rKTs


D185

(e-text produced by ADARSHA)

see text in transliteration
61-1-106a
༄##།རྒྱ་གར་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏ་གུ་ཎ་ཛྙཱ་ན་ཨ་ཙིན་ཏྱ་བི་ཥ་ཡ་ཨ་བ་ཏཱ་ར་ནི་ར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པ་ཞེས་བྱ་བ་ ཐེག་པ་ཆེན་པོའི་མདོ།བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་མ་ག་དྷཱ་ན་ཆོས་ཀྱི་དབྱེ་དགོན་པ་ན་བྱང་ཆུབ་ཀྱི་སྙིང་པོ་ཀུན་ཏུ་འོད་ ཀྱི་ཁང་བཟངས་བསོད་ནམས་ཀྱི་རྒྱན་གྱི་ཚོགས་ཆེན་པོ་བསགས་པ། དགའ་བ་རྒྱ་ཆེན་པོ་སྐྱེད་པ། ཀུན་ནས་མ་སྨད་པ། ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པ་ན་བཞུགས་ཏེ། བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་ སངས་རྒྱས་པ། ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ། ཀུན་ཏུ་སྤྱོད་པ་གཉིས་མི་མངའ་བ། མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་གཞོལ་བར་མཛད་པ། སངས་རྒྱས་ཀྱི་གནས་པས་གནས་པ། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་ པ། སྒྲིབ་པ་མེད་པའི་རྟོགས་པ་བརྙེས་པ། ཕྱིར་མི་ཟློག་པའི་ཆོས་དང་ལྡན་པ། སྤྱོད་ཡུལ་གྱིས་མི་འཕྲོགས་པ། སངས་རྒྱས་ཀྱི་མཛད་པ་མཐའ་ཡས་པ་རྒྱུན་མི་གཅོད་པ། བསམ་གྱིས་མི་ཁྱབ་པ་རྣམ་པར་འཇོག་པ། མཚན་ཉིད་མེད་པའི་ཆོས་ཀྱི་དམ་པའི་ ཕ་རོལ་ཏུ་བྱོན་པ། དུས་གསུམ་ལ་མཉམ་པ་ཉིད་ཚར་ཕྱིན་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞུགས་པའི་སྐུ་དང་ལྡན་པ། ཆོས་ཐམས་ཅད་ལ་ཐེ་ཙོམ་མེད་པའི་མཁྱེན་པ་མངའ་བ། སྤྱོད་པ་ཐམས་ཅད་དང་ལྡན་པའི་བློ་མངའ་བ། ཆོས་མཁྱེན་པ་ལ་ནེམ་ ནུར་མི་མངའ་བ། རྣམ་པར་མ་བརྟགས་པའི་སྐུ་མངའ་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡེ་ཤེས་ཡང་དག་པར་བླངས་པ། སངས་རྒྱས་ཀྱི་གནས་པ་གཉིས་སུ་མེད་པ་དམ་པའི་ཕ་རོལ་ཏུ་བྱོན་པ། དེ་བཞིན་གཤེགས་པ་མ་འདྲེས་པ་རྣམ་པར་ཐར་པར་མཛད་
61-1-106b
པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ། མཐའ་དང་དབུང་མེད་པའི་སངས་རྒྱས་ཀྱིས་མཉམ་པ་ཉིད་ཐུགས་སུ་ཆུད་པ། ཆོས་ཀྱི་དབྱིངས་དམ་པ་ཅན། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པར་བསྐལ་པ་བགྲངས་པ་ཐམས་ཅད་དུ་ཆོས་ཀྱི་འཁོར་ ལོ་བསྐོར་བ་རྒྱུན་མི་གཅོད་པའི་སྐུ་མངའ་བ་པད་མའི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་ལ་བཞུགས་ཏེ། དགེ་སློང་འབུམ་ཕྲག་དྲུག་ཅུ་རྩ་གཉིས་དང་ཐབས་ཅིག་པ་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང ། མཽད་གལ་གྱི་བུ་ཆེན་པོ་དང ། འོད་སྲུང་ཆེན་པོ་དང ། མ་ འགགས་པ་དང ། རབ་འབྱོར་དང ། ཀཱ་ཏྱཱའི་བུ་དང ། ཀ་པི་ན་ཆེན་པོ་དང ། ནག་པ་དང ། དགའ་བོ་དང ། ཆུ་ཀླུང་འོད་སྲུང་དང ། ག་ཡཱ་འོད་སྲུང་དང ། ལྟེང་རྒྱས་འོད་སྲུང་དང ། བྱམས་མའི་བུ་གང་པོ་དང ། བ་ལང་བདག་དང ། ལམ་ཕྲན་བསྟན་དང ། གྱད་བུ་ནོར་དང ། སེང་ལྡེང་ནགས་པ་དང ། སྐུལ་བྱེད་དང ། གསུས་པོ་ཆེ་ཆེན་པོ་དང ། སྒྲ་གཅན་ཟིན་དང ། ཀུན་དགའ་བོ་དང ། དེ་དག་ལ་སོགས་པ་དགེ་སློང་འབུམ་ཕྲག་དྲུག་ཅུ་རྩ་གཉིས་པོ་དེ་དག་ཐམས་ཅད་ཀྱང་ཆོས་གཅིག་ལ་ཡང་དག་པར་གཞོལ་བ། འཕགས་པའི་སྤྱོད་ཡུལ་ལ་གནས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ཚུལ་ལ་ཞུགས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་གཞི་མེད་པ་ནམ་མཁའི་སྤྱོད་ཡུལ་བ་ཤ་སྟག་གོ། །ཐམས་ཅད་ཀྱང་མི་རྟེན་པར་གནས་པ་ཤ་སྟག་གོ། །ཐམས་ཅད་ ཀྱང་ཉོན་མོངས་པའི་སྒྲིབ་པ་ཀུན་ནས་ལྡང་བ་ཐམས་ཅད་དང་བྲལ་བ་ཤ་སྟག་གོ། །ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་དང་སྤྱོད་ཡུལ་ལ་ཞུགས་པའི་ཤེས་པ་དང་ལྡན་པ་ཤ་སྟག་གོ། །ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་བྱ་བ་ལ་ཞུགས་པ་ཤ་སྟག་གོ། ། ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་སྣང་བའི་ཚུལ་ལ་ཞུགས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཆོས་ཀྱི་ཚུལ་གཅིག་ལ་ཡང་དག་པར་གཞོལ་བ་ཤ་སྟག་གོ། །ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པ་ཉིད་ལ་མངོན་དུ་ཕྱོགས་པ་ཤ་སྟག་གོ། །
61-1-107a
ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་རྒྱུན་མ་བཅད་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པ་ཉིད་ལས་ཡིད་ཕྱིར་མ་ལོག་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཤེས་རབ་དང་ཡེ་ཤེས་མངོན་པར་གྲུབ་པའི་ཡིད་དང་ལྡན་པ་ཤ་སྟག་གོ། ། ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྷག་མཐོང་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཐབས་ཀྱི་ཡུལ་དང ། སྤྱོད་ཡུལ་ལ་ངེས་པར་བྱུང་བ་ཤ་སྟག་གོ། །དགེ་སློང་མ་སྐྱེ་དགུའི་བདག་མོ་ཆེན་མོ་དང ། དགེ་སློང་མ་གྲགས་ འཛིན་ལ་སོགས་པ་དགེ་སློང་མ་འབུམ་ཕྲག་དྲུག་ཅུ་རྩ་གཉིས་དང་ཡང་ཐབས་ཅིག་སྟེ། ཐམས་ཅད་ཀྱང་དཀར་པོའི་ཆོས་ཤིན་ཏུ་ཡོངས་སུ་བསྡུས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཉེ་བར་གྱུར་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ ཐམས་ཅད་མཁྱེན་པ་ཉིད་ཀྱི་སྣང་བའི་ཚུལ་ལ་ཞུགས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཆོས་ཐམས་ཅད་དངོས་པོ་མེད་པར་རབ་ཏུ་རྟོགས་པ་ཤ་སྟག་གོ། །ཆོས་ཐམས་ཅད་ལ་མཚན་ཉིད་མེད་པར་ཞུགས་པ། ཆོས་ཐམས་ཅད་ཡང་དག་པའི་མཐར་རིག་པ། ཆོས་ཐམས་ ཅད་མ་སྐྱེས་པ་དང ། མ་འགགས་པ་དང ། གཉེན་པོ་མེད་པར་མོས་པ། བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་དང ། ཏིང་ངེ་འཛིན་ལ་རབ་ཏུ་གནས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་འདུལ་བའི་སེམས་ཅན་ཇི་ལྟ་བ་དེ་བཞིན་དུ་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་ གྲུབ་པར་གཟུགས་དང ། ལུས་དང ། ཁ་དོག་དང ། སྤྱོད་ལམ་ཤིན་ཏུ་སྟོན་པ་ཤ་སྟག་གོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བྱང་ཆུབ་སེམས་དཔའི་དགེ་ འདུན་ཆེན་པོ་དང་ཡང་ཐབས་ཅིག་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང ། ཀུན་ནས་འདྲེན་དང ། ཀུན་ཏུ་སྤྲུལ་དང ། ཀུན་ཏུ་ཤེས་རབ་དང ། ཀུན་ཏུ་མིག་དང ། ཀུན་ཏུ་འོད་དང ། ཀུན་ཏུ་སྣང་བ་དང ། ཀུན་ཏུ་འོད་
61-1-107b
ཟེར་དང ། ཀུན་ཏུ་རྟོག་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བློ་དང ། ཤུགས་ཆེན་དང ། ཤུགས་ཆེན་འཛིན་དང ། རྣམ་པར་འཕྲུལ་པ་ཆེན་པོ་དང ། རྣམ་པར་འཕྲུལ་པ་ཆེན་པོའི་རྒྱལ་པོ་དང ། བརྩོན་འགྲུས་ཆེན་པོས་རྣམ་པར་ གནོན་དང ། རྩལ་ཆེན་དཔའ་བ་དང ། ཆེར་བསྒྱིངས་དང ། བསྒྱིངས་པ་ཆེན་པོའི་སྟོབས་དང ། ཚོགས་ཀྱི་དབང་པོ་ཆེན་པོ་དང ། སྤོས་ཀྱི་བལ་གླང་གླང་པོ་ཆེ་ཆེན་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་བ་ཆེན་པོ་དང ། ཟླ་བ་ བཟང་དང ། ཡོན་ཏན་ཟླ་བ་དང ། རིན་ཆེན་ཟླ་བ་དང ། ཀུན་ཏུ་སྣང་བའི་ཟླ་བ་དང ། ཆོས་དྲི་མ་མེད་པའི་ཟླ་བ་དང ། རྣམ་པར་སྣང་བྱེད་ཟླ་བ་དང ། རྣམ་པར་བསྒྲགས་པའི་ཟླ་བ་དང ། འོད་ཟེར་རབ་ཏུ་གཏོང་བའི་ཟླ་བ་དང ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཟླ་གང་དང ། ཚངས་པའི་དབྱངས་དང ། ཚངས་པའི་དབང་པོས་བསྒྲགས་པའི་དབྱངས་དང ། སའི་སྒྲ་དབྱངས་དང ། ཆོས་ཀྱི་དབྱིངས་ཀྱི་སྒྲ་དབྱངས་དང ། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པའི་དབྱངས་དང ། ཆོས་ ཀྱི་རྔ་ཆེན་སྒྲ་དབྱངས་དང ། ཀུན་ཏུ་གོ་བར་བྱེད་པའི་དབྱངས་དང ། མི་རྟོག་རྣམ་པར་མི་རྟོག་དབྱངས་དང ། ས་སྟེང་སྒྲ་དབྱངས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབྱངས་ཀྱི་ཡན་ལག་ཐམས་ཅད་ཟིལ་གྱིས་གནོན་པའི་དབྱངས་དང ། ཀུན་ནས་ སྙིང་པོ་དང ། ཀུན་ཏུ་དྲི་མ་མེད་པའི་སྙིང་པོ་དང ། ཡོན་ཏན་སྙིང་པོ་དང ། རྣམ་པར་སྣང་མཛད་སྙིང་པོ་དང ། རིན་ཆེན་སྙིང་པོ་དང ། ཟླ་བའི་སྙིང་པོ་དང ། ཉི་མའི་སྙིང་པོ་དང ། སྣང་བྱེད་སྙིང་པོ་དང ། པད་མའི་དཔལ་གྱི་སྙིང་པོ་དང ། རྡོ་རྗེའི་སྙིང་པོ་དང ། བློ་གྲོས་བཟང་པོ་དང ། བློ་གྲོས་ཆེན་པོ་དང་།ཁྱད་པར་བློ་གྲོས་དང ། རྣམ་གྲགས་བློ་གྲོས་དང ། རྒྱལ་ཆེན་བློ་གྲོས་དང ། བླ་མའི་བློ་གྲོས་དང ། འཕེལ་བའི་བློ་གྲོས་དང ། མཐའ་ཡས་བློ་གྲོས་དང ། ཡངས་པའི་བློ་གྲོས་དང ། སངས་རྒྱས་བློ་གྲོས་དང ། བློ་
61-1-108a
གྲོས་མི་ཟད་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་དང ། བརྟན་པའི་བློ་གྲོས་དང ། རྡོ་རྗེ་བློ་གྲོས་དང ། སངས་རྒྱས་མངོན་སུམ་བློ་གྲོས་དང ། རི་རབ་མར་མེ་དང ། མར་མེ་ཆེན་པོ་དང ། ཆོས་ཀྱི་སྒྲོན་མའི་ མར་མེ་དང ། ཕྱོགས་ཐམས་ཅད་དུ་ཁྱབ་པའི་མར་མེ་དང ། ཀུན་ཏུ་མར་མེ་དང ། མུན་པ་ཐམས་ཅད་སེལ་བའི་མར་མེ་དང ། འགྲོ་བ་ཐམས་ཅད་ལ་སྣང་བའི་མར་མེ་དང ། གཅིག་ཏུ་སྣང་བའི་མར་མེ་དང ། ཟླ་བའི་མར་མེ་དང ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཉི་མའི་མར་མེ་དང ། འཇམ་དཔལ་གཞོན་ནུར་གྱུར་པ་དང ། ལག་ན་རིན་ཆེན་གཞོན་ནུར་གྱུར་པ་དང ། ལག་ན་ཕྱག་རྒྱ་རིན་ཆེན་གཞོན་ནུར་གྱུར་པ་དང ། རིན་ཆེན་འོད་ཟེར་གཞོན་ནུར་གྱུར་པ་དང ། ནམ་མཁའ་མཛོད་གཞོན་ནུར་གྱུར་པ་ དང ། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་གཞོན་ནུར་གྱུར་པ་དང ། དྲ་བ་ཅན་གྱི་འོད་གཞོན་ནུར་གྱུར་པ་དང ། རྣམ་པར་སེལ་བ་གཞོན་ནུར་གྱུར་པ་དང ། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་གཞོན་ནུར་གྱུར་པ་དང ། དཔལ་གྱི་སྙིང་པོ་ གཞོན་ནུར་གྱུར་པ་དང ། སེང་གེ་གཞོན་ནུར་གྱུར་པ་དང ། ཟླ་འོད་གཞོན་ནུར་གྱུར་པ་དང ། ཟླ་བའི་འོད་ཟེར་གཞོན་ནུར་གྱུར་པ་དང ། མཆོག་གི་བློ་གྲོས་གཞོན་ནུར་གྱུར་པ་དང ། རྒྱན་བཀོད་པ་གཞོན་ནུར་གྱུར་པ་དང ། ལག་ན་པད་མ་དང ། ལག་ན་རྡོ་རྗེ་ དང ། ཉི་འོད་དང ། ནོར་བུ་དང ། གློག་དང ། ཉི་མ་དང ། ཟླ་བ་དང ། བརྒྱ་བྱིན་དང ། ཚངས་པ་ཐམས་ཅད་ཟིལ་གྱིས་གནོན་པའི་འོད་དང ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང ། མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་དང ། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡུལ་ཐམས་ཅད་ལས་ངེས་པར་འབྱུང་བའི་བློ་གྲོས་དང ། རྡུལ་མེད་རྣམ་པར་གནོན་དང ། རྣམ་དག་རྣམ་པར་གནོན་དང ། ཕུང་པོ་རྣམ་པར་གནོན་དང ། སྐྱེ་མཆེད་རྣམ་པར་གནོན་དང ། ཁམས་རྣམ་པར་གནོན་དང ། སྟོང་
61-1-108b
པ་ཉིད་རྣམ་པར་གནོན་དང ། མཚན་མ་མེད་པ་རྣམ་པར་གནོན་དང ། སྨོན་པ་མེད་པ་རྣམ་པར་གནོན་དང ། སྐྱེ་བ་མེད་པ་རྣམ་པར་གནོན་དང ། འགག་པ་མེད་པ་རྣམ་པར་གནོན་དང ། འགྲོ་བ་མེད་པ་རྣམ་པར་གནོན་དང ། འོང་བ་མེད་པ་རྣམ་པར་གནོན་དང ། འཆི་འཕོ་མེད་པ་རྣམ་པར་གནོན་དང ། མི་སྐྱེ་བ་རྣམ་པར་གནོན་དང ། རང་བཞིན་འོད་གསལ་རྣམ་པར་གནོན་དང ། འཇིག་རྟེན་གསུམ་རྣམ་པར་གནོན་དང ། མཐའ་ཡས་རྣམ་པར་གནོན་དང ། འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་གནོན་དང ། ཆོས་ ཐམས་ཅད་རྣམ་པར་གནོན་དང ། རྣམ་པར་ཐར་པ་དང ། ཏིང་ངེ་འཛིན་དང ། སྙོམས་པར་འཇུག་པ་ཐམས་ཅད་རྣམ་པར་གནོན་དང ། མངོན་པར་ཤེས་པ་དང ། རིག་པ་རྣམ་པར་གནོན་དང ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྣམ་པར་གནོན་དང ། ཡང་ དག་པའི་མཐའ་རྣམ་པར་གནོན་དང ། དེ་བཞིན་གཤེགས་པས་རྣམ་པར་གནོན་དང ། མཉམ་པ་ཉིད་རྣམ་པར་གནོན་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དབྱིངས་རྣམ་པར་གནོན་དང ། བདུད་ཡུལ་མི་གོས་དང ། བདུད་ལས་རྒྱལ་དང ། བདུད་ལས་རྒྱལ་ཆེན་པོ་དང ། གཙུག་ན་རིན་པོ་ཆེ་དང ། འོད་ཟེར་སྟོང་གི་འོད་འཕྲོ་དང ། མངོན་པར་འབྱུང་དཀའ་དང ། རབ་ཏུ་ཐུབ་དཀའ་དང ། རྟོགས་དཀའ་དང ། བསྙེན་པར་དཀའ་བའི་བློ་དང ། ངན་འགྲོ་སྐེམ་དང ། བཟང་སྐྱོང་དང ། དཀོན་མཆོག་ འབྱུང་གནས་དང ། དེད་དཔོན་བཟང་པོ་དང ། མིས་བྱིན་དང ། ཆུ་ལྷའི་ལྷ་དང ། ཟླ་བའི་ལྷ་དང ། དྲི་མ་མེད་ཀྱིས་བྱིན་དང ། དྲི་མ་མེད་པར་གྲགས་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང ། དེ་དག་ལ་སོགས་པ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ནས་འདུས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སེམས་
61-1-109a
ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་དཔྱོད་པ་དང ། ཐབས་དང ། ཚུལ་དང ། འདུལ་བ་དང ། བྱང་ཆུབ་སེམས་དཔའི་ཆོས་ལ་འགོད་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ ལ་དཔྱོད་པའི་ཚུལ་ཤེས་པ་རབ་འབྱམ་ལ་ཞུགས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་མྱ་ངན་ལས་འདས་པའི་སའི་སྤྱོད་ཡུལ་ཤེས་པ་ལ་དཔྱོད་ཅིང་སོ་སོར་རྟོག་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སྤྲོས་པ་ཐམས་ཅད་ཤིན་ཏུ་ཆད་ཅིང་སྤྱོད་པ་ལེན་པ་རྣམ་པར་ཆད་ དེ་སེམས་ཅན་གྱི་ཁམས་ཐམས་ཅད་སྡུད་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་མཐའ་དང་དབུང་མེད་པའི་ཆོས་ཀྱི་ཚུལ་ལ་འཇུག་པ་ལ་ཤིན་ཏུ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ཆུད་མི་ཟ་བ་མི་དམིགས་པར་ དཔྱོད་ཅིང་སོ་སོར་རྟོག་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་བསམ་པ་དང ། བག་ལ་ཉལ་དང ། དབང་པོ་དང ། རྩོམ་པ་དང ། སྦྱོར་བ་ལ་ཤིན་ཏུ་དཔྱོད་ཅིང་སོ་སོར་རྟོག་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ ཀྱང་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་དོན་དང་ཚིག་དང ། ཡི་གེ་གཟུང་བ་དང་བླང་བ་ཤེས་པ་ཡང་དག་པར་འཛིན་ཅིང་རྟོག་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་འཇིག་རྟེན་པ་དང ། འཇིག་རྟེན་ལས་འདས་པ་དང ། མཐའ་དང་དབུང་མེད་པའི་ཆོས་ཀྱི་ཚུལ་ལ་འཇུག་པ་ཤ་སྟག་གོ། །ཐམས་ཅད་ཀྱང་འདུས་བྱས་དང ། འདུས་མ་བྱས་དང ། དུས་དང་རིམ་པའི་ཚུལ་ལ་སོ་སོར་རྟོག་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྐད་ཅིག་གཅིག་གིས་དེ་མ་ཐག་ཏུ་ཐོབ་པར་གནས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་འཆི་འཕོ་དང ། འབྱུང་བ་དང ། སྐྱེ་བ་
61-1-109b
དང ། མངོན་པར་འབྱུང་བ་དང ། དཀའ་བར་སྤྱོད་པ་སྦྱོར་བ་དང ། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང ། བདུད་འདུལ་བ་དང ། མངོན་པར་རྫོགས་པར་འཚང་རྒྱ་བ་དང ། ཆོས་ཀྱི་འཁོར་ལོ་སྐོར་བ་དང ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཀུན་ཏུ་སྟོན་པ་ལ་ མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཕྱིར་སེམས་བསྐྱེད་ཅིང་བྱང་ཆུབ་རྣམ་པར་འཚང་རྒྱ་བ་དང་མ་བྲལ་བ་ཤ་སྟག་གོ། །ཐམས་ཅད་ཀྱང་སེམས་ཅན་གཅིག་གི་སེམས་ཀྱི་དམིགས་པ་ལ་འཇུག་པས་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་སེམས་ ཀྱི་དམིགས་པ་ལ་མཁས་པ་དང་ལྡན་པ་ཤ་སྟག་གོ། །ཐམས་ཅད་ཀྱང་རང་བྱུང་གི་ཡེ་ཤེས་ཀྱི་ས་ལས་མ་བསྐྱོད་པའི་བྱང་ཆུབ་སེམས་དཔའི་ལུས་དང་ལྡན་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཐོབ་པར་སྦྱོང་བ་ལས་ཕྱིར་མི་ལྡོག་པ་ཤ་སྟག་གོ། ། ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་མངོན་པར་འདུ་བྱེད་པའི་སྟོབས་རྒྱུན་མི་གཅོད་ཅིང་མངོན་པར་འདུ་མི་བྱེད་པ་ཤེས་པའི་ཚུལ་ལ་ཞུགས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སེམས་ཅན་གཅིག་གི་བྱ་བ་ལ་བསྐལ་པ་མཐའ་ཡས་པར་སྤྱོད་པ་ཀུན་ཏུ་འཛིན་པར་བྱིན་གྱིས་རློབ་པ་ ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཕྱད་པར་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱིན་གྱིས་རློབ་ཅིང་གདུལ་བྱའི་ཁམས་འགྲོ་བ་ཐམས་ཅད་འཛུད་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་རྣམ་པར་དག་པའི་གནས་ལ་འཇུག་པ་དང་།སྦྱོང་བའི་སྟོབས་ཀྱི་ཁྱད་པར་དང་སྨོན་ལམ་ཕུན་སུམ་ཚོགས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱི་བསམ་པ་ཕུན་སུམ་ཚོགས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ སངས་རྒྱས་འབྱུང་བ་ཐམས་ཅད་ཀྱི་ཐད་དུ་འགྲོ་ཞིང་སྐུལ་བ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་ཀུན་ཏུ་འཛིན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སངས་རྒྱས་ཐམས་ཅད་ཀྱི་རིགས་རྒྱུན་མི་གཅོད་པར་བྱེད་པ་
61-1-110a
ཤ་སྟག་གོ། །ཐམས་ཅད་ཀྱང་སངས་རྒྱས་མེད་པའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་འབྱུང་བ་ཀུན་ཏུ་སྟོན་པར་བྱེད་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཀུན་ནས་ཉོན་མོངས་པ་ཅན་གྱི་འཇིག་རྟེན་གྱི་ཁམས་ཡོངས་སུ་སྦྱོང་བར་བྱེད་པ་ཤ་སྟག་གོ། ། ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པར་བྱེད་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་སྒྲིབ་པ་མེད་པ་ལ་ཞུགས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ནམ་མཁའི་ཁམས་ལྟར་ཚད་མེད་པའི་ཆོས་དང་ལྡན་པ་ཤ་སྟག་གོ། ། ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་ལ་འཇུག་པ་མཉམ་པ་ཉིད་དང་ལྡན་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཡང་དག་པའི་མཐའ་དང་ཆོས་ཀྱི་དབྱིངས་མཉམ་པ་ཉིད་དང་ལྡན་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ལས་ཀྱིས་ཀུན་ནས་བསླང་བ་ཇི་ལྟ་བ་བཞིན་དུ་རྣམ་པར་སྨིན་པ་ལ་ མོས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་རྒྱུས་ཀུན་ནས་བསླང་བ་ཇི་ལྟ་བ་བཞིན་དུ་འབྲས་བུ་ལ་མོས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་རྒྱའི་འབུར་ཀུན་ཏུ་འབྱུང་བ་ལྟ་བུར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ་དང་ལྡན་པ་ཤ་སྟག་གོ། །ཐམས་ཅད་ཀྱང་མིག་ཡོར་དང ། གཟུགས་བརྙན་ལྟར་སྟོན་པའི་ཆོས་མཉམ་པ་ཉིད་དང་ལྡན་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཆོས་ཐམས་ཅད་ཀྱི་སྒྲ་དབྱངས་ཀྱི་རྣམ་པར་རིག་པ་བྲག་ཅ་དང་མཚུངས་པ་དང་ལྡན་པ་ཤ་སྟག་གོ། །ཐམས་ཅད་ཀྱང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་ལ་གནས་ པ་ཤ་སྟག་གོ། །ཐམས་ཅད་ཀྱང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱིས་རྣམ་པར་རྩེན་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སངས་རྒྱས་ཀྱི་སྐུ་མཐའ་ཡས་པའི་མདོག་ཡོངས་སུ་འགྲུབ་པ་སྒྲུབ་པའི་གཟུགས་ལ་གནས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སྐྲ་ཙམ་གྱི་ཁྱོན་གཅིག་ལ་ འཇིག་རྟེན་གྱི་ཁམས་ཐམས་ཅད་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཕྱོགས་བཅུ་དག་ཏུ་སྐྲ་ཙམ་གྱི་ཁྱོན་གཅིག་ལ་འཆི་འཕོ་དང ། འབྱུང་བ་དང ། སྐྱེ་བ་དང ། མངོན་པར་འབྱུང་བ་དང ། དཀའ་བ་སྤྱད་པར་སྦྱོར་བ་དང ། བྱང་ཆུབ་ཀྱི་སྙིང་པོར་
61-1-110b
འགྲོ་བ་དང ། བདུད་འདུལ་བ་དང ། མངོན་པར་བྱང་ཆུབ་པ་དང ། ཆོས་ཀྱི་འཁོར་ལོ་སྐོར་བ་དང ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སྐྱིལ་མོ་ཀྲུང་གཅིག་གིས་ཕྱོགས་བཅུ་དག་གི་འཇིག་རྟེན་གྱི་ ཁམས་ཐམས་ཅད་ཀྱི་ནམ་མཁའ་རྒྱས་པར་འགེངས་པར་ཤེས་པ་དང་ལྡན་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཞིང་ཐམས་ཅད་ཀྱི་རྒྱན་ཞིང་གཅིག་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཞིང་གཅིག་གི་རྒྱན་བཀོད་པ་ཞིང་ཐམས་ཅད་དུ་ཀུན་ཏུ་སྟོན་པ་ལ་མཁས་པ་ ཤ་སྟག་གོ། །ཐམས་ཅད་ཀྱང་ཕྱོགས་བཅུ་དག་གི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གང་དག་ཡིན་པ་དེ་དག་དེ་བཞིན་གཤེགས་པ་གཅིག་གི་འཁོར་དུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །དེ་བཞིན་གཤེགས་པ་ གཅིག་གི་འཁོར་གང་ཡིན་པ་དེ་ཕྱོགས་བཅུ་དག་གི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་དུ་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཆོས་ཐམས་ཅད་མཐའ་དང་དབུང་མེད་པར་སྟོན་པ་ལ་མཁས་པ་ཤ་སྟག་གོ། ། ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ཀྱི་ལུས་རང་གི་ལུས་སུ་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སངས་རྒྱས་ཐམས་ཅད་ཀྱི་སྐུ་སངས་རྒྱས་གཅིག་གི་སྐུར་ཞུགས་པར་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སངས་རྒྱས་གཅིག་ གི་སྐུ་སངས་རྒྱས་ཐམས་ཅད་ཀྱི་སྐུར་ཞུགས་པར་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རང་གི་ལུས་སུ་ཆུད་པར་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སེམས་ཅན་གཅིག་གི་ལུས་ ལ་དུས་གསུམ་གྱི་སེམས་ཅན་རྣམས་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་འདས་པའི་དུས་ལ་མ་འོངས་པ་དང ། ད་ལྟར་བྱུང་བའི་དུས་དང ། མ་འོངས་པའི་དུས་ལ་འདས་པ་དང ། ད་ལྟར་བྱུང་བའི་དུས་དང ། ད་ལྟར་བྱུང་བའི་དུས་ལ་འདས་པ་
