rKTs


D366

(e-text produced by ADARSHA)

see text in transliteration
77-1-151b
༄##། །རྒྱ་གར་སྐད་དུ། ཤྲཱི་སརྦ་བུདྡྷ་ས་མ་ཡོ་ག་ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་ནཱ་མ་ཨུཏྟ་ར་ཏནྟྲ། བོད་སྐད་དུ། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བའི་རྒྱུད་ཕྱི་མ།དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སེམས་ དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་།གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་རབ་ཏུ་ཕྱེ་བའི་ལྷ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་ བའི་མཆོག་།ཆགས་མེད་ཆགས་དང་བྲལ་བ་མིན། །དབུ་མར་ཡང་ནི་མི་དམིགས་སོ། །བུད་མེད་ཀུན་གྱི་སྒྱུ་མའི་རྒྱ། །འདི་ནི་གཉིས་མེད་ཐེག་པའི་མཆོག་།སྒྱུ་མ་དག་ནི་ཐམས་ཅད་པས། །བུད་མེད་སྒྱུ་མ་ཁྱད་པར་ཆེ། །ངོ་བོ་ཉིད་ཀྱི་མཐུ་དག་གིས། །རང་བཞིན་གྱིས་ནི་དེ་འགྲུབ་པའོ། ། འཇིག་རྟེན་གསུམ་འདིར་བུད་མེད་འདིས། །གུས་པར་བྱེད་པ་དག་ཏུ་འགྱུར། །རྙེད་དང་བདེ་དང་དགའ་ཀུན་གྱིས། །ངན་པར་སྤྱོད་པའང་འགྲུབ་པར་འགྱུར། །རང་གི་ངོ་བོ་ཡོངས་བསྒྱུར་ན། །བུད་མེད་ཀུན་གྱི་སྒྱུ་མས་འགྲུབ། །ངོ་མཚར་སྒྱུ་མའི་ཕྱག་རྒྱ་འདི། །མཁའ་འགྲོ་མ་ཞེས་བརྡར་ བསྟན་ཏོ། །ཌཱ་ནི་ནམ་མཁར་འགྲོ་བ་ཞེས། །ཁམས་ལས་མངོན་དུ་བརྟགས་པ་སྟེ། །ནམ་མཁའ་ཀུན་ཏུ་སྤྱོད་འགྲུབ་པ། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཐམས་ཅད་མ་ལུས་ཕྱག་རྒྱ་ཡི། །ཐམས་ཅད་མ་ལུས་བདེ་མཆོག་གིས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་ འགྲོ་མ་ཞེས་རབ་ཏུ་གྲགས། །དེ་ནི་ནམ་མཁའ་འགྲོ་བ་ཞེས། །སངས་རྒྱས་ཁམས་ལས་རྣམ་པར་བརྟགས། །ཀུན་ཏུ་འགྲོ་བར་གྲུབ་པ་ནི། །སངས་རྒྱས་ཀུན་བདག་མཁའ་འགྲོ་མའོ། །ཤཾ་ཞེས་བྱ་བ་བདེ་བར་བཤད། །སངས་རྒྱས་ཀུན་གྱི་བདེ་ཆེན་ཡིན། །སྒྱུ་མ་ཐམས་ཅད་རབ་སྦྱོར་བ། ། མཆོག་ཏུ་བདེ་བས་བདེ་བའི་མཆོག་།ཀུན་ཏུ་ཀུན་ནས་ཐམས་ཅད་ནི། །བདག་ཉིད་རྟག་ཏུ་རྣམ་པ་ཀུན། །སངས་རྒྱས་ལ་སོགས་བརྟན་གཡོ་ཀུན། །ཀུན་གྱི་དངོས་པོར་བདག་གྱུར་ཏོ། །སེམས་དང་སེམས་དཔའི་ཏིང་འཛིན་དང ། །བྱང་ཆུབ་སྤྱོད་པ་སྣ་ཚོགས་ཉིད། །དེ་བཞིན་བདུད་དང་བདུད་
77-1-152a
ལས་རྒྱལ། །དེ་ནི་བྱང་ཆུབ་སངས་རྒྱས་ཡིན། །རྡོ་རྗེ་རྡོ་རྗེ་འཛིན་ཉིད་དང ། །དེ་བཞིན་པདྨོ་པདྨོ་འཆང ། །ནོར་བུ་ནོར་བུ་འཛིན་ཉིད་དང ། །དེ་དག་གི་ཡང་རིགས་ཡིན་ནོ། །དེ་ཉིད་འདོད་ཆགས་འདོད་ཆགས་བྲལ། །འདོད་པ་དང་ནི་གྲོལ་བའང་ཡིན། །དུས་གསུམ་སྲིད་ གསུམ་མཆོག་གསུམ་དང ། །འཇིག་རྟེན་གསུམ་དང་ཁམས་གསུམ་དང ། །རྣམ་པ་སྣ་ཚོགས་ཐ་དད་པའི། །གནས་པ་ཐམས་ཅད་དེ་ཉིད་དོ། །འགྲོ་བ་དག་ནི་མ་ལུས་ཀུན། །ཐམས་ཅད་དུ་ནི་འདི་འགྱུར་རོ། །དེ་ལ་སོགས་པ་མཐའ་ཡས་མཆོག་།ཆོས་དབྱིངས་མཉམ་དང་མི་མཉམ་ པ། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། །དངོས་པོ་ཐམས་ཅད་དེ་ཡིན་ཏེ། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་གོ། །བསྐལ་པ་བྱེ་བ་གྲངས་མེད་པར། ། སངས་རྒྱས་ཐམས་ཅད་མ་ཐོབ་པ། །ཕྱག་རྒྱའི་ཆོ་ག་གང་དག་གིས། །ཚེ་འདི་ཉིད་ཀྱིས་ཐོབ་འགྱུར་བ། །དེ་ཉིད་བདག་གིས་བརྟག་པར་བྱ། །སངས་རྒྱས་ཀུན་བདག་བདེ་བའི་མཆོག་།བདག་ཉིད་ཤིན་ཏུ་བསྒྲུབས་པ་ལས། །སངས་རྒྱས་ཀུན་བདག་བདེ་མཆོག་གོ། །རྣལ་འབྱོར་ཡང་དག་ མ་ཡིན་སེམས། །ལྷ་ལ་དམིགས་པར་བྱེད་པ་དག་།རྣལ་འབྱོར་གཟུགས་བརྙན་རང་བཞིན་ཏེ། །ལུགས་མ་ལ་སོགས་རྣལ་འབྱོར་སྐྱེ། །ཡང་དག་མཆོག་སེམས་རྣལ་འབྱོར་པ། །ལྷ་ལ་དམིགས་པར་བྱེད་པ་དག་།རང་གི་དམ་ཚིག་བདག་སྦྱོར་བ། །མི་འགྱུར་དམ་པ་འགྲུབ་པར་འགྱུར། ། གཟུགས་བརྙན་ལུགས་ལ་སོགས་པ་ལ། །རྣལ་འབྱོར་སྐྱེ་བར་མི་འགྱུར་གྱི། །བྱང་ཆུབ་སེམས་ལ་རབ་བརྩོན་ན། །དེ་ལས་རྣལ་འབྱོར་ལྷར་འགྱུར་རོ། །བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །དེ་བས་ཐམས་ཅད་བདག་སྦྱོར་བས། །སངས་རྒྱས་ཐམས་ཅད་ཐོབ་ པར་འགྱུར། །བདག་ཉིད་སངས་རྒྱས་ཐམས་ཅད་དང ། །དཔའ་བོ་ཐམས་ཅད་བདག་ཡིན་ནོ། །དེ་བས་བདག་ཉིད་ལྷར་སྦྱོར་བས། །བདག་ཉིད་རབ་ཏུ་བསྒྲུབ་པར་བྱ། །དེ་ཡིས་སངས་རྒྱས་ཐམས་ཅད་དང ། །དཔའ་བོ་རྣམས་ཀྱང་ཐམས་ཅད་དང ། །རྡོ་རྗེ་འཛིན་པ་ཐམས་ཅད་དུ། །ཚེ་འདི་
77-1-152b
ཉིད་ལ་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ས་དེ་སྐད་གསུངས་སོ། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་ལས་དེ་ཁོ་ན་ཉིད་སྣང་བ་དམ་པའི་ཡུལ་ལ་འཇུག་པ་ཡེ་ཤེས་ཀྱི་ཕྱག་རྒྱའི་རྟོག་པ་སྟེ་དང་པོའོ།། །།འདི་ནི་རྣལ་འབྱོར་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའ་བདག་སྦྱོར་བས། །དབབ་པ་ཐམས་ཅད་རབ་ཏུ་འགྲུབ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །རྣལ་ འབྱོར་དབང་ཕྱུག་བདེ་བ་ཆེ། །དེ་བས་བདེ་བ་ཉིད་ཀྱིས་ནི། །སངས་རྒྱས་བདེ་བ་ཀུན་འཐོབ་བོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །རྣལ་འབྱོར་དབང་ཕྱུག་བདེ་ཆེན་པོ། །འདི་ལ་ཁྲུས་དང་སྡོམ་མི་དགོས། །དཀའ་ཐུབ་དཀའ་བ་སྤྱད་མི་དགོས། །དཀའ་ཐུབ་སྡོམ་པ་མེད་པ་དང ། ། བདེ་བ་དང་ནི་དགའ་བས་འགྲུབ། །དེ་བས་ཇི་ལྟར་འདོད་སྤྱོད་ཅིང ། །ཀུན་ཟ་དེ་བཞིན་ཐམས་ཅད་སྤྱོད། །སྤྱད་པ་ཇི་ལྟར་འདོད་པར་བྱེད། །གཡོ་བ་དག་ཀྱང་ཅི་དགར་བྱེད། །ལངས་པ་དང་ནི་འདུག་པའམ། །འཆག་གམ་ཇི་ལྟར་གནས་ཀྱང་རུང ། །དགོད་དམ་རབ་ཏུ་སྨྲ་ཡང་རུང ། ། གང་ན་ཇི་ལྟར་སྤྱོད་ཀྱང་རུང ། །དཀྱིལ་འཁོར་དུ་ཡང་མ་ཞུགས་པའམ། །སྒྲིབ་པ་ཀུན་དང་ལྡན་པའང་རུང ། །རང་གི་ལྷར་ནི་བདག་སྦྱོར་ན། །བསོད་ནམས་ཆུང་ཡང་འགྲུབ་པར་འགྱུར། །དེ་ཉིད་རྣལ་འབྱོར་འདི་ཡིས་ནི། །ཐམས་ཅད་སྒྲུབ་པར་བྱེད་པ་ན། །ངན་ཟོས་ངན་སྤྱོད་ཐམས་ཅད་ ཀྱིས། །ཉེས་པ་དག་ཏུ་ཡོང་མི་འགྱུར། །བསྐལ་པ་བྱེ་བར་མི་ཐོབ་པ། །སངས་རྒྱས་དམ་པ་ཐམས་ཅད་དེ། །ཕྱག་རྒྱའི་ཆོ་ག་དག་གིས་ནི། །བསྒྲུབས་ན་ཀུན་ཏུ་ཐོབ་འགྱུར་བ། །བདག་ཉིད་གྲུབ་པར་བྱེད་པའི་མཆོག་།འདི་ནི་བདག་གིས་བརྟག་པར་བྱ། །སངས་རྒྱས་ཐམས་ཅད་ མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔར་བདག་སྦྱོར་བ། །ཆ་ལུགས་ཇི་བཞིན་བསྒྱུར་བ་ཡིས། །ཐམས་ཅད་སྣ་ཚོགས་ཕྱག་རྒྱའི་བདག་།བསོད་ནམས་ཆུང་ཡང་འགྲུབ་པར་འགྱུར། །རྒྱ་འདི་བསྒྲུབ་པ་ཙམ་གྱིས་ནི། །སངས་རྒྱས་ཐམས་ཅད་བྱིན་
77-1-153a
གྱིས་རློབ། །ཤིན་ཏུ་བྱིན་གྱིས་བརླབས་ན་ནི། །སངས་རྒྱས་ཐམས་ཅད་འདུ་བར་འགྱུར། །སངས་རྒྱས་ཀུན་དང་མཉམ་སྦྱོར་བས། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །སངས་རྒྱས་ཀུན་དང་མཉམ་པའི་ཕྱིར། །སངས་རྒྱས་ཐམས་ཅད་འགྲུབ་པར་འགྱུར། ། གང་གིས་ལྡན་པ་འདི་མཐོང་ཞིང ། །རྣམ་པ་ཀུན་ཏུ་མཆོད་བྱེད་ན། །དེ་ཡིས་སངས་རྒྱས་ཐམས་ཅད་ཀྱང ། །མཐོང་ཞིང་མཆོད་པ་བྱས་པར་འགྱུར། །འདི་དང་སངས་རྒྱས་ཐམས་ཅད་ལ། །མཐོང་བ་དང་ནི་རེག་པ་ཡིས། །དཀྱིལ་འཁོར་དག་ཏུ་མ་ཞུགས་པའང ། །བདེན་པ་ དག་ཀྱང་མཐོང་བར་འགྱུར། །མཐོང་བ་དང་ནི་རེག་པ་དང ། །ཐོས་པ་དང་ནི་དྲན་པ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང ། །སངས་རྒྱས་དངོས་གྲུབ་ཐམས་ཅད་འགྲུབ། །འདི་དང་སངས་རྒྱས་ཐམས་ཅད་ལ། །རྣལ་འབྱོར་ཐམས་ཅད་མཉམ་སྦྱོར་བས། །བུད་མེད་དག་ཀྱང་ རྣམ་གྲོལ་ཞིང ། །སངས་རྒྱས་བྱང་ཆུབ་རེག་པར་འགྱུར། །ཀུན་ཏུ་ཀུན་ནས་ཐམས་ཅད་ནི། །བདག་ཉིད་རྣམ་པ་ཐམས་ཅད་དུ། །སངས་རྒྱས་ཐམས་ཅད་དངོས་གྲུབ་པར། །དེ་ཡི་བདག་ཉིད་མཐོང་བར་འགྱུར། །འདི་ནི་བདག་ཉིད་ཀུན་གནས་པས། །མཆོད་པའི་སྤྲིན་ཆེན་ཐམས་ཅད་ ཀྱི། །བཀོད་པ་རབ་འབྱམ་ཚོགས་དག་གིས། །དེ་བཞིན་གཤེགས་པ་མཆོད་པ་མཛད། །ཐམས་ཅད་བདག་ཉིད་སྦྱོར་མཆོད་དཔལ། །རྡོ་རྗེ་སེམས་དཔའ་མཆོག་གྱུར་པ། །སངས་རྒྱས་ཀུན་གྱི་རང་བཞིན་ཏེ། །བདེ་བའི་མཆོག་ནི་ཐོབ་པར་འགྱུར། །རྣལ་འབྱོར་ཀུན་ལ་ཉེར་སྦྱོར་བས། ། དཔལ་ནི་གཞིར་འགྱུར་འགྲུབ་པར་འགྱུར། །རྣལ་འབྱོར་ཀུན་ནི་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དེ་ཡི་ཉེ་བར་སྦྱོར་བ་ནི། །ཁམས་གསུམ་མ་ལུས་ཐམས་ཅད་དོ། །རྣལ་འབྱོར་ཀུན་གྱི་ལོངས་སྤྱོད་ཀྱིས། །ཇི་ལྟར་བདེ་བར་སྟེན་བྱེད་ཅིང་།།རང་གི་ ལྷ་ཡི་རྣལ་འབྱོར་གྱིས། །བདག་ཉིད་རབ་ཏུ་མཆོག་པར་བྱ། །རྗེས་སུ་སྦྱོར་བས་མཆོད་བྱེད་ཅིང ། །རྣལ་འབྱོར་ཀུན་གྱི་བདེ་བ་དག་།བདག་ཉིད་ཀུན་ཏུ་མྱོང་བྱེད་ན། །ཤིན་ཏུ་སྦྱོར་བས་འགྲུབ་པར་འགྱུར། །སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི། །ར་ས་ཡ་ན་བདེ་བ་འདིས། །རྡོ་རྗེ་
