rKTs


D342

(e-text produced by ADARSHA)

see text in transliteration
74-1-298b
༄#། །རྒྱ་གར་སྐད་དུ། དཱི་རྒྷན་ཁ་པ་རི་པྲཱ་ཛ་ཀ་པ་རི་པྲྀ་ཙྪཱ་ནཱ་མ་སཱུ་ཏྲ། བོད་སྐད་དུ། ཀུན་ཏུ་རྒྱུ་བ་སེན་རིངས་ཀྱིས་ཞུས་པ་ཞེས་བྱ་བའི་མདོ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་ བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་འཁོར་བཞི་པོ་དག་ ལ་ཆོས་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཡང་དག་པར་རབ་ཏུ་སྟོན་ ཏོ། །དེའི་ཚེ་ཀུན་ཏུ་རྒྱུ་སེན་རིངས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར། ཁར་བ་ལ་ཨོམ་ཚུགས་བཅས་ཏེ་ཅང་མི་སྨྲ་བར་འདུག་ནས་བལྟས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ གོའུ་ཏ་མ་འཇིག་རྟེན་ནི་ལས་བདག་གིར་བྱ་བ། ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱི་འཆིང་བ་ཅན་ལས་བརྟན་པར་བྱའོ་ཞེས་དེ་སྐད་སྨྲས་པ་ནི་བདེན་ན། དགེ་སྦྱོང་གོའུ་ཏ་མས་སྔོན་ལས་ཅི་ཞིག་བྱས་ཤིང་བསགས་ན། དེས་དགེ་སྦྱོང་གོའུ་ཏ་མ་རྡོ་རྗེའི་ ལུས་དང་ལྡན་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་འདི་ནི་ངས་ཚེ་རབས་སྔ་མའི་སྐྱེ་བར་སྲོག་གཅོད་པ་སྤངས་པའི་ལས་དེའི་འབྲས་བུ་ཡིན་ནོ། །དགེ་སྦྱོང་གོའུ་ཏ་མས་སྔོན་ལས་ཅི་ཞིག་བྱས་ཤིང་བསགས་ན། དེས་དགེ་སྦྱོང་ གོའུ་ཏམ་སོར་མོ་རིང་ཞིང་སོར་མོའི་བར་དྲ་བས་འབྲེལ་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་འདི་ནི་ངས་ཚེ་རབས་སྔ་མའི་སྐྱེ་བར་ལེན་པ་སྤངས་པའི་ལས་དེའི་འབྲས་བུ་ཡིན་ནོ། །དགེ་སྦྱོང་གོའུ་ཏ་མས་སྔོན་ལས་ཅི་ཞིག་བྱས་ཤིང་
74-1-299a
བསགས་ན། དེས་དགེ་སྦྱོང་གོའུ་ཏ་མ་དབང་པོ་ཡོངས་སུ་ཚང་ཞིང་ལུས་རབ་ཏུ་རྒྱས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་འདི་ནི་ངས་ཚེ་རབས་སྔ་མའི་སྐྱེ་བར་འདོད་པ་ལ་ལོག་པར་གཡེམ་པ་ སྤངས་པའི་ལས་དེའི་འབྲས་བུ་ཡིན་ནོ། །དགེ་སྦྱོང་གོའུ་ཏ་མས་སྔོན་ཅི་ཞིག་བྱས་ཤིང་བསགས་ན། དེས་དགེ་སྦྱོང་གོའུ་ཏ་མ་ལྕེས་གདོང་གི་དཀྱིལ་འཁོར་ཐམས་ཅད་ཁེབས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་འདི་ ནི་ངས་ཚེ་རབས་སྔ་མའི་སྐྱེ་བར་བརྫུན་དུ་སྨྲ་བ་སྤངས་པའི་ལས་དེའི་འབྲས་བུ་ཡིན་ནོ། །དགེ་སྦྱོང་གོའུ་ཏ་མས་སྔོན་ལས་ཅི་ཞིག་བྱས་ཤིང་བསགས་ན། དེས་དགེ་སྦྱོང་གོའུ་ཏ་མ་སེང་གེའི་སྟབས་སུ་འགྲོ་བར་གྱུར། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། བྲམ་ཟེ་ཆེན་པོ་འདི་ནི་ངས་ཚེ་རབས་སྔ་མའི་སྐྱེ་བར་འབྲུའི་ཆང་དང ། སྦྱར་བའི་ཆང་མྱོས་པ་བག་མེད་པའི་གནས་སྤངས་པའི་ལས་དེའི་འབྲས་བུ་ཡིན་ནོ། །དགེ་སྦྱོང་གོའུ་ཏ་མས་སྔོན་ལས་ཅི་ཞིག་བྱས་ཤིང་བསགས་ན། དེས་དགེ་སྦྱོང་གོའུ་ཏ་མ་སོ་བཞི་བཅུ་དང་ལྡན་ཞིང་སོ་མཉམ་ལ་སོ་དཀར་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་འདི་ནི་ངས་ཚེ་རབས་སྔ་མའི་སྐྱེ་བར་དུས་མ་ཡིན་པའི་ཟས་སྤངས་པའི་ལས་དེའི་འབྲས་བུ་ཡིན་ནོ། ། དགེ་སྦྱོང་གོའུ་ཏ་མས་སྔོན་ལས་ཅི་ཞིག་བྱས་ཤིང་བསགས་ན། དེས་དགེ་སྦྱོང་གོའུ་ཏ་མ་ཚུལ་ཁྲིམས་ཀྱི་སྤོས་ཀྱིས་ལུས་བྱུགས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་འདི་ནི་ངས་ཚེ་རབས་སྔ་མའི་སྐྱེ་བར་ཕྲེང་བ་དང ། སྤོས་དང ། བྱུག་པ་དང ། ཁ་དོག་འཆང་བ་སྤངས་པའི་ལས་དེའི་འབྲས་བུ་ཡིན་ནོ། །དགེ་སྦྱོང་གོའུ་ཏ་མས་སྔོན་ལས་ཅི་ཞིག་བྱས་ཤིང་བསགས་ན། དེས་དགེ་སྦྱོང་གོའུ་ཏ་མ་ལུས་མཚན་ཐམས་ཅད་ཀྱིས་བརྒྱན་པར་གྱུར། བཅོམ་ལྡན་
74-1-299b
འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་འདི་ནི་ངས་ཚེ་རབས་སྔ་མའི་སྐྱེ་བར་གླུ་དང་གར་དང ། རྒྱན་རྣམས་སྤངས་པས་ལས་དེའི་འབྲས་བུ་ཡིན་ནོ། །དགེ་སྦྱོང་གོའུ་ཏ་མས་སྔོན་ལས་ཅི་ཞིག་བྱས་ཤིང་བསགས་ན། དེས་དགེ་སྦྱོང་གོའུ་ཏ་མ་ སྟན་གསུམ་ལ་ཡོངས་སུ་སྤྱོད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་འདི་ནི་ངས་ཚེ་རབས་སྔ་མའི་སྐྱེ་བར་ཁྲི་སྟན་མཐོན་པོ་དང ། ཁྲི་སྟན་ཆེན་པོ་སྤངས་པའི་ལས་དེའི་འབྲས་བུ་ཡིན་ནོ། །དགེ་སྦྱོང་གོའུ་ཏ་མས་སྔོན་ལས་ཅི་ ཞིག་བྱས་ཤིང་བསགས་ན། དེས་དགེ་སྦྱོང་གོའུ་ཏ་མ་མགོའི་གཙུག་ཏོར་འཕགས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་འདི་ནི་ངས་ཚེ་རབས་སྔ་མའི་སྐྱེ་བར། སངས་རྒྱས་དང ། ཆོས་དང ། དགེ་འདུན་དང ། ཕ་མ་དང ། སློབ་དཔོན་དང ། མཁན་པོ་དང ། བླ་མ་དང ། སྦྱིན་གནས་རྣམས་ལ་ཡན་ལག་ལྔ་ས་ལ་གཏུགས་ཏེ་མགོ་བོས་ཕྱག་འཚལ་ལོ། །མཆོད་པའི་ལས་དེའི་འབྲས་བུ་ཡིན་ནོ། །དེ་ནས་ཀུན་ཏུ་རྒྱུ་སེན་རིངས་ཀྱིས་ཁར་བ་ས་ལ་བོར་ ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཇི་སྲིད་འཚོའི་བར་དུ་ སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཇི་སྲིད་འཚོའི་བར་དུ་ཆོས་ལ་སྐྱབས་སུ་མཆིའོ། །ཇི་སྲིད་འཚོའི་བར་དུ་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཇི་སྲིད་འཚོའི་བར་དུ་ཡན་ལག་བརྒྱད་པའི་བསྙེན་གནས་ལ་ཉེ་བར་གནས་པར་བགྱིའོ། །སྲོག་ ཆགས་ཐམས་ཅད་གསོད་དང་གཞན་ནོར་རྐུ་དང་མི་ཚངས་སྤྱོད་པ་དང ། །ངག་གི་དབྱེ་བ་བརྫུན་དང་མྱོས་སྐྱེད་དུས་མིན་ཟ་བ་དང ། །ཕྲེང་བ་ཁ་དོག་གླུ་དང་གར་དང་རྩེ་འཇོ་མལ་སྟན་མཐོན་པོ་རྣམས། །དེང་ནས་བདག་གིས་སྤངས་ཏེ་ཡོན་ཏན་བརྒྱད་ཀྱིས་
74-1-300a
དགྲ་བཅོམ་ཚུལ་དུ་བགྱི། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུའོ། །བདག་གིས་གསོ་སྦྱོང་གི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་འཛིན་པ་འདི་སེམས་ཀྱི་རྒྱན་དང ། སེམས་ཀྱི་ཡོ་བྱད་དང ། བྱང་ཆུབ་ཀྱི་ཚོགས་སུ་འགྱུར་ བ་དང ། དོན་གྱི་དམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་མྱ་ངན་ལས་འདས་པའི་བདེ་བ་བླ་ན་མེད་པ་ལ་གནས་པར་གྱུར་ཅིག་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་ཁྱོད་དེ་ལྟར་བྱེད་པ་ལེགས་སོ་ལེགས་སོ། །བཅོམ་ལྡན་ འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། ་ ཀུན་ཏུ་རྒྱུ་སེན་རིངས་ཀྱིས་ཞུས་པའི་མདོ་རྫོགས་སོ།། ་་།།བཀའ་དང་པོར་གཏོགས་སོ།། །།