61-1-111a
དང ། མ་འོངས་པའི་དུས་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ལུས་གཅིག་གིས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ལ་ལུས་དཔག་ཏུ་མེད་གྲངས་མེད་པ་ལས་ལྡང་བ་ལ་མཁས་པ་ཤ་སྟག་གོ། །ལུས་དཔག་ཏུ་མེད་ཅིང་གྲངས་ མེད་པ་དག་གིས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ལ། ལུས་གཅིག་ལས་ལྡང་བར་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ཀྱི་ལུས་སྙེད་ཀྱི་མངོན་པར་བྱང་ཆུབ་པ་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ ཅད་ཀྱང་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སེམས་ཅན་གཅིག་གི་ལུས་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །སེམས་ཅན་གཅིག་གི་ལུས་ལ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ཀྱི་ལུས་ལས་ སངས་རྒྱས་ཀྱི་སྐུ་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སངས་རྒྱས་ཀྱི་སྐུ་ལས་སེམས་ཅན་གྱི་ལུས་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སེམས་ཅན་གྱི་ལུས་ཆོས་ཀྱི་སྐུར་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ ཀྱང་ཞིང་ཐམས་ཅད་ཀྱི་རྒྱན་བཀོད་པ་དེ་དག་ཞིང་གཅིག་ཏུ་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཞིང་གཅིག་གི་རྒྱན་བཀོད་པ་དེ་དག་ཞིང་ཐམས་ཅད་དུ་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཆོས་ཀྱི་སྐུ་སེམས་ཅན་གྱི་ལུས་སུ་ཀུན་ཏུ་སྟོན་པ་ལ་ མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སྤུའི་ཁུང་བུ་གཅིག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་འཇུག་པར་བྱེད་པ་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སངས་རྒྱས་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྨོན་ལམ་གྱི་སྟོབས་ ཀྱི་གནས་མངོན་པར་རྫོགས་པར་བྱང་ཆུབ་པར་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ན་གདུལ་བྱའི་སེམས་ཅན་ཡོངས་སུ་སྨིན་པ་ཇི་ལྟ་བ་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
61-1-111b
ཏུ་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་བསྐལ་པ་བགྲངས་པ་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་གཅིག་ཏུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྒྱུན་མི་གཅོད་པའི་ལུས་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སེམས་བསྐྱེད་པ་ གཅིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་རེ་རེ་ན་སྒོ་ང་ལས་སྐྱེས་པ་དང ། མངལ་ནས་སྐྱེས་པ་དང ། དྲོད་གཤེར་ལས་སྐྱེས་པ་དང ། རྫུས་ཏེ་སྐྱེས་པ་དང ། གཟུགས་ཅན་དང ། གཟུགས་ཅན་མ་ཡིན་པ་དང་། འདུ་ཤེས་ཅན་དང ། འདུ་ཤེས་ཅན་མ་ཡིན་པ་དང ། རྐང་གཉིས་པ་དང ། རྐང་བཞི་པ་དང ། རྐང་མང་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། བརྒྱ་བྱིན་ དང ། ཚངས་པ་དང་།འཇིག་རྟེན་སྐྱོང་བ་དང ། མི་དང ། མི་མ་ཡིན་པ་སེམས་ཅན་གདུལ་བྱ་ཡོངས་སུ་སྨིན་པ་ཐམས་ཅད་ཇི་ལྟ་བ་དེ་བཞིན་དུ་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་སྤྱོད་པ་དང ། སྤྱོད་ལམ་དང་བྱ་བ་ལ་འཇུག་པའི་གནས་ཀུན་ཏུ་སྟོན་པ་ལ་མཁས་པ་ ཤ་སྟག་གོ། །ཐམས་ཅད་ཀྱང་རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་ལ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། ཚད་མེད། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་འཇུག་པར་བྱེད་ཀྱང་སེམས་ཅན་ལ་གནོད་པ་མེད་པ་ལ་མཁས་ པ་ཤ་སྟག་གོ། །ཐམས་ཅད་ཀྱང་བསྐལ་པ་དཔག་ཏུ་མེད་གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་ཡུད་ཙམ་གཅིག་ཏུ་བྱིན་གྱིས་རློབ་པ་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་གོ། །ཡུད་ཙམ་གཅིག་ བསྐལ་པ་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་ཏུ་བྱིན་གྱིས་རློབ་པ་ལ་མཁས་པ་ཤ་སྟག་གོ། །ཐམས་ཅད་ཀྱང་སྤྱོད་ལམ་ཇི་ལྟ་བུས་སེམས་ཅན་རྣམས་ཡོངས་སུ་སྨིན་
61-1-112a
པར་འགྱུར་བ་དེ་ལྟ་དེ་ལྟར་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་གཟུགས་ཀྱི་ལུས་ཀྱི་ཁ་དོག་དང ། སྤྱོད་ལམ་ཀུན་ཏུ་སྟོན་པ་ལ་མཁས་པ་ཤ་སྟག་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང ། གཞན་དག་ཐམས་ཅད་ཀྱང་ ཡོན་ཏན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་པ་དག་དང་ལྡན་པ་ཤ་སྟག་གོ། །སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པའི་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དཔག་ཏུ་མེད། གྲངས་མེད།བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། ཚད་མེད། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཤ་སྟག་དང་ཡང་ཐབས་ཅིག་གོ། ། འཇིག་རྟེན་གྱི་ཁམས་འདི་ནས་ཀྱང་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་བྱེ་བ་ཕྲག་བརྒྱ་རེ་རེ་ཡང་གཡོག་འཁོར་མང་པོ་དང་ལྡན་པ་དག་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང ། ཕྱག་བྱ་བའི་ཕྱིར་དང ། བསྙེན་བཀུར་བྱ་བའི་ཕྱིར་དང ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ ལ་བ་དེར་ལྷགས་སོ། །བརྒྱ་བྱིན་བྱེ་བ་ཕྲག་བརྒྱ་དང ། ལྷའི་རྒྱལ་པོ་རབ་འཐབ་བྲལ་བྱེ་བ་ཕྲག་བརྒྱ་དང ། ལྷའི་རྒྱལ་པོ་ཡོངས་སུ་དགའ་ལྡན་བྱེ་བ་ཕྲག་བརྒྱ་དང ། ལྷའི་རྒྱལ་པོ་རབ་འཕྲུལ་བྱེ་བ་ཕྲག་བརྒྱ་དང ། ལྷའི་རྒྱལ་པོ་གཞན་འཕྲུལ་དབང་བྱེད་པ་བྱེ་བ་ཕྲག་ བརྒྱ་ལ་ལྷའི་རྒྱལ་པོ་རེ་རེ་ཡང་གཡོག་འཁོར་མང་པོ་དང་ལྡན་པ་དག་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང ། ཕྱག་བྱ་བའི་ཕྱིར་དང ། མཆོད་པའི་ཕྱིར་དང ། བསྙེན་བཀུར་བྱ་བའི་ཕྱིར་དང ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །དེད་དཔོན་ ལ་སོགས་པ་བདུད་ཀྱི་རིས་ཀྱི་ལྷ་བྱེ་བ་ཕྲག་མང་པོ་དག་ཀྱང་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང ། ཕྱག་བྱ་བའི་ཕྱིར་དང ། མཆོད་པའི་ཕྱིར་དང ། བསྙེན་བཀུར་བྱ་བའི་ཕྱིར་དང ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །སྲིན་པོའི་རྒྱལ་
61-1-112b
པོ་འབུམ་ཕྲག་བཅཝ་བརྒྱད་དང ། འབྱུང་པོའི་རྒྱལ་པོ་འབུམ་ཕྲག་སུམ་ཅུ་རྩ་བརྒྱད་དང ། ལྷ་མ་ཡིན་གྱི་རྒྱལ་པོ་འབུམ་ཕྲག་བརྒྱད་ཅུ་དང ། རིག་སྔགས་འཆང་གི་རྒྱལ་པོ་འབུམ་ཕྲག་དྲུག་ཅུ་རྩ་ལྔ་དང ། དྲང་སྲོང་འབུམ་ཕྲག་དགུ་བཅུ་རྩ་དགུ་ཐམས་ཅད་ཀྱང་ མངོན་པར་ཤེས་པ་ལྔ་དང་ལྡན་པ་ཤ་སྟག་དང ། རླུང་གི་རྒྱལ་པོ་ཆེན་པོ་རྣམ་པར་འཐོར་རླུང་དང ། རྣམ་པར་འཐོར་རླུང་ཆེན་པོ་གཡོག་འཁོར་མང་པོ་དང་ལྡན་པ་དག་དང ། ཚངས་པ་བྱེ་བ་ཕྲག་བརྒྱ་དང ། ཚངས་པ་ཆེན་པོ་བྱེ་བ་ཕྲག་བརྒྱ་དང ། འོད་ཆུང་བྱེ་བ་ ཕྲག་བརྒྱ་དང ། ཚད་མེད་འོད་བྱེ་བ་ཕྲག་བརྒྱ་དང ། འོད་གསལ་བྱེ་བ་ཕྲག་བརྒྱ་དང ། དགེ་ཆུང་བྱེ་བ་ཕྲག་བརྒྱ་དང ། ཚད་མེད་དགེ་བྱེ་བ་ཕྲག་བརྒྱ་དང ། དགེ་རྒྱས་བྱེ་བ་ཕྲག་བརྒྱ་དང ། སྤྲིན་མེད་བྱེ་བ་ཕྲག་བརྒྱ་དང ། འབྲས་བུ་ཆེ་བྱེ་བ་ཕྲག་བརྒྱ་དང ། བསོད་ནམས་སྐྱེས་བྱེ་བ་ཕྲག་བརྒྱ་དང ། གྱ་ནོམ་སྣང་བྱེ་བ་ཕྲག་བརྒྱ་དང ། ཤིན་ཏུ་མཐོང་བྱེ་བ་ཕྲག་བརྒྱ་དང ། མི་ཆེ་བ་བྱེ་བ་ཕྲག་བརྒྱ་དང ། མི་གདུང་བ་བྱེ་བ་ཕྲག་བརྒྱ་དང ། འོག་མིན་གྱི་ལྷ་བྱེ་བ་ཕྲག་བརྒྱ་དག་ལ་ཚངས་པ་ཆེན་པོ་རེ་རེ་ཡང་གཡོག་འཁོར་མང་པོ་ དང་ལྡན་པ་དག་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང ། ཕྱག་བྱ་བའི་ཕྱིར་དང ། མཆོད་པའི་ཕྱིར་དང ། བསྙེན་བཀུར་བྱ་བའི་ཕྱིར་དང ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །ལྷའི་བུ་དབང་ཕྱུག་ཆེན་པོ་ལ་སོགས་པ་གནས་ གཙང་མའི་རིས་ཀྱི་ལྷ་བྱེ་བ་ཕྲག་བརྒྱ་དག་ཀྱང་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང ། ཕྱག་བྱ་བའི་ཕྱིར་དང ། མཆོད་པའི་ཕྱིར་དང ། བསྙེན་བཀུར་བྱ་བའི་ཕྱིར་དང ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །ཀླུའི་དབང་པོ་བྱེ་བ་ཕྲག་ བརྒྱ་དང ། གནོད་སྦྱིན་གྱི་དབང་པོ་བྱེ་བ་ཕྲག་བརྒྱ་དང ། དྲི་ཟའི་དབང་པོ་བྱེ་བ་ཕྲག་བརྒྱ་དང ། ལྷ་མ་ཡིན་གྱི་དབང་པོ་བྱེ་བ་ཕྲག་བརྒྱ་དང ། ནམ་མཁའ་ལྡིང་གི་དབང་པོ་བྱེ་བ་ཕྲག་བརྒྱ་དང ། མིའམ་ཅིའི་དབང་པོ་བྱེ་བ་ཕྲག་བརྒྱ་དང ། ལྟོ་འཕྱེ་ཆེན་པོའི་དབང་པོ་བྱེ་བ་
61-1-113a
ཕྲག་བརྒྱ་རེ་རེ་ཡང་གཡོག་འཁོར་མང་པོ་དང་ལྡན་པ་དག་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང ། ཕྱག་བྱ་བའི་ཕྱིར་དང ། མཆོད་པའི་ཕྱིར་དང ། བསྙེན་བཀུར་བྱ་བའི་ཕྱིར་དང ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། ། མི་དང་མ་ཡིན་པ་དཔག་ཏུ་མེད་གྲངས་མེད་པ་དག་ཀྱང་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང ། ཕྱག་བྱ་བའི་ཕྱིར་དང ། མཆོད་པའི་ཕྱིར་དང ། བསྙེན་བཀུར་བྱ་བའི་ཕྱིར་དང ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །དགེ་བསྙེན་ དང་དགེ་བསྙེན་མ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་ཀྱང་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང ། ཕྱག་བྱ་བའི་ཕྱིར་དང ། མཆོད་པའི་ཕྱིར་དང ། བསྙེན་བཀུར་བྱ་བའི་ཕྱིར་དང ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །རྩཝ་ དང ། ཤིང་གེལ་བ་དང ། སྨན་དང ། ནགས་ཚལ་གྱི་ལྷ་གང་དག་ཡིན་པ་དག་དང ། ལྷུན་པོ་དང ། ལྷུན་པོ་ཆེན་པོ་དང ། བཏང་བཟུང་དང ། བཏང་བཟུང་ཆེན་པོ་དང ། གངས་རི་དང ། ཁོར་ཡུག་དང ། ཁོར་ཡུག་ཆེན་པོ་ལ་སོགས་པ་རི་རྣམས་ཀྱི་ལྷ་ གང་དག་ཡིན་པ་དེ་དག་ཐམས་ཅད་གནས་དང་བཅས་ཏེ། བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང ། ཕྱག་བྱ་བའི་ཕྱིར་དང ། མཆོད་པའི་ཕྱིར་དང ། བསྙེན་བཀུར་བྱ་བའི་ཕྱིར་དང ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །རྒྱ་མཚོ་དང ། རྒྱ་མཚོ་ཆེན་པོ་དང ། ཆུ་ཀླུང་དང ། ཆུ་བྲན་དང ། མཚོ་བྲན་དང ། མཚེའུ་དང ། ཆུ་མིག་དང ། འབབ་ཆུ་རྣམས་ཀྱི་ལྷ་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱང་གནས་དང་བཅས་ཏེ། བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང ། ཕྱག་བྱ་བའི་ཕྱིར་དང ། མཆོད་ པའི་ཕྱིར་དང ། བསྙེན་བཀུར་བྱ་བའི་ཕྱིར་དང ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་དང ། འོར་རྣམས་ཀྱི་ལྷ་གང་དག་ཡིན་
61-1-113b
པ་དེ་དག་ཀྱང་རང་གིས་གནས་དང་ལྷན་ཅིག་ཏུ། བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང ། ཕྱག་བྱ་བའི་ཕྱིར་དང ། མཆོད་པའི་ཕྱིར་དང ། བསྙེན་བཀུར་བྱ་བའི་ཕྱིར་དང ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །ཀླུ་དང ། གནོད་ སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོའི་གནས་རྣམས་ཀྱི་ལྷ་གང་དག་ཡིན་པ་དེ་དག་ཀྱང་རང་རང་གི་གནས་སུ་ཞུགས་ཏེ། བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང ། ཕྱག་བྱ་བའི་ཕྱིར་དང ། མཆོད་ པའི་ཕྱིར་དང ། བསྙེན་བཀུར་བྱ་བའི་ཕྱིར་དང ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་མཐུས་སེམས་ཅན་འགའ་ལ་ཡང་གནོད་པ་མེད་ཅིང་སྒྲིབ་པ་མེད་དོ། །ཟླ་བ་བྱེ་བ་ཕྲག་བརྒྱ་དང ། ཉི་མ་བྱེ་བ་ཕྲག་བརྒྱ་དང ། རྒྱ་མཚོ་བྱེ་བ་ཕྲག་བརྒྱ་རེ་རེ་ཡང་གཡོག་འཁོར་མང་པོ་དང་ལྡན་པ་དག་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང ། ཕྱག་བྱ་བའི་ཕྱིར་དང ། མཆོད་པའི་ཕྱིར་དང ། བསྙེན་བཀུར་བྱ་བའི་ཕྱིར་དང ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། ། ཀླུའི་རྒྱལ་པོ་ཆེན་པོ་མ་དྲོས་པ་ཡང་འཁོར་དང་བཅས་ཏེ་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང ། ཕྱག་བྱ་བའི་ཕྱིར་དང ། མཆོད་པའི་ཕྱིར་དང ། བསྙེན་བཀུར་བྱ་བའི་ཕྱིར་དང ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །དུད་འགྲོའི་སྐྱེ་ གནས་སུ་སོང་བའི་སེམས་ཅན་ཐམས་ཅད་ཀྱང་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དང ། ཕྱག་བྱ་བའི་ཕྱིར་དང ། མཆོད་པའི་ཕྱིར་དང ། བསྙེན་བཀུར་བྱ་བའི་ཕྱིར་དང ། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །དུད་འགྲོའི་སྐྱེ་གནས་སུ་ སོང་བའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་མོས་པ། ཐེག་པ་ཆེན་པོ་ལ་གཞོལ་བ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་འདོད་པ་ཤ་སྟག་གོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་ཁ་དོག་དང ། གཟུགས་དང ། གཟི་བརྗིད་དང ། འོད་ཀྱིས་འཁོར་ཐམས་
61-1-114a
ཅད་ཟིལ་གྱིས་མནན་ཏེ། ལམ་མེ། ལྷན་ནེ།ལྷང་ངེའོ། །འདི་ལྟ་སྟེ། དཔེར་ན་ཉི་མས་འོད་ཟེར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་ཕྱུང་སྟེ་སྲིན་བུ་མེ་ཁྱེར་ཐམས་ཅད་ཟིལ་གྱིས་མནན་ནས་ལམ་མེ། ལྷན་ནེ། ་ལྷང་ངེའོ། །དེ་བཞིན་དུ་བཅོམ་ ལྡན་འདས་ཀྱང་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་ཐམས་ཅད་ཟིལ་གྱིས་མནན་ཏེ་ལམ་མེ། ལྷན་ནེ། ལྷང་ངེའོ། །འདི་ལྟ་སྟེ། དཔེར་ན་ཟླ་བ་ཡར་གྱི་ངོ་ཚེས་བཅཝ་ལྔ་ལ་ཟླ་བའི་དཀྱིལ་འཁོར་སྤྲིན་གྱི་དྲ་བ་ལས་གྲོལ་བ་ནི་སྐར་མའི་ཚོགས་ཐམས་ ཅད་ཟིལ་གྱིས་མནན་ནས་ལམ་མེ། ལྷན་ནེ། ལྷང་ངེའོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱང་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་ཐམས་ཅད་སྤ་བཀོང་སྟེ་ཟིལ་གྱིས་མནན་ནས་ལམ་མེ། ལྷན་ནེ། ལྷང་ངེ་སྟེ། རིའི་རྒྱལ་པོ་རི་རབ་ལྟར་དཔལ་ གྱིས་རབ་ཏུ་འབར་ཏེ། སྐུ་མི་གཡོ། མི་འགྱུར། མི་འགུལ་བར་ལམ་མེ། ལྷན་ནེ། ལྷང་ངེའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་ སྲས་དེ་བཞིན་དུ་དེ་བཞིན་གཤེགས་པ་འདི་ནི་སྐུ་མི་གཡོ། མི་འགྱུར། མི་འགུལ་བར་བཞུགས་སོ། །དེ་སྐད་ཅེས་སྨྲས་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་ སོ། །འཇམ་དཔལ་དེ་བཞིན་གཤེགས་པ་འདི་ལ་འཁོར་འདི་ཉིད་ཀྱི་ནང་ནས་ཁ་ཅིག་གིས་ནི་རབ་ཏུ་འབྱུང་བར་མངོན་དུ་ཕྱོགས་ཤིང་ཁྱིམ་ནས་མངོན་པར་འབྱུང་བར་ཤེས་སོ། །ཁ་ཅིག་གིས་ནི་རབ་ཏུ་བྱུང་ཞིང་དཀའ་བ་སྤྱོད་པ་ལ་གནས་པར་ཤེས་སོ། །འཁོར་འདི་ཉིད་ཀྱི་ནང་ ནས་ཁ་ཅིག་གིས་ནི་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པར་ཤེས་སོ། །ཁ་ཅིག་གིས་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པར་ཤེས་སོ། །འཁོར་འདི་ཉིད་ཀྱི་ནང་ནས་ཁ་ཅིག་གིས་ནི་བདུད་འཁོར་གྲངས་མེད་དཔག་ཏུ་མེད་པས་བསྐོར་བ་བཅོམ་པར་ཤེས་སོ། །ཁ་ཅིག་གིས་ནི་ལྷ་དང་།
61-1-114b
ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དཔག་ཏུ་མེད་གྲངས་མེད་པ་དག་གིས་དེད་དཔོན་ཆེན་པོ་རྒྱལ་ལོ་རྒྱལ་ལོ་ཞེས་སྤྲོ་བར་བྱེད་པར་ ཤེས་སོ། །ཁ་ཅིག་གིས་ནི་མངོན་པར་རྫོགས་པར་སངས་རྒྱས་ནས་བརྒྱ་བྱིན་རྣམས་གསོལ་བ་འདེབས་པར་ཤེས་སོ། །ཁ་ཅིག་གིས་ནི་ཚངས་པ་རྣམས་ལ་གསོལ་བ་འདེབས་པར་ཤེས་སོ། །འཁོར་འདི་ཉིད་ཀྱི་ནང་ནས་ཁ་ཅིག་གིས་ནི་འཇིག་རྟེན་སྐྱོང་བ་རྣམས་བཅོམ་ལྡན་ འདས་ལ་གསོལ་བ་འདེབས་པར་ཤེས་སོ། །ཁ་ཅིག་གིས་ནི་བཅོམ་ལྡན་འདས་བདག་ཅག་ལ་སྦྱིན་པའི་གཏམ་སྟོན་པར་ཤེས་སོ། །འཁོར་འདི་ཉིད་ཀྱི་ནང་ནས་ཁ་ཅིག་གིས་ནི་བཅོམ་ལྡན་འདས་བདག་ཅག་ལ་ཚུལ་ཁྲིམས་ཀྱི་གཏམ་སྟོན་པར་ཤེས་སོ། །ཁ་ཅིག་གིས་ནི་ བཟོད་པའི་གཏམ། ཁ་ཅིག་གིས་ནི་བརྩོན་འགྲུས་ཀྱི་གཏམ། ཁ་ཅིག་གིས་ནི་བསམ་གཏན་གྱི་གཏམ། ཁ་ཅིག་གིས་ནི་ཤེས་རབ་ཀྱི་གཏམ་བཅོམ་ལྡན་འདས་བདག་ཅག་ལ་སྟོན་པར་ཤེས་སོ། །ཁ་ཅིག་གིས་ནི་ཐབས་ལ་མཁས་པའི་གཏམ། ཁ་ཅིག་གིས་ནི་རྫུ་འཕྲུལ་ གྱི་གཏམ། ཁ་ཅིག་གིས་ནི་སྨོན་ལམ་གྱི་གཏམ། ཁ་ཅིག་གིས་ནི་ཡེ་ཤེས་ཀྱི་གཏམ་བཅོམ་ལྡན་འདས་བདག་ཅག་ལ་སྟོན་པར་ཤེས་སོ། །ཁ་ཅིག་གིས་ནི་ཉན་ཐོས་ཀྱི་ཐེག་པའི་གཏམ། ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་ཐེག་པའི་གཏམ། ཁ་ཅིག་གིས་ནི་ཐེག་ པ་ཆེན་པོའི་གཏམ། བཅོམ་ལྡན་འདས་བདག་ཅག་ལ་སྟོན་པར་ཤེས་སོ། །ཁ་ཅིག་གིས་ནི་སེམས་ཅན་དམྱལ་བར་སྐྱེ་བའི་ཆོས་རྣམས་བཅོམ་ལྡན་འདས་བདག་ཅག་ལ་སྟོན་པར་ཤེས་སོ། །ཁ་ཅིག་གིས་ནི་དུད་འགྲོར་སྐྱེ་བའི་ཆོས་རྣམས་བཅོམ་ལྡན་འདས་བདག་ཅག་ལ་སྟོན་པར་ ཤེས་སོ། །ཁ་ཅིག་གིས་ནི་ཡི་དགས་སུ་སྐྱེ་བའི་ཆོས་རྣམས་བཅོམ་ལྡན་འདས་བདག་ཅག་ལ་སྟོན་པར་ཤེས་སོ། །ཁ་ཅིག་གིས་ནི་གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་ཆོས་རྣམས་བཅོམ་ལྡན་འདས་བདག་ཅག་ལ་སྟོན་པར་ཤེས་སོ། །ཁ་ཅིག་གིས་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་ནང་དུ་
61-1-115a
སྐྱེ་བའི་ཆོས་རྣམས་བཅོམ་ལྡན་འདས་བདག་ཅག་ལ་སྟོན་པར་ཤེས་སོ། །ཁ་ཅིག་གིས་ནི་སུམ་ཅུ་རྩ་གསུམ་གྱི་གནས་སུ་སྐྱེ་བ་དང ། ཁ་ཅིག་གིས་ནི་འཐབ་བྲལ་གྱི་གནས་སུ་སྐྱེ་བའི་ཆོས་རྣམས་བཅོམ་ལྡན་འདས་བདག་ཅག་ལ་སྟོན་པར་ཤེས་སོ། །ཁ་ཅིག་ གིས་ནི་དགའ་ལྡན་གྱི་གནས་སུ་སྐྱེ་བ་དང ། ཁ་ཅིག་གིས་ནི་འཕྲུལ་དགའི་གནས་སུ་སྐྱེ་བ་དང ། ཁ་ཅིག་གིས་ནི་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་སྐྱེ་བ་དང ། ཁ་ཅིག་གིས་ནི་བདུད་ཀྱི་གནས་སུ་སྐྱེ་བུ་དང ། ཁ་ཅིག་གིས་ནི་ཚངས་པའི་གནས་སུ་སྐྱེ་བའི་ཆོས་རྣམས་བཅོམ་ལྡན་ འདས་བདག་ཅག་ལ་སྟོན་པར་ཤེས་སོ། །དེ་བཞིན་དུ་ཚངས་པའི་མདུན་ན་འདོན་དང ། ཚངས་འཁོར་དང ། འོད་ཆུང་དང ། ཚད་མེད་འོད་དང ། འོད་གསལ་དང ། དགེ་ཆུང་དང ། ཚད་མེད་དགེ་དང ། དགེ་རྒྱས་དང ། སྤྲིན་མེད་དང ། བསོད་ནམས་སྐྱེས་དང ། འབྲས་བུ་ ཆེ་དང ། མི་ཆེ་བ་དང ། མི་གདུང་བ་དང ། གྱ་ནོམ་སྣང་དང ། ཤིན་ཏུ་མཐོང་དང ། འོག་མིན་དང ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང ། ཅི་ཡང་མེད་པའི་སྐྱེ་མཆེད་དང ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་སྐྱེ་བའི་ཆོས་རྣམས་བཅོམ་ལྡན་ འདས་བདག་ཅག་ལ་སྟོན་པར་ཤེས་སོ། །འཇམ་དཔལ་འཁོར་འདི་ཉིད་ཀྱི་ནང་ནས་ཁ་ཅིག་གིས་ནི་མིར་སྐྱེ་བའི་ཆོས་རྣམས། ཁ་ཅིག་གིས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་ཆོས་རྣམས། ཁ་ཅིག་གིས་ནི་གླིང་གཉིས་དང ། གསུམ་དང ། བཞི་པའི་འཁོར་ལོས་ སྒྱུར་བ་དང ། སྟོང་གཉིས་དང ། སྟོང་གསུམ་གྱི་སྟོང་ཆེན་པོ་དང ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་ཆོས་རྣམས་བཅོམ་ལྡན་འདས་བདག་ཅག་ལ་སྟོན་པར་ཤེས་སོ། །འཇམ་ དཔལ་འཁོར་འདི་ཉིད་ཀྱི་ནང་ནས་ཁ་ཅིག་གིས་ནི་དེ་བཞིན་གཤེགས་པའི་སྐུ་འདོམ་དོ་ཙམ་དུ་འཕགས་པར་ཤེས་སོ། །ཁ་ཅིག་གིས་ནི་རྒྱང་གྲགས་ཙམ་དུ་འཕགས། ཁ་ཅིག་གིས་ནི་རྒྱང་གྲགས་གཉིས་ཙམ་དུ་འཕགས། ཁ་ཅིག་གིས་ནི་དེ་བཞིན་གཤེགས་པའི་སྐུ་དཔག་
61-1-115b