77-1-153b
སེམས་དཔའི་དཔལ་ཚེ་དང ། །ལང་ཚོ་ནད་མེད་བདེ་མཆོག་འགྲུབ། །ཀུན་ཏུ་ཀུན་ནས་ཐམས་ཅད་དུ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་།རྟག་ཏུ་དེ་ནི་འགྲུབ་པར་འགྱུར། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་དེ་སྐད་ གསུངས་སོ། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་ལས་དཔལ་རྡོ་རྗེ་སེམས་དཔའ་ཀུན་ཏུ་སྦྱོར་བའི་རྟོག་པ་སྟེ་གཉིས་པའོ།། །།འདི་ནི་རྣལ་འབྱོར་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སངས་རྒྱས་ ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་།རྡོ་རྗེ་སེམས་དཔའི་རྣལ་འབྱོར་པ། །དཔལ་ལྡན་རང་གི་དམ་ཚིག་བདེ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །རྣལ་འབྱོར་དབང་ཕྱུག་བདེ་བ་ཆེ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བས། །མཐུ་ཉིད་ཀྱིས་ ནི་ཐམས་ཅད་དུ། །ཕྱག་རྒྱ་བདེ་བ་ཆེན་པོ་ཀུན། །སོ་སོ་རྗེས་སུ་རང་འགྲུབ་འགྱུར། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བས། །མཐུ་ཉིད་ཀྱིས་ནི་ཐམས་ཅད་དུ། །རྣལ་འབྱོར་བདེ་བ་མྱོས་པ་ཀུན། །སོ་སོ་རྗེས་སུ་རང་འགྲུབ་འགྱུར། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བས། །མཐུ་ཉིད་ཀྱིས་ ནི་ཐམས་ཅད་དུ། །བདེ་བའི་མྱོས་པའི་དངོས་གྲུབ་ཀུན། །སོ་སོའི་རྗེས་སུ་རང་འགྲུབ་འགྱུར། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བས། །མཐུ་ཉིད་ཀྱིས་ནི་ཐམས་ཅད་དུ། །བདེ་བ་མྱོས་པའི་དབང་ཕྱུག་ཀུན། །སོ་སོའི་རྗེས་སུ་རང་འགྲུབ་འགྱུར། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བས། ། མཐུ་ཉིད་ཀྱིས་ནི་ཐམས་ཅད་དུ། །ནམ་མཁའི་དབྱིངས་ཀྱི་མཐའ་ཡས་པའི། །བུད་མེད་མཆོག་རྣམས་སྐྱེ་བར་འགྱུར། །དེ་ཡི་དམ་ཚིག་དེ་བྱུང་བ། །སྡུག་པའི་དམ་ཚིག་བདག་རྗེས་འབྲང ། །ཤིན་ཏུ་སྦྱོར་དང་སྦྱོར་ཆེན་པོ། །ཐམས་ཅད་བདག་ཉིད་དམ་ཚིག་མཆོག་།གཅིག་བཞིན་དུ་ནི་ གཅིག་སྤྱོད་པ། །ལྷན་ཅིག་སྤྱོད་པས་རྗེས་སྤྱོད་སྡུག་།སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་མཆོག་ཏུ་འབར། །ཐམས་ཅད་དགའ་བ་མ་ལུས་པའི། །ཕྱག་རྒྱ་ཐམས་ཅད་བདེ་བ་ཆེ། །རྟག་པ་དམ་པ་ལྷ་མོ་ཡི། །རྒྱལ་མོས་མཆོད་པ་ཐམས་ཅད་མཆོག་།རྡོ་རྗེ་སེམས་
77-1-154a
དཔའ་སྦྱོར་བ་དང ། །ཐམས་ཅད་ལྷ་མོ་འདུས་པས་ནི། །མ་ལུས་སྐལ་བ་བཟང་པོ་ཀུན། །བདེ་བས་སོ་སོ་རྗེས་སུ་འགྲུབ། །ཕྱག་རྒྱ་འདི་ཡིས་བཏབ་པ་ལས། །རྡོ་རྗེ་སེམས་དཔའ་ཆེ་བའི་ལྷ། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། །ལྷ་མོ་བདེ་བ་ཆེན་མོ་ཀུན། །ཐམས་ ཅད་རྣལ་འབྱོར་བདེ་བས་མྱོས། །སྡིག་མེད་སྟོབས་ཀྱིས་ངོ་འཐོན་དུ། །ཕན་ཚུན་དུ་ནི་རབ་དགའ་བས། །སྐྱེས་བུའི་ཚུལ་གྱིས་དགའ་བར་བྱེད། །དབང་པོ་ཀུན་ནས་བྱུང་བ་ཡིས། །མཆོད་པའི་སྤྲིན་ཆེན་ཐམས་ཅད་ཀྱི། །བཀོད་པ་རབ་འབྱམ་ཚོགས་རྣམས་ཀྱིས། །ཐམས་ཅད་བདག་ཉིད་ མཆོད་པར་བྱེད། །རྣལ་འབྱོར་བདེ་བ་ཐམས་ཅད་ཀྱི། །དབང་བསྐུར་བདེ་ཆེན་ལས་བྱུང་བ། །རིན་ཆེན་ཚོགས་རྣམས་ཐམས་ཅད་ཀྱིས། །རབ་ཏུ་རྨོངས་པས་དབང་བསྐུར་འགྱུར། །ལྷ་མོ་ཀུན་གྱི་ལོངས་སྤྱོད་ལ། །ཅི་བདེ་བར་ནི་བསྟེན་བྱ་བ། །བདག་ནི་ཆེ་བའི་ལྷར་སྦྱོར་བས། ། བདག་ལ་བདག་གིས་རབ་ཏུ་མཆོད། །རྣལ་འབྱོར་ཐམས་ཅད་བདེ་བ་ཡི། །རྗེས་སུ་སྦྱོར་བས་མཆོད་བྱེད་ཅིང ། །རྟག་ཏུ་མྱོང་བར་བྱེད་པ་ན། །ཤིན་ཏུ་སྦྱོར་བས་རབ་འགྲུབ་འགྱུར། །སངས་རྒྱས་ཐམས་ཅད་བདག་ཉིད་ཀྱི། །ར་ས་ཡ་ན་བདེ་བ་དེས། །རྡོ་རྗེ་སེམས་དཔའི་དཔལ་ཚེ་དང ། ། ལང་ཚོ་ནད་མེད་བདེ་མཆོག་འགྲུབ། །སངས་རྒྱས་ཀུན་གྱི་སྐུ་ཆེན་དང ། །སངས་རྒྱས་ཀུན་གྱི་གསུང་སྙན་པ། །སངས་རྒྱས་ཀུན་གྱི་ཐུགས་ཆེན་པོ། །སངས་རྒྱས་ཀུན་གྱི་མཆོད་པ་ཆེ། །སངས་རྒྱས་ཀུན་གྱི་རྒྱལ་ཆེན་པོ། །རྡོ་རྗེ་འཛིན་པ་ཀུན་གྱི་བདག་།འཇིག་རྟེན་དབང་ཕྱུག་ཀུན་ གྱི་གཙོ། །རིན་ཆེན་དབང་ཕྱུག་ཀུན་གྱི་བདག་།དེ་དག་དང་ནི་དགའ་སྤྱོད་ན། །འདོད་པ་བཞིན་དུ་འགྲོ་འོང་ལྡིང ། །ལྷ་མོ་ཐམས་ཅད་གྲུབ་ཆེན་པོ། །འཁོར་ལོས་སྒྱུར་བ་རབ་ཏུ་འགྲུབ། །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའི་དབྱིངས་ཀྱི་མཐས་ཀླས་པར། །དངོས་ གྲུབ་ཀུན་གྱི་བདེ་མྱོས་པ། །དེ་ལས་རྒྱ་ཆེན་མཆོག་གཞན་མེད། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །རྣལ་འབྱོར་དབང་ཕྱུག་བདེ་ཆེན་དེས། །འདི་ལ་ཚེ་འདི་ཉིད་ཀྱིས་ནི། །རྣམ་པ་ཀུན་ཏུ་མི་འགྲུབ་པའི། །དངོས་གྲུབ་ཀུན་གྱི་བདེ་མྱོས་པ། །ཆོས་དབྱིངས་མཉམ་དང་མི་
77-1-154b
མཉམ་པ། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། །དབང་ཕྱུག་ཀུན་གྱི་བདེ་མྱོས་པ། །དམ་པ་རྒྱ་ཆེན་གང་ཡང་མེད། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་དེས། །འདི་ལ་ཚེ་འདི་ཉིད་ཀྱིས་ནི། །རྣམ་པ་ཀུན་ཏུ་མི་འགྲུབ་མེད། །ཅེས་ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་དེ་སྐད་གསུངས་སོ། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་ལས། ལྷ་མོ་ཐམས་ཅད་དང་མཉམ་པར་སྦྱོར་བ་སྐལ་བ་མཆོག་བཟང་པོ་དཔལ་རྡོ་རྗེ་དམ་ཚིག་གི་རྟོག་པ་སྟེ་གསུམ་པའོ།། །།འདི་ནི་རྣལ་འབྱོར་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་།ལྷ་མོ་ཀུན་དང་མཉམ་སྦྱོར་བ། །སྐལ་བ་བཟང་མཆོག་འདོད་པ་སྟེ། །ཡང་དག་སྦྱོར་བའི་བདེ་མྱོང་བ། །འདོད་ཆགས་ ཐེར་ཟུག་བརྟན་བའོ། །སངས་རྒྱས་ཀུན་གྱི་གཟུགས་ཆེན་དང ། །དབྱངས་དང་དྲི་དང་རོ་དག་དང ། །སངས་རྒྱས་ཀུན་གྱི་རེག་བདེ་མཆོག་།རང་གི་སྤྱོད་པར་རབ་སྤྱོད་དོ། །སངས་རྒྱས་ཕ་རོལ་ཕྱིན་གྲུབ་པ། །གཟུངས་དང་ས་རྣམས་དེ་བཞིན་དུ། །དགའ་བར་སྤྱོད་ན་ལྷ་དང་ མིའི། །སྐལ་བཟང་བུད་མེད་ཅི་ཞིག་སྨོས། །ལྷ་ཡི་དངོས་གྲུབ་དགའ་བ་དང ། །སངས་རྒྱས་བྱང་ཆུབ་བདེ་ཆེན་པོ། །སྐལ་བ་བཟང་པོ་བདེ་མྱོང་བས། །སོ་སོར་རྗེས་སུ་རང་འགྲུབ་འགྱུར། །དངོས་གྲུབ་ཐམས་ཅད་ལས་བྱུང་བ། །དེ་བཞིན་གཤེགས་པ་ཀུན་གྱི་དཔལ། །སྐལ་བ་ བཟང་པོའི་ལོངས་སྤྱོད་ཀུན། །རང་གི་སྤྱོད་པར་དེ་སྤྱོད་དོ། །རྡོ་རྗེ་ཅན་གྱི་གྲུབ་མཆོག་དང ། །འཇིག་རྟེན་དང་པོ་མཆོག་གི་དཔལ། །སངས་རྒྱས་དགའ་བས་བདེ་དམ་པ། །ཕྲོགས་ནས་ཉེ་བར་སྤྱོད་པར་བྱེད། །ཁམས་གསུམ་དག་ན་མ་ལུས་པའི། །སངས་རྒྱས་རྒྱལ་སྲིད་ཆེན་པོ་ ཀུན། །རྩལ་གྱི་སྟོབས་ཀྱིས་ངོ་འཐོན་དུ། །ཕྲོགས་ནས་ཉེ་བར་སྤྱོད་པར་བྱེད། །སངས་རྒྱས་ཀུན་གྱི་གྲུབ་ཆེན་པོ། །མཆོག་གི་དབང་ཕྱུག་དམ་པ་དག་།ཀུན་ནས་ཕྲོགས་ནས་དེ་སྤྱོད་ན། །ལོངས་སྤྱོད་གཞན་ལྟ་ཅི་ཞིག་སྨོས། །མཐུ་ཆེན་ལས་ནི་བཀྲ་ཤིས་བརྟན། །ཕྲོགས་ལས་
77-1-155a
གྲུབ་དང་དྲན་ལས་དགའ། །ངོ་འཐོན་སྟོབས་ཀྱིས་ཕྲོགས་ནས་ཀྱང ། །དེ་ནི་དད་ལ་སྦྱིན་པར་བྱེད། །མ་ལུས་འཇིག་རྟེན་གསུམ་རྒྱལ་སྲིད། །འཇིག་རྟེན་དབང་ཕྱུག་ཀུན་དང་བཅས། །ངོ་འཐོན་སྟོབས་ཀྱིས་ཕྲོགས་ནས་ཀྱང ། །དེ་ནི་དད་ལ་སྦྱིན་པར་བྱེད། །ཚངས་ པ་འཇུག་སེལ་དབང་ཆེན་གྱི། །མཆོག་གི་དབང་ཕྱུག་དམ་པ་དག་།ཀུན་ནས་ཕྲོགས་ཏེ་མྱུར་སྦྱིན་ན། །ལོངས་སྤྱོད་གཞན་ལྟ་ཅི་ཞིག་སྨོས། །དེ་ཡིས་མི་སྦྱིན་ཅི་ཡང་མེད། །སངས་རྒྱས་དོན་དུ་བྱ་བ་ཀུན། །མི་བྱ་བ་ནི་གང་ཡང་མེད། །སྦྱིན་པ་དང་ནི་བྱེད་པའང་ཡིན། །སངས་རྒྱས་ བྱང་ཆུབ་སེམས་དཔའ་ཡང ། །ཕྲོགས་ནས་ཀྱང་ནི་སྦྱིན་བྱེད་ན། །ལས་མཆོག་དང་ནི་རབ་འབྱམ་དང ། །དངོས་གྲུབ་གཞན་ལྟ་ཅི་ཞིག་སྨོས། །དངོས་གྲུབ་མཆོག་ནི་གདོན་མི་ཟ། །སྡེ་རྣམས་ཐམས་ཅད་རབ་འཇོམས་པ། །སངས་རྒྱས་ཀུན་གྱི་གྲུབ་ཆེན་པོ། །འཁོར་ལོས་སྒྱུར་བ་ རབ་གྲུབ་པ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་གིས། །སངས་རྒྱས་ཀུན་གྱི་རྫུ་འཕྲུལ་ཆེ། །རྣམ་པར་འཕྲུལ་པ་རབ་ཏུ་འཇུག་།ལ་ལར་བྱང་ཆུབ་སེམས་ཆེན་པོ། །ལ་ལར་སྤྱོད་པ་མཐུན་པར་འགྲོ། །ལ་ལར་དགའ་ལྡན་ལྷ་དག་ལས། །དམ་པ་ ཤིན་ཏུ་འཕོ་བའོ། །ལ་ལར་སྐྱེ་བ་རྣམ་པར་དག་།ལ་ལར་ངེས་པར་འབྱུང་བར་གསལ། །ལ་ལར་བྱང་ཆུབ་ཆེན་པོར་གཤེགས། །ལ་ལར་བདུད་ལས་རབ་ཏུ་རྒྱལ། །ལ་ལར་བྱང་ཆུབ་མངོན་འཚང་རྒྱ། །ལ་ལར་ཆོས་ཀྱི་འཁོར་ལོ་བསྐོར། །ལ་ལར་ཕ་རོལ་མུ་སྟེགས་རྣམས། ། ཆོས་དང་མཐུན་པར་ཚར་གཅད་དོ། །ལ་ལར་འཇིག་རྟེན་གསུམ་རྒྱལ་བ། །གྲུབ་པ་ཀུན་གྱི་དབང་ཕྱུག་ཉིད། །ལ་ལར་རྟོག་པ་ཐམས་ཅད་མཆོག་།གྲུབ་པའི་དབང་ཕྱུག་བླ་ན་མེད། །དེ་ལ་སོགས་པ་མཐའ་ཡས་མཆོག་།སངས་རྒྱས་ཀུན་བདག་བདེ་མཆོག་གིས། །འདུལ་ བའི་ཐབས་སུ་ངེས་པའི་གར། །རྣམ་པར་སྤྲུལ་བས་དགྱེས་ཤིང་རོལ། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་།བརྟན་པ་དབང་ཕྱུག་ཆེན་པོའི་བདག་།གཟུགས་དང་ཚེ་དང་ཁ་དོག་སྟོབས། །དཔལ་ལྡན་རྡོ་རྗེ་སེམས་དཔའ་བཞིན། །འགྲོ་བ་དག་གིས་བསྙེན་བྱ་ཞིང ། །དེ་བཞིན་
