་ཟིན། །ཆོས་རྣམས་སྟོང་པ་ཉིད་ཀྱི་མཆོག་།ཆོས་ཉིད་དེ་དག་རྟོགས་ཡིན་ཞིང ། །ཤིན་ཏུ་མྱ་ངན་ལས་འདས་པའི། །ཐབས་ལའང་དེ་དག་སྤྱོད་པར་བྱེད། །ཆོས་ཀུན་རང་བཞིན་མེད་པ་དང ། །སྟོང་ཞི་མཚན་ཉིད་མེད་རྟོགས་ཀྱང ། །ཐབས་ཀྱིས་མཚན་གྱིས་ བརྒྱན་པ་ཡི། །ལུས་ཀྱིས་སེམས་ཅན་དོན་ཀྱང་སྤྱོད། །ཤེས་རབ་ཉམས་ཤིང་བརྩེ་མེད་པ། །སྙིང་རྗེ་མེད་བློ་འཚོ་བ་མིན། །ཤེས་རབ་འཕགས་དང་སྙིང་རྗེ་ནི། །དག་པས་དེ་ཕྱིར་ཐབས་སུ་འདོད། །བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱི། །མཐུ་ལྡན་ཐབས་ནི་
57-1-94a
འདི་ཡིན་ཏེ། །འཕགས་པ་དེ་དག་དེར་གནས་ཤིང ། །རྣམ་པར་འཕྲུལ་པ་བརྒྱ་དག་སྟོན། །རིགས་ཀྱི་བུ་འདི་ལྟར་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་སུ་བལྟ་བར་བྱ་སྟེ། གང་འདི་ལྟར་ཡོན་ཏན་གྱི་སྙིང་པོ་རྣམ་པ་བཅུ་གཉིས་ཀྱིས་མངོན་པར་ འཕགས་པའི་སངས་རྒྱས་ཀྱི་ཞིང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱང་བསྐལ་པའི་སྙིགས་མ་སྟོན་པ་དང ། དུས་ཀྱི་སྙིགས་མ་སྟོན་པ་དང ། སེམས་ཅན་གྱི་སྙིགས་མ་སྟོན་པ་དང ། ཉོན་མོངས་པའི་སྙིགས་མ་སྟོན་པ་ དང ། ཚེའི་སྙིགས་མ་སྟོན་པ་དང ། ཐེག་པ་ཐ་དད་པ་སྟོན་པ་དང ། ཀུན་ནས་ཉོན་མོངས་པ་ཅན་གྱི་སངས་རྒྱས་ཀྱི་ཞིང་སྟོན་པ་དང ། སེམས་ཅན་དམུ་རྒོད་སྟོན་པ་དང ། ཆོས་བསྟན་པ་ལ་བྱེ་བྲག་སྟོན་པ་དང ། གཞན་མུ་སྟེགས་ཅན་གྱི་འཁྲུག་པ་ཡོད་པར་སྟོན་པ་དང ། བདུད་ རྣམས་དང ། བདུད་ཀྱི་ལས་རྣམས་ཀྱང་སྟོན་ལ། ཉེས་པ་དེ་དག་ཀྱང་ཡོད་པ་མ་ཡིན་པ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ཐབས་སུ་བལྟ་བར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། ཡོན་ཏན་གྱི་སྙིང་པོ་གང་དང་ལྡན་ན་གང་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་དེ་ལྟ་བུར་འགྱུར་བའི་ཡོན་ཏན་གྱི་སྙིང་པོ་བཅུ་གཉིས་པོ་དེ་དག་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། འཇམ་དཔལ་འདི་ལ་གང་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་དེ་ནི་ཡོན་ཏན་གྱི་སྙིང་པོས་བསྒྲུབས་པའི་ཕྱིར་བསྐལ་པའི་སྙིང་པོ་དང་ལྡན་པ་ཡིན། །སངས་རྒྱས་ཀྱི་ཞིང་དེ་ནི་ཆོས་སྤྱད་པའི་དུས་ ལས་མི་འདའ་བའི་ཕྱིར་དུས་ཀྱི་སྙིང་པོ་དང་ལྡན་པ་ཡིན། སངས་རྒྱས་ཀྱི་ཞིང་དེ་ནི་ཆོས་ཤེས་པར་འགྱུར་བ་དང་ལྡན་པའི་ཕྱིར་སེམས་ཅན་གྱི་སྙིང་པོ་དང་ལྡན་པ་ཡིན། སངས་རྒྱས་ཀྱི་ཞིང་དེ་ནི་ལེགས་པར་ཡོངས་སུ་དག་པའི་ཕྱིར་ཉོན་མོངས་པ་ཅན་མ་ཡིན་པའི་ཞིང་གི་སྙིང་
57-1-94b
པོ་དང་ལྡན་པ་ཡིན། སངས་རྒྱས་ཀྱི་ཞིང་དེ་ནི་སེམས་ཅན་དམུ་རྒོད་མེད་པའི་ཕྱིར་སེམས་ཅན་ཅང་ཤེས་ཀྱི་སྙིང་པོ་དང་ལྡན་པ་ཡིན། སངས་རྒྱས་ཀྱི་ཞིང་དེ་ནི་ཐེག་པ་གཅིག་གིས་ངེས་པར་འབྱུང་བའི་ཕྱིར་ཐེག་པའི་སྙིང་པོ་དང་ལྡན་པ་ཡིན། སངས་རྒྱས་ཀྱི་ཞིང་དེ་ནི་རྫས་ཀྱི་ ལྷག་མ་ཡོད་པའི་ཕྱིར་སའི་སྙིང་པོ་དང་ལྡན་པ་ཡིན།སངས་རྒྱས་ཀྱི་ཞིང་དེ་ནི་གཞན་མུ་སྟེགས་ཅན་ཐམས་ཅད་ཀྱི་བསྟན་པ་མི་སྤྱོད་པའི་ཕྱིར་བསྟན་པའི་སྙིང་པོ་དང་ལྡན་པ་ཡིན། ་སངས་རྒྱས་ཀྱི་ཞིང་དེ་ནི་གཡོ་མེད་པའི་ཕྱིར་ཡོན་ཏན་གྱི་སྙིང་པོ་དང་ལྡན་པ་ཡིན། སངས་རྒྱས་ ཀྱི་ཞིང་དེ་ནི་སེམས་ཅན་རང་བཞིན་གྱིས་དཀར་བའི་གནས་སུ་གྱུར་པའི་ཕྱིར་བསམ་པ་དང་ལྷག་པའི་བསམ་པའི་སྙིང་པོ་དང་ལྡན་པ་ཡིན། སངས་རྒྱས་ཀྱི་ཞིང་དེ་ནི་སྦྱིན་པའི་གནས་དང་མི་འབྲལ་བའི་ཕྱིར་འཕགས་པའི་སྙིང་པོ་དང་ལྡན་པ་ཡིན། སངས་རྒྱས་ཀྱི་ཞིང་དེ་ནི་སྔོན་གྱི་དེ་ བཞིན་གཤེགས་པ་རྣམས་བཞུད་ཅིང་རྗེས་སུ་བཞུད་པའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོ་དང་ལྡན་པ་ཡིན་ཏེ། འཇམ་དཔལ་གང་དུ་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་དེ་ནི་ཡོན་ཏན་གྱི་སྙིང་པོ་དེ་དག་དང་ལྡན་པ་ཡིན་ནོ། ། ཐབས་ལ་མཁས་པའི་ལེའུ་སྟེ་གསུམ་པའོ།། ་་།།འཇམ་དཔལ་དེ་ལྟར་རྣམ་གྲངས་དེས་ཀྱང་འདི་ལྟར་ང་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་བཀོད་པ་མེད་པར་ཁྱོད་ཀྱིས་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་འདུ་ཤེས་ཐ་ དད་པ་མེད་པའི་ཕྱིར་རོ། །འཇམ་དཔལ་གལ་ཏེ་དེ་བཞིན་གཤེགས་པ་སེམས་ཅན་ཁ་ཅིག་ལ་ནི་ཐེག་པ་ཆེན་པོ་སྟོན། ཁ་ཅིག་ལ་ནི་རང་སངས་རྒྱས་ཀྱི་ཐེག་པ་སྟོན། ཁ་ཅིག་ལ་ནི་ཉན་ཐོས་ཀྱི་ཐེག་པ་སྟོན་ན། དེ་ནི་དེ་བཞིན་གཤེགས་པའི་སེམས་ཡོངས་སུ་མ་དག་པར་ འགྱུར་རོ། །སེམས་མ་སྙོམས་པ་ཉིད་དུ་ཡང་འགྱུར་རོ། །མངོན་པར་ཞེན་པའི་སྐྱོན་དུ་ཡང་འགྱུར་རོ། །སྙིང་རྗེ་ཆེན་པོ་ཕྱོགས་གཅིག་པར་ཡང་འགྱུར་རོ། །འདུ་ཤེས་ཐ་དད་པའི་སྐྱོན་དུ་ཡང་འགྱུར་རོ། །ངས་ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་བྱས་པར་ཡང་འགྱུར་རོ། །
57-1-95a
འཇམ་དཔལ་ངས་སེམས་ཅན་རྣམས་ལ་ཆོས་གང་དང་གང་བསྟན་པ་དེ་དག་ཐམས་ཅད་ནི་འདི་ལྟ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་ལ་གཞོལ་བ་ཐེག་པ་ཆེན་པོ་ལ་འབབ་པ། ཐམས་ཅད་མཁྱེན་པ་ཉིད་བསྒྲུབ་པ། ཡུལ་གཅིག་ཏུ་ཡང་ དག་པར་ཕྱིན་པར་བྱེད་པ་སྟེ། དེ་བས་ན་ང་ལ་ཐེག་པ་ཐ་དད་པར་རྣམ་པར་དགོད་པ་མེད་དོ། །འཇམ་དཔལ་གྱིས་གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཐེག་པ་རྣམ་པར་དགོད་པ་མ་མཆིས་ན་ཅིའི་སླད་དུ་དེ་བཞིན་གཤེགས་པས་འདི་ནི་ཉན་ཐོས་ཀྱི་ཐེག་པའོ། །འདི་ནི་རང་སངས་རྒྱས་ ཀྱི་ཐེག་པའོ། །འདི་ནི་ཐེག་པ་ཆེན་པོའོ་ཞེས་ཐེག་པ་གསུམ་ལས་བརྩམས་ཏེ། སེམས་ཅན་རྣམས་ལ་ཆོས་བསྟན་པ་མཛད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཐེག་པ་རྣམ་པར་དགོད་པ་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པས་ས་རྣམ་པར་དགོད་པ་ མཛད་པ་ཡིན་གྱི། ཐེག་པ་རྣམ་པར་བཀོད་པ་མ་ཡིན་ནོ། །དེ་ནི་དེ་བཞིན་གཤེགས་པས་ཆོས་ཀྱི་མཚན་ཉིད་རྣམ་པར་དགོད་པ་མཛད་པ་ཡིན། དེ་ནི་དེ་བཞིན་གཤེགས་པས་གང་ཟག་རྣམ་པར་དགོད་པ་མཛད་པ་ཡིན། དེ་ནི་དེ་བཞིན་གཤེགས་པས་ཚོགས་ཆུང་བ་དང ། ཚོགས་ཚད་མེད་པ་རྣམ་པར་དགོད་པ་མཛད་པ་ཡིན་ཏེ། ཆོས་ཀྱི་དབྱིངས་ལ་ཐ་དད་པ་མེད་པའི་ཕྱིར་འདི་ལ་ཐེག་པ་ཐ་དད་པར་འགྱུར་བ་གང་ཡང་མེད་དོ། །འཇམ་དཔལ་དེ་ནི་དེ་བཞིན་གཤེགས་པས་འཇུག་པའི་སྒོ་བསྟན་པ་སྟེ། བཟོ་སློབ་པ་ནི་རིམ་གྱིས་སློབ་པ་ལ་འཇུག་པ་ལྟར་ བལྟ་བར་བྱའོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་འཕོང་གི་སློབ་དཔོན་འཕོང་དཔྱད་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པ་ནི་སློབ་མ་རྣམས་ལ་ཐབས་སྣ་ཚོགས་དང ། རྩོལ་བ་སྣ་ཚོགས་ཀྱིས་འཕོང་དཔྱད་སྟོན་ཏེ། འཕོང་ཤེས་པར་བྱ་བ་ནི་གཅིག་ཏུ་ཟད་དོ། །འཇམ་དཔལ་དེ་ བཞིན་དུ་དེ་བཞིན་གཤེགས་པ་ཆོས་ཀྱི་འཕོང་གི་སློབ་དཔོན་མཁས་པ་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་གཅིག་པོ་དེ་ཉིད་རྣམ་པ་གསུམ་དུ་སྟོན་པ་མཛད་དོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་མེ་ལྕེ་ཆུང་ངུ་དེ་ཉིད་མཆེད་ན་སྲེག་པའི་བསྐལ་པའི་བར་དུ་འཚིག་པའི་མཐུ་
57-1-95b
ཡོད་པར་འགྱུར་རོ། །འཇམ་དཔལ་དེ་བཞིན་དུ་ཡེ་ཤེས་སྣང་བ་གཅིག་པོ་དེ་ཡང་རིམ་གྱིས་རྣམ་པར་འཕེལ་ན། ཉོན་མོངས་པ་ཐམས་ཅད་སྲེག་པའི་ཕྱིར་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྣང་བ་ཆེན་པོའི་བར་དུ་སྦྱིན་པར་བྱེད་དོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་རིའི་རྒྱལ་ པོ་རི་རབ་ནི་རྣམ་པར་རྟོག་པ་མེད་དེ། དེའི་དྲུང་དུ་སེམས་ཅན་གང་དག་ཁ་ཅིག་ཕྱིན་པ་དེ་དག་ཐམས་ཅད་འདི་ལྟ་སྟེ། གསེར་གྱི་མདོག་ཏུ་ཁ་དོག་གཅིག་པར་འགྱུར་རོ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རི་རབ་ཆེན་པོ་བླ་ན་མེད་པ་ཡང་རྣམ་པར་ མི་རྟོག་སྟེ། དེར་སེམས་ཅན་གང་དག་ཁ་ཅིག་དེ་བཞིན་གཤེགས་པའི་ཆོས་ཉིད་ལ་རྣམ་པར་ལྟ་བ་དེ་དག་ཐམས་ཅད་འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་མདོག་ཏུ་ཁ་དོག་གཅིག་པར་འགྱུར་རོ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་ཆེན་པོ་ཨན་ ད་རྙིལ་ནི་ཕྱོགས་གང་ན་འདུག་པ་དེར་རིན་པོ་ཆེ་ཆེན་པོ་དེའི་ཡུལ་དུ་ཇི་ཙམ་དུ་གྱུར་པ་ཚུན་ཆད་ན་ཁ་དོག་ཐ་དད་པ་གཟུགས་ཁ་དོག་སྣ་ཚོགས་སྣང་བ་གང་དག་ཇི་སྙེད་ཅིག་ཡོད་པ་དེ་དག་ནོར་བུ་རིན་པོ་ཆེ་དེའི་གཟི་བརྗིད་ཀྱིས་འདི་ལྟ་སྟེ། སྔོ་བའི་མདོག་ཏུ་ཁ་དོག་གཅིག་ པར་འགྱུར་རོ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་བླ་ན་མེད་པའི་ནོར་བུ་རིན་པོ་ཆེ་ཨན་ད་རྙིལ་ཆེན་པོའི་ཆོས་སྣང་བ་དང་འོད་ཀྱིས་སེམས་ཅན་གང་ལ་བབ་པ་དེ་ཐམས་ཅད་འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་མདོག་ཏུ་ཁ་དོག་གཅིག་པར་འགྱུར་རོ། ། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོར་ནི་སྒོ་ཐ་དད་པ་ནས་ཆུ་མང་པོ་འབབ་སྟེ། དེར་བབས་ནས་ཐམས་ཅད་ཀྱང་འདི་ལྟ་སྟེ། ལན་ཚཝའི་རོར་རོ་གཅིག་པར་རྟག་ཏུ་གནས་པར་འགྱུར་རོ། །འཇམ་དཔལ་དེ་ལ་རྒྱ་མཚོ་ཆེན་པོ་ཞེས་བྱ་བ་དེ་ནི་དེ་བཞིན་ གཤེགས་པའི་ཚིག་བླ་དགས་སོ། །སྒོ་ཐ་དད་པ་ནས་ཆུ་མང་པོ་འབབ་ཅེས་བྱ་བ་དེ་ནི་ཉན་ཐོས་དང ། རང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་བླ་དགས་སོ། །དེར་བབས་ནས་དེ་ཐམས་ཅད་རོ་གཅིག་ཏུ་འགྱུར་ཞེས་བྱ་བ་དེ་ནི་རྣམ་པར་མི་རྟོག་
57-1-96a
པའི་ཕྱིར་ཐེག་པ་གཅིག་གི་ཚིག་བླ་དགས་ཏེ། འཇམ་དཔལ་རྣམ་གྲངས་དེས་ཀྱང་འདི་ལྟར་དེ་བཞིན་གཤེགས་པས་དེ་ནི་ཡོངས་སུ་སྦྱང་བ་བྱ་བའི་སར་རྣམ་པར་བཀོད་པ་དེ་ནི་དེ་བཞིན་གཤེགས་པས་འཇུག་པའི་ཚུལ་དུ་གསུངས་པ། དེ་ནི་དེ་བཞིན་གཤེགས་པས་ ཆོས་རྣམ་པར་དགོད་པ་མཛད་པ། དེ་ནི་དེ་བཞིན་གཤེགས་པས་བསྟན་པ་ལ་རིམ་གྱིས་འཇུག་པར་བསྟན་པ་སྟེ། ཚོགས་ཆུང་ངུ་དང་ཚོགས་ཆེན་པོའི་གང་ཟག་རྣམས་རྣམ་པར་དགོད་པ་ཐབས་མཁས་པའི་རྣམ་པར་འཕྲུལ་པ་སྟེ། དེ་བཞིན་གཤེགས་པའི་སོ་སོ་ཡང་དག་ པར་རིག་པ་སྣ་ཚོགས་དང་ཀུན་རྫོབ་ལ་འཇུག་པ་བསྟན་པ་ཡིན་པར་དེ་ལྟར་རིག་པར་བྱ་སྟེ། དོན་དམ་པར་ནི་ཐེག་པ་གཅིག་སྟེ་གཉིས་སུ་མེད་དོ། །འཇམ་དཔལ་སངས་རྒྱས་ཀྱི་ཞིང་འདི་ན་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་བ་དག་སྣང་བ་འདི་ཡང་དེ་བཞིན་གཤེགས་ པའི་ཐབས་ཡིན་པར་བལྟ་བར་བྱ་སྟེ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱི་མངའ་དབང་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་དེ་བཞིན་གཤེགས་པས་ནི་གཉེན་པོ་ཐམས་ཅད་ཤིན་ཏུ་བསལ་བའི་ཕྱིར་ཕྱིར་རྒོལ་བ་ཐམས་ཅད་ཀྱི་ཐམས་ཅད་མེད་དེ། འཇམ་དཔལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དགེ་བའི་རྩ་བ་འཇིག་པའི་ཚུལ་ཅན་དང་ལྡན་པ། འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ། ཉེ་བར་ལེན་པ་དང་བཅས་པ། བག་ལ་ཉལ་དང་བཅས་པ། ཉོན་མོངས་པ་དང་བཅས་པ་ལ་ཡང་ཕྱིར་རྒོལ་བ་ཐམས་ ཅད་ཀྱིས་ཐམས་ཅད་མེད་ཅིང་བསྡོ་བའི་དམག་ཚོགས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་འཚེ་བ་མེད་པའི་ཕྱིར་ཏེ། འཇམ་དཔལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དེ་ལྟ་ན་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་ པོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་བསགས་པ། སྙིང་རྗེ་ཆེན་པོ་རྒྱུན་མི་འཆད་པ་བརྙེས་པ། ཟག་པ་མེད་པའི་ཆོས་ཀྱི་ནམ་མཁའ་ལ་རྒྱུ་བ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་རིན་པོ་ཆེ་དང་ལྡན་པ། བསྙེལ་བ་མི་མངའ་བའི་ཆོས་ཅན། ཆོས་ཀྱི་འཁོར་
57-1-96b
ལོས་སྒྱུར་བའི་རྒྱལ་པོ་ཆེན་པོའི་ཆོས་ཀྱི་རྒྱལ་སྲིད་ལ་འཚེ་བ་ཡོད་པའམ། བསྡོ་བའི་དམག་ཚོགས་ཀྱི་འཇིགས་པར་འགྱུར་བ་ལྟ་ག་ལ་ཡོད་དེ་དེ་ནི་གནས་མེད་དོ། །འཇམ་དཔལ་ཡང་སངས་རྒྱས་ཀྱི་ཞིང་འདི་ན་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་བ་གང་དག་ སྣང་བ་འདི་ཡང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཡིན་པར་བལྟ་བར་བྱ་སྟེ། རིགས་ཀྱི་བུ་དེ་དག་ཀུན་ཀྱང་མུ་སྟེགས་གཅིག་ལ་གནས་པ་ཡིན་པར་རིག་པར་བྱའོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་རི་དགས་ཀྱི་རྒྱལ་པོ་སེང་གེའི་མདུན་དུ་ནི་རི་དགས་ ཕྲ་མོ་ཐམས་ཅད་གནས་པར་མི་ནུས་སོ། །འཇམ་དཔལ་དེ་བཞིན་དུ་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་ཡུལ་མནན་པར་བྱ་བའམ། དེ་བཞིན་གཤེགས་པ་སྐྱེས་བུ་སེང་གེ་ཆེན་པོ་སྟོབས་བཅུ་མངའ་བ་མི་འཇིགས་པ་ བཞི་བརྙེས་པའི་མདུན་དུ་གནས་པར་བྱ་བའམ། བརྩད་པར་བྱ་བར་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་མ་གཏོགས་པར་མི་ནུས་ཏེ་དེ་ནི་གནས་མེད་དོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ཉི་མའི་དཀྱིལ་འཁོར་ཤར་ཅིང་འོད་ཟེར་མང་པོ་བཀྱེ་བའི་ཚེ་སྲིན་བུ་མེ་ཁྱེར་ ཐམས་ཅད་ཀྱང་འོད་མེད་པར་འགྱུར་ཞིང ། མེ་དང་ནོར་བུ་དང་སྐར་མ་ཐམས་ཅད་ཀྱི་འོད་ཟེར་རྣམས་ཀྱང་མི་སྣང་ངོ ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཉི་མའི་དཀྱིལ་འཁོར་ཆེན་པོ་ཤར་ཅིང་ཡེ་ཤེས་ཀྱི་འོད་ཟེར་མང་པོ་བཀྱེ་བའི་ཚེ་གཞན་མུ་སྟེགས་ཅན་ སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་ཐམས་ཅད་ཟིལ་གྱིས་ནོན་ཅིང་མི་སྣང་ངོ ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ལྕགས་ཀྱི་རྒྱལ་པོ་ཁབ་ལོང་སའི་ཕྱོགས་གང་དུ་བྱུང་བ་དེར་ཁབ་ལོང་གི་མི་འདྲེ་བའི་མཚན་ཉིད་ཀྱི་ཕྱིར་ལྕགས་ཐམས་ཅད་མི་གནས་སོ། །འཇམ་དཔལ་དེ་བཞིན་ དུ་སངས་རྒྱས་ཀྱི་ཞིང་གང་དུ་སངས་རྒྱས་བྱུང་བར་གྱུར་པ་དེ་ནི་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་ཐམས་ཅད་རྒྱུ་བ་མེད་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སངས་རྒྱས་བྱུང་བའི་མི་འདྲེ་བའི་ཆོས་ཀྱི་མཚན་ཉིད་ཀྱི་ཕྱིར་རོ། །འཇམ་དཔལ་འདི་ལྟ་སྟེ།
57-1-97a
དཔེར་ན་རིན་པོ་ཆེའི་རྒྱལ་པོ་ཡིད་བཞིན་གྱི་ནོར་བུ་གང་དུ་བྱུང་བ་དེར་ནི་མཆིང་བུ་རྣམས་མི་འབྱུང་ངོ ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡེ་ཤེས་རིན་པོ་ཆེ་ཆེན་པོ་གང་དུ་བྱུང་བ་དེར་ནི་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་ཐམས་ཅད་ མི་འབྱུང་བར་རིག་པར་བྱའོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་རིན་པོ་ཆེའི་འབྱུང་ཁུང་གང་ནས་འཛམ་བུའི་ཆུ་བོའི་གསེར་བྱུང་བ་དེ་ནས་ལྕགས་འགྱེས་ཀྱི་ཕུང་པོ་མི་འབྱུང་ངོ ། །འཇམ་དཔལ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་གང་དུ་དེ་བཞིན་གཤེགས་པ་བྱུང་བ་དེར་ གཞན་མུ་སྟེགས་ཅན་སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་ཐམས་ཅད་མི་འབྱུང་ངོ ། །འཇམ་དཔལ་རྣམ་གྲངས་དེས་ཀྱང་འདི་ལྟར་དེ་བཞིན་གཤེགས་པ་གང་དུ་བྱུང་བ་དེར་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་ཐམས་ཅད་མི་འབྱུང་བར་རིག་པར་བྱའོ། །འཇམ་དཔལ་ཡང་སངས་ རྒྱས་ཀྱི་ཞིང་འདི་ན་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་གང་དག་སྣང་བ་འདི་ཡང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་དང་ཐབས་ལ་མཁས་པའི་ཡུལ་བསམ་གྱིས་མི་ཁྱབ་པ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མུ་སྟེགས་ཅན་གཞན་གྱི་ སྒོ་འདི་དག་ཐམས་ཅད་ནི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་སྒོ་ལ་གནས་པ་དག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་བྱུང་བ་དག་གོ། །ཐབས་ལ་མཁས་པས་རྣམ་པར་རྩེ་བ་དག་གོ། །སངས་རྒྱས་དང་ཆོས་དང་དགེ་འདུན་ཡིད་ལ་བྱ་བ་མ་བཏང་བ་དག་གོ། ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་རྣམས་ལ་དམ་པའི་ཕ་རོལ་ཏུ་སོན་པ་དག་གོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པ་དག་གོ། །བསྟན་པ་འདི་བཤད་པ་ན་ལྷའི་བུ་ཉན་ཐོས་ཀྱི་ཐེག་པ་ལ་གནས་པ་བརྒྱད་ སྟོང་གིས་ཐེག་པ་གཅིག་ཅེས་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །དགེ་སློང་ལྔ་བརྒྱས་ཐེག་པ་གཅིག་ཏུ་ཡང་དག་པར་འདུ་བའི་སྒྲོན་མའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སྟོང་ཉིས་བརྒྱས་མི་སྐྱེ་བའི་
57-1-97b
ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་པར་གྱུར་ཏོ། །སྟེང་གི་བར་སྣང་ལས་ཀྱང་ལྷའི་མེ་ཏོག་ཨུད་པ་ལ་དང ། པད་མ་དང ། ཀུ་མུ་ད་དང ། པད་མ་དཀར་པོའི་ཆར་མངོན་པར་བབ་བོ། ། ལྷའི་ཙན་དན་གྱི་ཕྱེ་མའི་ཆར་དག་ཀྱང་དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་དུ་བབ་པར་གྱུར་ཏོ། །ལྷའི་བུ་འབུམ་དག་ཀྱང་སྟེང་གི་བར་སྣང་ལ་འདུག་ནས་ཅ་ཅོ་དང་ག་ཞའི་སྒྲ་བརྒྱ་སྟོང་དུ་མ་བྱུང་བར་གྱུར་ཏེ། ལྷའི་གོས་དག་ཀྱང་གཡབ་མོའི་ཐབས་སུ་གཡོབ་བོ། །ལྷའི་རྔ་དག་ ཀྱང་བརྡུངས་པར་གྱུར་ཏོ། །ཆེད་དུ་བརྗོད་པ་འདི་སྐད་ཀྱང་ཆེད་དུ་བརྗོད་དེ། ཀྱེ་མ་སྔོན་མ་ཐོས་པའི་ཆོས་ཀྱི་རྣམ་གྲངས་འཇིག་རྟེན་དུ་བྱུང་ངོ ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ཡུན་རིང་པོར་འཛམ་བུའི་གླིང་ན་གནས་པར་གྱུར་ཅིག་ཅེས་བརྗོད་དོ། །དགེ་སློང་མ་བརྒྱད་ བརྒྱས་ཀྱང་རང་རང་གི་བླ་གོས་དེ་བཞིན་གཤེགས་པའི་སྐུ་ལ་གསོལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་དོན་འདི་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ང་ཡི་ཐབས་ཡུལ་བསམ་གྱིས་མི་ཁྱབ་འདི། །འཇམ་དཔལ་ཁྱོད་ ཀྱིས་དེ་ལྟར་ཤེས་པར་གྱིས། །བཅུད་ཀྱི་དུས་ལ་བྱང་ཆུབ་སངས་རྒྱས་ཀྱང ། །འདི་འདྲའི་དུས་ནི་ང་ནི་སྟོན་པ་མཛད། །ང་ལ་དུས་ཀྱི་ཉེས་པ་མི་མངའ་སྟེ། །ཆོས་ཀྱི་དུས་ནི་རྟག་ཏུ་ཉེ་བར་གནས། །ང་ལས་སེམས་ཅན་ཆོས་ཐོས་འཇུག་པར་བྱེད། །སེམས་ཅན་སྐྱོན་ནི་ནམ་ ཡང་ཡོད་མ་ཡིན། །ཡོན་ཏན་རྫས་ཀྱི་ཁྱད་ཀྱིས་བསྐལ་པའི་བཅུད། །དྲི་མེད་ཡོངས་སུ་དག་པ་ཞིང་གི་བཅུད། །དུས་ཀྱི་བཅུད་ལ་བྱང་ཆུབ་ངས་བརྙེས་ཏེ། །དེ་བས་ང་ལ་རྙོག་པ་ཡོང་མེད་དོ། །ངས་ནི་བསྐལ་པ་བྱེ་བ་ཇི་སྙེད་ཀྱིས། །སངས་རྒྱས་ཡེ་ཤེས་མཚུངས་མེད་བསྒྲུབ་ བྱས་པ། །བྱང་ཆུབ་བརྙེས་ནས་དེ་སྲིད་ང་ཡི་ཚེ། །བར་མ་དོར་ནི་མྱ་ངན་འདའ་བ་མེད། །འོན་ཀྱང་མྱ་ངན་འདའ་བ་ངས་བསྟན་ཏེ། །རྟག་པའི་འདུ་ཤེས་ཅན་རྣམས་མི་རྟག་བསྟན། །ལྷག་མ་ལུས་པ་ལྟར་ཡང་ངས་བསྟན་ཏེ། །ང་ཡི་ཚེ་ནི་ཕྱི་མའི་མཐར་བརྟགས་སོ། །
57-1-98a
ང་ཡི་མྱ་ངན་འདའ་གཅིག་ཐེག་པ་གཅིག་།ང་ཡི་ཐེག་པ་ཐ་དད་མེད་པ་སྟེ། །ཡང་དག་ཏུ་ན་ཐེག་པ་གཅིག་ཏུ་བསྟན། །དེ་ནི་ཐབས་ཀྱི་ཡུལ་དུ་ཤེས་པར་གྱིས། །རྒྱུད་ཞན་བསམ་པ་ཆུང་བའི་སྐྱེ་བོ་དག་།འཕྲལ་དུ་ཐོས་པས་འཇིགས་པར་འགྱུར་སྲིད་ཅེས། །དེ་དག་ རྣམས་ལ་ཐེག་པ་གསུམ་བསྟན་གྱི། །ཐེག་པ་གཅིག་སྟེ་ཐེག་པ་གཉིས་སུ་མེད། །ངས་བསྟན་འདིས་ནི་ཆོས་ལ་མོས་པ་དང ། །བསྟན་པའི་ལམ་ལ་དེ་བཞིན་འཇུག་འགྱུར་ཞེས། །ཐེག་པ་གཅིག་པོ་རྣམ་པ་གསུམ་དུ་བསྟན། །ཐེག་པ་ཐ་དད་ནམ་ཡང་ཡོད་པ་མིན། །དཔེར་ ན་འཕོང་ཤེས་ཕ་རོལ་ཕྱིན་གྱུར་པ། །ཤེས་པ་དེ་ཉིད་རྣམ་པ་གསུམ་དུ་སྟོན། །དེ་བཞིན་སྟོན་པ་ཆོས་ལ་མཁས་པའི་མཆོག་།ཐེག་པ་གཅིག་པོ་རྣམ་པ་གསུམ་དུ་སྟོན། །འདྲེན་པ་སེམས་ཅན་ཀུན་ལ་མཉམ་པའི་སེམས། །ང་ལ་ཐ་དད་འདུ་ཤེས་ནམ་ཡང་མེད། །ཐེག་པ་དམན་ པ་གཞན་ལ་ངས་བསྟན་ན། །དེ་ནི་ང་ལ་སེར་སྣའི་སྐྱོན་དུ་འགྱུར། །དཔེར་ན་རིན་ཆེན་དམ་པ་ཨན་ད་རྙིལ། །གང་དང་གང་གི་གནས་སུ་གཞག་གྱུར་པ། །ཕྱོགས་དེ་ཐམས་ཅད་མདོག་གཅིག་སྒྱུར་བྱེད་དེ། །ཁ་དོག་སྔོན་པོར་གྱུར་ཡང་རྟོག་པ་མེད། །འཇིག་རྟེན་འདྲེན་པ་ཡེ་ཤེས་རིན་ ཆེན་ཡང ། །དེ་བཞིན་འོད་འགྱེད་ཞིང་ཀུན་རྒྱས་མཛད་ཅིང ། །སྲོག་ཆགས་ཐམས་ཅད་ཁ་དོག་གཅིག་བསྒྱུར་ཏེ། །བྱང་ཆུབ་མཆོག་བསྒྱུར་རྣམ་རྟོག་སེམས་མི་མངའ། །དཔེར་ན་མེ་སྟག་ཆུང་ངུ་འཕེལ་གྱུར་ན། །མེ་ལྕེ་ཆེན་པོ་འབར་ཞིང་མཆེད་པ་ལྟར། །ཉན་ཐོས་ཡེ་ཤེས་མེ་ཡི་མེ་ སྟག་ཀྱང ། །དེ་ཉིད་སངས་རྒྱས་ཡོན་ཏན་མེ་ལྕེ་སྐྱེད། །དཔེར་ན་གང་དག་རི་རྒྱལ་ལྷུན་པོའི་དྲུང ། །ཕྱིན་པ་དེ་དག་དེ་མཐུས་མདོག་གཅིག་འགྱུར། །དེ་བཞིན་སྟོབས་བཅུ་དག་ན་གང་འོངས་པ། །མཁས་པ་དེ་དག་བྱང་ཆུབ་མཆོག་ཏུ་འགྱུར། །དཔེར་ན་སྦྲང་མ་དག་གི་མཆུ་ཡིས་ ནི། །བཟང་དང་མི་བཟང་སྣ་ཚོགས་གང་བླངས་པ། །དེ་དག་ཐམས་ཅད་གཅིག་ཏུ་བསོགས་བྱས་ཤིང ། །སྦྲང་རྩི་ཉིད་དུ་སྒྱུར་བར་བྱེད་པ་ལྟར། །དེ་བཞིན་མཁས་པ་འཇིག་རྟེན་གྲགས་པ་ཡང ། །ཐེག་པ་གསུམ་པོ་ཉེ་བར་བསྟན་མཛད་ཅིང ། །དཀར་པོ་ཐམས་ཅད་ཡོངས་སུ་
57-1-98b
བསྡུད་མཛད་དེ། །མཚན་ཉིད་མེད་པའི་བྱང་ཆུབ་མཚན་དུ་སྒྱུར། །རྒྱལ་པོ་འཁོར་ལོས་སྒྱུར་ལ་འཚེ་མེད་དེ། །དེ་ལ་བསྡོ་བའི་དམག་ཚོགས་ཡོད་མ་ཡིན། །ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ངས་བཟུང་ན། །དེ་ལ་མུ་སྟེགས་ཅན་གྱི་ཡུལ་མེད་དོ། །དཔེར་ན་ཉི་མའི་དཀྱིལ་འཁོར་ཤར་ གྱུར་ན། །སྲིན་བུ་མེ་ཁྱེར་ཀུན་འོད་ཟིལ་གྱིས་གནོན། །དེ་བཞིན་ཡེ་ཤེས་དཀྱིལ་འཁོར་ཤར་གྱུར་ན། །མུ་སྟེགས་ཅན་རྣམས་ཐམས་ཅད་འོད་མེད་འགྱུར། །ཡུལ་ནི་གང་ན་ཁབ་ལོང་གནས་གྱུར་པ། །དེ་ན་ལྕགས་ཀྱི་རྣམ་པ་གཞན་མེད་དེ། །ཞིང་མཆོག་གང་ན་དེ་བཞིན་ གཤེགས་བཞུགས་པ། །དེར་ནི་མུ་སྟེགས་ཅན་རྣམས་འབྱུང་བ་མེད། །གསེར་གྱི་རྒྱལ་པོ་ཡུལ་གང་བྱུང་གྱུར་པ། །དེ་ནས་འགྱེས་པའི་ཕུང་པོའི་ལྕགས་མི་འབྱུང ། །གང་དུ་འདྲེན་པས་བྱང་ཆུབ་བརྙེས་གྱུར་པ། །ཞིང་དེར་མུ་སྟེགས་ཅན་གྱི་ཚོགས་མི་འབྱུང ། །ཡིད་བཞིན་ནོར་བུ་མཆིང་ བུ་ཕྲད་འགྱུར་བ། །བདེན་པའི་ཚུལ་དུ་ནམ་ཡང་འབྱུང་བ་མེད། །དེ་བཞིན་སངས་རྒྱས་རིན་ཆེན་མུ་སྟེགས་ཅན། །ཞིང་གཅིག་ཏུ་ནི་ནམ་ཡང་འབྱུང་མི་འགྱུར། །མུ་སྟེགས་ཅན་སྒོ་འདི་ཀུན་བསམ་གཏན་དང ། །མངོན་ཤེས་དབང་སྒྱུར་མཁས་ཡིན་ཤེས་པར་གྱིས། །ཤེས་རབ་ ཐབས་ཀྱི་སྤྱོད་པས་བློ་ལྡན་རྣམས། །རྣམ་པར་འཕྲུལ་པ་སྣ་ཚོགས་སྟོན་པར་བྱེད། །ཐབས་ཀྱི་ཡུལ་དེ་ཐོས་པར་གྱུར་པའི་ཚེ། །རྒྱལ་བའི་སྲས་རྣམས་ཐམས་ཅད་དཀར་གྱུར་ཏེ། །དགའ་སྐྱེས་ཉམས་བདེ་མཚུངས་པ་མེད་ཐོབ་ནས། །རྣམ་པར་འདྲེན་ལ་མེ་ཏོག་མང་པོས་གཏོར། ། ས་ཆེན་འདི་ཡང་རྣམ་པ་དྲུག་ཏུ་གཡོས། །ལྷ་ཡི་རྔ་ཡང་བར་སྣང་མཁའ་ལས་རྡུང ། །ལྷ་མང་བྱེ་བ་མཁའ་ལས་ཐལ་སྦྱོར་ཅིང ། །འདྲེན་པ་དེ་ལ་ལེགས་སོ་ལེགས་ཞེས་གསོལ། །ཐེག་པ་གཅིག་ཏུ་བསྟན་པའི་ལེའུ་སྟེ་བཞི་པའོ།། ་་།།དེའི་ཚེ་ལྷོ་ཕྱོགས་ཀྱི་ རྒྱུད་ཆེན་པོ་ནས་གཅེར་བུ་པའི་བུ་བདེན་སྨྲ་ཞེས་བྱ་བ་གཅེར་བུ་པ་འབུམ་ཕྲག་བརྒྱད་ཅུ་དང་ལྷན་ཅིག་ཏུ་ཡུལ་རྒྱུ་བ་སྤྱོད་ཅིང་རིམ་གྱིས་གྲོང་ཁྱེར་ཆེན་པོ་འཕགས་རྒྱལ་དུ་ཕྱིན་ཏོ། །དེ་དེ་ལྟར་སྐྱེ་བོའི་ཚོགས་མང་པོ་དང་འགྲོགས་ཤིང་ཅ་ཅོ་དང་ག་ཞ་འབུམ་དག་བྱེད་པ་ཕྱི་བཞིན་འབྲང་
57-1-99a
ཞིང་གཅེར་བུ་པའི་བུ་བདེན་སྨྲ་ལྷོ་ཕྱོགས་ཀྱི་རྒྱུད་ནས་གཅེར་བུ་པ་འབུམ་ཕྲག་བརྒྱད་ཅུ་དང་ལྷན་ཅིག་ཏུ་གྲོང་ཁྱེར་འཕགས་རྒྱལ་དུ་ཕྱིན་ནས་སྐྱེ་བོའི་ཚོགས་ཆེན་པོ་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་བ་ཞིག་ཡོད་དོ་ཞེས་རྒྱལ་པོ་གཏུམ་པོ་རབ་སྣང་ གིས་ཐོས་ཏེ། ཐོས་ནས་ཀྱང་རྒྱལ་པོ་གཏུམ་པོ་རབ་སྣང་གཅེར་བུ་པའི་བུ་བདེན་སྨྲ་ལ་སེམས་དང་བར་གྱུར་ཏོ། །དེ་སེམས་དང་བར་གྱུར་ནས་བློན་པོ་ཆེན་པོ་དང ། ཞབས་འབྲིང་བ་དང ། ཆབ་སྒོ་བ་དང ། འཁོར་བ་དང ། གྲོང་ཁྱེར་བ་དང ། ཡུལ་གྱི་མི་དང ། ཡུལ་འཁོར་ བ་དང ། །མདུན་ན་འདོན་དང ། རྒྱལ་བུ་རྣམས་དང་ལྷན་ཅིག་ཏུ་ཡན་ལག་བཞི་པའི་དཔུང་གི་ཚོགས་དང་བཅས་ཏེ། གླང་པོ་ཆེ་པ་དང ། རྟ་པ་དང ། ཤིང་རྟ་དང ། དཔུང་བུ་ཆུང་དག་རྗེས་སུ་འབྲང་ཞིང་རྒྱལ་པོའི་མཐུ་ཆེན་པོ་དང ། རྒྱལ་པོའི་ཕུན་སུམ་ཚོགས་པ་ཆེན་པོ་དང་ ཆས་ཏེ། བུམ་པ་གང་བ་འབུམ་དག་གིས་ནི་མདུན་དུ་དྲངས། རོལ་མོ་སིལ་སྙན་འབུམ་དག་ནི་བརྡུངས་ཤིང་དཀྲོལ། དུང་འབུམ་དག་ནི་བུས། གདུགས་དང ། རྒྱལ་མཚན་དང ། བ་དན་དང ། འཕན་རིངས་འབུམ་དག་ནི་བསྒྲེང ། མེ་ཏོག་ཨུད་པ་ལ་དང ། པད་མ་དང ། ཀུ་མུ་ ད་དང ། པད་མ་དཀར་པོ་དང ། མྱ་ངན་འཚང་དང ། བ་ཀུ་ལ་དང ། ཏི་ལ་ཀ་དང ། ་ཏི་མུག་ཏ་ཀ་དག་གིས་ནི་ལམ་ཆལ་པར་བཀང་སྟེ། གཅེར་བུ་པའི་བུ་བདེན་སྨྲ་བསུ་བའི་ཕྱིར་དོང་ངོ ། །དེ་ནས་གཅེར་བུ་པའི་བུ་བདེན་སྨྲས་རྒྱལ་པོ་གཏུམ་པོ་རབ་སྣང་མངོན་དུ་འོང་བ་མཐོང་ནས། ། ལམ་ནས་བཟུར་ཏེ་ཤིང་དྲུང་ཞིག་ཏུ་སྟན་བཏིང་ནས་འདུག་གོ། །དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་གཅེར་བུ་པའི་བུ་བདེན་སྨྲ་ཤིང་དྲུང་དུ་འདུག་པར་ཤེས་ནས་གླང་པོ་ཆེ་ལས་བབས་ཏེ་རྐང་པས་སོང་ནས་ལེགས་པར་བརྗོད་དེ། བདག་གི་ཁྲི་རིན་པོ་ཆེའི་རྩ་བ་ཅན་ལ་འདུག་གོ། །དེ་ནས་ གཅེར་བུ་པའི་བུ་བདེན་སྨྲས་རྒྱལ་པོ་གཏུམ་པོ་རབ་སྣང་ལ་ཡང་དག་པར་དགའ་བའི་གཏམ་བྱས་པ། རྒྱལ་པོ་ཆེན་པོ་བྱོན་པ་ལེགས་སོ། །འདི་ལྟར་ཁྱོད་ཕུན་སུམ་ཚོགས་པ་རྒྱ་ཆེན་པོས་ངང་དེས་པ་མ་ཉམས་པར་དགེ་སྦྱོང་དང་བྲམ་ཟེའི་གན་དུ་བྱོན་པ་ལེགས་སོ། །རྒྱལ་པོ་
57-1-99b
ཆེན་པོ་ཁྱོད་ཀྱི་རྒྱལ་སྲིད་ལ་འཚེ་བ་མ་མཆིས་སམ། གནོད་པར་བགྱིད་པ་མ་མཆིས་སམ། མ་ཉམས་མ་དམས་སམ། ཁྱོད་ཀྱི་ཁམས་ན་མ་རུང་བ་དང ། བཀྲབས་པ་དང ། རོལ་མོ་མཁན་དང ། རྐུན་པོ་དང ། ཡང་རྒོད་དང ། ལ་གཅན་པ་དང ། ར་མ་པ་དང ། བྱི་བ་པ་དག་གིས་ རྒྱལ་སྲིད་ལ་གནོད་པར་མ་གྱུར་ཏམ། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ཁམས་ན་དགེ་སློང་དང་བྲམ་ཟེ་དག་གནས་དང ། ཁ་ཟས་དང ། གོས་དང ། ཆོས་སྒྲུབ་པའི་ཡོ་བྱད་ཀྱིས་ཉོན་མི་མོངས་ཤིང་བདེ་བར་གནས་སམ། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ཁམས་ན་རྔོན་པ་དང ། ཉ་པ་དང ། ཁྱི་ར་བ་ དང ། ཕག་འཚོང་དང ། ཤན་པ་དང ། སྦྲུལ་འཛིན་པ་དང ། བྱ་པ་དག་གིས་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་རྣམས་གཙེས་པར་མ་གྱུར་ཏམ། རྒྱལ་པོ་ཆེན་པོ་ཁྱོད་ཀྱང་ད་ཙམ་མི་རིགས་པར་རྒྱལ་སྲིད་ལ་མངའ་མི་མཛད་དམ། རྐང་གཉིས་པ་དང ། རྐང་བཞི་པ་དང ། རྐང་མེད་པ་དང ། རྐང་མངས་ཀྱི་སྲོག་ཆགས་རྣམས་ལ་གཙེ་བའི་བློ་མ་སྐྱེས་ལགས་གྲང ། དེ་ཅིའི་སླད་དུ་ཞེ་ན། རྒྱལ་པོ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ནི་སྲོག་ཕངས་ཀྱིས། རྒྱལ་པོ་ཆེན་པོ་དེའི་སླད་དུ་ཁྱོད་ཀྱིས་སྲོག་གཅོད་པ་སྤང་ཞིང་ཆད་པ་ སྤང་བ་དང ། ཐོ་བཙམ་པ་མ་མཆིས་པར་མཛད་ཅིང ། མ་བྱིན་པར་ལེན་པ་སྤང་ཞིང་བདག་གི་ལོངས་སྤྱོད་ཀྱིས་ཆོག་མཁྱེན་པ་དང ། གཞན་གྱི་ལོངས་སྤྱོད་ལ་གནོད་པ་མ་མཆིས་པར་མཛོད་ཅིག་།འདོད་པ་ལ་ལོག་པར་གཡེམ་པ་སྤང་ཞིང་བདག་གི་བཙུན་མོ་ལ་དགྱེས་ པ་དང ། གཞན་གྱི་མཆིས་བྲང་ལ་བཞེད་པ་མ་མཆིས་པར་མཛོད་ཅིག་།བརྫུན་དུ་སྨྲ་བ་སྤང་ཞིང་མང་བར་གསུང་བ་དང་ཆོས་དང་ལྡན་པར་བརྗོད་པར་མཛོད་ཅིག་།ཕྲ་མའི་ཚིག་སྤང་ཞིང་དབྱེན་གྱི་ཚིག་མ་མཆིས་པ་དང་འདུམ་པར་བགྱི་བར་མཛོད་ཅིག་།ངག་རྩུབ་པོ་ སྤང་ཞིང་སྙན་པ་དང ། འཇམ་པའི་ཚིག་ཏུ་བརྗོད་པར་མཛོད་ཅིག་།ཚིག་ཀྱལ་པ་སྤང་ཞིང་ཇི་ལྟར་གསུངས་པ་བཞིན་དུ་བགྱི་བ་དང་དེས་པར་བརྗོད་པར་མཛོད་ཅིག་།རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་གཞན་གྱི་ལོངས་སྤྱོད་རྣམས་དང་གཞན་གྱི་ནོར་རྣམས་ལ་བརྣབ་སེམས་སུ་མི་བགྱི་