ཚད་ཙམ་དུ་འཕགས་པར་ཤེས་སོ། །ཁ་ཅིག་གིས་ནི་དེ་བཞིན་གཤེགས་པའི་སྐུ་དཔག་ཚད་གཉིས་ཙམ་དུ་འཕགས་པར་ཤེས་སོ། །ཁ་ཅིག་གིས་ནི་དེ་བཞིན་གཤེགས་པའི་སྐུ་དཔག་ཚད་བཅུ་ཙམ་དུ་འཕགས་པར་ཤེས་སོ། །འཁོར་འདི་ཉིད་ཀྱི་ནང་ནས་ཁ་ཅིག་གིས་ ནི་དེ་བཞིན་གཤེགས་པའི་སྐུ་དཔག་ཚད་སྟོང་དུ་ཤེས་སོ། །ཁ་ཅིག་གིས་ནི་དེ་བཞིན་གཤེགས་པའི་སྐུ་དཔག་ཚད་སྟོང་ཕྲག་བཅུ་དང ། ཉི་ཤུ་དང ། སུམ་ཅུ་དང ། བཞི་བཅུ་དང ། ལྔ་བཅུ་པར་ཤེས་སོ། །ཁ་ཅིག་གིས་ནི་དཔག་ཚད་འབུམ་དང ། ཁ་ཅིག་གིས་ ནི་དེ་བཞིན་གཤེགས་པའི་སྐུ་དཔག་ཚད་འབུམ་ཕྲག་བཅུ་དང ། ཉི་ཤུ་དང ། སུམ་ཅུ་དང ། བཞི་བཅུ་དང ། ལྔ་བཅུ་པར་ཤེས་སོ། །ཁ་ཅིག་གིས་ནི་དེ་བཞིན་གཤེགས་པའི་སྐུ་དཔག་ཚད་འབུམ་ཕྲག་བརྒྱད་ཁྲི་བཞི་སྟོང་པར་ཤེས་སོ། །འཁོར་འདི་ཉིད་ཀྱི་ནང་ནས་ ཁ་ཅིག་གིས་ནི་དེ་བཞིན་གཤེགས་པའི་སྐུ་དཔག་ཚད་འབུམ་ཕྲག་བགྲངས་པ་ལས་འདས་པར་ཤེས་སོ། །འཁོར་འདི་ཉིད་ཀྱི་ནང་ནས་ཁ་ཅིག་གིས་ནི་དེ་བཞིན་གཤེགས་པའི་སྐུ་གསེར་གྱི་ཁ་དོག་ཏུ་མཐོང་ངོ ། །ཁ་ཅིག་གིས་ནི་ནོར་བུ་རིན་པོ་ཆེ་བཻ་དཱུརྱའི་ཁ་དོག་ཏུ། ཁ་ཅིག་ གིས་ནི་ནོར་བུ་རིན་པོ་ཆེ་ཆེན་པོ་ཨནྡ་རྙིལ་གྱི་ཁ་དོག་ཏུ། ཁ་ཅིག་གིས་ནི་ནོར་བུ་རིན་པོ་ཆེ་མཐོན་ཀ་ཆེན་པོའི་ཁ་དོག་ཏུ། ཁ་ཅིག་གིས་ནི་ནོར་བུ་རིན་པོ་ཆེ་སྐར་འོད་ཀྱི་ཁ་དོག་ཏུ། ཁ་ཅིག་གིས་ནི་ནོར་བུ་རིན་པོ་ཆེ་པད་མ་རཱ་གའི་ཁ་དོག་ཏུ། ཁ་ཅིག་གིས་ནི་ནོར་བུ་རིན་པོ་ཆེ་བརྒྱ་ བྱིན་ཐོགས་པའི་ཁ་དོག་ཏུ། ཁ་ཅིག་གིས་ནི་ནོར་བུ་རིན་པོ་ཆེ་རྡོ་རྗེ་སྣང་བའི་ཁ་དོག་ཏུ། ཁ་ཅིག་གིས་ནི་ནོར་བུ་རིན་པོ་ཆེ་ལྷ་ཐམས་ཅད་སྣང་བའི་ཁ་དོག་ཏུ། ཁ་ཅིག་གིས་ནི་ནོར་བུ་རིན་པོ་ཆེ་ཉི་ཟླ་སྣང་བའི་ཁ་དོག་ཏུ། ཁ་ཅིག་གིས་ནི་ནོར་བུ་རིན་པོ་ཆེ་ཆུ་འདང་གི་ཁ་དོག་ཏུ། ཁ་ཅིག་གིས་ནི་དེ་བཞིན་གཤེགས་པའི་སྐུ་ནོར་བུ་རིན་པོ་ཆེ་ཤེལ་གྱི་ཁ་དོག་ཏུ་ཤེས་སོ། །ཁ་ཅིག་གིས་ནི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་ཁ་དོག་ཏུ། ཁ་ཅིག་གིས་ནི་ནོར་བུ་རིན་པོ་ཆེ་འོད་ཐམས་ཅད་བསྡུས་པའི་ཁ་དོག་ཏུ། ཁ་ཅིག་གིས་ནི་ནོར་བུ་རིན་པོ་ཆེ་རི་དགས་
61-1-116a
ཀྱི་རྒྱལ་པོ་སེང་གེ་རལ་པ་ཅན་གྱི་ཁ་དོག་ཏུ། ཁ་ཅིག་གིས་ནི་ནོར་བུ་རིན་པོ་ཆེ་སེང་གེའི་རྒྱལ་མཚན་གྱི་རྩེ་མོའི་ཁ་དོག་ཏུ། ཁ་ཅིག་གིས་ནི་ནོར་བུ་རིན་པོ་ཆེ་རྒྱ་མཚོའི་གནས་རྣམ་པར་དག་པ་རིན་པོ་ཆེ་བཀོད་པ་ཀུན་ནས་འོད་ཟེར་སྣང་བའི་ཁ་དོག་ཏུ་ཤེས་སོ། ། འཇམ་དཔལ་འཁོར་འདི་ཉིད་ཀྱི་ནང་ནས་ཁ་ཅིག་གིས་ནི་དེ་བཞིན་གཤེགས་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཁ་དོག་ཏུ་ཤེས་སོ། །འཇམ་དཔལ་ཁ་དོག་དང ། སྤྱོད་ལམ་དང ། དབྱིབས་གང་དང་གང་ཁོ་ནས་སེམས་ཅན་རྣམས་འདུལ་བར་འགྱུར་བ། འཇམ་དཔལ་དེ་བཞིན་ག ཤེགས་པ་ཁ་དོག་དང ། སྤྱོད་ལམ་དང ། དབྱིབས་དེ་དང་དེ་ཁོ་ནར་སེམས་ཅན་རྣམས་ཀྱིས་མཐོང་ངོ ། །འཇམ་དཔལ་ཆོས་བསྟན་པ་གང་དང་གང་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་འགྱུར་བའི་ཆོས་དེ་དང་དེ་ཉིད་དེ་བཞིན་གཤེགས་པ་སྟོན་པར་སེམས་ཅན་རྣམས་ ཀྱིས་ཤེས་སོ། །འཇམ་དཔལ་སྤྱོད་པ་གང་དང་གང་གིས་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་བསྟན་པ་ལ་འཛུད་ཅིང་འདུལ་བར་འགྱུར་བའི་སྤྱོད་པ་དེ་དང་དེ་ལ་དེ་བཞིན་གཤེགས་པ་བཞུགས་པར་སེམས་ཅན་རྣམས་ཀྱིས་ཤེས་སོ། །འཇམ་དཔལ་གལ་ཏེ་ཤར་ཕྱོགས་ཀྱི་ འཇིག་རྟེན་གྱི་ཁམས་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། ཚད་མེད། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དང ། མི་དང ། མི་མ་ཡིན་པ་རྣམས་ཀྱིས་ཡོངས་སུ་གང་བར་གྱུར་ལ། ཤར་ཕྱོགས་སུ་ཇི་ལྟ་བ་དེ་བཞིན་དུ་ལྷོ་དང ། དེ་བཞིན་དུ་ནུབ་དང ། དེ་བཞིན་དུ་བྱང་དང ། དེ་བཞིན་དུ་ ཤར་ལྷོ་དང ། དེ་བཞིན་དུ་ལྷོ་ནུབ་དང ། དེ་བཞིན་དུ་ནུབ་བྱང་དང ། དེ་བཞིན་དུ་བྱང་ཤར་དང ། དེ་བཞིན་དུ་སྟེང་དང ། དེ་བཞིན་དུ་འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད།
61-1-116b
ཚད་མེད། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དང ། མི་དང ། མི་མ་ཡིན་ པ་དག་གིས་དཔེར་ན་འདམ་བུའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། ཏིལ་གྱི་ཞིང་བཞིན་དུ་ཡོངས་སུ་གང་བར་གྱུར་པའི་སེམས་ཅན་དེ་དག་འཇམ་དཔལ་གལ་ཏེ་དེ་བཞིན་གཤེགས་པ་མཐོང་བས་འདུལ་བ་ཡིན་ན། སེམས་ཅན་དེ་དང་དེ་དག་གིས་དེ་བཞིན་གཤེགས་པའི་སྤྱན་ སྔ་ན་འདོམ་གང་ཙམ་ན་འཁོད་པར་ཤེས་སོ། །འཇམ་དཔལ་ཁ་དོག་དང ། སྤྱོད་ལམ་དང ། གནས་གང་དང་གང་གིས་སེམས་ཅན་དེ་དག་འདུལ་བར་འགྱུར་བ་དེ་དང་དེ་ཁོ་ནར་དེ་བཞིན་གཤེགས་པ་མདུན་ན་བཞུགས་པར་སེམས་ཅན་དེ་དག་གིས་མཐོང་ངོ ། །འཇམ་དཔལ་ཆོས་ བསྟན་པ་གང་དང་གང་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་འགྱུར་བ་དེ་དང་དེ་ཉིད་ཀྱི་ཆོས་སྟོན་པར་ཐོས་སོ། །འཇམ་དཔལ་སྤྱོད་པ་གང་གིས་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་བསྟན་པ་ལ་འཇུག་པར་འགྱུར་བའི་སྤྱོད་པ་དེ་དང་དེ་ལ་དེ་བཞིན་གཤེགས་པ་བཞུགས་ཏེ། དེ་བཞིན་གཤེགས་པའི་མཛད་པ་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་འགྱུར་རོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ཟླ་བ་ཡར་གྱི་ངོའི་དཀྱིལ་འཁོར་ནམ་ཕྱེད་ཀྱི་དུས་ན་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཀྱིས་སོ་སོའི་མདུན་ན་ཟླ་བའི་དཀྱིལ་འཁོར་འདུག་པར་ ཤེས་ཀྱང་ཟླ་བའི་དཀྱིལ་འཁོར་ནི་སེམས་ཅན་དེ་དག་གིས་བདག་ཅིའི་ཕྱིར་ཟླ་བའི་དཀྱིལ་འཁོར་དུ་ཤེས་པར་འགྱུར་བར་བདག་སེམས་ཅན་དེ་དག་གི་མདུན་ན་འདུག་པར་བྱའོ་སྙམ་དུ་མི་རྟོག་།རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་འཇམ་དཔལ་ཟླ་བའི་དཀྱིལ་འཁོར་ནི་མ་འདྲེས་པའི་ཆོས་ དང་ལྡན་པས་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་དེ་ལྟ་བུའི་བྱ་བ་འདི་འབྱུང་ངོ ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་འཁོར་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་
61-1-117a
དུ་མེད། ཚད་མེད། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་དབུས་ན་བཞུགས་ན་དེ་དག་ཐམས་ཅད་ཀྱིས་ཀྱང་དེ་བཞིན་གཤེགས་པ་མདུན་ན་བཞུགས་པར་མཐོང་མོད་ཀྱི། འཇམ་དཔལ་དེ་བཞིན་གཤེགས་པ་ནི་སེམས་ཅན་དེ་དག་གིས་དེ་བཞིན་གཤེགས་པ་ མདུན་ན་བཞུགས་པར་ཤེས་པར་འགྱུར་བར་ང་སེམས་ཅན་དེ་དག་གི་མདུན་དུ་འདུག་པར་བྱའོ་སྙམ་དུ་མི་རྟོག་།རྣམ་པར་མི་རྟོག་སྟེ། འོན་ཀྱང་སེམས་ཅན་རྣམས་ཇི་ལྟ་བུས་འདུལ་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་མདུན་ན་བཞུགས་པར་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། མ་ འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །འཇམ་དཔལ་དཔེར་ན་སེམས་ཅན་རྣམས་ཀྱི་ལས་ཀྱི་ཐ་མ་དང ། འབྲིང་དང ། རབ་ཀྱི་རྣམ་པར་སྨིན་པའི་དབང་གིས་སེམས་ཅན་རྣམས་ཀྱི་འདུ་བྱེད་ཐ་མ་དང ། འབྲིང་དང ། རབ་རྣམས་འབྱུང་བར་འདུ་བྱེད་རྣམས་ནི་མི་རྟོག་།རྣམ་ པར་མི་རྟོག་སྟེ། འོན་ཀྱང་འདུ་བྱེད་དེ་དག་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་ཐ་མ་དང ། འབྲིང་དང ། རབ་རྣམས་ཀྱི་བྱ་བ་དག་ལ་འཇུག་གོ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སེམས་ཅན་ རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ཐ་མ་དང ། འབྲིང་དང ། རབ་ཀྱི་དབང་གིས་དེ་བཞིན་གཤེགས་པ་ཐ་མ་དང ། འབྲིང་དང ། རབ་ཏུ་སེམས་ཅན་རྣམས་ཀྱིས་མཐོང་ཡང་འཇམ་དཔལ་དེ་བཞིན་གཤེགས་པ་ནི་མི་རྟོག་།རྣམ་པར་མི་རྟོག་སྟེ། འོན་ཀྱང་དེ་བཞིན་གཤེགས་པ་དེའི་ མཛད་པ་དེ་ལྟ་བུ་དེ་ལྷུན་གྱིས་གྲུབ་པར་འབྱུང་ངོ ། །འཇམ་དཔལ་དཔེར་ན་ནོར་བུ་རིན་པོ་ཆེ་བཻ་དཱུརྱ་རིགས་མ་ནི་རས་ཐ་དད་པ་ཉིད་ཀྱི་དབང་གིས་ཁ་དོག་ཐ་དད་པ་ཉིད་དུ་འགྱུར་ཏེ། འཇམ་དཔལ་གལ་ཏེ་ནོར་བུ་རིན་པོ་ཆེ་བཻ་དཱུརྱ་རས་སེར་པོའི་སྟེང་དུ་བཞག་ན་ནི་ནོར་བུ་རིན་པོ་ཆེ་བཻ་དཱུརྱ་ཁ་དོག་ སེར་པོར་འགྱུར། གལ་ཏེ་རས་དམར་པོའི་སྟེང་དུ་བཞག་ན་ནི་ནོར་བུ་རིན་པོ་ཆེ་བཻ་དཱུརྱ་ཁ་དོག་དམར་པོར་འགྱུར། གལ་ཏེ་རས་སྔོན་པོའི་སྟེང་དུ་བཞག་ན་ནི་ནོར་བུ་རིན་པོ་ཆེ་བཻ་དཱུརྱ་ཁ་དོག་སྔོན་པོར་འགྱུར་ཏེ། དེ་ལྟར་རས་ཁ་དོག་ཅི་དང་ཅི་འདྲ་བའི་སྟེང་དུ་བཞག་པ་དེ་དང་དེ་ཉིད་ཀྱི་ཁ་དོག་ཁོ་
61-1-117b
ནར་འགྱུར་ཡང་འཇམ་དཔལ་ནོར་བུ་རིན་པོ་ཆེ་བཻ་དཱུརྱ་ནི་མི་རྟོག་།རྣམ་པར་མི་རྟོག་སྟེ། འོན་ཀྱང་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་དེའི་བྱ་བ་དེ་ལྟ་བུ་དེ་འབྱུང་ངོ ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་སེམས་ཅན་ཐ་དད་པ་ཉིད་ཀྱི་དབང་གིས་ཁ་དོག་ཐ་དད་པ་ ཉིད་དུ་འགྱུར་ཏེ། འཇམ་དཔལ་གལ་ཏེ་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་སྐུ་གསེར་གྱི་ཁ་དོག་ཏུ་མཐོང་བས་གདུལ་བར་བྱ་བ་ཡིན་ན་ནི་དེ་དག་གིས་ནི་དེ་བཞིན་གཤེགས་པའི་སྐུ་གསེར་གྱི་ཁ་དོག་ཏུ་མཐོང་ངོ ། །གལ་ཏེ་སེམས་ཅན་རྣམས་ནོར་བུ་རིན་པོ་ཆེ་བཻ་དཱུརྱའི་ཁ་དོག་ ལྟ་བུས་གདུལ་བར་བྱ་བ་ཡིན་ན་ནི་དེ་དག་གིས་ཀྱང་དེ་བཞིན་གཤེགས་པའི་སྐུ་ནོར་བུ་རིན་པོ་ཆེ་བཻ་དཱུརྱའི་ཁ་དོག་ཏུ་མཐོང་ངོ ། །གལ་ཏེ་སེམས་ཅན་རྣམས་མུ་ཏིག་གི་ཁ་དོག་ལྟ་བུས་གདུལ་བར་བྱ་བ་ཡིན་ན་ནི་དེ་དག་གིས་ཀྱང་དེ་བཞིན་གཤེགས་པའི་སྐུ་མུ་ཏིག་གི་ཁ་དོག་ཏུ་མཐོང་ངོ ། ། གལ་ཏེ་སེམས་ཅན་རྣམས་ནོར་བུ་རིན་པོ་ཆེ་ཨན་ད་རྙིལ་གྱི་ཁ་དོག་ལྟ་བུས་གདུལ་བར་བྱ་བ་ཡིན་ན་ནི་དེ་དག་གིས་ཀྱང་དེ་བཞིན་གཤེགས་པའི་སྐུ་ནོར་བུ་རིན་པོ་ཆེ་ཨན་ད་རྙིལ་གྱི་ཁ་དོག་ཏུ་མཐོང་ངོ ། །འཇམ་དཔལ་གལ་ཏེ་སེམས་ཅན་རྣམས་ནོར་བུ་རིན་པོ་ཆེ་མཐོན་ཀ་ཆེན་པོའི་ཁ་དོག་ལྟ་ བུས་གདུལ་བར་བྱ་བ་ཡིན་ན་ནི་དེ་དག་གིས་ཀྱང་དེ་བཞིན་གཤེགས་པའི་སྐུ་ནོར་བུ་རིན་པོ་ཆེ་མཐོན་ཀ་ཆེན་པོའི་ཁ་དོག་ཏུ་མཐོང་ངོ ། །གལ་ཏེ་སེམས་ཅན་རྣམས་ནོར་བུ་རིན་པོ་ཆེ་འོད་ཐམས་ཅད་བསྡུས་པའི་ཁ་དོག་ལྟ་བུས་གདུལ་བར་བྱ་བ་ཡིན་ན་ནི་དེ་དག་གིས་ཀྱང་དེ་བཞིན་གཤེགས་པའི་ སྐུ་ནོར་བུ་རིན་པོ་ཆེ་འོད་ཐམས་ཅད་བསྡུས་པའི་ཁ་དོག་ཏུ་མཐོང་ངོ ། །གལ་ཏེ་སེམས་ཅན་རྣམས་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་ཁ་དོག་ལྟ་བུས་གདུལ་བར་བྱ་བ་ཡིན་ན་ནི་དེ་དག་གིས་ཀྱང་དེ་བཞིན་གཤེགས་པའི་སྐུ་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་ཁ་དོག་ཏུ་མཐོང་ངོ ། །གལ་ཏེ་ སེམས་ཅན་རྣམས་ནོར་བུ་རིན་པོ་ཆེ་རྒྱ་མཚོའི་གནས་རྣམ་པར་དག་པ་རིན་པོ་ཆེ་བཀོད་པ་ཀུན་ནས་འོད་ཟེར་སྣང་བའི་ཁ་དོག་ལྟ་བུས་གདུལ་བར་བྱ་བ་ཡིན་ན་ནི་དེ་དག་གིས་ཀྱང་དེ་བཞིན་གཤེགས་པའི་སྐུ་ནོར་བུ་རིན་པོ་ཆེ་རྒྱ་མཚོའི་གནས་རྣམ་པར་དག་པ་རིན་པོ་ཆེ་བཀོད་པ་ཀུན་ནས་འོད་ཟེར་སྣང་
61-1-118a
བའི་ཁ་དོག་ཏུ་མཐོང་ངོ ། །གལ་ཏེ་སེམས་ཅན་རྣམས་ནོར་བུ་རིན་པོ་ཆེའི་རྒྱལ་པོ་སེང་གེ་རལ་པ་ཅན་གྱི་ཁ་དོག་ལྟ་བུས་གདུལ་བར་བྱ་བ་ཡིན་ན་ནི་དེ་དག་གིས་ཀྱང ། དེ་བཞིན་གཤེགས་པའི་སྐུ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་སེང་གེ་རལ་པ་ཅན་གྱི་ཁ་དོག་ཏུ་མཐོང་ངོ ། ། གལ་ཏེ་སེམས་ཅན་རྣམས་ནོར་བུ་རིན་པོ་ཆེ་སེང་གེའི་རྒྱལ་མཚན་གྱི་རྩེ་མོའི་ཁ་དོག་ལྟ་བུས་གདུལ་བར་བྱ་བ་ཡིན་ན་ནི། དེ་དག་གིས་ཀྱང་དེ་བཞིན་གཤེགས་པའི་སྐུ་ནོར་བུ་རིན་པོ་ཆེ་སེང་གེའི་རྒྱལ་མཚན་གྱི་རྩེ་མོའི་ཁ་དོག་ཏུ་མཐོང་ངོ ། །འཇམ་དཔལ་གལ་ཏེ་སེམས་ཅན་རྣམས་ ནོར་བུ་རིན་པོ་ཆེ་གློག་གི་སྒྲོན་མའི་ཁ་དོག་ལྟ་བུས་གདུལ་བར་བྱ་བ་ཡིན་ན་ནི། དེ་དག་གིས་ཀྱང་དེ་བཞིན་གཤེགས་པའི་སྐུ་ནོར་བུ་རིན་པོ་ཆེ་གློག་གི་སྒྲོན་མའི་ཁ་དོག་ཏུ་མཐོང་ངོ ། །གལ་ཏེ་སེམས་ཅན་རྣམས་ནོར་བུ་རིན་པོ་ཆེ་ཆུ་འདང་གི་ཁ་དོག་ལྟ་བུས་གདུལ་བར་བྱ་བ་ཡིན་ན་ནི། དེ་དག་གིས་ཀྱང་དེ་བཞིན་གཤེགས་པའི་སྐུ་ནོར་བུ་རིན་པོ་ཆེ་ཆུ་འདང་གི་ཁ་དོག་ཏུ་མཐོང་ངོ ། །དེ་བཞིན་དུ་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་སྐུ་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བའི་ཁ་དོག་ཏུ་མཐོང་བས་གདུལ་བར་བྱ་བ་ཡིན་ན་ནི། དེ་དག་ གིས་ཀྱང་དེ་བཞིན་གཤེགས་པའི་སྐུ་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བའི་ཁ་དོག་ཏུ་མཐོང་ངོ ། །དེ་བཞིན་དུ་སྦྱར་ཏེ་སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་དང ། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་བར་གྱི་ཁ་དོག་གིས་ གདུལ་བར་བྱ་བ་ཡིན་ན་ནི། དེ་དག་གིས་ཀྱང་དེ་བཞིན་གཤེགས་པའི་སྐུ་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་དང ། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་བར་གྱི་ཁ་དོག་ཏུ་མཐོང་ངོ ། །གཟུགས་མེད་པར་སྐྱེས་པའི་བར་གྱི་གཟུགས་དང ། ལུས་དང ། ཁ་དོག་དང ། སྤྱོད་ལམ་གང་དང་གང་གིས་སེམས་ཅན་རྣམས་འདུལ་བར་འགྱུར་བའི་གཟུགས་དང ། ལུས་དང ། ཁ་དོག་དང ། སྤྱོད་ལམ་དེ་དང་དེ་ལྟ་བུར་དེ་བཞིན་གཤེགས་པ་མཐོང་ངོ ། །དེ་བཞིན་དུ་སྒོ་ང་ལས་སྐྱེས་པ་དང ། མངལ་ནས་སྐྱེས་པ་དང ། དྲོད་གཤེར་ལས་སྐྱེས་
61-1-118b
པ་དང ། རྫུས་ཏེ་སྐྱེས་པ་དང ། གཟུགས་ཅན་དང ། གཟུགས་ཅན་མ་ཡིན་པ་དང ། འདུ་ཤེས་ཅན་དང ། འདུ་ཤེས་ཅན་མ་ཡིན་པ་དང ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སེམས་ཅན་རྣམས་ཀྱི་གཟུགས་དང ། ལུས་དང ། ཁ་དོག་དང ། སྤྱོད་ལམ་གང་དང་གང་ གིས་འདུལ་བར་འགྱུར་བའི་གཟུགས་དང ། ལུས་དང ། ཁ་དོག་དང ། སྤྱོད་ལམ་དེ་དང་དེར་དེ་བཞིན་གཤེགས་པ་མཐོང་ཡང་དེ་བཞིན་གཤེགས་པ་ནི་སེམས་ཅན་འདི་དག་གིས་གསེར་གྱི་ཁ་དོག་ཏུ་མཐོང་བར་གྱུར་ལ། ནོར་བུ་རིན་པོ་ཆེ་བཻ་དཱུརྱའི་ཁ་དོག་ཏུ་མཐོང་ བར་ནི་མ་གྱུར་ཅིག་།སེམས་ཅན་འདི་དག་གིས་ནི་ནོར་བུ་རིན་པོ་ཆེ་བཻ་དཱུརྱའི་ཁ་དོག་ཏུ་མཐོང་བར་གྱུར་ལ། ནོར་བུ་རིན་པོ་ཆེ་ཨན་ད་རྙིལ་གྱི་ཁ་དོག་ཏུ་མཐོང་བར་ནི་མ་གྱུར་ཅིག་།སེམས་ཅན་འདི་དག་གིས་ནི་ནོར་བུ་རིན་པོ་ཆེ་ཨན་ད་རྙིལ་གྱི་ཁ་དོག་ཏུ་མཐོང་བར་གྱུར་ལ་ནོར་བུ་རིན་པོ་ ཆེ་མཐོན་ཀ་ཆེན་པོའི་ཁ་དོག་ཏུ་མཐོང་བར་ནི་མ་གྱུར་ཅིག་།སེམས་ཅན་འདི་དག་གིས་ནི་ནོར་བུ་རིན་པོ་ཆེ་མཐོན་ཀ་ཆེན་པོའི་ཁ་དོག་ཏུ་མཐོང་བར་གྱུར་ལ། ནོར་བུ་རིན་པོ་ཆེ་འོད་ཐམས་ཅད་བསྡུས་པའི་ཁ་དོག་ཏུ་མཐོང་བར་ནི་མ་གྱུར་ཅིག་།སེམས་ཅན་འདི་དག་གིས་ནི་ནོར་བུ་རིན་པོ་ཆེ་ འོད་ཐམས་ཅད་བསྡུས་པའི་ཁ་དོག་ཏུ་མཐོང་བར་གྱུར་ལ། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་ཁ་དོག་ཏུ་མཐོང་བར་ནི་མ་གྱུར་ཅིག་།སེམས་ཅན་འདི་དག་གིས་ནི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་ཁ་དོག་ཏུ་མཐོང་བར་གྱུར་ལ། ནོར་བུ་རིན་པོ་ཆེ་རྒྱ་མཚོའི་གནས་རྣམ་པར་དག་པ་ རིན་པོ་ཆེ་བཀོད་པ་ཀུན་ནས་འོད་ཟེར་སྣང་བའི་ཁ་དོག་ཏུ་མཐོང་བར་ནི་མ་གྱུར་ཅིག་།སེམས་ཅན་འདི་དག་གིས་ནི་ནོར་བུ་རིན་པོ་ཆེ་རྒྱ་མཚོའི་གནས་རྣམ་པར་དག་པ་རིན་པོ་ཆེ་བཀོད་པ་ཀུན་ནས་འོད་ཟེར་སྣང་བའི་ཁ་དོག་ཏུ་མཐོང་བར་གྱུར་ལ། ནོར་བུ་རིན་པོ་ཆེའི་རྒྱལ་པོ་སེང་གེ་རལ་པ་ཅན་ གྱི་ཁ་དོག་ཏུ་མཐོང་བར་ནི་མ་གྱུར་ཅིག་།སེམས་ཅན་འདི་དག་གིས་ནི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་སེང་གེ་རལ་པ་ཅན་གྱི་ཁ་དོག་ཏུ་མཐོང་བར་གྱུར་ལ། །ནོར་བུ་རིན་པོ་ཆེ་སེང་གེའི་རྒྱལ་མཚན་གྱི་རྩེ་མོའི་ཁ་དོག་ཏུ་མཐོང་བར་ནི་མ་གྱུར་ཅིག་།སེམས་ཅན་འདི་དག་གིས་ནི་ནོར་བུ་རིན་
61-1-119a
པོ་ཆེ་སེང་གེའི་རྒྱལ་མཚན་གྱི་རྩེ་མོའི་ཁ་དོག་ཏུ་མཐོང་བར་གྱུར་ལ། ནོར་བུ་རིན་པོ་ཆེ་བརྒྱ་བྱིན་ཐོགས་པའི་ཁ་དོག་ཏུ་མཐོང་བར་ནི་མ་གྱུར་ཅིག་།སེམས་ཅན་འདི་དག་གིས་ནི་ནོར་བུ་རིན་པོ་ཆེ་བརྒྱ་བྱིན་ཐོགས་པའི་ཁ་དོག་ཏུ་མཐོང་བར་གྱུར་ལ། ནོར་བུ་རིན་པོ་ཆེ་རྡོ་རྗེ་ སྣང་བའི་ཁ་དོག་ཏུ་མཐོང་བར་ནི་མ་གྱུར་ཅིག་།སེམས་ཅན་འདི་དག་གིས་ནི་ནོར་བུ་རིན་པོ་ཆེ་རྡོ་རྗེ་སྣང་བའི་ཁ་དོག་ཏུ་མཐོང་བར་གྱུར་ལ། ནོར་བུ་རིན་པོ་ཆེ་ལྷ་ཐམས་ཅད་སྣང་བའི་ཁ་དོག་ཏུ་མཐོང་བར་ནི་མ་གྱུར་ཅིག་།སེམས་ཅན་འདི་དག་གིས་ནི་ནོར་བུ་རིན་པོ་ཆེ་ལྷ་ཐམས་ཅད་ སྣང་བའི་ཁ་དོག་ཏུ་མཐོང་བར་གྱུར་ལ། ནོར་བུ་རིན་པོ་ཆེ་ཉི་ཟླ་སྣང་བའི་ཁ་དོག་ཏུ་མཐོང་བར་ནི་མ་གྱུར་ཅིག་།སེམས་ཅན་འདི་དག་གིས་ནི་ནོར་བུ་རིན་པོ་ཆེ་ཉི་ཟླ་སྣང་བའི་ཁ་དོག་ཏུ་མཐོང་བར་གྱུར་ལ། ནོར་བུ་རིན་པོ་ཆེ་གློག་གི་སྒྲོན་མའི་ཁ་དོག་ཏུ་མཐོང་བར་ནི་མ་གྱུར་ཅིག་། སེམས་ཅན་འདི་དག་གིས་ནི་ནོར་བུ་རིན་པོ་ཆེ་གློག་གི་སྒྲོན་མའི་ཁ་དོག་ཏུ་མཐོང་བར་གྱུར་ལ། ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཡིད་བཞིན་གྱི་ཁ་དོག་ཏུ་མཐོང་བར་ནི་མ་གྱུར་ཅིག་ཅེས་མི་རྟོག་།རྣམ་པར་མི་རྟོག་གོ། །དེ་བཞིན་དུ་སྦྱར་ཏེ། འགྲོ་བ་ཐམས་ཅད་དུ་སྐྱེས་པའི་སེམས་ཅན་ རྣམས་ལ་ཡང་བརྗོད་པར་བྱ་སྟེ། འཇམ་དཔལ་དེ་བཞིན་གཤེགས་པ་ནི་མི་རྟོག་།རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པ་དེའི་མཛད་པ་དེ་ལྟ་བུ་དེ་འབྱུང་ངོ་།། ་་་་།།བམ་པོ་གཉིས་པ། འཇམ་དཔལ་དཔེར་ན་ནོར་ བུ་རིན་པོ་ཆེ་དབང་གི་རྒྱལ་པོ་གང་དུ་འབྱུང་བ་དེར་ལྕགས་དང་ལྕགས་ལས་བྱས་པའི་ཡོ་བྱད་རྣམས་མི་འབྱུང་མོད་ཀྱི། འཇམ་དཔལ་འོན་ཀྱང་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ནི་མི་རྟོག་།རྣམ་པར་མི་རྟོག་སྟེ། འདི་སྙམ་དུ་བདག་གང་དུ་བྱུང་བ་དེར་ལྕགས་དང་ལྕགས་ལས་བྱས་པའི་ཡོ་ བྱད་རྣམས་འབྱུང་བར་མ་གྱུར་ཅིག་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་དེའི་བྱ་བ་དེ་ལྟ་བུ་དེ་འབྱུང་ངོ ། །འཇམ་དཔལ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་གང་དུ་དེ་བཞིན་གཤེགས་པ་བྱུང་བ་དེར་མུ་སྟེགས་ཅན་སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་དང ། གཅེར་
61-1-119b
བུ་པ་ལ་སོགས་པ་མུ་སྟེགས་ཅན་གྱི་གནས་ཐམས་ཅད་མི་འབྱུང ། དེར་ལྟ་བར་གྱུར་པ་ཐམས་ཅད་མི་འབྱུང ། དེར་འཁྲུག་པ་ཐམས་ཅད་མི་འབྱུང ། དེར་མཚམས་མེད་པ་ལྔ་པོ་དག་མི་འབྱུང ། དེར་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་མི་འབྱུང ། དེར་རྒྱལ་པོའི་བཀའ་ ལུང་དང ། ཆོས་གཅེས་པ་འདོར་བ་མི་འབྱུང ། དེར་ཉི་ཟླའི་འོད་དག་མི་འབྱུང ། དེར་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དག་དང་ལྷ་ཐམས་ཅད་ཀྱི་འོད་དག་མི་འབྱུང ། དེར་ནོར་བུ་རིན་པོ་ཆེའི་འོད་རྣམས་དང ། མེའི་འོད་རྣམས་དང ། གློག་གི་འོད་རྣམས་ མི་འབྱུང ། དེར་ཡུད་ཙམ་དང ། ཡུད་ཙམ་ཕྱེད་དང ། ཟླ་བ་དང ། ཟླ་བ་ཕྱེད་དང ། ལོར་བགྲང་བ་རྣམས་མི་འབྱུང་སྟེ། འཇམ་དཔལ་གཞན་དུ་ན་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ནི་མ་གཏོགས་སོ། །འཇམ་དཔལ་དེ་བཞིན་ གཤེགས་པ་ནི་མི་རྟོག་།རྣམ་པར་མི་རྟོག་སྟེ། འོན་ཀྱང་སེམས་ཅན་གྱི་དབང་གིས་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་དེའི་མཛད་པ་དེ་ལྟ་བུ་དེ་འབྱུང་ངོ ། །འཇམ་དཔལ་དཔེར་ན་ནོར་བུ་རིན་པོ་ཆེ་མཐོན་ཀ་ཆེན་པོའི་འོད་ཀྱིས་རེག་པ་དེ་དག་ཐམས་ཅད་ནོར་བུ་རིན་པོ་ཆེ་མཐོན་ཀ་ཆེན་ པོའི་ཁ་དོག་ཏུ་འགྱུར་ཡང་ནོར་བུ་རིན་པོ་ཆེ་མཐོན་ཀ་ཆེན་པོ་ནི་མི་རྟོག་།རྣམ་པར་མི་རྟོག་སྟེ། འོན་ཀྱང་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་དེའི་བྱ་བ་དེ་ལྟ་བུ་དེ་འབྱུང་ངོ ། །འཇམ་དཔལ་དེ་བཞིན་དུ་གང་དག་དེ་བཞིན་གཤེགས་པ་ལ་དམིགས་པའི་ཡིད་ལ་བྱེད་པའི་འོད་ཀྱིས་རེག་ པ་དེ་དག་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཁ་དོག་ཏུ་འགྱུར་ཡང་དེ་བཞིན་གཤེགས་པ་ནི་མི་རྟོག་།རྣམ་པར་མི་རྟོག་སྟེ། འོན་ཀྱང་འཇམ་དཔལ་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་དེ་བཞིན་གཤེགས་པའི་མཛད་པ་དེ་ལྟ་བུ་དེ་འབྱུང་ངོ ། །འཇམ་དཔལ་དཔེར་ན་ནོར་བུ་ རིན་པོ་ཆེ་ཆེན་པོ་བཻ་དཱུརྱ་བྱི་དོར་ལེགས་པར་བྱས་པ་མགོའི་རྒྱན་ནམ། མགུལ་བའི་རྒྱན་ནམ། ལག་པའི་རྒྱན་ནམ། རྐང་པའི་རྒྱན་ཡང་རུང་སྟེ། གང་དང་གང་གིས་ལོགས་ན་རྒྱན་དུ་འདུག་པ་དེ་དང་དེར་རྒྱན་དུ་ཤིན་ཏུ་ལམ་མེ། ལྷན་ནེ། ལྷང་ངེའོ། །ནོར་བུ་རིན་པོ་ཆེ་ཆེན་པོ་བཻ་དཱུརྱ་དེ་
61-1-120a