77-1-155b
གཤེགས་པ་ཀུན་གྱིས་མཆོད། །ལྷ་མོ་ཀུན་གྱི་དཔལ་ལྡན་མཆོག་།རྡོ་རྗེ་སེམས་དཔར་རབ་ཏུ་འགྲུབ། །སེམས་ཅན་ཁམས་ནི་དུ་མ་དག་།མ་ལུས་པར་ནི་ཕྱག་རྒྱས་འདེབས། །ལྷ་དང་བྱང་ཆུབ་དཀའ་བ་རྣམས། །བརྟན་པར་སེམས་ཅན་དག་ལ་སྨིན། །སངས་རྒྱས་ཀུན་བདག་བདེ་མཆོག་ གིས། །སེམས་ཅན་ཀུན་གྱི་དོན་བྱེད་ཅིང ། །མ་ལུས་ལུས་པ་མེད་པ་ཡི། །བསྐལ་པ་ཀུན་ཏུ་སྲིད་པར་གནས། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་དེ་སྐད་གསུངས་སོ། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་ལས་སྣ་ཚོགས་ཐམས་ ཅད་ཀྱི་སྐལ་བ་བཟང་པོ་མཆོག་གི་དངོས་གྲུབ་ཅེས་བྱ་སྟེ། དཔལ་དམ་ཚིག་གི་རྟོག་པ་སྟེ་བཞི་པའོ།། །།འདི་ནི་རྣལ་འབྱོར་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་།ཡང་དག་ གྲུབ་པ་གཅིག་པུ་ཉིད། །ཇི་ལྟར་འདོད་པ་བཞིན་དུ་སྦྱར། །རྟོག་པའི་ཆོ་ག་ཐམས་ཅད་ལ། །གྲུབ་པ་དམ་པ་མཆོག་གི་མཆོག་།སྣ་ཚོགས་ལས་ཀྱི་སྦྱོར་བ་ཡིས། །ཆོ་ག་སྣ་ཚོགས་འདོད་པ་ཡི། །སེམས་ཅན་རྣམས་ནི་འདུལ་བ་དང ། །བདེ་བ་ཐམས་ཅད་འགྲུབ་པའི་ཕྱིར། ། བཅོམ་ལྡན་རྣལ་འབྱོར་དེ་ཉིད་ནི། །སངས་རྒྱས་ཐམས་ཅད་རྣམ་འཕྲུལ་བས། །སེམས་ཅན་ཀུན་དོན་རྣམ་འཕྲུལ་ན། །མྱུར་དུ་ཤིན་ཏུ་འགྲུབ་པར་འགྱུར། །ཉིན་རེའམ་ཡང་ན་ཟླ་རེའམ། །ཡང་ན་དེ་བཞིན་ལོ་རེ་ནི། །ཅི་བཞིན་བྱིན་གྱིས་བརླབས་ནས་ཀྱང ། །སངས་རྒྱས་བདེ་མཆོག་ གར་བྱའོ། །ཁམས་ཀྱི་ངོ་བོ་ཐམས་ཅད་དང ། །དེ་བཞིན་སྲོག་དང་རྩ་ལས་འབྱུང ། །རང་གི་ལྷ་ཡི་ཆ་ལུགས་སུ། །བསྒྲུབ་པའི་ཕྱག་རྒྱ་རབ་ཏུ་བྱ། །དཀྱིལ་འཁོར་གང་དང་གང་བསྟེན་པ། །སྣ་ཚོགས་ཕྱག་རྒྱའི་མཆོད་པ་ཡིས། །སློབ་མའི་ཚོགས་ཀུན་དེ་དང་དེར། །མཆོད་ པ་བྱས་ནས་དེས་བསྒྲུབ་བོ། །དེ་ལས་གཞན་ཡང་རྟོག་ཀུན་གྱི། །སངས་རྒྱས་ཐམས་ཅད་རྣམ་སྤྲུལ་པ། །ཅི་རིགས་པར་ནི་སྤྲུལ་བྱས་པའི། །གཏམ་དག་རབ་ཏུ་བཤད་པར་བྱ། །སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་།གསང་བ་མཆོག་
77-1-156a
གིས་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །འདི་ནི་རྣལ་འབྱོར་བཅོམ་ལྡན་འདས། །རྟག་པ་དམ་པ་བརྟན་པ་སྟེ། །རྟག་ཏུ་ད་ལྟར་འབྱུང་བ་བཞིན། །ངོ་བོ་ཉིད་ནི་འདའ་བར་དཀའ། །ཆོ་ག་སྣ་ཚོགས་འདོད་རྣམས་ལ། །ལས་ཀྱི་སྦྱོར་བ་སྣ་ཚོགས་ ཀྱིས། །སངས་རྒྱས་རྡོ་རྗེ་འཛིན་ལ་སོགས། །འདུལ་བའི་ཕྱིར་ནི་བྱས་པ་ཡིན། །སངས་རྒྱས་ལ་སོགས་བརྟན་གཡོ་ཀུན། །ཀུན་གྱི་དངོས་པོར་འདི་འགྱུར་རོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་།སྒྱུ་མའི་སྦྱོར་བ་འདི་ཡིས་ནི། །རྣམ་ པ་སྣ་ཚོགས་ཀུན་གྱི་མཆོག་།སེམས་ཅན་ཀུན་གྱི་དོན་མཆོག་རྣམས། །སངས་རྒྱས་ལ་སོགས་འདུལ་བས་འགྲུབ། །དཔལ་རྡོ་རྗེ་སེམས་དཔས་དབུགས་ཕྱུང་བའོ།། །།འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་ གསུང་རབ་ལ། །འགྲོ་བའི་ཚུལ་ནི་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་སྟོང་པ་ཉིད་ལ་བརྩོན། །འགོག་པའི་ཆོས་ཉིད་ལ་སྦྱོར་བས། །འགགས་ཤིང་ཡོངས་སུ་མྱ་ངན་འདས། །རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། ། གྲོལ་བ་ཐམས་ཅད་རྣམ་སྦྱང་ཕྱིར། །སངས་རྒྱས་སྤྲུལ་པ་ཀུན་ཏུ་བསྐྱེད། །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མར་ཡང་ནི་མི་དམིགས་ཏེ། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །ཐབས་དང་སྙིང་རྗེ་བདག་ཉིད་རྣམས། །དེ་བས་དེ་ནི་སྙིང་རྗེའི་ཐབས། །ཤེས་རབ་ཕ་རོལ་ཕྱིན་པར་གསལ། ། རྟོག་པ་མེད་པའི་ཆོས་རྣམས་ལ། །སེམས་ཅན་དོན་དུ་ཡོངས་བརྟགས་པ། །རྣམ་པར་མི་རྟོག་ལ་མོས་པས། །ཐམས་ཅད་རྟོག་པས་བརྟག་པར་བྱ། །བྲག་ཆ་ཡི་ནི་སྒྲ་འདྲ་བ། །ཆོས་ཀྱི་ཚིག་ཏུ་དེ་འགྱུར་ཏེ། །དེ་ལས་ཐེག་པ་ཆེན་པོ་ཡི། །ཡང་དག་ཡོན་ཏན་རྒྱས་པའི་གླུས། །དུས་གསུམ་ པ་ཡི་དམ་ཚིག་གསུམ། །དེ་བཞིན་གཤེགས་པ་ཐམས་ཅད་བསྟོད། །མཉམ་མེད་མི་གཡོ་མཉམ་མེད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་
77-1-156b
མེད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྒྲུན་དུ་ཡོད་པའང་མིན། །དངོས་གྲུབ་མཐའ་ཡས་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པའི་ ཐུགས་རྗེའི་ཤུགས་ལས་བྱུང ། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང ། །ཚད་མེད་ཚད་དང་བྲལ་བས་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོ་འཕང་དམ་པ བརྙེས་གྱུར་ཀྱང ། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །ཐུགས་རྗེ་སྤྱོད་པ་མི་གཡོ་འགག་པར་ཡོང་མི་འགྱུར། །ེ་མའོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ན་གོ་འཕང་མཆོག་བརྙེས་པས། །ཁམས་གསུམ་ཀུན་ ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པ། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱ་ཆེན་ཏེ། །ལན་ཅིག་ཙམ་ནི་བརྗོད་པས་ཀྱང ། །སངས་རྒྱས་ ཐམས་ཅད་འགྲུབ་པར་འགྱུར། །སངས་རྒྱས་ཀུན་བདག་ཉིད་སྦྱོར་བས། །བསྟོད་པའི་རྒྱལ་པོ་འདི་ཉིད་ཀྱིས། །དུས་གསུམ་པ་ཡི་རྒྱལ་བ་ཀུན། །དམ་ཚིག་གསུམ་གྱིས་འགྲུབ་པར་འགྱུར། །སྐུ་ནི་ལྟ་བས་མི་ངོམས་པ། །ཐམས་ཅད་བདག་ཉིད་བསྟན་ནས་ཀྱང ། །ལེགས་སོ་ཞེས་ནས་ དངོས་གྲུབ་ནི། །མཆོག་རྣམས་ཀུན་ནི་རབ་སྨིན་མཛད། །ཐམས་ཅད་བདག་ཉིད་འགྲུབ་དགའ་དང ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས། །སངས་རྒྱས་འགྲུབ་པ་མཆོག་ཀུན་དང ། །རྣལ་འབྱོར་དམ་པའང་སྦྱིན་པར་མཛད། །དེ་ནས་དེ་ཡིས་བསྒྲུབ་པ་དང ། །ཤིན་ཏུ་རྟག་པའི་ དངོས་གྲུབ་དག་།གང་གིས་སྲིད་པ་འདི་ཉིད་ལ། །དངོས་གྲུབ་ཤིན་ཏུ་རྟག་ཐོབ་བཤད། །རྡོ་རྗེ་སེ་གོལ་གཏོགས་པ་ཡིས། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །ཐལ་མོ་ལེགས་པར་སྦྱར་བ་ཡིས། །ཐལ་མོ་ལན་གསུམ་རྣམ་པར་བརྡབ། །དབང་པོ་གང་དང་གང་ལམ་གྱུར། །དེ་དང་
77-1-157a
དེ་ཡི་ངོ་བོར་བྱ། །ཤིན་ཏུ་མཉམ་གཞག་སྦྱོར་བ་ཡིས། །སངས་རྒྱས་ཀུན་དང་མཉམ་སྦྱོར་ཞིང ། །ཇི་ལྟར་མོས་པའི་ཆགས་པ་དང ། །ཥ་ཌ་པ་ལ་སོགས་པ་ཡིས། །ཅི་ནས་ཡོངས་སུ་མ་སྐྱོ་བར། །རྟག་ཏུ་ཚད་མེད་བཟླས་པར་བྱ། །ཀུན་ཏུ་ཀུན་ནས་ཐམས་ཅད་ནི། །བདག་ ཉིད་རྟག་ཏུ་རྣམ་པ་ཀུན། །སངས་རྒྱས་ཀུན་ཏུ་དངོས་གྲུབ་པ། །རབ་ཏུ་མཐོང་ཞིང་མཆོག་གྲུབ་པའོ། །འདི་ཡིས་སངས་རྒྱས་ཐམས་ཅད་དང ། །དེ་བཞིན་དཔའ་བོ་ཐམས་ཅད་དང ། །རྡོ་རྗེ་འཛིན་པ་ཐམས་ཅད་དུ། །ཚེ་འདི་ཉིད་ཀྱིས་འགྲུབ་པར་འགྱུར། །སངས་རྒྱས་ཀུན་གྱི་ཡོན་ཏན་ བསྔགས་པ་རྒྱ་ཆེ་བ། །བསྟོད་པའི་རྒྱལ་པོ་མཆོག་ནི་ལན་ཅིག་གླུར་བླངས་པས། །ཀུན་ཏུ་འགྲོ་བའི་རྣལ་འབྱོར་དམ་པ་རྟག་པའི་མཆོག་།དངོས་གྲུབ་མི་ཟད་བདེ་བའི་མཆོག་ཉིད་ཐོབ་པར་འགྱུར། །བསྟོད་པའི་རྒྱལ་པོ་འདི་ཡིས་ནི། །ཐམས་ཅད་བདག་ཉིད་དབང་ཕྱུག་མཆོག་། སྣ་ཚོགས་ཀུན་གྱིས་རྣམ་འདུལ་བ། །དེ་བཞིན་གཤེགས་པ་ཀུན་གྲུབ་སྟེ། །དེ་བས་དམ་ཚིག་གསུམ་ལ་སོགས། །རྟོག་པ་བླ་མེད་ཐམས་ཅད་ཀྱིས། །ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི། །སེམས་ཅན་ཁམས་ནི་རྣམ་པར་གྲོལ། །དཔལ་རྣམ་པར་སྣང་མཛད་ཀྱིས་དབུགས་ ཕྱུང་བའོ།། །།འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་དུ་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་ཁྲོ་གཏུམ་གདུག་པར་འགྱུར། །ཤིན་ཏུ་གདུག་པར་ཁྲོ་བ་ཡིས། །འོ་དོད་འབོད་པར་ ལྷུང་བར་འགྱུར། །དེ་ནས་འཕོས་ནས་སེམས་ཅན་དེ། །བག་ཆགས་ཀྱིས་ནི་མཚམས་སྦྱོར་བས། །ཤིན་ཏུ་གདུག་པ་ཆེན་པོར་གྱུར། །བློ་ནི་བདུད་ཀྱིས་བྱིན་བརླབས་ནས། །རིམས་དང་དུག་དང་དབྱིག་དུག་ནད། །ཕྲ་མེན་མ་དང་གནོད་སྦྱིན་གདོན། །བདུད་དང་རྣམ་པར་ལོག་འདྲེན་ཉིད། ། ཤིན་ཏུ་གདུག་པ་ཆེན་པོར་འགྱུར། །གནས་གསུམ་པོ་ནི་འཇིགས་བྱེད་ཅིང ། །སྒྲུབ་པ་པོ་རྣམས་ལ་ཡང་ཟ། །ལྷ་ལ་སོགས་པའང་འཕོ་བར་བྱེད། །བསྟན་པ་དག་ཀྱང་འཇིག་པར་བྱེད། །དེ་ནས་དབང་པོར་བཅས་པའི་ལྷ། །ཚངས་པའི་དྲུང་དུ་ཉེ་བར་དོང ། །ཚངས་པའང་ལྷ་དང་དབང་