57-1-100a
སྟེ། དེའི་གོང་དུ་རྗེས་སུ་དགྱེས་པའི་ཐུགས་བསྐྱེད་པར་མཛོད་ཅིག་།རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་གནོད་སེམས་མ་མཆིས་ཤིང་བྱམས་པ་དང་ལྡན་པ་དང ། ཡིད་ཀྱི་ལས་ཀྱི་མཐའ་ཡོངས་སུ་དག་པར་མཛོད་ཅིག་།ལོག་པར་ལྟ་བ་སྤང་ཞིང་རང་གི་ལས་ཀྱི་འབྲས་བུ་ གཟིགས་པ་དང ། འཕགས་པ་རྣམས་ཀྱི་ཡང་དག་པར་ལྟ་བའི་རྗེས་སྙེགས་པར་མཛོད་ཅིག་།དེ་ཅིའི་སླད་དུ་ཞེ་ན། རྒྱལ་པོ་ཆེན་པོ་སྲོག་གཅོད་པས་ནི་སེམས་ཅན་དམྱལ་བར་ཁྲིད་པར་འགྱུར་རོ། །དུད་འགྲོའི་སྐྱེ་གནས་སུ་ཁྲིད་པར་འགྱུར་རོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་ པར་འགྱུར་རོ། །དེ་ནས་གལ་ཏེ་མིའི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་འགྲུབ་སྟེ། ཚེ་ཐུང་བ་དང་ནད་མང་བའོ། །མ་བྱིན་པར་ལེན་པས་ནི་སེམས་ཅན་དམྱལ་པར་ཁྲིད་པར་འགྱུར་རོ། །དུད་འགྲོའི་སྐྱེ་གནས་སུ་ཁྲིད་པར་འགྱུར་རོ། །གཤིན་རྗེའི་འཇིག་ རྟེན་དུ་ཁྲིད་པར་འགྱུར་རོ། །དེ་ནས་གལ་ཏེ་མིའི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་འགྲུབ་སྟེ། ལོངས་སྤྱོད་ཆུང་བ་ཉིད་དང ། ལོངས་སྤྱོད་ཐུན་མོང་ཅན་ཉིད་དོ། །འདོད་པ་ལ་ལོག་པར་གཡེམ་པས་ནི་སེམས་ཅན་དམྱལ་བར་ཁྲིད་པར་འགྱུར་རོ། །དུད་འགྲོའི་ སྐྱེ་གནས་སུ་ཁྲིད་པར་འགྱུར་རོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་པར་འགྱུར་རོ། །དེ་ནས་གལ་ཏེ་མིའི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་འགྲུབ་སྟེ། གཡོག་འཁོར་མི་སྲུན་པ་དང ། འགྲན་ཟླ་དང་བཅས་པའི་ཆུང་མ་ཅན་དུ་འགྱུར་རོ། །བརྫུན་དུ་སྨྲ་ བས་ནི་སེམས་ཅན་དམྱལ་བར་ཁྲིད་པར་འགྱུར་རོ། །དུད་འགྲོའི་སྐྱེ་གནས་སུ་ཁྲིད་པར་འགྱུར་རོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་པར་འགྱུར་རོ། །དེ་ནས་གལ་ཏེ་མིའི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་འགྲུབ་སྟེ། སྐུར་པ་མང་བ་ཉིད་དང་གཞན་གྱིས་ སླུ་བ་ཉིད་དོ། །ཕྲ་མའི་ཚིག་གིས་ནི་སེམས་ཅན་དམྱལ་བར་ཁྲིད་པར་འགྱུར་རོ། །དུད་འགྲོའི་སྐྱེ་གནས་སུ་ཁྲིད་པར་འགྱུར་རོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་པར་འགྱུར་རོ། །དེ་ནས་གལ་ཏེ་མིའི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་འགྲུབ་སྟེ། གཡོག་
57-1-100b
འཁོར་མི་འདུམ་པ་ཉིད་དང ། གཡོག་འཁོར་ངན་པ་ཉིད་དོ། །ངག་རྩུབ་པོས་ནི་སེམས་ཅན་དམྱལ་བར་ཁྲིད་པར་འགྱུར་རོ། །དུད་འགྲོའི་སྐྱེ་གནས་སུ་ཁྲིད་པར་འགྱུར་རོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་པར་འགྱུར་རོ། །དེ་ནས་གལ་ཏེ་མིའི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་ གཉིས་མངོན་པར་འགྲུབ་སྟེ། ཡིད་དུ་མི་འོང་བའི་ཚིག་ཐོས་པ་ཉིད་དང ། ཐབ་མོའི་ཚིག་ཉིད་དོ། །ཚིག་འཁྱལ་པས་ནི་སེམས་ཅན་དམྱལ་བར་ཁྲིད་པར་འགྱུར་རོ། །དུད་འགྲོའི་སྐྱེས་གནས་སུ་ཁྲིད་པར་འགྱུར་རོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་པར་འགྱུར་རོ། །དེ་ནས་ གལ་ཏེ་མིའི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་འགྲུབ་སྟེ། ཚིག་མི་བཙུན་པ་ཉིད་དང ། མ་ངེས་པའི་སྤོབས་པ་ཉིད་དོ། །བརྣབ་སེམས་ཀྱིས་ནི་སེམས་ཅན་དམྱལ་བར་ཁྲིད་པར་འགྱུར་རོ། །དུད་འགྲོའི་སྐྱེ་གནས་སུ་ཁྲིད་པར་འགྱུར་རོ། །གཤིན་རྗེའི་ འཇིག་རྟེན་དུ་ཁྲིད་པར་འགྱུར་རོ། །དེ་ནས་གལ་ཏེ་མིའི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་འགྲུབ་སྟེ། ཆོག་མི་ཤེས་པ་ཉིད་དང ། འདོད་པ་ཆེ་བ་ཉིད་དོ། །གནོད་སེམས་ཀྱིས་ནི་སེམས་ཅན་དམྱལ་བར་ཁྲིད་པར་འགྱུར་རོ། །དུད་འགྲོའི་སྐྱེ་གནས་སུ་ཁྲིད་པར་ འགྱུར་རོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་པར་འགྱུར་རོ། །དེ་ནས་གལ་ཏེ་མིའི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་འགྲུབ་སྟེ། མི་ཕན་པ་ཚོལ་བ་ཉིད་དང ། གཞན་ལ་གནོད་པ་བྱེད་པ་ཉིད་དོ། །ལོག་པར་ལྟ་བས་ནི་སེམས་ཅན་དམྱལ་བར་ཁྲིད་པར་འགྱུར་ རོ། །དུད་འགྲོའི་སྐྱེ་གནས་སུ་ཁྲིད་པར་འགྱུར་རོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་པར་འགྱུར་རོ། །དེ་ནས་གལ་ཏེ་མིའི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་འགྲུབ་སྟེ། ལྟ་བ་ངན་པར་ལྟུང་བར་འགྱུར་བ་དང ། གཡོ་སྒྱུ་ཅན་དུ་འགྱུར་བའོ། །རྒྱལ་པོ་ཆེན་ པོ་དེ་ལྟར་ན་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་གིས་ནི་སྡུག་བསྔལ་གྱི་ཕུང་པོ་ཆེ་ཞིང་ཚད་མ་མཆིས་པར་ཡང་དག་པར་འདུ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེའི་སླད་དུ་བག་མཆིས་པ་དང ། མི་རྟག་པར་སོ་སོར་བརྟག་པ་མང་བར་མཛོད་ཅིག་།རྒྱལ་པོ་ཆེན་པོ་འཚོ་བའི་
57-1-101a
ཡུན་ནི་ཐུང་ངོ ། །ཚེའི་ཚད་ནི་རིང་པོར་མི་ཐུབ་བོ། །ཕ་རོལ་ཏུ་ནི་བཞུད་འཚལ་ལོ། །ཚེའི་འདུ་བྱེད་ནི་རིའི་འབབ་ཆུ་ལྟར་མི་བརྟན་ཞིང་གཡོ་སྟེ། སྐད་ཅིག་ཀྱང་མི་གནས་ཀྱིས་དེའི་སླད་དུ་རྒྱལ་པོ་ཆེན་པོ་ལས་ཀྱི་རྣམ་པར་སྨིན་པའི་དྲུངས་མི་འབྱུང་ཞིང་འཇིག་རྟེན་ ཕ་རོལ་གྱིས་འཇིགས་པ་གཟིགས་པར་མཛོད་ཅིག་།དེ་ནས་གཅེར་བུ་པའི་བུ་བདེན་སྨྲས་དོན་འདི་ཉིད་རྒྱ་ཆེར་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ས་ཡི་བདག་པོ་རྟག་ཏུ་བག་ཡོད་མཛོད། །བག་མེད་སེམས་ཅན་དམྱལ་བའི་གཡང་སར་འོར། །བག་མེད་ སྤྱོད་པ་སེམས་ཅན་དམྱལ་བར་མཆི། །བག་མཆིས་གང་ལགས་དེ་ནི་མཐོ་རིས་མཆི། །རྒྱལ་པོ་ཁྱོད་ནི་སྲོག་གཅོད་མ་མཛད་ཅིག་།སྐྱེ་བོ་ཀུན་ལ་སྲོག་ནི་རབ་ཏུ་ཕངས། །དེ་བས་ཡུན་རིང་ཚེ་སྲུང་སུ་འདོད་པས། །ཡིད་ཀྱི་དགུ་ལའང་སྲོག་གཅོད་མི་བསམ་མོ། །འཇིག་རྟེན་ སྐྱོང་བ་རྐུ་བ་རྟག་ཏུ་སྤོངས། །དེས་ནི་ལོངས་སྤྱོད་འབྱོར་པ་བརྟན་པ་འཐོབ། །སྲོག་ཆེད་ཉོན་མོངས་ཐུན་ཁོལ་བསགས་བསགས་པ། །གཞན་ནོར་བླངས་པས་དབུལ་པོ་ཉིད་དུ་འགྱུར། །གཞན་གྱི་ཆུང་མ་རྟག་ཏུ་སྤོང་མཛད་ཅིང ། །ས་ཡི་བདག་པོ་བཙུན་མོས་འཚལ་བར་མཛོད། ། དེས་ན་རང་གི་བཙུན་མོ་སྡུག་པར་འགྱུར། །བཙུན་མོ་དགྲ་ཟླ་མ་མཆིས་འཐོབ་པར་མཆི། །བརྫུན་གྱི་ཚིག་ནི་ནམ་ཡང་བརྗོད་མ་མཛད། །རྒྱལ་པོ་དབང་པོ་དམ་བཅས་མང་བར་མཛོད། །བདེན་པར་སྨྲ་བ་དབང་པོའི་གནས་སུ་མཆི། །བརྫུན་དུ་གང་སྨྲ་གཤིན་རྗེའི་འཇིག་རྟེན་ མཆི། །ཕྲ་མའི་སྐྱོན་ལྡན་ཚིག་ནི་ཡོངས་སྤངས་ནས། །སྐྱེ་བོ་བྱེ་བ་འདུམ་པར་སྡུམས་བགྱིད་ན། །མི་ཕྱེད་གཡོག་འཁོར་འཕགས་པ་འཐོབ་པར་འགྱུར། །འདི་ནས་ཤི་འཕོས་མཐོ་རིས་རབ་ཏུ་མཆི། །ས་ཡི་བདག་པོ་ངག་རྩུབ་སྤང་བར་མཛོད། །གཞན་གྱི་རྣར་སྙན་བདེ་ བ་བཀའ་སྩོལ་ཅིག་།དེ་རྒྱུས་འཇིག་རྟེན་ཕ་རོལ་ལྷ་དག་གི། །སྣ་ཚོགས་ཡིད་འོང་མཐོ་རིས་ཚིག་གསན་འགྱུར། །ཀྱལ་པའི་ཚིག་རྣམས་རྣམ་པར་སྤང་མཛད་དེ། །ཤིན་ཏུ་དེས་ཤིང་བརྟན་པའི་ཚིག་ཀྱང་གསུངས། །ཕ་རོལ་ལྷ་ཡི་དབང་ཕྱུག་འཇིག་རྟེན་དུ། །སེམས་
57-1-101b
ཅན་རྣམས་ལ་བཙུན་པའི་ཚིག་ལྡན་འགྱུར། །གཞན་གྱི་ཕུན་སུམ་ཚོགས་པ་མཐོང་གྱུར་ན། །སྐྱེ་དགུའི་བདག་པོ་ཕན་འཚལ་ཆགས་མི་བགྱི། །གཞན་གྱི་ལོངས་སྤྱོད་དག་ལ་ཆགས་བགྱིས་ན། །ལོངས་སྤྱོད་ཐུན་མོང་ཅན་དུ་དེས་འགྱུར་རོ། །ས་ཡི་བདག་པོ་གནོད་སེམས་མ་མཛད་ ཅིག་།སེམས་ཅན་རྣམས་ལ་བྱམས་པ་རྟག་ཏུ་མཛོད། །གནོད་སེམས་ལྡན་པའི་མི་རྣམས་ཤི་འཕོས་ནས། །དགེ་བ་བགྱིས་ཀྱང་མནར་མེད་དམྱལ་བར་མཆི། །མི་ཡི་བདག་པོ་ལོག་པར་ལྟ་སྤོང་མཛོད། །ཡང་དག་གཟིགས་པས་བདག་ཉིད་བརྟན་པར་མཛོད། །དགེ་ ཆོས་འདི་དག་ཡང་དག་བླང་བགྱིས་ན། །ལྷ་ཡི་གཞལ་མེད་ཁང་དུ་དགྱེས་པར་འགྱུར། །དགེ་སློང་བྲམ་ཟེ་ཚུལ་ཁྲིམས་ལྡན་པ་དང ། །ཡབ་དང་ཡུམ་ལ་མཆོད་པ་གུས་བགྱིས་ན། །ངན་སོང་ས་ཆེན་ཁྱོད་ཀྱིས་སྤངས་འགྱུར་ཞིང ། །མཐོ་རིས་དགྱེས་པ་བརྙེས་པས་དགྱེས་ པར་འགྱུར། །དེ་ནས་གཅེར་བུ་པའི་བུ་བདེན་སྨྲས་རྒྱལ་པོ་གཏུམ་པོ་རབ་སྣང་ལ་བག་ཡོད་པ་དང་ལྡན་པའི་གཏམ་དེ་ལྟ་བུ་དག་བྱས་ནས་ཅང་མི་སྨྲ་བར་འདུག་གོ། །རྒྱལ་པོའི་དྲུང་དུ་ཕྱིན་པའི་ལེའུ་སྟེ་ལྔ་པའོ།། ་་།།དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་གཅེར་བུ་པའི་ བུ་བདེན་སྨྲའི་ཚིག་དེ་ལ་མངོན་པར་དགའ་སྟེ། ཡང་དག་པར་དགའ་བར་འགྱུར་བ་དང ། ཡང་དག་པར་ཆགས་པར་འགྱུར་བའི་གཏམ་སྣ་ཚོགས་བྱས་ནས་གནོད་པ་ཆུང་བ་དང ། ཉམ་ང་བ་ཉུང་བའི་གཏམ་དྲིས་ཏེ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་གལ་ཏེ་བདག་གིས་དྲིས་ལ་ དྲིས་པ་ལན་གདབ་པར་ཁྱོད་ཀྱིས་སྐབས་དབྱེ་ན་ཕྱོགས་འགའ་ཞིག་དྲིའོ། །དེ་སྐད་ཅེས་སྨྲས་པ་དང ། གཅེར་བུ་པའི་བུ་བདེན་སྨྲས་རྒྱལ་པོ་གཏུམ་པོ་རབ་སྣང་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་ཅི་དང་ཅི་བཞེད་པ་སྨྲར་གསོལ། སྨྲས་པ་དེ་དང་དེ་ཉིད་ཀྱི་ལན་གསོལ་ པས། བདག་གིས་ཁྱོད་ཀྱི་ཐུགས་རངས་པར་བགྱིའོ། །སྐབས་ཕྱེ་བས་དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་གཅེར་བུ་པའི་བུ་བདེན་སྨྲ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་སྐྱེ་དགུ་སྐྱེ་དགུ་ཞེས་བྱ་ན། དེ་ལྟར་སྐྱེ་དགུ་ཞེས་བྱ་བ་དེ་ཆོས་གང་གི་ཚིག་བླ་དགས་ཡིན། སྨྲས་
57-1-102a
པ། རྒྱལ་པོ་ཆེན་པོ་འདི་ལྟར་སྐྱེ་དགུ་ཞེས་བགྱི་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་ཚིག་བླ་དགས་ཏེ། ལྔ་པོ་དག་གང་ཞེ་ན། གཟུགས་ཉེ་བར་ལེན་པའི་ཕུང་པོ་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ཉེ་བར་ལེན་པའི་ ཕུང་པོའོ། །རྒྱལ་པོ་ཆེན་པོ་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་ཉིད་ཉེ་བར་བཟུང་སྟེ། སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་གདགས་པ་ལགས་སོ། །དེ་ལ་སེམས་ཅན་གྱི་འཇིག་རྟེན་གདགས་པ་ནི་སྐྱེ་གནས་བཞིས་ཟིན་པ་སྟེ། མངལ་ནས་སྐྱེ་བ་དང ། སྒོ་ང་ལས་སྐྱེ་བ་དང ། དྲོད་གཤེར་ལས་སྐྱེ་བ་དང ། བརྫུས་ཏེ་སྐྱེ་བའོ། །སྣོད་ཀྱི་འཇིག་རྟེན་གདགས་པ་ནི་ས་དང ། ཆུ་དང ། མེ་དང ། རླུང་དང ། ནམ་མཁའི་ཁམས་ཀྱིས་ཟིན་པའོ། །སྨྲས་པ། བྲམ་ཟེ་སྐྱེ་དགུ་སྐྱོང་བ་གང་ཡིན། སྨྲས་པ། རྒྱལ་པོ་ཆེན་པོ་རང་གི་ལས་ཀྱི་དབང་དང་བདག་པོའོ། །སྨྲས་ པ། བྲམ་ཟེ་རྣམ་པ་གང་གིས་ཇི་ལྟར་རང་གི་ལས་ཀྱི་དབང་སྐྱེ་དགུ་སྐྱོང་བར་བྱེད། སྨྲས་པ། རྒྱལ་པོ་ཆེན་པོ་སེམས་ཅན་གང་དག་རང་གི་ལས་ཀྱི་དབང་གིས་རྣམ་པ་དེ་ལྟ་བུའི་གནས་སུ་སྐྱེས་ཤིང་བདག་གིར་བགྱི་བ་མ་མཆིས་པ་དང ། ཡོངས་སུ་བཟུང་བ་མ་མཆིས་པ་ དང་མ་རྨོས་མ་བཏབ་པའི་ཡོ་བྱད་རྣམས་ལ་སྤྱོད་ཅིང་ནད་དང་དགྲ་དང ། སྡུག་བསྔལ་ཆེན་པོ་རྣམ་པར་སྤངས་པས་གཅིག་ལ་གཅིག་མི་འཁུ་ཞིང་ཇི་སྲིད་འཚོའི་བར་དུ་འབྱོར་པ་དང ། མོད་པའི་ཡུལ་དུ་བདེ་བ་ལ་རེག་པར་གནས་ཤིང་དུས་ལ་བབ་སྟེ། ལུས་ཞིག་ནས་བདེ་ འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ་སྐྱེ་བར་འགྱུར་བ་དག་མཆིས་ཏེ། འདི་ལྟ་སྟེ་དཔེར་ན། བྱང་གི་སྒྲ་མི་སྙན་གྱི་སེམས་ཅན་ལྟ་བུ་དག་ལགས་སོ། །སེམས་ཅན་གང་དག་རང་གི་ལས་ཀྱི་དབང་གིས་རྣམ་པ་དེ་ལྟ་བུའི་དུས་སུ་སྐྱེ་ཞིང་འོད་རང་ལས་འབྱུང་བ། ནམ་མཁའ་ ལ་མཆི་བ། དགའ་བའི་ཁ་ཟས་དང་ལྡན་པ། མངལ་ནས་མ་སྐྱེས་པ། ཚེ་རིང་བ་ཡུན་རིང་པོར་འཚོ་བ་དག་མཆིས་ཏེ། འདི་ལྟ་སྟེ་དཔེར་ན། བསྐལ་པ་དང་པོ་པའི་སེམས་ཅན་ལྟ་བུ་དག་ལགས་སོ། །སེམས་ཅན་གང་དག་རང་གི་ལས་ཀྱི་དབང་གིས་སྔོན་གྱི་བསོད་
57-1-102b
ནམས་ཀྱི་རྒྱུའི་སྟོབས་བསྐྱེད་པ་དང་ལྡན་ཞིང་ཚེ་འདི་ལ་ཕར་ཤེས་པ། མར་ཤེས་པ། དགེ་སྦྱོང་དུ་འཛིན་པ། བྲམ་ཟེར་འཛིན་པ། དོན་བགྱིད་པ་དགོས་པ་བགྱིད་པ། རིགས་ཀྱི་གཙོ་བོ་ལ་རིམ་གྲོ་བྱེད་པ། ཁ་ན་མ་ཐོ་བས་འཇིགས་པར་ལྟ་བ། སྦྱིན་པ་དག་སྦྱིན་པ། བསོད་ནམས་དག་བགྱིད་པ། ཉེ་བར་གནས་པས་ཉེ་བར་གནས་པ། ཚུལ་ཁྲིམས་ཡང་དག་པར་བཟུང་ཞིང་གནས་པ་དག་མཆིས་ཏེ། འདི་ལྟ་སྟེ། དཔེར་ན་དུས་བཟང་པོའི་སེམས་ཅན་ལྟ་བུ་དག་ལགས་ཏེ། དེ་དག་ལ་རྒྱལ་པོར་གདགས་པ་མ་མཆིས་སོ། །རྒྱལ་པོ་ ཆེན་པོ་དེ་ལྟར་ན་བདག་གི་ལས་ཀྱི་དབང་ནི་སྐྱེ་དགུ་སྐྱོང་ཞེས་བགྱིའོ། །སྨྲས་པ། བྲམ་ཟེ་ཇི་ལྟར་ན་སྐྱེ་དགུའི་བདག་པོས་སྐྱོང་ཞེས་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་རྒྱལ་པོ་རྣམས་ནི་སྐྱེ་དགུ་རྣམས་ཀྱི་དབང་པོ་ཞེས་བགྱི་སྟེ། དེ་དག་ཀྱང་ཆོས་དང་ལྡན་ཞིང་ཚུལ་ ཁྲིམས་དང ། ཚུལ་དང ། ཡང་དག་པར་སྤྱོད་པ་སྐྱེ་དགུ་རྣམས་དགའ་བར་སྦྱོར་བས་མཛེས་པས་ན་དེའི་སླད་དུ་རྒྱལ་པོ་ཞེས་བགྱིའོ། །དེ་དག་ཀྱང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། འཁོར་ལོས་སྒྱུར་བ་རྣམས་དང ། རྒྱལ་པོ་ཆེན་པོ་རྣམས་དང ། ཁམས་ཀྱི་རྒྱལ་པོ་ རྣམས་དང ། རྒྱལ་ཕྲན་རྣམས་ལགས་སོ། །དེ་ལ་འཁོར་ལོས་སྒྱུར་བ་ཞེས་བགྱི་བ་ནི་འདི་ན་ལ་ལ་རྒྱལ་པོ་འཁོར་ལོས་སྒྱུར་བ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། མཐའ་བཞིར་རྒྱལ་བ། ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ལགས་ སོ། །དེའི་རིན་པོ་ཆེ་སྣ་བདུན་ནི་འདི་དག་ལགས་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང ། གླང་པོ་རིན་པོ་ཆེ་དང ། རྟ་རིན་པོ་ཆེ་དང ། བུད་མེད་རིན་པོ་ཆེ་དང ། ནོར་བུ་རིན་པོ་ཆེ་དང ། ཁྱིམ་བདག་རིན་པོ་ཆེ་དང ། བློན་པོ་རིན་པོ་ཆེ་ལགས་སོ། །དེས་ ས་ཆེན་པོ་མ་ལུས་པ་གནོད་པར་སྡོ་བ་མ་མཆིས་ཤིང་འཚེ་བ་མ་མཆིས་ལ། ཆད་པ་མ་མཆིས་ཤིང་མཚོན་གྱིས་བདའ་བ་མ་མཆིས་པ་འདི་ཉིད་ཆོས་དང་འཐུན་པར་སྙོམས་པས་ལེགས་པར་ཕབ་སྟེ། གནས་ལགས་སོ་སྨྲས་པ། རྣམ་པ་གང་གིས་ཇི་ལྟར་མཐའ་
57-1-103a
བཞིར་རྒྱལ་བར་འགྱུར། སྨྲས་པ། གླིང་བཞི་ལ་དབང་གིས་དབང་སྒྱུར་བའི་སླད་དུའོ། །སྨྲས་པ། ཇི་ལྟར་ན་རྣམ་པར་རྒྱལ་བ་ཡིན། སྨྲས་པ། བཀའ་ལས་འགལ་བར་བགྱིད་པ་མ་མཆིས་པའི་སླད་དུའོ། །སྨྲས་པ། ཇི་ལྟར་ན་ཆོས་དང་ལྡན་པ་ཡིན། སྨྲས་པ། བདག་ཉིད་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཤིང་གནས་པའི་སླད་དུའོ། །སྨྲས་པ། ཇི་ལྟར་ན་ཆོས་ཀྱི་རྒྱལ་པོ་ཡིན། སྨྲས་པ། གཞན་དག་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཤིང་གནས་སུ་སྩལ་བའི་སླད་དུའོ། །སྨྲས་པ། ཅིའི་ཕྱིར་འཁོར་ལོ་རིན་ པོ་ཆེ་དང་ལྡན་པར་འགྱུར། སྨྲས་པ། ཚེགས་ཆུང་ངུས་རྣམ་པར་རྒྱལ་ཞིང་བདེ་བ་འཐོབ་པའི་སླད་དུའོ། །སྨྲས་པ། ཅིའི་ཕྱིར་གླང་པོ་རིན་པོ་ཆེ་དང་རྟ་རིན་པོ་ཆེ་དང་ལྡན་པར་འགྱུར། སྨྲས་པ། བཞོན་པའི་མཆོག་ངོ་མཚར་གྱི་བདེ་བ་འཐོབ་པའི་སླད་དུའོ། །སྨྲས་པ། ཅིའི་ཕྱིར་ བུད་མེད་རིན་པོ་ཆེ་དང་ལྡན་པར་འགྱུར། སྨྲས་པ། དགའ་བའི་མཆོག་གིས་རྩེ་བ་དང་དགའ་བའི་བདེ་བ་འཐོབ་པའི་སླད་དུའོ། །སྨྲས་པ། ཅིའི་ཕྱིར་ནོར་བུ་རིན་པོ་ཆེ་དང་ལྡན་པར་འགྱུར། སྨྲས་པ། སྣང་བ་དམ་པའི་ཡོ་བྱད་ཀྱི་བདེ་བ་འཐོབ་པའི་སླད་དུའོ། །སྨྲས་པ། ཅིའི་ཕྱིར་ཁྱིམ་ བདག་རིན་པོ་ཆེ་དང་ལྡན་པར་འགྱུར། སྨྲས་པ། ལོངས་སྤྱོད་ཀྱི་དབང་ཕྱུག་མཆོག་གི་བདེ་བ་འཐོབ་པའི་སླད་དུའོ། །སྨྲས་པ། ཅིའི་ཕྱིར་བློན་པོ་རིན་པོ་ཆེ་དང་ལྡན་པར་འགྱུར། སྨྲས་པ། ཤུལ་དུ་ཞུགས་ན་ཉོན་མི་མོངས་ཤིང་སྐྱོ་བར་མི་འགྱུར་བའི་བདེ་བ་འཐོབ་པའི་སླད་དུའོ། ། སྨྲས་པ། ཇི་ལྟར་ན་ས་འདི་མ་ལུས་པ་དག་ལ་གནས་པར་འགྱུར། སྨྲས་པ། མཐའ་དག་ལ་གནས་པའི་སླད་དུའོ། །སྨྲས་པ། ཇི་ལྟར་ན་གནོད་པར་སྡོ་བ་མེད་པ་ཡིན། སྨྲས་པ། ཕྱིར་རྒོལ་བ་མ་མཆིས་པའི་སླད་དུའོ། །སྨྲས་པ། ཇི་ལྟར་ན་འཚེ་བ་མེད་ པ་ཡིན། སྨྲས་པ། ནན་གྱིས་བགྱི་བ་མ་མཆིས་པའི་སླད་དུའོ། །སྨྲས་པ། ཇི་ལྟར་ན་ཆད་པ་མེད་པ་ཡིན། སྨྲས་པ། ཆད་པ་དང་མཚོན་ཆས་གནོད་པར་བགྱི་བ་མ་མཆིས་པའི་སླད་དུའོ། །སྨྲས་པ། ཇི་ལྟར་ན་ཆོས་དང་འཐུན་པ་
57-1-103b
ཡིན། སྨྲས་པ། མི་རིགས་པའི་ཆགས་པ་དང་ཞེ་སྡང་དང་གཏི་མུག་རྣམ་པར་སྤངས་པའི་སླད་དུའོ། །སྨྲས་པ། ཇི་ལྟར་ན་སྙོམས་པ་ཡིན། སྨྲས་པ། ཕྱོགས་སུ་མ་ལྷུང་བར་ཡོངས་སུ་སྐྱོང་བའི་སླད་དུའོ། །སྨྲས་པ། ཇི་ལྟར་ན་ལེགས་པར་ཕབ་སྟེ་གནས་པར་འགྱུར། སྨྲས་པ། གཞན་དག་རང་རང་གི་རིས་ནས་མ་སྐྱེས་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། རྒྱལ་པོ་ཆེན་པོ་འདི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་གི་ཚེ་གླིང་ལས་རྣམ་པར་རྒྱལ་བར་བགྱིད་པ་དེའི་ཚེ་དེ་ན་རྒྱལ་ཕྲན་ཇི་སྙེད་ཅིག་གནས་པ་དེ་དག་ལྷགས་ནས་འཁོར་ ལོས་སྒྱུར་བའི་རྒྱལ་པོ་ལ་འདི་སྐད་ཅེས་མཆིའོ། །ལྷའི་རྣམ་པར་རྒྱལ་བ་འདི་དག་ནི་འབྱོར་པ་རྒྱས་པ། བདེ་བ། ལོ་ལེགས་པ། སྐྱེ་བོ་མང་པོ་དང་མིས་གཏམས་པ་ལགས་ཏེ། དེ་དག་ལྷས་བསྐྱང་བ་མཛད་དུ་གསོལ། བདག་ཅག་ཀྱང་ལྷའི་ཞབས་འབྲིང་འཚལ་ ལོ་ཞེས་མཆིའོ། །དེ་དག་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འདི་སྐད་བསྒོ་སྟེ། དེའི་ཕྱིར་ཡུལ་གྱི་བདག་པོ་དག་རང་རང་གི་རྣམ་པར་རྒྱལ་བ་ལེགས་པར་སྐྱོང་ཤིག་།དེ་ཡང་ཆོས་དང་འཐུན་པས་བསྐྱང་གི་ཆོས་དང་མི་འཐུན་པས་མ་ཡིན་ནོ། །སྙོམས་པས་བསྐྱང་ གི་མི་སྙོམས་པས་མ་ཡིན་ནོ། །ཁྱེད་ཀྱིས་ཆོས་དང་མི་འཐུན་པར་སྤྱད་པའམ་མི་རིགས་པར་སྤྱད་པས་ཡུལ་འཁོར་ན་འཁོད་པར་དགའ་བར་མ་བྱེད་ཅིག་།དེ་ལྟར་ན་ཁྱོད་ཀྱང་ངའི་རྗེས་སུ་འབྲང་བ་ཡིན་ནོ། །ཞེས་རྣམ་པ་དེ་ལྟ་བུའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་སྐྱེ་དགུ་དེ་ལྟར་ སྐྱོང་སྟེ། རྒྱལ་པོ་ཆེན་པོ་དང་ཁམས་ཀྱི་རྒྱལ་པོ་དང་རྒྱལ་ཕྲན་དེ་དག་ནི་དེའི་རྗེས་སུ་འབྲང་བ་ལགས་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་བདག་པོས་སྐྱེ་དགུ་སྐྱོང་བ་ལགས་པའི་སླད་དུའོ། །སྨྲས་པ། བྲམ་ཟེ་ཆོས་དང་ལྡན་པའི་རྒྱལ་པོ་ཅི་ལ་གནས་ཤིང་སྐྱེ་དགུ་སྐྱོང་བར་བྱེད། སྨྲས་པ། རྒྱལ་པོ་ཆེན་པོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་མ་གཏོགས་པར་གཞན་ནི་བསྟན་བཅོས་ལ་གནས་ཤིང་སྐྱེ་དགུ་སྐྱོང་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འཁོར་ལོས་སྒྱུར་བའི་རྒྱལ་པོས་སྐྱེ་དགུ་སྐྱོང་བ་དེའི་ཚེ་ན་ཆོས་མ་ལགས་པའི་འདོད་པ་ལ་དགའ་བ་ལ་ཆགས་པ་
57-1-104a
འམ། མི་རིགས་པའི་འདོད་ཆེན་གྱིས་ཟིལ་གྱིས་ནོན་པའམ། ལོག་པའི་ཆོས་ཀྱིས་འཁོར་བ་དེ་ལྟ་བུའི་སེམས་ཅན་མ་མཆིས་ཏེ། དེའི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་རང་གི་ཆོས་ཀྱི་དབང་གིས་རྒྱལ་པོའི་བགྱི་བ་དེ་དང་དེ་དག་ལ་མི་ཟློགས་པའི་རྟོགས་པ་ དང་ལྡན་པས་དེའི་དོན་ཐམས་ཅད་ཚེགས་ཆུང་ངུས་འགྲུབ་ཅིང་ཀུན་ཀྱང་འཐུན་པར་གནས་པས་དེའི་སླད་དུ་དེ་ལ་བསྟན་བཅོས་མི་འཚལ་ལོ། །གང་གི་ཚེ་སེམས་ཅན་རྣམས་ཆོས་མ་ལགས་པའི་འདོད་པ་ལ་ཆགས་ཤིང་མི་རིགས་པའི་འདོད་ཆེན་གྱིས་ཟིལ་གྱིས་ནོན་པ་དང་ལོག་ པའི་ཆོས་ཀྱིས་འཁོར་བར་གྱུར་པ་དེའི་ཚེ་རྒྱལ་པོ་རྣམས་ཀྱི་རང་རང་གི་སྤོབས་པ་ལ་འབྲི་བར་འགྱུར་ཏེ། དེ་ལ་ཆོས་ཀྱིས་སྐྱེ་དགུ་ཡོངས་སུ་བསྐྱང་བའི་སླད་དུ་དྲང་སྲོང་ཆེན་པོ་རྣམས་བསྟན་བཅོས་དག་བགྱིད་དོ། །སྨྲས་པ། བྲམ་ཟེ་ཆོས་མ་ཡིན་པའི་འདོད་པ་ལ་ཆགས་པ་གང་ ཡིན། སྨྲས་པ། རྒྱལ་པོ་ཆེན་པོ་གང་མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་མངོན་པར་དགའ་བ་ལགས་སོ། །སྨྲས་པ། མི་རིགས་པའི་འདོད་ཆེན་གང་ཡིན། སྨྲས་པ། གང་རང་གི་ལག་མཐུས་བསྒྲུབས་པ་དུས་ལ་གཏོགས་པ། ཆོས་དང་ལྡན་པར་ཆོས་ཀྱིས་ཐོབ་པའི་ལོངས་སྤྱོད་ རྣམས་ཀྱིས་ཆོག་མ་འཚལ་བ་ལགས་སོ། །སྨྲས་པ། ལོག་པའི་ཆོས་ཀྱིས་འཁོར་ཞེས་བྱ་བ་གང་ཡིན། སྨྲས་པ། དོན་གྱི་བསྟན་བཅོས་སུ་མིང་བཏགས་པ། གནོད་པར་འགྱུར་བ་དང་ལྡན་པ། དམ་པའི་ཆོས་ལྟར་བཅོས་པ། རྩོད་པའི་དུས་ན་སྐྱེས་བུ་དམ་པ་ མ་ལགས་པས་བགྱིས་པ་ལ་མོས་པས་ཡོངས་སུ་བསྒོས་པའི་ལྟ་བས་ཡོན་ཏན་དུ་ལྟ་བ་ལགས་སོ། །སྨྲས་པ། བྲམ་ཟེ་བསྟན་བཅོས་གང་ལ་ཆོས་དང་ལྡན་པའི་རྒྱལ་པོས་བརྟེན་ཅིང་སྐྱེ་དགུ་སྐྱོང་བར་བྱེད་པའི་བསྟན་བཅོས་གང་ཡིན། སྨྲས་པ། རྒྱལ་པོ་ཆེན་པོ་དེ་ནི་བསྟན་ བཅོས་གང་ལས་མི་རིགས་པའི་ཆགས་པ་དང ། མི་རིགས་པའི་ཞེ་སྡང་དང ། མི་རིགས་པའི་གཏི་མུག་གི་གཉེན་པོ་རང་བཞིན་ནམ། རབ་ཏུ་དབྱེ་བའམ། ཕན་ཡོན་གྱི་སྒོ་ནས་བསྟན་པ་སྟེ། དེ་ལ་གཉེན་པོའི་རང་བཞིན་ནི་འདི་ལགས་ཏེ། འདི་ལྟ་སྟེ། དེའི་གཉེན་པོར་
57-1-104b
འགྱུར་བ་མ་ཆགས་པ་དགེ་བའི་རྩ་བ་དང ། ཞེ་སྡང་མ་མཆིས་པའི་དགེ་བའི་རྩ་བ་དང ། གཏི་མུག་མ་མཆིས་པའི་དགེ་བའི་རྩ་བ་ལགས་སོ། །དེ་ལ་གཉེན་པོ་ཀུན་ནས་སློང་བ་ནི་འདི་ལགས་ཏེ། འདི་ལྟ་སྟེ། བག་མཆིས་པ་དང་སྙིང་རྗེ་ལགས་སོ། །རྒྱལ་པོ་ཆེན་པོ་དེ་ ལ་ཆོས་དང་ལྡན་པའི་རྒྱལ་པོའི་ལོངས་སྤྱོད་རྣམས་དང་བདག་ཉིད་ཀྱང་མི་རྟག་པར་རྟོགས་ཤིང་དྲན་པ་ཉེ་བར་གཞག་སྟེ། ཉེས་དམིགས་སུ་ལྟ་ཞིང་ངེས་པར་འབྱུང་བ་འཚལ་བས་ལོངས་སྤྱོད་རྣམས་ལ་སྤྱོད་ཅིང་རྒྱལ་པོའི་དབང་ཕྱུག་གི་དབང་བགྱིད་པ་འདི་ནི་དེའི་བག་མཆིས་པ་ལགས་ སོ། །གང་ལ་གནས་ཏེ་མ་ཐོབ་པའི་ལོངས་སྤྱོད་ཀྱི་འབྲས་བུ་ལ་ཉེ་བར་མི་འཚོ་བ་དང་ཐོབ་པ་ལའང་དུས་མ་ཡིན་པར་ཉེ་བར་མི་འཚོ་བ་དང ། དུས་ལ་བབ་ཀྱང་དབུལ་པོ་རྣམས་ལ་གནོད་པ་བགྱིས་ཤིང་ཉེ་བར་མི་འཚོ་བ་དང ། མུ་གེའི་གནོད་པ་ཞིག་བྱུང་ན་སྐྱེ་དགུ་རྣམས་ཀྱི་ སྐྱབས་བགྱིད་པ་དང ། ཆོམ་རྐུན་གྱི་གནོད་པ་དང ། ཕ་རོལ་གྱི་དམག་ཚོགས་ཀྱི་གནོད་པ་དང ། གཅིག་ལ་གཅིག་གནོད་པར་གྱུར་པ་ཞིག་བྱུང་ན་ཡང་དག་པར་ཕན་འདོགས་པར་བགྱིད་པ་དང ། དབུལ་པོ་རྣམས་ལ་ནོར་སྦྱིན་པ་དང ། མི་སྲུན་པ་རྣམས་ལ་ཡང་དག་ པར་ཆད་པས་བཅད་པ་འདི་ནི་དེའི་སྙིང་རྗེ་ཞེས་བགྱི་སྟེ། རྒྱལ་པོ་ཆེན་པོ་ཆོས་གཉིས་པོ་དེ་དག་དང་ལྡན་ན་ཆོས་དང་ལྡན་པའི་རྒྱལ་པོ་སྐྱེ་དགུ་ཡང་དག་པར་སྐྱོང་བར་བགྱིད་ཅེས་བགྱི་བ་ལགས་ཏེ། བག་མཆིས་པ་དང་སྙིང་རྗེ་གཉིས་ལགས་སོ། །སྨྲས་པ། བྲམ་ཟེ་རྣམ་པ་ གང་གིས་ན་ཇི་ལྟར་ཆོས་དང་ལྡན་པའི་རྒྱལ་པོ་སྙིང་རྗེ་ཅན་མི་སྲུན་པ་ཆད་པས་གཅོད་པ་ཡིན། སྨྲས་པ། རྒྱལ་པོ་ཆེན་པོ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་སྙིང་རྗེ་ཅན་ནི་གནས་ལྔ་ལ་དྲན་པ་ཉེ་བར་གཞག་ཅིང་མི་སྲུན་པ་ཆད་པས་གཅོད་པ་ལགས་སོ། །དེ་ཡང་ཡང་དག་པས་ལགས་ ཀྱི་ལོག་པས་མ་ལགས་སོ། །དུས་སུ་ལགས་ཀྱི་དུས་མ་ལགས་པས་མ་ལགས་སོ། །དོན་དང་ལྡན་པར་ལགས་ཀྱི་དོན་དང་མི་ལྡན་པར་མ་ལགས་སོ། །འཇམ་པར་ལགས་ཀྱི་བརླང་བར་མ་ལགས་སོ། །བྱམས་པས་ལགས་ཀྱི་ཞེ་སྡང་གིས་མ་ལགས་སོ། །སྨྲས་པ།
57-1-105a
རྣམ་པ་གང་གིས་ཇི་ལྟར་ན་ཡང་དག་པས་ཡིན་གྱི་ལོག་པས་མ་ཡིན་ཞེས་བྱ། སྨྲས་པ། གལ་ཏེ་གཡོན་ལ་མི་གནས་པ་མ་ལགས་ཀྱི་ཡང་དག་པར་གཡོན་ལ་གནས་པར་གྱུར་པའོ། །སྨྲས་པ། ཇི་ལྟར་ན་དུས་སུ་ཡིན་གྱི་དུས་མ་ཡིན་པར་མ་ཡིན་ཞེས་བྱ། སྨྲས་པ། གལ་ཏེ་རྒྱལ་པོས་མི་སྲུན་པ་ཆད་པས་བཅད་པའི་མཐུ་མཆིས་ན་ལགས་ཀྱི་མཐུ་མ་མཆིས་ན་མ་ལགས་པའོ། །སྨྲས་པ། ཇི་ལྟར་ན་དོན་དང་ལྡན་པར་ཡིན་གྱི་དོན་དང་མི་ལྡན་པར་མ་ཡིན་ཞེས་བྱ། སྨྲས་པ། གལ་ཏེ་ཁས་བླངས་པ་ལ་གནས་པར་བགྱིས་པ་ལགས་ཀྱི་གནས་པར་ མ་བགྱིས་པ་མ་ལགས་སོ། །སྨྲས་པ། ཇི་ལྟར་ན་འཇམ་པར་ཡིན་གྱི་བརླང་བར་མ་ཡིན་ཞེས་བྱ། སྨྲས་པ། གལ་ཏེ་སྐྱོན་བརྗོད་པ་ཙམ་གྱིས་འགྲུབ་པར་རྟོགས་པ་ཞིག་ན་ཡང་བཅིང་བ་དང་གསད་པ་ལ་སོགས་པས་གནོད་པར་མི་བགྱི་བར་ཡང་དག་པར་སྐྱོན་བརྗོད་པ་ལགས་ཀྱི་ སྐྱོན་མ་བརྗོད་པར་མ་ལགས་སོ། །སྨྲས་པ། ཇི་ལྟར་ན་བྱམས་པས་ཡིན་གྱི་ཞེ་སྡང་གིས་མ་ཡིན་ཞེས་བྱ། སྨྲས་པ། གལ་ཏེ་སྐྱོན་བརྗོད་པ་ཙམ་གྱིས་མི་འགྲུབ་པར་རྟོགས་པ་ཞིག་ན་འགུམ་པ་དང་དབང་པོ་ཉམས་པར་བགྱིད་པ་དང ། ཡན་ལག་གཏུབ་པ་མ་གཏོགས་པར་ བྱམས་པའི་སེམས་དང་སྙིང་རྗེའི་སེམས་ཉེ་བར་གཞག་སྟེ་བཅིང་བ་དང་གོ་རར་སྩལ་བ་དང ། བརྡེག་པ་དང ། བསྡིགས་པ་དང ། གནོད་པར་བགྱི་བ་དང ། སྤྱོ་བ་དང ། བརྒྱད་བཀག་པ་དང ། གནས་ནས་བཀར་བ་དང ། ལོངས་སྤྱོད་འཕྲོག་པ་ལ་སོགས་པ་བརླང་བའི་རྣམ་པ་ རྣམས་ཀྱིས་བརླང་བར་བགྱི་བ་སྟེ། དེ་ལས་འདས་པར་བརླང་བར་བགྱི་བ་མ་ལགས་སོ། །སྨྲས་པ། བྲམ་ཟེ་ཇི་ལྟར་ན་ཆོས་དང་ལྡན་པའི་རྒྱལ་པོ་བརླང་བའི་རྣམ་པ་དེ་དག་གིས་སེམས་ཅན་མི་སྲུན་པ་དག་ལ་བྱམས་པའི་སེམས་དང་སྙིང་རྗེའི་སེམས་ཉེ་བར་གཞག་ཅིང་བརླང་བར་ སྤྱོད་པ་ཡིན། དེ་སྐད་ཅེས་སྨྲས་པ་དང ། གཅེར་བུ་པའི་བུ་བདེན་སྨྲས་རྒྱལ་པོ་གཏུམ་པོ་རབ་སྣང་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་དེའི་སླད་དུ་དོན་འདི་རབ་ཏུ་བསྒྲུབ་པའི་སླད་དུ་དཔེ་གསན་དུ་གསོལ། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་བགྱི་ན་ཕས་བུ་མི་སྲུན་པ་ཞིག་བཅོས་
57-1-105b
པར་འཚལ་ན་བྱམས་པའི་སེམས་དང་སྙིང་རྗེའི་སེམས་ཉེ་བར་གཞག་སྟེ། དགུམ་པ་དང་དབང་པོ་ཉམས་པར་བགྱི་བ་དང ། ཡན་ལག་གཏུབ་པ་མ་གཏོགས་པར་གནོད་པའི་རྣམ་པ་གཞན་གྱིས་བརླང་བར་བགྱིད་དེ། འོན་ཀྱང་དེ་ལ་གཏང་བའི་སེམས་སམ། གནོད་པར་བགྱི་བའི་ སེམས་མི་འབྱུང་སྟེ། གཞན་དུ་ན་ཉེས་པ་བཟློག་པ་ཉིད་ཀྱི་ཆེད་དུ་བགྱིས་ཏེ། ཉེས་པ་མ་བྱུང་བ་རྣམས་མི་འབྱུང་བར་བྱའོ་སྙམ་སྟེ་བརླང་བར་བགྱིད་དོ། །དེ་བཞིན་དུ་རྒྱལ་པོ་ཆོས་དང་ལྡན་པ་ཡང་སྐྱེ་དགུ་རྣམས་ལ་བུའི་འདུ་ཤེས་ཉེ་བར་གཞག་སྟེ། སེམས་ཅན་མི་སྲུན་པ་ རྣམས་འཆོས་ན་སྲོག་བཅད་པ་དང ། དབང་པོ་ཉམས་པར་བགྱི་བ་དང ། ཡན་ལག་གཏུབ་པ་མ་གཏོགས་པར་བྱམས་པའི་སེམས་དང་སྙིང་རྗེའི་སེམས་སུ་བགྱིས་ཏེ་བཅིང་བ་དང ། གོ་རར་སྩལ་བ་དང ། བརྡེག་པ་དང ། བསྡིགས་པ་དང ། སྤྱོ་བ་དང ། བརྒྱད་བཀག་པ་དང ། གནས་ནས་བཀར་བ་དང ། ལོངས་སྤྱོད་འཕྲོག་པ་ལ་སོགས་པ་བརླང་བའི་རྣམ་པ་རྣམས་ཀྱིས་བརླང་བར་བགྱིད་ཀྱང ། དེ་སེམས་ཅན་དེ་དག་ལ་གཏང་བའི་སེམས་སམ་གནོད་པར་བགྱི་བའི་སེམས་མི་འབྱུང་སྟེ། གཞན་དུ་ན་ཉེས་པ་བཟློག་པ་ཉིད་ཀྱི་ཆེད་དུ་བགྱིས་ཏེ། དེ་མ་ ལགས་པ་གཞན་རྗེས་སུ་བསླབ་པ་དང ། ཉེས་པ་མ་བྱུང་བ་རྣམས་མི་འབྱུང་བར་བྱའོ་སྙམ་སྟེ། བརླང་བར་བགྱིད་དོ། །སྨྲས་པ། བྲམ་ཟེ་མི་སྲུན་པ་དེ་དག་ཇི་ལྟ་བུ་ཡིན་པར་ཤེས་པར་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་མདོར་ན་མི་སྲུན་པ་ནི་རྣམ་པ་ལྔར་མཁྱེན་པར་བགྱི་སྟེ། རྒྱལ་པོ་ ལ་གནོད་པ་བགྱིད་པ་དང ། གཅིག་ལ་གཅིག་གནོད་པར་བགྱིད་པ་དང ། བཀའ་མི་ཉན་པ་དང ། ལོག་པས་འཚོ་བ་དང ། ལོག་པར་ཞུགས་པ་ལགས་སོ། །དེ་ལ་རྒྱལ་པོ་ལ་གནོད་པ་བགྱིད་པ་ནི་འགུམས་པ་དང ། འགུམས་སུ་སྩོལ་བ་དང ། དུག་སྩོལ་བ་དང ། ཕྱག་མཛོད་ རྐུ་བ་དང ། དོན་མ་རུང་བར་བགྱིད་པ་དང ། བཙུན་མོ་འདྲིད་པ་དང ། བཀའ་ལྟར་མི་བགྱིད་པ་དང ། གསང་མི་ཐུབ་པ་དང ། ཁམས་ཀྱི་དཀྲུགས་མ་བགྱིད་པ་དང ། ཁ་རྒོད་མཆི་བ་དང ། ཁ་ཕྱར་གཏོང་བ་དང ། དེ་ལྟ་བུ་ལ་སོགས་པ་དག་ནི་རྒྱལ་པོ་ཆེན་པོ་རྒྱལ་པོ་ལ་གནོད་
