rKTs


D196

(e-text produced by ADARSHA)

see text in transliteration
61-1-266b
༄##། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་བི་ཧ་ར་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་གནས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་ གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང ། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཡང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཕྱེམ་རེད་ ཀྱི་དུས་ཀྱི་ཚེ་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་འཁོར་མང་པོས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་འཆག་ཅིང་དགེ་སློང་ལྔ་བརྒྱ་པོ་ཐམས་ཅད་ཀྱི་གནས་ཁང་ནས་གནས་ཁང་དུ་བྱུང་སྟེ། གནས་བརྟན་ ཤཱ་རིའི་བུའི་གནས་ཁང་ག་ལ་བ་དེར་སོང་སྟེ་ཕྱིན་ནས། འཇམ་དཔལ་གཞོན་ནུར་གྱུར་པས་གནས་བརྟན་ཤཱ་རིའི་བུ་གཅིག་པུ་དབེན་པར་འདུག་སྟེ་ནང་དུ་ཡང་དག་བཞག་ནས་བསམ་གཏན་བྱེད་པར་མཐོང་ངོ ། །མཐོང་ནས་ཀྱང་གནས་བརྟན་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། ། བཙུན་པ་ཤཱ་རིའི་བུ་ཁྱོད་བསམ་གཏན་བྱེད་དམ། སྨྲས་པ། འཇམ་དཔལ་དེ་བཞིན་ནོ། །འཇམ་དཔལ་གྱིས་སྨྲས་པ། ཅི་བཙུན་པ་ཤཱ་རིའི་བུ་ཁྱོད་ཉོན་མོངས་པ་སྤངས་པ་རྣམས་སྤང་བའི་ཕྱིར་བསམ་གཏན་བྱེད་དམ། འོན་ཏེ་མ་སྤངས་པ་རྣམས་སྤང་བའི་ཕྱིར་བསམ་གཏན་བྱེད་ དམ། ཅི་བཙུན་པ་ཤཱ་རིའི་བུ་ཁྱོད་འདས་པ་ལ་གནས་ཏེ་བསམ་གཏན་བྱེད་དམ། འོན་ཏེ་མ་འོངས་པ་ལ་གནས་ཏེ་བསམ་གཏན་བྱེད་དམ། འོན་ཏེ་ད་ལྟར་བྱུང་བ་ལ་གནས་ཏེ་བསམ་གཏན་བྱེད། ཅི་བཙུན་པ་ཤཱ་རིའི་བུ་ཁྱོད་གཟུགས་ལ་གནས་ཏེ་བསམ་གཏན་བྱེད་དམ། འོན་ཏེ་ ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་གནས་ཏེ་བསམ་གཏན་བྱེད། ཅི་བཙུན་པ་ཤཱ་རིའི་བུ་ཁྱོད་མིག་ལ་གནས་ཏེ་བསམ་གཏན་བྱེད་དམ། འོན་ཏེ་རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ལ་གནས་ཏེ་བསམ་གཏན་བྱེད། ཅི་བཙུན་པ་ཤཱ་རིའི་
61-1-267a
བུ་ཁྱོད་གཟུགས་ལ་གནས་ཏེ་བསམ་གཏན་བྱེད་དམ། འོན་ཏེ་སྒྲ་དང ། དྲི་དང ། རོ་དང ། རེག་བྱ་དང ། ཆོས་རྣམས་ལ་གནས་ཏེ་བསམ་གཏན་བྱེད། ཅི་བཙུན་པ་ཤཱ་རིའི་བུ་ཁྱོད་འདོད་པའི་ཁམས་ལ་གནས་ཏེ་བསམ་གཏན་བྱེད་དམ། འོན་ཏེ་གཟུགས་ཀྱི་ཁམས་ དང ། གཟུགས་མེད་པའི་ཁམས་ལ་གནས་ཏེ་བསམ་གཏན་བྱེད། ཅི་བཙུན་པ་ཤཱ་རིའི་བུ་ཁྱོད་ནང་ལ་གནས་ཏེ་བསམ་གཏན་བྱེད་དམ། འོན་ཏེ་ཕྱི་རོལ་ལ་གནས་ཏེ་བསམ་གཏན་བྱེད་དམ། འོན་ཏེ་ཕྱི་ནང་ལ་གནས་ཏེ་བསམ་གཏན་བྱེད། ཅི་བཙུན་པ་ཤཱ་རིའི་བུ་ཁྱོད་ལུས་ལ་ གནས་ཏེ་བསམ་གཏན་བྱེད་དམ། འོན་ཏེ་སེམས་ལ་གནས་ཏེ་བསམ་གཏན་བྱེད། ཤཱ་རིའི་བུས་སྨྲས་པ། འཇམ་དཔལ་འདི་ལྟར་ཚེ་འདི་ལ་བདེ་བར་གནས་པར་བྱ་བ་དང ། བརྗེད་པ་མེད་པར་གནས་པར་བྱ་བའི་ཕྱིར་ཏེ་དེ་ལྟ་བུའི་ཕྱིར་བསམ་གཏན་བྱེད་དོ། །འཇམ་དཔལ་གྱིས་ སྨྲས་པ། བཙུན་པ་ཤཱ་རིའི་བུ་ཆོས་གང་དག་ཚེ་འདི་ལ་བདེ་བར་གནས་པའམ། ཚེ་འདི་མ་ཡིན་པ་ལ་བདེ་བར་གནས་པའམ། བརྗེད་པ་མེད་པའི་ཆོས་དེ་དག་དམིགས་སམ། ཤཱ་རིའི་བུས་སྨྲས་པ། འཇམ་དཔལ་བདག་གིས་ཆོས་གང་དག་ཚེ་འདི་ལ་བདེ་བར་གནས་པའམ། ཚེ་འདི་མ་ཡིན་པ་ལ་བདེ་བར་གནས་པའི་ཆོས་དེ་དག་ཡང་དག་པར་རྗེས་སུ་མི་མཐོང་ཞིང་མི་དམིགས་མོད་ཀྱི། འོན་ཀྱང་འཇམ་དཔལ་དེ་བཞིན་གཤེགས་པས་ཉན་ཐོས་རྣམས་ལ་རབ་ཏུ་དབེན་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་བདག་རྟེན་ཅིང་གནས་སོ། །འཇམ་དཔལ་ གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་གང་དེ་བཞིན་གཤེགས་པས་ཉན་ཐོས་རྣམས་ལ་རབ་ཏུ་དབེན་པའི་ཆོས་སུ་གསུངས་པ་གང་ཡིན། བཙུན་པ་ཤཱ་རིའི་བུ་གང་ལ་རྟེན་ཅིང་གནས། ཤཱ་རིའི་བུས་སྨྲས་པ། འཇམ་དཔལ་འདི་ལ་དགེ་སློང་ནི་འདས་པ་ལ་རྟེན་ཅིང་གནས་སོ། ། མ་འོངས་པ་ལ་རྟེན་ཅིང་གནས་སོ། །ད་ལྟར་བྱུང་བ་ལ་རྟེན་ཅིང་གནས་སོ། །དེ་བཞིན་དུ་སྦྱར་ཏེ། སེམས་ཀྱི་བར་ལ་རྟེན་ཅིང་གནས་པར་ཁོང་དུ་ཆུད་པར་བྱ་སྟེ། འཇམ་དཔལ་ཆོས་དེ་དག་ནི་དེ་བཞིན་གཤེགས་པས་ཉན་ཐོས་རྣམས་ལ་རབ་ཏུ་དབེན་པར་གསུངས་པ་ཡིན་ཏེ། བདག་
61-1-267b
ཆོས་དེ་དག་ལ་རྟེན་ཅིང་གནས་སོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་གང་གི་ཕྱིར་འདི་སྐད་ཅེས་འདས་པ་ལ་རྟེན་ཅིང་གནས། མ་འོངས་པ་ལ་རྟེན་ཅིང་གནས། ད་ལྟར་བྱུང་བ་ལ་རྟེན་ཅིང་རབ་ཏུ་དབེན་པ་ལ་གནས་པ་ནས་དེ་བཞིན་དུ་སྦྱར་ཏེ། སེམས་ཀྱི་བར་ལ་རྟེན་ ཅིང་རབ་ཏུ་དབེན་པ་ལ་གནས་ཞེས་སྨྲ། བཙུན་པ་ཤཱ་རིའི་བུ་འདི་ལྟ་སྟེ། གང་འདས་པའི་དེ་བཞིན་ཉིད་དེ་ཡང་ཡོད་པ་མ་ཡིན། གང་མ་འོངས་པའི་དེ་བཞིན་ཉིད་དེ་ཡང་ཡོད་པ་མ་ཡིན། གང་ད་ལྟར་བྱུང་བའི་དེ་བཞིན་ཉིད་དེ་ཡང་ཡོད་པ་མ་ཡིན་ཏེ། དེ་ལྟར་ཆོས་དེ་དག་ནི་ཡོད་པ་ མ་ཡིན་ན། ཇི་ལྟར་གནས་བརྟན་ཤཱ་རིའི་བུ་དེ་འདི་སྐད་ཅེས་འདས་པ་ལ་རྟེན་ཅིང་གནས། མ་འོངས་པ་ལ་རྟེན་ཅིང་གནས། ད་ལྟར་བྱུང་བ་ལ་རྟེན་ཅིང་གནས་ཞེས་སྨྲ། ཡོད་པ་མ་ཡིན་པའི་ཆོས་ལ་ནི་གནས་པ་མེད་དོ། །ཡང་བཙུན་པ་ཤཱ་རིའི་བུ་འདས་པའི་དེ་བཞིན་ཉིད་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཅི་ཡང་མ་ཡིན།གང་གིས་ཀྱང་མ་ཡིན། གང་གི་ཡང་མ་ཡིན། གང་ལ་ཡང་མི་གནས་ཏེ། གང་མི་གནས་པ་དེའི་གནས་དམིགས་སུ་མེད་དོ། །ཡང་བཙུན་པ་ཤཱ་རིའི་བུ་གང་འདས་པ་དང ། མ་འོངས་པ་ དང ། ད་ལྟར་བྱུང་བའི་དེ་བཞིན་ཉིད་ཅེས་བརྗོད་ཅིང་ཀུན་ཏུ་གནས་ནས་སྨྲ་བ་དེ་དག་ནི་དེ་བཞིན་གཤེགས་པ་ལ་སྐུར་བ་འདེབས་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་ཉིད་ནི་གཡོ་བ་མེད་པ་རློམ་སེམས་མེད་པའོ། །འདི་ལྟར་དེ་བཞིན་ཉིད་ནི་ཉམས་པ་མེད་པའོ། །འདི་ལྟར་ དེ་བཞིན་ཉིད་ནི་སྟོང་པའོ། །མཚན་མ་མེད་པའོ། །སྨོན་པ་མེད་པའོ། །ཡང་བཙུན་པ་ཤཱ་རིའི་བུ་གང་འདས་པའི་དེ་བཞིན་ཉིད་དེ་ཡང་དམིགས་སུ་མེད། གང་མ་འོངས་པའི་དེ་བཞིན་ཉིད་དེ་ཡང་དམིགས་སུ་མེད། གང་ད་ལྟར་བྱུང་བའི་དེ་བཞིན་ཉིད་དེ་ཡང་དམིགས་ སུ་མེད་པ་ནས་དེ་བཞིན་དུ་སྦྱར་ཏེ། སེམས་ཀྱི་བར་གྱི་དེ་བཞིན་ཉིད་དེ་ཡང་དམིགས་སུ་མེད་དོ། །འོན་ཀྱང་བཙུན་པ་ཤཱ་རིའི་བུ་དེ་བཞིན་ཉིད་མ་གཏོགས་པར་གང་བསྟན་པའམ། རབ་ཏུ་བཤད་པར་ནུས་པའི་ཆོས་གཞན་གང་ཡང་མི་དམིགས་སོ། །ཤཱ་རིའི་བུས་སྨྲས་
61-1-268a
པ། ་འཇམ་དཔལ་དེ་བཞིན་གཤེགས་པ་དེ་བཞིན་ཉིད་ལ་བཞུགས་ནས་ཆོས་སྟོན་ཏམ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་ཉིད་ཡོད་པ་མ་ཡིན་ན། ཇི་ལྟར་དེ་བཞིན་གཤེགས་པ་དེ་བཞིན་ཉིད་ལ་བཞུགས་ཏེ་ཆོས་སྟོན། བཙུན་ པ་ཤཱ་རིའི་བུ་ཆོས་ཀྱང་ཡོད་པ་མ་ཡིན་ན། ཇི་ལྟར་དེ་བཞིན་གཤེགས་པ་དེ་བཞིན་ཉིད་ལ་བཞུགས་ཏེ་ཆོས་སྟོན། དེ་བཞིན་གཤེགས་པ་ཡང་ཡོད་པ་མ་ཡིན་ན། ཇི་ལྟར་དེ་བཞིན་གཤེགས་པ་དེ་བཞིན་ཉིད་ལ་བཞུགས་ཏེ་ཆོས་སྟོན། ཆོས་ཐམས་ཅད་ཀྱང་ཡོད་པ་མ་ཡིན་ཏེ་ དམིགས་སུ་མེད། དེ་བཞིན་གཤེགས་པ་ཡང་ཡོད་པ་མ་ཡིན་ཏེ་དམིགས་སུ་མེད་དོ། །དེའི་ཆོས་བསྟན་པ་ན་འདི་འདྲ་སྟེ། འདི་ལ་དམིགས་པའམ་མི་དམིགས་པ་གཉིས་ཀྱིས་རབ་ཏུ་ཕྱེ་བ་མེད་དོ། །དེ་བཞིན་གཤེགས་པ་ནི་བརྗོད་པའམ་མི་བརྗོད་པས་རབ་ཏུ་ཕྱེ་བ་མ་ཡིན་ ནོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་ཤཱ་རིའི་བུ་འདི་ལྟར་དེ་བཞིན་གཤེགས་པ་ནི་བརྗོད་པ་ཡང་དག་པར་ཆད་པ། བཏགས་པ་མེད་པ། གདགས་པར་བྱ་བ་མ་ཡིན་པའོ། །ཤཱ་རིའི་བུས་སྨྲས་པ། འཇམ་དཔལ་སུ་ཞིག་ཆོས་བསྟན་པ་འདི་ལྟ་བུ་འདིའི་སྣོད་དུ་འགྱུར། འཇམ་ དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་གང་འདུས་བྱས་ཀྱི་ཁམས་རྣམ་པར་འཁྲུགས་པར་མི་འགྱུར་ཞིང་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པར་ཡང་མི་འགྱུར་བ་དེ་ནི་ཆོས་བསྟན་པ་འདི་ལྟ་བུ་འདིའི་སྣོད་དུ་འགྱུར་རོ། །གང་འདས་པའི་ཆོས་རྣམས་མི་དམིགས་ཤིང་འདས་པའི་ཆོས་ རྣམས་ཀུན་ཤེས་པར་མི་འགྱུར་བ་དང ། གང་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་ཆོས་རྣམས་མི་དམིགས་ཤིང་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་ཆོས་རྣམས་ཀུན་ཤེས་པར་མི་འགྱུར་བ་དེ་ཆོས་བསྟན་པ་འདི་ལྟ་བུ་འདིའི་སྣོད་དུ་འགྱུར་རོ། །གང་ ཀུན་ནས་ཉོན་མོངས་པ་དང ། རྣམ་པར་བྱང་བ་མི་མཐོང་ཞིང་དེ་ཉེ་བར་ལེན་པར་ཡང་མི་འགྱུར་བ་དེ་ཆོས་བསྟན་པ་འདི་ལྟ་བུ་འདིའི་སྣོད་དུ་འགྱུར་རོ། །གང་བདག་དང་བདག་མེད་པར་ཡང་སྤྱོད་པར་མི་འགྱུར་བ་དང ། གང་ལེན་པ་དང ། འདོར་བར་ཡང་སྤྱོད་པར་ཡང་མི་འགྱུར་བ་དེ་ཆོས་