77-1-157b
པོར་བཅས། །འཇུག་སེལ་ལ་ཡང་སྐྱབས་སུ་དོང ། །ཚངས་དང་འཇུག་སེལ་ལྷ་རྣམས་ཀྱང ། །ལྷ་ཆེན་དྲུང་དུ་ཉེ་བར་དོང ། །ཚངས་པ་འཇུག་སེལ་དབང་ཆེན་ཡང ། །རྡོ་རྗེ་ཅན་ལ་སྐྱབས་སུ་དོང ། །དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །རྡོ་རྗེ་སེ་གོལ་ ཕྱག་རྒྱས་ནི། །སངས་རྒྱས་ཐམས་ཅད་བསྡུ་བར་མཛད། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །དཔུང་པ་གཉིས་ནི་རྡོ་རྗེར་བཅིངས། །རྡོ་རྗེ་སེ་གོལ་བརྡབས་པ་ཡིས། །སངས་རྒྱས་ཐམས་ཅད་བསྡུ་མཛད་ན། །དེ་ཡི་བཀའ་ཙམ་གྱིས་སྐྲག་ནས། །འཁོར་དང་འཁོར་ལོའི་ཚོགས་བཅིངས་ པ། །སངས་རྒྱས་ཐམས་ཅད་གཤེགས་འགྱུར་ན། །གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས། །རྡོ་རྗེ་སེ་གོལ་གཏོགས་པ་ཡིས། །འཇིག་རྟེན་ཁམས་ནི་མ་ལུས་པར། །སངས་རྒྱས་རྡོ་རྗེ་འཛིན་བཅས་པ། །ཀུན་གྱིས་ཏིལ་འབྲུ་བཞིན་དུ་རྒྱས། །ཤིན་ཏུ་གདུག་པར་གཏུམ་པོ་ལ། །ཞི་བས་ ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ཡི། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང ། །འཇིག་རྟེན་གསུམ་དག་སྲེག་བྱེད་ན། །སངས་རྒྱས་ཐམས་ཅད་ཁྲོས་པ་ཡིས། །ཁམས་གསུམ་མ་ལུས་སྨོས་ཅི་དགོས། །དེ་ནས་སྣ་ཡི་རྩེ་མོ་ལ། ། ཡིད་ནི་བརྟན་པར་ཡང་དག་གཟུང ། །སྣ་ཡི་དབུགས་རིང་དྲོ་བ་ལས། །རྒྱལ་བས་ཕྱག་རྒྱའི་སྦྱོར་བ་བྱུང ། །བཅོམ་ལྡན་དེ་ཉིད་རྣལ་འབྱོར་བ། །རྡོ་རྗེ་ཁྲོ་བོར་གྱུར་ནས་བྱུང ། །དཔལ་ཆེན་རྡོ་རྗེ་ཧེ་རུ་ཀ་།འབར་བས་ཐལ་བས་རབ་ཏུ་འཇིག་།སེམས་དཔའ་སྔོན་པོར་འབར་བའི་ངང ། ། འོད་ཀྱི་དཀྱིལ་འཁོར་དམར་པོར་འབར། །འཇིག་པ་ཆེན་པོའི་དུས་ལྟར་དྲག་།དུར་ཁྲོད་ཀྱི་ནི་མེ་དང་འདྲ། །འབར་བ་ཆེན་པོ་སྒྲ་འབར་བ། །ཐོད་པ་མང་པོའི་དབུ་རྒྱན་ཅན། །འཇིག་པ་ཆེན་པོའི་དུས་ལྟར་དྲག་།དུར་ཁྲོད་བཞིན་དུ་རབ་ཏུ་འཇིགས། །ཁྲོ་ལ་སོགས་པའི་ཚུལ་ལྡན་པ། ། ཞལ་རྣམས་སྣ་ཚོགས་འགྱུར་བ་དང ། །སྨིན་མ་ཁྲོ་གཉེར་བཅས་པར་འགྱུར། །འབར་བའི་ལྟ་བས་གར་བྱས་པས། །གུ་ལང་དབང་ཆེན་ཉེ་དབང་བཅས། །ཉི་ཟླ་གཤིན་རྗེ་ཚངས་པར་བཅས། །གནས་གསུམ་དག་ནི་འབར་བྱས་ནས། །ཐལ་བ་བཞིན་དུ་རབ་ཏུ་བཤིག་།རྡོ་རྗེ་རྡོ་རྗེ་ཁ་ཊྭཱཾ་ག་།
77-1-158a
དྲིལ་བུའི་སྒྲ་ནི་གསིལ་བ་ཡིས། །ཐམས་ཅད་ཕབ་ནས་སླར་ཡང་ནི། །ཐལ་བར་གྱུར་པའང་འཚོ་བར་བྱེད། །དེ་ཡི་འབར་བ་ཉི་མ་ལས། །བྱུང་བའི་གྲིབ་མ་མི་བཟད་པ། །བསྐྱེད་ནས་མ་ལུས་བདུད་ལ་སོགས། །གདུག་པ་རྣམས་ཀྱི་ཁྲག་ཟ་ནུས། །རྒྱལ་པོ་དེ་ནི་དེ་དག་དང ། ། ལྷན་ཅིག་དུར་ཁྲོད་རྣམ་པར་རོལ། །ཐམས་ཅད་རྡོ་རྗེ་མཉམ་སྦྱོར་བ། །མཁའ་འགྲོ་དཀྱིལ་འཁོར་འབར་བ་ཡིས། །ཤིན་ཏུ་གདུག་ཅིང་ཁྲོ་དྲག་པའི། །སེམས་ཅན་ཁམས་ནི་རྣམ་སྤྱངས་ནས། །དག་པའི་སངས་རྒྱས་ཞིང་རྣམས་སུ། །སངས་རྒྱས་བྱང་ཆུབ་དག་ལ་བཀོད། །རྡོ་རྗེ་འདོད་ཁྲོ་ ལ་སོགས་ཀྱི། །རྟོག་པ་བླ་མེད་ཐམས་ཅད་ཀྱིས། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། །སེམས་ཅན་ཁམས་ནི་རྣམ་པར་སྦྱངས། །དཔལ་ཧེ་རུ་ཀས་དབུགས་ཕྱུང་བའོ།། །།འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལ། ། འགྲོ་བའི་ཚུལ་ནི་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ལོག་པར་ལྟ་ལ་གནས་པར་གྱུར། །ཤིན་ཏུ་ལྟ་བ་ངན་པ་ཡིས། །འོ་དོད་འབོད་པ་ཆེན་པོར་ལྷུང ། །རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །བྱང་ཆུབ་སེམས་ནི་རྣམ་སྦྱང་ཕྱིར། །པདྨོ་ཆགས་པར་སྦྱོར་བ་ཡིས། །རྡོ་རྗེ་ཆོས་ སུ་གནས་པར་འགྱུར། །ཇི་ལྟར་པདྨ་དམར་པོ་འདི། །ཚོན་གྱི་ཉེས་པས་མི་གོས་པ། །དེ་བཞིན་བག་ཆགས་ཁམས་གསུམ་གྱི། །ཉེས་པ་སྣ་ཚོགས་རྣམ་པར་དག་།འདིས་ནི་ཀུན་ཏུ་གཟིགས་པས་ན། །རྒྱལ་བ་དབང་ཕྱུག་ཉིད་དུ་འགྱུར། །དཔལ་ལྡན་སྤྱན་རས་གཟིགས་ཀྱི་དབང ། །རྡོ་རྗེ་ སེམས་དཔའ་དེ་བཞིན་གཤེགས། །འདོད་ཆགས་ཐམས་ཅད་དག་པས་ན། །མཆོག་སྦྱིན་དམ་པ་བཅོམ་ལྡན་འདས། །འདུལ་བའི་ཐབས་ནི་སྣ་ཚོགས་ཀྱིས། །སྣ་ཚོགས་པ་ནི་འདུལ་བར་སྤྲོ། །ཀུན་ཏུ་སྤྱན་རས་གཟིགས་དབང་རྒྱལ། །པདྨ་གར་གྱི་དབང་ཕྱུག་གྱུར། །པདྨོའི་རྒྱལ་ པོ་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་དེས། །པདྨ་གར་དབང་ལ་སོགས་ཀྱི། །རྟོག་པ་བླ་མེད་ཐམས་ཅད་ཀྱིས། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། །སེམས་ཅན་ཁམས་ནི་རྣམ་པར་སྦྱངས། །དཔལ་པདྨ་གར་གྱི་དབང་ཕྱུག་གིས་དབུགས་ཕྱུང་བའོ།། །།
77-1-158b
འདས་པའི་དུས་ན་སྔོན་བྱུང་པ། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་ནི་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་གདུག་ཅིང་བརྐམ་པར་འགྱུར། །ཤིན་དུ་འཇུངས་པར་གྱུར་པ་ཡིས། །ཡི་དགས་རྣམས་དང་དམྱལ་ བར་ལྷུང ། །དེ་ནས་འཕོས་ནས་སླར་ཡང་ནི། །ཤིན་ཏུ་དབུལ་པོར་སྐྱེས་པར་གྱུར། །བཀྲེས་དང་སྐོམ་པའི་སྐྱོན་རྣམས་ཀྱིས། །དེ་དག་ཕན་ཚུན་གསོད་པར་བྱེད། །ཤིན་ཏུ་གདུག་པ་སྦྱང་བའི་ཕྱིར། །རྣལ་འབྱོར་དེ་ནི་བཅོམ་ལྡན་འདས། །དམ་པའི་དོན་ནི་ནོར་ཆེན་པོ། །རྡོ་རྗེ་ཉི་མ་བྱུང་ བར་གྱུར། །ནམ་མཁའི་སྙིང་པོས་ཐམས་ཅད་ཕྱོགས། །ཀུན་གྱི་རེ་བ་ཡོངས་རྫོགས་མཛད། །བུད་མེད་ལ་སོགས་རིན་ཆེན་མཆོག་།མཁའ་ལས་རིན་ཆེན་ཐམས་ཅད་འབེབས། །ཤིན་ཏུ་གདུག་ཅིང་ཁྲོ་བ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ཉི་མ་ནི། ། རབ་ཏུ་གདུང་བ་ཀུན་བསྒྲུབས་པས། །བྱ་བ་དང་ནི་བཟློག་པ་དང ། །དབྲོག་པས་ཀྱང་ནི་ཁྱད་པར་དུ། །རྒྱལ་བར་བྱས་ནས་གནས་གསུམ་གྱི། །ནོར་གྱི་ཚོགས་ཀུན་སྡུད་པར་བྱེད། །འཇིག་རྟེན་གསུམ་རྒྱལ་ལ་སོགས་ཀྱི། །རྟོག་པ་བླ་མེད་ཐམས་ཅད་ཀྱིས། །ནམ་མཁའི་དབྱིངས་ ཀྱི་མཐའ་ཀླས་པའི། །སེམས་ཅན་ཁམས་ནི་རབ་ཏུ་དགྲོལ། །དཔལ་རྡོ་རྗེ་ཉི་མས་དབུགས་ཕྱུང་བའོ།། །།འདས་པའི་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟག་པ་ཡི། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་ཚུལ་ནི་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ ནི། །བརྩོན་འགྲུས་ཤིན་ཏུ་ཆུང་བར་གྱུར། །ཤིན་ཏུ་བརྩོན་འགྲུས་ཆུང་བ་ཡིས། །མནར་མེད་པ་ཡི་དམྱལ་བར་ལྷུང ། །རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དྲག་ཤུལ་སྦྱོར་བའི་ཚུལ་དག་ཏུ། །རྟག་མཆོག་དཔལ་ནི་བྱུང་བར་འགྱུར། །ཐམས་ ཅད་དག་པར་མོས་པ་ཡིས། །སྡིག་མེད་སྟོབས་ཀྱིས་ངོ་འཐོན་དུ། །ཕ་རོལ་གནོན་པའི་རྩལ་དག་གིས། །ཤིན་ཏུ་གདུག་ཅིང་ཁྲོ་གཏུམ་པའི། །སེམས་ཅན་རྣམ་པ་མང་པོའི་ཁམས། །འཇིག་རྟེན་ཐམས་ཅད་རབ་ཏུ་འཇིག་།བྱི་བ་རྐུན་པོ་ཆོམ་པོ་ཡིས། །ཐམས་ཅད་རྣམ་པར་སྦྱོང་
77-1-159a