57-1-106a
པ་བགྱིད་པ་ལགས་པར་མཁྱེན་པར་བགྱིའོ། །དེ་ལ་གཅིག་ལ་གཅིག་གནོད་པར་བགྱིད་པ་ནི་སེམས་ཅན་འདི་དག་གཅིག་ལ་གཅིག་སྲོག་ལ་རྒལ་བའམ། ལོངས་སྤྱོད་འཕྲོག་པའམ། མཆིས་བྲང་ལ་བྱི་བ་བགྱིད་པའམ། སྒྱུའི་དབང་གིས་ཕ་རོལ་སླུ་བའམ། མཛའ་ བ་འབྱེད་པའམ། ངག་མི་སྙན་པས་འཐབ་པའམ། ལས་དང ། སྲང་དང་ཚད་སྒྱུ་མས་གཞན་འདྲིད་པའམ། གཅིག་ལ་གཅིག་མི་སྙན་པར་བརྗོད་པའམ། རྒྱལ་པོ་ཆེན་པོ་དེ་ལྟ་བུ་ལ་སོགས་པ་དག་ནི་གཅིག་ལ་གཅིག་གནོད་པ་བགྱིད་པ་ལགས་པར་མཁྱེན་པར་བགྱིའོ། །དེ་ལ་བཀའ་ མི་ཉན་པ་ནི་རྒྱལ་པོ་ཆེན་པོ་ལ་རྟེན་པའི་ཁམས་ཀྱི་རྒྱལ་ཕྲན་དང ། རྒྱལ་པོའི་བཀའ་ལྟར་མི་བགྱིད་པ་སྟེ། རྒྱལ་པོ་ཆེན་པོ་དེ་ལྟ་བུ་ལ་སོགས་པ་དག་ནི་བཀའ་མི་ཉན་པ་ལགས་པར་མཁྱེན་པར་བགྱིའོ། །དེ་ལ་ལོག་པས་འཚོ་བ་ནི་སེམས་ཅན་གང་དག་སྡོམ་པ་མ་མཆིས་པ་སྟེ་དེ་དག་ཀྱང་ ཤན་པ་དང་བྱ་པ་དང་ཕག་འཚོང་དང ། དེ་ལྟ་བུ་ལ་སོགས་པ་དག་ལགས་པར་མཁྱེན་པར་བགྱིའོ། །དེ་ལ་ལོག་པར་ཞུགས་པ་ནི་སེམས་ཅན་གང་དག་ལོངས་སྤྱོད་ལས་ཕྱིར་ལོག་སྟེ་མཚན་མ་ཅན་དུ་གྱུར་པ་རྣམས་ཚུལ་ཁྲིམས་ཉམས་པ་དང་ལྟ་བ་ཉམས་པ་དང་ཆོ་ག་ཉམས་པ་དང་འཚོ་བ་ ཉམས་པར་གྱུར་ཅིང་རང་རང་གི་ཆོས་ཡོངས་སུ་བཟུང་བ་རྣམས་ལ་མི་གནས་པ་ལགས་ཏེ་དེ་དག་ནི་རྒྱལ་པོ་ཆེན་པོ་ལོག་པར་ཞུགས་པ་ལགས་པར་མཁྱེན་པར་བགྱིའོ། །སྨྲས་པ། བྲམ་ཟེ་རྣམ་པ་གང་གིས་ཇི་ལྟར་ན་ཆོས་དང་ལྡན་པའི་རྒྱལ་པོས་རྒྱལ་པོ་ལ་གནོད་པ་བྱེད་པའི་མི་སྲུན་པ་རྣམས་ ཆད་པས་བཅད་པར་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་དེ་ནི་སྐྱོན་བརྗོད་པས་དགག་པའམ། ལོངས་སྤྱོད་དབྲོག་པས་དགག་པའམ། བཅིང་བ་དང་བསྐྲད་པ་དང་སྨད་པས་དགག་པར་བགྱིའོ། །སྨྲས་པ། གཅིག་ལ་གཅིག་གནོད་པར་བྱེད་པ་ལ་ཇི་ལྟར་ནན་ཏན་དུ་བྱ། སྨྲས་པ། རྒྱལ་པོ་ ཆེན་པོ་བསྡིགས་པ་དང་གནོད་པར་བགྱི་བ་དང ། བརྡེག་པ་དང ། གོ་རར་སྩལ་བ་དང ། སྤྱོ་བ་དང ། ཆད་པས་བཅད་པས་བཟློག་པར་བགྱིའོ། །སྨྲས་པ། བཀའ་མི་ཉན་པ་རྣམས་ལ་ཇི་ལྟར་ནན་ཏན་དུ་བྱ། སྨྲས་པ། ཟིལ་གྱིས་མནན་ཏེ་དབང་དུ་བསྒྱུར་བ་ལ་རང་རང་གི་རིས་
57-1-106b
ནས་བསྐྱོད་པར་མི་བགྱི་བས་བཟློག་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། རྒྱལ་པོ་ཆེན་པོ་འདི་ལྟར་དེ་དག་རང་རང་གི་རིས་ནས་བསྐྱོད་པར་མ་བགྱིས་ན་རྒྱལ་པོའི་བཀའ་དྲིན་གཟོ་ཞིང་འཇིགས་པས་བཀའ་ཉན་པར་འགྱུར་ཏེ། གཞན་བཀའ་མི་ཉན་པའི་སྐབས་ཀྱང་ཡོངས་སུ་ཆད་པར་ འགྱུར་ཞིང་ཕྱག་མི་འཚལ་བ་རྣམས་ཀྱང་ཕྱག་འཚལ་བར་འགྱུར་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་སྙན་པར་གྲགས་པའི་སྒྲ་དང་ཚིགས་སུ་བཅད་པ་འབྱུང་བར་འགྱུར་ཞིང་གཞི་དེ་ལས་བསོད་ནམས་ཀྱང་མང་དུ་འཕེལ་བའི་སླད་དུའོ། །སྨྲས་པ། ལོག་པར་འཚོ་བ་རྣམས་ལ་ཇི་ ལྟར་ནན་ཏན་དུ་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་བསྡིགས་ཤིང་ད་ཕན་ཆད་གལ་ཏེ་དེ་ལྟར་བྱེད་ན་ཆད་པ་འདི་དང་འདིས་བཅད་དོ་ཞེས་འཇིགས་པ་བསྟན་པས་དགག་པར་བགྱིའོ། །སྨྲས་པ། ལོག་པར་ཞུགས་པ་རྣམས་ལ་ཇི་ལྟར་ནན་ཏན་དུ་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་ཡང་དག་ པའི་གཉེན་པོའི་ཕྱོགས་ལ་གཟུད་པས་བཟློག་པར་བགྱིའོ། །རྒྱལ་པོ་ཆེན་པོ་གལ་ཏེ་གང་ཟག་ཚུལ་ཁྲིམས་ཉམས་པའམ། ལྟ་བ་ཉམས་པའམ། ཆོ་ག་ཉམས་པའམ། འཚོ་བ་ཉམས་པ་ཞིག་དགེ་འདུན་འཐུན་པས་སྦྱངས་ཏེ་བརྟགས་ནས་བསྐྲད་པར་བགྱིས་པའམ། རང་ གིས་ཁས་བླངས་པ་ལས་དགེ་འདུན་གྱིས་བསྐྲད་པར་མི་ནུས་ན། དེ་ལ་ཆོས་དང་ལྡན་པའི་རྒྱལ་པོས་ཡང་དག་པ་ལ་ཡང་དག་པར་རྟོགས་པར་བགྱིས་ཏེ། བཙུན་པའི་ཕྱོགས་ཀྱི་གྲོགས་བགྱིའོ། །གལ་ཏེ་དགེ་འདུན་གཉིས་མི་འཐུན་པའི་རྩོད་པར་གྱུར་ཏེ། ཚུལ་ཁྲིམས་ཉམས་ པའམ། ཆོ་ག་ཉམས་པའམ། ལྟ་བ་ཉམས་པའམ། འཚོ་བ་ཉམས་པ་ལས་བརྩམས་ནས་ཡུས་རྟོད་ཅིང་རྩད་པ་ཞིག་ཏུ་གྱུར་ན། དེ་ལ་ཆོས་དང་ལྡན་པའི་རྒྱལ་པོས་བདག་ཉིད་ཆོས་ཀྱི་དོན་ལ་མཁས་སམ། མི་མཁས་ཀྱང་རུང་སྟེ། རིས་དེ་ན་ཡ་རབས་སུ་བཏུ་བའི་དགེ་སྦྱོང་ ངམ། བྲམ་ཟེ་ཆོས་ཀྱི་དོན་ལ་མཁས་པ་མཆིས་པ་དེ་དག་བསྡུས་ཏེ་རྩོད་པ་དེ་སྦྱང་བར་བགྱིའོ། །དེ་ལྟར་སྦྱངས་ནས་དེ་ལ་གང་རིགས་པར་སྨྲ་བ་དེའི་ཕྱོགས་ཀྱི་གྲོགས་བགྱི་ཞིང་བསྐྲད་པའམ་ལོག་པ་ལ་བརྩོན་པ་བཟློག་པའི་སླད་དུ་བསྟང་བར་བགྱིའོ། །སྨྲས་པ། བྲམ་ཟེ་
57-1-107a
རྒྱལ་པོ་ཉིད་མི་སྲུན་པ་ཞིག་ཏུ་གྱུར་ན་དེ་ལ་སུས་ཆད་པས་བཅད་པར་ནན་ཏན་དུ་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་རྒྱལ་པོ་དེ་ཉིད་ཀྱིས་སོ། །གལ་ཏེ་རྒྱལ་པོ་བག་མ་མཆིས་པར་གྱུར་ཏམ། སྙིང་རྗེ་མ་མཆིས་པར་གྱུར་ན་དེའི་སླད་དུ་དེས་ཤེས་རབ་ཀྱི་སྟོབས་ལ་བརྟེན་ ཏེ་མི་སྙན་པར་འགྱུར་བའི་འཇིགས་པ་དང ། ངན་སོང་གི་འཇིགས་པ་དང ། ཆོས་གཉིས་པོ་འདི་དག་གིས་བག་མ་མཆིས་པ་དང་སྙིང་རྗེ་མ་མཆིས་པ་ལས་བདག་ཉིད་བཟློག་པར་བགྱིའོ། །རྒྱལ་པོ་ཆེན་པོ་ཆོས་དང་ལྡན་པའི་རྒྱལ་པོས་ནི་རང་གི་རིས་ན་ཡ་རབས་སུ་བཏུ་བའི་དགེ་ སྦྱོང་དང་བྲམ་ཟེ་མཁས་པ། གསལ་བ་རིག་པ་དང་ལྡན་པ་དེ་དག་གི་དྲུང་དུ་མཆི་ཞིང་དུས་དུས་སུ་དགེ་བ་ནི་གང་མི་དགེ་བ་ནི་གང་ཅི་བྱས་ན་ལེགས་པར་འགྱུར། ཅི་བྱས་ན་སྡིག་པར་མི་འགྱུར་ཞེས་དྲི་བར་བགྱི་ཞིང་དེ་དག་ཆོས་སྟོན་པར་འགྱུར་བའི་སྐབས་དབྱེ་བར་བགྱིའོ། །དེ་དག་གིས་ ཀྱང་དེ་ལ་རྒྱལ་པོའི་ཚུལ་རྙིང་དག་བསྟན་པར་བགྱི་སྟེ། སྐབས་ཕྱེ་ན་ཚིག་གི་ཚུལ་འཇམ་པོས་སྐྱོན་བརྗོད་པར་བགྱི་སྟེ། དེ་ལྟར་ན་དེས་འདི་ལྟ་སྟེ་ནང་གི་སྟོབས་སམ། ཕྱི་རོལ་གྱི་སྟོབས་ལ་བརྟེན་ཅིང་བདག་ཉིད་མི་སྲུན་པ་ལས་ལེགས་པར་ཆད་པས་བཅད་པར་འགྱུར་རོ། །སྨྲས་པ། བྲམ་ཟེ་སྣོད་ཀྱི་འཇིག་རྟེན་གྱིས་ཡོངས་སུ་ཟིན་པའི་སྐྱེ་དགུ་ཆོས་དང་ལྡན་པའི་རྒྱལ་པོས་ཇི་ལྟར་བསྲུང་བར་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་མི་སྲེག་།མི་གཞིག་པ་ལ་སོགས་པས་བགྱིས་ཏེ། འདི་ལྟར་རྒྱལ་པོ་ཁྲོ་བའི་གནས་ལ་ཁྲོས་ཀྱང་གྲོང་བསྲེག་པའམ། གྲོང་ཁྱེར་བསྲེག་པའམ། རྫིང་དྲལ་བའམ། གནས་གཞིག་པའམ། བཟའ་ཤིང་བཅད་པའམ། ལོ་གཞོམ་པའམ། གང་ཅི་ཡང་རུང་སྟེ་ལེགས་པར་བཤམས་པ། ལེགས་པར་བསྒྲུབས་པ། ལེགས་པར་བྲེས་པའི་སའི་ཕྱོགས་ཉམས་དགའ་བ་དེ་དང་དེ་དག་གཞིག་པར་བགྱི་བར་མི་རིགས་སོ། །དེ་ཅིའི་སླད་ དུ་ཞེ་ན་འདི་ལྟར་དངོས་པོ་དེ་དག་ནི་དེ་མ་ལགས་པའི་སེམས་ཅན་གཞན་དག་དང་ཐུན་མོང་གི་ཉེ་བར་འཚོ་བ་ལགས་ཏེ། དེ་དག་གིས་ནོངས་པར་མ་བགྱིས་པའི་སླད་དུའོ། །རྒྱལ་པོ་ཆེན་པོ་འདི་ལྟར་དངོས་པོ་དེ་དག་ལ་ཁྱིམ་དང་གཙུག་ལག་ཁང་དང ། མཆོད་རྟེན་དང་བཟའ་ཤིང་ར་བ་ལ་
57-1-107b
སོགས་པ་སོ་སོའི་ལྷ་གནས་པ་དེ་དག་ཀྱང་དེ་ལྟར་བཤིག་ན་མི་དགའ་བར་འགྱུར་ལགས་སོ། །རྒྱལ་པོ་ཆེན་པོ་འདི་ལྟར་དངོས་པོ་དེ་དག་ལ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་སྣ་ཚོགས་དག་ཀྱང་གནས་ཏེ། དེ་དག་གིས་ཀྱང་ནོངས་པ་མ་བགྱིས་ན་གནོད་པ་མི་བགྱིད་པ་ཀུན་ཀྱང་ ཆུད་གཟན་པར་འགྱུར་རོ། །དེ་ལྟ་ལགས་པས་ན་ཆོས་དང་ལྡན་པའི་རྒྱལ་པོས་སྣོད་ཀྱི་འཇིག་རྟེན་གྱིས་ཡོངས་སུ་ཟིན་པའི་སྐྱེ་དགུ་རྣམས་ཕུང་པར་མི་བགྱིའོ། །དེ་ལྟར་ཕུང་པར་མ་བགྱིས་ན་ཡོངས་སུ་བསྐྱངས་པ་ལགས་ཏེ། དེ་ཡོངས་སུ་བསྐྱངས་པས་སེམས་ཅན་རྣམས་ལ་ཡང་ སྨན་པར་བགྱིས་པར་འགྱུར་རོ། །སྨྲས་པ། བྲམ་ཟེ་རྒྱལ་པོའི་ཁམས་ན་ལྷ་གང་དག་གནས་པ་དེ་དག་ཆོས་དང་ལྡན་པའི་རྒྱལ་པོས་ཇི་ལྟར་བསྐྱང་བར་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་ཡང་དག་པའི་གཏོར་མ་བཤམས་ཏེ་བསྩལ་བར་བགྱིའོ། །དེ་ལྟར་ན་ཆོས་དང་ལྡན་པའི་རྒྱལ་པོས་སྐྱེ་ དགུ་ཐམས་ཅད་བསྐྱངས་པར་འགྱུར་རོ། །མི་སྲུན་པ་ཐམས་ཅད་ཀྱང་ཆད་པས་གཅད་པར་འགྱུར་རོ། །ཁ་ན་མ་ཐོ་བ་ཡང་མ་མཆིས་པར་འགྱུར་རོ། །གཞི་དེ་ལས་ཚེ་སླད་མ་པའི་བསོད་ནམས་ཀྱང་མང་དུ་འཕེལ་ལགས་སོ། །སྨྲས་པ། བྲམ་ཟེ་རྒྱལ་པོ་ཆོས་དང་ལྡན་པའི་ཁམས་ ན་ཕ་དང་མ་རྒས་པ་ལ་མ་གུས་ཤིང་ཕར་མི་ཤེས་པ་དང ། མར་མི་ཤེས་པ་དང ། བུ་དང ། ཆུང་མ་དང ། བྲན་དང ། བྲན་མོ་དང ། ལས་བྱེད་པའམ་ཞོ་ཤས་འཚོ་བ་དག་ལ་ལེགས་པར་བགོ་བཤའ་མི་བྱེད་ཅིང ། ལས་ཆེན་པོ་དང་ལས་ངན་པས་ཤིན་ཏུ་སྙོན་སྨོངས་པར་བྱེད་པ་དེ་དག་མི་སྲུན་ པའི་ཕྱོགས་གང་གི་ནང་དུ་བགྲང་བར་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་ལོག་པར་འཚོ་བའི་ཕྱོགས་མི་སྲུན་པའི་ནང་དུའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟ་སྟེ། ཕན་འདོགས་པའི་སེམས་ཅན་རྣམས་ལ་སྦྱིན་པར་བགྱི་བའི་ཆོས་བགོ་བཤའ་བགྱི་བར་འོས་པ་དག་ལ། བགོ་བཤའ་མི་ བགྱིད་ཅིང་གཅིག་ཏུ་སྤྱོད་པ་འདི་ནི་ལོག་པས་འཚོ་བ་ཆེན་པོ་ལགས་པའི་སླད་དུའོ། །སྨྲས་པ། བྲམ་ཟེ་སློང་བའི་དགེ་སློང་དང་བྲམ་ཟེ་འོང་ཞིང་འདུ་བ་དག་གི་མདུན་ནས་མི་རིགས་ཤིང་བརླང་བའི་ཚིག་གིས་མི་སྙན་པར་བརྗོད་པ་དང ། གཤེ་བ་དང་བརྒྱད་བཀག་པ་དང་ཆེད་དུ་བོས་ཤིང་
57-1-108a
ཟན་གཅོད་པའམ། ཆོས་དང་འགལ་བའི་ཁ་ཟས་སྟོབས་པའམ། དབྱུག་པའམ་རྡོས་འཚོག་པའམ། ལག་པས་བརྡེག་པའམ། མཚོན་གྱིས་འདེབས་པ་དེ་དག་མི་སྲུན་པའི་ཕྱོགས་གང་གི་ནང་དུ་བགྲང་བར་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་ལོག་པར་ཞུགས་པའི་མི་སྲུན་པའི་ ཕྱོགས་སུའོ། །དེ་ཅིའི་སླད་དུ་ཞེ་ན། རིམ་གྲོ་བགྱི་བའི་འོས་རྣམས་ལ་རིམ་གྲོ་མི་བགྱིད་པ་ནི་ལོག་པར་ཞུགས་པ་ཆེན་པོ་ལགས་པའི་སླད་དུ་སྟེ། རྒྱལ་པོ་ཆེན་པོ་ལོག་པར་ཞུགས་པ་དེ་ལྟ་བུས་ནི་ལྷ་རྣམས་ཀྱང་དུས་སུ་ཆར་གྱི་རྒྱུན་ལེགས་པར་མི་འབེབས་ཏེ། དེས་མུ་གེའི་དགོན་པ་ཉམ་ང་བར་ འགྱུར་ཞིང་མི་མ་ལགས་པ་རྣམས་ཀྱང་ཡམས་ཀྱི་ནད་དང་།གནོད་པ་དང ། འགོ་བའི་ནད་གཏོང་བར་འགྱུར་ཏེ། དེས་སེམས་ཅན་རྣམས་ཡམས་ཀྱི་ནད་ཅན། གནོད་པ་ཅན། ནད་འགོ་བ་ཅན་དུ་འགྱུར་ཞིང་ཚེ་ཡང་ཡོངས་སུ་འབྲི། ལོངས་སྤྱོད་ཀྱང་ཡོངས་སུ་འབྲི། ནད་མེད་པ་ཡང་ཡོངས་སུ་ འབྲི་བར་འགྱུར་རོ། །སྨྲས་པ། བྲམ་ཟེ་རྒྱལ་པོ་ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པས་ཅིའི་ཕྱིར་དབང་པོ་དང་ཡན་ལག་གཏུབ་ཅིང་ཉམས་པར་བྱ་བ་དང ། སེམས་ཅན་བསད་པར་མི་བྱ་བ་ཡིན། སྨྲས་པ། རྒྱལ་པོ་ཆེན་པོ་རྒྱལ་པོ་ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པ་ཡང་གཡོན་ལ་ གནས་པ་སྲོག་གཅད་པའམ། དབང་པོ་དང་ཡན་ལག་དང་ཉིང་ལག་དང་དབྲལ་བར་མི་སེམས་ཏེ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེས་རང་གི་ལས་ཀྱི་དབང་གིས་འཆི་ན་ཡང་ཁོང་ཁྲོ་བའི་སེམས་བསྐྱེད་དེ་དུས་བགྱིས་ན་ངན་སོང་རྣམས་སུ་སྐྱེ་བར་འགྱུར་བ་དང ། ཡུན་རིང་པོར་རྗེས་སུ་འབྲང་བའི་ ཤ་ཁོན་དུ་འགྱུར་བ་མཐོང་བས་དེའི་སླད་དུ་སེམས་ཅན་དགུམ་པར་མ་བརྗོད་དེ། དབང་པོ་དང ། ཡན་ལག་དང་ཉིང་ལག་རྣམས་ཀྱང་ཕྱིར་གླན་དུ་མི་རུང་བས་དེའི་སླད་དུ་དེ་དག་གཏུབ་ཅིང་ཉམས་པར་བགྱི་བ་རུང་བར་མ་བརྗོད་ལགས་སོ། །རྒྱལ་པོ་ཆེན་པོ་བཅིང་བ་དང ། གོ་རར་སྩལ་བ་ལ་ སོགས་པ་ནི་བཅོས་སུ་རུང་བས་ན་དེའི་སླད་དུ་རུང་བར་བརྗོད་དོ། །རྒྱལ་པོ་ནི་སྐྱེ་དགུ་ཐམས་ཅད་ཡོངས་སུ་སྐྱོང་བ་ལགས་ན། དེ་ལྟར་བགྱིས་ན་དེ་ཉིད་མ་བསྐྱངས་པར་འགྱུར་བས། དེའི་སླད་དུ། རྒྱལ་པོས་སྐྱེ་དགུ་ཡོངས་སུ་བསྐྱང་བ་ཡང་རྫོགས་པར་མ་བགྱིས་པར་འགྱུར་ཏེ། རྒྱལ་པོ་ཆེན་
57-1-108b
པོ་འདི་ལྟ་སྟེ། དགུམ་པ་དང ། དབང་པོ་དང ། ཡན་ལག་དང ། ཉིང་ལག་གཏུབ་ཅིང་ཉམས་པར་བགྱི་བ་ནི་སྐྱེ་དགུ་མ་འོས་པར་སྐྱོ་བར་འགྱུར་བའི་གནས་ལགས་ཏེ། དེ་ནི་ཆོས་དང་ལྡན་པའི་རྒྱལ་པོས་བགྱི་བ་མ་ལགས་སོ། །སྨྲས་པ། བྲམ་ཟེ་རྒྱལ་པོའི་ཁམས་ན་ལོངས་སྤྱོད་ཀྱི་འབྲས་བུ་ འདུ་བ་ཡོད་པ་དེ་དག་རྒྱལ་པོ་རང་གི་ཡིན་ཞེས་བྱའམ། གཞན་གྱི་ཡིན་ཞེས་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་དེ་ནི་རང་གི་ཡང་མ་ལགས། གཞན་གྱི་ཡང་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གཞན་དག་ནི་རང་གི་ལག་མཐུས་བསྒྲུབས་པས་ན་རང་གི་མ་ལགས་སོ། །རྒྱལ་པོས་ ཡོངས་སུ་བསྲུངས་ཤིང་དེ་དག་གིས་ཀྱང་དེ་མངའ་བར་བཏགས་པས་གཞན་གྱི་མ་ལགས་སོ། །སྨྲས་པ། བྲམ་ཟེ་གལ་ཏེ་སྐྱེ་དགུ་ལ་ལོངས་སྤྱོད་ཡོད་བཞིན་དུ་ལོངས་སྤྱོད་ཀྱི་རྒྱུ་དཔྱ་དབུལ་བའི་རིགས་པ་རྒྱལ་པོ་ལ་དབུལ་དུ་མི་བཏུབ་ན། དེས་དེ་དག་གི་མ་བྱིན་པར་ལེན་པར་འགྱུར་ཞེས་བྱའམ་ མི་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་དེ་ནི་མི་འགྱུར་ཏེ། གལ་ཏེ་ལོངས་སྤྱོད་མཆིས་བཞིན་མ་སྟེར་ན་སེར་སྣ་ལས་བྱུང་བའི་ཁ་ན་མ་ཐོ་བ་དང་བསོད་ནམས་མ་ལགས་པ་ནི་ཆེར་འཕེལ་ལོ། །སྨྲས་པ། བྲམ་ཟེ་གལ་ཏེ་ལོངས་སྤྱོད་ཡོད་བཞིན་དུ་ལོངས་སྤྱོད་ཀྱི་རྒྱུ་དཔྱ་དབུལ་བའི་རིགས་པ་འབུལ་ དུ་མི་བཏུབ་པ་ལ་རྒྱལ་པོས་ནན་གྱིས་མནན་ཏེ་དབུལ་དུ་བཅུག་ན་དེས་དེའི་མ་བྱིན་པར་ལེན་པ་ཞེས་བྱའམ་མི་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་དེ་ནི་གླ་རྔན་བསྒྲུབ་པའི་དཔེའི་ཚུལ་གྱིས་མ་བྱིན་པར་ལེན་པ་ཞེས་མི་བགྱིའོ། །སྨྲས་པ། བྲམ་ཟེ་གལ་ཏེ་རྒྱལ་པོས་དབུལ་པོ་ཞིག་ནན་གྱིས་མནན་ ཏེ། ལོངས་སྤྱོད་ཀྱི་རྒྱུ་དཔྱ་དབུལ་བའི་རིགས་པ་དབུལ་དུ་བཅུག་ན་དེ་ཁ་ན་མ་ཐོ་བ་ཞེས་བྱའམ་མི་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་དེ་ལ་ལར་ནི་ཁ་ན་མ་ཐོ་བར་འགྱུར། དེ་ལ་ལར་ནི་ཁ་ན་མ་ཐོ་བར་མི་འགྱུར་ལགས་སོ། །རྒྱལ་པོ་ཆེན་པོ་དེ་ལ་གལ་ཏེ་མི་དེས་ལོངས་སྤྱོད་དེ་དག་སྨད་འཚོང་ ལ་ཞུགས་པའམ། བརྒྱན་པོ་ལ་ཞུགས་པའམ། ཆུད་གསན་པའམ། ལོག་པར་སྤྱད་པ་སྤྱོད་པ་ཞིག་ཏུ་གྱུར་ལ། དེ་ལ་རྒྱལ་པོས་དེ་ལྟ་བུའི་སེམས་ཀྱིས་སླད་ཀྱིས་ཤས་སླར་སྩལ་བའི་ཤགས་མཆིས་པར་བགྱིས་ལ་ནན་གྱིས་འབུལ་དུ་སྩལ་བས། གལ་ཏེ་ཕྱིན་ཆད་ཚུལ་
57-1-109a
མ་ལགས་པས་ལོངས་སྤྱོད་ཆུད་མི་གསོན་ན་རྒྱལ་པོས་གཉིས་ཀའི་དོན་བགྱིས་པར་འགྱུར་ཏེ། བདག་གི་དཀོར་འཕེལ་བའི་དོན་དང ། གཞན་རྒུད་པར་འགྱུར་བ་ལས་གཟུང་བའི་དོན་བགྱིས་པར་འགྱུར་རོ། །གལ་ཏེ་མི་དེའི་ལོངས་སྤྱོད་དེ་དག་ཞུགས་ཀྱིས་དྲལ་ཏམ། ཆབ་ཀྱིས་ འཚལ་ཏམ། བགོ་སྐལ་ལ་སྤྱོད་པ་མི་མཛའ་བ་དག་གིས་ཕྲོགས་སམ། རྐུན་པོས་བརྐུས་སམ། སྦས་པ་ལས་རུལ་ཏམ། ལོ་ཏོག་སེར་བས་ཁྱེར་རམ། བྱེ་བ་དང ། ནེ་ཙོ་དང ། བྱི་བས་འཚལ་ཏམ། ཆར་མ་བབ་སྟེ་མ་འཁྲུངས་སམ།དེ་དག་ལ་སོགས་པའི་རྣམ་པས་དེའི་ལོངས་སྤྱོད་དག་ཆབ་ འཚལ་བར་གྱུར་ན་ཆོས་དང་ལྡན་པའི་རྒྱལ་པོས་ལོངས་སྤྱོད་ཀྱི་རྒྱུ་དཔྱ་འབུལ་བའི་རིགས་པ་ཡངས་པར་གཞག་པའི་རིགས་ཏེ། དེ་ལྟར་མ་བགྱིས་ན། དེ་མ་བསྐྱངས་པའི་སླད་དུ་ཁ་ན་མ་ཐོ་བར་འགྱུར་ལགས་སོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་བགྱི་ན་སྐྱེས་བུ་ལ་ལ་ཞིག་གིས་ སློང་བའི་དགེ་སྦྱོང་དང་བྲམ་ཟེ་དག་གཅིག་ཟས་ལ་བོས་པ་ལས། དེ་ནས་དེའི་དུས་ལ་བབ་པ་དང ། ཟས་སྦྱར་སྦྱར་བ་དེ་ཆབ་འཚལ་བར་གྱུར་ཏེ། མི་གཙང་བའི་ནང་དུ་ལྷུང་ངམ། ཞུགས་ཀྱིས་དྲལ་ཏམ། གསེག་མ་དང ། རྡུལ་དང ། ཆར་པས་ཆབ་འཚལ་བར་གྱུར་ཏམ། རྐུན་པོས་ འཚལ་བ་ཞིག་ཏུ་གྱུར་ཏེ། དེས་དེའི་སླད་དུ་དེའི་དུས་སུ་མཆིས་པའི་དགེ་སྦྱོང་དང་བྲམ་ཟེ་དག་ཟས་མ་སྩལ་ན། དེ་ནི་དེ་ལྟར་བཟར་མི་རུང་བའམ། བཟར་མ་མཆིས་པར་གྱུར་ཏེ། དགེ་སྦྱོང་དང ། བྲམ་ཟེ་ལ་དབུལ་བར་དགའ་ཡང་ཆ་མ་ལགས་པར་འགྱུར་བས། དེ་ལྟར་མ་སྩལ་བའི་ སླད་དུ་ཁ་ན་མ་ཐོ་བ་དང་བཅས་པར་མི་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ཡང ། ཚུལ་འདི་འདྲ་བར་གཟིགས་པར་བགྱིའོ། །སྨྲས་པ། བྲམ་ཟེ་དེ་ལྟར་བག་ཡོད་ཅིང་སྙིང་རྗེ་དང་ལྡན་པའི་ཆོས་ཀྱི་རྒྱལ་པོ་དེ་ལྟ་བུ་ཡན་ལག་དུ་ཞིག་གིས་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་རྒྱལ་པོའི་ ཆོས་དང་ལྡན་པར་འགྱུར། སྨྲས་པ། རྒྱལ་པོ་ཆེན་པོ་རྣམ་པ་བཅུས་ཏེ། གནམ་གྱིས་བསྐོས་པ་ཕུན་སུམ་ཚོགས་པ་དང ། འཁོར་སྲུན་པ་དང ། ཤེས་རབ་ཕུན་སུམ་ཚོགས་པ་དང ། བརྩོན་པ་དང ། ཆོས་ལ་གུས་པ་དང་མཁས་པ་དང ། དེས་པ་དང ། འཇིག་རྟེན་གྱི་ཀུན་སྤྱོད་
57-1-109b
རབ་ཏུ་རིག་པར་སྤྱོད་པ་དང ། མི་བདེ་བ་བཟོད་པ་དང ། ཆོས་ལ་ཕྱིན་ཅི་མ་ལོག་པར་འཛིན་པའོ། །དེ་ལ་གནམ་གྱིས་བསྐོས་པ་ཕུན་སུམ་ཚོགས་པའི་རྒྱལ་པོ་ནི་བློན་པོ་དང ། བཀྲབས་པ་དང ། མདའ་ར་བའི་མཆོག་དང ། གྲོང་རྡལ་གྱི་མི་དང ། ཡུལ་གྱི་མི་རྣམས་ལ་དབེན་ཅིང་གནོད་པ་ཆུང་ བ་དང ། ནད་མ་མཆིས་པའི་རང་བཞིན་ཅན་ནོ། །འཁོར་སྲུན་པ་དང་ལྡན་པའི་རྒྱལ་པོ་ནི་རྒྱལ་པོའི་བགྱི་བ་ལ་ཚེགས་ཆུང་ངུར་རྟག་ཏུ་བདེ་བར་གནས་ལ། རྒྱལ་པོའི་ཚུལ་ལས་མི་ཉམས་པའོ། །ཤེས་རབ་ཕུན་སུམ་ཚོགས་པའི་རྒྱལ་པོ་ནི་ཆོས་ཀྱིས་སྐྱེ་དགུ་བསྐྱངས་པ་ལ་ཐབས་ མཁས་ཤིང་བགྱི་བ་རྣམས་ལ་གཞན་གྱི་དྲིང་མི་འཇོག་པའོ། །བརྩོན་པའི་རྒྱལ་པོ་ནི་དགྲ་མ་མཆིས་པས་དགའ་བར་གནས་ཤིང་མཛོད་འཕེལ་བར་བགྱིད་པའོ། །ཆོས་ལ་གུས་པའི་རྒྱལ་པོ་ནི་བསོད་ནམས་ཀྱི་བགྱི་བ་ཡང་མི་གཏོད་ལ་མི་སྲུན་པ་རྣམས་ཚར་གཅོད་པའོ། ། མཁས་པའི་རྒྱལ་པོ་ནི་བསམ་པ་མྱུར་དུ་རྫོགས་ཤིང་མཐའ་མི་རིང་བས་བགྱི་བ་དག་ལས་མི་ཉམས་པའོ། །དེས་པའི་རྒྱལ་པོ་ནི་སྐྱེ་བོ་ཐམས་ཅད་འཁོར་ཞིང་གྲོང་རྡལ་གྱི་མི་དང ། ཡུལ་གྱི་མི་ཐམས་ཅད་ཀྱིས་ཡིད་བརྟན་དུ་རུང་བའོ། །འཇིག་རྟེན་གྱི་ཀུན་སྤྱོད་རབ་ཏུ་རིག་པར་ སྤྱོད་པའི་རྒྱལ་པོ་ནི་སྲུན་པ་དང་མི་སྲུན་པའི་བྱེ་བྲག་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་ལ་ལོངས་སྤྱོད་འདུ་བའི་སྒོ་ཡང་ཆད་པར་མི་བགྱིད་པའོ། །མི་བདེ་བ་བཟོད་པའི་རྒྱལ་པོ་ནི་རྒྱལ་པོའི་བགྱི་བ་ཡང་རྫོགས་པར་སྒྲུབ་ལ་སྡུག་བསྔལ་གྱིས་ཀྱང་མི་འཇིགས་པའོ། །ཆོས་ལ་ ཕྱིན་ཅི་མ་ལོག་པར་འཛིན་པ་ནི་ཁྱད་པར་དུ་འགྲོ་བའི་ལམ་ཡང་སྒྲུབ་ལ་དགེ་བའི་བཤེས་གཉེན་དག་དང་ཡང་མ་བྲལ་བའོ། །རྒྱལ་པོ་ཆེན་པོ་ཡན་ལག་བཅུ་པོ་དེ་དག་དང་ལྡན་པའི་ཆོས་ཀྱི་རྒྱལ་པོ་ནི་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་རྒྱལ་པོ་ཆོས་དང་ལྡན་པ་ལགས་སོ། །སྨྲས་པ། བྲམ་ཟེ་རྒྱལ་པོའི་ཆོས་དེ་ལྟར་ཡོངས་སུ་རྫོགས་པ་དང་ལྡན་པའི་ཆོས་ཀྱི་རྒྱལ་པོས་ཐབ་མོའི་གཡུལ་ཞིག་ཉེ་བར་གནས་ན་ཇི་ལྟར་ནན་ཏན་དུ་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་དུས་གསུམ་དུ་ཐབས་ལ་མཁས་པའི་རྣམ་པ་གསུམ་གྱིས་ནན་ཏན་དུ་བགྱིའོ། །དེ་ལ་དུས་གསུམ་ནི་ཐོག་མའི་
57-1-110a
དུས་དང ། བར་གྱི་དུས་དང ། ཐ་མའི་དུས་སོ། །དེ་ལ་ཐོག་མའི་དུས་ཀྱི་ཐབས་མཁས་པ་ནི་གལ་ཏེ་རྒྱལ་པོའམ། བློན་པོ་མཛའ་བར་བགྱི་བས་འགྲུབ་པར་གདའ་ན་ཡང་མཛའ་བར་བགྱི་བས་ཉེ་བར་བཟུང་སྟེ་ཐབ་མོ་དེ་ཞི་བར་བགྱིའོ། །གལ་ཏེ་ ཕན་གདགས་པ་ཞིག་གིས་འགྲུབ་པར་གདའ་ན་ཡང་ཕན་གདགས་པས་ཉེ་བར་བཟུང་སྟེ་ཐབ་མོ་དེ་ཞི་བར་བགྱིའོ། །གལ་ཏེ་ཕྱོགས་མང་པོ་ཡོངས་སུ་བཟུང་བ་དང་དེ་བས་ལྷག་པའི་དགྲར་འགྱུར་བའི་འཇིགས་པ་ལ་སོགས་པ་བསྟན་པས་འགྲུབ་པར་གདའ་ན་ཡང ། དེ་གཉིས་ བསྟན་པས་ཉེ་བར་བཟུང་སྟེ། ཐབ་མོ་དེ་ཞི་བར་བགྱི་སྟེ། དེ་ལྟར་དུས་དང་པོ་ལ་ཐབས་མཁས་པ་སྦྱར་བར་བགྱིའོ། །གལ་ཏེ་དེ་དག་མཛའ་བར་བགྱི་བ་དང ། ཕན་གདགས་པ་དང ། འཇིགས་པ་བསྟན་པ་གང་གིས་ཀྱང་བསྒོ་སྟེ་མ་བཏུབ་ན་ཆོས་དང་ལྡན་པའི་རྒྱལ་ པོས་སེམས་གསུམ་ཉེ་བར་གཞག་སྟེ་ཐབ་མོ་བགྱིའོ། །གསུམ་གང་ཞེ་ན། བདག་ཆོས་དང་ལྡན་པའི་རྒྱལ་པོ་ཡིན་ན། བདག་གིས་སྐྱེ་དགུ་རྣམས་ཕུང་བར་བྱས་པར་མི་འགྱུར་གྲང ། ཕུང་བར་འགྱུར་བ་ལས་མ་བཟློག་པ་ལྟ་འང་མེད་དམ་ཞེས་དང་པོར་སྐྱེ་དགུ་ ཡོངས་སུ་བསྐྱང་བ་ལ་སེམས་ཉེ་བར་གཞག་པར་བགྱིའོ། །གཉིས་པ་ནི་ཕས་ཀྱི་དགྲ་ལས་རྒྱལ་བར་བགྱི་བའི་སེམས་སོ། །གསུམ་པ་ནི་སྲོག་གཟུང་བའི་སེམས་ཏེ། སེམས་གསུམ་པོ་འདི་དག་ཉེ་བར་གཞག་ལ་དཔུང་གི་ཚོགས་ཡན་ལག་བཞི་པ་ལ་བཀའ་ སྩལ་བར་བགྱི་སྟེ། དེ་ལྟར་དུས་བར་མ་ལ་ཐབས་མཁས་པ་སྦྱར་བར་བགྱིའོ། །དུས་ཐ་མ་ལ་ནི་དཔུང་གི་ཚོགས་ཡན་ལག་བཞི་པ་དེ་དག་དཔའ་བ་ཐ་མ་དང ། དཔའ་བ་འབྲིང་དང ། དཔའ་བ་རབ་ཀྱི་ཚུལ་དུ་གཡུལ་བཤམ་པར་བགྱིའོ། །དེ་ལ་དཔའ་བ་ ཐ་མ་རྣམས་ནི་ཐོག་མར་བཤམ་མོ། །དཔའ་བ་འབྲིང་རྣམས་ནི་དེའི་རྒྱབ་ཏུ་བཤམ་མོ། །རྟ་པའི་ཚོགས་ནི་དེ་གཉིས་ཀའི་རྒྱབ་རྒྱབ་ནས་དགྱེའོ། །རྒྱལ་པོ་བདག་ནི་དེ་དག་བག་དྲོ་ཞིང་བདེ་བར་རྒལ་བ་དང ། རྐང་ཐང་པ་རྣམས་ཡོངས་སུ་བསྲུང་བའི་ཕྱིར་དཔའ་
57-1-110b
བའི་རབ་རྣམས་དང ། དེའི་ཕྱི་བཞིན་བསྡད་པར་བགྱིའོ། །དེ་ལྟར་བགྱིས་ན་དེ་དག་ཆུ་གང་དང ། འཇིགས་པ་དང ། སྤྱན་མཉེས་པར་བགྱི་བ་དང ། རྒྱབ་རྣམས་རྣམ་པར་དག་པ་དང ། བྱས་པ་གཟོ་བར་བགྱི་བའི་སླད་དུ་རྔོ་ཅི་ཐོགས་ཀྱིས་རྒོལ་ཞིང་སླར་མི་ལྡོག་ སྟེ། ད་ལྟར་ཐ་མའི་དུས་ལ་ཐབས་མཁས་པ་སྦྱར་བར་བྱའོ། །དེ་ལྟར་ཐབས་མཁས་ཤིང་གཡུལ་ལེགས་པར་ཤོམ་པའི་རྒྱལ་པོས་ནི་ཕ་རོལ་གྱི་དཔུང་བཀུམ་མམ། རྨ་ཕྱུང་ཡང་དེས་རྒྱལ་པོ་ལ་ཁ་ན་མ་ཐོ་བ་ཆུང་ཞིང་བསོད་ནམས་མ་ལགས་པ་ཆུང་ བ་དང ། འབྲས་བུ་མྱོང་བ་ཡང་ངེས་པ་མ་མཆིས་པར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན།འདི་ལྟར་དེས་སྙིང་རྗེ་བ་དང ། ཡོངས་སུ་མི་གཏང་བའི་སེམས་ཀྱིས་ལས་དེ་མངོན་པར་འདུ་བགྱིས་པའི་སླད་དུའོ། །གང་དེས་སྐྱེ་དགུ་ཡོངས་སུ་བསྐྱང་བ་དང ། བུ་ དང་ཆུང་མ་དང ། རིགས་ཀྱི་དོན་དུ་བདག་དང་ལོངས་སྤྱོད་ཡོངས་སུ་བཏང་སྟེ་ལས་དེ་བགྱིས་པས། གཞི་དེ་ལས་བསོད་ནམས་ཚད་མ་མཆིས་པ་ཡང་རབ་ཏུ་འཕེལ་ལོ། །རྒྱལ་པོ་ཆེན་པོ་ཐབ་མོའི་གཡུལ་ཞིག་ཉེ་བར་གནས་ན་ཆོས་དང་ལྡན་པའི་རྒྱལ་པོས་ དེ་ལྟར་ནན་ཏན་དུ་བགྱིའོ། །བྲམ་ཟེ་དེ་ལྟར་སྐྱེ་དགུ་ཡོངས་སུ་བསྐྱང་བ་ལ་བརྩོན་པའི་ཆོས་ཀྱི་རྒྱལ་པོས་འདུ་ཤེས་ཀྱིས་གནས་པ་རྣམ་པ་དུ་ཞིག་གིས་གནས་པར་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་བརྒྱད་ཀྱིས་ཏེ། སྐྱེ་དགུའི་རིས་སུ་གཏོགས་པའི་སེམས་ཅན་ རྣམས་ལ་བུའི་འདུ་ཤེས་དང ། མི་སྲུན་པའི་རྣམས་ལ་ནད་པའི་འདུ་ཤེས་དང ། སྡུག་བསྔལ་བ་རྣམས་ལ་སྙིང་རྗེའི་འདུ་ཤེས་དང ། བདེ་བ་རྣམས་ལ་དགའ་བའི་འདུ་ཤེས་དང ། དགྲ་རྣམས་ལ་དེའི་རྒྱུས་ཉེས་པའི་འདུ་ཤེས་དང ། མཛའ་བཤེས་ རྣམས་ལ་རྗེས་སུ་བསྲུང་བའི་འདུ་ཤེས་དང ། ལོངས་སྤྱོད་རྣམས་ལ་སྨན་གྱི་འདུ་ཤེས་དང ། བདག་ལ་བདག་མེད་པའི་འདུ་ཤེས་སོ། །དེ་ལ་སྐྱེ་དགུའི་རིས་སུ་གཏོགས་པའི་སེམས་ཅན་རྣམས་ལ་བུའི་འདུ་ཤེས་ཀྱིས་གནས་པ་ནི་རྒྱལ་པོ་དེ་ཕས་བུ་བཅོས་པ་
57-1-111a
ལྟར་མི་སྲུན་པ་ཚར་གཅད་པ་ལ་འཇུག་ཀྱང་སྙིང་རྗེའི་བསམ་པ་མི་གཏོང་བའོ། །མི་སྲུན་པ་རྣམས་ལ་ནད་པའི་འདུ་ཤེས་ཀྱིས་གནས་པ་ནི་སྨན་པ་ལྟར་གནོད་པ་ལ་མི་ཁྲོ་ཞིང་སྐྱོན་རབ་ཏུ་བསལ་བའི་སླད་དུ་སྦྱོར་བའོ། །སྡུག་བསྔལ་བ་རྣམས་ལ་སྙིང་རྗེའི་ འདུ་ཤེས་ཀྱིས་གནས་པ་ནི་གནོད་པ་ཐམས་ཅད་ཀྱང་ཡོངས་སུ་སྤོང་བར་བགྱིད་པ་དང ། ཕན་པ་བསྒྲུབ་པའི་སླད་དུ་འཇུག་པའོ། །བདེ་བ་རྣམས་ལ་དགའ་བའི་འདུ་ཤེས་ཀྱིས་གནས་པ་དེ་ནི་གཞན་གྱི་ནོར་དང ། གཞན་གྱི་ཡོ་བྱད་ལ་བརྣབ་སེམས་དང་ཕྲག་དོག་གི་ སེམས་མི་སྐྱེད་པའོ། །དགྲ་རྣམས་ལ་དེའི་རྒྱུས་ཉེས་པའི་འདུ་ཤེས་ཀྱིས་གནས་པ་ནི་དེའི་རྒྱུ་ཡོངས་སུ་སྤོང་ཞིང་སྐྱེ་བོ་གཞན་ལྟ་ཅི་སྨོས་ཀྱི། དགྲ་རྣམས་དང་ཡང་མཛའ་བར་བགྱིད་པའོ། །མཛའ་བཤེས་རྣམས་ལ་རྗེས་སུ་བསྲུང་བའི་འདུ་ཤེས་ཀྱིས་གནས་པ་ནི་མཛའ་ བ་བརྟན་པ་དང ། ཐམས་ཅད་དང་མཛའ་བའོ། །ལོངས་སྤྱོད་རྣམས་ལ་སྨན་གྱི་འདུ་ཤེས་ཀྱིས་གནས་པ་ནི་འདོད་པ་ལ་ལོག་པར་གཡེམ་པས་ཡོངས་སུ་མི་སྤྱོད་ཅིང་ལོངས་སྤྱོད་རྣམས་ལ་མ་ཆགས་པར་ཡོངས་སུ་སྤྱོད་པའོ། །བདག་ལ་བདག་མེད་པའི་འདུ་ཤེས་ཀྱིས་གནས་པ་ནི་ ཆོས་དོན་དུ་གཉེར་ཞིང་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་དྲུང་དུ་མཆིས་ཏེ་རྗེས་སུ་འཐུན་པའི་ཆོས་ལ་ནན་ཏན་དུ་བགྱི་བ་ལ་འཇུག་པ་སྟེ། རྒྱལ་པོ་ཆེན་པོ་འདུ་ཤེས་ཀྱིས་གནས་པ་བརྒྱད་པོ་དེ་དག་གིས་གནས་པ་ཆོས་དང་ལྡན་པའི་རྒྱལ་པོ་ནི་སྐྱེས་ཕུལ་བ་ཙམ་གྱིས་ཀྱང་ཕྱག་མཛོད་མངོན་ པར་འཕེལ་བར་འགྱུར་གྱི། ཆོས་དང་མི་ལྡན་པས་ནི་སྒྱུའི་སྦྱོར་བ་དང ། གཡོའི་རྣམ་པ་ཐམས་ཅད་ཀྱིས་བསྒྲུབས་ཀྱང་དེ་ལྟར་འཕེལ་བར་མི་འགྱུར་ལགས་སོ། །འདུ་ཤེས་ཀྱིས་གནས་པ་བརྒྱད་པོ་དེ་དག་གིས་གནས་ན་ཚེས་གྲངས་དང ། སྐར་མ་དང ། བཀྲ་ཤིས་ཀྱི་ལས་ བརྩམས་པ་ཐམས་ཅད་འཐུན་པར་འགྱུར་ཏེ། དེས་ན་དེ་ལ་མིའམ། མི་མ་ལགས་པ་གླགས་ཚོལ་བ་རྣམས་ཀྱིས་ཀྱང་གླགས་མི་རྙེད་པར་འགྱུར་ལགས་སོ། །འདུ་ཤེས་ཀྱིས་གནས་པ་བརྒྱད་པོ་དེ་དག་གིས་གནས་ན་ཆར་ཡང་དུས་དུས་སུ་འབབ་པར་འགྱུར་ཏེ། དེས་དེའི་
57-1-111b
ཁམས་སུ་ལོ་ལེགས་པར་འགྱུར་ཏེ། མུ་གེའི་དགོན་པ་འབྱུང་བར་མི་འགྱུར་ལགས་སོ། །ལོ་ཏོག་ཆབ་འཚལ་བར་འགྱུར་བའི་རྐྱེན་སེར་བ་དང ། བྱེ་བ་དང ། ནེ་ཙོ་དང ། བྱི་བ་ལ་སོགས་པའི་འཇིགས་པ་མི་འབྱུང་བ་ལགས་སོ། །གཅན་གཟན་མི་སྲུན་པ་རྣམས་ ཀྱང་ཉུང་དུ་འགྱུར། ཚེགས་ཆུང་ངུས་ཀྱང་དེ་ལ་གནོད་པར་སེམས་པའི་དགྲ་རྣམས་རང་རང་གི་ལས་ཀྱི་རྣམ་པར་སྨིན་པའི་ཉེས་པས་ཕུང་ཞིང་བས་པ་དང ། མ་མཆིས་པར་འགྱུར་ལགས་སོ། །རྒྱལ་པོ་ཆེན་པོ་ཆོས་དང་ལྡན་པའི་ཆོས་ཀྱི་རྒྱལ་པོ་དེ་ལྟར་སྐྱེ་ དགུ་སྐྱོང་བ་ནི་འཇིག་རྟེན་ན་དེས་པ་རྣམས་ལ་ནོངས་པ་མ་མཆིས་པར་འགྱུར་ལགས་ཏེ། ལུས་ཞིག་ནས་གུམ་པའི་འོག་ཏུ་ཡང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ་སྐྱེ་བར་འགྱུར་ལགས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཆོས་ལ་གུས་ཤིང་བག་ མཆིས་དང ། །སྐྱེ་དགུ་ཕན་སྤྱོད་ཡུལ་འཁོར་ལྡན། །གཞན་གྱི་སྤྱོད་པ་རབ་རྟོགས་ཤིང ། །གཙང་ལ་མ་ཆགས་རྒྱལ་པོ་རྒྱལ། །དཔའ་བརྟན་བརྩོན་འགྲུས་ལྡན་གྱུར་ཅིང ། །འཇིག་རྟེན་བསྟན་བཅོས་བཟོ་རྩལ་མཁས། །བརྩོན་ཞིང་མཐར་ཕྱིན་སྒྲུབ་ པ་ཡི། །རྒྱལ་པོ་བདེ་བར་སྐྱེ་དགུ་སྐྱོང ། །ཕན་ཞིང་བརྩོན་ལ་ངེས་སྨྲ་སྟེ། །སྙིང་རྗེ་ལྡན་ཞིང་གཞན་ཕན་བརྩོན། །སྐྱོན་ནམ་ཡོན་ཏན་ལྡན་རྟོགས་ན། །སྐྱེ་དགུ་ཕན་པའི་རྒྱལ་པོ་དགའ། །འབངས་ཀྱི་ཚོགས་རྣམས་ཀུན་དགའ་ཞིང ། །སྦྱིན་བགྱིད་དོན་ སྤྱོད་གཞན་ལ་སྙོམས། །དཔུང་དང་བཞོན་པ་ལེགས་སྐྱོང་བའི། །རྒྱལ་པོ་རྒྱལ་སྲིད་ཡུན་རིང་སྐྱོང ། །སྲོག་གཅོད་སྤངས་དང་མ་བྱིན་ལེན། །གཞན་གྱི་མཆིས་བྲང་ལོག་སྨྲ་དང ། །ཕྲ་མ་དང་ནི་ངག་རྩུབ་དང ། །ཀྱལ་པའི་སྐྱོན་དང་ཆང་སྤངས་ ཏེ། །འཚོ་དག་མི་ཡི་རྒྱལ་སྲིད་རྣམས། །སྤངས་ནས་ལྷ་ཡི་རྒྱལ་སྲིད་ལ། །རྒྱལ་པོ་གནས་འགྱུར་དེ་སླད་དུ། །རྒྱལ་པོ་ཚུལ་ཁྲིམས་བཟང་པོར་མཛོད། །རྒྱལ་པོའི་ཚུལ་གྱི་ལེའུ་སྟེ་དྲུག་པའོ།། །།
