rKTs


D306

(e-text produced by ADARSHA)

see text in transliteration
72-1-131b
༄##། །རྒྱ་གར་སྐད་དུ། བི་མུཀྟ་མཱརྒ་དྷུ་ཏགུ་ཎ་ནི་རྡེ་ཤ་ནཱ་མ། བོད་སྐད་དུ། རྣམ་པར་གྲོལ་བའི་ལམ་ལས་སྦྱངས་པའི་ཡོན་ཏན་བསྟན་པ་ཞེས་བྱ་བ།འཇམ་དཔལ་གཞོན་ནུར་ གྱུར་པ་ལ་ཕྱག་འཚལ་ལོ། །དེ་ནས་དེ་ལྟར་ཚུལ་ཁྲིམས་རྣམ་པར་དག་པའི་རྣལ་འབྱོར་པ་སྤྱོད་པ་སྒྲུབ་པར་འདོད་པ། ཡོན་ཏན་དོན་དུ་གཉེར་བས་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་ཏེ་འཇུག་པར་བྱའོ། །རྣལ་འབྱོར་སྤྱོད་པ་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་ པ་ནི་རྣམ་གྲངས་དུ་མས་འདོད་པ་ཆུང་བ་ཉིད་དང ། ཆོག་ཤིས་པ་ཉིད་དང ། ཡོ་བྱད་བསྙུངས་པ་རྒྱས་པ་དང ། བརྩོན་འགྲུས་རྩོམ་པ་དང ། དགང་སླ་བ་ཉིད་དང ། རིག་པར་གནས་པ་ཉིད་དང ། ཡོངས་སུ་ཞེན་པ་རབ་ཏུ་གཅོད་པར་འགྱུར་ཞིང ། འདི་ནི་ཚུལ་ཁྲིམས་ལེགས་ པར་བསྲུངས་པ་དང ། ཏིང་ངེ་འཛིན་གྱི་ཚོགས་དང ། འཕགས་པའི་རིགས་སྣང་བར་འགྱུར་ལ། ཡོན་ཏན་གྱི་མཆོག་ད་ག་ལ་ཡང་སྣང་བར་འགྱུར་རོ། །དེ་ལ་སྦྱངས་པའི་ཡོན་ཏན་བཅུ་གསུམ་ལ་གོས་དང་ལྡན་པ་གཉིས་ཏེ། ཕྱག་དར་ཁྲོད་པ་ཉིད་དང ། ཆོས་གོས་གསུམ་ པ་ཉིད་དོ། །ཟས་དང་ལྡན་པ་ལྔ་སྟེ། བསོད་སྙོམས་པ་ཉིད་དང ། མཐར་ཆགས་སུ་རྒྱུ་བ་ཉིད་དང ། སྟན་གཅིག་པ་ཉིད་དང ། ཟས་ཆོག་པ་པ་ཉིད་དང ། ཟས་ཕྱིས་མི་ལེན་པ་ཉིད་དོ། །གནས་མལ་དང་ལྡན་པ་ལ་ལྔ་སྟེ། དགོན་པ་པ་ཉིད་དང ། ཤིང་དྲུང་པ་ཉིད་དང ། བླ་ གབ་མེད་པ་ཉིད་དང ། དུར་ཁྲོད་པ་ཉིད་དང ། གཞི་ཇི་བཞིན་པ་ཉིད་དོ། །བརྩོན་འགྲུས་དང་ལྡན་པ་གཅིག་སྟེ། ཅོག་པུ་པ་ཉིད་དོ། །དེ་ལ་ཕྱག་ད་ར་ཁྲོདཔའི་ཡན་ལག་གི་ངོ་བོ་ཉིད་ནི་ཕྱག་དར་ཁྲོད་པ་ཉིད་དོ། །ལྷག་མ་རྣམས་ཀྱི་ཚིག་གི་དོན་ཡང་དེ་བཞིན་དུ་བརྗོད་ པར་བྱའོ། །དེ་ལ་ཕྱག་ད་ར་ཁྲོད་པ་ཉིད་ནི་ཁྱིམ་བདག་གིས་གོས་སྤོང་བ་ཡིན་ནོ། །ཆོས་གོས་གསུམ་པ་ཉིད་ནི་གོས་བཞི་པ་སྤོང་བ་ཡིན་ནོ། །བསོད་སྙོམས་པ་ཉིད་ནི་འགྲན་དུ་འགྲོ་བ་སྤོང་བ་ཡིན་ནོ། །མཐར་ཆགས་སུ་རྒྱུ་བ་ཉིད་ནི་བརྙོགས་པར་རྒྱུ་བ་སྤང་བ་ཡིན་ནོ། །སྟན་
72-1-132a
གཅིག་པ་ཉིད་ནི་ལན་གཉིས་སུ་འདུག་པ་སྤོང་བ་ཡིན་ནོ། །ཟས་ཆོག་པ་པ་ཉིད་ནི་ཟས་མང་པོ་སྤོང་བ་ཡིན་ནོ། །ཟས་ཕྱིས་མི་ལེན་པ་ཉིད་ནི་ཟས་ལྷག་པར་ལེན་པ་སྤོང་བ་ཡིན་ནོ། །དགོན་པ་པ་ཉིད་ནི་གྲང་མཐར་གནས་པ་སྤོང་བ་ཡིན་ནོ། ། ཤིང་དྲུང་པ་ཉིད་ནི་གཡོགས་པར་གནས་པ་སྤང་བ་ཡིན་ནོ། །བླ་གབ་མེད་པ་ཉིད་ནི་གཡོགས་པ་དང ། ཤིང་དྲུང་དུ་གནས་པ་སྤང་བ་ཡིན་ནོ། །དུར་ཁྲོད་པ་ཉིད་ནི་གཞན་དུ་གནས་པ་སྤོང་བ་ཡིན་ནོ། །གཞི་ཇི་བཞིན་པ་ཉིད་ནི་བརྐམ་ཆགས་ཀྱི་གནས་མལ་སྤོང་ བ་ཡིན་ནོ། །ཅོག་པུ་པ་ཉིད་ནི་ཉལ་བ་སྤོང་བ་ཡིན་ནོ། །དེ་ལ་ཕྱག་དར་ཁྲོད་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཞེ་ན། ཁྱིམ་བདག་གི་གོས་ཚོལ་བ་ཉིད་དང ། ཡོངས་སུ་འཛིན་པ་དང ། གཞན་ལ་གསོལ་བ་བྱེད་པའི་ཉེས་དམིགས་ཀྱང་མཐོང ། ཕྱག་དར་ཁྲོད་ པ་ཉིད་ཀྱི་ཡོན་ཏན་ཡང་མཐོང་ནས་གོས་ནར་མ་ལ་གནས་པ་འདི་སྐད་དུ། དེང་སླན་ཆད་ཁྱིམ་བདག་གི་གོས་སྤོང་སྟེ། ཕྱག་དར་ཁྲོད་པ་ཉིད་ནི་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་ཕྱག་དར་ཁྲོད་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། གནས་ དམ་བཅས་པ་ཉིད་དང་འཐུན་པ་ཉིད་དང ། གཞན་ལ་རག་མ་ལས་པ་ཉིད་དང ། མ་རུང་ན་མི་འབྱེད་པ་ཉིད་དང ། ཡོངས་སུ་སྤྱོད་པ་ན་ལྷག་པར་མ་ཆགས་པ་ཉིད་དང ། བརྐམ་ཆགས་མེད་པ་ཉིད་དང ། ཆོམ་རྐུན་གྱིས་མི་འཕྲོགས་པ་ཉིད་དང ། དུས་མ་ལགས་པ་ཉིད་ དང ། འབགས་པ་ཆུང་བ་ཉིད་དང ། ཡོ་བྱད་བསྙུངས་པའི་ཚུལ་ཅན་དང ། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང ། དང་བར་བྱེད་པའི་ཡོན་ཏན་དང་ལྡན་པ་ཉིད་དང ། སྐྱེས་བུ་ཕྱི་མས་མཐོང་ནས་རྗེས་སུ་འཇུག་པ་ཉིད་དང ། ཡང་དག་པའི་སྒྲུབ་པ་སྣང་བ་ཉིད་དང ། རྒྱལ་ བས་བསྔགས་པ་སྟེ། དེ་ལྟ་བུ་ལ་སོགས་པ་ནི་ཕྱག་དར་ཁྲོད་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །ཕྱག་དར་ཁྲོད་པ་ཉིད་ནི་རྣམ་པ་དུ་ཞིག་།ཕྱག་དར་ཁྲོད་པ་ནི་གང་ཞིག་ཡིན། གང་གིས་ནི་ཕྱག་དར་ཁྲོད་པ་ཉིད་འཇིག་ཅེ་ན། ཕྱག་དར་ཁྲོད་པ་ནི་རྣམ་པ་གཉིས་ཏེ། བདག་པོ་