ཉིད་ཀྱི་མཐུས་རྒྱན་དེ་དག་ཀྱང་ཤིན་ཏུ་ལམ་མེ། ལྷན་ནེ། ལྷང་ངེར་འདུག་ཀྱང་ནོར་བུ་རིན་པོ་ཆེ་ཆེན་པོ་བཻ་དཱུརྱ་མི་རྟོག་རྣམ་པར་མི་རྟོག་སྟེ། འོན་ཀྱང་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་དེའི་བྱ་བ་དེ་ལྟ་བུ་དེ་འབྱུང་ངོ ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྤྱོད་ལམ་གྱི་གནས་གང་དང་གང་གིས་ཉན་ཐོས་ཀྱི་སྤྱོད་པའམ། རང་སངས་རྒྱས་ཀྱི་སྤྱོད་པའམ། བྱང་ཆུབ་སེམས་དཔའི་སྤྱོད་པའམ། དེ་བཞིན་གཤེགས་པའི་སྤྱོད་པའམ། སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་དང ། གཅེར་བུ་ པའི་སྤྱོད་པའམ། དུད་འགྲོ་དང ། ཡི་དགས་དང ། གཤིན་རྗེའི་འཇིག་རྟེན་དང ། ཤ་ཟ་དང ། གྲུལ་བུམ་དང ། སྲིན་པོའི་སྤྱོད་པའམ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟའི་སྤྱོད་པའམ། སྤྱོད་པ་གང་དང་གང་ལ་གནས་པའི་སྤྱོད་པ་དེ་དང་དེ་ཉིད་ཤིན་ཏུ་ ལམ་མེ། ལྷན་ནེ། ལྷང་ངེའོ། །དེ་བཞིན་གཤེགས་པ་དེ་ཉིད་ཀྱི་མཐུས་སྤྱོད་པ་དེ་ཤིན་ཏུ་ལམ་མེ། ལྷན་ནེ། ལྷང་ངེར་རྣམ་པར་མཛེས་ཀྱང་འཇམ་དཔལ་དེ་བཞིན་གཤེགས་པ་ནི་མི་རྟོག་།རྣམ་པར་མི་རྟོག་སྟེ། འོན་ཀྱང་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་དེའི་མཛད་པ་ དེ་ལྟ་བུ་དེ་འབྱུང་ངོ ། །འཇམ་དཔལ་དཔེར་ན་ས་ལ་གནས། ས་ལ་བརྟེན་ནས་ས་བོན་ཐམས་ཅད་དང ། རྩཝ་དང ། ཤིང་གེལ་བ་དང ། སྨན་དང ། ནགས་ཚལ་རྣམས་སྐྱེ་ཞིང་འཕེལ་ལ་ཤིན་ཏུ་རྒྱས་པ་ཉིད་དུ་འགྱུར་ཡང་འཇམ་དཔལ་ས་ནི་མི་རྟོག་།རྣམ་པར་མི་རྟོག་སྟེ། འོན་ཀྱང་ལྷུན་ གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་དེའི་བྱ་བ་དེ་ལྟ་བུ་དེ་འབྱུང་ངོ ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་གནས། དེ་བཞིན་གཤེགས་པ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་སྐྱེ་ཞིང་འཕེལ་ཏེ། ཤིན་ཏུ་རྒྱས་པ་ཉིད་དུ་འགྱུར་ཡང་དེ་བཞིན་གཤེགས་ པ་ནི་མི་རྟོག་།རྣམ་པར་མི་རྟོག་སྟེ། འོན་ཀྱང་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་དེའི་མཛད་པ་དེ་ལྟ་བུ་དེ་འབྱུང་ངོ ། །འཇམ་དཔལ་དཔེར་ན་སྤྲིན་ཆེན་པོས་འཛམ་བུའི་གླིང་ཐམས་ཅད་ཁེབས་པར་བྱས་ནས་རྩཝ་དང ། ཤིང་གེལ་བ་དང ། སྨན་དང ། ནགས་ཚལ་རྣམ་པ་ཐ་དད་པ་རྣམས་
61-1-120b
སུ་ཆར་པ་ཆེན་པོ་རབ་ཏུ་ཕབ་སྟེ། རོ་གཅིག་པའི་ཆུའི་རྒྱུན་དེས་རྩཝ་དང ། ཤིང་གེལ་བ་དང ། སྨན་དང ། ནགས་ཚལ་རྣམ་པ་ཐ་དད་པ་རྣམས་སྐྱེ་བར་བྱེད་ཅིང་གནས་རྣམ་པ་ཐ་དད་པ་རྣམས་སུ་ཆུ་དེ་རོ་ཐ་དད་པ་དང ། ཁ་དོག་ཐ་དད་པར་ཡང་གནས་ལ། འཇམ་དཔལ་སྤྲིན་ནི་མི་ རྟོག་།རྣམ་པར་མི་རྟོག་སྟེ། འོན་ཀྱང་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་བྱ་བ་ཐ་དད་པ་རྣམས་འབྱུང་ངོ ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ སངས་རྒྱས་ཀྱི་སྐུའི་སྤྲིན་གྱིས་ཁྱབ་པར་མཛད་དེ། སེམས་ཅན་དགེ་བའི་རྩ་བ་སྣ་ཚོགས་བསགས་པ། སྨོན་ལམ་དང ། ལྷག་པའི་བསམ་པ་དང ། མོས་པ་ཐ་དད་ཅིང་མོས་པ་ཐ་དད་པ་ལ་གནས་པ་ཐམས་ཅད་ལ་ཆོས་ཀྱི་ཆར་ཆེན་པོ་མངོན་པར་ཕབ་སྟེ། འཇམ་དཔལ་ཆོས་ཀྱི་ཆར་ དེ་ཡང་རོ་གཅིག་པ་ཡིན་མོད་ཀྱི། འཇམ་དཔལ་སེམས་ཅན་དགེ་བའི་རྩ་བ་སྣ་ཚོགས་བསགས་པ། སྨོན་ལམ་དང ། ལྷག་པའི་བསམ་པ་དང ། མོས་པ་ཐ་དད་ཅིང་མོས་པ་ཐ་དད་པ་ལ་གནས་པ། དགེ་བའི་རྩ་བ་དང ། སྨོན་ལམ་དང ། ལྷག་པའི་བསམ་པ་དང ། མོས་པ་ ཐ་དད་པ་ལ་ཞུགས་པ་རྣམས་ལ་རྣམ་པ་ཐ་དད་པ་ཉིད་ཀྱི་ཆོས་ཐ་དད་པ་ཁོ་ནའི་ཆར་པས་ནུས་པ་ཇི་ལྟ་བ་དང ། མཐུ་ཇི་ལྟ་བ་བཞིན་དུ་དགེ་བའི་རྩ་བ་བསྐྱེད་ཀྱང་འཇམ་དཔལ་དེ་བཞིན་གཤེགས་པ་ནི་མི་རྟོག་།རྣམ་པར་མི་རྟོག་སྟེ། འདི་ལྟ་སྟེ། སེམས་ཅན་འདི་དག་ལ་ནི་ཉན་ཐོས་ཀྱི་ཡེ་ ཤེས་སུ་འགྱུར་བའི་དགེ་བའི་རྩ་བ་དག་རྣམ་པར་བསྐྱེད་པར་བྱའོ། །སེམས་ཅན་འདི་དག་ལ་ནི་རང་སངས་རྒྱས་ཀྱི་ཡེ་ཤེས་སུ་འགྱུར་བའི་དགེ་བའི་རྩ་བ་དག་རྣམ་པར་བསྐྱེད་པར་བྱའོ། །སེམས་ཅན་འདི་དག་ལ་ནི་སངས་རྒྱས་ཀྱི་ཡེ་ཤེས་སུ་འགྱུར་བའི་དགེ་བའི་རྩ་བ་དག་རྣམ་པར་བསྐྱེད་པར་བྱའོ། ། སེམས་ཅན་འདི་དག་ལ་ནི་རྒྱལ་ཆེན་བཞི་པའི་ལྷའི་གནས་སུ་སྐྱེ་བའི་དགེ་བའི་རྩ་བ་དག་རྣམ་པར་བསྐྱེད་པར་བྱའོ། །སེམས་ཅན་འདི་དག་ལ་ནི་སུམ་ཅུ་རྩ་གསུམ་གྱི་གནས་སུ་སྐྱེ་བའི་དགེ་བའི་རྩ་བ་དག་རྣམ་པར་བསྐྱེད་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ་འཐབ་བྲལ་རྣམས་དང ། དགའ་ལྡན་
61-1-121a
རྣམས་དང ། འཕྲུལ་དགའ་རྣམས་དང ། གཞན་འཕྲུལ་དབང་བྱེད་རྣམས་དང ། དེ་བཞིན་དུ་ཚངས་པ་རྣམས་དང ། ཚངས་ཆེན་རྣམས་དང ། ཚངས་པའི་མདུན་ན་འདོན་རྣམས་དང ། འོད་ཆུང་རྣམས་དང ། ཚད་མེད་འོད་རྣམས་དང ། འོད་གསལ་རྣམས་དང ། དགེ་ཆུང་ རྣམས་དང ། ཚད་མེད་དགེ་རྣམས་དང ། དགེ་རྒྱས་རྣམས་དང ། སྤྲིན་མེད་རྣམས་དང ། བསོད་ནམས་སྐྱེས་རྣམས་དང ། འབྲས་བུ་ཆེ་བ་རྣམས་དང ། མི་ཆེ་བ་རྣམས་དང ། མི་གདུང་བ་རྣམས་དང ། གྱ་ནོམ་སྣང་རྣམས་དང ། ཤིན་ཏུ་མཐོང་རྣམས་དང ། གནས་གཙང་མའི་རིས་རྣམས་ དང ། འོག་མིན་རྣམས་ཀྱི་དགེ་བའི་རྩ་བ་དག་རྣམ་པར་བསྐྱེད་པར་བྱའོ། །བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱི་དགེ་བའི་རྩ་བ་དག་རྣམ་པར་བསྐྱེད་པར་བྱའོ་སྙམ་དུ་འཇམ་དཔལ་དེ་བཞིན་གཤེགས་པ་ནི་མི་རྟོག་།རྣམ་པར་མི་རྟོག་གོ། །སེམས་ཅན་འདི་དག་ལ་ནི་རྒྱལ་པོར་སྐྱེ་བའི་དགེ་བའི་རྩ་ བ་སྣ་ཚོགས་དག་རྣམ་པར་བསྐྱེད་པར་བྱའོ། །སེམས་ཅན་འདི་དག་ལ་ནི་མིར་སྐྱེ་བའི་དགེ་བའི་རྩ་བ་སྣ་ཚོགས་དག་རྣམ་པར་བསྐྱེད་པར་བྱའོ། །སེམས་ཅན་འདི་དག་ལ་ནི་དབང་ཕྱུག་ཏུ་འགྱུར་བའི་དགེ་བའི་རྩ་བ་སྣ་ཚོགས་དག་རྣམ་པར་བསྐྱེད་པར་བྱའོ་སྙམ་དུ་འཇམ་དཔལ་དེ་བཞིན་གཤེགས་ པ་ནི་མི་རྟོག་།རྣམ་པར་མི་རྟོག་སྟེ། འོན་ཀྱང་དེ་བཞིན་གཤེགས་པ་ནི་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་སེམས་ཅན་སྨོན་ལམ་དང ། ལྷག་པའི་བསམ་པ་དང ། མོས་པ་ཇི་ལྟ་བ་དང ། དགེ་བའི་རྩ་བ་ཇི་ལྟར་བསགས་པ་བཞིན་དུ་མཛད་པ་དེ་ལྟ་བུ་དེ་འབྱུང་སྟེ། དེ་བཞིན་ གཤེགས་པ་ནི་ཐམས་ཅད་དུ་བཏང་སྙོམས་སུ་བཞུགས་ཤིང་བཏང་སྙོམས་ལ་རྣམ་པར་མི་རྟོག་གོ། །འཇམ་དཔལ་དཔེར་ན་ཉི་མའི་དཀྱིལ་འཁོར་ཤར་མ་ཐག་ཏུ་འོད་ཟེར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་བཏང་བས་འཛམ་བུའི་གླིང་གི་མུན་པ་མུན་ནག་ཐམས་ཅད་མེད་པར་འགྱུར་ཡང་ ཉི་མའི་དཀྱིལ་འཁོར་ནི་མི་རྟོག་།རྣམ་པར་མི་རྟོག་སྟེ། འོན་ཀྱང་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་བྱ་བ་དེ་ལྟ་བུ་དེ་འབྱུང་ངོ ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཉི་མའི་དཀྱིལ་འཁོར་ཤར་མ་ཐག་ཏུ་ཡེ་ཤེས་ཀྱི་འོད་ཟེར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་བཏང་
61-1-121b
བས་སེམས་ཅན་རྣམས་ཀྱི་ལྟ་བར་འགྱུར་བའི་མུན་པ་ཐམས་ཅད་མེད་པར་གྱུར་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་འཇིག་རྟེན་གྱི་ཁམས་སུ་ལྟ་བར་གྱུར་པ་འབྱུང་བ་ནི་མ་གཏོགས་སོ། །འཇམ་དཔལ་དེ་བཞིན་གཤེགས་ པ་ནི་ངས་སེམས་ཅན་རྣམས་ཀྱི་ལྟ་བར་གྱུར་པ་བསལ་ལོ་སྙམ་མམ། བསལ་བར་བྱའོ་སྙམ་དུ་མི་རྟོག་།རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་འཇམ་དཔལ་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་དེ་བཞིན་གཤེགས་པའི་མཛད་པ་དེ་ལྟ་བུ་དེ་འབྱུང་སྟེ། འཇམ་དཔལ་དེ་བཞིན་ གཤེགས་པ་ནི་ཐམས་ཅད་དུ་རྣམ་པར་མི་རྟོག་ཅིང་མཉམ་སྟེ་བཏང་སྙོམས་པའོ། །འཇམ་དཔལ་དཔེར་ན་སྒྱུ་མ་སྤྲུལ་པ་ནི་སྒྱུ་མ་མཁན་གྱི་དབང་གིས་བྱ་བ་རྣམ་པ་སྣ་ཚོགས་དང ། ལུས་ཐ་དད་པ་སྣ་ཚོགས་སྟོན་ཀྱང་འཇམ་དཔལ་སྒྱུ་མ་སྤྲུལ་པ་དེ་ནི་བརྗོད་དུ་མེད་པ་མ་སྐྱེས་པ། མ་འགགས་པ། ཡི་གེ་མེད་པ། སྒྲ་མེད་པ། ཡུལ་མེད་པ། དངོས་པོ་མེད་པ། བསམ་གྱིས་མི་ཁྱབ་པ་མཚན་ཉིད་མེད་པ། གཉིས་སུ་མེད་པ། ཀུན་ཏུ་སྤྱོད་པ་མེད་པ། ཆོས་ཀྱི་དབྱིངས་དང་མཉམ་ཞིང་གཉེན་པོ་མེད་པ་ཡིན་ཡང་འཇམ་དཔལ་སྒྱུ་མ་སྤྲུལ་པ་ནི་སྒྱུ་མ་མཁན་གྱི་དབང་གིས་ལྷུན་གྱིས་གྲུབ་ ཅིང་རྣམ་པར་མི་རྟོག་པར་བྱ་བ་སྣ་ཚོགས་སྟོན་ཏོ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སེམས་ཅན་གྱི་དབང་གིས་འཁོར་གྱི་ནང་ན་གཟུགས་ཀྱི་སྐུ་དང ། ཁ་དོག་དང ། སྤྱོད་པ་དང ། སྤྱོད་ལམ་དང ། བྱ་བ་ལ་འཇུག་པའི་ གནས་སྣ་ཚོགས་འབྱུང་མོད་ཀྱི། འཇམ་དཔལ་དེ་བཞིན་གཤེགས་པ་དེ་ནི་བརྗོད་དུ་མེད་པ། མ་སྐྱེས་པ། མ་འགགས་པ། ཡི་གེ་མེད་པ། སྒྲ་མེད་པ། ཡུལ་མེད་པ། དངོས་པོ་མེད་པ། བསམ་གྱིས་མི་ཁྱབ་པ། མཚན་ཉིད་མེད་པ། གཉིས་སུ་མེད་པ། ཀུན་ཏུ་སྤྱོད་པ་མེད་པ། ཆོས་ ཀྱི་དབྱིངས་དང་མཚུངས་ཤིང་གཉེན་པོ་མེད་པ། ཁམས་གསུམ་ལས་ཡང་དག་པར་འདས་པ་སྟེ། འོན་ཀྱང་འཇམ་དཔལ་དེ་བཞིན་གཤེགས་པ་ནི་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་སེམས་ཅན་གྱི་དབང་གིས་མཛད་པ་སྣ་ཚོགས་དག་སྟོན་ཏོ། །འཇམ་དཔལ་དཔེར་ན་ཉི་མ་ནི་གཅིག་ཁོ་ན་ཡིན་
61-1-122a
ན་རིའི་རྒྱལ་པོ་རི་རབ་ཀྱི་དབང་གིས་གླིང་བཞི་རྣམས་སུ་སེམས་ཅན་རྣམས་ཀྱིས་རྣམ་པ་མང་པོར་མཐོང་སྟེ། ཁ་ཅིག་གིས་ནི་དེ་འཆར་བར་མཐོང ། ཁ་ཅིག་གིས་ནི་ཤར་ཟིན་པར་མཐོང ། ཁ་ཅིག་གིས་ནི་བག་དྲོས་པ་ཙམ་དུ་མཐོང ། ཁ་ཅིག་ གིས་ནི་དྲོས་ཆེན་ཙམ་དུ་ཤེས། ཁ་ཅིག་གིས་ནི་ནམ་ཕྱེད། ཁ་ཅིག་གིས་ནི་ཉི་མ་ཕྱེད། ཁ་ཅིག་གིས་ནི་ཉི་མ་མེལ་ཙེ་ཐུན་གཅིག་ཙམ་དུ་ཤར་བར་ཤེས། ཁ་ཅིག་གིས་ནི་ཉི་མ་ཕྱེད་ཡོལ་ཙམ་དུ་ཤེས། ཁ་ཅིག་གིས་ནི་ཉི་མ་སྣུར་ཙམ་དུ་ཤེས། ཁ་ཅིག་གིས་ནི་ཐོ་རངས་ཙམ་དུ་ཤེས་ཏེ། ཉི་མའི་དཀྱིལ་འཁོར་གཅིག་ཡིན་མོད་ཀྱི། འོན་ཀྱང་གླིང་བཞི་དག་ཏུ་སེམས་ཅན་རྣམས་ཀྱིས་གཞན་དང་གཞན་དག་ཏུ་མཐོང་ཡང་ཉི་མའི་དཀྱིལ་འཁོར་ནི་མི་རྟོག་།རྣམ་པར་མི་རྟོག་སྟེ། ལྷུན་གྱིས་གྲུབ་ཅིང་རྣམ་པར་ མི་རྟོག་བཞིན་དུ་རི་རབ་ཀྱི་དབང་གིས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་སུ་བྱ་བ་སྣ་ཚོགས་སྟོན་ཏོ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སེམས་ཅན་གྱི་དབང་གིས་འཁོར་གཅིག་ཁོ་ནའི་ནང་ནས་ཀྱང་ སེམས་ཅན་ཁ་ཅིག་གིས་ནི་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་འཚང་རྒྱ་བར་ཤེས། ཁ་ཅིག་གིས་ནི་ཡོངས་སུ་མྱ་ངན་ལས་འདའ་བར་ཤེས། ཁ་ཅིག་གིས་ནི་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པར་ཤེས་སོ། །འཁོར་དེ་ཉིད་ཀྱི་ ནང་ནས་ཁ་ཅིག་གིས་ནི་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པར་ཤེས། ཁ་ཅིག་གིས་ནི་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་བཅུ་ལོན་པར་ཤེས། ཁ་ཅིག་གིས་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་ འདས་ནས་ལོ་བཅུ་ལོན་པར་ཤེས། ཁ་ཅིག་གིས་ནི་བཅོམ་ལྡན་འདས་ཀྱི་བསྟན་པ་སྙིང་པོར་གྱུར་པར་ཤེས། ཁ་ཅིག་གིས་ནི་བཅོམ་ལྡན་འདས་ཀྱི་བསྟན་པ་ནུབ་པར་ཤེས། ཁ་ཅིག་གིས་ནི་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ནས་ལོ་བཅུ་དང ། ཉི་ཤུ་དང ། སུམ་
61-1-122b
ཅུ་དང ། བཞི་བཅུ་དང ། ལྔ་བཅུ་ལོན་པར་ཤེས། ཁ་ཅིག་གིས་ནི་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བཅུ་དང ། ཉི་ཤུ་དང ། སུམ་ཅུ་དང ། བཞི་བཅུ་དང ། ལྔ་བཅུ་ལོན་པར་ཤེས། ཁ་ཅིག་གིས་ནི་བཅོམ་ལྡན་འདས་མངོན་པར་རྫོགས་ པར་སངས་རྒྱས་ནས་ལོ་བརྒྱ་དང ། ལོ་སྟོང་ལོན་པར་ཤེས། ཁ་ཅིག་གིས་ནི་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས། ལོ་བརྒྱ་དང ། ལོ་སྟོང་ལོན་པར་ཤེས། ཁ་ཅིག་གིས་ནི་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་ སྟོང་ཕྲག་བཅུ་དང ། ཉི་ཤུ་དང ། སུམ་ཅུ་དང ། བཞི་བཅུ་དང ། ལྔ་བཅུ་ལོན་པར་ཤེས། ཁ་ཅིག་གིས་ནི་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་སྟོང་ཕྲག་བཅུ་དང ། ཉི་ཤུ་དང ། སུམ་ཅུ་དང ། བཞི་བཅུ་དང ། ལྔ་བཅུ་ལོན་པར་ཤེས། ཁ་ཅིག་གིས་ནི་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུ་དང ། ཉི་ཤུ་དང ། སུམ་ཅུ་དང ། བཞི་བཅུ་དང ། ལྔ་བཅུ་ལོན་པར་ཤེས། །ཁ་ཅིག་གིས་ནི་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ ནས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུ་དང ། ཉི་ཤུ་དང ། སུམ་ཅུ་དང ། བཞི་བཅུ་དང ། ལྔ་བཅུ་ལོན་པར་ཤེས་སོ། །འཇམ་དཔལ་འཁོར་འདི་ཉིད་ཀྱི་ནང་ནས་ལྷ་དང ། མི་ཁ་ཅིག་གིས་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་ སངས་རྒྱས་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ལོན་པར་ཤེས། འཇམ་དཔལ་འཁོར་འདི་ཉིད་ཀྱི་ནང་ནས་ལྷ་དང ། མི་ཁ་ཅིག་གིས་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡོངས་སུ་མྱ་ངན་ལས་འདས་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་ དུ་མེད་པ་ལོན་པར་ཤེས་ཀྱང་འཇམ་དཔལ་དེ་བཞིན་གཤེགས་པ་ནི་མི་རྟོག་།རྣམ་པར་མི་རྟོག་སྟེ། འོན་ཀྱང་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་བཞིན་དུ་སེམས་ཅན་གྱི་དབང་གིས་དེ་བཞིན་གཤེགས་པའི་མཛད་པ་དེ་ལྟ་བུ་དེ་འབྱུང་ངོ ། །འཇམ་དཔལ་དཔེར་ན་འཛམ་བུའི་
61-1-123a
གླིང་དུ་རླུང་གི་དཀྱིལ་འཁོར་ཆེན་པོ་ལངས་པས་རྩཝ་དང ། ཤིང་གེལ་བ་དང ། སྨན་དང ། ནགས་ཚལ་དང ། ལོ་མ་ཐམས་ཅད་གཡོ། རབ་ཏུ་གཡོ། ཀུན་ཏུ་རབ་ཏུ་གཡོ། འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། འུར་འུར། རབ་ ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར།འཁྲུགས། རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས་ཤིང་ལོ་མ་ཁ་ཅིག་ནི་ཤར་ཕྱོགས་སུ་དམའ་ལ་ནུབ་ཕྱོགས་སུ་མཐོ། ཁ་ཅིག་ནི་ནུབ་ཕྱོགས་སུ་དམའ་ལ། ཤར་ཕྱོགས་སུ་མཐོ། ལོ་མ་ཁ་ཅིག་ནི་མཐའ་ དམའ་ལ་དབུས་མཐོ། ཁ་ཅིག་ནི་བྱང་ཕྱོགས་དམའ་ལ་ལྷོ་ཕྱོགས་སུ་མཐོ་ཡང་རྩཝ་དང ། ཤིང་གེལ་བ་དང ། སྨན་དང ། ནགས་ཚལ་དང ། ལོ་མ་རྣམས་མི་རྟོག་།རྣམ་པར་མི་རྟོག་སྟེ། འོན་ཀྱང་འཇམ་དཔལ་རླུང་གི་དཀྱིལ་འཁོར་གྱི་དབང་གིས་བྱ་བ་སྣ་ཚོགས་ སྟོན་ཏོ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་མི་རྟོག་།རྣམ་པར་མི་རྟོག་སྟེ། འོན་ཀྱང་སེམས་ཅན་གྱི་དབང་གིས་རྟག་ཏུ་སྐད་ཅིག་སྐད་ཅིག་ལ་གཟུགས་ཀྱི་སྐུ་དང ། ཁ་དོག་དང ། སྤྱོད་པ་དང ། སྨོན་ལམ་དང ། བྱ་བ་ལ་འཇུག་པའི་གནས་གྲངས་མེད་པ་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་རྣམས་སུ་འབྱུང་ངོ ། །འཇམ་དཔལ་སེམས་ཅན་རྣམས་ཀྱི་དེ་བཞིན་གཤེགས་པ་ལ་དམིགས་པ་ཡིད་ལ་བྱེད་པ་ཇི་སྙེད་ འབྱུང་བ་དེ་སྙེད་ཀྱི་བསྐལ་པར་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་དང ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་རྒྱུན་ཆད་ཅིང་ལྡོག་སྟེ། འཇམ་དཔལ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡོན་ཏན་ ཚད་མེད་པ་དང་ལྡན་ཏེ། དེ་བཞིན་གཤེགས་པ་གཅིག་ལ་དམིགས་པའི་ཡོན་ཏན་གྱི་མཐའ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པ་དང ། ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་ལ་གནས་པ་རྣམས་ཀྱིས་ཀྱང་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་
61-1-123b
ཕྲག་དཔག་ཏུ་མེད་པ་གྲངས་མེད་པ་དག་གིས་ཀྱང་རྟོགས་པར་མི་ནུས་སོ། །འཇམ་དཔལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་རྣམས་དང ། མི་རྣམས་ནི་ཆེས་ཉུང་གི་ཕྱི་རོལ་གྱི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་འདོད་པ་དག་ལ་འདོད་ཆགས་ དང་བྲལ་བ་རྣམས་ཀྱིས་ལྷའི་མིག་གིས་ཤིང་རྟའི་ཕང་ལོའི་ཚད་ཙམ་གྱི་ས་ཕྱོགས་གཅིག་ན་སེམས་ཅན་དག་མཐོང་བ་ནི་ཆེས་མང་ངོ ། །འཇམ་དཔལ་ཕྱི་རོལ་གྱི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་འདོད་པ་དག་ལ་འདོད་ཆགས་དང་བྲལ་བ་རྣམས་ཀྱིས་ལྷའི་ མིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་དག་མཐོང་བ་ནི་ཆེས་ཉུང་གི། དེ་བཞིན་གཤེགས་པའི་ཉན་ཐོས་དགྲ་བཅོམ་པ། ཟག་པ་ཟད་པ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པས་ལྷའི་མིག་གིས་ཤིང་རྟའི་ཕང་ལོའི་ ཚད་ཙམ་གྱི་ཕྱོགས་གཅིག་ན་སེམས་ཅན་དག་མཐོང་བ་ནི་ཆེས་མང་ངོ ། །འཇམ་དཔལ་དེ་བཞིན་གཤེགས་པའི་ཉན་ཐོས་དགྲ་བཅོམ་པ་ཟག་པ་ཟད་པ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པས་ལྷའི་མིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ ན་སེམས་ཅན་ཇི་སྙེད་མཐོང་བ་དེ་བས་ནི་འཇམ་དཔལ་རང་སངས་རྒྱས་ཀྱིས་ལྷའི་མིག་གིས་ཤིང་རྟའི་ཕང་ལོའི་ཚད་ཙམ་གྱི་ས་ཕྱོགས་གཅིག་ན་སེམས་ཅན་དག་མཐོང་བ་ནི་ཆེས་མང་ངོ ། །འཇམ་དཔལ་རང་སངས་རྒྱས་ཀྱིས་ལྷའི་མིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་ན། སེམས་ཅན་ཇི་སྙེད་མཐོང་བ་དེ་བས་ནི་འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་ལ་གནས་པས་ལྷའི་མིག་གིས་ཤིང་རྟའི་ཕང་ལོའི་ཚད་ཙམ་གྱི་ས་ཕྱོགས་གཅིག་ན་སེམས་ཅན་དག་མཐོང་ བ་ནི་ཆེས་མང་ངོ ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་ལ་གནས་པས་ལྷའི་མིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་མཐོང་བ་དེ་བས་ནི་འཇམ་དཔལ་དེ་བཞིན་
61-1-124a
གཤེགས་པས་ལྷའི་སྤྱན་གྱིས་ཤིང་རྟའི་ཕང་ལོའི་ཚད་ཙམ་གྱི་ས་ཕྱོགས་གཅིག་ན་སེམས་ཅན་དག་གཟིགས་པ་ནི་ཆེས་གྲངས་མེད་དོ། །འཇམ་དཔལ་དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ན་ཤིང་རྟའི་ ཕང་ལོའི་ཚད་ཙམ་གྱི་ས་ཕྱོགས་ཐམས་ཅད་ན་གནས་པའི་སེམས་ཅན་རེ་རེའི་སེམས་དང་སེམས་ལས་བྱུང་བའི་ཆོས་བྱུང་བ་དང ། འབྱུང་བ་དང ། འབྱུང་བར་འགྱུར་བ་གང་དག་གཟིགས་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་བསམ་གྱིས་ མི་ཁྱབ་པ་ལ་གནས་པ་རྣམས་ཀྱིས་ཀྱང་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཡང་བགྲང་བའམ། བསམ་པའམ། གྲངས་སུ་བྱ་བར་སླ་བ་མ་ཡིན་ཏེ། འཇམ་དཔལ་སེམས་ཅན་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བ་དེ་དག་གིས་སེམས་དང་ སེམས་ལས་བྱུང་བ་དེ་དག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལྷུན་གྱིས་གྲུབ་པར་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་རབ་ཏུ་མཁྱེན་ཏོ། །འཇམ་དཔལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་ སེམས་ཅན་ཐམས་ཅད་ཀྱི་སེམས་དང་སེམས་ལས་འབྱུང་བ་རྣམས་རྒྱུ་གང་དང ། དམིགས་པ་གང་དང ། རྐྱེན་གང་གིས་ཇི་ལྟར་བྱུང་བ་དང ། འབྱུང་བ་དང ། འབྱུང་བར་འགྱུར་བ་དང ། སེམས་ཅན་དེ་དག་གིས་སྤྱོད་པ་དང ། སྤྱོད་ལམ་དང ། བྱ་བ་ལ་འཇུག་པའི་ གནས་གང་དག་བྱུང་བ་དང ། འབྱུང་བ་དང ། འབྱུང་བར་འགྱུར་བ་དེ་དག་དེ་བཞིན་གཤེགས་པས་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་རྣམ་པར་མི་རྟོག་པར་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །འཇམ་དཔལ་སེམས་ཅན་དེ་དག་ཇི་ ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འདུལ་བ་ཡང་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་རྣམ་པར་མི་རྟོག་པར་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་རབ་ཏུ་མཁྱེན་ཏོ། །འཇམ་དཔལ་སེམས་ཅན་རེ་རེའི་མ་རིག་པའི་གནས་ཀྱི་སའི་ཉོན་མོངས་པ་གང་གཱའི་ཀླུང་གི་བྱེ་
61-1-124b
མ་བས་མང་བ་དེ་དག་ཀྱང་དེ་བཞིན་གཤེགས་པས་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་རྣམ་པར་མི་རྟོག་པར་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་རབ་ཏུ་མཁྱེན་ཏོ། །འཇམ་དཔལ་རྒྱུ་གང་དང ། དམིགས་པ་གང་དང ། རྐྱེན་གང་གིས་ཉོན་མོངས་པ་དེ་དག་ཇི་ལྟར་འབྱུང་བ་དང ། ཐབས་ཀྱི་ཤེས་པ་གང་གིས་སེམས་ཅན་དེ་དག་གི་ཉོན་མོངས་པ་ཇི་ལྟར་ཞི་བར་འགྱུར་བ་དེ་དག་ཀྱང་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་རྣམ་པར་མི་རྟོག་པར་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་རབ་ཏུ་མཁྱེན་ཏོ། །འཇམ་དཔལ་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དང་ལྡན་ནོ། །འཇམ་དཔལ་དཔེར་ན་ཟླ་བའི་དཀྱིལ་འཁོར་ནི་ཉི་མའི་དབང་གིས་འཛམ་བུའི་གླིང་དུ་གཟུགས་དང ། ཁ་དོག་དང ། གཟི་བརྗིད་དང ། འོད་རབ་འབྲིང་ཐ་མར་སྣང་ཡང་ཟླ་བའི་ དཀྱིལ་འཁོར་ནི་འབྲི་བའམ། འཕེལ་བ་ཡང་མེད་དེ། འོན་ཀྱང་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པས་ཉི་མ་བགྲང་བ་དང ། ཡུད་ཙམ་དང ། ཡུད་ཙམ་ཕྱེད་ཀྱི་གྲངས་བརྩི་བར་བྱ་བ་དེ་ལྟ་བུ་དེ་ཡང་འབྱུང་ལ་འཇམ་དཔལ་ཟླ་བའི་དཀྱིལ་འཁོར་ནི་མི་རྟོག་རྣམ་པར་ མི་རྟོག་སྟེ། འོན་ཀྱང་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་དེའི་བྱ་བ་དེ་ལྟ་བུ་དེ་འབྱུང་ངོ ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་བསམ་པ་ རབ་འབྲིང་ཐ་མས་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་གཟུགས་དང ། ཁ་དོག་དང ། གཟི་བརྗིད་དང ། འོད་རབ་འབྲིང་ཐ་མར་མཐོང་ཡང་འཇམ་དཔལ་སེམས་ཅན་གང་གི་དགེ་བའི་རྩ་བ་དང ། སྤྱོད་པ་དང ། མོས་པ་དང ། སྨོན་ལམ་གྱི་སྟོབས་ དང ། བྱིན་གྱི་རླབས་ཅི་འདྲ་བ་ཡིན་པ་དེ་འདྲ་བར་དེ་བཞིན་གཤེགས་པ་མཐོང་སྟེ། འཇམ་དཔལ་དེ་བཞིན་གཤེགས་པ་ལ་ནི་རབ་འབྲིང་ཐ་མ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཆོས་