57-1-112a
དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གཅེར་བུ་པའི་བུ་བདེན་སྨྲས་དྲིས་པའི་ལན་བཏབ་པས་མགུ་ནས། གཅེར་བུ་པའི་བུ་བདེན་སྨྲ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་ཚུར་ཤོག་།ངའི་ཕོ་བྲང་དུ་འདོང ། དེ་ཅིའི་ཕྱིར་ཞེ་ན། བྲམ་ཟེ་འཁོར་དང་ བཅས་པར་ངས་ཟན་ལ་འབོད་དོ། །དེ་སྐད་ཅེས་སྨྲས་པ་དང ། གཅེར་བུ་པའི་བུ་བདེན་སྨྲས་རྒྱལ་པོ་གཏུམ་པོ་རབ་སྣང་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་ལེགས་སོ། །ལེགས་སོ། །དུས་ལ་བབ་པར་གསུངས་སོ། །དེ་ཅིའི་སླད་དུ་ཞེ་ན། རྒྱལ་པོ་ཆེན་པོ་ བདག་ཅག་ནི་ཤུལ་ན་དུབ་ཅིང་བཀྲེས་པ་ལགས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཇི་སྐད་བཀའ་སྩལ་པ་དེ་བཞིན་དུ་བགྱིའོ། །དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་གཅེར་བུ་པའི་བུ་བདེན་སྨྲ་འཁོར་དང་བཅས་ཏེ། མདུན་དུ་བཀྱེ་ནས་ཕོ་བྲང་བཀོད་པ་ཆེན་པོར་ཕྱིན་ཏོ། ། དེར་ཕྱིན་པ་དང ། གཅེར་བུ་པའི་བུ་བདེན་སྨྲ་རྒྱལ་པོའི་སྟན་ལ་བཞག་གོ། །གཅེར་བུ་པའི་ལྷག་མ་གཞན་ཡང་རྐྱེན་རྐྱེན་གྱི་སྟན་ལ་བཀོད་དེ་རིམ་གྲོ་བྱས། བླ་མར་བྱས་ནས་གུས་པ་དང་བཅས་ཤིང་ཞེས་དང་བཅས་པར་རང་གིས་ལག་དར་ཏེ། གཅེར་བུ་པའི་བུ་བདེན་ སྨྲ་འཁོར་དང་བཅས་པ་ལ་ཁ་ཟས་རོ་བརྒྱ་དང་ལྡན་པས་བདར་ཏེ་ཚིམ་པར་བྱས་སོ། །དེ་ལྟར་བདར་བས་ཚིམ་པར་བྱས་ཏེ། ཟན་ཟོས་པར་ཤེས་ནས་བརྒྱ་ཕྲག་སྟོང་རི་བའི་གོས་ཕྲུགས་སུ་བཤམས་ཏེ་བསྐོན་ནོ། །གོས་བསྐོན་ནས་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་ གཅེར་བུ་པའི་བུ་བདེན་སྨྲ་ཟས་ཀྱི་བྱ་བ་བྱས་ནས་སླེའུ་གྱུ་སྟེ། ལག་པ་བསྙལ་ཏེ་རྒྱལ་པོ་གཏུམ་པོ་རབ་སྣང་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་སྦྱིན་པ་འདི་མཛད་པས་ཁྱོད་ཀྱིས་ཐོག་མ་ཉིད་དུ་སེར་སྣ་བཅོམ་སྟེ་གཏོང་བའི་ཕྱག་མངོན་པར་བརྐྱང་བས་མེད་པར་ལྟ་བ་ ནི་བསལ། ཡང་དག་པར་ལྟ་བ་ནི་མངོན་པར་ཕྱུང ། སྐྱེས་བུ་དམ་པ་རྣམས་ཀྱི་རྗེས་ནི་བསྙགས། སྐྱེས་བུ་ངན་པ་རྣམས་ནི་ཡོངས་སུ་སྤངས། མཐོ་རིས་དང་ཐར་པའི་སྒོ་རྣམས་ནི་ཕྱེ། ངན་སོང་གི་སྒོ་རྣམས་ནི་བཅད། དགེ་བའི་རྩ་བ་ནི་བསྐྱེད། མི་དགེ་བའི་རྩ་བ་ནི་ཕྱུང་།
57-1-112b
ཉོན་མོངས་པ་ནི་བསྲབས། དགེ་བའི་ཕྱོགས་ནི་སྤེལ། ཚུལ་ཁྲིམས་དང་ལྡན་པ་རྣམས་ནི་ཚིམ་པར་བགྱིས། བདག་ལ་སྨན་པ་དང ། ་གཞན་ལ་སྨན་པ་ནི་མཛད་པར་གྱུར་ཏོ། །དེ་ཅིའི་སླད་དུ་ཞེ་ན། རྒྱལ་པོ་ཆེན་པོ་སྦྱིན་པས་ནི་ལོངས་སྤྱོད་ཆེན་པོར་འགྱུར། ཁ་དོག་ ཕུན་སུམ་ཚོགས་པས་ནི་ཁ་དོག་དང་ལྡན་པར་འགྱུར། དྲི་ཕུན་སུམ་ཚོགས་པས་ནི་གྲགས་པ་དང་ལྡན་པར་འགྱུར། རོ་ཕུན་སུམ་ཚོགས་པས་ནི་ཡོ་བྱད་དམ་པ་འཐོབ་པར་འགྱུར། རེག་ཕུན་སུམ་ཚོགས་པས་ནི་རྐང་ལག་འཇམ་ཞིང་གཞོན་ཤ་ཆགས་པར་འགྱུར། རིམ་ གྲོར་བགྱིས་ཏེ་སྩལ་བས་ནི་གཉེན་ལ་སོགས་པས་རིམ་གྲོར་བགྱི་བར་འགྱུར། ལག་དར་ཏེ་སྩལ་བས་ནི་རིམ་གྲོ་པ་འཐོབ་པར་འགྱུར། དུས་སུ་སྩལ་བས་ནི་དོན་རྣམས་དུས་སུ་འགྲུབ་པར་འགྱུར། འཐུན་པ་ཡིད་དུ་འོང་བ་སྩལ་བས་ནི་ཡིད་དུ་འོང་བའི་ལོངས་སྤྱོད་རྣམས་ལ་ སེམས་འཇུག་པར་འགྱུར། གཞན་ལ་མི་གནོད་པར་སྩལ་བས་ནི་ལོངས་སྤྱོད་བརྟན་པ་དག་འཐོབ་པར་འགྱུར། མི་བདེ་བ་བཟོད་པས་སྩལ་བས་ནི་འཁོར་སྙིང་ཉེ་བར་འགྱུར། ཁ་ཟས་སྩལ་བས་ནི་ཉམ་སྟོབས་དང་ལྡན་པར་འགྱུར། གོས་སྩལ་བས་ནི་མདོག་ དང་ལྡན་པར་འགྱུར། མར་མེ་སྩལ་བས་ནི་མིག་དང་ལྡན་པར་འགྱུར། སིལ་སྙན་སྩལ་བས་ནི་མ་ཉམས་པའི་རྣ་བ་དང་ལྡན་པར་འགྱུར། བཞོན་པ་སྩལ་བས་ནི་བདེ་བར་འགྱུར། སྨན་སྩལ་བས་ནི་ནད་ཉུང་བར་འགྱུར། གནས་སྩལ་བས་ནི་ཐམས་ཅད་སྩལ་ བར་འགྱུར། ཆོས་སྩལ་བས་ནི་བདུད་རྩི་སྩལ་བར་འགྱུར། སྲོག་གཅོད་པ་སྤངས་པས་ནི་ཚེ་རིང་བར་འགྱུར། མ་བྱིན་པར་ལེན་པ་སྤངས་པས་ནི་ལོངས་སྤྱོད་ཆེན་པོར་འགྱུར། འདོད་པ་ལ་ལོག་པར་གཡེམ་པ་སྤངས་པས་ནི་འགྲན་ཟླ་མ་མཆིས་པའི་ཆུང་མ་དང་ ལྡན་པར་འགྱུར། བརྫུན་དུ་སྨྲ་བ་སྤངས་པས་ནི་སྐུར་པ་ཉུང་བར་འགྱུར། ཕྲ་མ་སྤངས་པས་ནི་འཁོར་མི་ཕྱེད་པ་དང་ལྡན་པར་འགྱུར། ངག་རྩུབ་པོ་སྤངས་པས་ནི་ཡིད་དུ་འོང་བའི་སྒྲ་ཐོས་པར་འགྱུར། ཚིག་ཀྱལ་པ་སྤངས་པས་ནི་ཚིག་བཙུན་པར་འགྱུར།
57-1-113a
བརྣབ་སེམས་སྤངས་པས་ནི་མི་བཟད་པའི་འདོད་ཆགས་མ་མཆིས་པར་འགྱུར། གནོད་སེམས་སྤངས་པས་ནི་མི་བཟད་པའི་ཞེ་སྡང་མ་མཆིས་པར་འགྱུར། ལོག་པར་ལྟ་བ་སྤངས་པས་ནི་མི་བཟད་པའི་གཏི་མུག་མ་མཆིས་པར་འགྱུར། ང་ རྒྱལ་སྤངས་པས་ནི་རིགས་མཐོན་པོར་སྐྱེ་བར་འགྱུར། ཁོང་ཁྲོ་བ་སྤངས་པས་ནི་མཛེས་པར་འགྱུར། ཕྲག་དོག་སྤངས་པས་ནི་གཟི་བྱིན་ཆེ་བར་འགྱུར། སེར་སྣ་སྤངས་པས་ནི་ཕྱུག་པར་འགྱུར། ཡན་ལག་མ་ཚང་བ་མེད་པར་སྩལ་བས་ནི་ཡན་ལག་ ཐམས་ཅད་དང་ལྡན་པའི་སྐྱེས་བུར་འགྱུར་བའི་སླད་དུ་སྟེ། དེ་ལྟར་ཟས་སྩལ་བས་ནི་སྲོག་སྩལ་བར་འགྱུར། ཁ་དོག་དང ། སྟོབས་དང ། བདེ་བ་དང ། སྤོབས་པ་སྩལ་བར་འགྱུར་ཏེ། དེ་ལྟར་ན་སྦྱིན་པ་བགྱིད་པ་ནི་སྐྱེ་བོ་མང་པོ་ལ་བསྙེན་པ་ལགས་སོ། །དམ་ པ་རྣམས་ཀྱིས་བསྙེན་པ་ལགས་སོ། །དེའི་གྲགས་པ་ཡང་ཐམས་ཅད་དུ་གྲགས་པར་འགྱུར། འཁོར་དུ་མཆི་ནའང་འཇིགས་པ་མ་མཆིས་པར་འགྱུར། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ་སྐྱེ་བར་འགྱུར། ཐ་མར་ཡང་ཕྱིར་སྐྱེ་བ་མ་མཆིས་ པ་འཐོབ་པར་འགྱུར་ལགས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གང་ཞིག་ཡང་དག་སྡོམ་རྣམས་ལ། །གུས་པར་དུས་སུ་ཟས་སྩོལ་བ། །སེམས་དད་དེ་ནི་ཕྱི་ཚེ་ལ། །གནས་བདུན་ཡང་དག་འཐོབ་པར་འགྱུར། །སྟོབས་དང་ཚེ་དང་ཁ་དོག་དང ། །བདེ་བ་དང་ནི་ སྤོབས་པ་དང ། །རྟག་ཏུ་བདེ་འགྲོར་སྐྱེ་བར་འགྱུར། །ཐ་མར་ཡང་སྲིད་མ་མཆིས་འཐོབ། །གང་གི་སླད་དུ་སྦྱིན་སྩལ་བ། །དེ་ཡི་དོན་དུ་དེ་འགྱུར་ཏེ། །བདེ་བའི་སླད་དུ་སྦྱིན་སྩལ་ན། །དེ་ནི་བདེ་བ་ཉིད་དུ་འགྱུར། །བསོད་ནམས་རྣམ་སྨིན་བདེ་བ་ལ། །ཇི་ལྟར་ བསམས་པ་དེ་བཞིན་འགྲུབ། །མི་དང་ལྷར་ནི་སྐྱེ་བ་འམ། །གཟུགས་དང་གཟུགས་མེད་རྣམས་སུ་སྐྱེ། །གལ་ཏེ་སྦྱིན་དང་གང་ལྡན་ཞིག་།ཤེས་རབ་ཀྱིས་ནི་རྩོལ་བགྱིད་པ། །སྡུག་བསྔལ་ཐ་མར་དབྱུང་བ་ལ། །དེ་ཡི་ཡེ་ཤེས་ཆེན་པོ་སྐྱེ། །བདུད་ཀྱི་རིས་ཀྱི་ལྷ་
57-1-113b
རྣམས་དང ། །སྡིག་པ་སྤྱོད་པ་ཅན་རྣམས་ཀྱིས། །བསོད་ནམས་ལེགས་པར་བགྱིས་པ་ལ། །བར་ཆད་བགྱི་བར་ཡོང་མི་ནུས། །བདེ་འགྲོ་དང་ནི་ནོར་རྙེད་དང ། །ཡང་སྲིད་མ་མཆིས་གསུམ་པ་སྟེ། །གསུམ་པོ་དེ་དག་དོན་གཉེར་ཞིང ། །དེ་སླད་སྦྱིན་ པ་སྩལ་བར་བགྱི། །བདེན་སྨྲ་འགྲོན་དུ་བོས་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་འདི་སྙམ་བསམས་ཏེ་འདི་ལྟར་གཅེར་བུ་པའི་བུ་བདེན་སྨྲའི་ཆོས་བསྟན་པ་དེ་ཀུན་ཀྱང་དེ་བཞིན་གཤེགས་པའི་བཀའ་དང་འཐུན་པ་ཤ་སྟག་ན་ བདག་གིས་གཅེར་བུ་པའི་བུ་བདེན་སྨྲ་འདི་དེ་བཞིན་གཤེགས་པ་ལ་དད་པ་ཡོད་དམ་མེད་བརྟག་པར་བྱའོ་སྙམ་མོ། །དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་དེ་སྙམ་བསམས་ཏེ་སྟན་ཤིན་ཏུ་དམའ་བ་ཞིག་བཏིང་ནས་གཅེར་བུ་པའི་བུ་བདེན་སྨྲའི་མདུན་དུ་འདུག་སྟེ། འདི་སྐད་ ཅེས་སྨྲས་སོ། །བྲམ་ཟེ་གལ་ཏེ་དྲིས་ནས་དྲིས་པ་ལན་གདབ་པའི་ཕྱིར་སྐབས་ཕྱེ་ན་ངས་དྲི་བ་གཅིག་ཅིག་ཁྱོད་ལ་དྲིའོ། །དེ་སྐད་ཅེས་སྨྲས་པ་དང ། གཅེར་བུ་པའི་བུ་བདེན་སྨྲས་རྒྱལ་པོ་གཏུམ་པོ་རབ་སྣང་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་ཅི་ དང་ཅི་བཞེད་པ་དེང་སྨྲར་གསོལ། སྨྲས་པ་དེ་དང་དེའི་ལན་གསོལ་བས་བདག་གིས་ཁྱོད་ཀྱི་ཐུགས་རངས་པར་བགྱིའོ། །སྐབས་ཕྱེ་བས་དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་གཅེར་བུ་པའི་བུ་བདེན་སྨྲ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་བྲམ་ཟེ་སེམས་ཅན་གྱི་རིས་ཀྱི་ འཇིག་རྟེན་འདི་ན་སེམས་ཅན་གང་ལ་ལ་མཛངས་ཤིང་མཁས་ལ་བརྟགས་ཤིང་ཡིད་གཞུངས་པར་གྱུར་པ་ཡིན་ལ། དེ་ཡང་སྐྱོན་དང་བཅས་པར་གྱུར་པ་དེ་ལྟ་བུ་ཡོད་དམ། སྨྲས་པ། རྒྱལ་པོ་ཆེན་པོ་མཆིས་སོ། །སྨྲས་པ། བྲམ་ཟེ་དེ་གང ། སྨྲས་པ། རྒྱལ་པོ་ཆེན་ པོ་བྲམ་ཟེ་དབྱར་བྱེད་འདི་ནི་མཛངས་ཤིང་མཁས་ལ་བརྟགས་ཤིང་ཡིད་གཞུངས་པ་ལགས་ཏེ། སྐར་མའི་རིགས་ལ་མཁས་པ། མཆོད་སྦྱིན་གྱི་རྒྱུད་ལ་མཁས་པ། སྦྱིན་སྲེག་དང ། བཟླས་བརྗོད་དང ། བསྲེག་པའི་ཆོ་ག་ལ་ཤིན་ཏུ་བསླབས་པ། ཟླ་བ་དང་ཉི་མ་སྤྱང་ཀིས་འཛིན་
57-1-114a
པ་དང ། སྐར་མ་ལྟུང་བ་དང ། ལྕེ་འབབ་པ་དང ། ས་གཡོ་བའི་རྒྱུས་ཚར་ཕྱིན་པ། ལོ་ལེགས་པ་དང ། མུ་གེ་དང ། འཇིག་རྟེན་འཇིག་པ་དང ། ལོ་ཁྱུད་ཁོར་གྱི་རྒྱུས་རྣམས་རྟོགས་པར་ཁོང་དུ་ཆུད་པ་ལགས་ན། དེ་ནི་སྐྱོན་དང་བཅས་པ་ལགས་སོ། ། སྨྲས་པ། བྲམ་ཟེ་བྲམ་ཟེ་དབྱར་བྱེད་ཀྱི་སྐྱོན་གང ། སྨྲས་པ། རྒྱལ་པོ་ཆེན་པོ་བྲམ་ཟེ་དབྱར་བྱེད་ནི་བྱི་བ་ལ་དགའ་བ་སྟེ། རྒྱལ་པོ་ཆེན་པོ་མཁས་པས་ནི་གཞན་གྱི་མཆིས་བྲང་དང་བསྟེན་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། རྒྱལ་པོ་ཆེན་པོ་གཞན་གྱི་མཆིས་བྲང་ བསྟེན་པས་ནི་ཚེ་འདི་དང་ཚེ་ཕྱི་མ་ལ་སྡུག་བསྔལ་ཆེས་མང་པོ་འཐོབ་པར་འགྱུར་ཏེ། ལྷ་དང་མིར་བཅས་པའི་འཇིག་རྟེན་གྱིས་ཀྱང་སྨད་པར་འགྱུར་བའི་སླད་དུའོ། །དེ་ལ་འདི་སྐད་ཅེས་བགྱི་སྟེ། བྱི་བ་བགྱིད་པའི་ངང་ཚུལ་ཅན། །མ་བསྡམས་མི་སྲུན་ཡུལ་ལ་བརྐམ། ། བདག་གི་ཆུང་མས་མི་ཆོག་སྟེ། །འཇིག་རྟེན་དག་ན་སྨད་འོས་ལགས། །འདི་དང་ཕ་རོལ་སྡུག་བསྔལ་འགྱུར། །བསད་བཅིང་ཆད་པ་དྲག་པོ་མྱོང ། །སེམས་ཅན་དམྱལ་བ་རྣམས་སུ་སྐྱེ། །བདེ་བ་ཆུང་ཞིང་སེམས་ལ་གནོད། །སྨྲས་པ། བྲམ་ཟེ་སེམས་ཅན་གྱི་ རིས་ཀྱི་འཇིག་རྟེན་འདི་ན་སེམས་ཅན་གང་ལ་ལ་མཛངས་ཤིང་མཁས་ལ་བརྟགས་ཤིང་ཡིད་གཞུངས་པར་གྱུར་པ་ཡིན་ལ་དེ་ཡང་སྐྱོན་དང་བཅས་པར་གྱུར་པ་གཞན་ཡང་ཡོད་དམ། སྨྲས་པ། རྒྱལ་པོ་ཆེན་པོ་མཆིས་སོ། །སྨྲས་པ། བྲམ་ཟེ་དེ་གང ། སྨྲས་པ། རྒྱལ་ པོ་ཆེན་པོ་བྲམ་ཟེ་བྷ་ར་དྭ་ཛ་འདི་ནི་མཛངས་ཤིང་མཁས་ལ་བརྟགས་ཤིང་ཡིད་གཞུངས་པ་སྟེ། ཚུལ་དང་འདུལ་བ་ལ་མཁས་པ་ལགས་ན། དེ་ཡང་སྐྱོན་དང་བཅས་པ་ལགས་སོ། །སྨྲས་པ། བྲམ་ཟེ་བྲམ་ཟེ་བྷ་ར་དྭ་ཛའི་སྐྱོན་གང ། སྨྲས་པ། རྒྱལ་པོ་ཆེན་པོ་བྲམ་ཟེ་བྷ་ར་དྭ་ཛ་ འདི་ནི་རྨུགས་པ་དང་ཡུར་བ་མང་བ་དང ། ཧ་ཅང་གཉིད་ཆེ་བ་ལགས་ཏེ། རྒྱལ་པོ་ཆེན་པོ་མཁས་པས་ནི་རྨུགས་པ་དང་ཡུར་བ་དང་གཉིད་ཆེ་བར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། རྒྱལ་པོ་ཆེན་པོ་རྨུགས་པ་དང་གཉིད་འདི་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་
57-1-114b
རྣམས་འགྲིབ་པར་བགྱིད་པའི་ཆོས་ཏེ། ཡེ་ཤེས་དང་སྤོང་བའི་བར་ཆད་དུ་ཡང་འགྱུར་བའི་སླད་དུའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། གང་ཞིག་རྨུགས་ཡུར་གཉིད་ཆེ་བ། །སྐྱེ་བོ་དེ་ནི་ལེ་ལོས་ནོན། །མ་ཐོབ་པ་དག་དེས་མི་འཐོབ། །ཐོབ་པར་གྱུར་པའང་འགྲིབ་པར་ འགྱུར། །དེ་ལྟར་ཁྱད་པར་ཐོབ་འཚལ་བས། །སྙོམ་ལས་དང་ནི་ལེ་ལོ་དང ། །རྨུགས་པ་དང་ནི་ཡུར་དང་གཉིད། །བག་མེད་ལྷན་ཅིག་སྤང་བར་བགྱི། །སྨྲས་པ། བྲམ་ཟེ་སེམས་ཅན་གྱི་རིས་ཀྱི་འཇིག་རྟེན་འདི་ན་སེམས་ཅན་གང་ལ་ལ་མཛངས་ཤིང་མཁས་ལ་ བརྟགས་ཤིང་ཡིད་གཞུངས་པར་གྱུར་པ་ཡིན་ལ། དེ་ཡང་སྐྱོན་དང་བཅས་པར་གྱུར་པ་གཞན་ཡང་ཡོད་དམ། སྨྲས་པ། རྒྱལ་པོ་ཆེན་པོ་མཆིས་སོ། །སྨྲས་པ། བྲམ་ཟེ་དེ་གང ། སྨྲས་པ། རྒྱལ་པོ་ཆེན་པོ་རྒྱལ་བུ་གཞོན་ནུ་ནག་པོ་འདི་ནི་མཛངས་ཤིང་མཁས་ལ་ བརྟགས་ཤིང་ཡིད་གཞུངས་པ་སྟེ། མོས་པ་ཆེན་པོ་དང་ལྡན་པ་ལགས་ན། དེ་ཡང་སྐྱོན་དང་བཅས་པ་ལགས་སོ། །སྨྲས་པ། བྲམ་ཟེ་རྒྱལ་བུ་གཞོན་ནུ་ནག་པོའི་སྐྱོན་ནི་གང ། སྨྲས་པ། རྒྱལ་པོ་ཆེན་པོ་རྒྱལ་བུ་གཞོན་ནུ་ནག་པོའི་སྐྱོན་ནི་ཤིན་ཏུ་སེར་སྣ་ཅན་ལགས་ཏེ། རྒྱལ་ པོ་ཆེན་པོ་མཁས་པས་ནི་སེར་སྣ་ཅན་དུ་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། རྒྱལ་པོ་ཆེན་པོ་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་ལ་སེར་སྣ་ལ་གནས་པ་ནི་དེས་ལོངས་སྤྱོད་རྣམས་ལས་སྙིང་པོ་མ་བླངས་ཏེ། དེ་ལག་པ་སྟོང་པར་འགུམ་པའི་དུས་བགྱིས་ནས་གཤིན་རྗེའི་ཡུལ་དུ་ མཆིས་ཏེ། དེར་བཀྲེས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་མྱོང་བའི་སླད་དུའོ། །དེ་ལ་འདི་སྐད་ཅེས་བགྱི་སྟེ། གང་ཞིག་ལོངས་སྤྱོད་ཕུན་ལྡན་ལ། །སེར་སྣས་ཟིལ་ནོན་མི་དེ་ནི། །ལག་སྟོང་གཤིན་རྗེའི་ཡུལ་དུ་མཆི། །བཀྲེས་པས་ཉེན་པ་མྱོང་བར་འགྱུར། ། དེར་ནི་བཀྲེས་སྐོམ་གདུངས་པ་དང ། །མྱ་ངན་གྲང་སོགས་སྡུག་བསྔལ་མྱོང ། །དེ་བས་མཁས་པས་རང་གི་བློས། །འཇུངས་པའི་དྲི་མས་གོས་མི་བགྱི། །སྨྲས་པ། བྲམ་ཟེ་སེམས་ཅན་གྱི་རིས་ཀྱི་འཇིག་རྟེན་འདི་ན་སེམས་ཅན་གང་ལ་ལ་མཛངས་ཤིང་མཁས་ལ་བརྟགས་ཤིང་
57-1-115a
ཡིད་གཞུངས་པར་གྱུར་པ་ཡིན་ལ། དེ་ཡང་སྐྱོན་དང་བཅས་པར་གྱུར་པ་གཞན་ཡང་ཡོད་དམ། སྨྲས་པ། རྒྱལ་པོ་ཆེན་པོ་མཆིས་སོ། །སྨྲས་པ། བྲམ་ཟེ་དེ་གང ། སྨྲས་པ། རྒྱལ་པོ་ཆེན་པོ་རྒྱལ་བུ་གཞོན་ནུ་རྒྱལ་སྡེ་འདི་ནི་མཛངས་ཤིང་མཁས་ ལ་བརྟགས་ཤིང་ཡིད་གཞུངས་པ་སྟེ། མོས་པ་ཆེ་ཞིང་འཇིགས་པ་མ་མཆིས་ལ། གཏོང་བ་དང་ལྡན་ཞིང་སྙིང་སྟོབས་ཕུན་སུམ་ཚོགས་པ་ལགས་ན། དེ་ཡང་སྐྱོན་དང་བཅས་པ་ལགས་སོ། །སྨྲས་པ། བྲམ་ཟེ་རྒྱལ་བུ་གཞོན་ནུ་རྒྱལ་སྡེའི་སྐྱོན་ནི་གང ། སྨྲས་པ། རྒྱལ་པོ་ཆེན་ པོ་རྒྱལ་བུ་གཞོན་ནུ་རྒྱལ་སྡེ་ནི་སྲོག་གཅོད་པ་སྟེ། རྒྱལ་པོ་ཆེན་པོ་མཁས་པས་ནི་སྲོག་གཅོད་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། རྒྱལ་པོ་ཆེན་པོ་སྐྱེས་བུ་གང་ཟག་སྲོག་གཅོད་པ་ནི་ཚེ་ཐུང་བར་འགྱུར་བ་དང ། སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་ འཇིག་རྟེན་དུ་མཆི་བར་འགྱུར་བའི་སླད་དུའོ། །དེ་ལ་འདི་སྐད་ཅེས་བགྱི་སྟེ། སྲོག་གཅོད་བགྱིད་པའི་གང་ཟག་ནི། །ཚེ་ཐུང་ནད་ཀྱང་རབ་ཏུ་མང ། །གང་ན་མི་བདེ་ཆེ་བ་ཡི། །སེམས་ཅན་དམྱལ་བར་སྐྱེ་བར་འགྱུར། །དེ་བས་སྡུག་བསྔལ་མི་འཚལ་ཞིང ། །ཚེ་འདིར་བདེ་འཚལ་ མཁས་པ་ཡིས། །གཞན་གྱི་སྲོག་གཅད་མི་བགྱི་སྟེ། །སྲོག་ཆགས་རྣམས་ནི་བདག་བཞིན་བསྲུང ། །སྨྲས་པ། བྲམ་ཟེ་སེམས་ཅན་གྱི་རིས་ཀྱི་འཇིག་རྟེན་འདི་ན་སེམས་ཅན་གང་ལ་ལ་མཛངས་ཤིང་མཁས་ལ་བརྟགས་ཤིང་ཡིད་གཞུངས་པར་གྱུར་པ་ཡིན་ལ། དེ་ཡང་སྐྱོན་དང་ བཅས་པར་གྱུར་པ་གཞན་ཡང་ཡོད་དམ། སྨྲས་པ། རྒྱལ་པོ་ཆེན་པོ་མཆིས་སོ། །སྨྲས་པ། བྲམ་ཟེ་དེ་གང ། སྨྲས་པ། རྒྱལ་པོ་ཆེན་པོ་རྒྱལ་བུ་གཞོན་ནུ་འཇིགས་མེད་འདི་ནི་མཛངས་ཤིང་མཁས་ལ་བརྟགས་ཤིང་ཡིད་གཞུངས་པ་ལགས་ན། དེ་ཡང་སྐྱོན་དང་བཅས་པ་ ལགས་སོ། །སྨྲས་པ། བྲམ་ཟེ་རྒྱལ་བུ་གཞོན་ནུ་འཇིགས་མེད་ཀྱི་སྐྱོན་གང ། སྨྲས་པ། རྒྱལ་པོ་ཆེན་པོ་རྒྱལ་བུ་འཇིགས་མེད་ནི་ཧ་ཅང་སྙིང་རྗེ་ཅན་ལགས་ཏེ། རྒྱལ་པོ་ཆེན་པོ་མཁས་པས་ནི་ཧ་ཅང་སྙིང་རྗེ་ཅན་དུ་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། རྒྱལ་པོ་ཆེན་པོ་གང་རྒྱལ་པོ་
57-1-115b
དབང་ཕྱུག་ཆེན་པོ་དང་ལྡན་ལ། ཧ་ཅང་སྙིང་རྗེ་ཆེས་ན་དེའི་རྒྱལ་སྲིད་ལ་ཆད་པ་མ་མཆིས་པས་མ་རུངས་པ་མང་པོས་འཁྲུག་པར་འགྱུར་ཞིང་ཆོམ་རྐུན་གྱི་གནོད་པ་མང་པོ་ཡང་མི་ཟློགས་པར་འགྱུར་བའི་སླད་དུའོ། །དེ་ལ་འདི་སྐད་ཅེས་བགྱི་སྟེ། རྒྱལ་པོ་ཧ་ཅང་སྙིང་རྗེ་ན། །མ་རུངས་ པ་དང་བཀྲབས་པ་དང ། །རྐུན་པོས་རྒྱལ་སྲིད་འཁྲུག་ཅིང་སྐྱོ། །རྒྱལ་པོས་རྟག་ཏུ་ཤེས་གུས་བརྩོན། །དེ་བས་ས་ཡི་བདག་པོ་ཡིས། །སྐྱོན་དེ་མཐོང་ནས་སྤང་བགྱི་སྟེ། །ཧ་ཅང་སྙིང་རྗེར་མི་བགྱིའོ། །ཉམ་ཐག་སྲོག་ཆགས་སྙིང་རྗེའང་བགྱིད། །སྨྲས་པ། བྲམ་ཟེ་སེམས་ ཅན་གྱི་རིས་ཀྱི་འཇིག་རྟེན་འདི་ན་སེམས་ཅན་གང་ལ་ལ་མཛངས་ཤིང་མཁས་ལ་བརྟགས་ཤིང་ཡིད་གཞུངས་པར་གྱུར་པ་ཡིན་ལ། དེ་ལ་སྐྱོན་དང་བཅས་པར་གྱུར་པ་གཞན་ཡང་ཡོད་དམ། སྨྲས་པ། རྒྱལ་པོ་ཆེན་པོ་མཆིས་སོ། །སྨྲས་པ། བྲམ་ཟེ་དེ་གང ། སྨྲས་ པ། རྒྱལ་པོ་ཆེན་པོ་རྒྱལ་བུ་གཞོན་ནུ་སྟོབས་ལྷ་འདི་ནི་མཛངས་ཤིང་མཁས་ལ་བརྟགས་ཤིང་ཡིད་གཞུངས་པར་གྱུར་པ་ལགས་ན། དེ་ཡང་སྐྱོན་དང་བཅས་པ་ལགས་སོ། །སྨྲས་པ། བྲམ་ཟེ་རྒྱལ་བུ་གཞོན་ནུ་སྟོབས་ལྷའི་སྐྱོན་གང ། སྨྲས་པ། རྒྱལ་པོ་ཆེན་པོ་རྒྱལ་བུ་གཞོན་ ནུ་སྟོབས་ལྷ་ནི་ཤིན་ཏུ་ཆང་ལ་ཆགས་པ་སྟེ། རྒྱལ་པོ་ཆེན་པོ་མཁས་པས་ནི་ཤིན་ཏུ་ཆང་ལ་ཆགས་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། རྒྱལ་པོ་ཆེན་པོ་ཆང་གི་བཏུང་བ་ནི་དྲན་པ་ཡོངས་སུ་ཉམས་པར་འགྱུར་བའི་རྒྱུ་སྟེ། ཡན་ལག་དམ་པའི་བགེགས་སུ་འགྱུར་ཞིང་འཇིག་ རྟེན་པ་དང ། འཇིག་རྟེན་ལས་འདས་པའི་དོན་ཆེན་པོ་རྣམས་འགྲིབ་པར་འགྱུར་བའི་སླད་དུའོ། །དེ་ལ་འདི་སྐད་ཅེས་བགྱི་སྟེ། ཆང་དགའ་དགོས་པ་ཐམས་ཅད་ལ། །རྟག་ཏུ་བག་མེད་སྤྱོད་པར་འགྱུར། །མཁས་པ་རྣམས་ཀྱིས་སྨད་འགྱུར་ཞིང ། འདི་དག་གཞན་དུ་རྣམས་ པར་རྨོངས། །དེ་བས་སྐྱེས་བུ་མཁས་པ་ཡིས། །ཆང་ལ་དགའ་བ་སྤང་བར་བགྱི། །དེ་ནི་ཡོན་ཏན་འགྲིབ་པར་བགྱིད། །གཞན་དུའང་སྨྱོན་པར་བགྱིད་པ་ལགས། སྨྲས་པ། བྲམ་ཟེ་སེམས་ཅན་གྱི་རིས་ཀྱི་འཇིག་རྟེན་འདི་ན་སེམས་ཅན་གང་ལ་ལ་མཛངས་ཤིང་མཁས་ལ་བརྟགས་
57-1-116a
ཤིང་ཡིད་གཞུངས་པར་གྱུར་པ་ཡིན་ལ། དེ་ཡང་སྐྱོན་དང་བཅས་པར་གྱུར་པ་གཞན་ཡང་ཡོད་དམ། སྨྲས་པ། རྒྱལ་པོ་ཆེན་པོ་མཆིས་སོ། །སྨྲས་པ། བྲམ་ཟེ་དེ་གང ། སྨྲས་པ། རྒྱལ་པོ་ཆེན་པོ་རྒྱལ་བུ་གཞོན་ནུ་ནོར་ལྷ་འདི་ནི་མཛངས་ཤིང་མཁས་ལ་ བརྟགས་ཤིང་ཡིད་གཞུངས་པ་སྟེ། མོས་པ་ཆེ་ཞིང་འཇིགས་པ་མ་མཆིས་ལ། གཏོང་བ་དང་ལྡན་ཞིང་སྙིང་སྟོབས་ཕུན་སུམ་ཚོགས་པ་ལགས་ན་དེ་ཡང་སྐྱོན་དང་བཅས་པ་ལགས་སོ། །སྨྲས་པ། བྲམ་ཟེ་རྒྱལ་བུ་གཞོན་ནུ་ནོར་ལྷའི་སྐྱོན་གང ། སྨྲས་པ། རྒྱལ་པོ་ཆེན་པོ་རྒྱལ་བུ་གཞོན་ནུ་ ནོར་ལྷ་ནི་ཤིན་ཏུ་མཐའ་རིང་བ་སྟེ། རྒྱལ་པོ་ཆེན་པོ་མཁས་པས་ནི་ཤིན་ཏུ་མཐའ་རིང་བར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། རྒྱལ་པོ་ཆེན་པོ་ཧ་ཅང་མཐའ་རིངས་ཏེ་ལུས་ན་དོན་ཉམས་པར་འགྱུར་ཏེ། སྐྱོན་རྣམས་ཀྱང་བརྟན་པར་གྱུར་པས་ཞི་བར་མི་འགྱུར་བའི་སླད་དུའོ། །རྒྱལ་པོ་ཆེན་ པོ་དེ་ལྟ་ལགས་པས་མཁས་པས་ཤིན་ཏུ་མཐའ་རིང་བར་མི་བགྱིའོ། །དེ་ལ་འདི་སྐད་ཅེས་བགྱི་སྟེ། ཤིན་ཏུ་མཐའ་རིང་ཤེད་བུ་ཡི། །དོན་རྣམས་ཐམས་ཅད་འཇིག་པར་འགྱུར། །མ་ཐོབ་པ་ནི་འཐོབ་མི་འགྱུར། །ཐོབ་པ་རྣམས་ཀྱང་ཉམས་པར་འགྱུར། །དེ་བས་མཐའ་རིང་སྤང་ བགྱིས་ལ། །མཁས་པས་ཤིན་ཏུ་བསྒྲིམ་པར་བགྱི། །དུས་ཀྱི་འབྲས་བུ་བཀོང་བར་འགྱུར། །དེས་ན་དེ་ནི་འགྲིབ་པ་འཐོབ། །སྨྲས་པ། བྲམ་ཟེ་སེམས་ཅན་གྱི་རིས་ཀྱི་འཇིག་རྟེན་འདི་ན་སེམས་ཅན་གང་ལ་ལ་མཛངས་ཤིང་མཁས་ལ་བརྟགས་ཤིང་ཡིད་གཞུངས་པར་གྱུར་པ་ཡིན་ལ། དེ་ཡང་ སྐྱོན་དང་བཅས་པར་གྱུར་པ་གཞན་ཡང་ཡོད་དམ། སྨྲས་པ། རྒྱལ་པོ་ཆེན་པོ་མཆིས་སོ། །སྨྲས་པ། བྲམ་ཟེ་དེ་གང ། སྨྲས་པ། རྒྱལ་པོ་ཆེན་པོ་རྒྱལ་བུ་གཞོན་ནུ་སྡེ་ཆེན་འདི་ནི་མཛངས་ཤིང་མཁས་ལ་བརྟགས་ཤིང་ཡིད་གཞུངས་པ་མོས་པ་ཆེ་བ་ལགས་ན། དེ་ཡང་སྐྱོན་དང་ བཅས་པ་ལགས་སོ། །སྨྲས་པ། བྲམ་ཟེ་རྒྱལ་བུ་གཞོན་ནུ་སྡེ་ཆེན་གྱི་སྐྱོན་གང ། སྨྲས་པ། རྒྱལ་པོ་ཆེན་པོ་རྒྱལ་བུ་གཞོན་ནུ་སྡེ་ཆེན་ནི་ཧ་ཅང་བརྐམ་ཆགས་ཅན་ཏེ། མི་རིགས་པའི་འདོད་ཆེན་གྱི་ཟིལ་གྱིས་ནོན་ཅིང་གཞན་གྱི་ནོར་འཕྲོག་པ་སྟེ། རྒྱལ་པོ་ཆེན་པོ་མཁས་པས་ནི་ཧ་
57-1-116b
ཅང་འདོད་ཆེན་ཆེ་བར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། རྒྱལ་པོ་ཆེན་པོ་འདོད་ཆེན་ཆེ་བ་ནི་ཚེ་འདི་ཉིད་ལ་ཡང་སེམས་ཅན་རྣམས་ཀྱིས་ཡིད་བརྟན་དུ་མི་རུང་བ་ལགས་ལ། ལུས་ཞིག་ནས་ཀྱང་ངན་སོང་རྣམས་སུ་སྐྱེ་བར་འགྱུར་བའི་སླད་དུའོ། །དེ་ལ་འདི་སྐད་ཅེས་བགྱི་སྟེ། གང་ ཞིག་སོགས་ལ་བརྩོན་གྱུར་ཅིང ། །ལོངས་སྤྱོད་ཐོབ་ཀྱང་དགར་མི་ཚོར། །གཞན་གྱི་ལོངས་སྤྱོད་འཕྲོག་བགྱིད་ཅིང ། །མི་རིགས་འདོད་ལྡན་སེམས་ཅན་གང ། །དེ་ནི་གུམ་ནས་ངན་སོང་མཆི། །ཚེ་འདིར་སྲོག་ཆགས་ཡིད་མི་མཆི། །དེ་བས་སྐྱེས་བུ་མཁས་པ་ཡིས། མི་རིགས་འདོད་ཆེན་ཡོངས་སུ་སྤང ། །སྨྲས་པ། བྲམ་ཟེ་སེམས་ཅན་གྱི་རིས་ཀྱི་འཇིག་རྟེན་འདི་ན་སེམས་ཅན་གང་ལ་ལ་མཛངས་ཤིང་མཁས་ལ་བརྟགས་ཤིང་ཡིད་གཞུངས་པར་གྱུར་པ་ཡིན་ལ། །དེ་ཡང་སྐྱོན་དང་བཅས་པར་གྱུར་པ་གཞན་ཡང་ཡོད་དམ། སྨྲས་པ། རྒྱལ་པོ་ཆེན་པོ་མཆིས་སོ། །སྨྲས་པ། བྲམ་ཟེ་དེ་གང ། སྨྲས་པ། རྒྱལ་པོ་ཆེན་པོ་རྒྱལ་བུ་གཞོན་ནུ་ལྷ་ཆེན་པོ་འདི་ནི་མཛངས་ཤིང་མཁས་ལ་བརྟགས་ཤིང་ཡིད་གཞུངས་པ་ལགས་ན། །དེ་ཡང་སྐྱོན་དང་བཅས་པ་ལགས་སོ། །སྨྲས་པ། བྲམ་ཟེ་རྒྱལ་བུ་ གཞོན་ནུ་ལྷ་ཆེན་པོའི་སྐྱོན་གང ། སྨྲས་པ། རྒྱལ་པོ་ཆེན་པོ་རྒྱལ་བུ་གཞོན་ནུ་ལྷ་ཆེན་པོ་ནི་རྒོད་ཅིང་ཅ་ཅོ་ཅན་མ་ཞི་བ་སྟེ། རྒྱལ་པོ་ཆེན་པོ་མཁས་པས་ནི་རྒོད་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། རྒྱལ་པོ་ཆེན་པོ་རྒོད་པ་ནི་ཞི་གནས་དང ། ལྷག་མཐོང་གི་བགེགས་ སུ་འགྱུར་བའི་ཆོས་ལགས་པ་དང ། ངན་སོང་དུ་མཆི་བའི་རྒྱུར་གྱུར་པའི་སླད་དུའོ། །དེ་བས་ན་མཁས་པས་རྒོད་པར་མི་བགྱིའོ། །དེ་ལ་འདི་སྐད་ཅེས་བགྱི་སྟེ། རྒོད་པའི་དྲི་མར་བཅས་པའི་སེམས། །མཁས་པས་བསྔགས་པ་མ་ལགས་ཏེ། །སྡུག་བསྔལ་མཐར་ཕྱིན་ ཏིང་ངེ་འཛིན། །བསྒྲིམས་ཀྱང་མི་འཐོབ་ག་ལ་ཐར། །ཡོན་ཏན་གྲགས་པ་འཇིག་བགྱིད་པའི། །རྒོད་པ་དེ་སླད་སྤང་བར་བགྱི། །སྐྱེས་བུ་དོན་ཆེན་འཚལ་བ་ལ། །འདི་དང་གཞན་དུའང་དེ་གནོད་འགྱུར། །སྨྲས་པ། བྲམ་ཟེ་སེམས་ཅན་གྱི་རིས་ཀྱི་འཇིག་རྟེན་འདི་ན་སེམས་
57-1-117a
ཅན་གང་ལ་ལ་མཛངས་ཤིང་མཁས་ལ་བརྟགས་ཤིང་ཡིད་གཞུངས་པར་གྱུར་པ་ཡིན་ལ། དེ་ཡང་སྐྱོན་དང་བཅས་པར་གྱུར་པ་གཞན་ཡང་ཡོད་དམ། སྨྲས་པ། རྒྱལ་པོ་ཆེན་པོ་མཆིས་སོ། །སྨྲས་པ། བྲམ་ཟེ་དེ་གང ། སྨྲས་པ། རྒྱལ་པོ་ཆེན་ པོ་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་འདི་ནི་མཛངས་ཤིང་མཁས་ལ་བརྟགས་ཤིང་ཡིད་གཞུངས་པར་གྱུར་པ་ལགས་ན་དེ་ཡང་སྐྱོན་དང་བཅས་པ་ལགས་སོ། །སྨྲས་པ། བྲམ་ཟེ་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་སྐྱོན་གང ། སྨྲས་པ། རྒྱལ་པོ་ཆེན་པོ་ ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ནི་ཤིན་ཏུ་མང་དུ་ཟ་བ་སྟེ། རྒྱལ་པོ་ཆེན་པོ་མཁས་པས་ནི་ཤིན་ཏུ་མང་དུ་ཟ་བར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། རྒྱལ་པོ་ཆེན་པོ་ཤིན་ཏུ་མང་དུ་ཟ་བ་ནི་ལེ་ལོ་ཅན་དུ་འགྱུར། ལུས་ལྕི་བར་འགྱུར་དེའི་ཁ་ཟས་བདེ་བར་འཇུ་བར་མི་འགྱུར། ཚེ་འདི་དང་ཕ་རོལ་གྱི་དོན་རྣམས་ཀྱང་ཡོངས་སུ་འགྲིབ་པར་འགྱུར་བའི་སླད་དུའོ། །དེ་ལ་འདི་སྐད་ཅེས་བགྱི་སྟེ། སྐྱེས་བུ་གང་ཞིག་མང་ཟ་བ། །དེ་ནི་ལུས་ལྕི་ལེ་ལོ་ཅན། །འདི་དང་ཕ་རོལ་ཚེ་ཡི་དོན། །ངེས་པར་རབ་ཏུ་འགྲིབ་པར་འགྱུར། །དེ་ནི་སད་ནའང་སྡུག་བསྔལ་ཏེ། ཉལ་ནའང་སྡུག་བསྔལ་གཞན་གནོད་བགྱིད། །དེ་བས་ཕན་དང་རན་པར་བཟའ། །ཟས་ཀྱི་དུས་ནི་ངེས་པར་བགྱི། །སྨྲས་པ། བྲམ་ཟེ་སེམས་ཅན་གྱི་རིས་ཀྱི་འཇིག་རྟེན་འདི་ན་སེམས་ཅན་གང་ལ་ལ་མཛངས་ཤིང་མཁས་ལ་བརྟགས་ཤིང་ཡིད་གཞུངས་པར་གྱུར་པ་ཡིན་ལ། དེ་ ཡང་སྐྱོན་དང་བཅས་པར་གྱུར་པ་གཞན་ཡང་ཡོད་དམ། སྨྲས་པ། རྒྱལ་པོ་ཆེན་པོ་མཆིས་སོ། །སྨྲས་པ། བྲམ་ཟེ་དེ་གང ། སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱང་མཛངས་ཤིང་མཁས་ལ་བརྟགས་ཤིང་ཡིད་གཞུངས་ལ་མོས་པ་ཆེ་ཞིང་འཇིགས་པ་མ་མཆིས་ལ་གཏོང་ བ་དང་ལྡན་ཞིང་ཐུགས་སྟོབས་ཕུན་སུམ་ཚོགས་པ་ལགས་ན། ཁྱོད་ཀྱང་སྐྱོན་དང་བཅས་པ་ལགས་སོ། །སྨྲས་པ། བྲམ་ཟེ་ངའི་སྐྱོན་གང་ཡིན། སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ནི་ཤིན་ཏུ་གཏུམ་མོ། །རྒྱལ་པོ་ཆེན་པོ་ཁྱོད་ནི་ཤིན་ཏུ་ཁྲོའོ། །རྒྱལ་པོ་ཆེན་པོ་ཁྱོད་ནི་ཤིན་
57-1-117b
ཏུ་བརླང་ངོ ། །རྒྱལ་པོ་ཆེན་པོ་ཁྱོད་ནི་ཤིན་ཏུ་རྩུབ་བོ། །རྒྱལ་པོ་ཆེན་པོ་ཁྱོད་ནི་ཤིན་ཏུ་གཟུ་ལུམས་ཆེའོ། །རྒྱལ་པོ་ཆེན་པོ་མཁས་པས་ནི་ཤིན་ཏུ་གཏུམ་པར་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། རྒྱལ་པོ་ཆེན་པོ་རྒྱལ་པོའམ། རྒྱལ་པོའི་བློན་པོ་ཤིན་ཏུ་གཏུམ་པ་གང་ལགས་ པ་དེ་ལ་ནི་སྐྱེ་བོ་མང་པོ་མི་དགའ་བར་འགྱུར་བ་ལགས་ཏེ། བདག་གི་ཕ་མ་ལ་ཡང་མི་སྡུག་པ་ལགས་ན་གྲོང་རྡལ་གྱི་མི་དང་ཡུལ་གྱི་མི་གཞན་ལ་ལྟ་ཅི་སྨོས་པའི་སླད་དུ་སྟེ། །རྒྱལ་པོ་ཆེན་པོ་དེ་ལྟ་ལགས་པས་མཁས་པས་ཤིན་ཏུ་གཏུམ་པར་མི་བགྱིའོ། །རྒྱལ་པོ་ཆེན་པོ་མཁས་ པས་ནི་ཕྱི་རྗེས་རིང་དུ་བལྟ་བར་བགྱིའོ། །དེ་ལ་འདི་སྐད་ཅེས་བགྱི་སྟེ། རྒྱལ་པོ་གང་ཞིག་གཏུམ་གྱུར་ལ། །ཁྲོ་དབང་དགོས་པ་ཁྱད་གསོད་པ། །དེ་ནི་རང་གི་ཕ་མ་ཡང ། །ཤིན་ཏུ་སྐྱོ་བར་བགྱིད་པ་ལགས། །སྐྱེ་བོ་གཞན་ལྟ་ཅི་སྨོས་ཏེ། །སྐད་ཅིག་ཙམ་ཡང་ག་ ལ་དགའ། །དེ་བས་མཁས་པས་ནན་ཏན་དུ། །ཁྲོ་བ་ཡོངས་སུ་སྤང་བར་བགྱི། །དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་མངོན་སུམ་དུ་བདག་ལ་མི་སྙན་པར་རྗོད་པ་དེ་ལྟ་བུ་ཐོས་ནས་ཁྲོས་འཁྲུགས་ཏེ། ཡི་མ་རངས་ཤིང་ཚིག་པ་ཟ་བར་གྱུར་ནས། གཅེར་བུ་པའི་ བུ་བདེན་སྨྲ་ལ་འདི་སྐད་ཅེས་སྨྲས་སོ། །བདེན་སྨྲ་ཁྱོད་ཀྱིས་འཁོར་འདི་ལྟ་བུའི་མདུན་དུ་ང་ལ་དེ་སྐད་ཀྱི་མི་སྙན་པ་བྱའམ། དེ་བས་ན་ཁྱོད་ནི་གསད་པར་འོས་པའོ་ཞེས་བྱས་ནས། དེས་ཁྲོས་པའི་སེམས་ཀྱིས་དགེ་སྦྱོང་འདི་ནི་རྒྱལ་པོ་ལ་ངན་དུ་སྨྲ་བ་ཡིན་གྱིས་སོད་ཅིག་ཅེས་ཚིག་ ཕྱུང་བར་གྱུར་ཏོ། །དེ་ནས་གཅེར་བུ་པའི་བུ་བདེན་སྨྲ་འཇིགས་ཤིང་སྐྲག་སྟེ། རྒྱལ་པོ་གཏུམ་པོ་རབ་སྣང་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་དེ་ལྟར་གཟུ་ལུམས་མ་མཛད་པར་རྒྱལ་པོ་ཆེན་པོ་བདག་ལ་མི་འཇིགས་པ་སྩལ་དུ་གསོལ། གསོལ་བ་འདི་ཡང་ གསན་དུ་གསོལ། སྨྲས་པ། བདེན་སྨྲ་མི་འཇིགས་པ་སྦྱིན་གྱིས་ཅི་གསོལ་སྨྲོས་ཤིག་།སྨྲས་པ། རྒྱལ་པོ་ཆེན་པོ་བདག་ཀྱང་སྐྱོན་དང་བཅས་པ་ལགས་སོ། །སྨྲས་པ། ཁྱོད་ཀྱི་སྐྱོན་གང ། སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་དེ་ལྟར་གཏུམ་པ། དེ་ལྟར་ཁྲོ་བ། དེ་