72-1-132b
མེད་པ་དང ། རང་བཞིན་གྱིས་མི་རྣམས་ཀྱིས་སྨད་པར་གྲགས་པའོ། །དེ་ལ་ཕྱག་དར་ཁྲོད་དམ། ཕྱག་དར་གྱི་ཕུང་པོའམ། ཚོང་འདུས་སམ། ལམ་པོ་ཆེ་ནས་དམ་དུམ་དག་བཏུས་ནས་སྣམ་སྦྱར་བྱས་ཏེ། འཆང་བ་འདི་ནི་བདག་པོ་མེད་པའི་ཕྱག་དར་ཁྲོད་པ་ཡིན་ནོ། ། ཁ་ཚར་བཅད་པ་དང ། ཕུན་ཚར་བཅད་པ་དང ། བ་ལང་གིས་ཟོས་པ་དང ། བྱི་བས་ཟོས་པ་དང ། མེས་ཚིག་པ་དང ། ཡ་སྟགས་དང ། རོ་བག་གི་གོས་དང ། མུ་སྟེགས་ཅན་གྱི་མཚན་མ་འདི་དག་ནི་རང་བཞིན་གྱིས་མི་རྣམས་ཀྱིས་སྨད་པར་གྲགས་པའི་ཕྱག་ དར་ཁྲོད་པ་ཡིན་ནོ། །ཕྱག་དར་ཁྲོད་པ་ནི་ཁྱིམ་བདག་གི་གོས་སྤོང་བ་ཡིན་ནོ། །ཁྱིམ་བདག་གི་གོས་བླངས་པས་ནི་ཕྱག་དར་ཁྲོད་པ་ཉིད་འཇིག་གོ། །ཆོས་གོས་གསུམ་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཞེ་ན། ཆོས་གོས་ལྷག་པ་ཚོལ་བ་དང ། སྦེད་པ་དང ། རུང་བར་བྱ་བ་དང ། འབགས་པའི་ཉེས་དམིགས་ཀྱང་མཐོང ། ཆོས་གོས་གསུམ་པ་ཉིད་ཀྱི་ཡོན་ཏན་ཡང་མཐོང་ནས། འདི་སྐད་དུ་དེང་སླན་ཆད་གོས་བཞི་པ་སྤོང་སྟེ། ཆོས་གོས་གསུམ་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་ཆོས་ གོས་གསུམ་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། འགོར་ཡང་བའི་ཚུལ་ཅན་ཉིད་དང ། གསོག་འཇོག་ཡོངས་སུ་སྤངས་པ་ཉིད་དང ། ཁུར་ཆུང་བ་ཉིད་དང ། ལུས་འཚོ་བཅོམ་གྱིས་ཆོག་ཤེས་པ་ཉིད་དང་།བྱ་བཞིན་དུ་གང་དགའ་བར་འགྲོ་བ་ཉིད་དང ། སྐྱེས་བུ་དམ་ པའི་སྤྱོད་པ་ཉིད་དང ། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་ཆོས་གོས་གསུམ་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །ཆོས་གོས་གསུ་མ་པ་ཉིད་ནི་ཅི་ཞིག་ཡིན། །ཆོས་གོས་གསུམ་པ་ཉིད་ནི་གང་ཞིག་།གང་གིས་ནི་ཆོས་གོས་གསུམ་པ་ཉིད་འཇིག་ཅེ་ ན། སྣམ་སྦྱར་དང ། བླ་གོས་དང ། མཐང་གོས་ཏེ། འདི་དག་ནི་ཆོས་གོས་གསུམ་པ་དག་ཡིན་ནོ། །ཆོས་གོས་གསུམ་པ་ནི་གོས་བཞི་པ་སྤོང་བ་ཡིན་ནོ། །གོས་བཞི་པ་འཆང་བས་ནི་ཆོས་གོས་གསུམ་པ་ཉིད་འཇིག་གོ། །བསོད་སྙོམས་པ་ཉིད་ཇི་ལྟར་ཡང་དག་པར་ལེན་
72-1-133a
ཅེ་ན། འགྲོན་དུ་སོང་ནས་རང་གི་ལས་ཉམས་པ་དང ། གཞན་གྱི་དབང་དུ་གྱུར་པ་དང ། མི་འཐུན་པ་དང་ཕྲད་པ་དང ། འདུག་ན་ཉམ་ང་བའི་ཉེས་དམིགས་ཀྱང་མཐོང ། བསོད་སྙོམས་པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་དུ་དེང་སླན་ཆད་ འགྲོན་དུ་འགྲོ་བ་སྤོང་སྟེ། བསོད་སྙོམས་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་བསོད་སྙོམས་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། གནས་དམ་བཅས་པ་དང་འཐུན་པ་ཉིད་དང ། རང་དབང་ཡོད་པ་ཉིད་དང ། གཞན་མི་གསོ་བ་ཉིད་ དང ། ལེ་ལོ་མེད་པ་ཉིད་དང ། ང་རྒྱལ་བཅོམ་པ་ཉིད་དང ། སེམས་ཅན་ལ་ཕན་འདོགས་པར་ཞུགས་པ་ཉིད་དང ། རོའི་སྲེད་པ་ལས་ལྡོག་པ་ཉིད་དང ། ཕྱོགས་རྣམས་སུ་ཐོགས་པ་མེད་པ་ཉིད་དང ། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང ། ཡོ་བྱད་བསྙུངས་པའི་ཚུལ་ ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་བསོད་སྙོམས་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །འགྲོན་ཡན་ལག་དུ་པ་ཡིན། །བསོད་སྙོམས་པ་གང་ཡིན། །གང་གིས་ནི་བསོད་སྙོམས་པ་ཉིད་འདི་འཇིག་ཅེ་ན། འགྲོན་ནི་ཡན་ལག་གསུམ་པ་སྟེ། ཟས་རྣམས་ལྟ་གང་ཡང་རུང་བ་ ཞིག་ལ་དེ་རིང་ངམ་སང་ངམ་ནམ་དགའ་བ་ན་འགྲོན་དུ་བོས་པ་ནི་འགྲོན་ཡིན་ནོ། །བསོད་སྙོམས་པ་ནི་འགྲོན་དུ་འགྲོ་བ་སྤོང་བ་ཡིན་ནོ། །འགྲོན་ཁས་ལེན་པས་ནི་བསོད་སྙོམས་པ་ཉིད་འཇིག་གོ། །མཐར་ཆགས་སུ་རྒྱུ་བ་ཉིད་ཇི་ལྟར་ཡང་དག་པར་ལེན་ཅེ་ན། ནར་མར་སྟེར་ བ་ལ་གང་དང་གང་དུ་མང་པོ་དང་གྱ་ནོམ་པ་ནར་མ་རྙེད་པ་དེ་དང་དེ་ཁོ་ནར་འགྲོ་ན་ཟན་ནར་མ་དང་འདྲ་བས་ཡོ་བྱད་བསྙུངས་པ་མ་ཡིན་པའི་ཉེས་དམིགས་ཀྱང་མཐོང ། མཐར་ཆགས་སུ་རྒྱུ་བ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་དུ་དེང་སླན་ཆད་དུ་ནར་མ་སྟེར་བ་སྤོང་སྟེ། མཐར་ཆགས་སུ་རྒྱུ་བ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་མཐར་ཆགས་སུ་རྒྱུ་བ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། སེམས་སྙོམས་པ་ཉིད་དང ། སེམས་ཅན་ལ་སྙིང་བརྩེ་བ་ཉིད་དང ། ཁྱིམ་ལ་སེར་སྣ་སྤོང་བ་ཉིད་དང ། ཁྱིམ་དུ་འགྲོ་བའི་ཉེས་