61-1-125a
ཀྱི་སྐུ་སྟེ། ཤིན་ཏུ་མ་སྐྱེས་པ། མ་བྱུང་བ། མ་འགགས་པ་ཡིན་ན། འཇམ་དཔལ་འོན་ཀྱང་སེམས་ཅན་རྣམས་ཀྱི་བསམ་པ་རབ་འབྲིང་ཐ་མས་དེ་བཞིན་གཤེགས་པ་རབ་འབྲིང་ཐ་མར་མཐོང་གི། འཇམ་དཔལ་དེ་བཞིན་གཤེགས་པ་ནི་མི་རྟོག་ རྣམ་པར་མི་རྟོག་སྟེ། འོན་ཀྱང་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་དེའི་བྱ་བ་དེ་ལྟ་བུ་དེ་འབྱུང་ངོ ། །འཇམ་དཔལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དང ། མི་དང ། མི་མ་ཡིན་པ་རྣམས་དང ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ལ་བཤོས་གསོལ་བ་དང ། གང་དག་ བཤོས་མི་གསོལ་བ་དང ། གང་དག་མཐོང་བ་དང ། གང་དག་མི་མཐོང་བ་དང ། གང་དག་སྡོད་པ་དང ། གང་དག་མི་སྡོད་པ་དང ། གང་དག་གཤེ་བ་དང ། གང་དག་མི་གཤེ་བ་དང ། གང་དག་རེག་པ་དང ། གང་དག་མི་རེག་པ་དེ་དག་ཐམས་ཅད་ཀྱི་བྱ་ བ་དེ་ལྟ་བུ་རྣམས་ཀྱང་སངས་རྒྱས་ཀྱི་མཐུས་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་འབྱུང་ངོ ། །འཇམ་དཔལ་དཔེར་ན་གང་དག་གིས་ནོར་བུ་རིན་པོ་ཆེ་མཐོན་ཀ་ཆེན་པོ་མཐོང་བ་དང ། རེག་པ་དང ། སྤྱོད་ཡུལ་དུ་གནས་པ་དེ་དག་ཐམས་ཅད་ནི་ནོར་བུ་རིན་པོ་ཆེ་མཐོན་ཀ་ཆེན་པོའི་ ཁ་དོག་ཏུ་འགྱུར་ཡང་ནོར་བུ་རིན་པོ་ཆེ་མཐོན་ཀ་ཆེན་པོ་ནི་མི་རྟོག་རྣམ་པར་མི་རྟོག་གོ། །འཇམ་དཔལ་དེ་བཞིན་དུ་སེམས་ཅན་གང་དག་གིས་དེ་བཞིན་གཤེགས་པ་ཐ་ན་རི་མོར་བྲིས་པ་དང ། གཟུགས་སུ་བྱས་པ་མཐོང་བ་དང ། རེག་པ་དང ། དེའི་སྤྱོད་ཡུལ་ཡང་ཤེས་པ་དེ་དག་ཐམས་ཅད་ནི་གཟུགས་དང ། ཁ་དོག་བསམ་གྱིས་མི་ཁྱབ་པ་ཡོངས་སུ་འགྲུབ་པ་ཐོབ་པར་འགྱུར་ཡང་དེ་བཞིན་གཤེགས་པ་ནི་མི་རྟོག་།རྣམ་པར་མི་རྟོག་གོ། །འཇམ་དཔལ་དཔེར་ན་རྩིའི་རྒྱལ་པོ་ལེགས་པར་མཐོང་ཞེས་བྱ་བ་སེམས་ཅན་གནོད་སེམས་ཀྱི་སེམས་དང་ལྡན་པའམ།
61-1-125b
དང་བའི་སེམས་དང་ལྡན་པ་ཡང་རུང ། གང་དག་གིས་མཐོང་བ་དེ་དག་གི་མིག་རྣམ་པར་དག་པར་འགྱུར། གནོད་སེམས་ཀྱི་སེམས་དང་ལྡན་པའམ། དང་བའི་སེམས་དང་ལྡན་པ་ཡང་རུང་གང་དག་གི་རྣ་བས་དེ་རླུང་གིས་བསྐྱོད་པའི་སྒྲ་ཐོས་པ་དེ་དག་གི་རྣ་བ་རྣམ་པར་དག་པར་ འགྱུར། གནོད་སེམས་ཀྱི་སེམས་དང་ལྡན་པའམ། དང་བའི་སེམས་དང་ལྡན་པ་ཡང་རུང་གང་དག་གི་དྲི་ཚོར་བ་དེ་དག་གི་སྣ་རྣམ་པར་དག་པར་འགྱུར། གནོད་སེམས་ཀྱི་སེམས་དང་ལྡན་པའམ། དང་བའི་སེམས་དང་ལྡན་པ་ཡང་རུང་གང་དག་གི་ལྕེས་དེའི་རོ་མྱོང་བ་དེ་ དག་གི་ལྕེའི་དབང་པོ་རྣམ་པར་དག་པར་འགྱུར། གནོད་སེམས་ཀྱི་སེམས་དང་ལྡན་པའམ། དང་བའི་སེམས་དང་ལྡན་པ་ཡང་རུང་གང་དག་གི་ལུས་ཀྱིས་རེག་པ་དེ་དག་གི་ལུས་རྣམ་པར་དག་པར་འགྱུར་ཡང་འཇམ་དཔལ་རྩིའི་རྒྱལ་པོ་ལེགས་པར་མཐོང་བ་ནི་མི་རྟོག་རྣམ་པར་ མི་རྟོག་སྟེ། འོན་ཀྱང་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་དེའི་བྱ་བ་དེ་ལྟ་བུ་དེ་འབྱུང་ངོ ། །འཇམ་དཔལ་དེ་བཞིན་དུ་གནོད་སེམས་ཀྱི་སེམས་དང་ལྡན་པའམ། དང་བའི་སེམས་དང་ལྡན་པ་ཡང་རུང་གང་དག་གིས་དེ་བཞིན་གཤེགས་པ་ཐ་ན་རི་མོར་བྲིས་པ་དང ། གཟུགས་སུ་བྱས་པ་མཐོང་བ་དེ་དག་གི་དགེ་བའི་རྩ་བ་དེས་མིག་རྣམ་པར་དག་པར་འགྱུར། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་ཡང་རུང་སྟེ། གནོད་སེམས་ཀྱི་སེམས་དང་ལྡན་པའམ། དང་བའི་སེམས་དང་ལྡན་པ་ཡང་རུང་གང་དག་གིས་དེ་ལ་སངས་རྒྱས་ཞེས་བྱ་བའམ། དེ་ བཞིན་གཤེགས་པ་ཞེས་བྱ་བའམ། འཇིག་རྟེན་མགོན་པོ་ཞེས་བྱ་བའམ། ཐམས་ཅད་མཁྱེན་པ་ཞེས་བྱ་བའི་སྒྲ་ཐོས་པ་དེ་དག་དགེ་བའི་རྩ་བ་དེས་རྣ་བའི་དབང་པོ་རྣམ་པར་དག་པར་འགྱུར། གནོད་སེམས་ཀྱི་སེམས་དང་ལྡན་པའམ། དང་བའི་སེམས་དང་ལྡན་པ་ཡང་ རུང་གང་དག་གིས་དེའི་ཡོན་ཏན་གྱི་དྲི་ཚོར་བ་དེ་དག་དགེ་བའི་རྩ་བ་དེས་སྣ་རྣམ་པར་དག་པར་འགྱུར། གནོད་སེམས་ཀྱི་སེམས་དང་ལྡན་པའམ། དང་བའི་སེམས་དང་ལྡན་པ་ཡང་རུང་གང་དག་གིས་དེའི་ཆོས་ཀྱི་རོ་མྱོང་བ་དེ་དག་དགེ་བའི་རྩ་བ་དེས་ལྕེ་རྣམ་པར་དག་པར་འགྱུར།
61-1-126a
གནོད་སེམས་ཀྱི་སེམས་དང་ལྡན་པའམ། དང་བའི་སེམས་དང་ལྡན་པ་ཡང་རུང་གང་དག་གིས་ལུས་ཀྱི་རེག་པ་དེ་དག་དགེ་བའི་རྩ་བ་དེས་ལུས་རྣམ་པར་དག་པར་འགྱུར་ཡང་འཇམ་དཔལ་དེ་བཞིན་གཤེགས་པ་ནི་མི་རྟོག་རྣམ་པར་མི་རྟོག་སྟེ། མ་འདྲེས་ པའི་ཆོས་དང་ལྡན་པའི་ཕྱིར་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་དེའི་བྱ་བ་དེ་ལྟ་བུ་དེ་འབྱུང་ངོ ། །འཇམ་དཔལ་དཔེར་ན་རྩིའི་རྒྱལ་པོ་འབྲལ་བ་ཞེས་བྱ་བས་བསྐུས་པའི་རྔ་སྒྲ་སེམས་ཅན་ཟུག་རྔུས་ཟུག་པ་དང་བཅས་པ། དུག་དང་བཅས་པ་གང་དག་གིས་ཐོས་པ་དེ་ དག་གི་ཟུག་རྔུ་ཐམས་ཅད་འབྱུང་ཞིང་དུག་ཀྱང་མི་གདུག་པར་འགྱུར་ཡང་འཇམ་དཔལ་རྩིའི་རྒྱལ་པོ་འབྲལ་བ་ནི་མི་རྟོག་།རྣམ་པར་མི་རྟོག་སྟེ། འོན་ཀྱང་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པའི་དབང་དང་རྒྱུ་རྐྱེན་ཚོགས་པས་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་ པར་རྩིའི་རྒྱལ་པོ་འབྲལ་བའི་བྱ་བ་དེ་ལྟ་བུ་དེ་འབྱུང་ངོ ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པའི་མཚན་ཐོས་མ་ཐག་ཏུ་སེམས་ཅན་རྣམས་ཀྱི་ལྟ་བར་གྱུར་པའི་ཟུག་རྔུ་དག་འབྱུང་ཞིང་འདོད་ཆགས་དང་།ཞེ་སྡང་དང ། གཏི་མུག་གི་དུག་ཀྱང་མི་གདུག་ པར་འགྱུར་ཡང་འཇམ་དཔལ་དེ་བཞིན་གཤེགས་པ་ནི་མི་རྟོག་།རྣམ་པར་མི་རྟོག་སྟེ། འོན་ཀྱང་འཇམ་དཔལ་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་དེ་བཞིན་གཤེགས་པའི་མཛད་པ་དེ་ལྟ་བུ་དེ་འབྱུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་པའི་ཆོས་དང་ ལྡན་པའི་ཕྱིར་རོ། །འཇམ་དཔལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་ཆེས་ཉུང་གི་།བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་ གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ། འཇིག་རྟེན་གྱི་ཁམས་རེ་རེར་ཡང་རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་ལ་བསྡུ་བའི་དངོས་པོ་བཞི་པོ་དག་གིས་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་དག་ནི་ཆེས་མང་ངོ ། །འཇམ་དཔལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་
61-1-126b
བྱེ་མ་སྙེད་དག་གི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་ཆེས་ཉུང་གི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་རྒྱུན་མི་གཅོད་པར་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ཏུ་རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་ལ་སེམས་ ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མཛད་ཟིན་པ་དང ། ཡོངས་སུ་སྨིན་པར་མཛད་པ་དང ། ཡོངས་སུ་སྨིན་པར་མཛད་པར་འགྱུར་བ་དག་ནི་ཆེས་མང་སྟེ། འཇམ་དཔལ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་ནོ། །འཇམ་དཔལ་དཔེར་ན་ཟླ་བའི་དཀྱིལ་འཁོར་ནི་ཉི་མའི་དབང་གིས་འབྲི་བ་དང ། སྐྱེ་བ་དང ། མི་སྣང་བར་འགྱུར་བར་ཡང་ སྣང་ལ། ཟླ་བའི་དཀྱིལ་འཁོར་ལ་ནི་འབྲི་བ་དང ། མི་སྣང་བ་དང ། སྐྱེ་བ་མེད་དེ། འོན་ཀྱང་སེམས་ཅན་རྣམས་ཀྱི་སྔོན་གྱི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ཉི་མའི་གྲངས་དང ། ཡུད་ཙམ་དང ། ཡུད་ཙམ་ཕྱེད་དང ། ཟླ་བ་ཕྱེད་ དང ། ཟླ་བ་དང ། ལོ་བགྲང་བའི་གྲངས་བཞག་པའི་ཕྱིར། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བྱ་བ་དེ་ལྟ་བུ་དག་འབྱུང་ཡང་འཇམ་དཔལ་ཟླ་བའི་དཀྱིལ་འཁོར་ལ་ནི་འབྲི་བའམ། འཕེལ་བའམ། མི་སྣང་བར་འགྱུར་བ་མེད་དེ། འོན་ཀྱང་འཇམ་དཔལ་སེམས་ཅན་རྣམས་ཀྱི་སྔོན་གྱི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་དང ། ཉི་མའི་དབང་གིས་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་ཟླ་བའི་དཀྱིལ་འཁོར་གྱི་བྱ་བ་དེ་ལྟ་བུ་དེ་འབྱུང་ངོ ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྔོན་དགེ་བའི་རྩ་བའི་ཚོགས་བསགས་པའི་སེམས་ཅན་རྣམས་ཀྱི་ང་རྒྱལ་དང ། རྒྱགས་པ་དང ། དྲེགས་པ་ཡང་དག་པར་གཞོམ་པའི་ཕྱིར་དང ། སྔོན་གྱི་དགེ་བའི་རྩ་བའི་ཚོགས་རྣམས་
61-1-127a
ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དང ། དེ་བཞིན་གཤེགས་པའི་བསྟན་པ་ལ་གཟུད་པའི་ཕྱིར་དེ་བཞིན་གཤེགས་པའི་དམ་པའི་ཆོས་འགྲིབ་པ་དང ། ནུབ་པར་ཀུན་ཏུ་སྟོན་ཏེ། འཇམ་དཔལ་སེམས་ཅན་གྱི་དབང་གིས་དེ་བཞིན་གཤེགས་པའི་དམ་པའི་ཆོས་ ནུབ་པ་དང ། འགྲིབ་པ་དང ། འཕེལ་བར་འགྱུར་མོད་ཀྱི། འོན་ཀྱང་འཇམ་དཔལ་སེམས་ཅན་གྱི་དབང་གིས་ལྷུན་གྱིས་གྲུབ་ཅིང ། རྣམ་པར་མི་རྟོག་པར་དེ་བཞིན་གཤེགས་པའི་མཛད་པ་དེ་ལྟ་བུ་དེ་འབྱུང་ངོ ། །འཇམ་དཔལ་དཔེར་ན་ནམ་མཁའ་ལ་གནས། ནམ་ མཁའ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་བྱ་བ་སྣ་ཚོགས་དག་འབྱུང་ཡང་ནམ་མཁའ་ནི་མ་སྐྱེས་པ། མ་འགགས་པ། འདུས་མ་བྱས་པ། ཡི་གེ་མེད་པ། སྒྲ་མེད་པ། བརྗོད་དུ་མེད་པ། བརྗོད་པར་བྱ་བ་མ་ཡིན་པ། གཉིས་སུ་མེད་པ། གཉེན་ པོ་མེད་པ་སྟེ། འོན་ཀྱང་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་དེའི་བྱ་བ་སྣ་ཚོགས་དག་འབྱུང་ངོ ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཐམས་ཅད་འབྱུང་ཡང ། འཇམ་དཔལ་དེ་བཞིན་གཤེགས་པ་ནི་མི་སྐྱེ་མི་འགགས་ཏེ། འཇམ་དཔལ་དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པ། ཡི་གེ་མེད་པ། སྒྲ་མེད་པ། བརྗོད་དུ་མེད་པ། བརྗོད་པར་བྱ་བ་མ་ཡིན་པ། གཉིས་སུ་མེད་པ། གཉེན་པོ་མེད་པ་སྟེ། འོན་ཀྱང་སྔོན་གྱི་དགེ་བའི་རྩ་བ་དང ། སྤྱོད་པ་དང ། སྨོན་ལམ་གྱི་སྟོབས་དང ། བྱིན་གྱི་རླབས་ཀྱིས་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་སེམས་ཅན་རྣམས་ལ་དེའི་ཆོས་ཀྱི་མཛད་པ་སྣ་ ཚོགས་དག་ཀྱང་འབྱུང་ངོ ། །འཇམ་དཔལ་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ལ་དམིགས་པའི་ཡིད་ལ་བྱ་བ་གཅིག་གིས་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་ཏུ་རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་ལ་སེམས་ཅན་དཔག་ཏུ་མེད་
61-1-127b
གྲངས་མེད་པ་དག་ནི་བླ་ན་མེད་པའི་ཡེ་ཤེས་རྟོགས་པར་འགྱུར་བར་བྱེད། སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ནི་ཉན་ཐོས་དང ། རང་སངས་རྒྱས་ཉིད་དུ་འགྱུར་བར་བྱེད། སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ནི་ཚངས་པ་ཐོབ་པར་བྱེད། སེམས་ ཅན་དཔག་ཏུ་མེད་གྲངས་མེད་པ་དག་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་འཇིག་རྟེན་དུ་སྐྱེ་བ་ཐོབ་པར་བྱེད། སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ནི་འཕྲུལ་དགའི་ལྷའི་འཇིག་རྟེན་དུ་སྐྱེ་བ་ཐོབ་པར་བྱེད། སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ནི་དགའ་ ལྡན་གྱི་ལྷའི་འཇིག་རྟེན་དུ་སྐྱེ་བ་ཐོབ་པར་བྱེད། སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ནི་འཐབ་བྲལ་གྱི་ལྷའི་གནས་སུ་སྐྱེ་བ་ཐོབ་པར་བྱེད། སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ནི་སུམ་ཅུ་རྩ་གསུམ་ལྷའི་གནས་སུ་སྐྱེ་བ་ཐོབ་པར་བྱེད། སེམས་ ཅན་དཔག་ཏུ་མེད་གྲངས་མེད་པ་དག་ནི་རྒྱལ་ཆེན་བཞིའི་ལྷའི་གནས་སུ་སྐྱེ་བ་ཐོབ་པར་བྱེད། སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ནི་ལྷའི་རྒྱལ་པོ་ཐོབ་པར་བྱེད། སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ་པར་བྱེད། སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ནི་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ་པར་བྱེད། སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ནི་ཀླུའི་དབང་པོ་ཐོབ་པར་བྱེད། སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ནི་གནོད་སྦྱིན་གྱི་དབང་པོ་ཐོབ་པར་བྱེད། སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ནི་དྲི་ཟའི་དབང་པོ་ཐོབ་པར་བྱེད། སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ནི་ལྷ་མ་ཡིན་གྱི་དབང་པོ་ཐོབ་པར་བྱེད། སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ནི་མིའམ་ཅིའི་དབང་པོ་ཐོབ་པར་བྱེད། སེམས་ཅན་ དཔག་ཏུ་མེད་གྲངས་མེད་པ་དག་ནི་ལྟོ་འཕྱེ་ཆེན་པོའི་དབང་པོ་ཐོབ་པར་བྱེད། སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ནི་མིའི་རྒྱལ་པོ་ཐོབ་པར་བྱེད། སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ནི་མིར་སྐྱེ་བ་ཐོབ་པར་བྱེད། སེམས་ཅན་དཔག་ཏུ་མེད་གྲངས་
61-1-128a
མེད་པ་དག་ནི་རིགས་ཆེན་པོར་སྐྱེ་བ་ཐོབ་པར་བྱེད་ན། ཐལ་མོ་སྦྱར་བ་ལྟ་ཅི་སྨོས། བདུག་པ་ཕུལ་བ་ལྟ་ཅི་སྨོས། དེ་བཞིན་དུ་མར་མེ་ཕུལ་བ་ལྟ་ཅི་སྨོས། སྤོས་ཕུལ་བ་ལྟ་ཅི་སྨོས། མེ་ཏོག་ཕུལ་བ་ལྟ་ཅི་སྨོས། མཆོད་པ་ རྣམ་པ་མང་པོ་གཞན་ཕུལ་བ་ལྟ་ཅི་སྨོས། ཚིགས་སུ་བཅད་པ་གཅིག་ཙམ་ཡང་ཉན་པ་དང ། ཀློག་པ་དང ། འཛིན་པ་ལྟ་ཅི་སྨོས། དམ་པའི་ཆོས་རྣམ་པ་མང་པོ་ཡོངས་སུ་འཛིན་པ་ལྟ་ཅི་སྨོས་ཏེ། དེ་བས་ཆེས་གྲངས་མེད་པའི་སངས་རྒྱས་ཀྱི་ མཛད་པས་ཉེ་བར་གནས་པར་འགྱུར་རོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་བསྐལ་པའམ། བསྐལ་པ་བརྒྱའམ། བསྐལ་པ་དཔག་ཏུ་མེད་གྲངས་མེད་པར་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་དང ། གཤིན་ རྗེའི་འཇིག་རྟེན་དུ་སྐྱེ་བ་ཐོབ་པ་ནི་བླའི། བྱང་ཆུབ་སེམས་དཔའ་སངས་རྒྱས་མཉེས་པར་མ་བྱས། ཆོས་དང་དགེ་འདུན་མཉེས་པར་མ་བྱས་པ་ནི་དེ་ལྟ་མ་ཡིན་ནོ། །འཇམ་དཔལ་དེ་ལ་སངས་རྒྱས་མི་མཉེས་པར་བྱེད་པ་དང ། ཆོས་དང ། དགེ་འདུན་མི་མཉེས་པར་ བྱེད་པ་ནི་ཐ་ན་བདག་གི་ཆུང་མ་ལ་མི་ཚངས་པར་སྤྱོད་པ་ལས་བྱུང་བའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང ། བྱང་ཆུབ་སེམས་དཔའ་ལ་རྣམ་པར་ཞེ་སྡང་བ་དང ། བྱང་ཆུབ་སེམས་དཔའ་ལ་བརྙས་པ་དང ། བྱང་ཆུབ་སེམས་དཔའ་ལ་ཁྱད་དུ་གསོད་པ་དང ། ཆོས་སྤོང་བ་དང ། ཆོས་འདོན་པ་དང ། བྱང་ཆུབ་སེམས་དཔའ་ལ་གུས་པར་མི་བྱེད་པ་དང ། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་མི་བྱེད་པ་དང ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་འདོར་བ་དང ། བླ་མ་དང ། སྦྱིན་པའི་གནས་དང ། སློབ་ དཔོན་དང ། ཕ་མ་དང ། དགེ་སྦྱོང་དང ། བྲམ་ཟེ་ཡང་དག་པར་སོང་བ་དང ། ཡང་དག་པར་ཞུགས་པ་ལ་གུས་པར་མི་བྱེད་པ་དང ། ཆོས་སྨྲ་བ། ཆོས་ཁྱད་པར་ཅན་རྟོགས་པ། ཆོས་རྒྱ་ཆེན་པོ་སྟོན་པ། ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ།
61-1-128b
མྱ་ངན་ལས་འདས་པའི་ལམ་གྱི་བྱ་བ་ཤེས་པ། གཟུངས་དང ། མདོ་སྡེའི་རྒྱལ་པོ་ཐོབ་པ་རྣམས་ལ་མི་འདུད་ཅིང་བརྗིད་བྱེད་པ་དང ། ཁེངས་པ་ཡིན། ཆོས་དང་།ཆོས་སྨྲ་བ་ལ་མི་གུས་སྐྱེད་པ་དང ། སྲི་ཞུ་དང ། རིམ་གྲོ་མི་བྱེད་པ་དང ། ཆོས་རྒྱ་མཚོ་ ཆེན་པོ་བསྒྲགས་པ་བྱུང་ན་ལ་ལ་ཞིག་དད་པར་གྱུར་ན་མི་རུང་ངོ་སྙམ་ནས། ཆོས་སྨྲ་བའི་གང་ཟག་ལ་ལེགས་སོ་ཞེས་བྱ་བ་སྦྱིན་པར་མི་བྱེད་པ་དང ། བདག་ཤེས་པ་ལ་མི་འཇུག་པ་དང ། ཆོས་ལ་ངེས་པར་སེམས་པ་མི་སྐྱེད་པ་དང ། མངོན་པའི་ང་རྒྱལ་ བསྐྱེད་དེ། བསྔགས་པར་འོས་པའི་གང་ཟག་རྣམས་ཀྱི་བསྔགས་པ་བཅབས་ཤིང་མི་སྙན་པར་བརྗོད་པ་དང ། ཕ་རོལ་གྱི་ཡོན་ཏན་དང ། བསྔགས་པ་ལ་མི་དགའ་བ་ཡིན། གང་ཟག་ལ་ཞེ་སྡང་བས་ཆོས་ལ་ཞེ་སྡང་བར་བྱེད་ཅིང ། ཆོས་སྤོང་བ་དང ། གཞན་དག་ཀྱང་རྩོད་དུ་འཇུག་པ་དང ། སྟན་མཐོན་པོ་འདོད་ཅིང་ཐབས་ཚོལ་བ་དང ། གཞན་ལས་རིམ་གྲོར་བྱ་བ་བདག་གིས་བྱེད་ཅིང་མངོན་པར་དགའ་བ་དང ། གནས་བརྟན་རྒན་ཞིང་ཡུན་རིང་དུ་ཚངས་པར་སྤྱད་པ་རྣམས་ལ་རིམ་གྲོ་མི་བྱེད་ཅིང་བསུ་བར་མི་བྱེད་ལ་ བཞིན་ཁྲོ་གཉེར་ཅན་ཡིན། རྟག་ཏུ་སེམས་རྩུབ་ཅིང་ཀླན་ཀ་ཚོལ་བ་དང ། གླགས་ལྟ་བ་དང ། ང་རྒྱལ་བསྐྱེད་ནས་མཁས་པའི་གན་དུ་མི་འགྲོ་མི་སྟེན། བསྙེན་པར་མི་བྱེད། བཀུར་སྟི་མི་བྱེད་ཅིང་དགེ་བ་ནི་གང ། མི་དགེ་བ་ནི་གང ། བྱ་བ་ནི་ གང ། བྱ་བ་མ་ཡིན་པ་ནི་གང ། ཅི་ཞིག་བྱས་ན་ཡུན་རིང་པོའི་དོན་དང ། ཕན་པ་དང ། བདེ་བར་འགྱུར་ཞེས་མི་འདྲི་བ་དང ། ངེས་པར་འབྱུང་བར་མི་ལྟ་ཞིང་རྩོད་པ་མང་བ་ཡིན་ཏེ། འཇམ་དཔལ་དེ་ལྟར་ན་སངས་རྒྱས་དང ། ཆོས་དང ། དགེ་འདུན་ མི་མཉེས་པར་བྱེད་པ་ཡིན་ནོ། །འཇམ་དཔལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་དབང་བསྐུར་བར་འགྱུར་བའི་གཟུངས་ཐོབ་པར་འགྱུར། རྒྱ་མཚོ་དམ་པའི་སྙིང་པོ་དྲི་མ་མེད་པར་སྣང་བ་འོད་གསལ་བའི་གཟུངས་ཐོབ་པར་འགྱུར་རོ། །
61-1-129a
འཇམ་དཔལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་པ་དག་ཏུ་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་དང ། གཤིན་ རྗེའི་འཇིག་རྟེན་དུ་གནས་པར་འགྱུར་བའི་ལས་རྣམས་ཚེ་འདི་ལ་རྣམ་པར་སྨིན་པར་འགྱུར་ཏེ། གླད་པ་ཚ་བས་སམ། རིམས་ཚ་བས་སམ། རྩིབ་ལོགས་ན་བས་སམ། རྒྱལ་སྲིད་འཁྲུགས་པས་སམ། ཀླ་ཀློ་འཁྲུགས་པས་སམ། མུ་གེའི་འཁྲུགས་ པས་སམ། ལུས་ལ་གནོད་པ་དང ། ཡིད་ལ་གནོད་པ་གང་ཡང་རུང་བས་བརྒྱད་བཀག་པས་ཀྱང་ཚེ་གཅིག་ལ་བྱང་བར་འགྱུར་ཏེ། ཐ་ན་རྨི་ལམ་ཙམ་གྱིས་ཀྱང་བྱང་བར་འགྱུར་རོ། །འཇམ་དཔལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་ སེམས་དཔའ་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པ་དག་ལས་དགེ་བའི་རྩ་བ་བསྐྱེད་པ། སྦྱིན་པ་ལས་བྱུང་བ་དང ། མཆོད་པ་ལས་བྱུང་བ་དང ། དེ་དག་གི་ཐད་ནས་བསླབ་པ་བཟུང་བ་ལས་བྱུང་བ་རྣམས་སྔ་དྲོ་གཅིག་གིས་ཟིལ་གྱིས་གནོན་ཏེ། དེ་ལྟར་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱ་བ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །འཇམ་དཔལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་གཏེར་བཅུ་རྙེད་པར་འགྱུར་ཏེ། བཅུ་གང་ཞེ་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ ལ་བགྲང་བར་སྦྱོར་བའི་གཏེར་དང ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ངེས་པར་སེམས་པའི་གཏེར་དང ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གཟུངས་སྣང་བའི་གཏེར་དང ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སོ་སོ་ཡང་དག་པར་རིག་པ་རབ་ཏུ་སྟོན་པའི་གཏེར་ དང ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་བརྗོད་དུ་མེད་པའི་ཚུལ་ལ་མཁས་པ། རྟོགས་པར་བྱེད་པའི་གཏེར་དང ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དང ། ཆོ་འཕྲུལ་ཐམས་ཅད་མངོན་སུམ་དུ་མཐོང་བའི་གཏེར་དང ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་
61-1-129b