བར་བྱེད། །བྲིད་པ་དང་ནི་སྒྱུ་དག་དང ། །ངོ་འཐོན་སྟོབས་ཀྱིས་དེ་བཞིན་དུ། །དགྲ་ཆ་ལྔ་ཡིས་བརྒལ་ནས་ནི། །དེ་ཚེ་འཇིག་རྟེན་གསུམ་ལས་རྒྱལ། །སྐྱེ་འགྲོ་གནས་པ་འགྲོ་བ་རྣམས། །མཐའ་དག་བཏུལ་ནས་འགྲུབ་པར་འགྱུར། །འདུལ་བའི་ཐབས་རྣམས་སྣ་ཚོགས་ ཀྱིས། །རང་གི་རྒྱལ་སྲིད་རྟག་ཏུ་སྐྱོང ། །གཡེམ་པ་རྣམས་ལ་གཡེམ་པར་འགྱུར། །ཁྲོ་བ་རྣམས་ལ་ཁྲོ་བའི་མཆོག་།ཞི་བ་རྣམས་ལ་ཞི་བའི་མཆོག་།དྲག་ཤུལ་ཅན་ལ་དྲག་པོས་གནོན། །སྡིག་མེད་སྟོབས་ཀྱིས་ངོ་འཐོན་དུ། །དབང་ཕྱུག་དམ་པ་རབ་མནན་ནས། །ལྷ་མོ་བྷི་མོ་ ཕྲོགས་ནས་ནི། །དེ་ཚེ་ལོངས་སྤྱོད་རང་གིར་སྤྱོད། །སྡིག་མེད་སྟོབས་ཀྱིས་ངོ་འཐོན་དུ། །མཐུ་བོ་ཆེ་ཡང་རབ་མནན་ནས། །རུག་མི་ནི་ཡང་ཕྲོགས་ནས་ནི། །དེ་ཚེ་ལོངས་སྤྱོད་རང་གིར་སྤྱོད། །སྡིག་མེད་སྟོབས་ཀྱིས་ངོ་འཐོན་དུ། །སྐྱེ་དགུའི་བདག་པོ་རབ་མནན་ནས། །ལྷ་མོ་རབ་ཏུ་ ཞི་བ་འཕྲོགས། །དེ་ཚེ་ལོངས་སྤྱོད་རང་གིར་སྤྱོད། །སྡིག་མེད་སྟོབས་ཀྱིས་ངོ་འཐོན་དུ། །འདོད་པའི་ལྷ་ནི་རབ་མནན་ནས། །དགའ་སྡུག་མི་ཡི་དབང་ཕྱུག་མ། །ཕྲོགས་ནས་དེ་ཚེ་ཉེ་བར་སྤྱོད། །དེ་ལ་སོགས་པ་མཐའ་ཡས་མཆོག་།ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་ མཁའི་དབྱིངས་ཀྱི་མཐའ་ཀླས་པར། །རྡོ་རྗེ་ལས་མཆོག་རྣམ་གནོན་པ། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་རབ་ཏུ་གནས། །ཐབས་དང་རྩལ་གྱི་གྲུབ་པ་ཡིས། །དྲག་ཤུལ་སྦྱོར་བས་བསྒྲུབས་ན་ནི། །ཁམས་གསུམ་རྒྱལ་སྲིད་མ་ལུས་པར། །རྡོ་རྗེ་འཛིན་པ་དེས་ ཐོབ་ནས། །བྱང་ཆུབ་སེམས་དཔའ་མཐའ་ཡས་མཆོག་།དྲག་ཤུལ་སྦྱོར་བས་གྲུབ་པར་བྱེད། །ཐམས་ཅད་དག་པར་མོས་པ་ཡིས། །སྡིག་མེད་སྟོབས་ཀྱིས་ངོ་འཐོན་དུ། །རྩལ་གྱིས་ཕ་རོལ་གནོན་པ་ཡིས། །སངས་རྒྱས་བྱང་ཆུབ་རབ་ཏུ་འགྲེལ། །ལྷ་ཡི་དངོས་གྲུབ་དཀའ་བ་ དང ། །སངས་རྒྱས་བྱང་ཆུབ་བདེ་ཆེན་པོ། །གོ་འཕང་མཆོག་གི་རྟག་པ་དག་།རང་གིས་རྣལ་འབྱོར་གྱིས་ཐོབ་ནས། །སེམས་ཅན་ཁམས་ནི་དུ་མ་དག་།མ་ལུས་པར་ནི་རྒྱས་འདེབས་ཤིང ། །འཆི་མེད་བྱང་ཆུབ་དཀའ་བ་དག་།སེམས་ཅན་རྣམས་ལ་བརྟན་པར་སྦྱིན། །རྟ་
77-1-159b
མཆོག་རྣམ་པར་སྤྲུལ་བ་ཡིས། །མ་ལུས་ལུས་པ་མེད་པ་ཡི། །བསྐལ་པ་ཀུན་ཏུ་སྲིད་པར་གནས། །སེམས་ཅན་ཀུན་གྱི་དོན་ཀྱང་བྱེད། །དེ་ལྟར་རྟ་མཆོག་དཔལ་ལ་སོགས། །རྟོག་པ་བླ་མེད་ཐམས་ཅད་ཀྱིས། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། །སེམས་ཅན་ཁམས་ རྣམས་རབ་ཏུ་བསྒྲུབས། །དཔལ་རྟ་མཆོག་གིས་དབུགས་ཕྱུང་བའོ།། །།དེ་ལ་སོགས་པ་མཐའ་ཡས་མཆོག་།ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། །རང་བྱུང་རྣམས་ཀྱི་གཏམ་གྱི་རྟགས། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། ། རྡོ་རྗེ་སེམས་དཔའ་རབ་ཏུ་གནས། །གྲུབ་པའི་དབང་ཕྱུག་རབ་གྲུབ་པས། །ཐམས་ཅད་བདག་ཉིད་འཇུག་པར་བྱེད། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་དེ་སྐད་གསུངས་སོ། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་ལས་གཏམ་ གྱི་ཕྱག་རྒྱ་ཞེས་པ་རྟོག་པ་སྟེ་ལྔ་པའོ།། །།དེ་ནས་གཞན་ཡང་ཐམས་ཅད་དུ། །རྣམ་པ་སྣ་ཚོགས་མཆོག་འབྱུང་བའི། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མའི་བདེ་མཆོག་བཤད། །དཔལ་ལྡན་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་འབྱུང་ བ། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །སངས་རྒྱས་ཀུན་གྱི་དམ་ཚིག་དཔལ། །རྡོ་རྗེ་སེམས་དཔའ་སྣང་བ་བདེ། །དེ་བཞིན་གཤེགས་པའི་ལྷ་རྫས་མཆོག་།རིན་ཆེན་རྒྱན་ལ་སོགས་པས་སྤྲས། །དྲིལ་བུ་རྒྱལ་མཚན་མཆོག་ལྡན་པའི། ། བླ་རེ་དམ་པ་བྲེས་པ་ན། །རྡོ་རྗེ་གླུ་དང་མཆོད་ལ་སོགས། །གླུ་དང་སིལ་སྙན་རྣམ་པར་འཕྲུལ། །མེ་ཏོག་བདུག་པའི་སྦྱོར་བ་དང ། །མར་མེ་དྲི་དང་སོགས་ལྡན་པ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བསྒྲུབ། །ཡང་ན་བདག་གི་གནས་ དག་གམ། །སྐྱེད་མོས་ཚལ་ལ་སོགས་པར་བསྒྲུབ། །དེར་ནི་དང་པོར་གདན་བཤམས་ཏེ། །འཇམ་ཞིང་རེག་ན་བདེ་འགྱུར་བ། །སྣ་ཚོགས་པདྨ་རས་ཀྱིས་གཡོགས། །དེ་ནི་ཐམས་ཅད་དག་པའི་གདན། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །སྦྱོར་བའི་དབང་ཕྱུག་རྣམ་འཕྲུལ་
77-1-160a
བས། །རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷ། །དེ་ན་རྣམ་པར་འཕྲུལ་བ་མཛད། ་།སྟན་དེ་དག་ནི་ཐམས་ཅད་ལ། །ཅི་ལྟར་གནས་པ་བཞིན་དུ་དགོད། །གྲུ་བཞི་པ་ལ་སྒོ་བཞི་བ། །རྟ་བབས་བཞི་ཡིས་མཛེས་པར་བྱས། །རྡོ་རྗེ་རིན་ཆེན་པདྨ་སོགས། །སྒོ་སྲུང་དང་ནི་ལྡན་པར་ བྱས། །རང་གི་ལྷ་དང་འདྲ་བ་ཡི། །བུད་མེད་དག་ནི་ལེགས་བསྒྲུབས་པ། །སྐལ་བཟང་རང་གི་ཕྱག་རྒྱས་མཚན། །ཚོགས་ཀྱི་དཀྱིལ་འཁོར་བརྟག་པར་བྱ། །མི་ཡི་མཚལ་ནི་གྲུབ་པ་ལ། །དམར་ཆེན་པོ་ཞེས་བྱ་བར་བཤད། །ངོ་བོ་ཉིད་ཀྱི་མཐུ་དག་དང ། །རང་བཞིན་གྱིས་ནི་དེ་གྲུབ་པའོ། ། རྡོ་རྗེའི་ཆུ་དང་རྡོ་རྗེར་བཅས། །མཚལ་ཆེན་པོ་དག་བསྒྲུབ་པ་ནི། །མཐུ་ཡིས་རབ་ཏུ་གྲུབ་པ་སྟེ། །པདྨའི་སྣོད་ཀྱི་ནང་དུ་བཞག་།ཆགས་པ་ཆེན་པོ་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སངས་རྒྱས་ཀུན་གྱི་རྡོ་རྗེའི་ཐུགས། །དམ་ཚིག་འདི་ནི་འདའ་བར་དཀའ། ། དེ་ཡི་མཚལ་དང་ཁུ་བ་དང ། །མཚལ་ཆེན་པོ་ནི་བསྒྲུབ་པ་དག་།ཆགས་པ་ཆེན་པོ་ལས་བྱུང་བས། །དམར་ཆེན་པོ་ཞེས་བྱ་བར་བཤད། །དམར་ཆེན་དང་ནི་ག་བུར་བཅས། །ཙནྡན་དམར་པོར་སྦྱར་བ་དག་།ཚོགས་ཀྱི་དབུས་སུ་བཞག་པ་ནི། །ར་ས་ཡ་ན་ཀུན་སློང་བ། །རང་གི་ ལྷ་ཡི་སྦྱོར་ལྡན་པས། །སྲིན་ལག་དང་ནི་མཐེ་བོའི་རྩེས། །ཞི་བའི་བཏུང་བ་བཞིན་མྱངས་ན། །རྟག་པ་ཡི་ནི་དངོས་གྲུབ་ཐོབ། །སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི། །ར་ས་ཡ་ན་བདེ་བ་འདིས། །རྡོ་རྗེ་སེམས་དཔའི་ཚེ་དང་གཞན། །ནད་མེད་པ་དང་བདེ་མཆོག་འགྲུབ། །སངས་རྒྱས་ཐམས་ ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་གིས། །འདུས་པ་དེར་ནི་ཞུགས་པ་དག་།འདོད་པ་བཞིན་དུ་འགྲོ་འོང་ལྡིང ། །ཀུན་ཏུ་ཀུན་ནས་ཐམས་ཅད་ནི། །བདག་ཉིད་རྟག་ཏུ་རྣམ་པ་ཀུན། །སངས་རྒྱས་ལ་སོགས་བརྟན་གཡོ་ཀུན། །ཀུན་གྱི་དངོས་པོར་དེ་འགྱུར་རོ། །འདིས་ནི་ བསྲུང་བ་བྱས་པས་དཔལ། །རྡོ་རྗེ་སེམས་དཔའ་བཞིན་དུ་འགྱུར། །རྣལ་འབྱོར་མཁའ་འགྲོ་བདེ་མཆོག་གིས། །སངས་རྒྱས་ཐམས་ཅད་བདག་ཉིད་འགྲུབ། །དེ་ནས་ཁྲུས་བྱས་དྲི་ཞིམ་ལུས། །ཅི་འབྱོར་པ་ཡི་གོས་དང་རྒྱན། །སྣ་ཚོགས་གོས་བཟང་བགོས་ནས་ནི། །མེ་ཏོག་ཕྲེང་ལྡན་
77-1-160b
ཁ་དྲི་ཞིམ། །སྣ་ཚོགས་ཀུན་གྱིས་སྐལ་བཟང་པོས། །སློང་བས་དལ་གྱིས་དལ་གྱིས་སུ། །གོས་དགབ་པ་ཡི་སྦྱོར་བ་ཡིས། །བདག་གི་འབྱུང་བ་བསྐུལ་བར་བྱ། །རྫོགས་པའི་སངས་རྒྱས་ཉི་ཟླ་རྣམས། །ཤར་བ་དག་ནི་མཐོང་བ་ཡིས། །སྡིག་པ་ཀུན་ལས་གྲོལ་འགྱུར་ཞིང ། །བསོད་ ནམས་ཐམས་ཅད་འགྲུབ་པར་འགྱུར། །ངེས་པའི་ལམ་དང་ཀུན་ལྡན་པ། །རྣམ་པར་འདས་པས་རྣམ་པར་བརྒྱན། །བརྟན་ཞིང་གྲུབ་པ་སློང་བྱེད་པ། །ཀུན་ནས་སློང་བའི་བདེ་བ་ནི། །སྟོང་པ་ཤིན་ཏུ་རྣལ་འབྱོར་ཡོད་མེད་མཐུས། །ནམ་མཁའ་ཉིད་དུ་དམ་ཚིག་ཉེ་བར་གནས། །བདེ་གཤེགས་ བདེ་བར་གཤེགས་པ་བཞེངས་སུ་གསོལ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག་།འདི་དག་ཉིད་ཀྱི་གླུར་བླངས་ན། །ཤིན་ཏུ་མྱ་ངན་ཡོངས་འདས་པའི། །ཤི་བའང་སླར་ནི་སློངས་འགྱུར་ན། །ཡང་སྲིད་པ་ལྟ་ཅི་ཞིག་སྨོས། །ལམ་བཞི་དང་ནི་ལྡན་པ། །རྣམ་པར་ འདས་པས་མཛེས་པར་བྱས། །སྣ་ཚོགས་འབྲང་བར་རབ་ཏུ་འགྲུབ། །འཇིག་རྟེན་གསུམ་ནི་རབ་བསྒྲུབ་པ། །འཇིག་རྟེན་གསུམ་གྱིས་ཕྱག་བྱས་པ། །འཇིག་རྟེན་གསུམ་གྱི་སྟོན་པའོ། །འཇིག་རྟེན་གསུམ་ལ་སྐྱིད་སྦྱིན་པ། །འཇིག་རྟེན་གསུམ་པོ་བདག་ལ་བསྒྲུབས། །རྡོ་རྗེ་སེམས་ དཔའ་དཔལ་སྦྱོར་བ། །ལྷ་མོ་ཀུན་དང་འགྲོགས་པ་ཡིས། །སྣ་ཚོགས་ཀུན་གྱི་སྐལ་བཟང་པོ། ། ར་ལི་ནི་ཀུན་འགྲུབ་འགྱུར། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། །ལྷ་མོ་ཀུན་དང་བདེ་མྱོས་པ། །རྡོ་རྗེ་སེམས་དཔའ་ཡང་དག་རྫོགས། །ཉི་མ་ཟླ་བ་གསལ་བར་འཆར། ། རྡོ་རྗེ་སེམས་དཔའ་ཡང་དག་སྦྱོར། །མཁའ་འགྲོ་སྒྱུ་མ་བདེ་མཆོག་འབྱུང ། །ལན་ཅིག་དམིགས་པ་ཙམ་གྱིས་ཀྱང ། །བདེ་བའི་དངོས་གྲུབ་ཀུན་འབྱུང་བ། །བརྟན་ཞིང་གྲུབ་པ་སློང་བྱེད་པ། །སྣ་ཚོགས་འབྲང་བས་དེ་བཞིན་དུ། །གན་དྷརྦ་དང་ཥ་ཌ་བའི། །གླུ་དབྱངས་སྣ་ཚོགས་ གླུས་བསྒྲུབ་བོ། །དེ་ནས་དེ་ཉིད་དམ་པ་ཡིས། །ཐར་བ་ཐམས་ཅད་རྨོངས་པ་ཡི། །རྡོ་རྗེ་སེམས་དཔའི་བདག་ཉིད་དཔལ། །གླུ་འདི་ཡིས་ནི་བསྐུལ་བར་བྱ། །རྗེས་སུ་ཆགས་པའི་རྣམ་མང་དགའ་བའི་པདྨ་ནི། །རྣམ་དག་མཆོད་པས་གསལ་བར་རྗེས་སུ་མཆོད་བྱས་ནས། །མཆོག་
77-1-161a