72-1-133b
དམིགས་མེད་པ་ཉིད་དང ། །འབོད་པ་ལ་མངོན་པར་མི་དགའ་བ་ཉིད་དང ། ཟས་བཟང་པོ་མི་འདམ་པ་ཉིད་དང ། མིའི་འཛིན་པ་ལས་ཡོངས་སུ་གྲོལ་བ་དང ། ལྷན་ཅིག་སྤྱོད་པ་རྣམ་པར་སྤོང་བ་ཉིད་དང ། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་མཐར་ ཆགས་སུ་རྒྱུ་བ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །མཐར་ཆགས་སུ་རྒྱུ་བ་ནི་གང་ཞིག་ཡིན། བརྙོགས་པར་རྒྱུ་བ་གང་གིས་སྤོང ། གང་གིས་ནི་མཐར་ཆགས་སུ་རྒྱུ་བ་ཉིད་འཇིག་ཅེ་ན། །མཐར་གྱིས་རྒྱུ་བའི་བསོད་སྙོམས་སྤྱོད་པ་ན་ཁྱིམ་དང་པོ་ནས་བཟུང་སྟེ་ཁྱིམ་མཐར་ཆགས་སུ་རྒྱུ་ བ་ཡིན་ནོ། །མཐར་ཆགས་སུ་རྒྱུ་བ་ནི་བརྙོགས་པར་རྒྱུ་བ་སྤོང་བ་ཡིན་ནོ། །བརྙོགས་པར་རྒྱུ་བས་ནི་མཐར་ཆགས་སུ་རྒྱུ་བ་ཉིད་འཇིག་གོ། །སྟན་གཅིག་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཅེ་ན། ལན་གཉིས་སུ་་འདུག་སྟེ་ཟ་ན་ཡང་དང་ཡང་དུ་འདུག་ནས་བྱིན་ལེན་བྱ་བ་དང ། ཡོངས་སུ་ལོངས་སྤྱོད་པའི་བཟོད་པས་ཡོ་བྱད་བསྙུངས་པ་མ་ཡིན་པའི་ཉེས་དམིགས་ཀྱང་མཐོང ། སྟན་གཅིག་པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་དུ་དེང་སླན་ཆད་ལན་གཉིས་སུ་འདུག་སྟེ་ཟ་བ་སྤོང་སྟེ། སྟན་གཅིག་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་ དག་པར་ལེན་ཏོ། །དེ་ལ་སྟན་གཅིག་པ་ཉིད་ཀྱི་ཡོན་ཏན་འདི་དག་ཡིན་ཏེ། །ཟོས་པ་འཇུ་བ་ཉིད་དང ། བརྐམ་ཆགས་མེད་པ་ཉིད་དང ། ཟས་ལྷག་པར་མི་ཟ་བ་ཉིད་དང ། འདོད་པ་ཆུང་བ་ཉིད་དང ། ཟོ་མདོག་བདེ་བ་ཉིད་དང་།རང་གི་ལས་མི་ཉམས་པ་ཉིད་དང ། རེག་པར་ གནས་པ་ཉིད་དང ། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང ། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་སྟན་གཅིག་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །སྟན་གཅིག་པ་ནི་དུ་ཞིག་ཡིན། སྟན་གཅིག་པ་ནི་གང་ཞིག་ཡིན། ཟས་ཀྱི་མཐའ་ནི་གང་ཡིན། གང་ གིས་ནི་སྟན་གཅིག་པ་ཉིད་འདི་འཇིག་ཅེ་ན། སྟན་གཅིག་ནི་གསུམ་སྟེ་སྟན་གྱི་མཐའ་པ་དང ། ཆུའི་མཐའ་པ་དང ། ཟས་ཀྱི་མཐའ་པའོ། །དེ་ལ་སྟན་གྱི་མཐའ་པ་ཞེས་བྱ་བ་ནི་ཟོས་ནས་སྟན་ལས་ལངས་ཏེ་ཡང་མི་ཟ་བ་ཡིན་ནོ། །ཆུའི་མཐའ་པ་ཞེས་བྱ་བ་ནི་ཟོས་ནས་སྟན་ལ་
72-1-134a
འདུག་ཀྱང་ལྷུང་བཟེད་ཀྱིས་ཆུ་བླངས་ནས་ཡང་མི་ཟ་བ་ཡིན་ནོ། །ཟས་ཀྱི་མཐའ་པ་ཞེས་བྱ་བ་ནི་ཟ་བ་ན་ཁམ་གྱི་ཐ་མ་མིད་ནས་ཡང་མི་ཟ་བ་ཡིན་ནོ། །སྟན་གཅིག་པ་ལ་ནི་ལན་གཉིས་སུ་འདུག་སྟེ་ཟ་བ་སྤོང་བ་ཡིན་ནོ། །ཟས་ཀྱི་མཐའ་ནི་ཆུ་དང་སྨན་མ་ གཏོགས་པ་མེད་པར་བྱ་བ་གང་ཅུང་ཟད་ཅི་ཡང་རུང་བ་ཡིན་ནོ། །ལན་གཉིས་སུ་འདུག་སྟེ་ཟ་བས་ནི་སྟན་གཅིག་པ་ཉིད་འཇིག་གོ། །ཟས་ཆོག་པ་པ་ཇི་ལྟར་ཡང་དག་པར་ལེན་ཅེ་ན། ཟས་མང་དུ་ཟོས་ན་ལུས་ལྕི་བར་བྱེད་པ་དང ། ཕུལ་སྐྱེ་བ་དང ། འདོད་ཆེན་ཆེ་བ་ ཉིད་དང ། ཡོ་བྱད་བསྙུངས་པ་མ་ཡིན་པའི་ཉེས་དམིགས་ཀྱང་མཐོང ། ཟས་ཆོག་པ་པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་དུ་དེང་སླན་ཆད་ཟས་མང་པོ་སྤོང་སྟེ། ཟས་ཆོག་པ་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་ཟས་ཆོག་པ་ པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། ཕུལ་མི་སྐྱེ་བ་ཉིད་དང ། ཟས་ཀྱི་ཚོད་ཟིན་པ་ཉིད་དང ། ཟས་མང་དུ་ཟ་བའི་གནད་ཤེས་པ་ཉིད་དང ། ལུས་ཀྱི་གནས་ངན་ལེན་བསྲབས་པ་དང ། དེ་ལ་ཆགས་པ་སྤོང་བ་དང ། གནོད་པ་ཆུང་བ་ཤེས་པ་དང ། ཀུན་ནས་ལྡང་བ་ཡང་ དག་པར་སྤོང་བ་དང ། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང ། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་ཟས་ཆོག་པ་པའི་ཡོན་ཏན་དག་ཡིན་ནོ། །ཟས་ཀྱི་ཚད་ནི་ཇི་ལྟར་འཛིན། ཟས་ཀྱི་ཆོག་པ་པ་ནི་གང་ཡིན། གང་གིས་ནི་ཟས་ཆོག་པ་པ་ཉིད་འདི་ འཇིག་ཅེ་ན། འབྲས་བྲེའུ་ཆུང་གང་གིས་འབྲས་ཆན་ལྷུང་བཟེད་དུ་བླངས་ནས་ཆོག་པའི་མཚན་མ་ལ་ཉེ་བར་རྟོག་ཅིང ། དེའི་འོག་ཏུ་མི་བླང་བའི་མཚན་མ་ལ་མཁས་པ་ཡིན་ཏེ། གོམས་པ་ན་ལྟོའི་ཚད་ཀྱང་ཤེས་པར་འགྱུར་རོ། །ཟས་ཆོག་པ་པ་ནི་ཟས་མང་པོ་སྤོང་བ་ཡིན་ནོ། ། ཟས་ཚད་ལས་ལྷག་པས་ནི་ཟས་ཆོག་པ་པ་ཉིད་འཇིག་གོ། །ཟས་ཕྱིས་མི་ལེན་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཅེ་ན། ཟས་ལྷག་པར་ཟོས་ན་ཕུལ་སྐྱེ་བ་དང ། གཞན་ལ་རག་ལས་པ་ཉིད་དང ། ཡོ་བྱད་བསྙུངས་པ་མ་ཡིན་པའི་ཉེས་དམིགས་ཀྱང་མཐོང ། ཟས་ཕྱིས་མི་ལེན་