61-1-268b
བསྟན་པ་འདི་ལྟ་བུ་འདིའི་སྣོད་དུ་འགྱུར་ཏེ། དེ་ནི་བཤད་པ་འདིའི་དོན་ཀུན་ཤེས་པར་འགྱུར་རོ། །ཤཱ་རིའི་བུས་སྨྲས་པ། འཇམ་དཔལ་འདི་ལ་ཅི་ཞིག་ཀུན་ཤེས་པར་འགྱུར། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་བཤད་པ་འདིའི་དོན་ཤེས་པར་འགྱུར་བ་ཅི་ཞིག་ཡོད་ན། འདི་ལ་ཅི་ཞིག་ཀུན་ཤེས་པར་འགྱུར་ཞེས་དེ་སྐད་འདྲི། ཤཱ་རིའི་བུས་སྨྲས་པ། འཇམ་དཔལ་ཆོས་ཟབ་མོ་བསྟན་པ་འདི་མངོན་སུམ་དུ་འགྱུར་བ་ཉུང ། འདི་ནི་ཡོངས་སུ་འཛིན་པར་འགྱུར་བ་ཉུང་ངོ ། །འཇམ་དཔལ་དགྲ་བཅོམ་པ་དང ། སློབ་པ་དང ། མི་སློབ་པ་རྣམས་ཀྱང་ས་ཕྱོགས་ འདི་ལ་སྒྱིད་ལུག་པར་འགྱུར་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལྟ་ཅི་སྨོས། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་དགྲ་བཅོམ་པ་རྣམས་ལ་ནི་ས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དགྲ་བཅོམ་པ་ཡང་མེད་ན་ས་གང་ལ་དགྲ་བཅོམ་པ་གནས་པར་འགྱུར། དགྲ་བཅོམ་པ་དག་ནི་ གནས་མེད་པས་རབ་ཏུ་ཕྱེ་བའོ། །དགྲ་བཅོམ་པ་དག་ནི་དམིགས་སུ་མེད་པས་རབ་ཏུ་ཕྱེ་བའོ། །དགྲ་བཅོམ་པ་དག་ནི་བརྗོད་པ་དང ། མི་བརྗོད་པ་ཤིན་ཏུ་ཆད་པས་རབ་ཏུ་ཕྱེ་བའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དགྲ་བཅོམ་པ་དག་ནི་བརྗོད་པ་དང ། མི་བརྗོད་པ་ཡང་དག་པར་ཆད་པ་ སྟེ་བཏགས་པ་མེད་པའོ། །དགྲ་བཅོམ་པ་དག་ནི་སར་དབྱེ་བ་དག་དང་བྲལ་བ། འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ། འཇུག་པ་མེད་པ། འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་སྟེ། དགྲ་བཅོམ་པ་དག་ནི་འདུས་མ་བྱས་པ་གནས་པ་མེད་པ་ཡིན་ན་ཅི་ཞིག་དགྲ་བཅོམ་པ་དག་གི་སར་ འགྱུར། དགྲ་བཅོམ་པ་དག་ནི་མིང་དང་གཟུགས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་ནོ། །བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་མིང་དང་གཟུགས་ལ་རྣམ་པར་རྟོག་གོ། །མིང་དང་གཟུགས་དེ་ཡང་རྟོག་པ་མེད་ཅིང་རྣམ་པར་རྟོག་པ་མེད་པར་དགྲ་བཅོམ་པ་རྣམས་ཀྱིས་ཤེས་ཏེ། དེའི་ཕྱིར་ དགྲ་བཅོམ་པ་དག་ནི་མིང་དང་གཟུགས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་ནོ། །བྱིས་པ་རྣམས་ཀྱང་མི་དམིགས། བྱིས་པའི་ཆོས་དང ། དགྲ་བཅོམ་པ་དང ། དགྲ་བཅོམ་པའི་ཆོས་རྣམས་ཀྱང་མི་དམིགས་སོ། །ནམ་མི་དམིགས་པ་དེའི་ཚེ་ན་མི་རྟོག་གོ། །ཀུན་ཏུ་མི་སྤྱོད་
61-1-269a