57-1-118a
ལྟར་ཞེ་སྡང་བ། དེ་ལྟར་གཟུ་ལུམས་ཅན་གྱི་སྤྱན་སྔར་བདག་འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྨྲ་བ་ནི་བདག་ཀྱང་ཧ་ཅང་ངོར་རོ་བར་སྨྲ་བ་ལགས་ཏེ། བདག་ནི་དེ་ཁོ་ན་སྨྲ་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་མཁས་པས་ནི་དུས་ཐམས་ཅད་དུ་ཡང་དག་པ་ཇི་ ལྟ་བ་བཞིན་དུ་སྨྲ་བར་མི་བགྱིའོ། །རྒྱལ་པོ་ཆེན་པོ་མཁས་པས་ནི་དུས་དང་དུས་མ་ལགས་པ་དང ། ཡུལ་དང་ཡུལ་མ་ལགས་པ་འཚལ་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། རྒྱལ་པོ་ཆེན་པོ་ཡང་དག་པར་སྨྲ་བ་ནི་འཇིག་རྟེན་ཡིད་མི་བདེ་ཞིང་མི་དགའ་བར་འགྱུར་ཏེ། དེས་ པ་རྣམས་ཀྱིས་མི་བསྔགས་ཤིང་གླེན་པའི་སྐྱེ་བོ་རྣམས་ཞེ་སྡང་བར་འགྱུར་བའི་སླད་དུའོ། །དེ་ལ་འདི་སྐད་ཅེས་བགྱི་སྟེ། གང་ཞིག་ཡང་དག་སྨྲ་བགྱིད་ཅིང ། །སྨྲ་དུས་དུས་མིན་མ་འཚལ་བ། །དེ་ནི་མཁས་པས་སྨད་འགྱུར་ན། །འཇིག་རྟེན་གཞན་ལྟ་ཅི་ཞིག་སྨོས། ། དེ་བས་བདེན་པའི་ཚིག་ལགས་ཀྱང ། །བློ་ལྡན་ཀུན་ཏུ་སྨྲ་མི་བགྱི། །བདག་ཀྱང་འདིར་ནི་འདི་ལྟ་བུར། །བདེན་སྨྲས་རང་ལ་གནོད་པར་གྱུར། །ཡོན་ཏན་དང་སྐྱོན་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། ་་།།དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གཅེར་བུ་པའི་བུ་ བདེན་སྨྲའི་ལེགས་པར་བཤད་པས་མགུ་སྟེ། རྗེས་སུ་ཡི་རངས་ནས་ཡང་དྲི་བ་གཞན་དག་དྲིས་སོ། །བྲམ་ཟེ་ཡང་སེམས་ཅན་གྱི་རིས་ཀྱི་འཇིག་རྟེན་འདི་ན་སེམས་ཅན་གང་ལ་ལ་མཁས་ཤིང་མཛངས་ལ་བརྟགས་ཤིང་ཡིད་གཞུངས་ལ། ཚུལ་དང་འདུལ་བའི་ཆོ་ག་ལ་ མཁས་པ་ཡང་ཡིན་ལ། དེ་ལ་སྐྱོན་ཡང་མེད་པ་དེ་ལྟ་བུ་ཡོད་དམ། སྨྲས་པ། རྒྱལ་པོ་ཆེན་པོ་མཆིས་སོ། །སྨྲས་པ། བྲམ་ཟེ་དེ་གང ། སྨྲས་པ། རྒྱལ་པོ་ཆེན་པོ་དགེ་སྦྱོང་གཽ་ཏ་མ་ནི་ཤཱཀྱའི་རྒྱལ་པོ་ཆེན་པོ་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་བ་དེ་ནི། བདག་ཅག་གི་རིག་བྱེད་ལས་འབྱུང་བ་ བཞིན་དུ་སྐྱོན་མ་མཆིས་པ་སྟེ། དེ་ནི་རིགས་ཀྱི་ཆེ་བ་ཉིད་ཀྱིས་སྐྱོན་གདགས་པར་མི་ནུས་ཏེ། འདི་ལྟར་འཁོར་ལོས་སྒྱུར་བའི་རིགས་སུ་བྱུང་བའོ། །དེ་ནི་རྒྱུད་ལས་སྨོས་ནས་སྐྱོན་གདགས་སུ་མི་ནུས་ཏེ། འདི་ལྟར་བུ་རམ་ཤིང་པའི་རིགས་ཀྱི་རྒྱུད་དུ་བྱུང་བའོ། །དེ་ནི་ལུས་ཀྱི་
57-1-118b
ཆེ་བ་ཉིད་ཀྱིས་ཀྱང་སྐྱོན་གདགས་སུ་མི་ནུས་ཏེ། འདི་ལྟར་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པའི་ལུས་དང་ལྡན་པའོ། །དེ་ནི་ཆོས་དང་བཅས་པར་སྐྱོན་གདགས་སུ་མི་ནུས་ཏེ། འདི་ལྟར་ཚུལ་ཁྲིམས་དང ། སྟོབས་དང ། མི་འཇིགས་པ་དང ། སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་དང་ལྡན་པས་དེའི་སླད་དུ་དེ་ནི་སྐྱོན་མ་མཆིས་པ་ལགས་སོ། །རྒྱལ་པོ་ཆེན་པོ་གལ་ཏེ་དགེ་སྦྱོང་གཽ་ཏ་མ་དེ་ཁྱིམ་ནས་ཁྱིམ་མ་མཆིས་པར་རབ་ཏུ་མ་བྱུང་ན་ནི་དེ་རྒྱལ་པོ་འཁོར་ལོས་སྒྱུར་བ། མཐའ་བཞིར་རྣམ་པར་རྒྱལ་བ། ཆོས་དང་ལྡན་པ་ཆོས་ཀྱི་ རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་དུ་གདོན་མི་འཚལ་ཏེ། །དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང ། གླང་པོ་རིན་པོ་ཆེ་དང ། རྟ་རིན་པོ་ཆེ་དང ། ནོར་བུ་རིན་པོ་ཆེ་དང ། བུད་མེད་རིན་པོ་ཆེ་དང ། ཁྱིམ་བདག་རིན་པོ་ཆེ་དང ། བདུན་ པ་བློན་པོ་རིན་པོ་ཆེ་ལགས་སོ། །དེ་ལ་སྲས་ཀྱང་སྟོང་ཐམ་པ་མངའ་བར་འགྱུར་དུ་གདོན་མ་འཚལ་ཏེ། དཔའ་བ་རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། གཞན་གྱི་སྡེ་རབ་ཏུ་འཇོམས་པ། འཁོར་ལོས་སྒྱུར་བའི་མཚན་དང་ལྡན་པ་ཤ་སྟག་འབྱུང་བར་ འགྱུར་དུ་གོར་མ་བཀུམ་མོ། །དེ་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདིར་གཅིག་པུ་སྤྱོད་པའི་དབང་སྒྱུར་བར་འགྱུར་ཞིང་གཞན་གྱི་དྲིང་མི་འཇོག་པར་འགྱུར་དུ་གདོན་མ་འཚལ་ཏེ། དེས་ས་ཆེན་པོ་མ་ལུས་པ་གནོད་པར་སྡོ་བ་མ་མཆིས་ཤིང་འཚེ་བ་མ་མཆིས་པ་འདི་ཉིད་ ཆད་པ་མ་མཆིས་ཤིང་མཚོན་གྱིས་བདའ་བ་མ་མཆིས་ལ། ཆོས་དང་འཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་པར་འགྱུར་དུ་གདོན་མ་འཚལ་བ་ཞིག་ན། དེ་ཁྱིམ་ནས་ཁྱིམ་མ་མཆིས་པར་རབ་ཏུ་བྱུང་ནས་བརྟུལ་ཞུགས་དང་དཀའ་ཐུབ་ཆེན་པོ་བརྩམས་ཏེ། རྒྱ་ཤུག་ གི་འབྲས་བུའམ། ཏིལ་གྱི་འབྲུམ་བུའམ། འབྲས་ཀྱི་འབྲུ་འགས་ལོ་དྲུག་འདས་པར་བགྱིས་ཏེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ནས། བདུད་ཀྱི་སྡེ་དཔུང་དང་བཅས་པ་རབ་ཏུ་ཕམ་པར་བགྱིས་ཏེ། སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཤེས་པར་བགྱི་
57-1-119a
བ་དང ། ཐོབ་པར་བགྱི་བ་དང ། མཐོང་བར་བགྱི་བ་དང ། ཁོང་དུ་ཆུད་པར་བགྱི་བ་དང ། མངོན་དུ་བགྱི་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་རང་གི་མངོན་པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་དང་མཉམ་པའི་སེམས་ཅན་ཡང་འཇིག་ རྟེན་ན་མ་མཆིས་ན། དེའི་གོང་དུ་ཕྱིན་པ་ལྟ་ག་ལ་མཆིས་ཏེ། དགེ་སྦྱོང་གཽ་ཏ་མ་དེ་ནི་མི་མཉམ་པ་དང་མཉམ་ཞིང་ཟླ་གང་ཡང་མ་མཆིས་པ་སྟེ། དེའི་སླད་དུ་དེ་ནི་སྐྱོན་མ་མཆིས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དགེ་སྦྱོང་གཽ་ཏ་མ་དེ་ནི་རིགས་དང ། རྒྱུད་ཀྱིས་ འདྲ་བ་མ་མཆིས་པ་དང ། གཟུགས་ཀྱི་ཆེ་བ་ཉིད་ཀྱིས་འདྲ་བ་མ་མཆིས་པ་དང ། ཡེ་ཤེས་ཀྱི་ཆེ་བ་ཉིད་ཀྱིས་མཚུངས་པ་མ་མཆིས་པའི་སླད་དུ་སྟེ། དེའི་སླད་དུ་དེ་སྐྱོན་མ་མཆིས་པ་ལགས་སོ། །དེ་ལ་འདི་སྐད་ཅེས་བགྱི་སྟེ། རིགས་དང་རྒྱུད་དང་གཟུགས་དང་ལྡན། ། མཚན་རྣམས་ཀྱིས་ནི་འབར་བའི་སྐུ། །དཔེ་བྱད་བཟང་པོ་བརྒྱད་ཅུས་ཀྱང ། །ཐུབ་པའི་ཟླ་བ་མངོན་པར་བརྒྱན། །མུ་སྟེགས་ཚོགས་རྣམས་ཟིལ་མནན་ཏེ། །ལོ་དྲུག་ཡུན་རིང་དཀའ་ཐུབ་སྤྱད། །བདུད་ཀྱང་བཏུལ་བ་མཛད་ནས་སུ། །བདེ་གཤེགས་ཐམས་ཅད་ མཁྱེན་ཉིད་བརྙེས། །སེམས་ཅན་མེད་ཅིང་སྲོག་མེད་ཆོས། །འཕགས་པའི་བདེན་བཞི་ཕུན་ཚོགས་པ། །དྲང་སྲོང་ལྷུང་བར་དེས་བཤད་པས། །དེ་སླད་དེ་ལ་སྐྱོན་མ་མཆིས། །དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་གཅེར་བུ་པའི་བུ་བདེན་སྨྲ་ལ་འདི་སྐད་ཅེས་སྨྲས་སོ། ། ཀྱེ་བྲམ་ཟེ་ཆེན་པོ་དགེ་སྦྱོང་གཽ་ཏ་མ་དེ་མཚན་གང་དག་དང་ལྡན་ན་མཚན་གྱིས་ལེགས་པར་བརྒྱན་པའི་སྐུ་དང་ལྡན་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་སྐྱེས་བུ་ཆེན་པོ་སེང་གེ་དེའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་གང་ཡིན། དེ་སྐད་ཅེས་སྨྲས་པ་དང ། གཅེར་བུ་པའི་བུ་བདེན་སྨྲས་ རྒྱལ་པོ་གཏུམ་པོ་རབ་སྣང་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་དེའི་སླད་དུ་གསན་དུ་གསོལ། །བརྗོད་པར་བགྱིའོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དགེ་སྦྱོང་གཽ་ཏ་མ་དེ་ནི་ཞབས་ཤིན་ཏུ་གནས་པ་དང་ལྡན་པའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་ཕྱག་དང་ཞབས་ཀྱི་མཐིལ་
57-1-119b
འཁོར་ལོ་རྩིབས་སྟོང་དང་ལྡན་པ་མངའ་བའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་ཕྱག་དང་ཞབས་དྲ་བར་འབྲེལ་པ་དང་ལྡན་པའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང་ལྡན་པའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་སོར་མོ་རིང་བ་དང་ལྡན་པའོ། །དགེ་ སྦྱོང་གཽ་ཏ་མ་དེ་ནི་བདུན་མཐོ་བ་དང་ལྡན་པའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་ཞབས་ཀྱི་རྟིང་པ་ཡངས་པ་དང་ལྡན་པའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་ཞབས་ལོང་མོའི་ཚིགས་མི་མངོན་པ་དང་ལྡན་པའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་བྱིན་པ་རི་དགས་ཨེ་ན་ཡའི་ལྟ་བུ་དང་ལྡན་པའོ། །དགེ་སྦྱོང་ གཽ་ཏ་མ་དེ་ནི་བརླ་ཟླུམ་པ་དང་ལྡན་པའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་བཞེངས་བཞིན་དུ་མ་བཏུད་པར་ཕྱག་པུས་མོར་སླེབས་པ་དང་ལྡན་པའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང་ལྡན་པའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་སྤུ་རེ་རེ་ནས་སྐྱེ་བ་དང་ལྡན་པའོ། །དགེ་ སྦྱོང་གཽ་ཏ་མ་དེ་ནི་དབུ་སྐྲ་མཐོན་མཐིང་དང་ལྡན་པའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་དབུ་སྐྲ་གཡས་ཕྱོགས་སུ་འཁྱིལ་བ་དང་ལྡན་པའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་སྐུའི་སྤུ་གྱེན་དུ་འཁྱིལ་བ་དང་ལྡན་པའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་པགས་པ་འཇམ་པ་དང་ལྡན་པའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་ པགས་པ་གསེར་གྱི་ཁ་དོག་ལྟ་བུ་དང་ལྡན་པའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་དཔུང་མགོ་ཤིན་ཏུ་ཟླུམ་པ་དང་ལྡན་པའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་ཐལ་གོང་རྒྱས་པ་དང་ལྡན་པའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་སྐུ་ཆེ་ཞིང་དྲང་བ་དང་ལྡན་པའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་འགྲམ་པ་སེང་གེའི་འདྲ་བ་ དང་ལྡན་པའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་ཚེམས་བཞི་བཅུ་དང་ལྡན་པའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་ཚེམས་ཐགས་བཟང་བ་དང་ལྡན་པའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་ཚེམས་མཉམ་པ་དང་ལྡན་པའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་ཚེམས་ཤིན་ཏུ་དཀར་བ་དང་ལྡན་པའོ། །དགེ་སྦྱོང་གཽ་ ཏ་མ་དེ་ནི་རོ་བྲོ་བ་མཆོག་དང་ལྡན་པའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་ལྗགས་ཤིན་ཏུ་རིང་ཞིང་སྲབ་པ་དང་ལྡན་པའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་ཚངས་པའི་དབྱངས་དང་ལྡན་པའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་སྤྱན་གྱི་རྫི་མ་བའི་ལྟ་བུ་དང་ལྡན་པའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་སྤྱན་མཐོན་མཐིང་
57-1-120a
དང་ལྡན་པའོ། །དགེ་སྦྱོང་གཽ་ཏ་མ་དེ་ནི་ཚོགས་ཡོངས་སུ་རྫོགས་པའི་མཛོད་སྤུ་དང་ལྡན་པའོ། །རྒྱལ་པོ་ཆེན་པོ་འདི་དག་ནི་དགེ་སྦྱོང་གཽ་ཏ་མའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དག་སྟེ། དེ་དག་དང་ལྡན་པས་དགེ་སྦྱོང་གཽ་ཏ་མ་དེ་མཚན་གྱིས་ལེགས་ པར་བརྒྱན་པའི་སྐུ་དང་ལྡན་པ་ཞེས་བགྱི་སྟེ། དེའི་སླད་དུ་དེ་སྐྱོན་མ་མཆིས་པ་ལགས་སོ། །དེ་ལ་འདི་སྐད་ཅེས་བགྱི་སྟེ། སྤྱི་བོ་གཙུག་ཏོར་མཛེས་པས་རྣམ་པར་བརྒྱན། །དབུ་སྐྲ་མཐོན་མཐིང་གཡས་སུ་འཁྱིལ་བ་མངའ། །རྫི་མ་བའི་འདྲ་ཨུད་པལ་མཆོག་གི་སྤྱན། ། དེ་བས་འདི་ན་རྒྱལ་བ་སྐྱོན་མ་མཆིས། །ཚངས་པ་ཀ་ལ་པིང་ཀ་མཆོག་གི་དབྱངས། །པད་མའི་འདབ་ལྟར་དྲི་མེད་ཡངས་པའི་ལྗགས། །དེ་ཡི་ལྗགས་ཀྱང་ཞལ་ཀུན་ཁེབས་པ་སྟེ། །དེ་བས་དེ་འདྲའི་སེམས་ཅན་འགའ་མ་མཆིས། །རོ་མཆོག་གཅིག་ཀྱང་ཐམས་ཅད་ རོ་ལྡན་པར། །མཚན་རབ་དེ་ཡིས་རབ་ཏུ་མྱུར་འགྱུར་ཏེ། །རྒྱལ་བའི་ལྗགས་ནི་དེ་དང་ལྡན་པས་ན། །དེ་བས་འདི་ན་རྒྱལ་བ་སྐྱོན་མ་མཆིས། །ཚེམས་ཀྱི་ཡོན་ཏན་མཉམ་མེད་མཉམ་པ་ཡིན། །དེ་ཡི་ཚེམས་ནི་བཞི་བཅུ་ཐམ་པ་ཚང ། །དེས་ནི་འཇིག་རྟེན་ལྷར་བཅས་ ཐམས་ཅད་ཀྱང ། །བདེ་གཤེགས་དེ་ལ་དགའ་འགྱུར་ངོ་མཚར་འཐོབ། །སེང་གེའི་ཟ་འགྲམ་སྒྲོས་ནི་བིམ་པའི་མཆོག་།མཚུངས་མེད་ཐལ་གོང་ཤིན་ཏུ་རྒྱས་དང་ལྡན། །དཔུང་མགོ་ཤིན་ཏུ་ཟླུམ་ཞིང་མཛེས་པར་ལྡན། །དཔལ་ལྡན་ཤིང་ལྟར་ཆུ་ཞེང་གབ་པའི་སྐུ། ། དཔེ་ལེགས་སྐུ་ནི་ཡངས་ཤིང་རྐྱེན་དུ་འབབ། །ཡིད་ཅན་ཀུན་ལ་སྡུག་པའི་སྐུ་ཡང་མངའ། །ཐུབ་པ་དཔའ་བོ་མཐོ་བ་བདུན་དང་ལྡན། །པགས་པའི་མདོག་ནི་གསེར་མཆོག་བཙོ་མ་འདྲ། །ཤིན་ཏུ་འཇམ་སྐུ་སྤུ་ནི་གྱེན་དུ་འཁྱིལ། །སྡུག་ཅིང་མི་སྲབ་མཐོན་མཐིང་དྲི་ མེད་དབུ། །དབུ་འཇམ་གཡས་སུ་འཁྱིལ་དང་ལྡན་པ་སྟེ། །དེ་བས་བདེ་གཤེགས་མཉམ་པ་འགའ་མ་མཆིས། །བདེ་བར་གཤེགས་ནི་མ་བཏུད་བཞུགས་དང་ལྡན། །མདོམས་སྦ་མི་གདའ་གླང་པོའི་རྒྱལ་པོ་བཞིན། །བརླ་ཟླུམ་བྱིན་པ་ཨེ་ན་ཡ་ཡི་འདྲ། །བདེ་
57-1-120b
གཤེགས་དེ་ལ་ཡིད་ཅན་སུ་མི་སྟེན། །ཕྱག་དང་ཞབས་ཀྱི་སོར་མོ་དྲ་བས་འབྲེལ། །སེན་མོ་ཟངས་མདོག་སོར་མོ་ལེགས་པར་ཟླུམ། །དུང་ལྟར་མཐོ་བའི་ཞབས་ལྡན་མཉམ་པའི་ཞབས། །རྟིང་པ་ཡངས་ཤིང་མཉམ་པ་དྲང་སྲོང་མཆོག་།ཕྱག་དང་ཞབས་ལ་འཁོར་ལོ་ འཇམ་པ་མངའ། །དྲང་སྲོང་ཆེན་པོ་སོར་མོ་རིང་དང་ལྡན། །ཐུབ་པའི་དབང་པོ་ཞབས་མཐིལ་ཤིན་ཏུ་གནས། །དེས་ནི་ས་ལ་མི་གཡོའི་སྐུར་བཞུད་དེ། །འདི་ནི་དྲང་སྲོང་ཆེན་པོའི་མཚན་གྱི་ཚོགས། །དེ་ཡིས་བརྒྱན་སྐུ་ཤིན་ཏུ་མཛེས་པར་གདའ། །མཉམ་མེད་འཁོར་ གྱི་ནང་ན་བཞུགས་པའི་ཚེ། །སྐར་ཚོགས་མང་དབུས་ཟླ་བ་གནས་པ་བཞིན། །སྐྱེས་བུ་ཆེན་པོའི་སྐུ་མཆོག་གཟུགས་དེ་ཡང ། །འགྲོ་བ་ཀུན་ཏུ་དེ་བཞིན་ཤིན་ཏུ་གདའ། །བདེ་བར་གཤེགས་པའི་ཡོན་ཏན་དྲི་མེད་ཆོས། །གང་ལགས་དེ་ཀུན་ཐུབ་པ་ཉིད་གསུང་ གྲང ། །སྨྲས་པ། བྲམ་ཟེ་ཅིའི་ཕྱིར་ན་དགེ་སྦྱོང་གཽ་ཏ་མ་དེ་བསོད་ནམས་བརྒྱ་པའི་མཚན་དང་ལྡན་ཞེས་བྱ། སྨྲས་པ། རྒྱལ་པོ་ཆེན་པོ་དེའི་སླད་དུ། དོན་འདི་ཉིད་རབ་ཏུ་བསྒྲུབ་པའི་སླད་དུ་དཔེ་གསོལ་བར་འཚལ་ལོ། །རྒྱལ་པོ་ཆེན་པོ་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་ པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་སྐྱེ་གནས་བཞིས་ཡོངས་སུ་ཟིན་པ་གང་ཇི་སྙེད་ཅིག་མཆིས་པ་དེ་དག་ཐམས་ཅད་ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ། མིའི་ལུས་ཐོབ་པར་གྱུར་ལ། མིའི་ལུས་ཐོབ་པ་དེ་དག་རེ་རེ་ཞིང་འཁོར་ལོས་སྒྱུར་བའི་བསོད་ནམས་དང་ལྡན་པར་གྱུར་ལ། འཁོར་ལོས་སྒྱུར་བའི་བསོད་ནམས་དང་ལྡན་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་བརྒྱ་གྱུར་དུ་བསྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དེས་དགེ་སྦྱོང་གཽ་ཏ་མའི་སྐུ་ལ་སྤུའི་ཁུང་བུ་གཅིག་མངོན་པར་འགྲུབ་སྟེ། དེ་བཞིན་དུ་སྤུའི་ཁུང་བུ་རེ་རེ་ཡོངས་སུ་གྲུབ་ བོ། །སྤུའི་ཁུང་བུ་ཐམས་ཅད་དུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་བརྒྱ་གྱུར་དུ་བསྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དེས་དགེ་སྦྱོང་གཽ་ཏ་མའི་སྐུ་ལ་དཔེ་བྱད་བཟང་པོ་གཅིག་མངོན་པར་འགྲུབ་སྟེ། དེ་བཞིན་དུ་དཔེ་བྱད་བཟང་པོ་རེ་རེ་ཡོངས་སུ་འགྲུབ་བོ། །དཔེ་བྱད་བཟང་
57-1-121a
པོ་ཐམས་ཅད་དུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་བརྒྱ་གྱུར་དུ་བསྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དེས་དགེ་སྦྱོང་གཽ་ཏ་མའི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་གཅིག་མངོན་པར་འགྲུབ་སྟེ། དེ་བཞིན་དུ་མཚན་སུམ་ཅུ་རེ་རེ་ནས་ཡོངས་སུ་འགྲུབ་བོ། ། མཚན་སུམ་ཅུར་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་བརྒྱ་གྱུར་དུ་བསྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དེས་དགེ་སྦྱོང་གཽ་ཏ་མའི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་དབུ་གཙུག་ཏོར་དང་ལྡན་པ་མངོན་པར་འགྲུབ་བོ། །དབུ་གཙུག་ཏོར་དུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་དེ་ལས་བྱེ་ བ་ཕྲག་འབུམ་དུ་བསྒྱུར་བའི་བསོད་ནམས་ཀྱི་ཕུང་པོས་དགེ་སྦྱོང་གཽ་ཏ་མའི་ཆོས་ཀྱི་དུང་མངོན་པར་འགྲུབ་སྟེ། ཆོས་ཀྱི་དུང་དེ་དང་ལྡན་པས་དགེ་སྦྱོང་གཽ་ཏ་མ་དེ་བཞེད་ན། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་སེམས་ཅན་དུ་བསྡུ་བས་བསྡུས་པའི་སེམས་ཅན་གང་དག་ གནས་པ་དེ་དག་ཐམས་ཅད་ཀྱིས་གལ་ཏེ་རྣམ་པ་སྣ་ཚོགས་སུ་སྨྲས་པ། དགེ་སྦྱོང་གཽ་ཏ་མ་ལ་དུས་གཅིག་ཏུ་དྲི་བ་དྲིས་ཏེ། གཅིག་གིས་གང་དྲིས་པ་དེ་གཉིས་པ་མི་འདྲི་བར་སོ་སོ་ནས་དྲིས་ཀྱང་དེ་དག་ཐམས་ཅད་དགེ་སྦྱོང་གཽ་ཏ་མ་དེ་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ ཤེས་རབ་ཀྱིས་བཟུང་ཞིང་གསུང་གཅིག་གིས་སེམས་ཅན་དེ་དག་གིས་ཇི་སྐད་དུ་དྲིས་པའི་དྲི་བ་དེ་དག་གི་ལན་གློན་ཞིང་སེམས་ཅན་དེ་དག་གིས་ཀྱང་རང་རང་གི་སྐད་དུ་འཚལ་བར་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེའི་སླད་དུ་དགེ་སྦྱོང་གཽ་ཏ་མ་དེ་ནི་བསོད་ནམས་བརྒྱ་པའི་མཚན་དང་ལྡན་ པ་དང ། ཚངས་པའི་སྒྲ་དབྱངས་ཀྱི་གསུང་དང་ལྡན་པ་ཞེས་བགྱིའོ། །དེ་ལ་འདི་སྐད་ཅེས་བགྱི་སྟེ། བསོད་ནམས་བརྒྱ་པའི་མཚན་དང་ལྡན་པས་ན། །ལྷར་བཅས་འཇིག་རྟེན་ནང་ན་བསོད་ནམས་གཏེར། །མཐོང་དང་ཐོས་དང་བཞད་པ་མཛད་པས་ཀྱང ། །སེམས་ཅན་ ཀུན་ལ་ཕན་པ་མཛད་པ་ལགས། །འདི་ལྟར་སེམས་ཅན་ཀུན་གྱིས་ངེས་པའི་ཚིག་།མང་པོ་དག་གིས་དུས་གཅིག་ཞུ་ཞུས་ན། །སེམས་ཀྱི་སྐད་ཅིག་གཅིག་ལ་ཐུགས་ཆུད་ནས། །གསུང་དབྱངས་གཅིག་གིས་སོ་སོར་ལན་ཡང་འདེབས། །དེ་ལྟ་བས་ན་འདྲེན་པ་འཇིག་
57-1-121b
རྟེན་ན། །ཚངས་པའི་སྒྲ་དབྱངས་གསུང་སྒྲོག་མཁྱེན་པར་མཛོད། །དེ་ནི་ལྷ་མི་སྡུག་བསྔལ་མཐར་འབྱིན་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་མཛད། །དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་གཅེར་བུ་པའི་བུ་བདེན་སྨྲ་ལ་ཚིགས་སུ་བཅད་དེ་དྲིས་པ། གང་ རྣམས་ཁྱོད་ཀྱིས་སྔར་བཤད་དེ། །དཔེ་བྱད་བཟང་པོ་ཡོད་སྨྲས་པ། །ཐུབ་པའི་དཔེ་བྱད་བཟང་པོ་གང ། །བྲམ་ཟེ་ཆེན་པོས་བརྗོད་པར་གྱིས། །དེ་སྐད་ཅེས་སྨྲས་པ་དང ། གཅེར་བུ་པའི་བུ་བདེན་སྨྲས། རྒྱལ་པོ་གཏུམ་པོ་རབ་སྣང་ལ་ཚིགས་སུ་བཅད་དེ་སླར་སྨྲས་པ། གང་དག་གིས་ན་ཐུབ་པ་དེ་ཡི་སྐུ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ལྡན་བརྗོད་པ། །བདེ་གཤེགས་དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམས། །བཤད་པར་འཚལ་གྱིས་རྒྱལ་པོ་གསན་དུ་གསོལ། །སེན་མོ་མཐོ་ཞིང་སེན་མོ་ཟངས་མདོག་འདྲ། །སེན་མོ་སྣུམ་ཞིང་ཕྱག་གི་སོར་ མོ་མཉམ། །སོར་མོ་ཟླུམ་ཞིང་སོར་མོ་རྒྱས་པ་སྟེ། །སོར་མོ་རྣམས་ནི་བྱིན་གྱིས་ཕྲ་བ་ལགས། །རྩ་རྣམས་མི་མངོན་སྒྲོས་ནི་བིམ་པ་འདྲ། །ཞབས་གཉིས་མཉམ་ཞིང་ལོང་བུ་མི་མངོན་ལགས། །ཕྱག་གི་རི་མོ་བྱིན་གྱིས་ཕྲ་བ་སྟེ། །རི་མོ་རྣམས་ནི་ཟབ་ཅིང་ཤིན་ཏུ་ གསལ། །ལྗགས་ནི་ཟངས་མདོག་ཤིན་ཏུ་མཉེན་ཞིང་འཇམ། །ཚིགས་རྣམས་མི་མངོན་ཕྱག་ནི་ཤིན་ཏུ་རིང ། །གླང་པོས་སྒྲ་བསྒྲགས་ལྟ་བུའི་གསུང་དང་ལྡན། །འབྲུག་སྒྲ་འདྲ་བར་སྙན་པའི་འཇམ་དབྱངས་ཅན། །སྐུ་ནི་སྙོམས་ཤིང་གསལ་ལ་ཤིན་ཏུ་མཁྲེགས། །ཤིན་ ཏུ་ལེགས་སྐུ་ཕྱག་གི་རི་མོ་སྣུམ། །སྐུ་ཡི་དངོས་པོ་ཤིན་ཏུ་གཙང་དང་ལྡན། །རྒྱལ་བའི་ཟླ་བ་སྐུ་ཡིས་ཤིན་ཏུ་བཙུན། །སྐུ་ནི་ཤིན་ཏུ་མཉམ་པར་བཞག་པ་སྟེ། །ཡན་ལག་རབ་འབྱེས་ནག་ནོག་མ་མཆིས་སྐུ། །སྐུ་ཡི་རོ་སྟོད་རྒྱས་ཡངས་ཤིན་ཏུ་མཁྲེགས། །དཔེ་བྱད་ བཟང་པོ་རྣམས་ནི་ཡོངས་སུ་རྫོགས། །སྐུ་ནི་རིམ་གྱིས་རྒྱས་ཤིང་ཤིན་ཏུ་མཛེས། །སྤྱོད་པ་གཙང་ལྡན་ཤིན་ཏུ་འཇམ་པའི་སྐུ། །ལྟེ་བའི་ཁུང་བུ་ནག་ནོག་མ་མཆིས་ལ། །ཡོངས་སུ་རྫོགས་ཤིང་ཤིན་ཏུ་ཟབ་དང་ལྡན། །འོད་ནི་ནག་ནོག་མ་མཆིས་ཡོངས་སུ་དག་།སྐུ་ནི་
57-1-122a
ཀུན་ནས་བཟང་ཞིང་ཤིན་ཏུ་མཁྲེགས། །དེ་ནི་ཀུན་ནས་བཟང་དང་ཤིན་ཏུ་ལྡན། །མགོན་པོའི་སྐུ་ནི་བལྟ་བས་ཆོག་མི་མྱོང ། །བལ་གླང་འདྲ་བར་བརྗིད་པའི་འགྲོས་སུ་གཤེགས། །ཁྱུ་མཆོག་འགྲོས་དང་སེང་གེ་ངང་པའི་འགྲོས། །གསུང་ནི་ཧ་ཅང་ མཐོ་བ་མ་ལགས་ལ། །བཟང་བའི་སྐུ་མངའ་འཇམ་ཞིང་སྣུམ་པའི་སྐུ། །ཕྱག་ནི་ཤིན་ཏུ་ཟླུམ་ཞིང་འཇམ་ལ་མཛེས། །གཡས་ནས་གཤེགས་ཤིང་གཤེགས་ཐབས་མཛེས་ལ་བཟང ། །ཤིན་ཏུ་ཕྱང་ངེར་གནས་པའི་ཕྱལ་དང་ལྡན། །འདོད་དང་འཇིགས་མེད་ ནག་ནོག་མེད་པའི་སྐུ། །སྨིན་མ་གནག་ཅིང་ཤིན་ཏུ་གཟངས་རིང་མཛེས། །ཕྱལ་ནི་མ་ཞོམ་སྤྱན་གྱི་དཀྱུས་ཀྱང་རིང ། །ཞལ་ནི་རབ་ལེགས་གཙང་མའི་སྤྱན་དང་ལྡན། །དྲི་མེད་སྤྱན་མངའ་སྤྱན་ནི་ཤིན་ཏུ་ཡངས། །ཚེམས་ཀྱི་མཆེ་བ་བྱིན་གྱིས་གྱེན་དུ་འཕགས། །སྨིན་ ཚུགས་འཇའ་ཁུགས་འདྲ་ཞིང་ཤངས་དབྱིབས་མཐོ། །ུད་པལ་སྔོན་པོའི་འདབ་འདྲའི་སྤྱན་དང་ལྡན། །སྨིན་མ་སྟུག་ཅིང་ཚེམས་ཀྱི་མཆེ་བ་ཟླུམ། །སྨིན་མ་མཉམ་ཞིང་འདབ་ཆགས་འབྲེལ་དང་ལྡན། །སྙན་གཉིས་མཉམ་ཞིང་ཚེམས་ཀྱི་མཆེ་བ་རྣོ། །ཞལ་གྱི་མཁུར་ཙོས་ སྐྱོན་དང་བྲལ་བ་མངའ། །རྒྱལ་བའི་སྤྱོད་པ་སྐྱོན་བག་ཡོད་མ་མཆིས། །དཔྲལ་བའི་དབྱེས་ལ་གཉེར་མ་མི་མངའ་ཞིང ། །མགུར་ནི་དུང་འདྲ་མཁྲེགས་པའི་སྐུ་མངའ་ལ། །ཚིགས་རྣམས་སྲེད་མེད་བུ་ཡི་སྟོབས་དང་ལྡན། །ཡན་ལག་དམ་པ་དབུ་ནི་གདུགས་དབྱིབས་ འདྲ། །དབུ་ཡི་སྟོད་རྣམས་ལྕང་ལོ་འཁྱིལ་དང་ལྡན། །དབུ་གནག་སྟུག་ཅིང་སྤོས་ཞིམ་དྲི་དང་ལྡན། །རྒྱལ་བའི་དབུ་སྐྲ་བཤོར་བ་མ་ལགས་ཏེ། །དབུ་སྐྲ་མི་འཛིངས་ཤིན་ཏུ་མཛེས་པའི་སྐུ། །དབུ་སྐྲ་སྟུག་ཅིང་ལེགས་པར་རིམ་གྱིས་གནས། །དབུ་དང་བ་སྤུ་འཇམ་ ཞིང་ཕྲ་ལ་གནག་།དབུ་སྐྲ་བུང་བའི་ལྟོ་ལྟར་གནག་དང་ལྡན། །མཉམ་ཞིང་ཁོད་སྙོམས་དབུ་མཆོག་ཆུ་རླབས་འདྲ། །སེང་གེ་ཁྲི་དང་ཉ་དང་རྒྱལ་མཚན་དང ། །རྡོ་རྗེ་ལྕགས་ཀྱུ་བུམ་པ་གཡུང་དྲུང་འཁྱིལ། །དཔལ་གྱི་བེའུ་དང་དུང་དང་པད་མ་དང ། །བཀྲ་ཤིས་ལྡན་
57-1-122b
རྣམས་ཕྱག་ཞབས་མཐིལ་ལ་མངའ། །རྒྱལ་པོ་ཆེན་པོ་བཟང་མཛེས་འདི་དག་ནི། །བདེ་བར་གཤེགས་པའི་དཔེ་བྱད་བཟང་པོའི་མཆོག་།དཔེ་ལེགས་སྨོས་པ་འདི་དག་ཐམས་ཅད་ནི། །མུ་སྟེགས་ཅན་མི་གཞན་ལ་ཡོང་མ་མཆིས། །རྒྱལ་པོ་ཆེན་པོ་འདི་ནི་རེ་ ཞིག་དགེ་སྦྱོང་གཽ་ཏ་མ་དེའི་གཟུགས་ཀྱི་ཆེ་བ་ཉིད་དེ། དེ་ནི་སེམས་ཅན་ཐམས་ཅད་ལ་མ་མཆིས་པས་དེའི་སླད་དུ་དེ་ལ་སྐྱོན་མ་མཆིས་ལགས་སོ། །རྒྱལ་པོ་ཆེན་པོ་དགེ་སྦྱོང་གཽ་ཏ་མ་དེ་ནི་བྱམས་པ་ཆེན་པོའི་སྟོབས་དང་ལྡན་པ་སྟེ། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་ མ་མཆིས་པའི་ཐུགས་དང་ལྡན་པའོ། །དེའི་བྱམས་པ་དེ་ཡང་མ་ཆགས་ལ་སྒྲིབ་པ་མ་མཆིས་ཤིང་རྟག་ཏུ་འབྱུང་བ་སྟེ། ལྷུན་གྱིས་གྲུབ་པར་རྒྱས་པར་འགེང་བ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པའི་རྗེས་སུ་ཞུགས་པ་སྟེ། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་བགྱི་ན། ནོར་བུ་རིན་པོ་ཆེ་ཆུ་འདང་ནི་རང་བཞིན་གྱིས་དག་ཅིང་ཆབ་ཀྱི་རྙོག་མ་ཐམས་ཅད་དང་བར་བགྱིད་དོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་དགེ་སྦྱོང་གཽ་ཏ་མ་དེ་ཡང་ནང་ཡོངས་སུ་དག་ཅིང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་རྙོག་པ་དང་བར་ མཛད་པ་སྟེ། དེའི་སླད་དུ་དེ་ལ་སྐྱོན་མ་མཆིས་ལགས་སོ། །དེ་ལ་འདི་སྐད་ཅེས་བགྱི་སྟེ། །དུས་རྣམས་ཀུན་དང་ཞིང་ཀུན་དང ། །འཇིག་རྟེན་བྱམས་པས་ཁྱབ་པར་མཛད། །འགྲོ་བ་ཀུན་གྱི་བསམ་པ་ཡང ། །ཁྱབ་མཛད་ཀུན་མཁྱེན་བྱམས་དང་ལྡན། །ཟླ་མེད་ ཐུབ་པའི་བྱམས་པ་ཡིས། །མ་ཁྱབ་ཕྱོགས་འགའ་མ་མཆིས་ཏེ། །ཁམས་དང་བསམ་པ་རྣམས་ཀྱང་ཁྱབ། །དེ་བས་ཀུན་མཁྱེན་སྐྱོན་མ་མཆིས། །དཔེར་ན་ནོར་བུ་ཆུ་འདང་བ། །ཤིན་ཏུ་རྣམ་དག་ཆབ་འདང་བགྱིད། །དེ་བཞིན་དྲང་སྲོང་ཐུགས་དག་པ། །སྐྱེ་བོའི་ རྙོག་པ་དང་བར་མཛད། །རྒྱལ་པོ་ཆེན་པོ་དགེ་སྦྱོང་གཽ་ཏ་མ་དེ་ནི་རྣམ་པ་སུམ་ཅུ་རྩ་གཉིས་དང་ལྡན་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལགས་ཏེ། རྣམ་པ་སུམ་ཅུ་རྩ་གཉིས་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ། གཏི་མུག་གི་མུན་པར་ཞུགས་པའི་འཇིག་རྟེན་གནས་པ་གཟིགས་
57-1-123a
ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། མ་རིག་པ་ཆེན་པོའི་སྒོ་ངའི་སྦུབས་སུ་ཆུད་པའི་འཇིག་རྟེན་གནས་པ་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། འཁོར་བ་ཆེན་པོར་ ལྷུང་བའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། རྟག་ཏུ་གཡེན་སྤྱོ་ཞིང་མ་ཞི་བའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། ཉོན་མོངས་པའི་ཆུ་བོ་ ཆེན་པོས་ཁྱེར་བའི་སེམས་ཅན་རྒྱུན་གྱི་རྗེས་སུ་འགྲོ་བ་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། གཡང་ས་ཆེན་པོ་ནས་ལྷུང་ཞིང་སྡུག་བསྔལ་ཆེན་པོ་མྱོང་བའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་ གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། ལམ་ངན་པར་ཞུགས་པའི་སེམས་ཅན་འཕགས་པའི་ལམ་དང་བྲལ་བ་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། ཉོན་མོངས་པ་ཆེན་པོའི་བཅིང་བས་བཅིངས་པ་རྟག་ཏུ་དཀྲི་བས་ དཀྲིས་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། ཡུན་རིང་པོར་ཡུལ་གྱིས་དགང་དཀའ་ཞིང་ངོམས་མི་ཤེས་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། སྲེད་པས་འཁོལ་ཅིང་རྟག་ཏུ་གཞན་གྱི་དབང་དུ་གྱུར་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། རྒ་ཤིས་ཡོངས་སུ་མནར་ཅིང་ཤིན་ཏུ་ཉོན་མོངས་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་ མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། ནད་སྣ་ཚོགས་མང་པོས་ཡོངས་སུ་མནར་ཅིང་རྟག་ཏུ་ནད་པར་གྱུར་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། མེ་གསུམ་རབ་ཏུ་འབར་ཞིང་རྟག་ཏུ་སྲེག་པའི་སེམས་ཅན་དག་
57-1-123b
གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། དམན་ཞིང་ཡོངས་སུ་མ་དག་ལ་འཁོར་བ་རྣམ་པར་འཕེལ་བའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། རྟག་ཏུ་སྐྲག་ཅིང་ རྟག་ཏུ་ཡིད་སྐྲག་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། རོ་བྲོ་བ་ཆུང་བ་ལ་ཆགས་ཤིང་ཉེས་དམིགས་མ་མཐོང་བའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་ འཇུག་པ་དང ། དྲེགས་པ་སྣ་ཚོགས་མང་པོས་མྱོས་ཤིང་ཡུན་རིང་པོར་གཉིད་ཀྱིས་ལོག་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། དགོན་པ་ཆེན་པོའི་ལམ་དུ་ཞུགས་ཤིང་གསོད་པ་རྟག་ཏུ་ཕྱི་བཞིན་ འབྲང་བའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། རྟག་ཏུ་གནོད་པར་གྱུར་ཅིང་དུས་ཐམས་ཅད་དུ་འཇུག་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། མ་རིག་པས་ལོང་བར་གྱུར་ཅིང་རྟག་ཏུ་རབ་རིབ་ཀྱིས་བསྒྲིབས་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། ཐགས་འཁྲུགས་པ་ལྟ་བུར་གྱུར་ཅིང་དྲུ་བུ་འཛིངས་པ་ལྟ་བུར་གྱུར་ལ་རྩ་མུན་ཛ་དང་བལ་བ་ཛ་ལྟ་བུར་གྱུར་པའི་ སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། གནོད་པ་དང་ལྡན་ཞིང་གནོད་པ་མ་མཆིས་པ་དང་བྲལ་བའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། མི་ཁོམ་ པ་དང་ལྡན་པར་གྱུར་ཅིང་དལ་བ་དང་བྲལ་བའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། ཐེ་ཙོམ་ཅན་དུ་གྱུར་ཅིང་ལོག་པར་ལྟ་བར་ཞུགས་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་