ཏུ་རྟག་པའི་རྣལ་འབྱོར་བདེ་བས་བདེ་གྲུབ་མཛོད། །ཀྱེ་མའོ་མཆོག་ཏུ་བདེ་བའི་དམ་ཚིག་ངོ་བོ་ཉིད། །མཆོག་ཏུ་བདེ་བ་ཤིན་ཏུ་རྣལ་འབྱོར་སྐལ་བཟང་མཆོག་དགྱེས་པ། །རང་གི་དམ་ཚིག་སྐྱོན་མེད་དག་ལ་རོལ་ཅིག་རོལ་ཅིག་ཧོ། །ཀྱེ་མ་མཆོག་ཏུ་གསང་བའི་བདག་པོ་ རང་གི་དམ་ཚིག་ནི། །ཡིན་པའི་ཕྱིར་ན་རབ་ཏུ་གསང་བའི་ལྷ་མོ་མཆོག་རྣམས་སོ། །འགྲོ་བའི་རྒྱུད་ནི་རྣམ་པ་སྣ་ཚོགས་འདུལ་བའི་ཐབས་ནི་གསལ་བར་མཁྱེན། །དམ་ཚིག་ཐམས་ཅད་དངོས་པོ་བརྟན་དང་གཡོ་བ་ཀུན་གྱི་ངོ་བོར་གྱུར། །རྒྱལ་བ་ཀུན་གྱི་བདག་ཉིད་རྣལ་འབྱོར་བདེ་བ་མཁའ་ འགྲོ་སྒྱུ་མ་ཧོ། །ཀྱེ་མ་དམ་པ་རྟག་པའི་དངོས་གྲུབ་ཆེན་པོ་རབ་ཏུ་སྒྲུབ་པ་སྟོན། །ཛཿ ཧཱུཾ་བཾ་ཧོཿ ེ་མའོ་བདེ་མཆོག་བདེ་བར་དྲོངས། །རྣམ་པར་སྤྲུལ་ཧཱུཾ་སྣང་བར་མཛོད། ། ལ་ལ་ཧོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཁའ་འགྲོ་སྒྱུ་མ་སྣ་ཚོགས་ཀྱིས། །སློབ་མ་དག་ནི་ གཞུག་ཏུ་གསོལ། །གླུ་ཡི་རྒྱལ་པོ་འདི་དག་ནི། །རྡོ་རྗེ་སེམས་དཔའ་དཔལ་ལ་གནས། །ཀུན་གྱི་སྒྱུ་མ་བདེ་བའི་མཆོག་།མ་ལུས་ལུས་པ་མེད་པར་འགྲུབ། །གླུ་འདི་དག་ནི་ལེན་པ་ན། །དཀྱིལ་འཁོར་སྣ་ཚོགས་ཐམས་ཅད་དུ། །སངས་རྒྱས་ཐམས་ཅད་རྣམ་འཕྲུལ་བ། །མ་ལུས་ ལུས་པ་མེད་པར་སྣང ། །རྣམ་པ་མང་པོའི་འདོད་ཆགས་རྒྱུད་ཀྱི་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མའི་བདེ་མཆོག་སྒྱུ་མས་ཐམས་ཅད་རབ་སྤྲུལ་རྣམ་པར་སྤྲུལ། །ཏེ་ན་ཏེ་ཏེ་ཧཱུཾ། རྣམ་པ་མང་པོ་རབ་ཏུ་དགའ་བའི་རྒྱུད་ཀྱིས་སེམས་ཅན་མ་ ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མ་བདེ་མཆོག་སྒྱུ་མས་ཐམས་ཅད་རབ་སྤྲུལ་རྣམ་རོལ་སྤྲུལ་ཅིག་སྤྲུལ། ཧཱུཾ་ཧཱུཾ་ཧཱུཾ། རྣམ་པ་མང་པོ་ཁྲོ་བོའི་རྒྱུད་ཀྱིས་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མ་ བདེ་མཆོག་སྒྱུ་མས་ཐམས་ཅད་རབ་སྤྲུལ་རྣམ་པར་སྤྲུལ། །རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། རྣམ་པ་མང་པོ་སྲོག་གི་རྒྱུད་ཀྱིས་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་སྒྱུ་མ་བདེ་མཆོག་སྒྱུ་མས་ཐམས་ཅད་རབ་སྤྲུལ་རྣམ་པར་སྤྲུལ། །ཧཱུཾ་ཤི་་བྷིཥ་།
77-1-161b
དེ་ལ་སོགས་ཏེ་མཐའ་ཡས་མཆོག་།ཆོས་དབྱིངས་མཉམ་དང་མི་མཉམ་པའི། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། །རང་བྱུང་རྣམས་ཀྱི་གླུ་ཡི་རྒྱ། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་ལ་ནི་གནས། །གྲུབ་པའི་དབང་ཕྱུག་རབ་གྲུབ་པས། །ཐམས་ ཅད་བདག་ཉིད་གྲུབ་པར་འགྱུར། །གླུ་འདི་དག་ནི་བླངས་པ་དང ། །ལྷ་མོ་ཀུན་གྱིས་རབ་བསྐུལ་ནས། །མཁའ་འགྲོ་སྒྱུ་མ་བདེ་མཆོག་གིས། །སངས་རྒྱས་ཀུན་གྱི་བདག་ཉིད་འགྲུབ། །དབང་པོ་ཀུན་ལས་བྱུང་བ་ཡི། །མཆོད་པའི་སྤྲིན་ཆེན་རྣམ་བཀོད་པ། །རབ་འབྱམ་ཚོགས་རྣམས་ ཐམས་ཅད་ཀྱིས། །ཀུན་གྱི་བདག་ཉིད་མཆོད་པར་བྱེད། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་གིས། །དངོས་པོ་ཀུན་གྱི་བདག་ཉིད་ལུས། །མ་ལུས་ལུས་པ་མེད་པར་འགྲུབ། །སྟོན་པའི་ཕྱག་རྒྱ་ཕབ་པ་ཡིས། །བུད་མེད་དག་ཀྱང་བསྒྲུབས་ནས་ ནི། །རྡོ་རྗེར་བཅས་པའི་མཚན་མ་འཛིན། །རྣལ་འབྱོར་མར་ནི་རབ་ཏུ་འགྱུར། །དེ་དག་རང་གི་ལྷ་རྣམས་དང ། །འདྲ་བར་བྱིན་གྱིས་བརླབས་བསྒྲུབས་ནས། །སྔོན་མེད་རོལ་མོའི་སིལ་སྙན་གར། །རྣམ་པར་འཕྲུལ་བས་འགྲུབ་པར་འགྱུར། །ལྷ་ཡི་གཟུགས་དང་སྒྲ་དང་དྲི། །རོ་དང་རེག་ བྱ་བདེ་མྱོས་པས། །བདག་ཉིད་རང་གི་ལྷར་མཐོང་ཞིང ། །མཆོད་པ་དག་ཀྱང་བྱེད་པར་འགྱུར། །ལྷ་ཡི་མཆོད་པ་མཉམ་སྦྱོར་བ། །སྐལ་བཟང་མཆོག་གི་འདོད་ཆགས་ཅན། །རྣམ་པ་ཀུན་ཏུ་སྐལ་བཟང་པོའི། །བདེ་བ་ཡང་དག་སྒྲུབ་པར་བྱེད། །སངས་རྒྱས་སྒྱུ་མས་བྱིན་བརླབས་པས། ། རྡོ་རྗེ་སེམས་དཔའ་མཉམ་སྦྱོར་བའི། །དངོས་གྲུབ་ཀུན་གྱི་བདེ་བ་རྣམས། །དཀྱིལ་འཁོར་མཐོང་དཀའ་མྱོང་བར་འགྱུར། །རྡོ་རྗེ་སེམས་དཔའི་མཉམ་སྦྱོར་བའི། །མཐུ་ཉིད་ཀྱིས་ནི་ཐམས་ཅད་དུ། །སྣ་ཚོགས་ཀུན་གྱི་སྐལ་བཟང་པོ། །རང་གི་བདེ་བ་ཉིད་ཀྱིས་འགྲུབ། །སངས་རྒྱས་ ཀུན་གྱི་གཟུགས་ཆེན་དང ། །དབྱངས་དང་དྲི་དང་རོ་བདེ་བས། །རྡོ་རྗེ་སེམས་དཔའི་བདག་ཉིད་དུ། །དེ་ཡིས་རབ་མཐོང་མཆོད་པར་བྱེད། །མཆོད་པ་ཐམས་ཅད་མཉམ་སྦྱོར་བ། །སྐལ་བཟང་མཆོག་གིས་འདོད་ཆགས་ཅན། །སངས་རྒྱས་ཐམས་ཅད་བདག་ཉིད་ཀྱི། །དངོས་
77-1-162a
གྲུབ་མ་ལུས་ལུས་མེད་འགྲུབ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མ་བདེ་མཆོག་གིས། །སངས་རྒྱས་ཀུན་གྱི་བདག་ཉིད་གར། །རྣམ་པར་རོལ་པ་མཆོག་ཏུ་སྣང ། །དེ་ནས་ཡང་དག་རབ་གསང་བས། །བུད་མེད་དག་ནི་བཞི་རྣམས་དང ། །གར་ གྱི་ཕྱག་རྒྱ་མཆོད་པ་ཡིས། །མཆོད་པ་ཐམས་ཅད་དབུལ་བར་བྱ། །རབ་ཏུ་དགའ་བའི་ལྷ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་དམ་པ་གྲུབ་པར་མཛོད། །ོཾ་ཧཱུཾ། དམ་ཚིག་དམ་པ་གྲུབ་པར་མཛད་དུ་གསོལ། །\ུ0f00་ཧཱུཾ། མཆོད་པ་ཆེན་པོ་ཐམས་ཅད་དག་པར་མཛོད། ། \ུ0f00་ཧཱུཾ། མཆོད་པ་ཆེན་པོ་ཐམས་ཅད་གྲུབ་པར་མཛོད། །གླུ་ཡི་ཕྱག་རྒྱ་འདི་ནི་དཔལ། །རྡོ་རྗེ་སེམས་དཔའ་ལ་གནས་ཏེ། །མཆོད་པ་མ་ལུས་ལུས་མེད་པའི། །རབ་འབྱམ་ལས་ལའང་སྦྱར་དུ་རུང ། །གང་དག་གྲུབ་པར་མ་གྱུར་དང ། །མཆོད་པ་དག་ནི་མི་འབྱོར་བ། །ཕྱག་རྒྱ་འདི་ཡིས་ མཆོད་བྱས་ན། །མཆོད་པ་ཐམས་ཅད་མྱུར་དུ་འགྲུབ། །མཆོད་པའི་སྦྱོར་བ་འདི་དག་དང ། །ལྷ་མོ་བཞི་པོ་དག་གིས་ནི། །མེ་ཏོག་ལ་སོགས་མཆོད་བྱས་ནས། །སློབ་མ་ཐམས་ཅད་གཟུང་བར་བྱས། །དངོས་གྲུབ་འདོད་པས་ཅི་འདོད་པར། །སྙིམ་པའི་གར་ནི་ཀུན་བསྐྱོད་ནས། །དེ་ དག་གདོང་ནི་མཛེས་པ་ཡི། །རས་ཀྱིས་གཡོགས་ཏེ་གཟུང་པར་བྱ། །དངོས་གྲུབ་ཇི་ལྟར་འཐོབ་འདོད་པར། །སློབ་མ་མེ་ཏོག་འཐོར་དུ་གཞུག་།ལྷ་མོ་གང་ལ་ལྷུང་བ་ནི། །ལྷ་དེ་དེ་ལ་འགྲུབ་པར་འགྱུར། །དེ་ནས་གདོང་ནི་བཀྲོལ་ནས་ཀྱང ། །ཡོན་གྱི་མཆོག་ནི་བླང་བར་བྱ། ། སངས་རྒྱས་རིན་ཆེན་དབང་བསྐུར་བས། །ཅི་ལྟ་བར་ནི་དབང་བསྐུར་རོ། །དམར་ཆེན་པོ་དང་ག་པུར་བཅས། །ཙནྡན་དམར་པོ་སྦྱར་བ་རྣམས། །ཚོགས་ཀྱི་དབུས་སུ་བཞག་པ་ལ། །གཡོན་པ་མཚན་འཛིན་རྡོ་རྗེ་བཅས། །རང་གི་ལྷ་ཡི་རྣལ་འབྱོར་ལྡན། །སྲིན་ལག་དང་ནི་མཐེ་ བོང་རྩེས། །ཞི་བའི་བཏུང་བ་བཞིན་མྱངས་ན། །རྟག་པའི་དངོས་གྲུབ་ཐོབ་པར་འགྱུར། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་ཚོགས་ཀྱིས་ཀྱང ། །རྒྱས་མི་ཐེབས་ཤིང་མི་རྨོངས་ཏེ། །དེ་ལ་གནོད་པར་མི་འགྱུར་རོ། །དེ་ནས་མནའ་ནི་བསྒགས་བྱས་ནས། །
77-1-162b
སངས་རྒྱས་ཐམས་ཅད་མཐུན་པ་ཡིས། །མཆོག་ཏུ་རྟག་པའི་བཀའ་སྩལ་པ། །དམ་ཚིག་སྡོམ་པ་སྦྱིན་པར་བྱ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །སྡོམ་པ་ཉམས་པར་ཁྱེད་བྱེད་པ། །ཇི་སྙེད་སངས་རྒྱས་ཐམས་ཅད་དང ། །བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན། །ལྷ་དག་དང་ ནི་མི་རྣམས་དང ། །དེ་བཞིན་རྣལ་འབྱོར་གྲུབ་པ་པོ། །དེ་དག་ལ་ནི་སྙིང་རིངས་ནས། །སྙིང་ལས་ཁྲག་ཆེན་འཐུངས་པ་བཞིན། །སེམས་ཅན་ཁམས་ནི་མ་ལུས་དོན། །སྲིད་པ་ཤིན་ཏུ་དག་བྱའི་ཕྱིར། །མི་འགོག་ཆོས་ཉིད་སྦྱོར་བ་ཡིས། །རྟག་པ་ཉིད་དུ་བསྒྲུབ་པར་བྱ། །བདག་གི་ངོ་ བོ་ཡོངས་སྤངས་ཤིང ། །དཀའ་ཐུབ་གྱིས་ནི་གཟིར་མི་བྱ། །ཅི་བདེ་བར་ནི་བདེ་བར་སྤྱད། །འདི་ནི་ཕྱི་དུས་སངས་རྒྱས་ཡིན། །རྣལ་འབྱོར་ལོངས་སྤྱོད་ཐམས་ཅད་ལ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྡིག་པ་མེད་ཀྱིས་ཁྱེད་མ་འཇིགས། །དམ་ཚིག་འདའ་བར་དཀའ་བའོ། ། གྲུབ་པ་གཅིག་པུ་གཅིག་ལ་སྤྱོད། །ལྷན་ཅིག་སྤྱོད་དང་རྗེས་སྤྱོད་སྡུག་།སངས་རྒྱས་བྱང་ཆུབ་བླ་མེད་ཡིན། །ཡང་དག་ཉིད་ཀྱིས་རྟག་ཏུ་བསྟེན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དེ་སྐད་བཀའ་སྩལ་དཔལ་ལྡན་གྱིས། །ཡང་དག་རྫོགས་པའི་སངས་རྒྱས་དང ། །རྡོ་རྗེ་ ཅན་གྱིས་བཀའ་སྩལ་ཏོ། །རྣལ་འབྱོར་བཅས་དང་གསང་བཅས་པའི། །བདག་གི་ཡེ་ཤེས་རྒྱ་བསྒྲུབས་ནས། །ཅི་ལྟའི་ཚུལ་བཞིན་གར་བྱེད་པས། །སློབ་མ་རྣམས་ལ་བདེ་བར་སྦྱིན། །སློབ་མ་དམ་པས་དེ་ཕྱིན་ཆད། །ཕྱག་རྒྱའི་ཡེ་ཤེས་རྗེས་བཟུང་ནས། །རྣམ་པར་སྣང་མཛད་མཆོག་ བཞིན་དུ། །སངས་རྒྱས་ཀུན་གྱིས་བདག་ཉིད་གྲུབ། །དེ་ནས་རོ་དང་ཟས་དང་གནས། །གླུ་དང་སིལ་སྙན་ལ་སོགས་པ། །དེ་དག་མགོན་པོ་རྣམས་ལ་དབུལ། །རྡོ་རྗེ་བླ་མ་ཆེན་པོ་དང ། །བདག་དང་གཞན་ལ་འདོད་དགུས་མཆོད། །འདོད་དོན་འབྲས་བུ་ཕུན་ཚོགས་འགྲུབ། །དེ་ནས་ བདག་ཉིད་རབ་བསྒྲུབས་ནས། །ཀུན་གྱི་སློབ་དཔོན་རབ་གནས་པ། །ཅི་ལྟའི་ཚུལ་བཞིན་འཇུག་པ་ཡིས། །བདེན་པའི་ཆོས་ནི་བརྗོད་པར་བྱ། །རྡོ་རྗེ་སེམས་དཔའ་དཔལ་གྱི་ཚུལ། །རྟོག་པ་ཐམས་ཅད་རབ་བསྒྲུབས་ཤིང ། །རྟོག་པ་ཀུན་ལ་རབ་སྦྱོར་བའི། །ངོ་བོ་ཉིད་ཕྱིར་ཆེན་
77-1-163a