དོ། །དེ་སྤྱོད་པ་མེད། སྤྲོས་པ་མེད་ཅིང་ཉེ་བར་ཞི་བ་སྟེ། ཡོད་དོ་ཞེས་ཁས་མི་ལེན། མེད་དོ་ཞེས་ཁས་མི་ལེན། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་དོ་ཞེས་ཁས་མི་ལེན། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ཞེས་དེ་སྐད་ཀྱང་ཁས་མི་ལེན་ཏོ། །ནམ་ ཁས་མི་ལེན་པ་དེ་ན་དམིགས་པ་མེད་དོ། །དེ་དམིགས་པ་ཐམས་ཅད་དང་བྲལ་བས་སེམས་མེད་ཅིང་སེམས་དང་བྲལ་ཏེ་གནས་མེད་པའི་ཚུལ་གྱིས་དགེ་སྦྱོང་གི་ཆོས་ལ་གནས་པ་ཞེས་བྱའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བསྟན་པ་འདི་བཤད་པ་ན་འཁོར་ དེའི་དགེ་སློང་ལྔ་བརྒྱ་པོ་སྟན་ལས་ལངས་ནས་འདི་སྐད་ཅེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་མི་བལྟའོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་མི་མཉན་ཏོ། །འཇམ་དཔལ་གཞོན་ནུར་གྱུར་པ་ཕྱོགས་གང་ན་གནས་པའི་ཕྱོགས་དེ་ཡང་སྤང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ ལྟར་འཇམ་དཔལ་གཞོན་ནུར་གྱུར་པ་ནི་སྟོན་པ་མངོན་སུམ་དུ་གྱུར་བཞིན་དུ་ཀུན་ནས་ཉོན་མོངས་པ་དང ། རྣམ་པར་བྱང་བ་མཚན་ཉིད་གཅིག་ཏུ་སྟོན་པས་ཆོས་མ་ཡིན་པ་སྨྲའོ་ཞེས་བརྗོད་ནས་དེ་དག་ཡང་འདི་སྙམ་དུ་སེམས་ཏེ། བདག་ཅག་ཇི་ལྟར་བཅོམ་ལྡན་འདས་ཀྱིས་ལེགས་པར་ གསུངས་པའི་ཆོས་འདུལ་བ་ལ་ཚངས་པར་སྤྱོད་པ་སྤྱད་སྙམ་ནས་དོང་ངོ ། །དེ་ནས་གནས་བརྟན་ཤཱ་རིའི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་འདི་ལྟར་སེམས་ཅན་རྣམས་ཀྱིས་ཆོས་ཀུན་ཤེས་པར་འགྱུར་བར་བྱ་བའི་ཕྱིར་ཆོས་མི་སྟོན་ ཏམ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་ནོ། །ཤཱ་རིའི་བུས་སྨྲས་པ། དགེ་སློང་ལྔ་བརྒྱ་པོ་དེ་དག་སྟན་ལས་ལངས་ཏེ་འཕྱ་སྨོད། མི་སྙན་པར་ཟེར་ཞིང་དོང་ངོ ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་གང་གི་ཕྱིར་དགེ་སློང་ལྔ་བརྒྱ་པོ་ དེ་དག་འདི་སྐད་ཅེས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་མི་བལྟའོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་མི་མཉན་ཏོ། །འཇམ་དཔལ་གཞོན་ནུར་གྱུར་པ་གང་ན་གནས་པའི་ས་ཕྱོགས་དེ་ཡང་སྤང་བར་བྱའོ་ཞེས་ཟེར་བ་དེ་ནི་ལེགས་སོ་ལེགས་སོ། །ཤཱ་རིའི་བུ་དགེ་
61-1-269b
སློང་དེ་དག་གི་ཚིག་དེ་ནི་ལེགས་པར་སྨྲས་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འཇམ་དཔལ་གཞོན་ནུར་གྱུར་པ་ནི་ཡོད་པ་མ་ཡིན་ཏེ་དམིགས་སུ་མེད་དོ། །གང་ཡོད་པ་མ་ཡིན་ཏེ་དམིགས་སུ་མེད་པ་དེ་ལ་བལྟ་བ་དང་མཉན་པར་མི་ནུས་སོ། །འཇམ་དཔལ་གཞོན་ནུར་གྱུར་པ་ ཕྱོགས་གང་ན་གནས་པའི་ཕྱོགས་དེ་ཡང་སྤང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་གཞོན་ནུར་གྱུར་པ་ཡོད་པ་མ་ཡིན་ཏེ་དམིགས་སུ་མེད་པས་གང་དེའི་གནས་ཀྱང་ཡོད་པ་མ་ཡིན་ཏེ་དམིགས་སུ་མེད་དོ། །གང་ཡོད་པ་མ་ཡིན་ཏེ་དམིགས་སུ་མེད་པ་དེ་ནི་བསྟེན་པར་ བྱ་བ་མ་ཡིན་ནོ། །དེ་ནས་དགེ་སློང་ལྔ་བརྒྱ་པོ་དེ་དག་འཇམ་དཔལ་གཞོན་ནུར་གྱུར་པས་བསྟན་པ་འདི་ཐོས་པ་དང ། སླར་ས་ཕྱོགས་དེར་ལོག་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བདག་ཅག་ནི་ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་ལྟར་ མི་ཤེས་སོ། །འཇམ་དཔལ་གྱིས་སྨྲས་པ། དགེ་སློང་དག་ལེགས་སོ་ལེགས་སོ། །དེ་ལྟ་བུ་ནི་སྟོན་པའི་ཉན་ཐོས་རྣམས་ཀྱི་བྱ་བ་སྟེ། དགེ་སློང་དག་འདི་ལ་ནི་ཀུན་ཤེས་པར་བྱ་བ་མེད། རྣམ་པར་ཤེས་པར་བྱ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཀྱི་དབྱིངས་འདི་ནི་གནས་མེད་པའི་ཚུལ་གྱིས་གནས་པ་ ཉིད་དོ། །ཆོས་ཀྱི་དབྱིངས་གང་ཡིན་པ་དེ་དབྱིངས་མ་ཡིན་ནོ། །དེ་ནི་ཡོད་པ་མ་ཡིན་ཏེ་དམིགས་སུ་མེད་ཅིང་གཡོ་བ་མེད་ལ་འཆི་འཕོ་མེད་དོ། །གང་གཡོ་བ་མེད་ཅིང་འཆི་འཕོ་མེད་པ་དེ་ཀུན་ཤེས་པར་བྱ་བ་མ་ཡིན། རྣམ་པར་ཤེས་པར་བྱ་བ་མ་ཡིན་ནོ། །གང་ ཀུན་ཤེས་པར་བྱ་བ་དང ། རྣམ་པར་ཤེས་པར་བྱ་བའི་རློམ་སེམས་མེད་པ་དེ་ནི་སྟོན་པའི་ཉན་ཐོས་ཞེས་བྱ། མཆོག་ཐོབ་པ་ཞེས་བྱ། གཙོ་བོ་ཞེས་བྱ། སྦྱིན་གནས་ཞེས་བྱའོ། །བསྟན་པ་འདི་བཤད་པ་ན་དགེ་སློང་ལྔ་བརྒྱ་པོ་དེ་དག་ལས་དགེ་སློང་བཞི་བརྒྱ་ནི་ལེན་པ་མེད་ པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་བརྒྱ་ནི་སེམས་ཆེར་འཁྲུགས་ནས་ལུས་དེ་ཉིད་དང་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་དུ་ལྷུང་ངོ ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་
61-1-270a
དཔལ་ཁྱོད་སེམས་ཅན་རྗེས་སུ་བསྲུང་བའི་ཆོས་མི་སྟོན་པས་དགེ་སློང་བརྒྱ་པོ་དེ་དག་ཆུད་ཟོས་ཏེ་ངོ་མཚར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནས་བརྟན་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་ཁྱོད་དེ་སྐད་མ་ཟེར་ཅིག་།དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དགེ་སློང་བརྒྱ་པོ་དེ་དག་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་དུ་རེག་པ་ཐང་ཅིག་རེག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །ཤཱ་རིའི་བུ་གལ་ཏེ་དགེ་སློང་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས་སུ་ཟིན་ན་དེ་དག་གདོན་མི་ཟ་བར་ སེམས་ཅན་དམྱལ་བར་འགྲོ་བར་འགྱུར་ཏེ། ལས་དེ་ཟད་ནས་མིར་སྐྱེ་བར་འགྱུར་བ་ཞིག་ན་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་བརྟེན་པས་བསྐལ་པར་སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཡང་ཅུང་ཟད་ཅིག་མྱོང་བར་བྱས་སོ། །ཤཱ་རིའི་བུ་དེའི་ཕྱིར་དགེ་སློང་བརྒྱ་ པོ་དེ་དག་དེ་བཞིན་གཤེགས་པ་བྱམས་པའི་ཉན་ཐོས་ཐོག་མ་འདུས་པར་དགྲ་བཅོམ་པ་ཟག་པ་ཟད་པར་འགྱུར་རོ། །ཤཱ་རིའི་བུ་དེ་ལྟ་བས་ན་ཆོས་ཀྱི་རྣམ་གྲངས་འདི་སོམ་ཉི་དང་བཅས་པས་ཐོས་པ་ནི་དམ་པ་ཡིན་གྱི། བསམ་གཏན་བཞི་ལ་སྙོམས་པར་ཞུགས་པས་ནི་དེ་ལྟ་ མ་ཡིན། ཚད་མེད་པ་བཞིས་ནི་དེ་ལྟ་མ་ཡིན། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བསྒོམས་པས་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་དེ་མ་ཐོས་པར་འཁོར་བ་ལས་ཡོངས་སུ་མ་གྲོལ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་ བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུགས་པ་རྣམས་ལས་ཡོངས་སུ་མ་གྲོལ་ཞེས་བཤད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་འདི་ ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་བཤད་པ་ངོ་མཚར་ཏོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་ཉིད་ནི་འབྲི་བ་མ་ཡིན། འཕེལ་བ་མ་ཡིན་ནོ། །ཆོས་ཀྱི་དབྱིངས་ཀྱང་འབྲི་བ་མ་ཡིན། འཕེལ་
61-1-270b
བ་ཡང་མ་ཡིན་ནོ། །སེམས་ཅན་གྱི་ཁམས་ཀྱང་འབྲི་བ་མ་ཡིན།འཕེལ་བ་མ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་ཡོད་པ་མ་ཡིན་ཞིང་དམིགས་སུ་མེད་དེ་ཐ་སྙད་ཙམ་དུ་ཟད་པས་ཅི་ཡང་མ་ཡིན། གང་ གིས་ཀྱང་མ་ཡིན། གང་གི་ཡང་མ་ཡིན། གང་ལ་ཡང་མི་གནས་ཏེ་གནས་པ་མེད་དོ། །བཙུན་པ་ཤཱ་རིའི་བུ་གང་འདི་ལྟ་བུའི་མི་འགག་པ་དེ་ནི་བྱང་ཆུབ་པོ། །བྱང་ཆུབ་གང་ཡིན་པ་དེ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་རྣམ་པར་མི་རྟོག་པའོ། །གང་རྣམ་པར་མི་རྟོག་པ་ དེ་ནི་མི་བྱེད་ཅིང་འགྱུར་བ་མེད་དོ། །གང་མི་བྱེད་ཅིང་འགྱུར་བ་མེད་པ་དེ་ནི་ཡོངས་སུ་མྱ་ངན་ལས་འདས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནས་བརྟན་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འཇམ་དཔལ་གཞོན་ནུར་གྱུར་པས་ཇི་སྐད་བསྟན་པ་དེ་བཞིན་ཏེ། དེ་ བཞིན་ཉིད་ནི་འབྲི་བ་མ་ཡིན། འཕེལ་བ་མ་ཡིན་ནོ། །ཆོས་ཀྱི་དབྱིངས་ཀྱང་འབྲི་བ་མ་ཡིན། འཕེལ་བ་མ་ཡིན་ནོ། །སེམས་ཅན་གྱི་ཁམས་ཀྱང་འབྲི་བ་མ་ཡིན། འཕེལ་བ་མ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཡོད་པ་མ་ཡིན་ཞིང་དམིགས་སུ་མེད་དེ་ཐ་སྙད་ཙམ་དུ་ཟད་པས་ཅི་ཡང་མ་ཡིན། གང་གིས་ཀྱང་མ་ཡིན། གང་ལའང་མི་གནས་ཏེ་གནས་པ་མེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །འདས་པ་དག་དང་མ་འོངས་ དང ། །ད་ལྟར་བྱུང་ཆོས་བརྗོད་པ་ནི། །དོན་གྱིས་མ་ཡིན་ཐ་སྙད་ཙམ། །གཅིག་དང་སྣ་ཚོགས་མཚན་ཉིད་མིན། །མཚན་ཉིད་མེད་པར་གང་རྟོག་པ། །དེ་དག་ཉིད་ནི་མཚན་ཉིད་འགྱུར། །མཚན་ཉིད་མེད་ལ་རྟོག་པ་མེད། །རྟོག་པ་ཉིད་ཀྱང་མཚན་ཉིད་མིན། །འདུས་ མ་བྱས་ལ་གང་རྟོག་དང ། །མྱ་ངན་འདས་ལ་གང་རྟོག་པ། །གཉི་ག་བདུད་ཀྱི་ལས་ཡིན་ཞེས། །དེ་ནི་མཁས་པ་རྣམས་ཀྱིས་བཤད། །ཕུང་པོ་སྐྱེ་མཆེད་ཁམས་ཀྱི་རྣམས། །དེ་དག་མིང་གིས་བརྗོད་པ་སྟེ། །མིང་དང་སྐྱེ་མཆེད་གང་ཡིན་པ། །དེ་གཉིས་མཚན་ཉིད་གཅིག་
61-1-271a
པ་ཡིན། །ཚུལ་བཞིན་ལ་ནི་གང་རྟོག་པ། །དེ་ཉིད་ཚུལ་བཞིན་མ་ཡིན་ནོ། །མཁས་པ་ཅུང་ཟད་མི་རྟོག་སྟེ། །སྟོང་པ་ཇི་བཞིན་སྤྱོད་ཡུལ་ལོ། །གང་དག་རྟོག་པ་དེ་དག་གཡོ། །རྟོག་པ་མེད་པ་གཡོ་བ་མེད། །རྟོག་པ་རྣམས་ནི་གཡོ་བར་འགྱུར། ། རྟོག་པ་མེད་པ་མྱ་ངན་འདའ། །གང་གིས་རང་བཞིན་འདི་ཤེས་པ། །དེ་ནི་ཡེ་ཤེས་ལྡན་ཞེས་བྱ། །དེ་ཕྱིར་ཟག་པ་རྗེས་སུ་ཐོབ། །དེ་ནི་རྟོག་མེད་ཡེ་ཤེས་སོ། །ཡེ་ཤེས་ཀྱིས་ནི་ཡེ་ཤེས་བརྗོད། །ཡེ་ཤེས་བརྗོད་པ་རྣམས་ཀྱང་གསོག་།ཡེ་ཤེས་འདི་ལྟར་གང་བཟོད་པ། ། དེ་ནི་ཡེ་ཤེས་ལྡན་ཞེས་བྱ། །གང་གིས་སྟོང་གསུམ་འདི་དག་རྣམས། །རིན་ཆེན་བཀང་སྟེ་བྱིན་པ་བས། །གང་གིས་དམ་ཆོས་འདི་འདྲ་ལ། །བཟོད་པ་དེ་ནི་བཟོད་པ་མཆོག་།བསྐལ་པ་བྱེ་བ་བསམ་ཡས་སུ། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང ། །བརྩོན་འགྲུས་ བསམ་གཏན་བསྙེན་པས་ནི། །མདོ་སྡེ་འདི་དང་མཚུངས་མ་ཡིན། །ཆོས་འདི་དང་ནི་ཐེག་པ་འདི། །ཡང་དག་རྫོགས་པའི་སངས་རྒྱས་གསུངས། །མདོ་སྡེ་འདི་ལ་བརྟེན་བྱས་ན། །ཐམས་ཅད་དེ་བཞིན་གཤེགས་པར་འགྱུར། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་སྲོག་ ཆགས་འབུམ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་ཞིང་དྲི་མ་མེད་པར་རྣམ་པར་དག་གོ། །དགེ་སློང་ལྔ་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །གཟུགས་ན་སྤྱོད་པའི་ལྷའི་བུ་བརྒྱད་ཁྲི་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ སེམས་བསྐྱེད་ནས་དེ་དག་ཐམས་ཅད་བསྐལ་པ་སྐར་མ་ལྟ་བུ་ཞེས་བྱ་བ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་དག་ཐམས་ཅད་ཀྱང་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ ཅེས་བྱ་བར་མིང་འཐུན་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་
61-1-271b
རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ་་།།འཕགས་པ་འཇམ་དཔལ་གནས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ་་།།རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང ། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ ཕབ་པ།། ་་