57-1-124a
ཐུགས་རྗེ་ཆེན་པོ་འཇུག་པ་དང ། ཤིང་བལ་གྱི་འདའ་བ་ལྟར་གྱུར་ཅིང་ལྟ་བ་སྣ་ཚོགས་ལ་རྟེན་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། འདུ་ཤེས་དང་སེམས་ཕྱིན་ཅི་ལོག་ཏུ་གྱུར་ཅིང་མི་ རྟག་པ་ལ་རྟག་པར་འདུ་ཤེས་པ་དང ། སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ་དང ། མི་སྡུག་པ་ལ་སྡུག་པར་འདུ་ཤེས་པ་དང ། དངོས་པོ་མ་མཆིས་པ་ལ་དངོས་པོ་མཆིས་པར་འདུ་ཤེས་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་ རྗེ་ཆེན་པོ་འཇུག་པ་དང ། ཁུར་གྱིས་གཟིར་ཅིང་ཡུན་རིང་པོ་ནས་དུབ་སྟེ། སྡུག་བསྔལ་བའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། མཐུ་ཆུང་བ་ལ་རྟེན་ཅིང་སྙིང་པོ་མ་མཆིས་པ་སྙིང་པོར་འདུ་ཤེས་ པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། རྟག་ཏུ་ཉེ་བར་ཉོན་མོངས་པ་དང་ལྡན་པར་གྱུར་ཅིང་དྲི་མས་གོས་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། སྲིད་པའི་འདོད་ཆགས་ཀྱིས་བརླགས་ཤིང་ཡིད་ཞུམ་པའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། རྙེད་པ་དང་བཀུར་སྟིའི་ཟིལ་གྱིས་ནོན་ཅིང་རྟག་ཏུ་རྙེད་པ་ཚོལ་བའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་པོ་འཇུག་པ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམ་པ་མང་པོས་གཟིར་བའི་སེམས་ཅན་དག་གཟིགས་ན་སེམས་ཅན་རྣམས་ལ་དགེ་སྦྱོང་གཽ་ཏ་མའི་ཐུགས་རྗེ་ཆེན་ པོ་སྐྱེ་བ་སྟེ། དགེ་སྦྱོང་གཽ་ཏ་མ་དེ་ནི་རྣམ་པ་སུམ་ཅུ་རྩ་གཉིས་པོ་དེ་དང་ལྡན་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་སྟེ། དེའི་སླད་དུ་དེ་ལ་སྐྱོན་མ་མཆིས་ལགས་སོ། །དེ་ལ་འདི་སྐད་ཅེས་བགྱི་སྟེ། གཏི་མུག་མུན་པ་མུན་ནག་གིས་རྟག་ཏུ། །སེམས་ནི་བསྒྲིབས་པར་གྱུར་པའི་
57-1-124b
སྐྱེ་དགུ་དང ། །འཁོར་བའི་བཙོན་རར་ཆུད་པ་རྣམས་གཟིགས་ན། །དྲང་སྲོང་དམ་པ་དེ་ནི་ཐུགས་རྗེ་སྐྱེད། །རྟག་ཏུ་གཡེན་སྤྱོར་གྱུར་དང་རྟག་ཏུ་ཡང ། །ཆུ་བོ་བཞི་པོ་དག་གིས་ཁྱེར་གྱུར་ཅིང ། །འཁོར་བའི་རྒྱུན་ལ་གནས་པའི་སེམས་ཅན་རྣམས། །གཟིགས་ན་ སྟོབས་བཅུ་མངའ་བ་ཐུགས་རྗེ་སྐྱེ། །གཡང་ས་ཆེན་པོར་ལྷུང་བར་གྱུར་པའམ། །ལམ་ངན་ཞུགས་པའི་སེམས་ཅན་རྣམས་གཟིགས་ན། །ཐུབ་པ་ཐུགས་རྗེས་ཞི་བའི་གནས་དང་ནི། །འཕགས་པའི་རྒྱལ་པོའི་ལམ་ལ་འགོད་པ་མཛད། །བཅིངས་པར་གྱུར་དང་སྲེད་ པས་འཁོལ་བ་དང ། །རྟག་ཏུ་ཡུལ་ལ་ཆགས་དང་རྒ་བ་དང ། །འཆི་བའི་གཏིང་ལྷུང་སེམས་ཅན་རྣམས་གཟིགས་ན། །སྟོབས་བཅུ་མངའ་བའི་ཐུགས་རྗེ་རབ་ཏུ་སྐྱེ། །སྡུག་བསྔལ་རྣམ་པ་མང་པོས་མནར་བ་དང ། །མེ་གསུམ་འབར་བའི་སྐྱེ་དགུ་འདི་དག་དང ། །ངན་སོང་སས་ འཇིགས་པ་རྣམས་གཟིགས་གྱུར་ན། །སྟོབས་བཅུ་མངའ་བའི་ཐུགས་རྗེ་རབ་ཏུ་སྐྱེ། །རོ་ལ་བརྐམ་པའི་སེམས་དང་ལྡན་པ་དང ། །བག་མེད་རྟག་ཏུ་ཡུལ་ལ་ཆགས་པ་དང ། །སྲིད་པའི་དགོན་པར་ཉོན་མོངས་སེམས་ཅན་རྣམས། །གཟིགས་པར་གྱུར་ན་རྣམ་པར་གྲོལ་བར་ མཛད། །མ་རིག་ལྡོངས་ཤིང་རབ་རིབ་ཁེབས་པ་དང ། །བལ་བ་ཛ་དང་མུན་ཛ་འདྲར་གྱུར་དང ། །ཞེ་འགྲས་གྱུར་པའི་སེམས་ཅན་རྣམས་གཟིགས་ན། །སྟོབས་བཅུ་མངའ་བའི་ཐུགས་རྗེ་རབ་ཏུ་སྐྱེ། །འཁོར་བར་བཅིངས་པའི་སེམས་དང་ལྡན་པ་དང ། །མི་ཁོམ་སྐྱེས་པའི་སྐྱེ་དགུ་ འདི་དག་དང ། །ལོག་པར་ལྟ་བར་ལྷུང་བ་རྣམས་གཟིགས་ན། །སྟོབས་བཅུ་མངའ་བའི་ཐུགས་རྗེ་རབ་ཏུ་སྐྱེ། །སྡུག་བསྔལ་བདེ་དང་མི་སྡུག་སྡུག་ཤེས་དང ། །མི་རྟག་རྟག་དང་བདག་མ་མཆིས་པ་ལ། །བདག་ཏུ་འདུ་ཤེས་འཁྲུལ་བ་རྣམས་གཟིགས་ན། །སྟོབས་བཅུ་མངའ་བའི་ཐུགས་ རྗེ་རབ་ཏུ་སྐྱེ། །ཁུར་གྱིས་ནོན་ཅིང་གཟིར་བར་གྱུར་རྣམས་དང ། །དེ་བཞིན་མཐུ་ཆུང་རྟེན་པའི་བྱིས་པ་དང ། །རྟག་ཏུ་ཉོན་མོངས་ཉོན་མོངས་རྣམས་གཟིགས་ན། །སྟོབས་བཅུ་མངའ་བའི་ཐུགས་རྗེ་རབ་ཏུ་སྐྱེ། །འདོད་པའི་ཟིལ་གྱིས་ནོན་པའི་ཡིད་ལྡན་དང ། །སྲེད་པ་ཆེ་ཞིང་རྟག་ཏུ་ཡུལ་
57-1-125a
བརྐམ་དང ། །སྲིད་པའི་འདོད་ཆགས་རྒྱ་མཚོར་ལྷུང་བ་རྣམས། །གཟིགས་ནས་རྒྱལ་བའི་ཐུགས་རྗེ་ཆེན་པོ་སྐྱེ། །ནད་དང་མྱ་ངན་རྣམ་པ་མང་དག་གིས། །ཤིན་ཏུ་གཙེས་པའི་སྐྱེ་དགུ་ཉོན་མོངས་རྣམས། །གཟིགས་ནས་སྡུག་བསྔལ་མ་ལུས་བསལ་སླད་ དུ། །སྟོབས་བཅུ་མངའ་བའི་ཐུགས་རྗེ་རབ་ཏུ་སྐྱེ། །ཐུབ་པའི་ཐུགས་རྗེ་ཆེན་པོ་རྟག་བྱུང་སྟེ། །དེ་མི་འབྱུང་བ་ནམ་ཡང་སྲིད་མི་འགྱུར། །འགྲོ་བ་ཀུན་གྱི་བསམ་པ་གནས་པ་སྟེ། །དེ་བས་སངས་རྒྱས་དེ་ལ་སྐྱོན་མི་མངའ། །རྒྱལ་པོ་ཆེན་པོ་མདོར་ན་དགེ་སྦྱོང་གཽ་ཏ་མ་དེ་ནི་དྲན་ པ་ཉེ་བར་གཞག་པ་བཞི་དང་ལྡན་པའོ། །རྒྱལ་པོ་ཆེན་པོ་དགེ་སྦྱོང་གཽ་ཏ་མ་དེ་ནི་ཡང་དག་པའི་སྤོང་བ་བཞི་དང ། རྫུ་འཕྲུལ་གྱི་རྐང་པ་བཞི་དང ། དབང་པོ་ལྔ་དང ། སྟོབས་ལྔ་དང ། བྱང་ཆུབ་ཀྱི་ཡན་ལག་བདུན་དང ། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་ལྡན་པ་སྟེ། དེའི་སླད་དུ་དེ་ལ་སྐྱོན་མ་མཆིས་པ་ལགས་སོ། །དེ་ལ་འདི་སྐད་ཅེས་བགྱི་སྟེ། དྲན་པ་ཉེ་བར་གཞག་པ་བཞི་པོ་མཁྱེན། །ཡང་དག་སྤོང་བཞི་མཁྱེན་ཏེ་ཟླ་མ་མཆིས། །ཏིང་འཛིན་བསམ་གཏན་སྦྱོར་ལ་དེ་མངའ་ཆེ། །དེ་ལྟར་སེམས་ཅན་རླབས་ཆེན་སྐྱོན་མ་མཆིས། །འཇིག་རྟེན་ མགོན་གཅིག་རྫུ་འཕྲུལ་རྐང་མཉམ་པས། །སོ་སོ་ཡང་དག་རིག་པའི་ཕ་རོལ་བྱོན། །དྲང་སྲོང་ཆེན་པོ་རིག་དང་རྣམ་གྲོལ་མཁས། །ཐུབ་པ་རྣམ་དག་སེམས་ཅན་ཐབས་མཁྱེན་ལྡན། །བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་དང ། །ཚངས་པའི་གནས་པ་བཞི་ལ་དེ་དབང་ སྒྱུར། །ལྷག་མཐོང་ཞི་གནས་གཉིས་ལ་རྣལ་འབྱོར་པ། །དེ་བས་དེ་ལ་ནམ་ཡང་སྐྱོན་མ་མཆིས། །བྱང་ཆུབ་ཡན་ལག་རིན་ཆེན་རྒྱན་མཆོག་ལྡན། །ཡན་ལག་བརྒྱད་ལྡན་ལམ་ཆུ་དྲི་མེད་བཀྲུས། །བདེ་ཞིང་མི་གཡོ་འཇིགས་དང་གང་བྲལ་བའི། །ལམ་དེ་ཉིད་ལ་འགྲོ་ བ་སྦྱོར་བར་མཛད། །ཐུབ་པ་ཁྱུ་མཆོག་དེ་དང་གང་འདྲ་བའི། །སེམས་ཅན་འཇིག་རྟེན་འདི་ན་འགའ་མ་མཆིས། །ཐམས་ཅད་ཟིལ་གནོན་ཡོན་ཏན་ཀུན་དང་ལྡན། ཡོན་ཏན་དབང་ཕྱུག་དེ་ལ་སྨད་མ་མཆིས། །རྒྱལ་པོ་ཆེན་པོ་དགེ་སྦྱོང་གཽ་ཏ་མ་དེ་ནི་སྟོབས་བཅུ་དང་ལྡན་པའོ། །
57-1-125b
སྨྲས་པ། བྲམ་ཟེ་ཆེན་པོ་དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་དེ་དག་གང ། སྨྲས་པ། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། འདི་ན་དེ་བཞིན་གཤེགས་པ་ནི་གནས་ལ་ཡང་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན། གནས་མ་ལགས་པ་ལ་ཡང་གནས་མ་ལགས་ པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། རྒྱལ་པོ་ཆེན་པོ་འདི་ནི་དགེ་སྦྱོང་གཽ་ཏ་མ་དེའི་དེ་བཞིན་གཤེགས་པའི་སྟོབས་དང་པོའོ། །དེ་བཞིན་གཤེགས་པ་དེ་ནི་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་ལས་ཡང་དག་པར་བླངས་པ་རྣམས་གནས་དང ། རིགས་དང ། རྣམ་པར་སྨིན་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །འཇིག་རྟེན་གྱི་ཁམས་དུ་མ་པ་དང ། ཁམས་སྣ་ཚོགས་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །སེམས་ཅན་གཞན་དག་དང་གང་ཟག་གཞན་རྣམས་ཀྱི་མོས་པ་དུ་མ་དང་ མོས་པ་སྣ་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །སེམས་ཅན་གཞན་དག་དང་གང་ཟག་གཞན་རྣམས་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་ བཞིན་དུ་རབ་ཏུ་མཁྱེན་ཏོ། །སེམས་ཅན་གཞན་དག་དང་གང་ཟག་གཞན་རྣམས་ཀྱི་དབང་པོ་དང ། སྟོབས་དང ། བྱང་ཆུབ་ཀྱི་ཡན་ལག་དང ། བསམ་གཏན་དང ། རྣམ་པར་ཐར་པ་དང ། ཏིང་ངེ་འཛིན་དང ། སྙོམས་པར་འཇུག་པ་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་དང་ རྣམ་པར་བྱང་བ་དང་ལྡན་པ་དང ། རྣམ་པར་དག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། ཚེ་རབས་གཅིག་ཀྱང་རྗེས་སུ་དྲན་ཞིང ། ཚེ་རབས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མའི་བར་དག་ཀྱང་རྣམ་པ་དང་བཅས་པ་དང ། ས་ ཕྱོགས་དང་བཅས་པ་དང ། རྒྱུ་མཚན་དང་བཅས་པར་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ནོ། །དེ་ལྷའི་སྤྱན་རྣམ་པར་དག་པ་མིའི་ལས་འདས་པས་སེམས་ཅན་འཆི་འཕོ་བ་དང ། སྐྱེ་བ་ལས་བདེ་འགྲོ་དང་ངན་འགྲོར་སྐྱེ་བ་རྣམས་གཟིགས་སོ། །ཟག་པ་ཟད་པས་ཟག་པ་
57-1-126a
མེད་པ་སེམས་རྣམ་པར་གྲོལ་བ་དང ། ཤེས་རབ་རྣམ་པར་གྲོལ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། འདི་ནི་དགེ་སྦྱོང་གཽ་ཏ་མའི་དེ་བཞིན་གཤེགས་པའི་སྟོབས་བཅུ་པའོ། །རྒྱལ་པོ་ཆེན་པོ་དེ་དག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་དེ་དག་སྟེ། སྟོབས་དེ་དག་དང་ལྡན་པས་དེ་བཞིན་གཤེགས་པ་དེ་སྟོབས་བཅུ་མངའ་ཞེས་བགྱི་སྟེ། དེའི་སླད་དུ་དེ་ལ་སྐྱོན་མ་མཆིས་ལགས་སོ། །དེ་ལ་འདི་སྐད་ཅེས་བགྱི་སྟེ། གནས་དང་དེ་བཞིན་གནས་མ་ལགས། །ཡང་དག་ཇི་བཞིན་དེ་མཁྱེན་ཏེ། །དཔའ་བོ་ཆེན་པོ་ཡང་དག་ གསུང ། །དེ་ལ་སྐྱོན་ནི་མ་མཆིས་སོ། །དེ་ནི་འདས་པའི་དུས་ལ་ཡང ། །མ་ཆགས་པ་ཡི་ཡེ་ཤེས་འཇུག་།ད་ལྟར་བྱུང་དང་མ་འོངས་ལ། །དེ་ཡི་ཡེ་ཤེས་རྨོངས་མ་མཆིས། །ལས་དང་ལས་ཀྱི་རྣམ་སྨིན་དང ། །རྒྱུ་ཡི་ཤེས་པ་གང་ལགས་པ། །དེ་དག་ཐམས་ཅད་ མ་ལུས་པར། །འཇིག་རྟེན་རྣམ་པར་འདྲེན་པས་མཁྱེན། །དུ་མའི་ཁམས་ཅན་འཇིག་རྟེན་དང ། །སྣ་ཚོགས་ཁམས་ཅན་དེས་མཁྱེན་ཏོ། །ཁམས་མཁྱེན་ཚུལ་ལ་མཁས་པ་སྟེ། །འཇིག་རྟེན་གང་ཟག་ཟླ་མ་མཆིས། །མོས་པ་སྣ་ཚོགས་ལྡན་པ་དང ། །དེ་བཞིན་ མོས་པ་དུ་མ་ཅན། །འཇིག་རྟེན་སྒྲོན་མ་དེས་མཁྱེན་ཏེ། །ཡང་དག་ཇི་བཞིན་གཞན་དུ་མིན། །དབང་པོ་རྟུལ་བའང་རབ་ཏུ་མཁྱེན། །དེ་བཞིན་དབང་པོ་འབྲིང་ཡང་མཁྱེན། །ཡོངས་སྨིན་དབང་པོ་དེས་མཁྱེན་ཏེ། །དབང་པོ་ཚོགས་ལ་དབང་ཕྱུག་གོ། །ཐམས་ཅད་དུ་ནི་འགྲོ་ བའི་ལམ། །ཡང་དག་ཇི་བཞིན་དེས་མཁྱེན་ཏེ། །མངོན་ཤེས་དབང་པོ་བསམ་གཏན་སྟོབས། །བྱང་ཆུབ་ཡན་ལག་རྣམ་ཐར་མཁྱེན། །ཀུན་ནས་ཉོན་མོངས་རྣམ་བྱང་དག་།རྣམ་པར་དགོད་པའང་དེས་མཁྱེན་ཏོ། །ཐོགས་མེད་ཡེ་ཤེས་གཟིགས་མངའ་བས། ། དེ་ལ་ཐོགས་པ་ཡོང་མ་མཆིས། །སྔོན་ཚེ་དཔག་ཏུ་མེད་པ་དག་།རྣམ་པ་དུ་མར་དེས་གཟིགས་ཏེ། །བདག་དང་གཞན་གྱི་མ་ལུས་པར། །ཡང་དག་ཇི་བཞིན་གཞན་དུ་མིན། །དེའི་སྤྱན་དྲི་མ་མ་མཆིས་ཤིང ། །མིའི་ལས་ཤིན་ཏུ་འདས་པ་སྟེ། །སེམས་ཅན་
57-1-126b
ཤི་འཕོ་སྐྱེ་བ་ཡང ། །དེས་ནི་འདྲེན་པས་རབ་ཏུ་གཟིགས། །ཟག་པ་ཟད་པ་མཁྱེན་པ་སྟེ། །རྣམ་པར་གྲོལ་བའང་རབ་ཏུ་མཁྱེན། །ཟག་མེད་ཁམས་ནི་གང་ལགས་པ། །དེ་ནི་འདྲེན་པས་རབ་ཏུ་མཁྱེན། །སངས་རྒྱས་མངའ་ཆེན་སྒྱུར་བ་ཡིས། །སྟོབས་བཅུ་འདི་ དག་མཚུངས་མ་མཆིས། །སེམས་གཅིག་ལ་ནི་ཀུན་གནས་ཀྱང ། །སེམས་ལ་རྟོག་པ་མི་མངའ་སྟེ། །བླང་མེད་དོར་བ་མེད་ཚུལ་དུ། །ལྷུན་གྱིས་གྲུབ་པར་དེ་དག་འབྱུང ། །སྔར་བསྐོར་འཁོར་ལོའི་ཤུགས་བཞིན་དུ། །རྟོག་པ་མི་མངར་འབྱུང་བ་སྟེ། །སེམས་ ཅན་ཀུན་གྱིས་རྣམ་བསམས་པ། །སེམས་གཅིག་གིས་ནི་རབ་ཏུ་མཁྱེན། །འོན་ཀྱང་སེམས་དང་སེམས་ཅན་ལ། །གཉིས་ཀྱི་བློ་ནི་མི་འབྱུང་ངོ ། །དེ་བས་སངས་རྒྱས་དབང་སྒྱུར་ལ། །སྐྱོན་ནི་གང་ཡང་མི་མངའ་སྟེ། །ཆོས་རྣམས་ཀུན་ལ་མཁས་པ་དེ། །ཡོན་ ཏན་དཔལ་ནི་ཀུན་ལས་འཕགས། །རྒྱལ་པོ་ཆེན་པོ་དགེ་སྦྱོང་གཽ་ཏ་མ་དེ་ནི་མི་འཇིགས་པ་བཞི་དང་ལྡན་པའོ། །སྨྲས་པ། བྲམ་ཟེ་ཆེན་པོ་དགེ་སྦྱོང་གཽ་ཏ་མ་དེ་མི་འཇིགས་པ་གང་དག་དང་ལྡན་པས་མི་འཇིགས་པ་བཞི་དང་ལྡན་པ་ཞེས་བྱ་བའི་དེ་བཞིན་གཤེགས་པའི་མི་འཇིགས་པ་ བཞི་པོ་དེ་དག་གང་ཡིན། སྨྲས་པ། རྒྱལ་པོ་ཆེན་པོ་འདི་ལ་དགེ་སྦྱོང་གཽ་ཏ་མ་དེ་ནི་ང་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བདག་ཉིད་དམ་བཅས་ན་ཆོས་འདི་རྣམས་ཁྱོད་ཀྱིས་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ་དང ། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པའི་འཇིག་རྟེན་ན་ཆོས་དང་འཐུན་པར་འགའ་ཞིག་བདག་ལ་རྒོལ་བའི་རྒྱུ་དེ་ཡང་དག་པར་རྗེས་སུ་མི་གཟིགས་ཏེ། རྒྱུ་དེ་ཡང་དག་པར་རྗེས་སུ་མ་གཟིགས་པས་བདེ་བ་བརྙེས་ཤིང་མི་འཇིགས་པ་བརྙེས་ནས་ གནས་ཏེ། ཁྱུ་མཆོག་གི་གནས་སུ་དམ་འཆའ་ཞིང་འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོག་ལ། ཚངས་པའི་འཁོར་ལོ་དགེ་སྦྱོང་ངམ། བྲམ་ཟེའམ། གཞན་སུའང་རུང་བས་ཆོས་དང་འཐུན་པར་འཇིག་རྟེན་དུ་མ་བསྐོར་བ་བསྐོར་བར་མཛད་པ་དང ། ནམ་དེ་ཟག་
57-1-127a
པ་ཟད་པ་སྟེ། ང་ནི་ཟག་པ་ཟད་དོ་ཞེས་བདག་ཉིད་དམ་བཅས་ན། དེ་ལ་ཁྱོད་ཀྱིས་ཟག་པ་དེ་དག་མ་ཟད་དོ་ཞེས་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པའི་འཇིག་རྟེན་ན་ཆོས་ དང་འཐུན་པར་འགའ་ཞིག་བདག་ལ་རྒོལ་བའི་རྒྱུ་དེ་ཡང་དག་པར་རྗེས་སུ་མི་གཟིགས་ཏེ། རྒྱུ་དེ་ཡང་དག་པར་རྗེས་སུ་མ་གཟིགས་པས་བདེ་བ་བརྙེས་ཤིང ། མི་འཇིགས་པ་བརྙེས་ནས་གནས་ཏེ། ཁྱུ་མཆོག་གི་གནས་སུ་དམ་འཆའ་ཞིང ། འཁོར་གྱི་ནང་དུ་སེང་གེའི་སྒྲ་ ཡང་དག་པར་སྒྲོག་ལ་ཚངས་པའི་འཁོར་ལོ་དགེ་སྦྱོང་ངམ། བྲམ་ཟེའམ། གཞན་སུ་ཡང་རུང་བས་ཆོས་དང་འཐུན་པར་འཇིག་རྟེན་དུ་མ་བསྐོར་བ་བསྐོར་བར་མཛད་པ་དང ། དེ་བཞིན་གཤེགས་པས་གང་དག་བར་དུ་གཅོད་པའི་ཆོས་སུ་གསུངས་པ་དེ་དག་བསྟེན་ཀྱང་བར་དུ་ གཅོད་པར་མི་འགྱུར་རོ་ཞེས་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པའི་འཇིག་རྟེན་ན་ཆོས་དང་འཐུན་པར་འགའ་ཞིག་བདག་ལ་རྒོལ་བའི་རྒྱུ་དེ་ཡང་དག་པར་རྗེས་སུ་མི་གཟིགས་ཏེ། རྒྱུ་དེ་ཡང་དག་པར་ རྗེས་སུ་མ་གཟིགས་པས་བདེ་བ་བརྙེས་ཤིང་མི་འཇིགས་པ་བརྙེས་ནས་གནས་ཏེ། ཁྱུ་མཆོག་གི་གནས་སུ་དམ་འཆའ་ཞིང ། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོག་ལ། ཚངས་པའི་འཁོར་ལོ་དགེ་སྦྱོང་ངམ། བྲམ་ཟེའམ། གཞན་སུ་ཡང་རུང་བས་ཆོས་དང་ འཐུན་པར་འཇིག་རྟེན་དུ་མ་བསྐོར་བ་བསྐོར་བར་མཛད་པ་དང ། དེ་བཞིན་གཤེགས་པས་འཕགས་པ་ངེས་པར་འབྱིན་པའི་ལམ་གང་གསུངས་པ་དེ་བསྟེན་ཀྱང ། ཡང་དག་པར་སྡུག་བསྔལ་ཟད་པའི་རྒྱུར་མི་འགྱུར་རོ་ཞེས་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་ བཅས་པ། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པའི་འཇིག་རྟེན་ན། ཆོས་དང་འཐུན་པར་འགའ་ཞིག་བདག་ལ་རྒོལ་བའི་རྒྱུ་དེ་ཡང་དག་པར་རྗེས་སུ་མི་གཟིགས་ཏེ། རྒྱུ་དེ་ཡང་དག་པར་རྗེས་སུ་མ་གཟིགས་པས་བདེ་བ་བརྙེས་ཤིང ། མི་འཇིགས་པ་བརྙེས་ནས་གནས་ཏེ།
57-1-127b
ཁྱུ་མཆོག་གི་གནས་སུ་དམ་འཆའ་ཞིང་འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོག་ལ། ཚངས་པའི་འཁོར་ལོ་དགེ་སྦྱོང་ངམ། བྲམ་ཟེ་འམ། གཞན་སུ་ཡང་རུང་བས་ཆོས་དང་འཐུན་པར་འཇིག་རྟེན་དུ་མ་བསྐོར་བ་བསྐོར་བར་མཛད་པ་སྟེ། རྒྱལ་པོ་ཆེན་པོ་འདི་དག་ནི་དེ་ བཞིན་གཤེགས་པའི་མི་འཇིགས་པ་བཞི་སྟེ། དེ་དག་དང་ལྡན་པའི་དེ་བཞིན་གཤེགས་པ་ནི་འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོག་སྟེ། དེའི་སླད་དུ་དེ་ལ་སྐྱོན་མ་མཆིས་ལགས་སོ། །དེ་ལ་འདི་སྐད་ཅེས་བགྱི་སྟེ། ང་དང་མཚུངས་པའི་སེམས་ཅན་ནི། །འགའ་མེད་ ལྷག་པ་ག་ལ་ཞེས། །མི་ཡི་འདྲེན་པ་འཁོར་ནང་དུ། །སེང་གེའི་སྒྲ་ནི་སྒྲོག་པར་མཛད། །ང་ཡི་ཆོས་རྣམས་སངས་རྒྱས་པ། །དེ་དག་ཡང་དག་གཞན་དུ་མིན། །དེ་གཟིགས་རྫོགས་པའི་སངས་རྒྱས་དེ། །བསྙེངས་པ་མི་མངའ་སེང་གེ་བཞིན། །ལ་ལ་དེ་ལ་རྒོལ་འགྱུར་བའི། ། རྒྱུ་ནི་ཡང་དག་མི་གཟིགས་ཏེ། །རྒྱུ་ཡང་གཟིགས་པར་མ་གྱུར་པས། །འདྲེན་པ་བསྙེངས་པ་མི་མངའ་སྒྲོག་།ཟག་པ་ཐམས་ཅད་ཟད་གྱུར་ཏེ། །ང་ཡི་སྐུ་ལ་ཟག་པ་མེད། །དེ་ཕྱིར་ལྷར་བཅས་འཇིག་རྟེན་ན། །ང་དང་མཚུངས་པ་གང་ཡང་མེད། །བར་དུ་གཅོད་པའི་ཆོས་ གང་དག་།སྐྱེ་བོ་རྣམས་ལ་ངས་བསྟན་པ། །དེ་ཀུན་ཡང་དག་ཉིད་དུ་སྨྲས། །གཞན་དུ་འགྱུར་བ་ཡོད་མ་ཡིན། །ངེས་པར་འབྱིན་པའི་ཆོས་གང་དག་།ངས་སངས་རྒྱས་ནས་རབ་བསྟན་པ། །ཆོས་རྣམས་དེ་དག་བསྟེན་བྱས་ནས། །བར་དུ་གཅོད་པར་འགྱུར་བ་མེད། །དེ་ འདྲ་དཔའ་བོ་ཆེན་པོས་མཁྱེན། །དེ་བཞིན་གཤེགས་པས་བདེ་བརྙེས་པས། །འཇིགས་མེད་བདེ་བ་བརྙེས་གྱུར་ཏེ། །ཐུབ་པ་བསྙེངས་པ་མི་མངར་བཞུགས། །སུས་ཀྱང་བསྐོར་བར་མ་གྱུར་པའི། །ཚངས་པའི་འཁོར་ལོ་རབ་ཏུ་སྐོར། །རྐང་གཉིས་དམ་པ་མ་གཏོགས་པར། ། འཇིག་རྟེན་དག་ན་སྐོར་མི་ནུས། །རྒྱལ་པོ་ཆེན་པོ་ཡང་དགེ་སྦྱོང་གཽ་ཏ་མ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝ་བརྒྱད་པོ་འདི་དག་དང་ལྡན་པའོ། །སྨྲས་པ། བྲམ་ཟེ་ཆེན་པོ་དགེ་སྦྱོང་གཽ་ཏ་མའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝ་བརྒྱད་པོ་དེ་དག་གང་ཡིན། སྨྲས་པ། རྒྱལ་པོ་ཆེན་པོ་དེ་ལ་
57-1-128a
སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝ་བརྒྱད་ནི་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའ་བ་དང ། ཅ་ཅོ་མི་མངའ་བ་དང ། བསྙེལ་བ་མི་མངའ་བ་དང ། སེམས་མཉམ་པར་མ་བཞག་པ་མི་མངའ་བ་དང ། ཐ་དད་པའི་འདུ་ཤེས་མི་མངའ་བ་དང ། སོ་སོར་མ་ བརྟགས་པའི་བཏང་སྙོམས་མི་མངའ་བ་དང ། འདུན་པ་ཉམས་པ་མི་མངའ་བ་དང ། བརྩོན་འགྲུས་ཉམས་པ་མི་མངའ་བ་དང ། དྲན་པ་ཉམས་པ་མི་མངའ་བ་དང ། ཏིང་ངེ་འཛིན་ཉམས་པ་མི་མངའ་བ་དང ། ཤེས་རབ་ཉམས་པ་མི་མངའ་བ་དང ། རྣམ་པར་གྲོལ་བ་ཉམས་ པ་མི་མངའ་བ་དང ། ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང ། ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང ། ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང ། འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་དང ། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་དང ། ད་ལྟར་གྱི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་སྟེ། བཅཝ་བརྒྱད་པོ་དེ་དག་ནི་དགེ་སྦྱོང་གཽ་ཏ་མ་དེའི་སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཏེ། རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝ་བརྒྱད་པོ་དེ་དག་དང་ལྡན་པས་དེའི་སླད་དུ་དེ་ལ་སྐྱོན་མ་མཆིས་ལགས་སོ། །དེ་ལ་འདི་སྐད་ཅེས་བགྱི་སྟེ། སངས་རྒྱས་ལ་ནི་འཁྲུལ་མི་མངའ། །ཅ་ཅོ་དེ་བཞིན་མི་མངའ་སྟེ། ། དེ་ཡི་དགོངས་པ་ཉམས་མི་མངའ། །དེ་ཕྱིར་ཀུན་མཁྱེན་སྐྱོན་མི་མངའ། །ཐ་དད་འདུ་ཤེས་མི་མངའ་སྟེ། །རྣམ་པར་གཡེང་བའི་ཐུགས་མི་མངའ། །སོ་སོར་བརྟགས་པའི་བཏང་སྙོམས་ཏེ། །འདུན་པ་ཉམས་པ་མི་མངའོ། །དེ་ཡི་བརྩོན་འགྲུས་རྟག་ཏུ་འབར། །བསྙེལ་བ་མངའ་བ་མ་ལགས་ཏེ། ། ཤེས་རབ་དང་ནི་རྣམ་གྲོལ་དང ། །དབང་པོ་གཟིགས་པ་ཉམས་མི་མངའ། །ཡེ་ཤེས་ཀྱིས་ཀྱང་དེ་མི་འཁྲུགས། །དེ་ཡི་ལུས་དང་ངག་ཡིད་ལས། །ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། །ཡེ་ཤེས་ཀྱི་ནི་རྗེས་སུ་འབྲང ། །ཡེ་ཤེས་འབྲལ་བ་མ་མཆིས་ཏེ། །འདས་པའི་དུས་ལ་ཐོགས་མ་མཆིས། །མ་འོངས་དུས་
57-1-128b
དང་ད་ལྟར་ལའང ། །དེ་ཡི་ཡེ་ཤེས་ཐོགས་མ་མཆིས། །དགེ་སྦྱོང་བདག་ཉིད་ཆེ་བ་ཡིས། །དེ་ཡི་ཡོན་ཏན་འདི་འདྲ་བས། །འདི་ལས་གཞན་ཡང་ཚད་མེད་པ། །བདག་གིས་བགྲང་བར་རྔོ་མི་ཐོགས། །དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཆེ་བ་ བསམ་གྱིས་མི་ཁྱབ་པ་རྣམ་པ་དེ་ལྟ་བུ་དག་ཐོས་ནས། །ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། གཅེར་བུ་པའི་བུ་བདེན་སྨྲ་ལ་དད་པ་ཚད་མེད་ཅིང་བསམ་གྱིས་མི་ཁྱབ་པ་སྐྱེས་པར་གྱུར་ཏེ། སྟོན་པའི་འདུ་ཤེས་རྙེད་ནས། དགེ་བའི་བཤེས་ གཉེན་གྱི་འདུ་ཤེས་དང ། བྱང་ཆུབ་སྟོན་པའི་འདུ་ཤེས་དང ། ཐམས་ཅད་མཁྱེན་པར་སྒྲོལ་བའི་འདུ་ཤེས་དང ། ཡང་དག་པར་སྐུལ་བའི་འདུ་ཤེས་དང ། རྗེས་སུ་དྲན་པར་བྱེད་པའི་འདུ་ཤེས་དང ། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་འདུ་ཤེས་ ཀྱང་ཐོབ་པར་གྱུར་ཏོ། །དེས་འདུ་ཤེས་ཡིད་ལ་བྱ་བ་དེ་ལྟ་བུ་དང་ལྡན་པའི་སེམས་ཀྱིས་མུ་ཏིག་གི་ཕྲེང་བ་འབུམ་རི་བ་དང་རིན་ཐང་མེད་པའི་རས་བཅོས་བུ་ཕྲུགས་སུ་སྦྱར་བས་གཅེར་བུ་པའི་བུ་བདེན་སྨྲ་ལ་ཆོས་ཀྱི་དགབ་པའི་ཕྱིར་བསྐོན་ནོ། །འདི་སྐད་ཀྱི་ཚིག་ཏུ་བརྗོད་པ་ཡང་ཆེད་དུ་བརྗོད་དེ། བདེན་ སྨྲ་ཁྱོད་ཀྱིས་ཆོས་ཀྱི་ཚུལ་ལ་མཁས་པ་རྣམ་པ་འདི་ལྟ་བུ་འདི་ལེགས་པར་སྨྲས་པ་ལེགས་སོ་ལེགས་སོ། །བདེན་སྨྲ་ཁྱོད་ཀྱིས་ཆོས་བསྟན་པ་འདི་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་འཐུན་པའི་ཕྱིར་རྗེས་སུ་འཐུན་པའོ། །ཁྱོད་ཀྱིས་ཆོས་བསྟན་པ་འདི་ནི་ཐམས་ཅད་མཁྱེན་པ་ཉིད་ཐོབ་ པར་བྱེད་པའོ། །ཁྱོད་ཀྱིས་ཆོས་བསྟན་པ་འདི་ནི་འཁོར་བ་ནས་འབྱུང་བར་བྱེད་པའོ། །ཁྱོད་ཀྱིས་ཆོས་བསྟན་པ་འདི་ནི་ཉོན་མོངས་པའི་དྲི་མ་རྣམས་དག་པར་བྱེད་པའོ། །ཁྱོད་ཀྱིས་ཆོས་བསྟན་པ་འདི་ནི་སེར་སྣའི་སྒོ་གླེགས་རྣམས་འཇོམས་པའོ། །ཁྱོད་ཀྱིས་ཆོས་བསྟན་པ་འདི་ནི་གཏོང་ བའི་རྔ་རྣམས་རྡུང་བར་བྱེད་པའོ། །ཁྱོད་ཀྱིས་ཆོས་བསྟན་པ་འདི་ནི་ང་རྒྱལ་གྱི་རི་རྣམས་རྙིལ་བར་བྱེད་པའོ། །ཁྱོད་ཀྱིས་ཆོས་བསྟན་པ་འདི་ནི་སྲེད་པའི་རྒྱ་མཚོ་སྐེམ་པར་བྱེད་པའོ། །ཁྱོད་ཀྱིས་ཆོས་བསྟན་པ་འདི་ནི་མི་ཤེས་པའི་ཐིབས་པོ་སྣང་བར་བྱེད་པའོ། །ཁྱོད་ཀྱིས་ཆོས་བསྟན་པ་འདི་ནི་སེམས་
57-1-129a
ཅན་ཡོངས་སུ་སྨིན་པར་བྱེད་པའི་དུས་དང་ཚོད་ལས་མི་འདའ་བའོ། །དེ་སྐད་ཅེས་སྨྲས་པ་དང ། གཅེར་བུ་པའི་བུ་བདེན་སྨྲས། རྒྱལ་པོ་གཏུམ་པོ་རབ་སྣང་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ལམ་ནི་གང་ ཡང་རུང་སེམས་ཅན་འདུལ་བར་མི་འགྱུར་བ་དེ་གང་ཡང་མ་མཆིས་སོ། །ཆོས་བསྟན་པ་གང་ཡང་རུང་ཐེག་པ་ཆེན་པོ་དང་མི་འཐུན་པ་དེ་གང་ཡང་མ་མཆིས་སོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་དག་པར་མི་སྒྲུབ་པ་དེ་ལྟ་བུ་མ་མཆིས་སོ། །ཉོན་མོངས་པ་ཐམས་ཅད་ཟད་པར་ མི་བགྱིད་པ་དེ་ལྟ་བུ་མ་མཆིས་སོ། །འཁོར་བའི་ཉེས་པ་མི་སྟོན་པ་དེ་ལྟ་བུ་མ་མཆིས་སོ། །མྱ་ངན་ལས་འདས་པ་མི་སྒྲུབ་པ་དེ་ལྟ་བུ་མ་མཆིས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་དང་མི་འཐུན་པ་དེ་ལྟ་བུ་མ་མཆིས་སོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའི་རྩོམ་པ་ཐམས་ཅད་ནི་ བདག་གི་དོན་དང་གཞན་གྱི་དོན་དང་གཉིས་ཀའི་དོན་ཡོངས་སུ་གྲུབ་པར་བགྱིད་པའོ། །གཅེར་བུ་པའི་བུ་བདེན་སྨྲས་བསྟན་པ་འདི་བཤད་པའི་ཚེ། རྒྱལ་པོ་གཏུམ་པོ་རབ་སྣང་གིས་ཕྱིར་མི་ཟློག་པའི་དད་པ་ཐོབ་པར་གྱུར་ཏོ། །རྒྱལ་བུ་གཞོན་ནུ་བཅུ་དྲུག་གིས་དགའ་བའི་ཤུགས་ཀྱི་ ཡུལ་ཞེས་བྱ་བའི་དད་པ་ཐོབ་པར་གྱུར་ཏོ། །ལྷའི་བུ་ཁྲི་བརྒྱད་སྟོང་གིས་སངས་རྒྱས་ཀྱི་རྒྱན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །རྒྱལ་པོའི་ཕོ་བྲང་དེའི་མི་དང ། གཅེར་བུ་པའི་བུ་འཁོར་དེའི་ནང་ནས་མི་ཁྲི་སུམ་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ སྐྱེས་པར་གྱུར་ཏེ། དེ་དག་ཐམས་ཅད་ཀྱིས་རང་རང་གི་གོས་གཅེར་བུ་པའི་བུ་བདེན་སྨྲ་ལ་ཆོས་ཀྱིས་དགབ་པའི་ཕྱིར་བསྐོན་ཏེ་འདི་སྐད་ཀྱི་ཚིག་ཀྱང་བརྗོད་པར་གྱུར་ཏེ། བདག་ཅག་གིས་འདི་ལྟར་རིགས་ཀྱི་བུ་བདེན་སྨྲ་མཐོང་ཞིང་རྗེས་སུ་འཐུན་པའི་ཆོས་བསྟན་པ་འདི་ཐོས་པ་ནི་བདག་ཅག་ གི་རྙེད་པ་ལེགས་པར་རྙེད་དོ་ཞེས་བརྗོད་ནས་འདི་སྐད་ཀྱི་ཚིག་ཀྱང་སྨྲས་ཏེ། བདེན་སྨྲ་ཚུར་སྤྱོན་ད་བཅོམ་ལྡན་འདས་དེ་བལྟ་བ་དང ། དེ་ལ་ཕྱག་བྱ་བ་དང ། བསྙེན་བཀུར་བྱ་བའི་ཕྱིར་བཞུད་དོ། །དེ་བཞིན་གཤེགས་པ་དེ་ནི་བདག་ཅག་ཉིད་ཀྱི་སྐྱེད་མོས་ཚལ་ན་བཞུགས་སོ། །བདེན་སྨྲས་སྨྲས་པ་
57-1-129b
ཀུན་ཀྱང་ཚུར་ཤེག་།རྒྱལ་པོ་དང་བཅས། དཔུང་དང་བཅས། གྲོང་རྡལ་གྱི་མི་དང་བཅས། ཡུལ་གྱི་མི་དང་བཅས། འཁོར་གྱི་མི་དང་བཅས་པར་ལྷན་ཅིག་འཐུན་པར་བགྱིས་ཏེ་བཀོད་པ་ཆེན་པོས་འདོང་ངོ ། །དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་གྲོང་ ཁྱེར་ཐམས་ཅད་དུ་དྲིལ་གྱི་སྒྲ་བསྒྲགས་ཏེ། དེ་བཞིན་གཤེགས་པའི་གན་དུ་སུ་མི་འགྲོ་བ་དེའི་ཆད་པ་ནི་བསད་པའོ་ཞེས་བསྒོའོ། །དེ་ནས་གྲོང་གི་མི་སྐྱེས་པ་དང ། བུད་མེད་དང ། ཁྱེའུ་དང ། བུ་མོ་ཐམས་ཅད་ཀྱིས་རྒྱལ་པོ་གཏུམ་པོ་རབ་སྣང་གི་བཀའ་དེ་ཐོས་ནས། མེ་ཏོག་དང ། སྤོས་དང ། མེ་ཏོག་ཕྲེང་དང ། བྱུག་པ་དང ། སིལ་སྙན་དང ། ཕེག་རྣམས་ཐོགས་ཏེ། གྲོང་ཁྱེར་ཆེན་པོ་འཕགས་རྒྱལ་ནས་ཕྱི་རོལ་ཏུ་འཐོན་ཏེ། སྐྱེད་མོས་ཚལ་དུ་འདོང་བར་ཆས་ནས་རྒྱལ་པོ་གཏུམ་པོ་རབ་སྣང་ལ་སྡོད་ཅིང་འཁོད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གཅེར་ བུ་པའི་བུ་བདེན་སྨྲ་དང་ལྷན་ཅིག་།བློན་པོའི་ཚོགས་དང་ལྷན་ཅིག་།རྒྱལ་བུ་གཞོན་ནུ་དང ། དཔུང་གི་ཚོགས་དང་ལྷན་ཅིག་།བཙུན་མོའི་འཁོར་དང་ལྷན་ཅིག་།གྲོང་རྡལ་པའི་མི་དང་ཡུལ་གྱི་མི་རྣམས་དང་ལྷན་ཅིག་།འཁོར་གྱི་མི་དང་ཆབ་སྒོ་པ་རྣམས་དང་ལྷན་ཅིག་ཏུ་ཐམས་ཅད་ ཀྱིས་ཡོངས་སུ་བསྐོར་ཅིང་དཔུང་གི་བཀོད་པ་ཆེན་པོས་མདུན་དུ་བདར་ནས། གདུགས་དང ། རྒྱལ་མཚན་དང ། བ་དན་དག་ནི་བསྒྲེང ། སིལ་སྙན་བྱེ་བ་འབུམ་དག་ནི་བུན་ལོང་དུ་བྱས། གར་དང ། གླུ་དང ། རོལ་མོའི་སྒྲ་དབྱངས་ནི་བསྒྲགས། རོལ་མོའི་སྤྱད་ཀི་མ་པ་ལ་དང ། ན་ཀུ་ ལ་དང ། ཁར་དཀྲོལ་དང ། ཕེག་གི་སྒྲ་ནི་བསྒྲགས། རྟ་དང་གླང་པོ་ཆེ་རྣམས་སྒྲ་ནི་འབྱིན། བཀྲ་ཤིས་ཀྱི་བུམ་པ་གསེར་ཐག་གིས་བཏགས་པ་འབུམ་དག་ཐོགས་པ་རྣམས་ནི་མདུན་དུ་བཀྱེ་སྟེ། གླང་པོ་ཆེའི་ཤིང་རྟ་པ་རྣམས་དང ། རྟའི་ཤིང་རྟ་པ་རྣམས་དང ། སྲོག་ཆགས་འབུམ་ཕྲག་དགུ་ བཅུ་རྩ་བརྒྱད་དང་ལྷན་ཅིག་ཏུ་རྒྱལ་པོའི་མཐུ་ཆེན་པོ་དང ། རྒྱལ་པོའི་འབྱོར་པ་ཆེན་པོ་དང ། རྒྱལ་པོའི་རྣམ་པར་འཕྲུལ་པ་ཆེན་པོ་དང ། རྒྱལ་པོའི་རྣམ་པར་རྩེ་བ་ཆེན་པོས་རང་གི་སྐྱེད་མོས་ཚལ་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་
57-1-130a
ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །གཅེར་བུ་པའི་བུ་བདེན་སྨྲ་ཡང་འཁོར་དང་བཅས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ལན་འབུམ་ཕྲག་དུ་མར་བསྐོར་བ་བྱས་ཏེ། ཐལ་མོ་སྦྱར་ནས་ མིག་མི་འཛུམས་པར་བཅོམ་ལྡན་འདས་ལ་བལྟ་ཞིང་འདུག་གོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་གཅེར་བུ་པའི་བུ་བདེན་སྨྲ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་མིག་མི་འཛུམས་པར་བཅོམ་ལྡན་འདས་ལ་བལྟ་ཞིང་འདུག་པ་མཐོང་ངོ ། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། ཀྱེ་མ་ གཅེར་བུ་པའི་བུ་བདེན་སྨྲ་འདི་ཅི་ཞིག་འདོད་དེ། འདིར་འོངས་སྙམ་ནས། དེ་ལྟར་རྣམ་པར་བརྟགས་ཏེ། གཅེར་བུ་པའི་བུ་བདེན་སྨྲ་ལ་འདི་སྐད་ཅེས་སྨྲས་སོ། །བདེན་སྨྲ་ཁྱོད་ཅི་ཞིག་འདོད་དེ་དེ་བཞིན་གཤེགས་པའི་ཐད་དུ་འོངས། ཅི་བཅོམ་ལྡན་འདས་བལྟ་བར་འདོད་དམ། ཆོས་ ཉན་པར་འདོད། དེ་སྐད་ཅེས་སྨྲས་པ་དང ། གཅེར་བུ་པའི་བུ་བདེན་སྨྲས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཁོ་བོ་ནི་བཅོམ་ལྡན་འདས་བལྟ་བར་འདོད་པ་མ་ཡིན། ཆོས་ཉན་པར་འདོད་པ་ཡང་མ་ཡིན་ཏེ། བཙུན་པ་ཤ་ར་དྭ་ཏིའི་ བུ་ཁོ་བོ་ནི་ཆོས་ཐམས་ཅད་མི་འདོད་པའི་ཕྱིར་བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་སོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་ཤ་ར་དྭ་ཏིའི་བུ་གཟུགས་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བ་མ་ཡིན། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་མཐོང་བ་ནི་དེ་བཞིན་ གཤེགས་པ་མཐོང་བ་མ་ཡིན། སའི་ཁམས་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བ་མ་ཡིན། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བ་མ་ཡིན། བདག་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བ་མ་ཡིན། སེམས་ཅན་ དང ། སྲོག་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བ་མ་ཡིན། གང་ཟག་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བ་མ་ཡིན། ངར་འཛིན་པ་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བ་མ་ཡིན། ང་ཡིར་འཛིན་པ་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བ་མ་ཡིན། མཚན་མ་མཐོང་བ་ནི་དེ་
57-1-130b
བཞིན་གཤེགས་པ་མཐོང་བ་མ་ཡིན་པའི་ཕྱིར་ཏེ། བཙུན་པ་ཤ་ར་དྭ་ཏིའི་བུ་མཚན་མ་ཐམས་ཅད་མ་མཐོང་བ་དེ་ནི་དེ་བཞིན་གཤེགས་པ་མཐོང་བའོ། །མངོན་པར་ཞེན་པ་མེད་པ་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བའོ། །དངོས་པོ་མེད་པ་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བའོ། ། ངོ་བོ་ཉིད་མེད་པ་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བའོ། །ཡང་དག་པའི་མཐའ་མེད་པར་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བའོ། །མིག་གཟུགས་ལ་འདོད་ཆགས་དང་བྲལ་བར་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བའོ། །རྣ་བ་སྒྲ་ལ་རྣམ་པར་རིག་པ་མེད་པར་མཐོང་བ་ནི་ དེ་བཞིན་གཤེགས་པ་མཐོང་བའོ། །སྣ་དྲི་ལ་འཕོ་བ་མེད་པར་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བའོ། །ལྕེ་རོ་ལ་རྣམ་པར་ཤེས་པར་མི་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བའོ། །ལུས་རེག་བྱ་ལ་རེག་པར་མི་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བའོ། །ཡིད་ཆོས་ལ་ རྣམ་པར་མ་བརྟགས་པར་འཛིན་པ་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བའོ། །ཤ་ར་དྭ་ཏིའི་བུས་སྨྲས་པ་བདེན་སྨྲ་དེ་ལྟར་མཐོང་བས་གལ་ཏེ་དེ་བཞིན་གཤེགས་པ་མཐོང་བ་ཡིན་ན། འོ་ན་དེ་བཞིན་གཤེགས་པ་ཇི་ལྟར་བལྟ་བར་བྱ། བདེན་སྨྲས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་ བཞིན་གཤེགས་པ་ནི་རིགས་སུ་མི་བལྟའོ། །རུས་སུ་མི་བལྟའོ། །མཚན་ཉིད་དུ་མི་བལྟའོ། །མཚན་ཉིད་མེད་པར་མི་བལྟའོ། །ཆོས་སུ་མི་བལྟའོ། །ཆོས་མ་ཡིན་པར་མི་བལྟའོ། །ཡང་དག་པར་མི་བལྟའོ། །ཡང་དག་པ་མ་ཡིན་པར་མི་བལྟའོ། །དམིགས་པར་མི་ བལྟའོ། །དམིགས་པ་མེད་པར་མི་བལྟའོ། །ཡིད་ལ་བྱ་བར་མི་བལྟའོ། །ཡིད་ལ་བྱ་བ་མེད་པར་མི་བལྟའོ། །རྟོག་པར་མི་བལྟའོ། །མི་རྟོག་པར་མི་བལྟའོ། །འདུས་བྱས་སུ་མི་བལྟའོ། །འདུས་མ་བྱས་སུ་མི་བལྟའོ། །དངོས་པོ་ཡོད་པར་མི་བལྟའོ། །དངོས་པོ་མེད་པར་མི་བལྟའོ། ། གོང་བུར་མི་བལྟའོ། །རྫས་སུ་མི་བལྟའོ། །གཟུགས་སུ་མི་བལྟའོ། །ཚོར་བར་མི་བལྟའོ། །འདུ་ཤེས་སུ་མི་བལྟའོ། །འདུ་བྱེད་རྣམས་སུ་མི་བལྟའོ། །རྣམ་པར་ཤེས་པར་མི་བལྟའོ། །ཉེ་བར་ལེན་པར་མི་བལྟའོ། །ཉེ་བར་ལེན་པ་མེད་པར་མི་བལྟའོ། །དེ་བཞིན་གཤེགས་པ་ནི་སྐྱེ་བར་
57-1-131a
མི་བལྟའོ། །སྐྱེ་བ་མེད་པར་མི་བལྟའོ། །དེ་སྐད་ཅེས་སྨྲས་པ་དང ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་གཅེར་བུ་པའི་བུ་བདེན་སྨྲ་ལ་འདི་སྐད་ཅེས་སྨྲས་སོ། །བདེན་སྨྲ་གལ་ཏེ་དེ་བཞིན་གཤེགས་པ་དེ་ལྟར་མི་ལྟ་ན་སྐྱེས་བུ་དམ་པ་ཁྱོད་དེ་བཞིན་གཤེགས་པ་ལ་ཇི་ལྟར་བལྟ། སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་ཁོ་བོ་ནི་དེ་བཞིན་གཤེགས་པ་གཟུགས་སུ་མི་བལྟའོ། །དེ་བཞིན་གཤེགས་པ་གཟུགས་ལས་གཞན་དུ་ཡང་མི་བལྟའོ། །དེ་བཞིན་གཤེགས་པ་གཟུགས་གཞིག་པའི་ཕྱིར་མི་བལྟའོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཁོ་བོ་ནི་དེ་བཞིན་གཤེགས་ པ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང་རྣམ་པར་ཤེས་པར་མི་བལྟའོ། །དེ་བཞིན་གཤེགས་པ་རྣམ་པར་ཤེས་པ་ལས་གཞན་དུ་ཡང་མི་བལྟའོ། །དེ་བཞིན་གཤེགས་པ་རྣམ་པར་ཤེས་པ་གཞིག་པའི་ཕྱིར་ཡང་མི་བལྟའོ། །དེ་བཞིན་གཤེགས་པ་འཇིག་རྟེན་དུ་ གཏོགས་པར་མི་བལྟའོ། །དེ་བཞིན་གཤེགས་པ་འཇིག་རྟེན་ལས་རྒལ་བར་མི་བལྟའོ། །དེ་བཞིན་གཤེགས་པ་ཕུང་པོས་རབ་ཏུ་ཕྱེ་བར་མི་བལྟའོ། །དེ་བཞིན་གཤེགས་པ་ཁམས་ཀྱིས་རབ་ཏུ་ཕྱེ་བར་མི་བལྟའོ། །དེ་བཞིན་གཤེགས་པ་སྐྱེ་མཆེད་ཀྱིས་རབ་ཏུ་ཕྱེ་བར་མི་བལྟ་སྟེ། དེ་ བཞིན་གཤེགས་པ་ནི་ཚིག་གི་ལམ་ཐམས་ཅད་ཀྱིས་བརྗོད་དུ་མེད་པར་བལྟ་ཞིང་ཅི་ནས་ཀྱང་མི་མཐོང་བ་དང་རྣམ་པར་མི་མཐོང་བ་དང ། མི་དམིགས་པ་དང ། མི་རྟོག་པ་དང ། རྣམ་པར་མི་རྟོག་པ་དང ། ཡོངས་སུ་མི་རྟོག་པ་དང ། རྣམ་པར་མཐོ་བཙམ་པ་མེད་པ་དང ། ཀུན་ནས་སློང་བ་མེད་པ་ དང ། ལེན་པ་མེད་པ་དང ། འདོར་བ་མེད་པ་དང ། སྤྲོས་པ་མེད་པ་དང ། མཚན་མར་བྱ་བ་མེད་པ་དང ། མཚན་མར་བྱ་བ་མེད་པ་མ་ཡིན་པ་དང ། བྱ་བ་མེད་པ་དང ། རྣམ་པར་བྱ་བ་མེད་པ་དང ། ཡོད་པར་བྱ་བ་མེད་པ་དང ། མེད་པར་བྱ་བ་མེད་པ་དང ། བླང་བ་མེད་པ་དང ། དོར་བ་མེད་པ་དང ། བསམ་པ་མེད་པ་དང ། ལྷུན་གྱིས་གྲུབ་པ་མེད་པ་དང ། དམིགས་སུ་མེད་པ་ཡང་མ་ཡིན་པ་དེ་ལྟར་དེ་བཞིན་གཤེགས་པ་བལྟ་སྟེ། བརྗོད་དུ་མེད་པ་དང ། བརྗོད་དུ་མེད་པ་ཡང་མ་ཡིན་པ་དེ་ལྟར་དེ་བཞིན་གཤེགས་པ་བལྟའོ། །ཚིག་གི་ལམ་དང་དབྱངས་སུ་བརྗོད་པ་ཐམས་ཅད་ལས་ཡང་དག་པར་
57-1-131b
འདས་པས། མཐོང་བ་མེད་པར་དེ་བཞིན་གཤེགས་པ་བལྟའོ། །བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་བཞིན་གཤེགས་པ་ལ་དེ་ལྟར་བལྟ་སྟེ། ཁོ་བོ་ཡང་དེ་བཞིན་དུ་བལྟའོ། །ཤ་ར་དྭ་ཏིའི་བུས་སྨྲས་པ་དེ་བཞིན་གཤེགས་པ་ལ་གལ་ཏེ་དེ་ལྟར་བལྟ་ན། དེའི་ཆོས་བསྟན་པ་ཡང་ ཇི་ལྟར་ཉན། སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་གལ་ཏེ་ཁོ་བོ་ལ་ཆོས་ཀྱི་འདུ་ཤེས་སྐྱེ་བ་ཞིག་ཡོད་དམ། ཆོས་མ་ཡིན་པའི་འདུ་ཤེས་སྐྱེ་བ་ཞིག་ཡོད་ན་ནི་ཁོ་བོ་ཡང་བཅོམ་ལྡན་འདས་ཀྱི་ཆོས་བསྟན་པ་ཉན་ཏོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་ཤ་ར་དྭ་ཏིའི་བུ་བརྗོད་པ་ཐམས་ཅད་ལས་བྱང་ཆུབ་སེམས་ དཔའི་ཆོས་ཀྱི་ཚིག་འབྱུང་བ་མེད་དེ། དེ་ལ་མངོན་པར་ཞེན་པ་ཡང་མེད་ལ་ཆོས་ཀྱི་འདུ་ཤེས་ཀྱང་མི་སྐྱེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདུ་ཤེས་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། བདེན་སྨྲ་ཁྱོད་ཆོས་དོན་དུ་གཉེར་བའི་ཕྱིར་དེ་བཞིན་གཤེགས་པའི་ཐད་དུ་མ་འོངས་ སམ། སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་ཁོ་བོ་ནི་ཆོས་དོན་དུ་གཉེར་བ་ཡང་མ་ཡིན། ཆོས་མ་ཡིན་པ་དོན་དུ་གཉེར་བ་ཡང་མ་ཡིན་པར་དེ་བཞིན་གཤེགས་པའི་ཐད་དུ་འོངས་སོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་ཤ་ར་དྭ་ཏིའི་བུ་ཆོས་དོན་དུ་གཉེར་ཞེས་བྱ་བ་དེ་ནི་ཆོས་ཐམས་ཅད་ལ་དོན་དུ་ གཉེར་བ་མེད་པའི་ཚིག་བླ་དགས་ཏེ། བཙུན་པ་ཤ་ར་དྭ་ཏིའི་བུ་གང་ཆོས་དོན་དུ་གཉེར་བ་དེ་ནི་སངས་རྒྱས་ལ་མངོན་པར་ཞེན་པར་འདོད་པ་མ་ཡིན། ཆོས་ལ་སྒྲོ་གདགས་པར་འདོད་པ་མ་ཡིན། དགེ་འདུན་བསྐྱེད་པར་འདོད་པ་མ་ཡིན། སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བར་འདོད་པ་མ་ཡིན། ཀུན་འབྱུང་བ་སྤང་བར་འདོད་པ་མ་ཡིན། ལམ་བསྒོམ་པར་འདོད་པ་མ་ཡིན། འགོག་པ་མངོན་དུ་བྱ་བར་འདོད་པ་མ་ཡིན། འདོད་པའི་ཁམས་ལས་ཡང་དག་པར་འདའ་བར་འདོད་པ་མ་ཡིན། གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ལས་ཡང་དག་པར་འདའ་བར་འདོད་པ་མ་ཡིན། མྱ་ངན་ལས་འདའ་བར་འདོད་པ་མ་ཡིན་པའི་ཕྱིར་ཏེ། བཙུན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན་འདི་ལྟར་ཁོ་བོ་ནི་ཆོས་ཐམས་ཅད་ལ་དོན་དུ་གཉེར་བ་མེད་པར་དེ་བཞིན་གཤེགས་པའི་སྤྱན་སྔར་ཕྱིན་པར་རིག་པར་བགྱིའོ། །དེ་སྐད་ཅེས་སྨྲས་པ་དང ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་གཅེར་བུ་པའི་བུ་བདེན་
57-1-132a
སྨྲ་ལ་འདི་སྐད་ཅེས་སྨྲས་སོ། །བདེན་སྨྲ་ཅི་ལས་བསམས་ཏེ་དེ་སྐད་ཅེས་སྨྲ། སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་ཁོ་བོ་ནི་བསམས་པ་མེད་པར་ཆོས་ཐམས་ཅད་དེ་ལྟར་སྟོན་ཏོ། །བཙུན་པ་ཤ་ར་དྭ་ཏིའི་བུ་ཆོས་ཀྱི་དབྱིངས་ལ་ནི་གཉིས་མི་དམིགས་པའི་ཕྱིར་བསམས་པ་ཡང་མི་ དམིགས་མ་བསམས་པ་ཡང་མི་དམིགས་སོ། །སྨྲས་པ། བདེན་སྨྲ་ཁྱོད་འགྲོ་བ་དག་དང་མི་སྦྱོར་རམ། སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་གལ་ཏེ་ཁོ་བོས་འགྲོ་བ་ཞིག་དམིགས་ན་ནི་སྦྱོར་བ་ཡང་ཡོད། གལ་ཏེ་ཁོ་བོ་ལ་སྐྱེ་བ་ཞིག་ཡོད་ན་ནི་སྐྱེ་བར་ཡང་འགྱུར། གལ་ཏེ་ཁོ་བོ་ལ་འཕོ་བ་ཞིག་ ཡོད་ན་ནི་འཕོ་བར་ཡང་འགྱུར་ན། བཙུན་པ་ཤ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ནི་འཕོ་བ་མེད་པ་སྟེ། འགྲོ་བ་མེད་ཅིང་ཤི་འཕོ་དང་སྐྱེ་བ་མེད་པའོ། །སྨྲས་པ། བདེན་སྨྲ་དེ་བཞིན་གཤེགས་པས་དགེ་སློང་ཁྱོད་ནི་སྐྱེའོ། །རྒའོ། འཆིའོ། འཕོའོ། འབྱུང་ངོ་ཞེས་འདི་མ་གསུངས་སམ། སྨྲས་པ། བཙུན་ པ་ཤ་ར་དྭ་ཏིའི་བུ་འགྲོ་བ་ལ་རྟེན་ཅིང་ལྷག་པའི་ང་རྒྱལ་ཡོད་པའི་སེམས་ཅན་རྣམས་ཀྱི་རྟེན་པ་བསལ་བའི་ཕྱིར་དེ་བཞིན་གཤེགས་པ་དེ་སྐད་ཅེས་སྟོན་ཏེ། བསྟན་པའི་ཆོས་ཉིད་ཇི་ལྟ་བ་བཞིན་དུ་བྱ་ན་འདི་ལ་འགྲོ་བ་མེད། ཤི་འཕོ་མེད། སྐྱེ་བ་མེད་དོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། བདེན་སྨྲ་ ལེགས་སོ་ལེགས་སོ། །འདི་ལྟར་ཐེག་པ་ཆེན་པོ་འདི་བསྟན་པའི་དོན་རྣམ་པར་ངེས་པ་ལ་མཁས་པ་ལེགས་སོ་ལེགས་སོ། །བདེན་སྨྲས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་དོན་ནི་གང ། རྣམ་པར་ངེས་པ་ནི་གང་ཡིན་པ་མཁྱེན་ཏམ། ཤ་ར་དྭ་ཏིའི་བུས་སྨྲས་པ། རིགས་ཀྱི་བུ་ཁོ་བོ་ནི་ སྟོན་པར་འདོད་པ་མ་ཡིན་གྱི་ཉན་པར་འདོད་པ་ཡིན་གྱིས། རིགས་ཀྱི་བུ་དོན་ནི་གང ། རྣམ་པར་ངེས་པ་ནི་གང་ཁྱོད་ཀྱིས་སྟོན་ཅིག་དེ་སྐད་ཅེས་སྨྲས་པ་དང ། གཅེར་བུ་པའི་བུ་བདེན་སྨྲས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུ་དོན་ཞེས་བྱ་བ་ནི་བརྗོད་ དུ་མེད་པའོ། །དེ་བརྗོད་པ་གང་ཡིན་པ་དེ་ནི་རྣམ་པར་ངེས་པ་ཞེས་བྱའོ། །དོན་ཞེས་བྱ་བ་ནི་སྨྲར་མེད་པའོ། །དེ་སྨྲ་བ་གང་ཡིན་པ་དེ་ནི་རྣམ་པར་ངེས་པ་ཞེས་བྱའོ། །དོན་ཞེས་བྱ་བ་ནི་སྨོས་སུ་མེད་པའོ། །དེ་སྨོས་པ་གང་ཡིན་པ་དེ་ནི་རྣམ་པར་ངེས་པ་ཞེས་བྱའོ། །དོན་ཞེས་བྱ་བ་ནི་གཡོ་བ་མེད་པ། བསམ་པ་མེད་པ།
57-1-132b
སྤྲོས་པ་མེད་པ། བརྟགས་པ་མེད་པ། རྣམ་པར་བསྒྲུབས་པ་མེད་པ། དངོས་པོ་མེད་པ། རྫས་མེད་པ། ངར་འཛིན་པ་མེད་པ། དབའ་རླབས་མེད་པ། གཟུང་བ་མེད་པ། གནས་མེད་པ། གནས་ཀྱི་ཚིག་གི་ལམ་ཐམས་ཅད་ལས་ཡང་དག་པར་འདས་པའོ། །རྣམ་པར་ངེས་པ་ཞེས་བྱ་བ་ནི་ བསམ་པ་དང ། གཞལ་བ་དང ། བགྲང་བ་དང ། བརྟག་པ་དང ། གཞན་གྱི་སེམས་ཀྱི་རྒྱུད་ལ་གོ་བར་བྱེད་པའོ། །དོན་ཞེས་བྱ་བ་ནི་དོན་སོ་སོ་ཡང་དག་པར་རིག་པའོ། །རྣམ་པར་ངེས་པ་ཞེས་བྱ་བ་ནི་ཆོས་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། བཙུན་པ་ཤ་ར་ དྭ་ཏིའི་བུ་འདི་ནི་མདོར་ན་དོན་ཏོ། །འདི་ནི་རྣམ་པར་ངེས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་བདེན་སྨྲ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཇི་ལྟར་ཁྱོད་སྟོན་པ་དེ་ལྟར་གཞན་གྱིས་ཀྱང་བསྟན་པར་བྱའོ། །ཁྱོད་ཀྱིས་བསྟན་པ་འདི་བཤད་པས་ ལྷའི་བུ་སྟོང་ཕྲག་གསུམ་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་པར་གྱུར་ཏོ། །སྲོག་ཆགས་ཉི་ཁྲིས་ཁྱོད་ཀྱི་སྤོབས་པའི་ཆེ་བ་ཕུན་སུམ་ཚོགས་པ་འདི་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་བདེན་སྨྲས་མུ་སྟེགས་ཅན་གྱི་ཆ་བྱད་འདིས་སེམས་ཅན་ཇི་སྙེད་ཅིག་ཡོངས་སུ་སྨིན་པར་བགྱིས་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽད་གལ་གྱི་ བུ་ཆེན་པོ་གནས་འདི་ཐོས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་གཏོགས་པར་ལྷ་དང་བཅས་པའི་འཇིག་རྟེན་རྨོངས་པར་འགྱུར་རོ། །མཽད་གལ་གྱི་བུ་ཆེན་པོ་འོན་ཀྱང་མགོ་ཙམ་ཞིག་བསྟན་གྱིས་རིགས་ཀྱི་བུ་བདེན་སྨྲ་འདིས་ཁ་དོག་དང ། གཟུགས་དང ། སྤྱོད་ལམ་སྣ་ཚོགས་ཀྱིས་སེམས་ཅན་ ཇི་སྙེད་ཡོངས་སུ་སྨིན་པར་བྱས་པ་ཉོན་ཅིག་།མཽད་གལ་གྱི་བུ་ཆེན་པོ་རིགས་ཀྱི་བུ་བདེན་སྨྲ་འདིས་མུ་སྟེགས་ཅན་གྱི་གཟུགས་སུ་གནས་ཏེ། སེམས་ཅན་རི་རབ་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །སྤྱོད་པའི་གཟུགས་ཀྱིས་སེམས་ཅན་
57-1-133a
གླིང་བཞི་པའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །ཀུན་ཏུ་རྒྱུའི་གཟུགས་ཀྱིས་སེམས་ཅན་གང་གཱའི་ཀླུང་བརྒྱད་ཅུ་རྩ་བཞིའི་བྱེ་མ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། ། ཉན་ཐོས་ཀྱི་གཟུགས་ཀྱིས་སེམས་ཅན་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་ཉན་ཐོས་ཀྱི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་བསྟན་ནས་ཕྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །དེ་བས་ཀྱང་ཆེས་མང་བའི་སེམས་ཅན་རྣམས་རང་སངས་རྒྱས་ཀྱི་གཟུགས་ཀྱིས་ ཡོངས་སུ་སྨིན་པར་བྱས་སོ། །བྱང་ཆུབ་སེམས་དཔའི་གཟུགས་ཀྱིས་སེམས་ཅན་བགྲང་བ་ལས་འདས་པ་ཡོངས་སུ་སྨིན་པར་བྱས་སོ། །གཞན་དག་བརྒྱ་བྱིན་གྱི་གཟུགས་ཀྱིས། གཞན་དག་ཚངས་པའི་གཟུགས་ཀྱིས། གཞན་དག་འཁོར་ལོས་སྒྱུར་བའི་གཟུགས་ཀྱིས། གཞན་དག་ འཇིག་རྟེན་སྐྱོང་བའི་གཟུགས་ཀྱིས། གཞན་དག་མིའམ་ཅིའི་གཟུགས་ཀྱིས། གཞན་དག་ལྷ་མ་ཡིན་གྱི་གཟུགས་ཀྱིས། གཞན་དག་ནམ་མཁའ་ལྡིང་གི་གཟུགས་ཀྱིས། གཞན་དག་ལྟོ་འཕྱེ་ཆེན་པོའི་གཟུགས་ཀྱིས། གཞན་དག་སྐྱེས་པའི་གཟུགས་ཀྱིས། གཞན་དག་བུད་མེད་ཀྱི་གཟུགས་ ཀྱིས། གཞན་དག་ཁྱེའུའི་གཟུགས་ཀྱིས། གཞན་དག་བུ་མོའི་གཟུགས་ཀྱིས། གཞན་དག་སའི་ལྷའི་གཟུགས་ཀྱིས། གཞན་དག་ལྷན་ཅིག་སྐྱེས་པའི་ལྷའི་གཟུགས་ཀྱིས། གཞན་དག་དྲང་སྲོང་གི་གཟུགས་ཀྱིས། གཞན་དག་བྲམ་ཟེའི་གཟུགས་ཀྱིས། གཞན་དག་དགེ་སློང་གི་གཟུགས་ ཀྱིས། གཞན་དག་དགེ་སློང་མའི་གཟུགས་ཀྱིས། གཞན་དག་དགེ་བསྙེན་གྱི་གཟུགས་ཀྱིས། གཞན་དག་དགེ་བསྙེན་མའི་གཟུགས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་ཏེ། མཽད་གལ་གྱི་བུ་རིགས་ཀྱི་བུ་བདེན་སྨྲ་འདིས་དེ་ལྟར་སེམས་ཅན་མང་པོ་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །གསོལ་པ། འདིས་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་མཉེས་པར་བགྱིས་ལགས། བཀའ་སྩལ་པ། མཽད་གལ་གྱི་བུ་སའི་ཁམས་དང ། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་དང་།
57-1-133b
ནམ་མཁའི་ཁམས་དང ། སེམས་ཅན་གྱི་ཁམས་ཀྱི་མཐའ་ནི་རྟོགས་པར་ནུས་སྲིད་ཀྱི། རིགས་ཀྱི་བུ་བདེན་སྨྲ་འདིས་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་གཟུགས་སྣ་ཚོགས་ཀྱིས་མཉེས་པར་བྱས་པའི་སངས་རྒྱས་བྱུང་བ་དེ་དག་གི་མཐའ་ནི་རྟོགས་པར་མི་ནུས་སོ། །དེ་ནས་གནས་བརྟན་ འོད་སྲུང་ཆེན་པོས་རིགས་ཀྱི་བུ་བདེན་སྨྲ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་མང་པོ་མཉེས་པར་བྱས་ན་དེ་ལྟར་བསམ་པ་ཡོངས་སུ་རྫོགས་པ་ཅིའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ། བདེན་སྨྲས་ སྨྲས་པ། བཙུན་པ་འོད་སྲུང་གལ་ཏེ་ཁོ་བོའི་བྱང་ཆུབ་བམ། མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་པ་ཞིག་དམིགས་ན་ནི་ཁོ་བོ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །སྨྲས་པ། བདེན་སྨྲ་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་ མ་སྙེད་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་སམ། མངོན་པར་རྫོགས་པར་འཚང་མི་རྒྱ་འམ། མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རམ། སྨྲས་པ། བཙུན་ པ་འོད་སྲུང་དེ་ནི་སེམས་ཅན་མངོན་པའི་ང་རྒྱལ་ཅན་རྣམས་ལ་གྲངས་སུ་བྱས་པ་ཡིན་ཏེ། འདི་ལ་དོན་དམ་པར་ན་བྱང་ཆུབ་དམིགས་སུ་མེད་དོ། །བྱང་ཆུབ་སེམས་དཔའ་ཡང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་འོད་སྲུང་འདི་ལྟར་བྱང་ཆུབ་ནི་འདུས་མ་བྱས་པ་སྟེ། གྲངས་ཐམས་ཅད་དང་བྲལ་བ། གཟུགས་མེད་པ། བསྟན་དུ་མེད་པ་སྟེ། སྔོན་པོ་མ་ཡིན། སེར་པོ་མ་ཡིན། དཀར་པོ་མ་ཡིན། བཙོད་ཀ་མ་ཡིན། ཤེལ་གྱི་མདོག་མ་ཡིན། ཁ་དོག་མེད་པ། དབྱིབས་མེད་པ། རྟགས་མེད་པ།མཚན་མ་མེད་པ་མཚན་མ་ཐམས་ཅད་ ལས་ཡང་དག་པར་འདས་པ། གནས་མེད་པ། གནས་ཐམས་ཅད་ཡང་དག་པར་བཅོམ་པ། དངོས་པོ་མེད་པ། དངོས་པོ་ཐམས་ཅད་དང་བྲལ་བ། མཚན་ཉིད་མེད་པ། མཚན་ཉིད་ཐམས་ཅད་དང་བྲལ་བ། བརྗོད་དུ་མེད་པ། ཚིག་གི་ལམ་ཐམས་ཅད་ཀྱིས་
57-1-134a
རྟོགས་པར་མི་ནུས་པ། བལྟར་མེད་པ། རིལ་པོ་མ་ཡིན་པ། རྫས་མེད་པ། མུན་པ་མེད་པ། སྣང་བ་མེད་པ། རྟགས་མེད་པ། དབྱིབས་མེད་པ། སྨྲར་མེད་པ། སྨོས་སུ་མེད་པ། རེག་པར་བྱར་མེད་པ། རྣམ་པར་ཤེས་པར་མི་རུང་བ། ཐོས་པར་མི་རུང་བ། དབྱངས་མེད་པ། ཚིག་གི་ལམ་མེད་པ། ཐོགས་པ་མེད་པ། མ་བཅིངས་པ། མ་གྲོལ་བ། འདོད་ཆགས་མེད་པ། ཞེ་སྡང་མེད་པ། གཏི་མུག་མེད་པ། རྒྱུ་ཐམས་ཅད་ཀྱིས་གདགས་སུ་མེད་པ། གདགས་པར་བྱ་བ་མ་ཡིན་པ་སྟེ། བཙུན་ པ་འོད་སྲུང་བྱང་ཆུབ་ནི་དེ་ལྟ་བུའི་རང་བཞིན་ཡིན་པས་དེ་ནི་ལུས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། སེམས་ཀྱིས་ཀྱང་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་འོད་སྲུང་ལུས་ནི་སེམས་མེད་པ། གཡོ་བ་མེད་པ། རྩཝ་དང ། ཤིང་དང ། རྩིག་པ་དང ། བོང་བ་ སྣང་བ་ལྟ་བུ་སྟེ། དེས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །སེམས་ཀྱང་དེ་ལྟ་བུའི་རང་བཞིན་ཡིན་ཞིང་བལྟར་མེད་པ། དེས་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བར་མི་ནུས་སོ། །གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་སེམས་ཅན་ དེ་དག་ཀྱང་མི་དམིགས་ཏེ། བཙུན་པ་འོད་སྲུང་ཆོས་ཐམས་ཅད་དེ་ལྟ་བུའི་རང་བཞིན་ཡིན་ན། དེ་ལ་ཅིའི་ཕྱིར་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་ཞེས་ཇི་སྟེ་དེ་ལྟར་སེམས་པར་གྱུར། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་དང ། དགེ་ སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་དེ་དག་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དེ་དག་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་སེམས་ཅན་བདག་ཅག་གི་བསམ་པ་དང་མོས་པ་བཞིན་དུ་ཐེ་ཙོམ་དང་ནེམ་ནུར་དང་ཡིད་གཉིས་ བསལ་བའི་ཕྱིར་རིགས་ཀྱི་བུ་བདེན་སྨྲ་འདི་ཇི་སྲིད་ཅིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དང ། འཇིག་རྟེན་གྱི་ཁམས་གང་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང ། འདི་བྱང་ཆུབ་ཐོབ་ནས་མཚན་ཅི་ཞེས་བྱ་བར་འགྱུར་བ་དང ། ཚེའི་ཚད་
57-1-134b
ཇི་ཙམ་དུ་འགྱུར་བ་དང ། བྱང་ཆུབ་ཐོབ་ནས་དེའི་འཁོར་འདུས་པ་ཇི་སྙེད་ཅིག་ཏུ་འགྱུར་བ་ལུང་བསྟན་ཀྱང་ཅི་མ་རུང་སྙམ་པ་དང ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་དང ། དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་དེ་དག་ དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་ཐུགས་སུ་ཆུད་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་རིགས་ཀྱི་བུ་བདེན་སྨྲ་འདི་ནི་བསྐལ་པ་བཟང་པོ་འདི་འདས་པའི་འོག་ཏུ་བསྐལ་པ་ བགྲང་བ་ལས་ཡང་དག་པར་འདས་པ་སྙེད་ཅིག་ན་བསྐལ་པ་གནོད་པར་སྡོ་བའི་དགྲ་མེད་པ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་ཤིན་ཏུ་རྣམ་པར་བལྟས་པའི་གྲགས་པ་ཅན་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེན་པའི་བློ་གྲོས་ཀྱི་ཏོག་གི་རྒྱལ་ པོ་ཞེས་བྱ་བར་འགྱུར་རོ། །འཇམ་དཔལ་འཇིག་རྟེན་གྱི་ཁམས་ཤིན་ཏུ་རྣམ་པར་བལྟས་པའི་གྲགས་པ་ཅན་ཞེས་བྱ་བ་དེ་ནི་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པ། རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་བརྒྱན་པ། རིན་པོ་ཆེའི་རབ་འབུམ་ཕྲག་བདུན་གྱིས་བསྐོར་བ། སྤོས་ཆུའི་འོབས་འབུམ་ ཕྲག་བདུན་གྱིས་རྗེས་སུ་བསྐོར་བ། ནོར་བུ་རིན་པོ་ཆེ་བཻ་དཱུརྱ་ཆེན་པོ་འབུམ་ཕྲག་བདུན་གྱི་ཤིང་ཐགས་བཙུགས་པ། འཛམ་བུ་ཆུ་བོའི་གསེར་གྱི་དྲ་བ་ས་ཡ་དག་གིས་སྟེང་ནས་ཡོངས་སུ་བཀབ་པ། ནོར་བུ་རིན་པོ་ཆེ་ས་ཡ་དག་གིས་བརྒྱན་པའི་རྟ་བབས་དང་ལྡན་པ། ནོར་བུ་རིན་པོ་ ཆེ་སེང་གེ་ཡིད་དུ་འོང་བ་ས་ཡ་དག་གིས་སྤྲས་པའི་པུ་ཤུ་དང ། སྐར་ཁུང་དག་གིས་མཛེས་པར་བྱས་པ། ནོར་བུ་རིན་པོ་ཆེ་སེང་གེའི་རྒྱལ་མཚན་ས་ཡ་དག་གིས་སྤྲས་པའི་མཁའ་རྟེན་རྣམས་ཀྱིས་མཛེས་པར་བྱས་པ། ནོར་བུ་རིན་པོ་ཆེ་སྣང་བའི་རྒྱལ་མཚན་ས་ཡ་དག་གིས་གཅིག་ ཏུ་འབར་བར་སྣང་བར་བྱས་པ། དྲིལ་བུ་གཡེར་ཀའི་དྲ་བ་ས་ཡ་དག་གིས་ཀུན་ནས་སྒྲ་ཕྱུང་བའི་སྒྲ་ཡིད་དུ་འོང་བ་དང་ལྡན་པ། གསེར་གྱི་ལྡ་ལྡི་ས་ཡ་དག་ཀུན་ནས་མངོན་པར་བྲེས་པ་དང་ལྡན་པ། ནོར་བུ་རིན་པོ་ཆེ་ཏོག་གི་རྒྱལ་མཚན་གྱི་ལྷའི་བ་དན་དང ། རྒྱལ་མཚན་ས་ཡ་བསྒྲེང་
57-1-135a
བ་དང་ལྡན་པར་འགྱུར་ཏེ། འཇམ་དཔལ་འཇིག་རྟེན་གྱི་ཁམས་ཤིན་ཏུ་རྣམ་པར་བལྟས་པའི་གྲགས་པ་ཅན་དེ་ནི་ལག་མཐིལ་ལྟར་མཉམ་ཞིང་རིན་པོ་ཆེའི་ཤིང་ལྗོན་པ་དག་གིས་ཀུན་ཏུ་གང་བར་འགྱུར་ཏེ། དེ་ན་རྩཝ་སྐྱེ་བ་དག་འཇམ་ཞིང་གཡུང་དྲུང་འཁྱིལ་བ་ ལྟར་གཡས་སུ་འཁྱིལ་ལ། རྨ་བྱའི་མགྲིན་པ་འདྲ་ཞིང་ཀ་ཙ་ལིན་དི་ཀའི་གོས་ལྟར་འཇམ་པ་ཤ་སྟག་གིས་འཇིག་རྟེན་གྱི་ཁམས་ཤིན་ཏུ་རྣམ་པར་བལྟས་པའི་གྲགས་པ་ཅན་དེ་ཀུན་ནས་གཡོགས་པར་འགྱུར། སྐྱེད་མོས་ཚལ་ས་ཡ་དག་གིས་བརྒྱན་པར་འགྱུར། སྐྱེད་ མོས་ཚལ་རེ་རེ་ཡང ། རྫིང་བུ་ས་ཡ་དག་གིས་ལེགས་པར་བརྒྱན་ཅིང་ཀུན་ནས་མཛེས་པར་འགྱུར། རྫིང་བུ་རེ་རེ་ཡང་སྟེགས་བརྒྱད་དང་བཅས་པ་ནོར་བུ་རིན་པོ་ཆེ་ཡན་ལག་བརྒྱད་དང་ལྡན་པས་སྤྲས་པ། འཛམ་བུ་ཆུ་བོའི་གསེར་གྱི་བྱེ་མ་བདལ་བ། ཡན་ལག་བརྒྱད་དང་ ལྡན་པའི་ཆུས་ཡོངས་སུ་གང་བ། རིན་པོ་ཆེའི་པད་མས་ཀུན་ནས་ཡོག་པ། ངང་པ་དང ། ངུར་པ་དང ། ཁྲུང་ཁྲུང་སྒྲ་སྐེད་འབྱིན་པ་དང་ལྡན་པར་འགྱུར་ཏེ། འཇམ་དཔལ་དེ་ལྟར་འཇིག་རྟེན་གྱི་ཁམས་ཤིན་ཏུ་རྣམ་པར་བལྟས་པའི་གྲགས་པ་ཅན་དེ་ནི་གྲོང་དང ། གྲོང་ཁྱེར་ དང ། གྲོང་རྡལ་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་ས་ཡ་དག་གིས་ཀུན་ནས་བརྒྱན་པར་འགྱུར། གྲོང་ཁྱེར་ཆེན་པོ་རེ་རེ་ཡང་གྲོང་ཁྱེར་ས་ཡ་ས་ཡ་དག་གིས་ལེགས་པར་བརྒྱན་པར་འགྱུར་ཞིང་དེ་བཞིན་དུ་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ཡུལ་ འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་ཐམས་ཅད་ཀྱང་དེ་སྙེད་དུ་འགྱུར་ཏེ། གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ཡུལ་འཁོར་ས་ཡ་ས་ཡ་ཐམས་ཅད་ཀྱང་སྐྱེས་པ་དང ། བུད་མེད་དང ། ཁྱེའུ་དང ། བུ་མོ་དུ་མ་དག་གིས་གང་བར་འགྱུར་རོ། །འཇམ་དཔལ་འཇིག་ རྟེན་གྱི་ཁམས་ཤིན་ཏུ་རྣམ་པར་བལྟས་པའི་གྲགས་པ་ཅན་དེར་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བར་མ་བལྟ་ན་ཡིད་དུ་འོང་བ་ཞེས་བྱ་བ། ཤིན་ཏུ་བལྟ་ན་སྡུག་པ། ཤིན་ཏུ་མཛེས་པ། ཤིན་ཏུ་འབྱོར་པ། ཤིན་ཏུ་རྒྱས་པ། སྐྱེས་པ་དང ། བུད་མེད་ཤིན་ཏུ་མང་བས་གང་བ་འབྱུང་བར་
57-1-135b
འགྱུར་ཏེ། དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེན་པའི་བློ་གྲོས་ཀྱི་ཏོག་གི་རྒྱལ་པོ་དེའི་སྐྱེ་བའི་གྲོང་ཁྱེར་དུ་འགྱུར་རོ། །འཇམ་དཔལ་དེ་བཞིན་གཤེགས་པ་བདེན་པའི་བློ་གྲོས་ཀྱི་ཏོག་གི་རྒྱལ་པོ་དེ་ནི་བྲམ་ ཟེའི་རིགས་ལས་མངོན་པར་འབྱུང་བར་འགྱུར་རོ། །དེའི་ཡུམ་ནི་ཤུགས་ལྡན་ཞེས་བྱ་བར་འགྱུར་ཏེ། ད་ལྟར་ངའི་ཡུམ་ལྷ་མོ་སྒྱུ་འཕྲུལ་ལྟ་བུར་འགྱུར་རོ། །དེའི་ཡབ་ནི་ཚངས་པའི་དབྱིག་ཅེས་བྱ་བར་འགྱུར་ཏེ། ད་ལྟར་ངའི་ཡབ་རྒྱལ་པོ་ཟས་གཙང་མ་ལྟ་བུར་འགྱུར་རོ། ། དེའི་སྲས་ནི་སྒྲ་རྣམ་པར་གྲགས་པ་ཞེས་བྱ་བར་འགྱུར་ཏེ། །ད་ལྟར་ངའི་གཞོན་ནུ་སྒྲ་གཅན་འཛིན་ལྟ་བུར་འགྱུར་རོ། །དེའི་བཙུན་མོ་དམ་པ་ནི་བློ་གྲོས་ཆེན་པོ་ཞེས་བྱ་བར་འགྱུར་ཏེ། ད་ལྟར་ངའི་ཤཱཀྱའི་བུ་མོ་ས་འཚོ་མ་ལྟ་བུར་འགྱུར་རོ། །དེའི་མ་མ་ནི་གྲགས་པ་ཆེན་པོ་ཞེས་ བྱ་བར་འགྱུར་ཏེ། ད་ལྟར་ངའི་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལྟ་བུར་འགྱུར་རོ། །བཅོམ་ལྡན་འདས་དེའི་རིམ་གྲོ་པ་ནི་རྟག་ཏུ་རྗེས་སུ་འབྲང་བ་ཞེས་བྱ་བར་འགྱུར་ཏེ། ད་ལྟར་ངའི་རིམ་གྲོ་པ་འདུན་པ་ལྟ་བུར་འགྱུར་རོ། །དེ་བཞིན་གཤེགས་པ་བདེན་པའི་བློ་གྲོས་ཀྱི་ཏོག་ གི་རྒྱལ་པོ་དེ་གང་ལ་བཅིབས་ཏེ། མངོན་པར་འབྱུང་བར་འགྱུར་བའི་རྟའི་རྒྱལ་པོ་དེ་ནི་ཤུགས་ཅན་ལྡན་ཞེས་བྱ་བར་འགྱུར་ཏེ། ད་ལྟར་ངའི་རྟའི་རྒྱལ་པོ་བསྔགས་ལྡན་ལྟ་བུར་འགྱུར་རོ། །བཅོམ་ལྡན་འདས་དེའི་བྱང་ཆུབ་ཀྱི་སྙིང་པོ་ནི་ཆོས་ཀྱིས་འཕགས་པ་ཞེས་བྱ་བར་འགྱུར་ ཏེ། དེར་དེ་བཞིན་གཤེགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བྱང་ཆུབ་ཀྱི་སྙིང་པོ་དེ་ནི་བྱང་ཆུབ་ཀྱི་ཤིང་འབུམ་ཕྲག་བརྒྱད་ཅུས་ཡོངས་སུ་བསྐོར་བར་འགྱུར་རོ། །འཇམ་དཔལ་དེའི་ཚེ་དེའི་དུས་ན་བདུད་དམ་ བདུད་ཀྱི་རིས་ཀྱི་ལྷ་རྣམས་འབྱུང་བར་མི་འགྱུར་ཏེ། འཇམ་དཔལ་གང་གི་ཚེ་དེ་བཞིན་གཤེགས་པ་བདེན་པའི་བློ་གྲོས་ཀྱི་ཏོག་གི་རྒྱལ་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེའི་ཚེ་འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་གྱི་