པོའི་མཆོག་།སྣ་ཚོགས་ལས་ཀྱི་སྦྱོར་བ་དང ། །འདུལ་བའི་བདག་ཉིད་སྣ་ཚོགས་པས། །སེམས་ཅན་རྣམས་ནི་འདུལ་བའི་ཕྱིར། །དེ་ལས་གཞན་པའི་ཚུལ་དུ་བསྟན། །རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཐར་པ་ཐམས་ ཅད་རྣམ་སྦྱང་ཕྱིར། །འགྲོ་བའི་མཁའ་འགྲོ་བྱུང་བར་འགྱུར། །རང་གི་ལྷ་དང་འདྲ་བ་ཡིས། །རང་གི་བྱིན་རླབས་བསྒྲུབ་པའི་རྒྱས། །ཕྱག་རྒྱ་ཅི་བཞིན་རྗེས་མཐུན་པའི། །སངས་རྒྱས་སྤྲུལ་པ་བསྒྲུབ་པར་བྱ། །གཞན་ཡང་རྣལ་འབྱོར་བཅོམ་ལྡན་འདས། །དམ་ཚིག་ལ་སྡང་རྣམ་ སྦྱང་ཕྱིར། །ཐམས་ཅད་རྣལ་འབྱོར་དབང་ཕྱུག་མཆོག་།རྡོ་རྗེ་མཁའ་འགྲོ་འབྱུང་བར་འགྱུར། །གཞན་ཡང་ཤིན་ཏུ་རྣལ་འབྱོར་པ། །མ་ལུས་པདྨ་རྣམ་སྦྱང་ཕྱིར། །སྐལ་བཟང་དམ་པ་མི་འགྱུར་བ། །པདྨ་སྒྱུ་མ་འབྱུང་བར་འགྱུར། །གཞན་ཡང་རྣལ་འབྱོར་བཅོམ་ལྡན་འདས། ། ནོར་གྱི་མཆོག་གིས་རྣམ་སྦྱང་ཕྱིར། །ནམ་མཁའ་ཀུན་གྱི་བདག་པོ་ཆེ། །རྡོ་རྗེ་ཉི་མ་དཔལ་འབྱུང་འགྱུར། །རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །དྲག་ཤུལ་སྦྱོར་བ་སྦྱང་བའི་ཕྱིར། །རྟ་མགྲིན་ཕ་རོལ་རབ་གནོན་པ། །རྟ་མཆོག་རབ་ཏུ་འབྱུང་བར་འགྱུར། །རང་གི་ལྷ་དང་འདྲ་ བ་ཡིས། །རང་གི་བྱིན་རླབས་བསྒྲུབ་པའི་ཕྱིར། །གཟུགས་བརྙན་ངོ་བོར་སྦྱོར་བ་ཡི། །ཕྱག་རྒྱའི་སྦྱོར་བས་གར་བྱའོ། །དམ་ཚིག་རྣམ་པ་སྣ་ཚོགས་ཀྱིས། །དེ་ལྟར་རྣམ་པར་སྤྱོད་ན་ནི། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་འགྲུབ། །ཀུན་ ཏུ་ཀུན་ནས་ཐམས་ཅད་ནི། །སངས་རྒྱས་འཕྲུལ་བ་ཐམས་ཅད་ཀྱིས། །བདག་ཉིད་རྟག་ཏུ་རྣམ་པ་ཀུན། །སངས་རྒྱས་ལ་སོགས་བརྟན་གཡོ་ཀུན། །ཀུན་གྱི་དངོས་པོར་དེ་འགྱུར་རོ། །ཀུན་ཏུ་སངས་རྒྱས་ཐམས་ཅད་ཀྱི། །སངས་རྒྱས་སྤྲུལ་པ་ཐམས་ཅད་ཀྱིས། །བདག་ཉིད་རྣམ་ པར་འཕྲུལ་པ་སྟོན། །ལྷ་མོ་ཀུན་དང་འདུས་པ་ཡིས། །སངས་རྒྱས་ཞིང་ནི་མ་ལུས་པར། །སངས་རྒྱས་སྤྲུལ་པ་གྲུབ་པར་བྱེད། །སངས་རྒྱས་སྤྲུལ་པ་སྒྱུ་མ་ཡིས། །སངས་རྒྱས་རྣམས་ཀྱི་མཛད་པ་སྟོན། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མ་གར་བྱེད་པས། །
77-1-163b
ཁམས་གསུམ་དག་ནི་མ་ལུས་པར། །དངོས་པོ་ཀུན་ཏུ་དེ་འགྱུར་རོ། །པདྨ་སྒྱུ་མ་རྣམ་འཕྲུལ་པས། །སངས་རྒྱས་རྡོ་རྗེ་འཛིན་ལ་སོགས། །སྣ་ཚོགས་གཟུགས་བྱེད་རིམ་པ་ཡིས། །འགྲོ་བ་ཐམས་ཅད་མགུ་བར་བྱེད། །ཁམས་གསུམ་པ་ཡི་རྒྱལ་སྲིད་ཆེ། །མཇལ་དུམ་གཡུལ་ འགྱེད་གྲུབ་པ་དག་།རྒྱལ་སྲིད་སྒྱུ་མ་རྣམ་འཕྲུལ་པས། །བྱ་བ་ཐམས་ཅད་སྟོན་པར་བྱེད། །ཁམས་གསུམ་པ་ཡི་རྒྱལ་སྲིད་ཆེ། །བདག་རྟུལ་ཕོད་པས་མནན་ནས་ནི། །འགྲོ་བ་ཐམས་ཅད་རབ་འཇོམས་པར། །རྟ་ཡི་གར་གྱིས་སྟོན་པར་བྱེད། །དེ་ལ་སོགས་པ་མཐའ་ཡས་མཆོག་། ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། །སྣ་ཚོགས་ཀུན་གྱི་བདེ་མཆོག་གིས། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དཔལ་དགྱེས་རོལ་པ་རྣམ་འཕྲུལ་བ། །སྣ་ཚོགས་ཀྱིས་ནི་རྣམ་པར་རོལ། ། རྣམ་པ་སྣ་ཚོགས་སྐལ་བཟང་པོ། །རྣམ་པ་སྣ་ཚོགས་བདེ་མཆོག་གིས། །འདུལ་བ་རྣམ་པ་སྣ་ཚོགས་ཀྱིས། །སེམས་ཅན་ཁམས་ནི་རབ་ཏུ་བསྒྲུབ། །དེ་ལ་སོགས་པ་མཐའ་ཡས་མཆོག་།ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། །སངས་ རྒྱས་ཐམས་ཅད་འབྱུང་བའི་མཆོག་།ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་ལ་གནས་ཏེ། །གྲུབ་པའི་དབང་ཕྱུག་རབ་བསྒྲུབས་པས། །ཐམས་ཅད་བདག་ཉིད་གྲུབ་པར་བྱེད། །ཅེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་དེ་སྐད་གསུངས་སོ། །སངས་རྒྱས་ ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་ལས་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་གྱི་རྟོག་པ་སྟེ་དྲུག་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷ། །རྣམ་པ་སྣ་ཚོགས་ཀུན་གྱི་ མཆོག་།འཁོར་ལོ་ཐམས་ཅད་རྣམ་སྤྲུལ་པའོ། །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྗེས་སུ་བསྒྲུབ། །དབེན་པ་ཡི་ནི་གནས་དག་གམ། །རང་གི་སྐྱེད་མོས་ཚལ་སོགས་པར། །ཀུན་ཏུ་སྣ་ཚོགས་སྐལ་བཟང་པོ། །ཀུན་ཏུ་སྣ་ཚོགས་བདེ་མཆོག་གིས། །
77-1-164a
ཀུན་ཏུ་སྣ་ཚོགས་དགོས་པའི་རྣམས། །ཅི་བདེ་བར་ནི་བསྒྲུབ་པར་བྱ། །རྟེན་དང་དགོན་པ་གཙུག་ལག་ཁང ། །རི་ཡི་རྩེ་རྣམས་ཐམས་ཅད་དུ། །རྣམ་པ་དུ་མ་སྣ་ཚོགས་པ། །སངས་རྒྱས་དགོས་པ་བསྒྲུབ་པར་བྱ། །དུར་ཁྲོད་དང་ནི་ལྷ་རྟེན་དང ། །མ་མོའི་གནས་ལ་སོགས་ འདུག་ན། །རྡོ་རྗེ་འཛིན་པའི་དགོས་པ་དག་།རྣམ་པ་དུ་མར་འགྲུབ་པར་འགྱུར། །པདྨོའི་སྐྱེད་མོས་ཚལ་དགའ་དང ། །ཆུ་བོ་དག་གི་མདོ་དག་ཏུ། །པདྨ་འཛིན་པའི་དགོས་པ་རྣམས། །ཡང་དག་པར་ནི་འགྲུབ་པར་འགྱུར། །རྒྱལ་པོའི་ཕོ་བྲང་དགའ་བ་དང ། །རྒྱལ་པོའི་སྐྱེད་མོས་ཚལ་ དག་ཏུ། །རྣམ་པ་སྣ་ཚོགས་དུ་མ་ཡི། །རྒྱལ་པོའི་དགོས་པ་བསྒྲུབ་པར་བྱ། །མཁར་ནི་རྣམ་པ་སྣ་ཚོགས་དང ། །དེ་བཞིན་ཆུ་བོའི་འགྲམ་དག་གམ། །རྒྱལ་ཁམས་གཞན་ལས་གྲུབ་པ་རུ། །རྡོ་རྗེ་རྟ་ནི་བསྒྲུབ་པར་བྱ། །ཆ་ལུགས་རྣམ་པ་སྣ་ཚོགས་དང ། །སྒྲུབ་པ་རྣམ་པ་སྣ་ཚོགས་ ཀྱིས། །རྡོ་རྗེ་སེམས་དཔའི་དགོས་པ་ལ། །དཀྱིལ་འཁོར་ལ་སོགས་རབ་ཏུ་སྒྲུབ། །སངས་རྒྱས་རྣམས་ཀྱི་པདྨ་དམར། །ཕྱག་ན་རྡོ་རྗེ་སྣ་ཚོགས་ལ། །འཇིག་རྟེན་དབང་གི་ཁ་དོག་དཀར། །རྡོ་རྗེ་ཉི་མ་དཔལ་གྱི་གསེར། །ཁ་དོག་ཀུན་དང་ཅི་འབྱོར་བ། །བླ་རེ་རྒྱལ་མཚན་རྒྱན་གྱི་ རྣམས། །ཐམས་ཅད་རབ་ཏུ་སྒྲུབ་པ་དཔལ། །རྟ་མཆོག་རྡོ་རྗེ་ཅན་གྱིའོ། །གནས་དང་འཁོར་རྣམས་ཅི་འདྲ་དང ། །བཀོད་དང་འགྲོ་བ་ཅི་འདྲ་དང ། །འཁོར་རྣམས་བཀོད་པ་ཅི་འདྲ་བར། །དེ་འདྲའི་འཁོར་ལོ་མཆོག་གིས་མཛད། །རྡོ་རྗེ་སེམས་དཔའི་ལྷ་རྣམས་ཀྱི། །འཁོར་ལོ་མངོན་སུམ་ མཐོང་བ་ལས། །བསོད་ནམས་བརྟག་པ་ཅི་འདྲ་བ། །ཕྱིས་བྲིས་པ་ཡང་དེ་བཞིན་ནོ། །དཀྱིལ་འཁོར་ཐིག་བཏབ་ཤེས་རབ་ཅན། །ཕྱོགས་ཀུན་མཉམ་པ་ཉིད་བསྒྲུབ་ཅིང ། །ཤར་ནུབ་བྱང་གི་ཕྱོགས་དག་ཏུ། །ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད། །དཀྱིལ་འཁོར་ཡང་དག་ཅི་ འདྲ་བར། །རབ་ཏུ་རྟག་པར་སུ་ཞིག་ནུས། །རང་གིས་ལྷ་ཡི་རང་བཞིན་གྱིས། །དཀྱིལ་འཁོར་བརྟག་པ་འགྲུབ་པར་འགྱུར། །བདག་ཉིད་རང་གིས་ལྷར་སྦྱོར་བས། །དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །ཆོ་ག་ལྷག་གམ་མ་ཚང་ནའང ། །ཉེས་པ་མེད་དེ་འགྲུབ་པར་འགྱུར། །
77-1-164b
ཀུན་ཏུ་སྣ་ཚོགས་སྐལ་བཟང་པོ། །ཀུན་ཏུ་སྣ་ཚོགས་འཁོར་ལོ་ཅན། །ཀུན་ཏུ་སྣ་ཚོགས་གྲུབ་པའི་ཕྱིར། །དཀྱིལ་འཁོར་ཀུན་ཏུ་སྣ་ཚོགས་པའོ། །དཀྱིལ་འཁོར་ཟླུམ་པོ་སངས་རྒྱས་ཀྱི། །རྡོ་རྗེ་ཅན་གྱི་ཟླ་གམ་བཞིན། །པདྨའི་དབང་གི་པདྨའི་དབྱིབས། །རིན་ཆེན་མཆོག་གི་རིན་ ཆེན་དབྱིབས། །ཇི་ལྟར་འདོད་པ་ཅི་འབྱོར་པ། །ཅི་ལྟའི་དུས་དང་ཅི་བདེ་བར། །དཀྱིལ་འཁོར་ཀུན་ཏུ་གནས་པར་དཔལ། །རྟ་མཆོག་ཕྱག་རྒྱ་རྡོ་རྗེའི་འོ། །དཀྱིལ་འཁོར་དུ་ནི་མ་ཞུགས་ཤིང ། །དམ་ཚིག་རྣམས་ནི་སྤངས་པ་དག་།གསང་བ་ཡང་དག་མི་ཤེས་པས། །བསྒྲུབས་ཀྱང་ ཅི་ཡང་མི་འགྲུབ་པོ། །སྲོག་ཆགས་གསད་པར་མི་བྱ་ཞིང ། །དཀོན་མཆོག་གསུམ་ནི་ཡོང་མི་སྤང ། །བྱང་ཆུབ་སེམས་ནི་མི་གཏང་སྟེ། །སློབ་དཔོན་སྐལ་བཟང་ཡོང་མི་གཏང ། །ཀུན་ཏུ་སྣ་ཚོགས་སྐལ་བཟང་པོར། །བདག་རང་བསྒྲུབས་པས་སྐལ་བ་བཟང ། །བདག་མེད་ཆོས་ ཉིད་དང་ལྡན་པ། །དམ་ཚིག་ལ་སྡང་སྐལ་བ་ངན། །སྲིད་པ་ཤིན་ཏུ་བསྒྲུབས་པས་ན། །སྐལ་བཟང་སངས་རྒྱས་བཅོམ་ལྡན་འདས། །སྐལ་ངན་ཉན་ཐོས་འཇིག་རྟེན་ན། །ཤིན་ཏུ་ཡོངས་སུ་མྱ་ངན་འདས། །རྟོག་པ་ཐམས་ཅད་བསྒྲུབ་པའི་ཕྱིར། །སྐལ་བཟང་ཕྱག་ན་རྡོ་རྗེ་ དཔལ། །སྟོང་པ་ཉིད་ལ་རབ་སྦྱོར་བས། །རང་རྒྱལ་རྣམས་ནི་སྐལ་བ་ངན། །འདོད་ཆགས་ཐམས་ཅད་རྣམ་དག་པས། །སྐལ་བཟང་སྤྱན་རས་གཟིགས་ཀྱི་དབང ། །ལོག་པར་ལྟ་དང་ལྡན་པས་ན། །སྐལ་ངན་འཇིག་རྟེན་མུ་སྟེགས་ན། །དམ་པའི་ནོར་མཆོག་སྡུད་པའི་ཕྱིར། །སྐལ་བཟང་ རྡོ་རྗེ་ཉི་མ་དཔལ། །བདག་གི་བུ་ཡང་མ་ཆགས་པས། །སྐལ་ངན་དཀའ་ཐུབ་སྤྱོད་པ་ཀུན། །རྒྱལ་སྲིད་མཆོག་རྣམས་ཀུན་བསྡུས་པས། །རྟ་མཆོག་དཔལ་ནི་སྐལ་བ་བཟང ། །བདག་མེད་ཡོངས་སུ་འཛིན་མེད་པས། །ཐུབ་པ་ཐམས་ཅད་སྐལ་བ་ངན། །བདེ་བ་ཐམས་ཅད་བདག་སྒྲུབ་ ཕྱིར། །ཀུན་གྱི་སློབ་དཔོན་སྐལ་བ་བཟང ། །ལྟ་ངན་དམ་ཚིག་ལ་སྡང་པའི། །སློབ་མ་ཐམས་ཅད་སྐལ་བ་ངན། །གསང་བའི་དོན་ནི་ཡང་དག་ཉིད། །འདི་ནི་གསལ་བར་ཤེས་པ་ཡིས། །སངས་རྒྱས་ཀུན་གྱི་བཀའ་བཞིན་དུ། །སངས་རྒྱས་ཀུན་ཏུ་འགྲུབ་པར་གྱུར། །ཀུན་གྱི་སློབ་