72-1-134b
པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་དུ་དེང་སླན་ཆད་ཟས་ལྷག་པ་སྤོང་སྟེ། ཟས་ཕྱིས་མི་ལེན་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་ཟས་ཕྱིས་མི་ལེན་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། རེ་བ་རབ་ཏུ་ཆད་པ་དང ། དགང་སླ་བ་དང ། གཞན་ལ་རག་མ་ལས་པ་ཉིད་དང ། གསོག་འཇོག་ཡོངས་སུ་སྤོང་བ་དང ། ཡང་མི་ཚོལ་བ་ཉིད་དང ། བརྐམ་ཆགས་མེད་པ་ཉིད་དང ། ཕུལ་མི་སྐྱེ་བ་ཉིད་དང ། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང ། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་ཟས་ཕྱིས་ མི་ལེན་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །ཟས་ཕྱིས་མི་བླང་བ་ནི་དུ་ཞིག་།ཟས་ཕྱིས་མི་ལེན་པ་ནི་གང་ཞིག་ཡིན། གང་གིས་ནི་ཟས་ཕྱིས་མི་ལེན་པ་ཉིད་འཇིག་ཅེ་ན། ཟས་ཕྱིས་མི་བླང་བ་ནི་གཉིས་ཏེ། ལྷག་པའི་མཐའ་པ་དང ། གཟུང་བའི་མཐའ་པའོ། །དེ་ལ་ ལྷག་པའི་མཐའ་པ་ཞེས་བྱ་བ་ནི་ཟས་ཏེ་སྤངས་ནས་ཡང་མི་ཟ་བའོ། །བཟུང་བའི་མཐའ་པ་ཞེས་བྱ་བ་ནི་བདག་ཉིད་ཀྱང་རང་བཞིན་གྱིས་སྐལ་བ་གཅིག་བླངས་ནས་ཡང་མི་ལེན་པའོ། །ཟས་ཕྱིས་མི་ལེན་པ་ནི་ཟས་ལྷག་པར་སྤོང་བ་ཡིན་ནོ། །ཟས་ལྷག་པར་ཟ་བས་ནི་ཟས་ ཕྱིས་མི་ལེན་པ་ཉིད་འཇིག་གོ། །དགོན་པ་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཞེ་ན། གྲོང་མཐར་གནས་ན་མི་འདོད་པའི་ཡུལ་གྱིས་འཁྲུག་པ་དང ། ཆགས་པ་སྐྱེ་བ་དང ། འཛིངས་པར་གནས་པ་ཉིད་ཀྱི་ཉེས་དམིགས་ཀྱང་མཐོང ། དགོན་པ་པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ ནས་འདི་སྐད་དུ་དེང་སླན་ཆད་གྲོང་མཐར་གནས་པ་སྤོང་སྟེ།དགོན་པར་གནས་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་དགོན་པ་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། མི་འདོད་པའི་ཡུལ་ཡོངས་སུ་སྤོང་བ་ཉིད་དང ། གཏམ་གྱི་གཞི་བཅུ་ཡང་དག་ པར་སྟོན་པ་དང ། ཤིན་ཏུ་མཛེས་པ་ཉིད་དང ། ལྷས་བསྐུལ་བ་ཉིད་དང ། འདུ་འཛི་ལ་དགའ་བ་དོན་དུ་མི་གཉེར་བ་ཉིད་དང ། དབེན་པའི་བདེ་བ་ཅི་འདོད་པ་ཐོབ་པ་ཉིད་དང ། སྒྲ་ཆུང་བས་རྣལ་འབྱོར་དང་འཐུན་པ་ཉིད་དང ། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང ། ཡོ་
72-1-135a
བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་དགོན་པ་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །དགོན་པ་པའི་གནས་མལ་གྱི་མཐའ་ནི་གང་ཡིན། དགོན་པ་པ་ནི་གང་ཡིན། གང་གིས་ནི་དགོན་པ་པ་ཉིད་འཇིག་ཅེ་ན། གྲོང་དང ། གྲོང་ གི་ཉེ་འཁོར་དང ། ཀུན་དགའི་ར་བ་དང ། ཀུན་དགའི་ར་བའི་ཉེ་འཁོར་མ་གཏོགས་པ་མི་འབྲིང་གི་ཁྲུ་བཞི་ལ་གཞུ་སྟེ། གཞུ་དེ་ལྟ་བུའི་གཞུ་ལྔ་བརྒྱ་འདི་ནི་དགོན་པའི་གནས་མལ་གྱི་མཐའ་ཡིན་ནོ། །དགོན་པ་པ་ནི་གྲོང་མཐར་གནས་པ་སྤོང་བ་ཡིན་ནོ། །གྲོང་མཐར་ གནས་པས་ནི་དགོན་པ་པ་ཉིད་འཇིག་གོ། །ཤིང་དྲུང་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཞེ་ན། གཡོགས་པར་གནས་པ་ཡོངས་སུ་བཟུང་བ་དང ། བཅོས་ལེགས་བྱ་བ་དང ། གཞན་ལ་གསོལ་བར་བྱ་བ་དང ། ལོངས་སྤྱོད་ཀྱི་ཉེས་དམིགས་དག་ཀྱང་མཐོང་། ཤིང་དྲུང་པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་དུ། དེང་སླན་ཆད་གཡོགས་པར་གནས་པ་སྤོང་སྟེ། ཤིང་དྲུང་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་ཤིང་དྲུང་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། གནས་དམ་བཅས་པ་ དང་འཐུན་པ་ཉིད་དང ། ཡོ་བྱད་བསྙུངས་པ་ཉིད་དང ། ལས་ལ་དགའ་བ་ཡོངས་སུ་སྤོང་བ་ཉིད་དང ། ལྷས་བསྐུལ་བ་ཉིད་དང ། གནས་ལ་སེར་སྣ་སྤོང་བ་ཉིད་དང ། ཆགས་པ་རབ་ཏུ་གཅོད་པ་ཉིད་དང ། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང ། ཡོ་བྱད་བསྙུངས་པ་སྟེ། དེ་ལྟ་བུ་ལ་སོགས་པ་ནི་ཤིང་དྲུང་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །ཤིང་དྲུང་གི་ཚད་ཇི་ཙམ་ཞིག་ཡིན། ཤིང་ཇི་ལྟ་བུ་ནི་སྤང་བར་བྱ། ཤིང་དྲུང་པ་ནི་གང་ཡིན། གང་གིས་ནི་ཤིང་དྲུང་པ་ཉིད་འདི་འཇིག་ཅེ་ན། ཉི་མ་གུང་གི་དུས་སུ་གྲིབ་མས་ཇི་སྲིད་ཁྱབ་པ་དང ། རླུང་ མེད་པར་ལོ་མ་དག་ཇི་སྲིད་དུ་ལྷགས་པ་དེ་སྲིད་ནི་ཤིང་དྲུང་གི་ཚད་ཡིན་ནོ། །ཤིང་དྲུང་པས་སྡོང་རྒན་དང ། ཤིང་ཁོང་སྟོང་དང ། ཤིང་ཉེན་ཅན་སྤང་བར་བྱའོ། །ཤིང་དྲུང་པ་ནི་གཡོགས་པར་གནས་པ་སྤོང་བ་ཡིན་ནོ། །གཡོགས་པར་གནས་པས་ནི་ཤིང་དྲུང་པ་ཉིད་
72-1-135b
འཇིག་གོ། །བླ་གབ་མེད་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཞེ་ན། གཡོགས་པ་དང ། ཤིང་དྲུང་གི་གནས་ཚོལ་བ་དང ། ཡོངས་སུ་བཟུང་བས་ཡོ་བྱད་བསྙུངས་པ་མ་ཡིན་པའི་ཉེས་དམིགས་ཀྱང་མཐོང་ནས་འདི་སྐད་དུ་དེང་སླན་ཆད་གཡོགས་པ་དང ། ཤིང་དྲུང་དུ་གནས་ པ་སྤོང་སྟེ། བླ་གབ་མེད་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་བླ་གབ་མེད་པའི་ཡོན་ཏན་ནི་འདི་དག་ཡིན་ཏེ། བརྩོན་པ་མི་གཏོང་བ་ཉིད་དང ། རྨུགས་པ་དང་གཉིད་སྤངས་པ་དང ། རི་དགས་ལྟ་བུ་ཉིད་དང ། ཕྱོགས་བཞི་ཕྱད་པ་དང ། རྟེན་ པ་མེད་པ་ཉིད་དང ། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང ། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་བླ་གབ་མེད་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །བླ་གབ་མེད་པ་པ་ནི་གང་ཞིག་ཡིན། གང་གིས་ནི་བླ་གབ་མེད་པ་ཉིད་འདི་འཇིག་ཅེ་ན། བླ་གབ་ མེད་པ་ནི་གཡོགས་པ་དང ། ཤིང་དྲུང་དུ་གནས་པ་སྤོང་བ་ཡིན་ནོ། །གཡོགས་པ་དང་ཤིང་དྲུང་ན་གནས་པས་ནི། བླ་གབ་མེད་པ་ཉིད་འདི་འཇིག་གོ། །དུར་ཁྲོད་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཞེ་ན། གཞན་དུ་གནས་ན་སེམས་ཡིད་མི་འབྱུང་བ་ཉིད་དང ། བག་ མེད་པ་མང་བ་ཉིད་ཀྱི་ཉེས་དམིགས་ཀྱང་མཐོང ། དུར་ཁྲོད་པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་དུ། དེང་སླན་ཆད་གཞན་དུ་གནས་པ་སྤོང་སྟེ། དུར་ཁྲོད་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་དུར་ཁྲོདཔའི་ཡོན་ཏན་ནི་འདི་དག་ཡིན་ཏེ། ། འཆི་བ་རྗེས་སུ་དྲན་པ་འཐོབ་པ་དང ། མི་སྡུག་པའི་མཚན་མ་འཐོབ་པ་དང་།མིས་བླ་མར་བཀུར་བ་དང ། མི་མ་ཡིན་པས་བླ་མར་བཀུར་བ་དང ། བག་ཡོད་པའི་རྒྱུ་སྐྱེ་བ་དང ། འདོད་པའི་འདོད་ཆགས་རྣམ་པར་གནོན་པ་ཉིད་དང ། ཡིད་འབྱུང་བ་མང་བ་ཉིད་དང ། འཇིགས་པ་དང་སྐྲག་པ་བཟོད་པ་ཉིད་དང ། གསོན་པས་རྒྱགས་པ་སྤོང་བ་ཉིད་དང ། ལུས་ཀྱི་རང་བཞིན་ལ་ཡང་དང་ཡང་དུ་སོ་སོར་རྟོག་པ་ཉིད་དང ། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང ། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་དུར་ཁྲོད་པ་ཉིད་ཀྱི་
72-1-136a
ཡོན་ཏན་དག་ཡིན་ནོ། །དུར་ཁྲོད་ཇི་ལྟ་བུར་ནི་གནས་པར་བྱ། དུར་ཁྲོད་པ་ནི་གང་ཡིན། གང་གིས་ནི་དུར་ཁྲོད་པ་ཉིད་འཇིག་ཅེ་ན། དང་པོར་ནི་རྟག་ཏུ་སྲེག་པ་དང ། དུ་བ་དང ། འབར་བ་དང ། དུ་བ་ཡོད་པ་དེ་ལྟ་བུའི་དུར་ཁྲོད་དུ་གནས་པར་བྱ་ལ། དེ་ ནས་ནི་དུར་ཁྲོད་གཞན་གང་ཡང་རུང་བར་ཡང་གནས་པར་བྱའོ། །དུར་ཁྲོད་པས་དུར་ཁྲོད་དུ་སྤྱིལ་བུ་དང ། ཁང་པ་མི་བྱ། རླུང་ཡས་ལྡང་བ་དང ། མས་ལྡང་བར་གནས་པར་མི་བྱ། ཁུམ་འཕྲིག་ཅན་དུ་གནས་པར་མི་བྱ། ཉ་ཤ་དང ། ཤ་དང ། འོ་མ་དང ། ཏིལ་གྱི་ ཆུར་བེད་དང ། མོན་སྲན་གྲེའུའི་བཟའ་བ་བསྟེན་པར་མི་བྱ། ལྷུང་བཟེད་སྦྱིན་པར་མི་བྱ། ཁྱིམ་དུ་འདུག་པར་མི་བྱ། སྐྱེ་བོ་མང་པོའི་ཚོགས་ལྷགས་ན་ཁྲིའུ་དང ། ཆོས་གོས་དང ། རིལ་བ་བླངས་ཏེ་སོང་ན་སྲེག་པ་ནས་ཧ་ཅང་ཡང་མི་རིང་བ། རྡོ་རྒྱང་གིས་སླེབ་ཙམ་གྱི་ ནང་དུ་དུར་ཁྲོད་དུ་གནས་པར་བྱ་ཞིང་སྐྱ་རེངས་ཤར་ནས་ཁྲེའུ་དང ། ཆོས་གོས་དང ། རིལ་བ་བླངས་ནས་སླར་འགྲོ་བར་བྱ་བ་འདི་ནི་འདིའི་སྤྱོད་པ་མ་ཡིན་ནོ། །དུར་ཁྲོད་པ་ནི་གཞན་དུ་གནས་པ་སྤངས་པ་ཡིན་ནོ། །གཞན་དུ་གནས་པ་ཁས་ལེན་པས་ནི་དུར་ཁྲོད་པ་ཉིད་འཇིག་གོ། ། གཞི་ཇི་བཞིན་པ་ཉིད་ཇི་ལྟར་ཡང་དག་པར་ལེན་ཞེ་ན། བརྐམ་ཆགས་ཀྱི་གནས་མལ་ལ་ཕན་ཚུན་ལྡང་བ་ཕ་རོལ་ལ་གནོད་པར་བྱེད་པའི་ཉེས་དམིགས་ཀྱང་མཐོང ། གཞི་ཇི་བཞིན་པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་ཅེས་དེང་སླན་ཆད་བརྐམ་ཆགས་ཀྱི་གནས་མལ་སྤོང་སྟེ། གཞི་ཇི་བཞིན་པ་ཉིད་ཡང་དག་པར་ལེན་ཏོ་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་གཞི་ཇི་བཞིན་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། ནང་དུ་ཡང་དག་པར་འཇོག་ལ་བླ་མར་བཀུར་བ་དང ། ཇི་ལྟར་རྙེད་པས་ཆོག་ཤེས་པ་དང ། དེ་ལ་ཆགས་པ་སྤོང་བ་དང ། བྱམས་པའི་སེམས་ དང ། གཅིག་པུ་ཉིད་ལ་དགའ་བ་དང ། དད་པར་བྱ་བ་ཉིད་དང ། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང ། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་གཞི་ཇི་བཞིན་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །གཞི་ཇི་བཞིན་པ་ནི་གང་ཡིན། གང་གིས་ནི་གཞི་ཇི་བཞིན་
72-1-136b
པ་ཉིད་འདི་འཇིག་ཅེ་ན། གཞི་ཇི་བཞིན་པ་ནི་བརྐམ་ཆགས་ཀྱི་གནས་མལ་སྤོང་བ་ཡིན་ཏེ། བརྐམ་ཆགས་ཀྱི་གནས་མལ་སྤོང་བ་ཞེས་བྱ་བ་ནི་སྔ་ན་འདུག་པ་བསླང་ནས་གནས་མལ་ལེན་པར་མི་བྱེད་དོ། །བརྐམ་ཆགས་ཀྱི་གནས་མལ་ལེན་པས་ནི་གཞི་ཇི་བཞིན་པ་ཉིད་འཇིག་ གོ། །ཇི་ལྟར་ཅོག་པུ་པ་ཉིད་ཡང་དག་པར་ལེན་ཞེ་ན། ཉལ་ན་རྨུགས་པ་དང ། གཉིད་དང ། ལེ་ལོའི་དབང་དུ་འགྲོ་བའི་ཉེས་དམིགས་ཀྱང་མཐོང ། ཅོག་པུ་པ་ཉིད་ཀྱི་ཡོན་ཏན་དག་ཀྱང་མཐོང་ནས་འདི་སྐད་ཅེས། དེང་སླན་ཆད་ཉལ་བ་སྤོང་སྟེ། ཅོག་པུ་པ་ཉིད་ཡང་ དག་པར་ཞེས་ཡང་དག་པར་ལེན་ཏོ། །དེ་ལ་ཅོག་པུ་པ་ཉིད་ཀྱི་ཡོན་ཏན་ནི་འདི་དག་ཡིན་ཏེ། ལེ་ལོའི་གཞི་ཡོངས་སུ་སྤོང་བ་དང ། ལུས་ལ་ཆགས་པ་དང ། སེར་སྣ་ཡོངས་སུ་སྤོང་བ་དང ། འཕྲེས་པའི་བདེ་བ་ལ་མ་ཆགས་པ་དང ། བཙལ་བ་ཉུང་བ་དང ། གཉིད་ ཆུང་བ་དང ། རྣལ་འབྱོར་དང་འཐུན་པ་དང ། ལུས་ཀྱི་གནས་རྒྱ་སྐྱེ་བ་དང ། སྐྱེས་བུ་དམ་པའི་སྤྱོད་པ་ཉིད་དང ། ཡོ་བྱད་བསྙུངས་པའི་ཚུལ་ཅན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་ཅོག་པུ་པ་ཉིད་ཀྱི་ཡོན་ཏན་དག་ཡིན་ནོ། །ཅོག་པུ་པ་ནི་གང་ཡིན། གང་གིས་ནི་ཅོག་པུ་པ་ཉིད་ འདི་འཇིག་ཅེ་ན། ཅོག་པུ་པ་ནི་ཉལ་བ་སྤོང་བ་ཡིན་ནོ། །ཉལ་བ་ཁས་ལེན་པས་ནི་ཅོག་པུ་པ་ཉིད་འཇིག་གོ། །དེ་ལ་ཕྱག་དར་ཁྲོད་པ་ཉིད་ཀྱི་སྐབས་ཕྱེ་བ་ནི་ཕྱག་དར་ཁྲོད་པ་ནར་མར་སྤྱོད་པ་ལ་གལ་ཏེ་ཁྱིམ་བདག་དག་གིས་ཆོས་གོས་གསོ་རས་སམ། རས་བལ་གྱི་རས་ སམ། མོན་དར་རམ། ལ་བ་དག་བྱིན་པར་གྱུར་ན་སྐབས་ཕྱེ་བས་བླང་བར་བྱ་སྟེ། ཕྱག་དར་ཁྲོད་པ་ཉིད་ཉམས་པར་མི་འགྱུར་རོ། །ཆོས་གོས་གསུམ་པ་ཉིད་ཀྱི་སྐབས་ཕྱེ་བ་ནི་ཁ་བཀང་བའི་རེ་བ་ཡོད་ན་གོས་ལྷག་ཞག་བཅུར་འཆང་བ་དང ། གནས་མལ་སྲུང་བའི་ཕྱིར་ གདིང་བ་དང ། སྟེང་དུ་གདིང་བ་དང ། ནད་ཀྱི་རྐྱེན་གཡན་པ་དགབ་པ་དང ། གདོང་ཕྱིས་ཀྱི་གོས་དང ། དབྱར་གྱི་རས་ཆེན་དང ། གཞན་གྱི་རུང་བ་བཅོལ་བ་སྐབས་ཕྱེ་བས་བླང་བར་བྱ་སྟེ། ཆོས་གོས་གསུམ་པ་ཉིད་ཉམས་པར་མི་འགྱུར་རོ། །བསོད་སྙོམས་པ་ཉིད་ཀྱི་
72-1-137a
སྐབས་ཕྱེ་བ་ནི་བསྐོས་པའི་ཟས་དང ། ཚུལ་ཤིང་གི་ཟས་དང ། ཟླ་བ་ཕྱེད་པའི་ཟས་དང ། གསོ་སྦྱོང་བ་དང ། དགེ་འདུན་གྱི་ཟས་དང ། གཙུག་ལག་ཁང་གི་ཟས་སྐབས་ཕྱེ་བས་ཡོངས་སུ་ལོངས་སྤྱད་པར་བྱ་སྟེ། བསོད་སྙོམས་པ་ཉིད་འཇིག་པར་མི་ འགྱུར་རོ། །འོན་ཀྱང་ཉེས་དམིགས་སུ་ལྟ་བས་ནི་ཡོངས་སུ་ལོངས་སྤྱད་པར་བྱའོ། །མཐར་ཆགས་སུ་རྒྱུ་བ་ཉིད་ཀྱི་སྐབས་ཕྱེ་བ་ནི་ཁྱིམ་གྱི་སྒོ་ན་གླང་པོ་ཆེའམ། རྟ་འམ། ཁྱུ་མཆོག་གམ། ཁྱིའམ། འཐབ་པའམ། ངོ་ཚ་བར་འགྱུར་བ་དེ་ལྟ་བུ་གཞན་མཐོང་ནས་ཐོད་ རྒལ་དུ་རྒྱུ་བ་དང ། ཟས་བཟར་མི་རུང་བའི་ཁྱིམ་འམ། ལྷུང་བཟེད་ཁས་སྦུབས་པའམ། སློང་བར་གྲགས་པའི་ཁྱིམ་རྒལ་ནས་རྒྱུ་བ་དང ། སློབ་དཔོན་ནམ། མཁན་པོའམ། གློ་བུར་བའམ། ལྷན་ཅིག་རྒྱུ་ན་སྐབས་ཕྱེ་བས་ཐོད་རྒལ་དུ་ཡང་རྒྱུ་བར་བྱ་སྟེ། མཐར་ ཆགས་སུ་རྒྱུ་བ་ཉིད་ཉམས་པར་མི་འགྱུར་རོ། །སྟན་གཅིག་པ་ཉིད་ཀྱི་སྐབས་ཕྱེ་བ་ནི་ཟས་ཟ་བ་ན་གླང་པོ་ཆེའམ། རྟའམ། ཁྱུ་མཆོག་གམ། སྦྲུལ་ལམ། ཐོག་འབབ་པའམ། མཁན་པོའམ། སློབ་དཔོན་ནམ། གློ་བུར་པ་འོངས་པ་མཐོང་ནས། གལ་ཏེ་ ལངས་པར་གྱུར་ན་སྐབས་ཕྱེ་བས་ཡང་བཟའ་བར་བྱ་སྟེ། སྟན་གཅིག་པ་ཉིད་འཇིག་པར་མི་འགྱུར་རོ། །ཟས་ཆོག་པ་པ་ཉིད་དང ། ཟས་ཕྱིས་མི་ལེན་པ་ཉིད་ལ་ནི་སྐབས་ཕྱེ་བ་མེད་དོ། །དགོན་པ་པ་ཉིད་ཀྱི་སྐབས་ཕྱེ་བ་ནི་བསྙེན་པར་རྫོགས་པའི་ལས་ཀྱི་ཆེད་དམ། ལྷུང་བ་ལས་བསླང་བའི་ཆེད་དམ། ཆོས་མཉན་པའི་ཆེད་དམ། གསོ་སྦྱོང་བྱ་བ་འམ། དགག་དབྱེ་བྱ་བ་འམ། ན་བའམ། ནད་པའི་བྱ་བ་འམ། མངོན་པར་མི་ཤེས་པའི་མདོ་ཀུན་ཆུབ་པར་བྱ་བ་འམ། གཞན་ཡང་དེ་ལྟ་བུའི་རྐྱེན་ཡོད་ན་སྐབས་ཕྱེ་བས་གྲོང་མཐར་ གནས་པར་བྱ་སྟེ། དགོན་པ་པ་ཉིད་འཇིག་པར་མི་འགྱུར་རོ། །ཤིང་དྲུང་པ་ཉིད་སྐབས་ཕྱེ་བ་ནི་རྐྱེན་དེ་ལྟ་བུའམ། ཁྱིམ་དུ་ཞུགས་པ་ལས་ཆར་གྱིས་ནོན་ན། དེ་ཉིད་དུ་སྐྱ་རེངས་ཤར་ཡང་ཤིང་དྲུང་པ་ཉིད་ཉམས་པར་མི་འགྱུར་རོ། །དགོན་པ་པའི་སྐབས་ཕྱེ་བ་ཇི་སྙེད་པ་ནི་ཤིང་དྲུང་པ་ཉིད་
72-1-137b
དང ། བླ་གབ་མེད་པ་ཉིད་དང ། དུར་ཁྲོད་པ་ཉིད་ལ་ཡང་བལྟ་བར་བྱའོ། །གཞི་ཇི་བཞིན་པ་ཉིད་ཀྱི་སྐབས་ཕྱེ་བས་ནི་རྐྱེན་དེ་ལྟ་བུ་ཡོད་ལ་གཞན་གྱིས་གནས་མལ་རྙེད་ན་རྗེས་སུ་གནང་ངོ ། །ཅོག་པུ་པ་ལ་ནི་སྐབས་ཕྱེ་བ་མེད་དོ། །ཁ་ཅིག་ན་རེ་སྣའི་དཔྱད་བྱེད་ན་སྐབས་ཕྱེ་ བར་བྱ་སྟེ། ཅོག་པུ་པ་ཉིད་ཉམས་པར་མི་འགྱུར་རོ་ཞེས་ཟེར་རོ། །སྦྱངས་པའི་ཡོན་ཏན་བཅུ་གསུམ་པོ་དེ་དག་ནི་མདོར་བསྡུས་ན་བརྒྱད་ཁོ་ནར་འགྱུར་ཏེ། ཆོས་མངོན་པ་ལས་ཇི་སྐད་དུ་སྦྱངས་པའི་ཡོན་ཏན་ནི་བརྒྱད་དོ་ཞེས་འབྱུང་བ་ལྟ་བུའོ། །གལ་ཏེ་དེ་ཇི་ལྟ་བུ་ཡིན་ཞེ་ན། ཟས་ཆོག་པ་པ་ཉིད་དང ། སྟན་གཅིག་པ་ཉིད་ནི་ཟས་ཕྱིས་མི་ལེན་པ་ཉིད་ཀྱི་ནང་དུ་འདུ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གཟུང་བའི་མཐའ་པ་ནི་བདག་ཉིད་ཀྱི་རང་སྐལ་ཅིག་ལེན་པ་ཡིན་ཏེ། དེ་ལྟ་བས་ན་ཟས་ཆོག་པ་པ་ཉིད་ཀྱི་ནང་དུ་འདུ་བར་འགྱུར་རོ། །ཡང་ ལན་གཉིས་སུ་མི་ཟ་སྟེ། དེ་ལྟ་བས་ན་སྟན་གཅིག་པ་ཉིད་དུ་འདུ་བར་འགྱུར་རོ། །ཤིང་དྲུང་པ་ཉིད་དང ། བླ་གབ་མེད་པ་ཉིད་དང ། དུར་ཁྲོད་པ་ཉིད་ནི་དགོན་པ་པ་ཉིད་ཀྱི་ནང་དུ་འདུ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དགོན་པ་པ་ནི་དགོན་པའི་སྤྱིལ་བུ་དང ། ཡང་ ཐོག་ལ་སོགས་པ་བྱེད་ན་ལས་ལ་དགའ་བ་ཉིད་དང ། །ཡོངས་སུ་འཛིན་པ་དང ། ཆགས་པ་ནི་བདག་གི་ཆ་མ་ཡིན་ནོ་སྙམ་ནས་ཤིང་དྲུང་ངམ། བླ་གབ་མེད་པའམ། དུར་ཁྲོད་དུ་གནས་སོ། །དེ་ལྟ་བས་ན་བརྒྱད་ཁོ་ནར་འགྱུར་ལ་བརྒྱད་པོ་དེ་དག་ཀྱང་དགོན་པ་པ་ཉིད་དང ། ཕྱག་དར་ཁྲོད་པ་ཉིད་དང ། བསོད་སྙོམས་པ་ཉིད་དང་གསུམ་གྱིས་རྫོགས་པར་འགྱུར་རོ། །དེ་ལྟར་ན་སྦྱངས་པའི་སྒོ་གསུམ་རྫོགས་པར་བྱེད་ན། སྦྱངས་པའི་ཡོན་ཏན་ཐམས་ཅད་རྫོགས་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཛེས་དགའ་ བོ་ལ་བརྟེན་ནས་དགའ་བོ་ནམ་ཞིག་དགོན་པ་དང ། ཕྱག་དར་ཁྲོད་པ་དང ། ངན་ངོན་གྱིས་འཚོ་འདོད་པ་རྣམས་ལ་ནི་ལྟ་བ་མེད་པ་མཐོང་ཞིག་གུ་ཞེས་གསུངས་སོ། །དེ་ལ་སྦྱངས་པའི་ཡན་ལག་ནི་ཅི་ཞིག་ཡིན། སྦྱངས་པའི་ཆོས་ནི་དུ་ཞིག་ཡོད། ཅི་སྤྱོད་པའི་གང་ཟག་དག་
72-1-138a
ནི་སྦྱངས་པའི་ཡོན་ཏན་བསྟན་པར་དགའ། སྦྱངས་པའི་ཡན་ལག་ནི་དུ་ཞིག་།མཐར་ཐུག་པ་ནི་དུ་ཞིག་།ཅི་སྦྱངས་པའི་དེ་ཉིད་སྦྱངས་པ་སྨྲ་བ་ཡང་དེ་ཡིན་ནམ་ཞེ་ན། དེ་ལ་སྦྱངས་པའི་ཡན་ལག་ཅེས་བྱ་བ་ནི་གཞི་བཅུ་གསུམ་པོ་དེ་དག་གི་སྤོང་བ་གང་ཡིན་པ་ དེ་ནི་སྦྱངས་པའི་ཡན་ལག་ཡིན་ནོ། །སྦྱངས་པའི་ཡོན་ཏན་ཅིར་བརྗོད་པར་བྱ་ཞེ་ན། དགེ་བར་བརྗོད་པར་བྱའོ། །སྦྱངས་པའི་ཆོས་དུ་ཞེ་ན། སྦྱངས་པའི་ཆོས་ནི་གཉིས་ཏེ། མ་ཆགས་པ་དང ། གཏི་མུག་མེད་པ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཕྱག་དར་ཁྲོད་པ་གང་ ཡིན་པ་དེ་ནི་འདོད་པ་ཆུང་བ་ཉིད་ལ་བརྟེན། ཆོག་ཤེས་པ་ཉིད་ལ་བརྟེན། ཡོ་བྱད་བསྙུངས་པ་ཉིད་ལ་བརྟེན། རབ་ཏུ་དབེན་པ་ཉིད་ལ་བརྟེན། འདིས་ཆོག་པ་ཉིད་ལ་བརྟེན་ནས་ཕྱག་དར་ཁྲོད་པར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །རྣམ་པ་གཅིག་ཏུ་ནི་མ་ཆགས་པས་རྗེས་ སུ་གནང་བ་འཚམ་པར་བསྟེན་པས་འདོད་པའི་བསོད་སྙོམས་ཀྱི་རྗེས་སུ་བརྩོན་པའི་སླུ་བ་སེལ་ལ། སྦྱངས་པའི་ཡོན་ཏན་གཏི་མུག་མེད་པ་ནི་ཡོ་བྱད་བསྙུངས་པར་འཚམ་པར་བསྟེན་པས་བདག་ཉིད་དུབ་པའི་རྗེས་སུ་བརྩོན་པའི་སླུ་བ་སེལ་ཏེ། དེ་ལྟ་བས་ན་སྦྱངས་པའི་ཆོས་ ནི་གཉིས་ཏེ། མ་ཆགས་པ་དང ། གཏི་མུག་མེད་པ་ཡིན་ནོ། །དེ་ལ་འདོད་པ་ཆུང་བ་ཉིད་དང ། ཆོག་ཤེས་པ་ཉིད་དང ། རབ་ཏུ་དབེན་པ་ཉིད་ནི་མ་ཆགས་པ་ཡིན་ནོ། །ཡོ་བྱད་བསྙུངས་པ་ཉིད་དང ། འདིས་ཆོག་པ་ཉིད་ནི་གཏི་མུག་མེད་པ་ཉིད་ཡིན་ནོ། །དེ་ ལ་མ་ཆགས་པས་ནི་སྤང་བའི་གཞི་བཅུ་གསུམ་ལ་ཆགས་པ་སེལ་ལ། གཏི་མུག་མེད་པས་ནི་གཞི་དེ་དག་ཉིད་ལ་ཉེས་དམིགས་མི་ཤེས་པ་སེལ་ཏོ། །ཡང་ཅི་སྤྱོད་པའི་གང་ཟག་རྣམས་སྦྱངས་པའི་ཡོན་ཏན་སྟེན་པར་དགའ་ཞེ་ན། འདོད་ཆགས་སྤྱོད་པ་དང ། གཏི་ མུག་སྤྱོད་པ་སྦྱངས་པའི་ཡོན་ཏན་སྟེན་པར་དགའི། ཞེ་སྡང་སྤྱོད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་འདོད་ཆགས་སྤྱོད་པ་དང ། གཏི་མུག་སྤྱོད་པ་སྦྱངས་པའི་ཡོན་ཏན་སྟེན་གྱི། ཞེ་སྡང་སྤྱོད་པའི་མ་ཡིན་ཞེ་ན། སྦྱངས་པའི་ཡོན་ཏན་སྟེན་པ་ནི། བསྒྲུབ་དཀའ་བ་ཡིན་པས་འདོད་ཆགས་
72-1-138b
སྤྱོད་པ་བསྒྲུབ་དཀའ་བ་ལ་བརྟེན་ནས་འདོད་ཆགས་རྣམ་པར་གནོན་པར་འགྱུར་ལ། གཏི་མུག་སྤྱོད་པ་ཡང་སྦྱངས་པའི་ཡོན་ཏན་སྟེན་པ་ཡང་དག་པར་བླངས་པ་ཡོ་བྱད་བསྙུངས་པ་ལ་བརྟེན་ནས་རྟག་ཏུ་བག་ཡོད་པར་འགྱུར་ཞིང་བག་ཡོད་ན་གཏི་མུག་རྣམ་པར་གནོན་པར་ འགྱུར་རོ། །དེ་ལྟ་བས་ན་འདོད་ཆགས་སྤྱོད་པ་དང ། གཏི་མུག་སྤྱོད་པ་སྦྱངས་པའི་ཡོན་ཏན་སྟེན་པར་དགའོ། །ཞེ་སྡང་སྤྱོད་པ་ནི་བསྒྲུབ་དཀའ་ན་མཁྲིས་པའི་ནད་ལ་དྲོད་བག་བྱིན་པ་བཞིན་དུ་ཕྱིར་ཞེ་སྡང་སྐྱེ་བར་འགྱུར་ཏེ། དེ་ལྟ་བས་ན་ཞེ་སྡང་སྤྱོད་པ་ནི་སྦྱངས་པའི་ཡོན་ ཏན་བསྟེན་པར་དཀའ་བ་ཡིན་ནོ། །གཞན་དག་ན་རེ་ཞེ་སྡང་སྤྱོད་པ་ནི་དགོན་པ་པ་ཉིད་དང ། ཤིང་དྲུང་པ་ཉིད་ལ་དགའོ། །དེ་ཅིའི་ཕྱིར་ཞེ་ན། དགོན་པ་དང ། ཤིང་དྲུང་ན་གནས་ན་དེ་དག་ཏུ་མི་འདོད་པས་གཙེ་བའི་ཉེས་པ་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །སྦྱངས་པའི་ཡན་ ལག་ནི་དུས་ཀྱི་མཐར་ཐུག་པ་ནི་དུ་ཞིག་ཅེས་བྱ་བ་ནི། སྦྱངས་པའི་ཡན་ལག་གསུམ་པོ་ཤིང་དྲུང་པ་ཉིད་དང ། བླ་གབ་མེད་པ་ཉིད་དང ། དུར་ཁྲོད་པ་ཉིད་ནི་ཟླ་བ་བརྒྱད་ཀྱི་མཐར་ཐུག་པར་བྱ་སྟེ། དབྱར་ནི་གཡོགས་པར་གནས་པར་བཅོམ་ལྡན་འདས་ཀྱིས་གནང་ངོ ། །ཅི་ སྦྱངས་པ་དེ་ཉིད་སྦྱངས་པ་སྨྲ་བ་ཡང་དེ་ཡིན་ནམ་ཞེས་བྱ་བ་ནི་སྦྱངས་པ་ཡིན་ལ་སྦྱངས་པ་སྨྲ་བ་ཡིན་པ་ཡང་ཡོད། སྦྱངས་པ་མ་ཡིན་ལ་སྦྱངས་པ་སྨྲ་བ་ཡིན་པ་ཡང་ཡོད། སྦྱངས་པ་ཡིན་ལ་སྦྱངས་པ་སྨྲ་བ་མ་ཡིན་པ་ཡང་ཡོད། སྦྱངས་པ་ཡང་མ་ཡིན་སྦྱངས་པ་སྨྲ་བ་ཡང་མ་ཡིན་པ་ ཡང་ཡོད་དོ། །དེ་ལ་སྦྱངས་པ་ཡང་ཡིན། སྦྱངས་པ་སྨྲ་བ་ཡང་ཡིན་པ་ཡང་ཡོད་ཅེས་བྱ་བ་ནི་དགྲ་བཅོམ་པ་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་དང་ལྡན་པའོ། །སྦྱངས་པ་མ་ཡིན་ལ་སྦྱངས་པ་སྨྲ་བ་ཡིན་པ་ཡང་ཡོད་ཅེས་བྱ་བ་ནི་དགྲ་བཅོམ་པ་སྦྱངས་པའི་ཡོན་ཏན་ཡང་ དག་པར་བླངས་པ་དང་མི་ལྡན་པའོ། །སྦྱངས་པ་ཡིན་ལ་སྦྱངས་པ་སྨྲ་བ་མ་ཡིན་པ་ཡང་ཡོད་ཅེས་བྱ་བ་ནི་སློབ་པའམ། སོ་སོའི་སྐྱེ་བོ་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་དང་ལྡན་པའོ། །སྦྱངས་པ་ཡང་མ་ཡིནསྦྱངས་པའི་ཡོན་ཏན་སྨྲ་བ་ཡང་མ་ཡིན་པ་ཡང་ཡོད་ཅེས་བྱ་བ་
72-1-139a
ནི་སློབ་པའམ། སོ་སོའི་སྐྱེ་བོ་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་དང་མི་ལྡན་པའོ། །སྦྱངས་པའི་ཡོན་ཏན་གྱི་མཚན་ཉིད་ནི་ཅི་ཡིན། མནོག་ནི་ཅི་ཡིན། ཉེ་བར་གནས་པ་ནི་ཅི་ཡིན་ཞེ་ན། སྦྱངས་པའི་ཡོན་ཏན་གྱི་མཚན་ཉིད་ནི་འདོད་པ་ཆུང་བ་ཉིད་ དོ། །མནོག་ནི་ཆོག་ཤེས་པའོ། །ཉེ་བར་གནས་པ་ནི་ཡོ་བྱད་བསྙུངས་པའོ། །རྣམ་པ་གཅིག་ཏུ་ན་མཚན་ཉིད་ནི་མ་འབགས་པའོ། །མནོག་ནི་ཉེས་དམིགས་མེད་པའོ། །ཉེ་བར་གནས་པ་ནི་བརྩོན་པ་མི་འདོར་བའོ། །སྦྱངས་པའི་ཡོན་ཏན་གྱི་ཐོག་མ་ནི་གང་ཡིན། བར་མ་ནི་ གང་ཡིན། ཐ་མ་ནི་གང་ཡིན་ཞེ་ན། སྦྱངས་པའི་ཡོན་ཏན་གྱི་ཐོག་མ་ནི་ཡང་དག་པར་ལེན་པའོ། །བར་མ་ནི་སྟེན་པའོ། །ཐ་མ་ནི་རབ་ཏུ་དག་པའོ། །རྣམ་པར་གྲོལ་བའི་ལམ་ལས་སྦྱངས་པའི་ཡོན་ཏན་བསྟན་པ་ཞེས་བྱ་བ་སྟེ་ཀུན་ནས་བཏུས་པ་གསུམ་པ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང ། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ་་་་་་་