མཉམ་པ་ཉིད་དུ་སྒྲུབ་པ་ལ་མཁས་པའི་གཏེར་དང ། སངས་རྒྱས་ཐམས་ཅད་མཐོང་བ་དང་མི་འབྲལ་བའི་གཏེར་དང ། སྒྱུ་མར་གྱུར་པའི་བསྐལ་པ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་འགྲུབ་པར་འཇུག་པ་ལ་མཁས་པའི་གཏེར་དང ། སངས་རྒྱས་དང ། བྱང་ཆུབ་ སེམས་དཔའ་ཐམས་ཅད་ལ་དགའ་བ་དང ། མཆོག་ཏུ་དགའ་བ་དང ། དང་བ་ཆེན་པོ་འཐོབ་པའི་གཏེར་རོ། །འཇམ་དཔལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་དབང་བཅུ་འཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཚེའི་ཚད་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་ཏུ་བྱིན་གྱིས་རློབ་པའི་ཕྱིར་ཚེ་ལ་དབང་བ་དང ། ཏིང་ངེ་འཛིན་དཔག་ཏུ་མེད་གྲངས་མེད་པ་དག་ལ་ངེས་པར་སེམས་པའི་ཡེ་ཤེས་ལ་འཇུག་པའི་ཕྱིར་སེམས་ལ་དབང་བ་དང ། འཇིག་རྟེན་གྱི་ ཁམས་ཐམས་ཅད་བཀོད་པ་དང ། རྒྱན་དུ་མས་བརྒྱན་པའི་བྱིན་གྱི་རླབས་ཀུན་ཏུ་སྟོན་པའི་ཕྱིར་ཡོ་བྱད་ལ་དབང་བ་དང ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐྱེ་བ་ཀུན་ཏུ་སྟོན་པའི་ཕྱིར་སྐྱེ་བ་ལ་དབང་བ་དང ། དུས་ཇི་ལྟ་བ་བཞིན་དུ་ལས་ཀྱི་རྣམ་པར་སྨིན་པ་བྱིན་གྱིས་རློབ་པ་ ཀུན་ཏུ་སྟོན་པའི་ཕྱིར་ལས་ལ་དབང་བ་དང ། འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱིས་གང་བར་བྱིན་གྱིས་རློབ་པ་ཀུན་ཏུ་སྟོན་པའི་ཕྱིར་མོས་པ་ལ་དབང་བ་དང ། དུས་གང་དང ། གང་གི་ཚེ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པའི་དུས་དེ་དང་དེར་བྱང་ ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དང ། སངས་རྒྱས་ཀྱི་ཞིང་གང་དང ། གང་དུ་འདོད་པའི་སངས་རྒྱས་ཀྱི་ཞིང་དེ་དང་དེར། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་སྨོན་ལམ་ལ་དབང་བ་དང ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྫུ་འཕྲུལ་དང ། རྣམ་པར་འཕྲུལ་པ་ཀུན་ཏུ་སྟོན་པའི་ཕྱིར་རྫུ་འཕྲུལ་ལ་དབང་བ་དང ། མཐའ་དང་དབུང་མེད་པའི་ཆོས་ཀྱི་སྒོ་སྣང་བ་ཀུན་ཏུ་སྟོན་པའི་ཕྱིར་ཆོས་ལ་དབང་བ་དང ། དེ་བཞིན་གཤེགས་པའི་སྟོབས་བཅུ་དང ། མི་འཇིགས་པ་དང ། མཚན་དང་དཔེ་བྱད་བཟང་
61-1-130a
པོ་རྣམས་དང ། རྫོགས་པའི་བྱང་ཆུབ་ཀུན་ཏུ་སྟོན་པའི་ཕྱིར་ཡེ་ཤེས་ལ་དབང་བའོ། །འཇམ་དཔལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་སྐྲའི་ཁྱོན་ཙམ་གཅིག་ལ་ཕྱོགས་བཅུའི་ནམ་མཁའ་མཐས་ཀླས་ པའི་འཇིག་རྟེན་གྱི་ཁམས་རྣམས་འཇུག་པར་བྱེད་ཀྱང་སེམས་ཅན་གང་ལ་ཡང་གནོད་པ་དང ། སྒྲིབ་པ་མེད་དེ། སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་ནོ། །བསྐལ་པ་དཔག་ཏུ་མེད་གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད་པ་རྣམས་ཡུད་ཙམ་ གཅིག་ཏུ་བྱིན་གྱིས་རློབ་ཅིང་ཡུད་ཙམ་གཅིག་ནི་བསྐལ་པ་དཔག་ཏུ་མེད་གྲངས་མེད། བསམ་གྱིས་མི་ཁྱབ་པར་བྱིན་གྱིས་རློབ་སྟེ། བསྐལ་པ་རེ་རེ་ལ་ཡང་མེས་འཇིག་པ་དང ། ཆུས་འཇིག་པ་དང ། རླུང་གིས་འཇིག་པ་བྱིན་གྱིས་རློབ་ཀྱང་སེམས་ཅན་གང་ལ་ཡང་ ཡོ་བྱད་ཅིས་ཀྱང་ཕོངས་པར་མི་འགྱུར་ཞིང་ལུས་ལ་གནོད་པའམ། སེམས་ལ་མི་བདེ་བ་ཡང་མི་འབྱུང་ལ། སེམས་ཅན་གང་ཇི་ལྟར་ཡོངས་སུ་སྨིན་པར་འགྱུར་བ་དེས་བྱ་བ་དེ་ལྟ་བུ་ཡང་ཤེས་སོ། །འཇམ་དཔལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་ སེམས་དཔའ་ནི་འདོད་ན་ཕྱོགས་བཅུའི་ཕྱོགས་རེ་རེ་ཡང་སངས་རྒྱས་ཀྱི་ཡུལ་གྱི་མཐས་ཀླས་པའི་བར་གྱི་འཇིག་རྟེན་གྱི་ཁམས་རྣམས་སུ། འཇིག་རྟེན་གྱི་ཁམས་རེ་རེ་ན་རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་ལ་སངས་རྒྱས་ཀྱི་ཡུལ་གྱི་མཐས་ཀླས་པའི་ལུས་རྣམས་ཀྱིས་ལུས་རེ་རེས་ཀྱང་དགའ་ལྡན་ གྱི་གནས་ནས་ཤི་འཕོས་པ་དང ། སྐྱེ་བ་དང ། མངོན་པར་འབྱུང་བ་དང ། དཀའ་བ་སྤྱོད་པར་སྦྱོར་བ་དང ། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང ། བདུད་འདུལ་བ་སྟོན་པ་དང ། མངོན་པར་རྫོགས་པར་བྱང་ཆུབ་པ་དང ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ བ་དང ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡང་སྟོན་ཏོ། །འཇམ་དཔལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་འདོད་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རེ་རེར་རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་ལ་སངས་རྒྱས་ཀྱི་ཡུལ་གྱི་མཐའ་ཀླས་
61-1-130b
པའི་སངས་རྒྱས་ཀྱི་ཞིང་རྣམས་འཇུག་པར་བྱེད་ཅིང ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྒྱན་གྱི་ཡོན་ཏན་བཀོད་པ་གང་དག་ཡིན་པ་དེ་དག་ཞིང་གཅིག་ཏུ་སྟོན་པར་བྱེད། ཞིང་གཅིག་གི་རྒྱན་གྱི་ཡོན་ཏན་བཀོད་པ་གང་དག་ཡིན་པ་དེ་དག་ཞིང་ཐམས་ ཅད་དུ་སྟོན་པར་བྱེད། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་ནང་ན་ཡང་སྣང་ལ་གནས་ནས་ཀྱང་མི་གཡོའོ། །འཇམ་དཔལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་འདོད་ན་ཕྱོགས་ བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ཅན་གཅིག་གི་ལུས་སུ་སྟོན་ཏེ། སེམས་ཅན་གཅིག་གི་ལུས་སེམས་ཅན་ཐམས་ཅད་ཀྱི་ལུས་སུ་སྟོན་ཀྱང་ལུས་འདྲེས་པར་ཡང་མི་བྱེད་དེ། སེམས་ཅན་གང་ལ་ཡང་གནོད་པར་མི་འགྱུར་ ཞིང་བྱ་བ་དེ་ལྟ་བུ་དེ་ཡང་སྟོན་ཏེ། ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ། །འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་སངས་རྒྱས་ཐམས་ཅད་སངས་རྒྱས་གཅིག་ཏུ་བྱིན་གྱིས་རློབ་ཅིང ། དེ་བཞིན་གཤེགས་ པ་གཅིག་ཀྱང་སངས་རྒྱས་ཀྱི་ཡུལ་གྱི་མཐས་ཀླས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དུ་བྱིན་གྱིས་རློབ་ལ་དེ་བཞིན་གཤེགས་པ་རྣམས་འདྲེས་པར་ཡང་མི་འགྱུར་ཏེ། ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་བྱ་བ་དེ་ལྟ་བུ་ཐམས་ཅད་ཀྱང་སྟོན་ཏོ། །ལུས་ གཅིག་གིས་མཉམ་པར་འཇོག་ལ་ལུས་དཔག་ཏུ་མེད་གྲངས་མེད་པ་དག་གིས་ལྡང་ཞིང་ལུས་དཔག་ཏུ་མེད་གྲངས་མེད་པ་དག་གིས་མཉམ་པར་གཞག་ལ་ལུས་གཅིག་གིས་ལྡང་ངོ་།། ་་།།བམ་པོ་གསུམ་པ་སྟེ་ཐ་མ། འཇམ་དཔལ་ དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་དབྱིངས་ལ་སྤྱོད་ཡུལ་བ་ཡང་ཡིན་ལ་སེམས་ཅན་གྱི་ཁམས་ལ་སྤྱོད་ཡུལ་བར་ཡང་སྣང་ངོ ། །སངས་རྒྱས་ཀྱི་སྤྱོད་ཡུལ་ལ་མངོན་པར་དགའ་བ་ཡང་ཡིན་ལ་བདུད་ཀྱི་སྤྱོད་ཡུལ་བར་
61-1-131a
ཡང་རྣམ་པར་སྣང་ངོ ། །མྱ་ངན་ལས་འདས་པའི་སྤྱོད་ཡུལ་བ་ཡང་ཡིན་ལ་འཁོར་བའི་སྤྱོད་ཡུལ་བར་ཡང་སྣང་ངོ ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྤྱོད་ཡུལ་བ་ཡང་ཡིན་ལ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་བར་ཡང་སྣང་ངོ ། །ཞི་ བའི་སྤྱོད་ཡུལ་བ་ཡང་ཡིན་ལ་མ་ཞི་བ་དང ། རབ་ཏུ་མ་ཞི་བ་དང ། ཉེ་བར་མ་ཞི་བའི་སྤྱོད་ཡུལ་བར་ཡང་སྣང་སྟེ་སེམས་ཅན་རྣམས་ཀྱང་འདུལ་ལོ། །བླང་བ་མེད་པ་དང ། དོར་བ་མེད་པ་དང ། སྤྲོས་པ་མེད་པ་དང ། མ་སྤྲོས་པ་དང ། མཚན་མ་ མེད་པ་དང ། དངོས་པོ་མེད་པ་དང ། ཤེས་པར་བྱ་བ་མེད་པ་དང ། བར་སྣང་དང་མཚུངས་པ་སྤྱོད་ཡུལ་བ་ཡང་ཡིན་ལ་སྤྲོས་པ་དང ། མཚན་མ་དང ། དམིགས་པ་སྤྱོད་ཡུལ་བའི་སེམས་ཅན་ཐམས་ཅད་ཀྱི་ནང་ན་ཡང་སྣང་ངོ ། །སྟོབས་བཀོད་པའི་ སྤྱོད་ཡུལ་བ་ཡང་ཡིན་ལ་གཟུགས་བཟང་པོའི་སྤྱོད་ཡུལ་བར་ཡང་སྣང་ངོ ། །ཆོས་ཐམས་ཅད་སྐྱེ་བ་མེད་པ་དང ། འགག་པ་མེད་པས་གཉེན་པོ་སྤྱོད་ཡུལ་བ་ཡང་ཡིན་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྤྱོད་ཡུལ་བར་ཡང་སྣང་ངོ ། །ཡེ་ཤེས་དང ། རྣམ་པར་ ཐར་པ་དང ། མངོན་པར་ཤེས་པ་དང ། རིག་པ་དང ། རྣམ་པར་གྲོལ་བའི་སྤྱོད་ཡུལ་བ་ཡང་ཡིན་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང་།ནམ་མཁའ་ལྡིང་ དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དང ། སྲིན་པོ་དང ། འབྱུང་པོ་དང ། ཡི་དགས་དང ། ཤ་ཟ་དང ། གྲུལ་བུམ་དང ། སྲུལ་པོ་དང ། ལུས་སྲུལ་པོ་དང ། སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པ་དང ། སྒོ་ང་ལས་སྐྱེས་པ་དང ། མངལ་ནས་སྐྱེས་པ་དང ། དྲོད་གཤེར་ལས་སྐྱེས་པ་དང ། རྫུས་ཏེ་སྐྱེས་པ་དང ། གཟུགས་ཅན་དང ། གཟུགས་ཅན་མ་ཡིན་པ་དང ། འདུ་ཤེས་ཅན་དང ། འདུ་ཤེས་
61-1-131b
ཅན་མ་ཡིན་པ་དང ། འདུ་ཤེས་མེད་འདུ་ཤེས་མེད་མིན་ནས་གཟུགས་མེད་པའི་བར་གྱི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པར་ཡང་སྣང་ངོ ། །དེ་བཞིན་གཤེགས་པའི་སྤྱོད་པ་དང ། མངོན་པར་རྫོགས་པར་བྱང་ཆུབ་པ་དང ། སངས་རྒྱས་ཀྱི་བཀོད་པ་ཐམས་ ཅད་ཀྱི་སྤྱོད་ཡུལ་ཐོབ་པ་ཡང་ཡིན་ལ་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱི་ཆོ་ག་དང་སྤྱོད་ལམ་ཡང་ཀུན་ཏུ་སྟོན་ཏོ། །འཇམ་དཔལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཀྱི་སྒྲ་སེམས་ཅན་གཅིག་ གི་སྒྲར་འཇུག་པར་བྱེད་ལ། སེམས་ཅན་གཅིག་གི་སྒྲ་སེམས་ཅན་ཐམས་ཅད་ཀྱི་སྒྲར་འཇུག་པར་བྱེད་ཅིང ། སྒྲ་རྣམས་འདྲེས་པར་ཡང་མི་འགྱུར་ལ་སེམས་ཅན་གང་གི་སྒྲ་ལ་ཡང་སྒྲིབ་པར་མི་འགྱུར་རོ། །འཇམ་དཔལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་ བྱང་ཆུབ་སེམས་དཔའ་ནི་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་རང་གི་ལུས་སའི་ཁམས་དང ། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་སུ་བྱིན་གྱིས་རློབ་བོ། །འཇམ་དཔལ་དགེ་བའི་ བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་ལུས་ལ་ཞིང་གི་ལུས་ཀུན་ཏུ་སྟོན་ཀྱང་སེམས་ཅན་གྱི་ལུས་དང་འདྲེས་པར་ཡང་མི་བྱེད། ཞིང་གི་ལུས་ལ་སེམས་ཅན་གྱི་ལུས་ཀུན་ཏུ་སྟོན་ཀྱང་ཞིང་གི་ལུས་དང་འདྲེས་པར་ཡང་མི་བྱེད་དོ། །སངས་རྒྱས་ ཀྱི་སྐུ་ལ་ཉན་ཐོས་དང ། རང་སངས་རྒྱས་ཀྱི་ལུས་སུ་ཀུན་ཏུ་སྟོན་ཀྱང་སངས་རྒྱས་ཀྱི་སྐུ་དམན་པར་ཡང་མི་བྱེད་དོ། །ཉན་ཐོས་དང ། རང་སངས་རྒྱས་ཀྱི་ལུས་ལ་སངས་རྒྱས་ཀྱི་སྐུ་ཀུན་ཏུ་སྟོན་ཀྱང་ཉན་ཐོས་དང ། རང་སངས་རྒྱས་ཀྱི་ལུས་རྒྱ་ཆེན་པོར་ཡང་མི་བྱེད་དོ། ། སྤྱོད་པའི་ལུས་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་ཀུན་ཏུ་སྟོན་ཀྱང་སྤྱོད་པའི་རྒྱུན་ཆད་པར་ཡང་མི་བྱེད་དོ། །མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་ལ་སྤྱོད་པའི་ལུས་ཀུན་ཏུ་སྟོན་ཀྱང་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་ཉམས་པར་ཡང་མི་བྱེད་དོ། །མྱ་ངན་ལས་འདས་
61-1-132a
པ་ལ་འཁོར་བའི་རྒྱན་དུ་སྟོན་ཀྱང་མྱ་ངན་ལས་འདས་པ་ལ་མངོན་པར་ཞེན་པ་ཡང་མི་སྐྱེད་དོ། །འཁོར་བ་མྱ་ངན་ལས་འདས་པར་ཀུན་ཏུ་སྟོན་ཀྱང་གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་མི་བྱེད་དོ། །མཉམ་པར་ཡང་ བཞག་ལ་བྱ་བ་ཐམས་ཅད་ཀྱང་སྟོན་ཏེ། འདི་ལྟ་སྟེ། འོང་བ་དང ། འགྲོ་བ་དང ། འགྲེང་བ་དང ། ཉལ་བར་བྱེད་དོ། །སྤྱོད་ལམ་ཐམས་ཅད་ཀྱང་ཀུན་ཏུ་སྟོན་ལ་ཏིང་ངེ་འཛིན་རྣམ་པར་འཁྲུགས་པར་ཡང་མི་བྱེད་དོ། །དེ་བཞིན་གཤེགས་པ་གཅིག་གི་ཞབས་ཀྱི་དྲུང་ན་ཆོས་ཉན་ པར་ཡང་སྣང་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དག་ན་གཟུགས་དང ། ལུས་དང ། ཁ་དོག་ཡོངས་སུ་འགྲུབ་པ་གཞན་དང་གཞན་དག་གིས་ཀྱང་ཆོས་ཉན་ལ་ཏིང་ངེ་འཛིན་ཐ་དད་པར་ ཡང་མི་བྱེད་ཅིང་ཆོས་ཀྱང་ལེན་ལ་འཛིན་ཏེ་འདོན་ཅིང་ཀུན་ཆུབ་པར་ཡང་བྱེད་ལ་སངས་རྒྱས་དེ་དག་ལས་ཆོས་ཉན་པའི་རྒྱུན་ཆད་པར་ཡང་མི་བྱེད་དོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་གཟུགས་དང ། ལུས་དང ། ཁ་དོག་ཡོངས་སུ་འགྲུབ་པ་ཐ་དད་པས་ སེམས་ཅན་རྣམས་ཡོངས་སུ་སྨིན་པར་ཡང་བྱེད་ལ་ལུས་ཐ་དད་པར་མི་བྱེད་ཅིང་གནས་ནས་ཀྱང་མི་གཡོའོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་བྱ་བ་ཐམས་ཅད་ཀུན་ཏུ་སྟོན་ཀྱང་ཏིང་ངེ་འཛིན་ཐ་དད་པར་ཡང་མི་བྱེད་དོ། །སེམས་ཀྱི་སྐད་ཅིག་སེམས་ ཀྱི་སྐད་ཅིག་ལ་ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་པ་དག་ཀྱང་མངོན་པར་སྒྲུབ་ལ་ཏིང་ངེ་འཛིན་ཐ་དད་པར་ཡང་མི་བྱེད་དེ། འཇམ་དཔལ་རྣམ་གྲངས་དེས་ན་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་ལ་གནས་པའི་བྱང་ཆུབ་སེམས་ དཔའ་སངས་རྒྱས་ཀྱི་ཞིང་གི་མཐས་ཀླས་པའི་བསྐལ་པར་ཏིང་ངེ་འཛིན་གྱི་སྒོ་བསྒྲུབ་པ་མངོན་པར་སྒྲུབ་ཀྱང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་སྒོ་བསྒྲུབ་པ་རྣམས་ཀྱི་མཐར་ཐུག་པར་མི་འགྱུར་རོ། །འཇམ་དཔལ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་
61-1-132b
དེ་དག་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལས་ངེས་པར་འབྱུང་ངོ ། །འཇམ་དཔལ་དེ་བཞིན་དུ་གཟུངས་ཀྱི་སྒོ་བརྗོད་དུ་མེད་པ་མངོན་པར་བསྒྲུབ་པ་མཐའ་ཡས་དཔག་ཏུ་མེད་གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། ཚད་མེད་པ་དག་དང་ གཟུངས་ཐོབ་པ་ཕུན་སུམ་ཚོགས་པ་དེ་དག་ཐམས་ཅད་ཀྱང་དགེ་བའི་བཤེས་གཉེན་ལས་ངེས་པར་འབྱུང་ངོ ། །སྟོབས་དང ། མི་འཇིགས་པ་དང ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། ཚད་མེད། བརྗོད་དུ་མེད་པ་ཕུན་སུམ་ཚོགས་པ་རྣམས་ཀྱང་དེ་བཞིན་ནོ། །འཇམ་དཔལ་མདོར་བསྡུ་ན་དེ་ལྟར་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་བསྒྲུབ་པ་མཐའ་ཡས་པ་ཐམས་ཅད་དང ། སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལས་ ངེས་པར་བྱུང་བ་ཡིན་ནོ། །འཇམ་དཔལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་དབྱིངས་མཐའ་ཡས་པའི་སྒོ་ལ་འཇུག་པ་སེམས་ཅན་ལ་ཀུན་ཏུ་སྟོན་པའི་ཡུལ་དང ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྒྱན་སྣ་ཚོགས་སུ་མངོན་པར་ སྒྲུབ་པ་འགྲོ་བ་ཐམས་ཅད་ཤེས་པར་བྱེད་པའི་ཡུལ་དང ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲུལ་པ་མངོན་པར་བསྒྲུབ་པའི་ཡུལ་དང ། དེ་བཞིན་གཤེགས་པའི་སྐུ་བྱང་ཆུབ་སེམས་དཔའི་ལུས་སུ་མངོན་པར་བསྒྲུབ་པ་དང ། བྱང་ཆུབ་སེམས་དཔའི་ལུས་དེ་བཞིན་གཤེགས་ པའི་སྐུར་མངོན་པར་བསྒྲུབ་པའི་ཡུལ་དང ། ནམ་མཁའི་ཁམས་འཇིག་རྟེན་གྱི་ཁམས་སུ་མངོན་པར་བསྒྲུབ་པ་དང ། འཇིག་རྟེན་གྱི་ཁམས་ནམ་མཁའི་ཁམས་སུ་མངོན་པར་བསྒྲུབ་པའི་ཡུལ་དང ། འཁོར་བ་མྱ་ངན་ལས་འདས་པར་མངོན་པར་བསྒྲུབ་པ་དང ། མྱ་ངན་ ལས་འདས་པ་འཁོར་བར་མངོན་པར་བསྒྲུབ་པའི་ཡུལ་དང ། སེམས་ཅན་གྱི་སྐད་བརྗོད་པ་གཅིག་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྟན་པའི་ཡུལ་དང ། གདོང་དང་ལུས་མཐའ་ཡས་པ་ཀུན་ཏུ་བསྟན་པ་ལུས་གཅིག་ཏུ་བྱིན་གྱིས་རློབ་ཅིང་ལུས་ཀྱི་རིམ་པ་ཐམས་ཅད་མངོན་པར་
61-1-133a
བསྒྲུབ་པའི་ཡུལ་དང་ལུས་གཅིག་གིས་ཆོས་ཀྱི་དབྱིངས་རྒྱས་པར་འགེངས་པའི་ཡུལ་དང ། སེམས་ཅན་གཅིག་གིས་སེམས་བསྐྱེད་པ་རྣམས་ལ་སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་རེ་རེ་ལ་ཡང་སྒོ་མཐའ་ཡས་པས་བསྒྲུབ་པའི་བྱང་ཆུབ་རྣམ་པར་མི་རྟོག་པའི་ཡུལ་ དང ། འཇམ་དཔལ་དེ་ལ་སོགས་པ་ཡུལ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད། གྲངས་མེད། བསམ་གྱིས་མི་ཁྱབ་པ་དེ་དག་བྱང་ཆུབ་སེམས་དཔའ་ལ་ཡང་དག་པར་འགྲུབ་བོ། །འཇམ་དཔལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་ དཔའ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་འཇིག་རྟེན་གྱི་ཁམས་གཅིག་ཏུ་མོས་ཤིང་འཇུག་གོ། །འཇིག་རྟེན་གྱི་ཁམས་གཅིག་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མོས་ཤིང་འཇུག་གོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་པད་མའི་གདན་གཅིག་དང ། དེ་བཞིན་གཤེགས་ པའི་སྐུ་གཅིག་གིས་ཡོངས་སུ་ཁྱབ་པར་མོས་ཤིང་འཇུག་གོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ནམ་མཁའི་ངོ་བོ་ཉིད་དུ་ཀུན་ཏུ་སྟོན་པར་མོས་ཤིང་འཇུག་གོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱི་རྒྱན་དུ་མོས་ཤིང་འཇུག་གོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ བྱང་ཆུབ་སེམས་དཔའི་ལུས་ཀྱིས་ཡོངས་སུ་ཁྱབ་པར་མོས་ཤིང་འཇུག་གོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་སྐྲ་ཙམ་གྱི་ཁྱོན་གཅིག་ལ་འཇོག་པར་མོས་ཤིང་འཇུག་གོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ལུས་གཅིག་ཏུ་འཇུག་པ་དང་ལྡན་པར་མོས་ཤིང་འཇུག་གོ། ། འཇིག་རྟེན་གྱི་ཁམས་ཐམས་ཅད་དེ་བཞིན་གཤེགས་པ་གཅིག་གི་བྱང་ཆུབ་ཀྱི་ཤིང་དང་བྱང་ཆུབ་ཀྱི་སྙིང་པོས་ཡོངས་སུ་ཁྱབ་པར་མོས་ཤིང་འཇུག་གོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་སྒྲ་སྐད་གཅིག་གིས་གོ་བར་བྱེད་ཅིང་སེམས་ཅན་གྱི་ཁམས་སྣ་ཚོགས་ཀྱི་སྒྲ་ལ་འཇུག་པས་ ཚིམ་པར་བྱེད་པར་མོས་ཤིང་འཇུག་གོ། །སེམས་ཅན་ཐམས་ཅད་ཀྱི་ངོ་བོ་ཉིད་དང་ལུས་སུ་མོས་ཤིང་འཇུག་གོ། །སེམས་ཅན་གྱི་ཁམས་ཐམས་ཅད་སེམས་ཅན་གཅིག་གི་ལུས་ལ་འཇུག་པ་དང་ལྡན་པར་མོས་ཤིང་འཇུག་གོ། །སེམས་ཅན་གྱི་ཁམས་ཐམས་ཅད་བྱང་ཆུབ་
61-1-133b
སེམས་དཔའི་ཁོང་དུ་སོང་བར་མོས་ཤིང་འཇུག་གོ། །སེམས་ཅན་གྱི་ཁམས་ཐམས་ཅད་དེ་བཞིན་གཤེགས་པའི་ཁོང་དུ་ཞུགས་པར་མོས་ཤིང་འཇུག་གོ། །སེམས་ཅན་གྱི་ཁམས་ཐམས་ཅད་སེམས་ཅན་གཅིག་གི་ལུས་ལ་རྟེན་པར་མོས་ཤིང་འཇུག་གོ། །སེམས་ཅན་གྱི་ཁམས་ ཐམས་ཅད་སངས་རྒྱས་ཀྱི་ཆོས་ཀྱི་སྣོད་དུ་མོས་ཤིང་འཇུག་གོ། །སེམས་ཅན་གྱི་ཁམས་ཐམས་ཅད་བརྒྱ་བྱིན་དང་ཚངས་པ་དང ། འཇིག་རྟེན་སྐྱོང་བ་གང་འདོད་པ་དང་མོས་པའི་གཟུགས་དང ། ལུས་དང ། ཁ་དོག་དང་རྟགས་ལ་མངོན་དུ་ཕྱོགས་པ་སྟོན་པར་མོས་ཤིང་འཇུག་གོ། ། སེམས་ཅན་གྱི་ཁམས་ཐམས་ཅད་ཉན་ཐོས་དང ། རང་སངས་རྒྱས་ཀྱི་གཟུགས་དང ། ལུས་དང ། ཁ་དོག་དང ། རྟགས་དང ། ཚུལ་དུ་སྟོན་པར་མོས་ཤིང་འཇུག་གོ། །སེམས་ཅན་གྱི་ཁམས་ཐམས་ཅད་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱིས་ལེགས་པར་བརྒྱན་པའི་བྱིན་ གྱི་རླབས་ཀུན་ཏུ་སྟོན་པར་མོས་ཤིང་འཇུག་གོ། །སེམས་ཅན་གྱི་ཁམས་ཐམས་ཅད་དེ་བཞིན་གཤེགས་པའི་གཟུགས་དང ། མཚན་དང ། དཔེ་བྱད་བཟང་པོ་དང ། གཟུགས་དང ། ལུས་དང ། ཁ་དོག་སྣ་ཚོགས་དང ། སྤྱོད་ལམ་དང ། སྤྱོད་པ་ཀུན་ཏུ་སྟོན་པ་གཞན་ ཤེས་པར་བྱེད་པར་མོས་ཤིང་འཇུག་གོ། །འཇམ་དཔལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་འདོད་པའི་ཁམས་ནས་ཀྱང་མི་གཡོ་ལ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་བསམ་གཏན་དང ། རྣམ་པར་ཐར་པ་དང ། ཏིང་ངེ་འཛིན་དང ། སྙོམས་པར་འཇུག་པ་རྣམས་ལ་ཡང་སྙོམས་པར་འཇུག་ཅིང་དེ་དག་གི་དབང་གིས་ཀྱང་མི་སྐྱེའོ། །ཉན་ཐོས་ཀྱི་ལམ་མངོན་དུ་ཤེས་པ་ལ་ཞུགས་པ་ཡང་ཡིན་ལ་སྙིང་རྗེ་ཆེན་པོའི་སྟོབས་ཀྱང་རྒྱུན་མི་གཅོད་དོ། །རང་སངས་རྒྱས་ཀྱི་ལམ་མངོན་དུ་ཤེས་ཤིང་མཐོང་བ་ལ་མཁས་པ་ ཡང་ཡིན་ལ་སྙིང་རྗེ་ཆེན་པོའི་སྟོབས་ཀྱང་རྒྱུན་མི་གཅོད་དོ། །གཡོག་འཁོར་མང་པོས་ཡོངས་སུ་བསྐོར་བ་ཡིན་ལ་ལྷ་དང་མིའི་གཡོག་འཁོར་མང་པོ་རྣམ་པར་དག་པ་དང་ཡང་ལྡན་ནོ། །ལྷའི་བུ་མོ་འབུམ་དག་གླུ་དབྱངས་རྗེས་སུ་སྒྲོགས་ཤིང་སིལ་སྙན་འབུམ་དག་སིལ་ཁྲོལ་
61-1-134a
འབྱིན་པ་དང་ཡང་ལྡན་ལ་བྱང་ཆུབ་སེམས་དཔའི་ལམ་དང་ལྡན་པའི་བསམ་གཏན་དང ། ཏིང་ངེ་འཛིན་དང ། སྙོམས་པར་འཇུག་པ་རྣམས་ཀྱང་མི་འདོར་རོ། །འགྲོ་བའི་དགའ་བ་དང ། རྩེ་བ་དང ། བཞད་གད་དང ། འཇོ་སྒེག་ཐམས་ཅད་དང ། སེམས་ ཅན་བརྐམ་ཆགས་པའི་འདུ་འཛི་ཐམས་ཅད་ཀྱི་ནང་ན་གནས་པ་ཡང་ཡིན་ལ་སེམས་ཀྱི་སྐད་ཅིག་གཅིག་ལ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་མཉམ་པ་ཉིད་ཀྱང་མི་འདོར་རོ། །འཇིག་རྟེན་ལས་འདས་པ་ཡང་ཡིན་ཏེ་འཇིག་རྟེན་ཐམས་ཅད་དང་མ་འདྲེས་ལ་ཕ་རོལ་ཏུ་འགྲོ་བའི་ལམ་ལ་ སློབ་པར་ཡང་སྣང་ཞིང་ལས་དང་ཉོན་མོངས་པར་བྱིང་བའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་ཡང་བྱེད་དོ། །ལམ་ལ་གནས་ཤིང་ལམ་ཇི་ལྟ་བ་བཞིན་དུ་ཤེས་པ་མཐོང་བ་ལ་ཞུགས་པ་ཡང་ཡིན་ལ། ལམ་ངན་པར་ལྷུང་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ ཕྱིར་ལམ་ངན་པ་ན་ཡང་སྣང་ཞིང་ལམ་དེ་ལ་སྙིང་པོར་འདུ་ཤེས་པ་ཡང་མ་ཡིན་ལ་དེས་དག་པར་འདོད་པ་ཡང་མ་ཡིན་ནོ། །ལུས་དང ། ངག་དང ། ཡིད་ཀྱི་ལས་ཀྱི་མཐའ་ཁ་ན་མ་ཐོ་བ་མེད་པ་ཡང་ཡིན་ཏེ། རྟག་ཏུ་ཚུལ་ཁྲིམས་ལེགས་པར་བསྲུངས་ཤིང་དེ་བཞིན་ གཤེགས་པའི་ཚུལ་ཁྲིམས་རྣམ་པར་དག་པ་ལ་ཡང་གཞོལ་ལ་སེམས་ཅན་ཚུལ་ཁྲིམས་འཆལ་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བྱིས་པ་སོ་སོའི་སྐྱེ་བོ་ཕལ་པའི་སྤྱོད་ཡུལ་བ་ལ་ཡང་ཀུན་ཏུ་སྣང་ངོ ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ཤིང་བྱང་ཆུབ་སེམས་ དཔའི་འགྲོ་བ་ལ་ཡང་གཞོལ་ལ་ངན་འགྲོར་སྐྱེས་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དང ། མི་ཁོམ་པ་དང ། དབུལ་པོའི་ཁྱིམ་དུ་སྐྱེ་བའི་འགྲོ་བ་ཡང་ཀུན་ཏུ་སྟོན་ལ་འགྲོ་བ་དེར་ ཡང་དག་པར་གཞོལ་བ་ཡང་མ་ཡིན་ནོ། །ཡེ་ཤེས་དང་སྤོབས་པ་ཐོགས་པ་མེད་པའི་སངས་རྒྱས་ཀྱི་ཆོས་ལ་ཞུགས་པས་གཞན་གྱི་དྲིང་ལ་མི་འཇོག་པའི་ཡེ་ཤེས་ལ་མཁས་པ་ཡང་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པ་དང་།
61-1-134b
སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་ལུས་གཟུགས་གཅིག་ཏུ་གྱུར་པ་དང ། སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་ཆོས་ཀྱི་ཚུལ་དང་དགོངས་པ་སྣང་བ་རྟོགས་པ་དང ། ཐེག་པ་ཐམས་ཅད་མཉམ་པ་ཉིད་ཀྱིས་བྱིན་གྱིས་བརླབས་པ་དང ། སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ ཡུལ་ལ་མངོན་དུ་ཕྱོགས་པ་དང ། འགྲོ་བ་ཐམས་ཅད་ཀྱིས་བསྔགས་པར་འོས་པ་དང ། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱིས་གདོང་དུ་ལྟ་བ་དང ། འགྲོ་བ་ཐམས་ཅད་ཀྱི་སློབ་དཔོན་དུ་གྱུར་པ་དང ། ཟབ་ཅིང་བརྟན་པའི་རྒྱ་མཚོའི་ཆུའི་དུས་རླབས་ལྟ་བུའི་ཏིང་ངེ་འཛིན་ གྱིས་རྣམ་པར་རྩེ་བ་དང ། སངས་རྒྱས་ཀྱི་སྐུ་དང ། ཁ་དོག་མཐའ་ཡས་པ་ཡོངས་སུ་འགྲུབ་པ་སྒྲུབ་པའི་གཟུངས་ཐོབ་པ་ཡང་ཡིན་ལ་ཆོས་ཡོངས་སུ་ཚོལ་བའི་རྒྱུན་ཡང་མི་གཅོད་དོ། །ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་གྱི་སློབ་དཔོན་ དམ་པ་ཡང་ཡིན་ལ། ཙོག་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་ནས་མཁན་པོ་དང ། སློབ་དཔོན་ལས་ཆོས་ལེན་པར་ཡང་ཀུན་ཏུ་སྟོན་ཅིང་གུས་པར་བྱ་བ་ཐམས་ཅད་ཀྱི་ཉེ་བར་གནས་པར་ཡང་སྣང་སྟེ། བྱང་ཆུབ་སེམས་དཔའི་ལམ་ལ་གནས་ནས་ཐབས་གང་དང་གང་གིས་ སེམས་ཅན་རྣམས་ཡོངས་སུ་སྨིན་པའམ་འདུལ་བར་འགྱུར་བའི་ཐབས་དེ་དང་དེ་ཉིད་སེམས་ཅན་རྣམས་ལ་སྟོན་ཏོ། །དགེ་བའི་རྩ་བ་ཐམས་ཅད་ཤིན་ཏུ་བསྡུས་པ་དང ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་རྩེ་མོར་ཕྱིན་པ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ ཀྱིས་དབང་བསྐུར་བས་དབང་བསྐུར་བ་དང ། ཆོས་ཀྱི་དབང་ཕྱུག་གི་བདག་པོ་དམ་པའི་མཆོག་ཐོབ་པ་དང ། ཆོས་ཀྱི་ཅོད་པན་ཐོགས་པ་མེད་ཅིང་དྲི་མ་མེད་པས་བཅིངས་པ་དང ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐོགས་པ་མེད་པར་དེ་བཞིན་གཤེགས་པའི་སྐུ་ཀུན་ཏུ་སྟོན་པ་ དང ། ཐོགས་པ་མེད་པར་ཆོས་ཀྱི་འཁོར་ལོ་སྐོར་བའི་བྱིན་གྱི་རླབས་དང་ལྡན་པ་དང ། ལུས་གཟུགས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞུགས་པ་དང་ལྡན་པ་དང ། ཆོས་ཐམས་ཅད་ཀྱི་དབང་ཕྱུག་དམ་པའི་མཆོག་ཐོབ་པ་དང་ལྡན་པ་དང ། བྱང་ཆུབ་སེམས་དཔའི་དབང་
61-1-135a
ཐམས་ཅད་ཐོབ་པ་དང ། འགྲོ་བའི་ཞིང་ཐམས་ཅད་དུ་སྐྱེ་བ་སྟོན་པའི་ཤེས་པ་དང་ལྡན་པ་དང ། འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་དང་ཡུལ་གཅིག་ཏུ་གྱུར་པ་ཡང་ཡིན་ལ་བྱང་ཆུབ་སེམས་དཔའི་སྤྱོད་པའི་ རྒྱུན་ཡང་མི་གཅོད། བྱང་ཆུབ་སེམས་དཔའི་མངོན་པར་འདུ་བྱ་བའི་སྟོབས་ལས་ཀྱང་ཡོངས་སུ་མི་ཉམས། བྱང་ཆུབ་སེམས་དཔའི་སྤྱོད་པའི་བྱིན་གྱི་རླབས་ལས་ཀྱང་ཐག་རིང་དུ་མི་འགྱུར། བྱང་ཆུབ་སེམས་དཔའི་ཆོས་ཉིད་ཀྱང་མི་འདོར། བྱང་ཆུབ་སེམས་དཔའི་ལས་ ཀྱི་མཐའ་ལས་ཀྱང་མི་འདའ། བྱང་ཆུབ་སེམས་དཔའི་ལམ་ལས་ཀྱང་ཕྱིར་མི་ལྡོག་བྱང་ཆུབ་སེམས་དཔའི་བྱ་བ་ལ་ཞུམ་པར་ཡང་མི་བྱེད་དེ། འཇམ་དཔལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་ལ་བླང་བ་མེད་པ་དང ། དོར་བ་མེད་པ་དང ། འདེག་པ་མེད་པ་དང ། འཇོག་པ་མེད་པ་དང ། སྒྱུ་མ་དང ། སྨིག་རྒྱུ་དང ། རྨི་ལམ་དང ། མིག་ཡོར་དང ། གཟུགས་བརྙན་དང ། ཆུ་ཟླ་དང ། སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པ་དང ། མངོན་པར་འདུ་བྱ་བ་མེད་པ་དང ། བརྗོད་དུ་ མེད་པ་དང ། སྨྲར་མེད་པ་དང ། བསྙད་དུ་མེད་པ་དང ། དེ་བཞིན་ཉིད་དང ། ཡང་དག་པའི་མཐའ་དང ། རྣམ་པར་འཇིག་པ་མེད་པ་དང ། མཉམ་པ་ཉིད་དང ། དབྱེར་མེད་པ་དང ། གཉིས་སུ་མེད་པ་ཞེས་བྱ་བ་དེ་ནི་དེའི་དམིགས་པ་ཡིན་ཏེ། ཆོས་ཐམས་ཅད་ནི་གཉེན་ པོ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ཅེས་བྱ་བ་དེ་ནི་དེའི་དམིགས་པ་སྟེ།འདུ་ཤེས་པ་འཛིན་པའི་ཕྱིར་དམིགས་པའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་མེད་པ་ལ་སེམས་སུ་དམིགས་པ་ནི་འདུ་ཤེས་ཕྱིན་ཅི་ལོག་ཡིན་པའི་ཕྱིར་ཏེ། སེམས་ཕྱིན་ཅི་ལོག་ཏུ་གྱུར་ན་སེམས་མྱོས་ པར་འགྱུར་རོ། །སེམས་མྱོས་ན་སེམས་བསླད་པར་འགྱུར་རོ། །སེམས་བསླད་པ་ལས་སེམས་སྐྲག་པར་འགྱུར་རོ། །སེམས་སྐྲག་པ་ལས་བྱང་ཆུབ་ཀྱི་སེམས་ཉམས་པར་འགྱུར་རོ། །འཇམ་དཔལ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་སེམས་ལ་སེམས་ཀྱིས་རྗེས་སུ་
61-1-135b
བལྟ་བར་བྱའོ། །འཇམ་དཔལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་དབང་བཅུ་འཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཚེ་ལ་དབང་བ་དང ། སེམས་ལ་དབང་བ་དང ། ཡོ་བྱད་ལ་དབང་བ་དང ། ལས་ལ་དབང་བ་དང ། སྐྱེ་བ་ ལ་དབང་བ་དང ། མོས་པ་ལ་དབང་བ་དང ། སྨོན་ལམ་ལ་དབང་བ་དང ། རྫུ་འཕྲུལ་ལ་དབང་བ་དང ། ཆོས་ལ་དབང་བ་དང ། ཡེ་ཤེས་ལ་དབང་བའོ། །རྣམ་པར་འཕྲུལ་པ་བཅུ་ཡང་འཐོབ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་རྣམ་པར་སྤྲུལ་པ་དང ། ཞིང་ རྣམ་པར་སྤྲུལ་པ་དང ། ཆོས་རྣམ་པར་སྤྲུལ་པ་དང ། ལུས་རྣམ་པར་སྤྲུལ་པ་དང ། སྨོན་ལམ་རྣམ་པར་སྤྲུལ་པ་དང ། སྤྱོད་ཡུལ་རྣམ་པར་སྤྲུལ་པ་དང ། ཡེ་ཤེས་རྣམ་པར་སྤྲུལ་པ་དང ། མངོན་པར་ཤེས་པ་རྣམ་པར་སྤྲུལ་པ་དང ། རྫུ་འཕྲུལ་རྣམ་པར་སྤྲུལ་པ་དང ། སྟོབས་ རྣམ་པར་སྤྲུལ་པའོ། །འཇམ་དཔལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་མོས་པ་ལ་འཇུག་པ་དང ། སངས་རྒྱས་ཀྱི་ཞིང་ཐ་དད་པ་ཉིད་ལ་འཇུག་པ་དང ། ཕྱོགས་ཐམས་ཅད་ཀྱི་དྲི་བ་རྣམ་པར་འབྱེད་ པ་ལ་འཇུག་པ་དང ། འཇིག་རྟེན་གྱི་ཁམས་སྟེང་གཡོགས་མེད་ཅིང་གཞི་ཕྱལ་བའི་རྒྱུད་ཐམས་ཅད་ལ་འཇུག་པ་དང ། ཆོས་ཐམས་ཅད་གཅིག་པ་དང་ཐ་དད་པ་ཉིད་རབ་འབྱམ་རྣམ་པར་གཞག་པ་ལ་མཁས་པ་ལ་འཇུག་པ་དང ། ལས་ཐམས་ཅད་བསྒྱུར་བར་གཞུག་པ་ ལ་འཇུག་པ་དང ། འདུ་ཤེས་ཕྱིན་ཅི་ལོག་གིས་ཕྱིན་ཅི་ལོག་ཏུ་གྱུར་པའི་འཇིག་རྟེན་གནས་པ་ཐ་དད་པ་ཉིད་ཀྱི་འདུ་ཤེས་ཅན་ཐ་དད་པ་ཉིད་ལ་འཇུག་པ་དང ། ཆོས་ཐམས་ཅད་བསྒྱུར་བ་ལ་འཇུག་པའི་མཐའ་ངེས་པར་འབྱུང་བ་གཅིག་ལ་འཇུག་པ་དང ། ཆོས་ཀྱི་དབྱིངས་ཐམས་ ཅད་དེ་བཞིན་གཤེགས་པའི་རྣམ་པར་སྤྲུལ་པར་བྱིན་གྱིས་རློབ་པ་ལ་འཇུག་པ་དང ། འགྲོ་བ་ཐམས་ཅད་དུས་གསུམ་ལ་འཇུག་པ་དང ། སངས་རྒྱས་ཐམས་ཅད་ཀྱི་གདུང་རྒྱུན་མི་འཆད་པ་ལ་ཞུགས་པའི་ཡེ་ཤེས་མངོན་པར་བསྒྲུབ་བོ། །འཇམ་དཔལ་དགེ་བའི་བཤེས་གཉེན་
61-1-136a
གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་པ་དག་ལས་དགེ་བའི་རྩ་བ་བསྐྱེད་པ་སྦྱིན་པ་ལས་བྱུང་བ་དང ། མཆོད་པ་ལས་བྱུང་བ་དང ། དེ་དག་གི་ཐད་ནས་བསླབ་པ་བཟུང་བ་ལས་བྱུང་བ་ རྣམས་སྔ་དྲོ་གཅིག་གིས་ཟིལ་གྱིས་གནོན་ཏེ། འཇམ་དཔལ་དེ་ལྟར་དགེ་བའི་བཤེས་གཉེན་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ནོ། །འཇམ་དཔལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་མུ་མེད་པ་དག་ཏུ་འཇིག་རྟེན་གྱི་ཁམས་རེ་རེ་ན་ཡང་རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་ལ་དུས་གསུམ་ལ་འཇུག་ཅིང་བསྐལ་པའི་ཕྱི་མའི་མཐའི་མུར་ཐུག་པར་བསྐལ་པར་བྱིན་ གྱིས་བརླབས་ཏེ། དུས་གསུམ་ལ་འཇུག་པའི་ཆོས་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྟག་པ། བརྟན་པ། ཐེར་ཟུག་པ་ཡིན་པའི་ཕྱིར་རོ། །འཇམ་དཔལ་དགེ་བའི་བཤེས་ གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདུ་ཤེས་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ། །འཇམ་དཔལ་འདུ་ཤེས་ཕྱིན་ཅི་ལོག་གིས་སེམས་ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་ཅན་རྣམས་འདི་དག་ནི་སངས་རྒྱས་ཀྱི་ཆོས་སོ། །འདི་དག་ནི་སངས་རྒྱས་ཀྱི་ཆོས་མ་ཡིན་ནོ། ། ཞེས་མངོན་པར་ཞེན་ནས་ཆོས་སྤོང་བར་བྱེད་དོ། །མི་དགེ་བའི་ལས་སྣ་ཚོགས་ཀྱང་བྱེད་དོ། །འཇམ་དཔལ་སངས་རྒྱས་ཀྱི་ཆོས་རྣམས་ནི་སྐྱེ་བའམ། འགག་པ་མེད་དེ། འཇམ་དཔལ་སངས་རྒྱས་ཀྱི་ཆོས་རྣམས་ནི་མ་སྐྱེས་པ། མ་འགགས་པ། ཡི་གེ་མེད་པ། སྒྲ་མེད་ པ། གཉིས་སུ་མེད་པ། གཉེན་པོ་མེད་པ། སྒྲ་ལས་ཡང་དག་པར་འདས་པའོ། །དེ་ཅིའི་ཕྱིར་ཞེ་ན། གཉེན་པོ་མེད་པའི་ཕྱིར་རོ། །འཇམ་དཔལ་འདི་དག་ནི་སངས་རྒྱས་ཀྱི་ཆོས་སོ། །འཇམ་དཔལ་འདི་དག་ནི་སངས་རྒྱས་ཀྱི་ཆོས་མ་ཡིན་ནོ། །ཞེས་བྱ་བ་འདི་གཉིས་
61-1-136b
ནི་མཐའ་སྟེ། འཇམ་དཔལ་མཐའ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་མ་ཡིན་ཏེ། འཇམ་དཔལ་སངས་རྒྱས་ཀྱི་ཆོས་ནི་མཐའ་མེད་པའི་ངོ་བོ་ཉིད་དོ། །འཇམ་དཔལ་མཐའ་མེད་པའི་ངོ་བོ་ཉིད་ནི་མི་སྐྱེ་མི་འགག་གོ། །འཇམ་དཔལ་མི་སྐྱེ་མི་འགག་པ་གང་ཡིན་པ་དེ་ནི་མཐའ་དང་ མཐའ་མེད་པ་ཡོངས་སུ་སྤངས་པ་སྟེ། ཡི་གེ་མེད་པ། སྒྲ་མེད་པ། སྒྲ་ལས་ཡང་དག་པར་འདས་པ། གདགས་པར་བྱ་བ་མ་ཡིན་པ། གཉིས་སུ་མེད་པ། གཉེན་པོ་མེད་པའོ། །འཇམ་དཔལ་གང་གཉེན་པོ་མེད་པ་དེ་ནི་མི་སྐྱེ་མི་འགག་གོ། །གང་མི་སྐྱེ་མི་འགག་ པ་དེ་ནི་སངས་རྒྱས་ཀྱི་བཀའ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུ་སྟེ། ཤིན་ཏུ་མ་སྐྱེས་པ། མ་བྱུང་བ། མ་འགགས་པའོ། །དེ་ལ་ནི་ཚིགས་མེད་མོད་ཀྱི་སྔོན་གྱི་དགེ་བའི་རྩ་བ་དང ། སྤྱོད་པ་དང ། སྨོན་ལམ་གྱི་སྟོབས་ བསྐྱེད་པའི་བྱིན་གྱི་རླབས་ཀྱིས་སེམས་ཅན་དག་གིས་དེ་བཞིན་གཤེགས་པ་མཐོང་ངོ ། །འཇམ་དཔལ་དཔེར་ན་ནོར་བུ་རིན་པོ་ཆེ་ཆུ་འདང་བར་བྱེད་པ་ཆུའི་ནང་དུ་བཅུག་མ་ཐག་ཏུ་འདམ་རྫབ་དང་རྙོག་པ་ཐམས་ཅད་འདང་བར་བྱེད་ཀྱང་འཇམ་དཔལ་ནོར་བུ་རིན་པོ་ཆེ་ཆུ་འདང་བར་བྱེད་པ་ནི་མི་རྟོག་། རྣམ་པར་མི་རྟོག་སྟེ། འོན་ཀྱང་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་དེའི་བྱ་བ་དེ་ལྟ་བུ་དེ་འབྱུང་ངོ ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་བྱུང་མ་ཐག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་འདམ་ རྫབ་དང་རྙོག་པ་ཐམས་ཅད་དང་བར་བྱེད་ཀྱང་དེ་བཞིན་གཤེགས་པ་ནི་མི་རྟོག་།རྣམ་པར་མི་རྟོག་སྟེ། འོན་ཀྱང་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་དེའི་བྱ་བ་དེ་ལྟ་བུ་དེ་འབྱུང་ངོ ། །འཇམ་དཔལ་དཔེར་ན། རྫ་མཁན་གྱི་འཁོར་ལོ་ཤིན་ཏུ་མྱུར་ཞིང་སྟོབས་ཀྱི་ཤུགས་ཀྱིས་ འཕངས་པ་ནི་རྫ་མཁན་གྱི་དབང་གིས་སྣོད་སྤྱད་སྣ་ཚོགས་མངོན་པར་འདུ་བྱེད་ཀྱང་འཇམ་དཔལ་རྫ་མཁན་གྱི་འཁོར་ལོ་ནི་མི་རྟོག་།རྣམ་པར་མི་རྟོག་སྟེ། འོན་ཀྱང་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་དེའི་བྱ་བ་དེ་ལྟ་བུ་དེ་འབྱུང་ངོ ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་
61-1-137a
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྔོན་གྱི་དགེ་བའི་རྩ་བ་དང ། སྤྱོད་པ་དང ། སྨོན་ལམ་གྱི་སྟོབས་ཀྱི་བྱིན་གྱི་རླབས་ཀྱི་ཤུགས་ཀྱིས་སེམས་ཅན་གྱི་དབང་གིས་སེམས་ཅན་རྣམས་ལ་དགེ་བའི་རྩ་བ་སྣ་ཚོགས་མངོན་པར་འདུ་མཛད་ཀྱང་དེ་བཞིན་ གཤེགས་པ་ནི་མི་རྟོག་།རྣམ་པར་མི་རྟོག་སྟེ། འོན་ཀྱང་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་དེའི་བྱ་བ་དེ་ལྟ་བུ་དེ་འབྱུང་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་ལྡན་པའི་ཕྱིར་རོ། །འཇམ་དཔལ་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ལ་བཤོས་གསོལ་བ་ དང ། གང་དག་བཤོས་མི་གསོལ་བ་དང ། གང་དག་གིས་མཐོང་བ་དང ། གང་དག་གིས་མ་མཐོང་བ་དང ། གང་དག་སྟོད་པ་དང ། གང་དག་མི་སྟོད་པ་དང ། གང་དག་གཤེ་བ་དང ། གང་དག་མི་གཤེ་བ་དང ། གང་དག་ཞུ་བ་བྱེད་པ་དང ། གང་དག་ཞུ་བ་མི་བྱེད་ པ་དེ་དག་ཐམས་ཅད་ཀྱི་བྱ་བ་རྣམས་ཀྱང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་འབྱུང་ངོ ། །འཇམ་དཔལ་དེ་བཞིན་གཤེགས་པའི་ཁྱུ་མཆོག་ཏུ་གྱུར་པ་ཐམས་ཅད་ཀྱང་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ལས་འབྱུང་ངོ ། །འཇམ་ དཔལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་སྐུ་དང་ཁ་དོག་མཐའ་ཡས་པ་ཡོངས་སུ་འགྲུབ་པ་གྲུབ་པའི་གཟུངས་འཐོབ་སྟེ། གཟུངས་དེ་ཐོབ་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱི་སྐུས་ཁྱབ་པར་བྱེད་ དོ། །འཇིག་རྟེན་གྱི་ཁམས་རེ་རེར་ཡང་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་སྟོན་ཏོ། །ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་གྲངས་མེད་པ་དང ། ཆོས་ཐ་དད་པ་ཉིད་གྲངས་མེད་པ་སྟོན་ཏེ་གནས་ནས་ཀྱང་མི་གཡོའོ། །འཇམ་དཔལ་དེ་ལྟར་ན་ དགེ་བའི་བཤེས་གཉེན་རྣམས་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ནོ། །འཇམ་དཔལ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་ལ་བྱ་བ་བཞིན་དུ་དགེ་བའི་བཤེས་གཉེན་རྣམས་ལ་བསྟེན་པར་བྱའོ། །བསྙེན་པར་བྱའོ། །བསྙེན་བཀུར་བྱའོ། །
61-1-137b
འཇམ་དཔལ་མི་དགེ་བའི་བཤེས་གཉེན་རྣམས་ནི་བྲག་གི་བྱ་སྐྱིབས་རབ་ཏུ་འབར་བ་བཞིན་དུ་ཡོངས་སུ་སྤང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་མི་དགེ་བའི་བཤེས་གཉེན་ལ་བསྟེན་ན་བྱང་ཆུབ་སེམས་དཔའི་སེམས་དང་འདུ་ཤེས་ཕྱིན་ཅི་ལོག་ཏུ་འགྱུར་རོ། །སེམས་ཕྱིན་ ཅི་ལོག་ཏུ་གྱུར་ན་ཀུན་དུ་འཁྲུལ་པར་འགྱུར་རོ། །སེམས་ཀུན་དུ་འཁྲུལ་པར་གྱུར་ན་རྣམ་པར་རྨོངས་པར་འགྱུར་རོ། །སེམས་རྣམ་པར་རྨོངས་ན་སྐྲག་པར་འགྱུར་རོ། །སེམས་སྐྲག་པར་གྱུར་ན་བྱང་ཆུབ་ཀྱི་སེམས་འདོར་བར་འགྱུར་རོ། །བྱང་ཆུབ་ཀྱི་སེམས་བོར་ན་ལྷ་ཡོངས་ སུ་གཏོང་བར་འགྱུར་རོ། །ལྷ་ཡོངས་སུ་བཏང་ན་ལྷ་རྣམས་ཀྱང་དེ་ལ་བསྔགས་པ་མ་ཡིན་པ་སྨྲ་བར་འགྱུར་རོ། །ཀླུ་རྣམས་དང ། གནོད་སྦྱིན་རྣམས་དང ། དྲི་ཟ་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་དང ། མི་རྣམས་དང་།མི་མ་ཡིན་པ་རྣམས་ ནས་སངས་རྒྱས་ཀྱི་བར་དག་ཀྱང་དེ་ལ་བསྔགས་པ་མ་ཡིན་པ་སྨྲ་བར་འགྱུར་རོ། །འཇམ་དཔལ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་དགེ་བའི་བཤེས་གཉེན་རྣམས་ལ་བསྟེན་པར་བྱའོ། །བསྙེན་པར་བྱའོ། །བསྙེན་བཀུར་བྱའོ། །འཇམ་དཔལ་དཔེར་ན་སྐྱབས་ཞེས་བྱ་བའི་སྨན་ནི་ གནོད་སེམས་ཀྱི་སེམས་དང་ལྡན་པའམ། དང་བའི་སེམས་དང་ལྡན་པས་མཐོང་ཡང་རུང་སྟེ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་དེ་དག་གི་ནད་ཐམས་ཅད་མེད་པར་འགྱུར་ཡང་སྐྱབས་ཞེས་བྱ་བའི་སྨན་ནི་མི་རྟོག་།རྣམ་པར་མི་རྟོག་སྟེ། མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་ལྷུན་ གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་དེའི་བྱ་བ་དེ་ལྟ་བུ་དེ་འབྱུང་ངོ ། །འཇམ་དཔལ་དེ་བཞིན་དུ་གནོད་སེམས་ཀྱི་སེམས་དང་ལྡན་པའམ། དང་བའི་སེམས་དང་ལྡན་པ་གང་གིས་དེ་བཞིན་གཤེགས་པའི་སྐུ་རི་མོར་བྲིས་པའམ། གཟུགས་སུ་བྱས་པ་མཐོང་ན་ཐ་ན་དུད་འགྲོའི་སྐྱེ་གནས་སུ་ སོང་བ་ཡང་རུང་སྟེ། དེ་དག་གིས་ཉོན་མོངས་པའི་ནད་ཐམས་ཅད་མེད་པར་འགྱུར་ཡང་དེ་བཞིན་གཤེགས་པ་ནི་མི་རྟོག་།རྣམ་པར་མི་རྟོག་སྟེ། མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་བྱ་བ་དེ་ལྟ་བུ་དེ་འབྱུང་ངོ ། །འཇམ་དཔལ་དཔེར་ན་ཉི་
61-1-138a
མའི་དཀྱིལ་འཁོར་རྒྱ་མཚོ་ཆེན་པོ་ལས་མངོན་པར་འཕགས་ཏེ། ནམ་མཁའི་སྤྱོད་ཡུལ་ལ་གནས་ནས་འོད་ཟེར་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་བཏང་བས་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཡུལ་འཁོར་དང ། རྒྱལ་པོའི་ ཕོ་བྲང་འཁོར་ཐམས་ཅད་དུ་མཐོང་བ་སྦྱིན་པར་བྱེད་ཅིང་མུན་པ་སེལ་བར་བྱེད། འདམ་རྫབ་དང ། རྙོག་པ་ཐམས་ཅད་སྐེམས་པར་བྱེད། པད་མ་རྣམས་ཀྱང་ཁ་འབྱེ་བར་བྱེད། རྩཝ་དང ། ཤིང་གེལ་པ་དང ། སྨན་དང ། ནགས་ཚལ་ཐམས་ཅད་ཀྱང་སྐྱེ་བར་བྱེད། སྨན་ཐམས་ཅད་ ཀྱང་ཡོངས་སུ་སྨིན་པར་བྱེད། ལས་ཀྱི་གནས་ཐམས་ཅད་ནི་གནས་པར་བྱེད་ལ། ཆུ་ཀླུང་དང ། མཚེའུ་དང ། མཚོ་བྲན་ཐམས་ཅད་ལ་ཡང་དུས་གཅིག་ཏུ་སྣང་བ་ཐོབ་པར་འགྱུར་ཡང་གནས་ལས་ཀྱང་མི་གཡོ་ཞིང་འཇམ་དཔལ་ཉི་མའི་དཀྱིལ་འཁོར་ནི་མི་རྟོག་།རྣམ་པར་མི་རྟོག་སྟེ། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་དེའི་བྱ་བ་དེ་ལྟ་བུ་དེ་རྟག་ཏུ་འབྱུང་ངོ ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྲིད་པའི་རྒྱ་མཚོ་ལས་མངོན་པར་འཕགས་ཏེ། ཆོས་ ཀྱི་དབྱིངས་ཀྱི་ནམ་མཁའི་སྤྱོད་ཡུལ་ལ་གནས་ནས་ཡེ་ཤེས་ཀྱི་འོད་ཟེར་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་བཏང་བས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་སྣང་བ་སྦྱིན་པར་མཛད་ཅིང་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་མུན་ནག་དང ། རབ་རིབ་དང ། ལིང་ཏོག་ རྣམས་རྣམ་པར་སེལ་བར་མཛད། ཉོན་མོངས་པའི་འདམ་རྫབ་དང ། རྙོག་པ་ཐམས་ཅད་སྐེམས་པར་མཛད། ཡུན་རིང་པོ་ནས་གཉིད་ཀྱིས་ལོག་པའི་སེམས་ཅན་གྱི་ཁམས་ནི་སད་པར་མཛད། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ནི་སྐྱེ་བར་མཛད། སེམས་ ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བའི་ཚོགས་ཐམས་ཅད་ནི་ཡོངས་སུ་སྨིན་པར་མཛད། དགེ་བའི་རྩ་བའི་སྒོ་ཐམས་ཅད་ནི་རབ་ཏུ་འཇོག་པར་མཛད་དེ། དུས་གཅིག་ཏུ་དེའི་མཛད་པ་ཐམས་ཅད་འབྱུང་ཡང་གནས་ནས་ཀྱང་མི་གཡོ་ཞིང་འཇམ་དཔལ་དེ་བཞིན་གཤེགས་པ་ནི་མི་རྟོག་རྣམ་
61-1-138b
པར་མི་རྟོག་སྟེ། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་དེའི་མཛད་པ་དེ་ལྟ་བུ་དེ་འབྱུང་ངོ ། །འཇམ་དཔལ་དེ་ལྟར་དེ་བཞིན་གཤེགས་པའི་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་གནས་རྣམས་ཀྱང་དགེ་ བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ལས་འབྱུང་ངོ ། །འཇམ་དཔལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་ཅིང་དཔྱོད་པ་ལ་མཁས་པར་འགྱུར་ཏེ། དེ་ཆོས་རྣམས་ལ་འདི་ལྟར་དཔྱོད་དོ། །མིག་ནི་གཟུགས་ཀྱི་དམིགས་ པའི་རྒྱུ་མ་ཡིན། གཟུགས་ཀྱང་མིག་གི་དམིགས་པའི་རྒྱུ་མ་ཡིན་ལ་དམིགས་པའི་རྒྱུ་རྐྱེན་ཉིད་ཀྱིས་ཀྱང་རྣམ་པར་ཤེས་པ་འབྱུང་སྟེ། རྣམ་པར་ཤེས་པ་དེ་ཡང་མིག་ལས་ཀྱང་མ་བྱུང ། གཟུགས་ལས་ཀྱང་མ་བྱུང་ཞིང་རྣམ་པར་ཤེས་པ་དེ་ནི་བྱུང་ནས་ཞིག་ལ་ཞུ་ཞིང་མི་གནས་པའོ། ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་ཀྱང་དེ་བཞིན་ནོ། །ཡིད་ཀྱང་ཆོས་ཀྱི་རྐྱེན་མ་ཡིན་ཞིང་ཆོས་ཀྱང་ཡིད་ཀྱི་རྐྱེན་མ་ཡིན་ལ། དམིགས་པའི་རྒྱུ་རྐྱེན་ཉིད་ཀྱིས་ཀྱང་རྣམ་པར་ཤེས་པ་འབྱུང་སྟེ། རྣམ་པར་ཤེས་པ་དེ་ནི་ཡིད་ལས་ཀྱང་མ་བྱུང ། ཆོས་རྣམས་ལས་ཀྱང་མ་བྱུང་ཞིང ། ཡིད་ཀྱི་རྣམ་པར་ཤེས་པ་དེ་ནི་བྱུང་ནས་ཞིག་ལ་ཞུ་ཞིང་མི་གནས་པའོ། །དེ་བཞིན་དུ་དགེ་བའི་རྩ་བ་ཡང་བྱང་ཆུབ་ཀྱི་རྐྱེན་མ་ཡིན། བྱང་ཆུབ་ཀྱང་དགེ་བའི་རྩ་བའི་རྐྱེན་མ་ཡིན་མོད་ཀྱི། དགེ་བའི་རྩ་བ་དེ་ཡང་བྱང་ཆུབ་ཀྱི་རྐྱེན་ལ་དམིགས་པ་ལས་སེམས་སྐྱེ་བ་རྣམས་ཀྱིས་སྐྱེ་སྟེ། དེ་དག་ ཀྱང་སྐྱེས་ནས་ཞིག་ཅིང་ཞུ་ལ་མི་གནས་པའོ། །དེ་ལ་སེམས་གང་གིས་དགེ་བའི་རྩ་བ་མངོན་པར་འདུས་བྱས་པ་དང ། སེམས་གང་གིས་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་དེ་གཉིས་ནི་ཕན་ཚུན་མི་སྦྱོར་རོ། །དཔེར་ན་མེ་ནི་གང་ནས་ཀྱང་མི་འོང་གང་དུ་ཡང་མི་འགྲོ་སྟེ། འོན་ཀྱང་རྒྱུ་དང་ རྐྱེན་གྱིས་འབར་རོ། །འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་མེ་འབར་བ་ཡང་གང་ནས་ཀྱང་མི་འོང་གང་དུ་ཡང་མི་འགྲོ་སྟེ། འོན་ཀྱང་དགེ་བའི་རྩ་བའི་རྒྱུ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་མེ་འབར་ཏེ། ཤེས་པ་དེ་ལྟ་བུ་དང་ལྡན་པ་དེ་ནི་མྱུར་དུ་
61-1-139a