57-1-136a
རིས་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་མེ་ཏོག་དང་ཕྲེང་བ་དང ། སྤོས་དང ། ཕྱེ་མ་དང ། བྱུག་པ་དང ། སིལ་སྙན་དང ། ཕེག་ཐོགས་ཤིང་བྱང་ཆུབ་ཀྱི་སྙིང་པོ་ཆོས་ཀྱིས་འཕགས་པ་ག་ལ་བ་དེར་དོང་སྟེ། གླུ་དང་རོལ་མོ་སྣ་ཚོགས་བྱེད་པར་འགྱུར་རོ། ། འོག་མིན་རིས་ཀྱི་མཐར་ཐུག་པའི་ལྷའི་ཚོགས་ཐམས་ཅད་ཀྱང་དེར་འདུ་བར་འགྱུར་རོ། །གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོའི་ཚོགས་ཕལ་པོ་ཆེའང་དེར་འདུ་བར་འགྱུར་རོ། །ཤར་ཕྱོགས་དང ། ལྷོ་ཕྱོགས་དང ། ནུབ་ཕྱོགས་ དང ། བྱང་ཕྱོགས་དག་ནས་ཀྱང་བྱང་ཆུབ་སེམས་དཔའི་ཚོགས་ཤིན་ཏུ་མང་བ་འདུ་བར་འགྱུར་རོ། །འཇམ་དཔལ་དེ་བཞིན་གཤེགས་པ་བདེན་པའི་བློ་གྲོས་ཀྱི་ཏོག་གི་རྒྱལ་པོ་དེ་ཐོག་མ་མངོན་པར་རྫོགས་པར་སངས་རྒྱས་ནས་འདུས་པའི་འཁོར་དུ་བྱང་ཆུབ་སེམས་དཔའི་སྤྱོད་ ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་བ་བསྟན་པའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་མདོ་སྡེ་བྱེ་བ་འབུམ་ཕྲག་དུ་མའི་འཁོར་དང་ལྡན་པ་སྟོན་པར་འགྱུར་ཏེ། འཇམ་དཔལ་དེ་བཞིན་གཤེགས་པ་བདེན་པའི་བློ་གྲོས་ཀྱི་ཏོག་གི་རྒྱལ་པོ་དེས་ཆོས་ཀྱི་རྣམ་གྲངས་དེ་བསྟན་པའི་ཚེ་ སེམས་ཅན་གང་གཱའི་ཀླུང་གི་བྱེ་མ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཏེ། འཇམ་དཔལ་དེ་བཞིན་གཤེགས་པ་བདེན་པའི་བློ་གྲོས་ཀྱི་ཏོག་གི་རྒྱལ་པོ་དེས་ཆོས་སྟོན་པ་ནི་ཐེག་པ་གསུམ་རྣམ་པར་དགོད་པས་མི་སྟོན་ཏེ། སངས་ རྒྱས་ཀྱི་ཞིང་དེར་ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པ་དག་འབྱུང་བར་མི་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱང་ཐེག་པ་གཅིག་ལ་མོས་པ་རྒྱ་ཆེན་པོ་ལ་མོས་པ་ཤ་སྟག་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་ཏེ། འཇམ་དཔལ་དེ་ལྟར་དེ་བཞིན་གཤེགས་པ་ བདེན་པའི་བློ་གྲོས་ཀྱི་ཏོག་གི་རྒྱལ་པོ་དེའི་འདུས་པ་དང་པོ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འགྱུར་རོ། །འདུས་པ་གཉིས་པ་ནི་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་ཁྲག་ཁྲིག་ཕྲག་བརྒྱད་ཅུར་
57-1-136b
འགྱུར་རོ། །འདུས་པ་གསུམ་པ་ནི་བྱང་ཆུབ་སེམས་དཔའ་དཀྲིགས་ཕྲག་དྲུག་ཅུར་འགྱུར་ཏེ། དེ་ཕྱིན་ཅད་སེམས་ཅན་གྲངས་དང་བགྲང་བ་ལས་འདས་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་འགོད་པར་འགྱུར་རོ། །འཇམ་དཔལ་དེ་ བཞིན་གཤེགས་པ་བདེན་པའི་བློ་གྲོས་ཀྱི་ཏོག་གི་རྒྱལ་པོ་དེ་བྱང་ཆུབ་ཐོབ་པའི་ཚེའི་ཚད་ནི་བར་གྱི་བསྐལ་པ་དྲུག་ཅུར་འགྱུར་རོ། །དེ་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་ལོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུར་དམ་པའི་ཆོས་གནས་པར་འགྱུར་རོ། །དམ་པའི་ཆོས་རྒྱས་པས་ སེམས་ཅན་དེ་སྙེད་འདུལ་བར་འགྱུར་རོ། །འཇམ་དཔལ་དེ་བཞིན་གཤེགས་པ་དེ་གང་གི་ཚེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེའི་ཚེ་བྱང་ཆུབ་སེམས་དཔའ་ཏོག་ཆེན་པོ་ཞེས་བྱ་བ་འདི་ངའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་ རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་བཀོད་པ་ཆེན་པོ་ཞེས་བྱ་བར་འགྱུར་རོ་ཞེས་བྱང་ཆུབ་སེམས་དཔའ་ཏོག་ཆེན་པོ་ཞེས་བྱ་བ་ལུང་བསྟན་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ནས་དེའི་ཚེ་ཐམས་ཅད་དང་ ལྡན་པའི་འཁོར་དེ་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ཏོག་ཆེན་པོ་ཞེས་བྱ་བ་འབྱུང་ཞིང ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདེན་པའི་བློ་གྲོས་ཀྱི་ཏོག་གི་རྒྱལ་པོ་དེའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཀོད་པ་ཆེན་པོ་ཞེས་བྱ་བར་འགྱུར་བ་དེ་གང་ཞིག་ཡིན་སྙམ་དུ་ཡ་མཚན་དུ་འཛིན་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་དེའི་སེམས་ཀྱི་རྣམ་པར་རྟོག་པ་ཐུགས་ ཀྱིས་ཐུགས་སུ་ཆུད་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་རིགས་ཀྱི་བུ་བདེན་སྨྲ་འདིའི་མདུན་དུ་བྲམ་ཟེའི་ཁྱེའུ་བདེན་དགའ་ཞེས་བྱ་བ་འདུག་པ་བྲམ་ཟེའི་བྱིས་པ་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་བྱ་བ་འདི་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་
57-1-137a
པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཀོད་པ་ཆེན་པོ་ཞེས་བྱ་བར་འགྱུར་ཏེ། དེའི་སངས་རྒྱས་ཀྱི་ཞིང་གི་བཀོད་པ་དེ་དག་ནི་དེ་བཞིན་གཤེགས་པ་བདེན་པའི་བློ་གྲོས་ཀྱི་ཏོག་གི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་གི་བཀོད་པ་བཞིན་དུ་འགྱུར་རོ། །སངས་རྒྱས་ཀྱི་ ཞིང་གི་ཡོན་ཏན་བཀོད་པའི་ཆེ་བ་དེ་ཐོས་ནས་འཁོར་གྱི་དཀྱིལ་འཁོར་དེ་ལས་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་སྨོན་ལམ་བཏབ་སྟེ། གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདེན་པའི་བློ་གྲོས་ཀྱི་ཏོག་གི་ རྒྱལ་པོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་དེའི་ཚེ་བདག་ཅག་ཀྱང་འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་ཤོག་ཤིག་ཅེས་སྨོན་ལམ་བཏབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ཐམས་ཅད་ཀྱང་སངས་ རྒྱས་ཀྱི་ཞིང་དེར་སྐྱེ་བར་ལུང་བསྟན་ཏོ། །དེ་ནས་གཅེར་བུ་པ་འབུམ་ཕྲག་བརྒྱད་ཅུ་པོ་དེ་དག་གིས་ཀྱང་ཚིག་འཐུན་པར་སྨྲས་པ། བཅོམ་ལྡན་འདས་བདག་ཅག་ཀྱང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ ཀྱང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་ལུང་བསྟན་ཏོ། །དེ་ནས་སྟེང་གི་བར་སྣང་ལས་ཀྱང་ལྷའི་བུ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུས་འདི་སྐད་ཀྱི་ཚིག་བརྗོད་དེ། བཅོམ་ལྡན་འདས་བདག་ཅག་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདེན་པའི་བློ་གྲོས་ཀྱི་ཏོག་གི་ རྒྱལ་པོ་དེ་བྱང་ཆུབ་བརྙེས་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཤིན་ཏུ་རྣམ་པར་བལྟས་པའི་གྲགས་པ་ཅན་དེར་སྐྱེ་བར་གྱུར་ཅིག་།ཡོན་ཏན་བཀོད་པ་བསམ་གྱིས་མི་ཁྱབ་པ་དེ་ཡང་མཐོང་བར་ཤོག་ཤིག་ཅེས་སྨོན་ལམ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ལྷའི་བུ་དག་ཁྱེད་ཅག་ཀྱང་འཇིག་རྟེན་གྱི་ཁམས་ཤིན་ཏུ་རྣམ་པར་བལྟས་པའི་གྲགས་པ་ཅན་དེར་སྐྱེ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་ཡང་མཉེས་པར་བྱེད་པར་འགྱུར་རོ། །ལྷའི་བུ་ཁྱེད་ཀྱང་འཇིག་རྟེན་གྱི་ཁམས་ཤིན་ཏུ་རྣམ་པར་བལྟས་པའི་གྲགས་པ་
57-1-137b
ཅན་དེ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། མིང་ཐ་དད་པའི་དེ་བཞིན་གཤེགས་པར་འགྱུར་ལ་ཚེའི་ཚད་ནི་འཐུན་པར་འགྱུར་རོ། །དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་ པ་དྲུག་ཏུ་གཡོས་ཏེ། སའི་འོག་ནས་པད་མ་འཛམ་བུ་ཆུ་བོའི་གསེར་གྱི་འདབ་མ་ཅན་ནོར་བུ་རིན་པོ་ཆེ་ཆེན་པོ་ཨན་ད་རྙིལ་གྱི་ཟེ་བའི་ཚོགས་ཅན། སྤུག་གི་སྙིང་པོ་དང་ལྡན་པ། ནོར་བུ་རིན་པོ་ཆེ་བཻ་དཱུརྱའི་ཆུ་བ་ཅན། བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་གིས་ས་གཞི་བརྟོལ་ནས་ མངོན་པར་འཕགས་ཏེ། པད་མ་དེ་དག་ཐམས་ཅད་ལ་བྱང་ཆུབ་སེམས་དཔའི་གཟུགས་སྐྱིལ་མོ་ཀྲུང་དུ་འཁོད་པ་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པའི་ལུས་ཀྱིས་བཅོམ་ལྡན་འདས་ལ་འདུད་ཅིང་ཕྱག་འཚལ་བར་སྣང་བར་གྱུར་ཏེ། དེ་དག་གིས་རིན་པོ་ཆེ་སྣ་ཚོགས་ ཀྱི་སྤྲིན་གྱི་དྲ་བ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བཀབ་ནས་འདི་སྐད་ཀྱི་ཚིག་བརྗོད་དོ། །བཅོམ་ལྡན་འདས་བདག་ཅག་ནི་འཇིག་རྟེན་གཞན་དང་གཞན་གྱི་ཁམས་ནས་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་བཀའ་སྩལ་པ་ འདིའང་ཉན། བཅོམ་ལྡན་འདས་ལ་ཡང་བལྟ་བ་དང ། ཕྱག་བགྱི་བ་དང ། བསྙེན་བཀུར་བགྱི་བ་དང ། རིགས་ཀྱི་བུ་བདེན་སྨྲ་འདི་དང་འཁོར་འདུས་པ་འདི་ཡང་བལྟ་བའི་སླད་དུ་འདིར་མཆིས་ཏེ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ཐོས་པས་སངས་རྒྱས་ཀྱི་ཞིང་བསམ་གྱིས་མི་ ཁྱབ་པ་དག་ཏུ་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་དོན་འདི་ཉིད་ཤིན་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །རྩེ་གཅིག་ སེམས་སུ་དབང་པོ་མཉམ་ཞོག་སྟེ། །དེ་རིང་ངས་སྨྲས་འདི་དོན་མཉན་པར་གྱིས། །དེ་བཞིན་གཤེགས་ལ་བརྫུན་གྱི་ཚིག་མི་མངའ། །བདེ་གཤེགས་རང་བྱུང་ཚིག་ནི་གཞན་དུ་མིན། །སྐྱེ་བོ་དེ་དགའ་བདེན་སྨྲ་འདི་ཉིད་ནི། །དག་ཅིང་དྲི་མེད་གནོད་མེད་བསྐལ་པ་ལ། །བསྐལ་པ་གྲངས་མེད་
57-1-138a
མང་པོས་འཇིག་རྟེན་དུ། །འཚང་རྒྱ་བདེན་པའི་བློ་གྲོས་ཏོག་གི་རྒྱལ། །ཉོན་མོངས་གནོད་པ་དེ་ལ་མི་འབྱུང་སྟེ། །དེ་ཕྱིར་བསྐལ་པ་དེ་ནི་གནོད་མེད་པ། །འཇིག་རྟེན་མིང་ཡང་རྣམ་པར་བལྟས་པ་སྟེ། །བསྐལ་པ་དེ་ནི་དཔལ་གྱི་ཕུང་པོར་འགྱུར། །རྣམ་པར་འདྲེན་ པ་དེ་ཡི་བསྐལ་པ་དེ། །ལྷ་མི་རྣམས་ཀྱིས་བལྟ་བའི་འོས་འགྱུར་ཏེ། །རིན་ཆེན་ཚོགས་ཀྱི་འོབས་དང་རྟ་བབས་རྣམས། །ཉམས་དགའ་ཀུན་ནས་ཤིན་ཏུ་མཛེས་པར་འགྱུར། །འཛམ་བུ་ཀླུང་གི་གསེར་གྱི་དྲ་བས་གཡོགས། །ཆོས་ཀྱི་སྒྲ་དབྱངས་ཡིད་དུ་འོང་བ་བསྒྲགས། །སེང་གེའི་ རྒྱལ་མཚན་རབ་རྣམས་རྟག་ཏུ་བསྒྲེང ། །རིན་ཆེན་ཚོགས་ཀྱི་ལྡ་ལྡི་བརྒྱ་དག་སྤྱངས། །རྩིག་པའི་རྒྱུད་ནི་རིན་ཆེན་དྲི་མེད་དེ། །དེ་ནི་ལྷ་ཡི་ཁྱིམ་དང་འདྲ་བར་འགྱུར། །མཚེའུ་དང་ལུ་མ་པད་མའི་མཚོ་དག་གིས། །དེ་ནི་རྟག་ཏུ་ལེགས་པར་བརྒྱན་པར་འགྱུར། །དེ་ཡི་ཆུ་དང་ པད་མ་ཨུད་པལ་དང ། །པད་མ་དཀར་པོ་དག་གིས་ཀུན་ཁེབས་འགྱུར། །གླིང་བཞི་པ་ཡི་འཇིག་རྟེན་བར་མ་དེ། །མིང་ནི་བལྟ་ན་སྡུག་ཅིང་ཡིད་འོང་སྟེ། །དེ་ནི་བདེ་གཤེགས་དེ་ཡི་སྐྱེ་བའི་ས། །རང་བྱུང་དེ་ནི་བྲམ་ཟེའི་རིགས་ལས་འབྱུང ། །ཐུབ་པའི་ཡུམ་ནི་ཤུགས་དང་ ལྡན་ཞེས་བྱ། །ཡབ་ནི་ཚངས་པའི་དབྱིག་ཅེས་བྱ་བར་འགྱུར། །དེ་ཡི་བུ་ནི་རྣམ་གྲགས་སྒྲ་ཞེས་བྱ། །དཔེར་ན་ངའི་བུ་སྒྲ་གཅན་ཟིན་འདི་འདྲ། །བདེ་གཤེགས་དེ་ཡི་བཙུན་མོ་དམ་པ་ནི། །བློ་གྲོས་ཆེན་མོ་ང་ཡི་ས་འཚོ་བཞིན། །དེ་ཡི་མ་མ་མིང་ནི་གྲགས་ཆེན་ཏེ། །ང་ཡི་སྐྱེ་ དགུའི་བདག་མོ་ཆེན་མོ་བཞིན། །ཐུབ་པའི་རིམ་གྲོ་བྱེད་པའི་སེམས་ཅན་འཕགས། །རྟག་ཏུ་རྗེས་སུ་འབྲང་ཞེས་བྱ་བ་སྟེ། །ང་ཡི་རིམ་གྲོ་འདུན་པ་གུས་ལྡན་བཞིན། །དེ་ནི་འདྲེན་པ་དེ་ལ་རིམ་གྲོ་བྱེད། །ཐུབ་པ་དེ་ཡི་རྟ་མཆོག་འགྱུར་བ་ཡི། །ཤུགས་ཅན་ཞེས་བྱའི་མིང་དང་ལྡན་ འགྱུར་ཏེ། །བདེ་གཤེགས་མངོན་པར་འབྱུང་ཚེ་བཅིབས་པར་འགྱུར། །ང་ཡི་རྟ་མཆོག་བསྔགས་ལྡན་གྱུར་པ་བཞིན། །བདེ་གཤེགས་དེ་ཡི་རྫོགས་པའི་བྱང་ཆུབ་ཤིང ། །ཆོས་ཀྱི་འཕགས་ཞེས་བྱ་བ་དེ་ཚེ་འབྱུང ། །ཤིང་མཆོག་བརྒྱ་ཕྲག་སྟོང་དུ་བསྒྱུར་བ་ཡིན། །ཕྲག་ནི་བརྒྱད་ཅུ་
57-1-138b
དག་གིས་དེ་བསྐོར་འགྱུར། །ཤིང་མཆོག་དེ་དྲུང་ཀྱེ་མ་ཆོས་ཀྱི་རྒྱལ། །རང་བྱུང་ཟླ་མེད་བདེན་ཞེས་བྱ་བཞུགས་ནས། །བླ་ན་མེད་པའི་བྱང་ཆུབ་རབ་ཞི་བ། །མྱ་ངན་མེད་པ་མངོན་པར་འཚང་རྒྱར་འགྱུར། །དེ་ན་བདུད་མེད་བདུད་ཀྱི་ཕྱོགས་ཀྱང་མེད། །བདུད་ཀྱི་ལས་ཀྱང་དེར་ འབྱུང་མི་འགྱུར་རོ། །རྒྱལ་བ་ཐུབ་པ་གང་ཟག་ཟླ་མེད་པའི། །སངས་རྒྱས་ཞིང་ནི་གནོད་བདོ་མེད་པར་འགྱུར། །མི་དང་ལྷ་ཚོགས་མང་པོ་འདུ་འགྱུར་ཏེ། །རྣམ་དག་ཤིན་ཏུ་སྦྱངས་པ་དེ་ཚེ་འབྱུང ། །དེ་ཀུན་མེ་ཏོག་ཕྲེང་བ་གོས་དང་གླུ། །རོལ་མོ་སྒྲ་ཡིས་བདེ་གཤེགས་ དྲུང་འདོང་འགྱུར། །རྒྱལ་བས་དེ་དག་བསམ་མཁྱེན་མདོ་སྡེ་འདི། །མདོ་གཞན་ལྷན་ཅིག་དྲང་སྲོང་གསུང་བར་འགྱུར། །རྒྱལ་བ་དེས་ནི་རབ་ཏུ་གསུངས་པ་ཡི། །མདོ་སྡེ་ཁྱད་པར་འཕགས་པ་འདི་ཐོས་ནས། །སེམས་ཅན་དཔག་ཡས་གང་གཱའི་བྱེ་མ་སྙེད། །ཐུབ་དབང་ བྱང་ཆུབ་མཆོག་ཏུ་མི་ལྡོག་འགྱུར། །ཐེག་པ་དམན་པ་དེར་འབྱུང་མི་འགྱུར་ཏེ། །རང་རྒྱལ་ཐེག་པའང་ཞིང་དེར་འབྱུང་མི་འགྱུར། །རྒྱལ་བ་དེ་ཡི་སངས་རྒྱས་ཞིང་མཆོག་དེར། །བྱང་ཆུབ་སེམས་དཔའ་འབྱུང་ཀུན་དཔའ་ཞིང་མཛངས། །རྐང་གཉིས་མཆོག་དེའི་འདུས་པ་ དང་པོར་ནི། །རྒྱལ་སྲས་གྲགས་པའི་འོད་ལྡན་གང་འབྱུང་བ། །རྫོགས་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་།རྣམ་དག་གང་གཱའི་རྡུལ་བས་མང་བ་འབྱུང ། །བློ་བཟང་ལྡན་པའི་འདུས་པ་གཉིས་པ་ནི། །སྐྱེ་བ་གཅིག་གནས་ཁྲག་ཁྲིག་བརྒྱད་ཅུ་འབྱུང ། །འདུས་པ་གསུམ་ པ་བྱང་ཆུབ་སེམས་དཔའ་མཆོག་།དཀྲིགས་ཕྲག་དྲུག་ཅུ་དག་ནི་འབྱུང་བར་འགྱུར། །བདེ་བར་གཤེགས་དེའི་ཚེ་ཡི་ཚད་འགྱུར་བ། །བསྐལ་པ་བར་མ་དྲུག་ཅུ་ཚང་བ་སྟེ། །རྒྱལ་བ་དེ་ནི་མྱ་ངན་འདས་གྱུར་ནས། །མི་ཡི་འདྲེན་པའི་ཆོས་ཀྱི་སྒྲོན་མ་ཡང ། །ལོ་གྲངས་བྱེ་བ་ཁྲག་ཁྲིག་ སྟོང་ཕྲག་ནི། །བརྒྱད་ཅུ་ཐམ་པར་གནས་པར་འགྱུར་བ་ཡིན། །རང་གི་སྐུ་གདུང་རིང་བསྲེལ་རྒྱས་མཛད་ཅིང ། །དེ་ནི་གདུལ་བ་རབ་མང་འདུལ་བར་འགྱུར། །དྲང་སྲོང་ཆེ་དེ་བྱང་ཆུབ་སེམས་དཔའ་ནི། །ཏོག་ཆེན་ལུང་བསྟན་མཛད་ནས་མྱ་ངན་འདའ། །འདི་ནི་བཀོད་ཆེན་ཞེས་བྱའི་ཐུབ་དབང་
57-1-139a
འགྱུར། །རྒྱལ་བ་དགྲ་ལས་རྒྱལ་བར་འདི་འགྱུར་རོ། །རྒྱལ་བ་དེ་ཡི་ཞིང་བཀོད་འདི་འདྲ་སྟེ། །འཇིག་རྟེན་ཕན་པར་མཛད་པ་འདི་བཞིན་ནོ། །རྒྱལ་བའི་བྱང་ཆུབ་མཉམ་མེད་དྲི་མེད་པ། །རབ་ཞི་རྫོགས་པའི་སངས་རྒྱས་མགོན་པོར་འགྱུར། །ང་ཡི་མཁྱེན་ པ་དེ་འདྲ་ནམ་མཁའི་ཚད། །བསྐལ་པ་འབྱུང་བ་མང་པོ་རབ་ཏུ་ཤེས། །འདས་པའི་ལོས་ཤེས་ད་ལྟར་ཅི་ཞིག་སེམས། །ཡེ་ཤེས་ཀུན་དུ་ཐོགས་པ་མེད་པ་མངའ། །ང་ཡི་ཚིག་ནི་དག་ཅིང་བརྫུན་མེད་དེ། །བརྫུན་དུ་མི་སྨྲ་དོན་དམ་བདེན་པ་ལ། །ང་གནས་ནས་ནི་ནམ་ཡང་མི་ སྨྲའོ། །ཇི་སྐད་གསུངས་པ་འདི་ལ་ཡིད་ཆེས་གྱིས། །དྲང་སྲོང་ཆེན་པོའི་གསུང་འདི་ཐོས་གྱུར་ནས། །འཁོར་རྣམས་ཀུན་ཀྱང་དགའ་བའི་སེམས་གྱུར་ཏེ། །དེ་ཚེ་ཁམས་དེར་སྐྱེ་བར་ཤོག་ཤིག་ཅེས། །ཞིང་མཆོག་དེར་སྐྱེར་དད་པས་སྨོན་ལམ་བཏབ། །འཇིག་རྟེན་ཁམས་ མཆོག་དེར་ནི་སྐྱེ་འགྱུར་ཏེ། །འཇིག་རྟེན་འདྲེན་པས་དེ་དག་ལུང་བསྟན་ཏེ། །དེར་ནི་ཁྱེད་ཀྱིས་བདེ་གཤེགས་ཐོབ་གྱུར་ནས། །ཀུན་ཀྱང་སེམས་ཅན་དོན་མང་བྱེད་པར་འགྱུར། །མདོ་སྡེ་རྒྱལ་པོ་འདི་བསྟན་དེ་ཡི་ཚེ། །ས་ཆེན་འདི་ཡང་རྣམ་པ་དྲུག་ཏུ་གཡོས། །བྱང་ཆུབ་ སེམས་དཔའ་པད་མར་གནས་པ་དག་།དེ་ཚེ་ཐལ་སྦྱར་ཐུབ་ལ་འདི་སྐད་གསོལ། །ཁྱོད་ཀྱིས་ཆོས་ཚུལ་དམ་པ་འདི་གསུངས་པ། །ཐུབ་པ་ཟླ་མེད་རང་བཞིན་ཤིན་ཏུ་ལེགས། །ཆོས་ཀྱི་ཚུལ་རབ་དམ་པ་མཉན་པ་དང ། །རྒྱལ་བའི་ཆོས་འཚལ་བདག་ཅག་འདིར་མཆིས་ལགས། ། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་ཚིམ་ཞིང་མགུ་སྟེ། ཡི་རངས་ལ་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་གོས་རེ་རེ་བཞག་སྟེ། །གོས་གཞན་དག་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ནས་ཚིག་འདི་སྐད་ཀྱང་སྨྲས་ཏེ། ཀྱེ་མ་འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་བསྐོར་ བ་གཉིས་པ་བྱུང་བར་གྱུར་ཏེ། དང་པོ་ནི་གྲོང་ཁྱེར་བཱ་རཱ་ཎ་སཱིར་བསྐོར་ཏོ། །ཆོས་ཀྱི་འཁོར་ལོ་གཉིས་པ་ནི་བཅོམ་ལྡན་འདས་ཀྱིས་དེ་རིང་འདིར་བསྐོར་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་རྟག་ཏུ་རྒྱུན་མི་ཆད་པར་ཆོས་རིན་པོ་ཆེ་འདི་ལྟ་བུ་འདི་དང་མི་འབྲལ་ཞིང་སྐྱེས་བུ་དམ་པ་འདི་དང་
57-1-139b
མི་འབྲལ་བར་ཤོག་ཤིག་ཅེས་སྨོན་ལམ་བཏབ་བོ། །སྟེང་གི་བར་སྣང་ལས་ཀྱང་ལྷའི་རྔ་ཆེན་པོ་དག་སྒྲ་མངོན་པར་འབྱིན་པར་གྱུར་ཏོ། །ལྷའི་མེ་ཏོག་ཨུད་པ་ལ་དང ། པད་མ་དང ། ཀུ་མུ་ད་དང ། པད་མ་དཀར་པོའི་ཆར་ཆེན་པོ་ཡང་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་དྲུང་དུ་ མངོན་པར་བབ་པར་གྱུར་ཏོ། །སྟེང་གི་བར་སྣང་ལ་ཡང་ལྷ་རྣམས་ཀྱིས་ལྷའི་གོས་དག་གཡབ་མོའི་ཐབས་སུ་བསྐོར་ཏེ། །ཚིག་འདི་སྐད་ཀྱང་བརྗོད་པར་གྱུར་ཏོ། །སྐྱེས་བུ་དམ་པ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང ། ཀློག་པ་དང ། ཀུན་ཆུབ་པར་བྱེད་པ་དེ་ དག་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ། །དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང ། ཀློག་ པ་དང ། ཀུན་ཆུབ་པར་བགྱིད་པ་དང ། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་དང ། གླེགས་བམ་དུ་བགྱིས་ཤིང་འཆང་བ་ན་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་ཅིག་འཕེལ་བར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་ གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་གལ་ཏེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པའམ། འདུ་ཤེས་ཅན་ནམ། འདུ་ཤེས་ཅན་ མ་ཡིན་པ་ཇི་སྙེད་པ་དང་སེམས་ཅན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པར་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མཁྱེན་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ལ་དེ་དག་ ཐམས་ཅད་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་བསྐལ་པར་གནས་པའི་ཚེ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོ་བྱས། བླ་མར་བྱས། བསྟི་སྟང་དུ་བྱས། མཆོད་པ་བྱས་ན། འཇམ་དཔལ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་བསོད་ནམས་
57-1-140a
མང་དུ་སྐྱེད་དམ། གསོལ་པ་བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་ཏེ། འདི་ལྟར་བགྲང་བའམ། བརྩི་བར་ཡང་སླ་བ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་བས་ཀྱང་གང་གིས་ཆོས་ཀྱི་རྣམ་ གྲངས་འདི་འཛིན་ཏམ། ཀློག་གམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་ཏམ། གླེགས་བམ་དུ་བྲིས་ཏེ་འཆང་ངམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་ན། ཆོས་ཀྱི་རྣམ་གྲངས་འདི་ལུང་འབོགས་པ་དེ་བསོད་ནམས་མང་དུ་སྐྱེད་དོ། །དེ་སྐད་ཅེས་བཀའ་ སྩལ་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་འཇིག་རྟེན་ཐམས་ཅད་ལ་སྨན་པའི་སླད་དུ་ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་ གྲངས་འདི་ཡུན་རིང་པོ་ཇི་སྲིད་ཅིག་ཏུ་འཛམ་བུའི་གླིང་ན་མཆིས་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།འཇམ་དཔལ་ང་མྱ་ངན་ལས་འདས་ནས་གང་གི་ཚེ་རྒྱལ་པོ་བརྒྱད་ཀྱིས་ངའི་རིང་བསྲེལ་རྒྱ་ཆེར་བྱ་བའི་ཕྱིར་བརྒྱད་དུ་བགོས་ནས་ཟ་མ་ཏོག་བརྒྱད་དུ་བཅུག་སྟེ། རང་རང་གི་ཡུལ་དུ་མཆོད་རྟེན་གྱི་ཁང་པ་ཡངས་པར་འཇོག་པར་འགྱུར་ཏེ། རྒྱལ་པོ་མ་སྐྱེས་དགྲས་ནི་ངའི་རིང་བསྲེལ་རྣམས་ལས་བརྒྱད་ཆ་བླངས་ནས་རིན་པོ་ཆེའི་ཟ་མ་ཏོག་ཏུ་བཅུག་སྟེ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་ཕྱི་རོལ་ཏུ་ས་བརྐོས་ནས་རིང་བསྲེལ་ལ་པོག་སྣོད་ཁ་གབ་ བཅད་ནས་སྤོས་ཀྱིས་ནི་བདུགས། གདུགས་དང་རྒྱལ་མཚན་ནི་བཙུགས། རིན་པོ་ཆེའི་མེ་ཏོག་ནི་གཏོར། ལོ་བརྒྱར་བྱིན་གྱིས་བརླབས་པའི་མར་མེ་མེ་ལྕེ་གཅིག་ཏུ་འབར་བ་ནི་བུས་ཤིང་རིང་བསྲེལ་གྱི་ཟ་མ་ཏོག་འཇོག་པར་འགྱུར་ལ། རྒྱལ་པོ་མྱ་ངན་མེད་པ་འབྱུང་བར་འགྱུར་བ་བསྡད་ པའི་ཕྱིར་མདོའི་རྒྱལ་པོ་འདི་གསེར་གྱི་གླེགས་བམ་ལ་བྲིས་ནས་རིང་བསྲེལ་གྱི་ཟ་མ་ཏོག་དེ་ཉིད་དུ་འཇུག་པར་འགྱུར་རོ། །འཇམ་དཔལ་འདི་ལྟ་སྟེ། རྒྱལ་པོ་མྱ་ངན་མེད་པ་དེ་ནི་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན་འབྱུང་བར་འགྱུར་ཏེ། དེ་ནི་མོའུ་རྱའི་རིགས་སུ་སྐྱེས་པ། འཛམ་
57-1-140b
བུའི་གླིང་ལ་དབང་བ། མཐུ་དང་བརྩོན་པ་ཐོབ་པ། སྟོབས་ཀྱི་འཁོར་ལོས་སྒྱུར་བར་འགྱུར་ཏེ། དེ་ངའི་རྣམ་པ་ལས་རྗེས་སུ་དྲན་པར་བྱེད་པར་འགྱུར་རོ། །ངའི་བསྟན་པ་ལ་ཡང་དད་པ་ཐོབ་པར་འགྱུར་རོ། །དེའི་ཚེ་དེའི་དུས་ན་དགེ་སློང་དབང་པོ་བདེ་བ་ཞེས་བྱ་བ་རྫུ་འཕྲུལ་ ཆེ་བ། མཐུ་ཆེ་བ། དམ་པའི་ཆོས་ཡོངས་སུ་འཛིན་པ། ཤིན་ཏུ་རྒྱས་པའི་མདོ་སྡེ་འཛིན་པ། རྒྱལ་པོའི་རིགས་ལས་རབ་ཏུ་བྱུང་བ། རྒྱལ་པོ་མྱ་ངན་མེད་པས་བཀུར་བ་གྲོང་དུ་འཇུག་པ་འབྱུང་བར་འགྱུར་རོ། །འཇམ་དཔལ་དེ་ལྟར་རྒྱལ་པོ་མྱ་ངན་མེད་པ་དེས་ངའི་རིང་ བསྲེལ་རྒྱ་ཆེར་བྱ་བའི་ཕྱིར་སྐྱེ་བོ་མང་པོས་ཡོངས་སུ་བསྐོར་ཅིང་བཀོད་པ་ཆེན་པོ་དང་རྒྱལ་པོའི་མཐུ་ཆེན་པོས་མེ་ཏོག་དང ། ཕྲེང་བ་དང ། སྤོས་དང ། ཕྱེ་མ་དང ། བྱུག་པ་དང ། སིལ་སྙན་དང ། ཕེག་ཐོགས་ཏེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་སོང་ནས་མཆོད་ པའི་ཆོ་ག་མངོན་པར་འདུ་བྱ་བ་ཆེན་པོ་བྱས་ཏེ་སའི་ཕྱོགས་དེ་ནས་རིང་བསྲེལ་གྱི་ཟ་མ་ཏོག་དེ་ཕྱུང་ནས། ཉི་མ་བདུན་གྱི་བར་དུ་སྤོས་ཐམས་ཅད་དང ། མེ་ཏོག་ཐམས་ཅད་དང ། མེ་ཏོག་ཕྲེང་ཐམས་ཅད་དང ། ཕྱེ་མ་ཐམས་ཅད་དང ། བྱུག་པ་ཐམས་ཅད་དང ། སིལ་སྙན་ཐམས་ ཅད་དང ། ཕེག་རྡོབ་པ་དང ། གླུ་དབྱངས་ཐམས་ཅད་ཀྱིས་མཆོད་པ་རྣམ་པ་དུ་མ་བྱས་ཏེ། སྐར་མ་དང ། སྦྱོར་བ་དང་ལྡན་པ་གཅིག་ལ་ཡུལ་སྣ་ཚོགས་སུ་ཆོས་ཀྱི་རྒྱལ་པོས་བྱས་པའི་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བྱེད་པར་འགྱུར་རོ། །དེའི་ཚེ་ཆོས་སྨྲ་བ་དབང་པོ་བདེ་བས་ ཆོས་ཀྱི་རྣམ་གྲངས་འདི་རིང་བསྲེལ་གྱི་ཟ་མ་ཏོག་ནས་ཕྱུང་ནས་བྱང་ཕྱོགས་ཀྱི་རྒྱུད་ཀྱི་ཡུལ་ཆེན་པོར་འཇོག་པར་འགྱུར་ཏེ། སྐྱེ་བོ་མང་པོས་ཤེས་པར་མི་འགྱུར། སྐྱེ་བོ་མང་པོས་རིག་པར་མི་འགྱུར། སྐྱེ་བོ་མང་པོས་ཡོངས་སུ་བཟུང་བར་མི་འགྱུར་ལ་ཆོས་ཀྱི་རྣམ་གྲངས་འཛིན་པ་ཉུང་ བ་དང ། ཀློག་པ་ཉུང་བར་འགྱུར་ཏེ། འཇམ་དཔལ་ཆོས་ཀྱི་རྣམ་གྲངས་འདི་ནི་རྟག་ཏུ་སྒྲོམ་དུ་བཅུག་པ་དང་སྣོད་དུ་བཅུག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཚོལ་བ་མེད་ཅིང་སྣོད་མ་ཡིན་པའི་ཕྱིར་རོ། །འཇམ་དཔལ་ཆོས་ཀྱི་རྣམ་གྲངས་འདི་ནི་མོས་པར་དཀའ་
57-1-141a
ཞིང་ཡིད་ཆེས་པར་དཀའ་ལ། རྟོགས་པར་དཀའ་བ་སྟེ། མུན་སྤྲུལ་དུ་མངོན་པར་ཡིད་ཆེས་པའམ། འཇུག་པར་མི་ནུས་སོ། །འཇམ་དཔལ་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མ་ལ་བབ་པའི་ཚེ་ཆོས་ཀྱི་རྣམ་གྲངས་འདི་གང་ལ་ལ་དག་གིས་ཐོས་ ཏེ། ཡིད་ཆེས་པར་གྱུར་ཏམ། ཚོལ་ལམ་རྟོག་ན་དེ་དག་ནི་འཇམ་དཔལ་ཁྱོད་ཀྱིས་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། ལེགས་པར་སྤྱོད་པ་སྤྱད་པ། ཐེག་པ་ཆེན་པོ་འདིའི་སྣོད་དུ་གྱུར་པར་ངེས་པར་རིག་པར་བྱ་སྟེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང ། འཆང་བ་དང ། ཀློག་པ་དང ། ཀུན་ཆུབ་པར་བྱེད་པ་དང ། གླེགས་བམ་དུ་བྱས་ཤིང་འཆང་བ་དེ་དག་ཐམས་ཅད་ཀྱིས་ཀྱང་བདག་ཅག་གིས་ནི་སྔོན་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་མཐོང་བར་གྱུར་ཏོ། །མཉེས་པར་ བྱས་སོ། །བསྙེན་བཀུར་བྱས་སོ་ཞེས་བྱ་བ་དང ། དེ་དག་གིས་ནི་ང་ཡང་སྐྱེད་མོས་ཚལ་འདི་ན་ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་དང ། འཁོར་འདུས་པ་འདི་ཡང་མཐོང་ངོ་ཞེས་དེ་ལྟར་ཤེས་པར་བྱའོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལོང་ཤིག་།ཟུང་ཤིག་།ཀུན་ཆུབ་པར་གྱིས་ཤིག་།དབང་པོ་རྣོན་པོ་རྣམས་མ་གཏོགས་པར་གར་བབ་བབ་ཀྱི་མདུན་དུ་མ་སྟོན་ཅིག་།དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ནི་དེ་བཞིན་གཤེགས་པའི་གསང་བ་ཡིན་པ་དང ། འདི་ནི་ དེ་བཞིན་གཤེགས་པའི་གསང་ཆེན་ཡིན་པ་དང ། འདི་ནི་དེ་བཞིན་གཤེགས་པའི་བར་ཆད་མེད་པའི་ཆོས་བསྟན་པ་ཡིན་པ་དང ། འདི་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཡིན་པ་དང ། འདི་ནི་དེ་བཞིན་གཤེགས་པའི་བསྲུང་བ་བསྒོམ་པ་ཡིན་པ་དང ། འདི་ནི་དེ་བཞིན་གཤེགས་ པའི་གཏེར་གྱི་མཆོག་ཡིན་པའི་ཕྱིར་ཏེ། ཀུན་དགའ་བོ་དེ་བས་ན་ངའི་བུ་ཐུ་བོ་ཆོས་ཀྱི་མཛོད་འཛིན་པ། ཆོས་ཀྱི་མཛོད་སྲུང་བ་དེ་དག་ལ་སྦྱིན་པར་བྱ་བ་མ་གཏོགས་པར་འདི་ནི་ཤིན་ཏུ་སྦ་བར་བྱ་ཞིང་སུ་ལའང་སྦྱིན་པར་མི་བྱའོ། །ཀུན་དགའ་བོས་གསོལ་པ་བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་
57-1-141b
རྣམ་གྲངས་འདི་བཟུང་ལགས་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་ འཕྲུལ་པ་བསྟན་པ་ཞེས་བྱ་བར་ཟུང་ཤིག་།དེ་བཞིན་གཤེགས་པའི་གསང་བའི་གནས་ཞེས་བྱ་བ་དང ། དེ་བཞིན་གཤེགས་པའི་བར་མེད་པའི་ཆོས་བསྟན་པ་ཞེས་བྱ་བ་དང ། དེ་བཞིན་གཤེགས་པའི་ཡུལ་ཞེས་བྱ་བ་དང ། ཐེག་པ་གཅིག་ཏུ་བསྟན་པ་ཞེས་བྱ་བ་དང ། འཇམ་དཔལ་གྱིས་ ཡོངས་སུ་དྲིས་པ་ཞེས་བྱ་བ་དང ། བདེན་སྨྲ་ལུང་བསྟན་པ་ཞེས་བྱ་བ་དང ། བདེན་སྨྲའི་ལེའུ་ཞེས་བྱ་བར་ཡང་ཟུང་ཤིག་།ཆོས་ཀྱི་རྣམ་གྲངས་འདི་བསྟན་པའི་ཚེ་སྲོག་ཆགས་ཁྲག་ཁྲིག་ཕྲག་སུམ་ཅུ་སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་སྐྱེས་པ་ལས་སེམས་སྐྱེས་པར་གྱུར་ཏོ། །བྱང་ ཆུབ་སེམས་དཔའ་དྲུག་ཁྲིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །སེམས་ཅན་ཚད་མེད་པ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་འཇམ་དཔལ་གཞོན་ ནུར་གྱུར་པ་དང ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་དང ། ཐམས་ཅད་དང་ལྡན་པའི་འཁོར་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་རྣམས་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་རྣམས་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ལུང་བསྟན་པའི་ལེའུ་སྟེ་བཅུ་པའོ།། ་་།།འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་ བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ་་།།རྒྱ་གར་གྱི་མཁན་པོ་པྲཛྙཱ་བར་མ་དང ། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ་།།