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །འཇམ་དཔལ་དེ་ལྟར་ན་དགེ་བའི་བཤེས་གཉེན་རྣམས་ནི་ཡོན་ཏན་རྒྱ་མཚོ་ཚད་མེད་པ་ཡིན་ནོ། །འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཕྱོགས་བཅུའི་ འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དང་བཅས། ཉན་ཐོས་དང་བཅས་པ་རྣམས་ལ་རྟག་པར་ཉིན་གཅིག་བཞིན་དུ་ཞལ་ཟས་རོ་བརྒྱ་དང་ལྡན་པ་དང ། ལྷའི་ན་བཟའ་དག་ཕུལ་ལ། དེ་ལྟར་འབུལ་བ་བསྐལ་པ་གང་གཱའི་ ཀླུང་གི་བྱེ་མ་སྙེད་དག་ཏུ་ཕུལ་ཞིང་དེ་བཞིན་གཤེགས་པ་དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་དེ་བཞིན་གཤེགས་པའི་རེ་རེའི་ཕྱིར་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་རེ་རེར་ཡང་མཆོད་རྟེན་འཛམ་བུའི་ཆུ་བོའི་གསེར་ལས་བྱས་པ་ནོར་བུ་ རིན་པོ་ཆེ་གློག་གི་སྒྲོན་མས་སྤྲས་པ། ནོར་བུ་རིན་པོ་ཆེ་འོད་ཐམས་ཅད་བསྡུས་པའི་སྟེགས་བུས་ཡོངས་སུ་བསྐོར་བ། ནོར་བུ་དང ། མུ་ཏིག་དང ། རིན་པོ་ཆེའི་ཕྲེང་བས་མཛེས་པར་བྱས་པ། གདུགས་དང ། རྒྱལ་མཚན་དང ། བ་དན་བསྒྲེང་བ། དྲིལ་བུ་གཡེར་ཀའི་དྲ་བའི་བླ་རེ་ བྲེས་པ། ཙན་དན་སྦྲུལ་གྱི་སྙིང་པོའི་བྱུག་པས་བྱུགས་པ། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་དྲ་བས་ཁེབས་པར་བྱས་པ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་བྱས་ཏེ། མཆོད་རྟེན་དེ་དག་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་ཚད་ཙམ་གྱི་ལྷའི་ན་བཟའ་དག་ དང ། གདུགས་ཀྱི་སྤྲིན་དག་དང ། རྒྱལ་མཚན་གྱི་སྤྲིན་དག་དང ། བ་དན་གྱི་སྤྲིན་དག་དང ། མེ་ཏོག་གི་སྤྲིན་དག་དང ། སྤོས་ཀྱི་སྤྲིན་དག་དང ། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་སྤྲིན་དག་དང ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་སྤྲིན་དག་གིས་གཏོར། མངོན་པར་གཏོར་ལ་ ཉིན་གཅིག་བཞིན། དེ་ལྟར་མཆོད་ཅིང་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་མཆོད་ལ། སེམས་ཅན་གཞན་དཔག་ཏུ་མེད་གྲངས་མེད་པ་དག་ཀྱང་མཆོད་པ་དེ་ཉིད་ལ་འགོད་པ་བས་འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་གིས་དེ་བཞིན་གཤེགས་པའི་ཡོན་ཏན་
61-1-139b
དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་ལ་ཐ་ན་མོས་པར་བྱེད་ན་འདི་ཉིད་དེ་བས་བསོད་ནམས་ཆེས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་ནི་ཕ་རོལ་ཏུ་ཕྱིན་པ་བྱེ་བ་ཁྲག་ཁྲིག་འབུམ་ ཕྲག་དཔག་ཏུ་མེད་གྲངས་མེད་པ་དག་ཡོངས་སུ་རྫོགས་པར་བྱེད་དོ། །ས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་པ་དག་གནོན་ཏོ། །བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་པ་དག་ཕྱིར་སྙིལ་བར་བྱེད་དོ། །སངས་རྒྱས་ཀྱི་རྣམ་པར་རོལ་པ་བྱེ་བ་ཁྲག་ ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་པ་དག་རབ་ཏུ་ཤེས་སོ། །ང་རྒྱལ་གྱི་རི་དཔག་ཏུ་མེད་གྲངས་མེད་པ་དག་རྣམ་པར་འཇིག་པར་བྱེད་དོ། །ཕྲག་དོག་དང་སེར་སྣའི་རྒྱལ་མཚན་དཔག་ཏུ་མེད་གྲངས་མེད་པ་དག་སྙོལ་བར་བྱེད་དོ། །སྲིད་པའི་ཆུ་ཀླུང་དཔག་ཏུ་མེད་གྲངས་མེད་པ་དག་ སྐེམས་པར་བྱེད་དོ། །སྐྱེ་བའི་རྒྱ་མཚོ་དཔག་ཏུ་མེད་གྲངས་མེད་པ་དག་ལས་རྒལ་བར་བྱེད་དོ། །བདུད་ཀྱི་ཞགས་པ་དཔག་ཏུ་མེད་གྲངས་མེད་པ་དག་གཅོད་དོ། །ཉི་ཟླ་རྣམས་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་རྣམས་ཀྱི་གཟི་བརྗིད་ཟིལ་གྱིས་མནན་ཏེ་ འདུག་གོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ། །སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། ཡི་དགས་དང ། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་སྐྱབས་སུ་འགྱུར་རོ། །སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་ རྣམས་དང་ཡང་ཕྲད་པར་འགྱུར་རོ། །རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །ཆོས་ཐམས་ཅད་ཡང་དག་པར་འདུ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །ཆོས་ཐམས་ཅད་ལ་དབང་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །རྣམ་པར་བཀོད་པ་ཞེས་ བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །རིན་པོ་ཆེ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །དགའ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །པད་མ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །ནམ་མཁའ་མཛོད་ཅེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །
61-1-140a
འཇིག་རྟེན་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །དམ་པའི་ཆོས་པད་མ་དཀར་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །ཡུལ་ལ་དབང་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །ཆེར་བསྒྱིངས་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་ བོ། །རྣམ་པ་དང་སེམས་ལ་དབང་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །སེང་གེ་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །ཉི་མའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །མཐའ་ཡས་འཁྱིལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །རབ་ཏུ་གཡོ་བའི་ རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །རྡོ་རྗེའི་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །རྡོ་རྗེ་ལྟེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། ། ས་འཛིན་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །ལྷུན་པོ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །ལྷུན་པོ་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །རིན་པོ་ཆེའི་མཛོད་ཅེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །སེམས་ལ་དབང་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ ཀྱང་འཐོབ་བོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ལ་དབང་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །སྤྱོད་པ་ཐམས་ཅད་ཀྱི་ཡུལ་ལ་ངེས་པར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །སྦྱོར་བ་ཟབ་ཅིང་གསང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །སྣ་ཚོགས་ སྣང་བའི་སྤོབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །བལྟར་མི་མཐོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །ཆོས་ཐམས་ཅད་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །མངོན་པར་ཤེས་པ་ ཐམས་ཅད་ལས་ངེས་པར་སྐྱེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །བདུད་ཀྱི་དཀྱིལ་འཁོར་རྣམ་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །གཟུགས་ཐམས་ཅད་ཀུན་ཏུ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །གཟུགས་ཐམས་ཅད་ཀྱི་ཁྱད་པར་ཞེས་བྱ་བའི་
61-1-140b
ཏིང་ངེ་འཛིན་ཀྱང་འཐོབ་བོ། །ལུས་རྣམ་པར་འཇིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །སྤྱོད་པ་ཐམས་ཅད་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །ཤེས་རབ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །མངོན་སུམ་དུ་བྱང་ཆུབ་སྣང་བ་ཞེས་བྱ་བའི་ཏིང་ངེ་ འཛིན་ཀྱང་འཐོབ་བོ། །སོ་སོ་ཡང་དག་པར་རིག་པ་རིན་པོ་ཆེ་བསྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །ཡོན་ཏན་གྱི་རྣམ་པ་ཐམས་ཅད་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །ཆོས་ཐམས་ཅད་འདུལ་བར་རྣམ་པར་ངེས་པར་བསྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ ཀྱང་འཐོབ་བོ། །རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་བོ། །ཟབ་ཅིང་བརྟན་པའི་རྒྱ་མཚོའི་ཆུའི་དུས་རླབས་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་སྟེ། དེ་དག་ལ་སོགས་པའི་ ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་དག་འཐོབ་བོ། །སངས་རྒྱས་ཀྱི་སྐུ་དང་ཁ་དོག་མཐའ་ཡས་པ་ཡོངས་སུ་འགྲུབ་པ་སྒྲུབ་པའི་གཟུངས་ཀྱང་འཐོབ་བོ། །ཡེ་ཤེས་དང་ལྡན་པ་ཞེས་བྱ་བའི་གཟུངས་ཀྱང་འཐོབ་བོ། །སྒྲ་དབྱངས་རྣམ་པར་དག་པ་ཞེས་བྱ་བའི་གཟུངས་ཀྱང་ འཐོབ་བོ། །མི་ཟད་པའི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་ཀྱང་འཐོབ་བོ། །མཐའ་ཡས་འཁྱིལ་པ་ཞེས་བྱ་བའི་གཟུངས་ཀྱང་འཐོབ་བོ། །རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་གཟུངས་ཀྱང་འཐོབ་བོ། །པད་མ་བཀོད་པ་ཞེས་བྱ་བའི་གཟུངས་ཀྱང་འཐོབ་བོ། །ཆགས་པ་མེད་པའི་སྒོར་འཇུག་པ་ཞེས་བྱ་ བའི་གཟུངས་ཀྱང་འཐོབ་བོ། །སོ་སོ་ཡང་དག་པར་རིག་པ་རྣམ་པར་ངེས་པ་ལ་འཇུག་པ་ཞེས་བྱ་བའི་གཟུངས་ཀྱང་འཐོབ་བོ། །སངས་རྒྱས་ཀྱི་རྒྱན་གྱིས་བྱིན་གྱིས་བརླབས་པ་ཞེས་བྱ་བའི་གཟུངས་ཀྱང་འཐོབ་བོ། །སངས་རྒྱས་ཀྱི་སྐུ་དང ། ཁ་དོག་མཐའ་ཡས་ཡོངས་སུ་འགྲུབ་པ་ཞེས་བྱ་ བའི་གཟུངས་ཀྱང་འཐོབ་སྟེ། དེ་དག་ལ་སོགས་པ་གཟུངས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་དག་ཀྱང་འཐོབ་བོ། །ཆོས་ཐམས་ཅད་ལ་སྤྱོད་པའི་ཁྱད་པར་ཉིད་ཀྱང་འཐོབ་བོ། །ཆོས་ཐམས་ཅད་ལ་གཞན་ལ་རག་མ་ལས་པའི་ཤེས་པ་ཡང་འཐོབ་བོ། །ཆོས་ཐམས་ཅད་ལ་
61-1-141a
སོམ་ཉི་གཅོད་པ་ཉིད་ཀྱང་འཐོབ་བོ། །སངས་རྒྱས་ཀྱི་རྣམ་པར་རོལ་པ་སྟོང་ཕྲག་གྲངས་མེད་པ་དག་ཀྱང་འཐོབ་བོ། །སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་བྱེ་བྲག་ལ་མཁས་པ་ཡང་འཐོབ་བོ། །འཇམ་དཔལ་དཔེར་ན་རིའི་རྒྱལ་པོ་རི་རབ་ནི་རི་ཐམས་ཅད་ཟིལ་གྱིས་ གནོན་ནས་ལམ་མེ། ལྷན་ནེ་ལྷང་ངེའོ། །འཇམ་དཔལ་དེ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ཟིལ་གྱིས་གནོན་ནས་ལམ་མེ་ལྷན་ནེ་ལྷང་ངེའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔས་གང་དག་ལ་མོས་པས་ཡོན་ཏན་གྱི་ཁྱད་པར་འདི་དག་དང་གཞན་དག་ཀྱང་འཐོབ་པའི་ཆོས་ཀྱི་བྱེ་བྲག་གཞན་དག་ཀྱང་ཡོད་དམ། དེ་སྐད་ཅེས་སྨྲས་ པ་དང ། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་དག་ལ་མོས་ན། ཡོན་ཏན་གྱི་ཁྱད་པར་འདི་དག་དང ། གཞན་དཔག་ཏུ་མེད་པ་དག་ཀྱང་འཐོབ་པའི་ཆོས་ ལྔ་པོ་འདི་དག་སྟེ། ལྔ་གང་ཞེ་ན། ཆོས་ཐམས་ཅད་གཉེན་པོ་མེད་པ་དང ། མ་སྐྱེས་པ་དང ། མ་འགགས་པ་དང ། བརྗོད་དུ་མེད་པར་མོས་པ་དང ། རྟག་ཏུ་རྒྱུན་མི་འཆད་པར་སྐད་ཅིག་སྐད་ཅིག་ལ་དེ་བཞིན་གཤེགས་པའི་སྤྱོད་པ་དང་སྤྱོད་ལམ་ལ་འཇུག་པའི་གནས་འཛམ་བུའི་ གླིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་ལས་ཀྱང་ལྷག་པ་དག་ལ་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པར་འཇུག་པར་མོས་པ་དང ། སེང་གེ་བྲན་བཟངས་ཀྱི་བུའི་རྟོགས་པ་བརྗོད་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། བསྐལ་པ་གང་གཱའི་ཀླུང་གི་བྱེ་ མ་སྙེད་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། མཛད་པར་མོས་པ་དང ། མར་མེ་མཛད་ཀྱིས་ལུང་བསྟན་པ་ནས་བཟུང་སྟེ། མངོན་པར་རྫོགས་པར་བྱང་ཆུབ་པའི་བར་དེར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་གང་ཡིན་པ་དེ་ཐམས་ཅད་སངས་རྒྱས་ཀྱི་
61-1-141b
ཡུལ་གྱི་མཐས་ཀླས་པའི་བསྐལ་པ་ནས་མངོན་པར་རྫོགས་པར་སངས་རྒྱས་ནས་བསྟན་པ་ཡིན་པར་མོས་པ་དང ། ཤཱཀྱ་ཐུབ་པས་བསྟན་པས་སེམས་ཅན་ཡོངས་སུ་སྨིན་པར་བྱས་པ་གང་ཡིན་པ་དེ། སངས་རྒྱས་ཀྱི་ཡུལ་གྱི་མཐས་ཀླས་པའི་བསྐལ་པ་ནས། བཅོམ་ལྡན་འདས་ ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ནས་མཛད་པ་ཡིན་པར་མོས་པ་སྟེ། འཇམ་དཔལ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔས་གང་དག་ལ་མོས་པས་ཡོན་ཏན་གྱི་ཁྱད་པར་འདི་དག་དང ། གཞན་དཔག་ཏུ་མེད་པ་དག་ཀྱང་འཐོབ་པ་ཡིན་ནོ། །འཇམ་དཔལ་ རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་དགྲ་བཅོམ་པ་མངོན་པར་ཤེས་པ་དྲུག་དང་ལྡན་པ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་རྣམས་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་དང ། ལྷའི་གོས་ དག་བྱིན་ཏེ། དེ་ལྟར་བྱིན་པ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་བྱིན་པ་བས་འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་རང་སངས་རྒྱས་གཅིག་ལ་ཉི་མ་གཅིག་ཟས་བྱིན་ན། དེ་ནི་དེ་བས་བསོད་ནམས་ཆེས་གྲངས་མེད་པར་སྐྱེད་དོ། །འཇམ་ དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཇིག་རྟེན་གྱི་ཁམས་རེ་རེར་ཡང་གཙུག་ལག་ཁང་འཛམ་བུའི་ཆུ་བོའི་གསེར་ལས་བྱས་པ། ནོར་བུ་རིན་པོ་ཆེ་གློག་གི་སྒྲོན་མས་སྤྲས་པ། ནོར་བུ་རིན་པོ་ཆེ་འོད་ཐམས་ཅད་བསྡུས་པའི་སྟེགས་བུས་ཡོངས་སུ་ བསྐོར་བ། ནོར་བུ་དང ། མུ་ཏིག་དང ། རིན་པོ་ཆེའི་ཕྲེང་བས་མཛེས་པར་བྱས་པ། གདུགས་དང ། རྒྱལ་མཚན་དང ། བ་དན་བསྒྲེང་བ། དྲིལ་བུ་གཡེར་ཀའི་དྲ་བའི་བླ་རེ་བྲེས་པ། ཙན་དན་སྦྲུལ་གྱི་སྙིང་པོའི་བྱུག་པས་བྱུགས་པ། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་ པོས་ཁེབས་པར་བྱས་པ། རྒྱ་མཚོ་ན་གནས་པའི་རིན་པོ་ཆེ་རྣམ་པར་དག་པ་བཀོད་པ་ཀུན་ནས་འོད་ཟེར་སྣང་བའི་ནོར་བུ་རིན་པོ་ཆེའི་ཀ་བ་མང་པོས་དཀྲིགས་པ། ནོར་བུ་རིན་པོ་ཆེ་སེང་གེ་རལ་པ་ཞེས་བྱ་བའི་སྤང་ལེབ་བྲེས་པ། ནོར་བུ་རིན་པོ་ཆེ་སེང་གེ་རྒྱལ་མཚན་གྱི་རྩེ་
61-1-142a
མོ་ལས་བྱས་པའི་སྒོ་གང་དང ། རྟ་བབས་དང ། སྐར་ཁུང་གིས་བརྒྱན་པ། དར་གྱི་ལྡ་ལྡི་མང་པོས་བྲེས་པ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་བྱས་ཏེ། རང་སངས་རྒྱས་ཀྱི་གནས་སྟོང་ཕྲག་གྲངས་མེད་པ་དག་དང ། རང་སངས་རྒྱས་དེ་དག་ལ་ཉིན་གཅིག་བཞིན་ལྷའི་ཟས་རོ་བརྒྱ་དང་ལྡན་པ་དང ། ལྷའི་གོས་དག་ཀྱང་བྱིན་ཞིང་དེ་ལྟར་བྱིན་པ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་བྱིན་པ་བས་འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་སངས་རྒྱས་ ཞེའམ། འཇིག་རྟེན་གྱི་མགོན་པོ་ཞེའམ། དེ་བཞིན་གཤེགས་པ་ཞེའམ། ཐམས་ཅད་མཁྱེན་པ་ཞེས་བྱ་བའི་སྒྲ་ཐོས་ན་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་ན་གང་གིས་དེ་བཞིན་གཤེགས་པའི་སྐུ་རི་མོར་བྲིས་པའམ། གཟུགས་སུ་བྱས་པ་ མཐོང་བ་ལྟ་ཅི་སྨོས་ཏེ། འདི་ཉིད་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །གང་གིས་མར་མེ་ཕུལ་བའམ། བདུག་པའམ། སྤོས་སམ། མེ་ཏོག་དག་གམ། རོལ་མོའི་སྒྲའམ། མཆོད་པ་སྣ་ཚོགས་གཞན་དག་བྱེད་པ་ལྟ་ཅི་སྨོས་ཏེ། འདི་ཉིད་ དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །གང་གིས་དེ་བཞིན་གཤེགས་པའི་ཕྱིར་ཉི་མ་གཅིག་བསླབ་པ་གཅིག་བསྲུང་བ་ལྟ་ཅི་སྨོས་ཏེ། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་དང་བཅས་པ། ཉན་ཐོས་དང་བཅས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་སྙེད་རྣམས་ལས་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་དང ། ལྷའི་ན་བཟའ་དག་ཀྱང་ འབུལ་ལ། དེ་ལྟར་འབུལ་བ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་འབུལ་ཞིང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དེ་བཞིན་གཤེགས་པ་རེ་རེའི་ཕྱིར་མཆོད་རྟེན་ཚད་གླིང་བཞི་པ་ཙམ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཡོན་
61-1-142b
ཏན་ཐམས་ཅད་ཡོངས་སུ་རྫོགས་པ་དང་ལྡན་པ་དང ། འཛམ་བུའི་ཆུ་བོའི་གསེར་ལས་བྱས་པ། ནོར་བུ་རིན་པོ་ཆེ་གློག་གི་སྒྲོན་མས་སྤྲས་པ། ནོར་བུ་རིན་པོ་ཆེ་འོད་ཐམས་ཅད་བསྡུས་པའི་སྟེགས་བུས་ཡོངས་སུ་བསྐོར་བ། ནོར་བུ་དང ། མུ་ཏིག་དང ། རིན་པོ་ ཆེའི་ཕྲེང་བས་མཛེས་པར་བྱས་པ། གདུགས་དང ། རྒྱལ་མཚན་དང ། བ་དན་བསྒྲེང་བ། དྲིལ་བུ་གཡེར་ཀའི་དྲ་བའི་བླ་རེ་བྲེས་པ། ཙན་དན་སྦྲུལ་གྱི་སྙིང་པོའི་བྱུག་པས་བྱུགས་པ། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་དྲ་བས་གཡོགས་པ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ ཐམས་ཅད་ཀྱི་རྡུལ་སྙེད་དག་བྱས་ཏེ། མཆོད་རྟེན་དེ་དག་ལ་ཉིན་གཅིག་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་ཚད་ཙམ་གྱི་ལྷའི་གོས་དག་དང ། གདུགས་ཀྱི་སྤྲིན་དག་དང ། རྒྱལ་མཚན་གྱི་སྤྲིན་དག་དང ། བ་དན་གྱི་སྤྲིན་དག་དང ། མེ་ཏོག་གི་སྤྲིན་དག་དང ། སྤོས་ཀྱི་སྤྲིན་ དག་དང ། རིན་པོ་ཆེའི་སྤྲིན་དག་དང ། རོལ་མོའི་སྒྲའི་སྤྲིན་དག་དང ། རྒྱན་གྱི་སྤྲིན་དག་དང ། སེང་གེ་རྒྱལ་མཚན་གྱི་རྩེ་མོའི་ཟླ་བའི་སྤྲིན་དག་དང་ལྷའི་སིལ་སྙན་དང ། ཕེག་རྡོབ་པ་དང ། གླུ་དབྱངས་ཀྱི་སྒྲའི་སྤྲིན་རྣམས་ཀྱིས་གཏོར། མངོན་པར་གཏོར་ལ་ཆོས་ཀྱི་རྣམ་ གྲངས་འདི་ལ་མོས་པ་བས་འཇམ་དཔལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞན་གང་ཞིག་དེ་བཞིན་གཤེགས་པའི་ཡོན་ཏན་དང ། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་ཤིང་ཐ་ན་དུད་འགྲོའི་སྐྱེ་གནས་ སུ་སོང་བའི་སེམས་ཅན་གཅིག་ལ་ཟན་ཁམ་གཅིག་བྱིན་ན་འདི་ཉིད་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་དཔལ་མདོ་སྡེ་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས། མདོ་འདི་ལས་ཇི་སྐད་སྨོས་པའི་དེ་བཞིན་གཤེགས་པ་རྣམས་ ལ་མཆོད་པ་བྱེད་པ་བས། བྱང་ཆུབ་སེམས་དཔའ་མདོ་འདི་ཉིད་ལ་མོས་པ་གཞན་གང་ཞིག་གིས་མདོ་འདི་ཉིད་ལ་མོས་པའི་བྱང་ཆུབ་སེམས་དཔའ་གཞན་ཞིག་མཐོང་ནས་བྱང་ཆུབ་སེམས་དཔའ་འདི་ནི་མདོ་འདི་ཉིད་ལ་མོས་པའོ་སྙམ་སྟེ་དགའ་བ་དང ། མཆོག་ཏུ་དགའ་བ་
61-1-143a
ཆེན་པོ་རྙེད་ལ། དེ་སེམས་དང་བས་ལངས་ཏེ། དེ་ལ་ཐལ་མོ་སྦྱར་ནས་ཕྱག་འཚལ་ཏེ། ཅི་ནུས་ཅི་ལྕོགས་སུ་དེ་ལ་ཡོངས་སུ་བཟུང་བ་བྱས་ན། འདི་ཉིད་དེ་བས་ཆེས་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་འགྱུར་བའི་བསོད་ནམས་གྲངས་མེད་པ་སྐྱེད་དོ། ། འཇམ་དཔལ་དེ་ལྟ་བས་ན་སངས་རྒྱས་ཀྱི་ཡེ་ཤེས་འདོད་པའི་བྱང་ཆུབ་སེམས་དཔས་ཆོས་ཀྱི་རྣམ་གྲངས་འདི་མཉན་པའི་ཕྱིར་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཀྱང་རྒལ་ཏེ་འགྲོ་བར་བྱའོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ ལ་ལ་ཞིག་གིས་བསྐལ་པ་བྱེ་བ་སྟོང་ཕྲག་བརྒྱད་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སྤྱད་པ་བས། འཇམ་དཔལ་བྱང་ཆུབ་སེམས་དཔའ་གཞན་གང་ཞིག་དེ་བཞིན་གཤེགས་པ་ནི་རྟག་པའོ་སྙམ་དུ་མོས་པར་བྱེད་ན་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ། །འཇམ་ དཔལ་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས་སངས་རྒྱས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ལ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་དང ། ལྷའི་ན་བཟའ་དག་ཉིན་གཅིག་བཞིན་དུ་འབུལ་ཞིང ། དེ་ལྟར་འབུལ་བ་བསྐལ་པ་གང་ གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་འབུལ་བ་བས། འཇམ་དཔལ་བྱང་ཆུབ་སེམས་དཔའ་གཞན་གང་ཞིག་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་ངོ་ མཚར་དུ་འཛིན་པར་གྱུར་ནས། ཁྱོད་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པ་ལེགས་སོ་ལེགས་སོ། །ཁྱོད་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བའི་འོས་ཡིན་ནོ་ཞེས་བསམ་པ་ཐག་པ་ནས་ལེགས་སོ་ཞེས་བྱ་བ་བྱིན་ལ། ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ གསང་བའི་གནས་རྣམས་སུ་ཞུགས་ལ་ཆོས་ཀྱི་འཁོར་ལོ་སྐོར་ཅིག་ཅེས་བྱས་ན། འཇམ་དཔལ་བྱང་ཆུབ་སེམས་དཔའ་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་འཕེལ་ཏེ། བསོད་ནམས་མངོན་པར་འདུ་བྱ་བ་འདི་ལ་སྦྱིན་པ་ལས་བྱུང་བའི་བསོད་ནམས་སྔ་མ་དེས་
61-1-143b
བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་སྟོང་གི་ཆ་དང ། འབུམ་གྱི་ཆ་དང ། བྱེ་བའི་ཆ་དང ། བྱེ་བ་བརྒྱའི་ཆ་དང ། བྱེ་བ་སྟོང་གི་ཆ་དང ། བྱེ་བ་འབུམ་གྱི་ཆ་དང ། བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་ཆ་དང ། གྲངས་དང ། ཆ་དང ། བགྲང་བ་དང ། དཔེ་དང ། ཟླ་དང ། རྒྱུར་ ཡང་མི་བཟོད་དོ། །བཅོམ་ལྡན་འདས་ཀྱིས་གནང་སྟེ། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་དེ་སྐད་ཅེས་སྨྲས་ནས། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་དང ། བྱང་ཆུབ་སེམས་དཔའ་དེ་དག་དང ། ཉན་ཐོས་ཆེན་ པོ་དེ་དག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ་་།།འཕགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་ འཇུག་པ་སྟོན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ་་།།རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང ། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།