77-1-165a
དཔོན་ལ་གནས་པས། །འཁོར་ལོར་འཇུག་པར་བྱེད་པ་ན། །དཀྱིལ་འཁོར་འདོད་པའི་སློབ་མ་ལ། །གསང་བ་ཡང་དག་མཐའ་ཡས་མཆོག་།ཐོག་མ་ཉིད་དུ་གསང་བརྗོད་པ། །ཀྱེ་ཁྱོད་ཅི་ལ་དགའ་ཞེས་དྲི། །སྐལ་བ་བཟང་ལ་བདག་དགའ་ཞེས། །འཇུག་པ་པོས་ཀྱང་སྨྲ་ བར་བྱ། །གསང་བའི་ཡན་ལག་འདིར་ཤེས་ན། །ཅི་ལྟར་འདོད་པར་རབ་ཏུ་གཞུག་།གསང་བ་ཡང་དག་མི་ཤེས་ཏེ། །གཡས་པ་ཡིས་ནི་གཞུག་པར་བྱ། །དེ་ལྟར་དཀྱིལ་འཁོར་དུ་ཞུགས་ནས། །དེ་བཞིན་ཤིན་ཏུ་ཡོན་དབུལ་ཏེ། །གསང་བའི་ཆོ་ག་ཉིད་ཤེས་པས། །མི་འགྱུར་པ་ཡི་ མཆོག་འགྲུབ་བོ། །ཀུན་ཏུ་སྣ་ཚོགས་བླ་མ་ལ། །ཡོན་མཆོག་དག་ནི་དབུལ་བར་ངེས། །གང་ལ་ཡོངས་སུ་གཏང་དཀའ་གང ། །དེ་ནི་མཆོག་ཏུ་བཤད་པ་ཡིན། །གང་དང་གང་ནི་སྡུག་པའི་མཆོག་།ཡང་ན་ཤིན་ཏུ་ཁྱད་པར་ཅན། །དེ་དང་དེ་ནི་བླ་མ་ལ། །དེ་ཉིད་མི་ཟད་འདོད་ པས་དབུལ། །ཡང་ན་དེ་ནི་འདོད་འགྱུར་བའམ། །འོན་ཏེ་སེམས་ལ་དགོས་པ་དག་།དེ་སྦྱིན་ཡང་ན་དགོས་པ་བྱ། །དེ་ནི་ཆུང་ཡང་མཆོག་ཡིན་ནོ། །དེ་ལ་གལ་ཏེ་མཆོག་བདོག་ལ། །དེ་ཡང་ངན་པའི་ཡོན་འབུལ་ན། །ཀུན་གྱི་སློབ་དཔོན་བརྙས་པས་ན། །དེ་ནི་རྟག་ཏུ་སྡུག་ བསྔལ་འཐོབ། །བུ་མོ་ཤིན་ཏུ་བརྒྱན་པ་འམ། །དེ་བཞིན་ཆུང་མ་སྡུག་པ་དག་།ཕུལ་ནས་རིན་གྱིས་བླུ་བ་ནི། །སངས་རྒྱས་བྱང་ཆུབ་མཆོག་གི་ཡོན། །མ་ཆེན་དག་ནི་ཕུལ་ནས་སུ། །སླར་ཡང་རིན་གྱིས་བླུ་བ་ནི། །རྡོ་རྗེ་འཛིན་དཔལ་སྦྱོར་བ་ཡི། །འོན་ཏེ་མཆོག་གི་ཡོན་ཡིན་ནོ། ། མུ་ཏིག་བཟང་དང་ནོར་བུ་དང ། །ཤིན་ཏུ་དཀར་བའི་རས་ཟུང་དང ། །དེ་བཞིན་རྟ་ནི་དཀར་པོ་དག་།པདྨ་ཅན་གྱི་ཡོན་མཆོག་ཡིན། །རྒྱལ་སྲིད་ལོངས་སྤྱོད་གཏེར་རྣམས་དང ། །གོས་དང་རྒྱན་གྱི་ཚོགས་རྣམས་དང ། །དེ་བཞིན་མཆོད་པ་ཐམས་ཅད་ནི། །རྡོ་རྗེ་ཉི་མའི་ཡོན་ཡིན་ནོ། ། ཤིན་ཏུ་བརྒྱན་པའི་རྟ་དག་དང ། །གླང་པོ་ཤིན་ཏུ་བརྒྱན་པ་དང ། །ཤིང་རྟ་རིན་ཆེན་གང་བ་དག་།རྟ་ཡི་རྒྱལ་པོའི་ཡོན་ཡིན་ནོ། །ཁམས་ཀྱི་རང་བཞིན་ཐམས་ཅད་དང ། །སྲོག་དང་རྩ་བའི་དེ་བཞིན་ཏེ། །སངས་རྒྱས་རིན་ཆེན་དབང་བསྐུར་བ། །མཁས་པས་རྣམ་པ་སྣ་ཚོགས་བརྟག་།
77-1-165b
སྤྱི་བོ་དང་ནི་དཔྲལ་བ་དང ། །འགྲམ་པ་གཉིས་དང་ལྟག་པ་རུ། །སངས་རྒྱས་རིན་ཆེན་ཐམས་ཅད་ཀྱི། །དབུ་རྒྱན་མི་འགྱུར་དམ་པའོ། །ཁམས་ཀྱི་རང་བཞིན་ཐམས་ཅད་དམ། །སྲོག་དང་རྩ་བའི་དེ་བཞིན་ཏེ། །ཐོད་པ་རིན་ཆེན་དབུ་རྒྱན་ནམ། །སངས་རྒྱས་གཙུག་གི་ ནོར་བུ་དག་།ཀུན་ཏུ་སྣ་ཚོགས་བླ་མར་ནི། །ཀུན་གྱི་སློབ་དཔོན་ཀུན་ལ་བྱ། །རྒྱལ་སྲིད་ཐམས་ཅད་རྣམ་དག་ལ། །མ་ལུས་ལུས་པ་མེད་པར་འགྲུབ། །རིན་ཆེན་ངོ་མཚར་གཅིག་ལས་བྱས། །དེ་བཞིན་སྣ་ཚོགས་རྒྱན་གྱིས་སྤྲས། །སངས་རྒྱས་པདྨའི་དབང་བསྐུར་བས། །སློབ་མ་ ཐམས་ཅད་དབང་བསྐུར་རོ། །སངས་རྒྱས་རིན་ཆེན་རྡོ་རྗེ་བྱེད། །རྡོ་རྗེ་རིགས་ལ་རྡོ་རྗེ་ཡིན། །སྤྱན་རས་གཟིགས་ཀྱི་སངས་རྒྱས་སྐུ། །ནོར་བུ་འཛིན་གྱི་ནོར་བུ་ཡིན། །སངས་རྒྱས་རིན་ཆེན་པདྨ་དང ། །རྡོ་རྗེ་ནོར་བུ་དེ་བཞིན་དུ། །ཐམས་ཅད་མཆོག་ནི་རྟ་མཆོག་ལ། །རང་གི་དབང་ བསྐུར་བསྡུས་པའོ། །བླུགས་པ་དང་ནི་བྱས་པ་འམ། །བརྡུངས་པ་འམ་ཡང་ནི་བྲིས་པའང་རུང ། །སྣ་ཚོགས་རབ་ཏུ་ལེགས་པ་ཡི། །མཚན་མའི་ཕྱག་རྒྱ་རབ་ཏུ་བརྟག་།ཀུན་ཏུ་སྣ་ཚོགས་སྐལ་བཟང་པོ། །རང་བྱུང་རྣམས་ཀྱི་མཚན་མའི་རྒྱ། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། ། ལྷ་མོ་རྣམས་ཀྱི་བདེ་བའི་མཆོག་།གཞུ་དང་མདའ་དང་དེ་བཞིན་དུ། །སྐལ་ལྡན་དེ་བཞིན་སྐལ་བ་བཟང ། །ཐོད་པ་དང་ནི་ཁ་ཊྭཱཾ་ག་།རྡོ་རྗེ་རྒྱ་གྲམ་དེ་བཞིན་ནོ། །པདྨ་རྒྱ་གྲམ་དཔག་མེད་ཚེའི། །སངས་རྒྱས་ཀུན་གྱི་ཚེ་བསྒྲུབ་པ། །ལྷ་མོ་ཚོགས་རྣམས་ཐམས་ཅད་ཀྱི། །མཚན་མའི་ ཕྱག་རྒྱ་ཚོགས་སྒྲུབ་བཞིན། །མདའ་དང་དེ་བཞིན་ཚངས་པའི་མགོ་།དེ་བཞིན་འཁོར་ལོའི་ཕྱག་རྒྱ་དང ། །རྡོ་རྗེ་ཏྲི་ཤཱུལ་ཕྱག་རྒྱའི་མཆོག་།དཔག་བསམ་ཤིང་དང་ལྕུག་མ་དང ། །པདྨ་རྟ་མགྲིན་འཕང་མཐོ་བ། །རྟ་མགྲིན་ལྗང་གུ་དེ་བཞིན་ནོ། །ཕག་གི་མཆེ་བ་གྲུབ་པ་དང ། །ཟླ་བ་ཉི་ མ་དེ་བཞིན་ནོ། །རིན་ཆེན་སྣ་ཚོགས་སྣོད་ཆེན་དུ། །སངས་རྒྱས་གཟུགས་ཀྱི་ར་ས་ཡ། །ཐམས་ཅད་བདག་ཉིད་མྱོང་སྐལ་བཟང ། །མཚན་མའི་ཕྱག་རྒྱའི་ཚོགས་བཞིན་ནོ། །གླིང་བུ་དང་ནི་པི་བང་ཀུན། །ཀུ་མཎྜ་དང་མུ་ར་ཛ། །མེ་ཏོག་བདུག་པ་མར་མེ་དང ། །སྣ་ཚོགས་དྲི་རྣམས་
77-1-166a
དེ་བཞིན་ནོ། །དེ་ལ་སོགས་པ་མཐའ་ཡས་མཆོག་།ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། །མཚན་མའི་ཕྱག་རྒྱ་དམ་པའི་ཚོགས། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་ཉིད་ལ་གནས། །གྲུབ་ པའི་དབང་ཕྱུག་རབ་གྲུབ་པས། །ཐམས་ཅད་བདག་ཉིད་གྲུབ་པར་འགྱུར། །ཆོས་གོས་དང་ནི་ལྷུང་བཟེད་དང ། །དེ་བཞིན་དུ་ནི་འཁར་གསིལ་དང ། །དམ་པའི་ཆོས་ཀྱི་གླེགས་བམ་དག་།མཚན་མའི་ཕྱག་རྒྱའི་ཚོགས་གཞན་ནོ། །དེ་བཞིན་རྩེ་ཡི་ཕྱག་རྒྱ་དང ། །ཆ་ལང་དང་ནི་རྔ་དག་དང ། ། རྡོ་རྗེ་དང་ནི་རིན་ཆེན་སྣོད། །མཚན་མའི་ཕྱག་རྒྱའི་ཚོགས་གཞན་ནོ། །དེ་བཞིན་སངས་རྒྱས་གཟུགས་བརྙན་དང ། །མེ་ལོང་དང་ནི་རླུང་ཡབ་དང ། །རྡོ་རྗེ་སེར་བ་སྤྲིན་དང་བཅས། །དེ་བཞིན་མིག་གི་ཕྱག་རྒྱ་དང ། །རྡོ་རྗེ་འབར་བ་ཁ་ཊྭཱཾ་ག་།ཐོད་པ་ཁམ་ཕོར་དེ་བཞིན་ནོ། །དམར་ ཆེན་དང་ནི་སྙིང་རྗེ་དང ། །ཤ་ཆེན་པོ་ཡང་དེ་བཞིན་ཏེ། །རྣོན་པོ་མདའ་དང་དེ་བཞིན་འདྲེན། །ཆང་དང་ཆུ་དང་དེ་བཞིན་ཏེ། །ལྕུག་མ་རླུང་གིས་བསྐྱོད་པ་དང ། །རས་དང་དེ་བཞིན་མེ་དང་ནི། །རྡོ་རྗེ་ཁྲོ་བོ་རྒྱལ་པོའི་དཔལ། །གདུག་པ་ཐམས་ཅད་ཟ་བ་ཡི། །མཚན་མའི་ ཕྱག་རྒྱ་གྲུབ་པའི་ཚོགས། །རྣལ་འབྱོར་དངོས་གྲུབ་རབ་སྒྲུབ་པའོ། །པདྨ་སྣ་ཚོགས་དམར་པོ་དང ། །ལྗང་གུ་དེ་བཞིན་དཀར་པོ་དང ། །མཐིང་གསེར་པོ་ལེ་བརྒན་དག་།པདྨ་མཚན་མཆོག་རྣམ་པ་བདུན། །པདྨ་སྨྱུང་པོ་བུད་མེད་རྒྱ། །དེ་བཞིན་ཆོས་ཀྱི་འཁོར་ལོ་དང ། །གསལ་ ཞིང་དཔལ་བསྐྱེད་རྡོ་རྗེ་དང ། །པདྨ་མཚན་མའི་ཚོགས་གཞན་ནོ། །གཞུ་དང་མདའ་དང་རལ་གྲི་དང ། །དེ་བཞིན་དུ་ནི་འབར་བའི་མེ། །དབང་བསྐུར་གཏེར་དང་རྒྱལ་མཚན་དག་།མཆོད་པའི་མཚན་མ་བསྡུས་པའོ། །དེ་བཞིན་སྣ་ཚོགས་པདྨ་དང ། །རྡོ་རྗེ་རྒྱ་གྲམ་དེ་བཞིན་ཏེ། ། མཚན་མའི་ཕྱག་རྒྱ་གྲུབ་པ་ཡིས། །རྒྱལ་སྲིད་ཐམས་ཅད་འཇོམས་པ་སྟེ། །སངས་རྒྱས་ཐམས་ཅད་ལ་སོགས་པ། །དངོས་པོ་བརྟན་གཡོ་མ་ལུས་ཀུན། །རང་བྱུང་རྣམས་ཀྱི་མཚན་མའི་རྒྱ། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའོ། །དེ་སྐད་བཅོམ་ལྡན་དེ་བཞིན་གཤེགས། །
77-1-166b
རྡོ་རྗེ་སེམས་དཔའ་དཔལ་གྱིས་གསུངས། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་ལས་དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱག་རྒྱ་ཤེས་པའི་རྟོག་པ་སྟེ་བདུན་པའོ།། །།དེ་ནས་གཞན་དག་བཤད་པ་ནི། །རྡོ་རྗེ་སེམས་དཔའ་དཔལ་གྱི་ ལྷའི། །རྣམ་པ་ཀུན་ཏུ་སྣ་ཚོགས་མཆོག་།མཆོད་པ་ཐམས་ཅད་རྣམ་སྤྲུལ་པའོ། །ལག་པ་གཡས་གཡོན་གཉིས་དག་གིས། །མཛུབ་མོ་མཐེའུ་ཆུང་མཛེས་པར་བསྒྱུར། །དཔལ་ལྡན་གཡོན་པ་འགྱིང་བའི་ཐབས། །གཡས་པ་བ་དན་གསུམ་དུ་བྱ། །སྲི་ཞུར་བཅས་པའི་སྟེག་ པའི་མཆོག་།བདག་ཉིད་རྡོ་རྗེ་སེམས་དཔའ་དཔལ། །འཛུམ་དང་བཅས་པའི་མིག་གིས་བལྟ། །བསམ་པ་གཡོས་པའི་ཕྱག་རྒྱའོ། །སངས་རྒྱས་རྡོ་རྗེ་པདྨ་འཛིན། །རྡོ་རྗེ་ཉི་མ་ཁམས་གསུམ་པས། །སྐད་ཅིག་གིས་ཀྱང་ཕྱག་བྱེད་ན། །ཁེངས་པ་གཞན་ལྟ་ཅི་ཞིག་སྨོས། །དྲག་པོ་ དབང་པོ་ཉེ་དབང་བཅས། །ཉི་ཟླ་གཤིན་རྗེ་ཚངས་པར་བཅས། །བཏུད་དེ་རབ་ཏུ་ཕྱག་འཚལ་ནས། །ལས་རྣམས་ཐམས་ཅད་བྱེད་པར་འགྱུར། །རྡོ་རྗེ་དཔལ་གྱི་ཐལ་མོ་བསྒྱུར། །བསམ་པ་གཡོས་པས་ཕྱག་བྱས་པའི། །སངས་རྒྱས་མཆོད་པ་ལེགས་བྱས་ན། །མ་ལུས་ལུས་པ་མེད་ པར་འགྲུབ། །སྨིན་མ་གཡོན་དུ་འདེག་ཚུལ་གྱིས། །རུ་ལུ་རུ་ལུར་བཅས་བགང་ན། །ཚངས་པ་ཉེ་དབང་དྲག་པོར་བཅས། །ཁམས་གསུམ་པ་རྣམས་ཕྱག་བྱེད་འགྱུར། །ཐལ་མོས་པདྨོ་ཁ་འབུས་བཞིན། །རང་གི་སྦྱོར་ལྡན་སྙིང་གར་བཅིང ། །མཐེ་བོ་མཐེའུ་ཆུང་འདབ་མ་བཞིན། ། རྒྱས་པ་བཏུད་པའི་ཕྱག་ཀྱང་བྱ། །ལུས་ཀྱི་ཡན་ལག་ཐམས་ཅད་ནི། །ས་ལ་བསྙལ་ཏེ་ཕྱག་བྱ་བ། །སྙིང་ག་ཁ་དང་སྤྱི་གཙུག་ཏུ། །ཐལ་མོ་སྦྱར་ཏེ་ཕྱག་བྱའོ། །དཔལ་ལྡན་རྡོ་རྗེ་འགྱིང་བའི་ཐབས། །འཛུམ་པའི་མིག་གིས་ཕྱག་བྱས་ན། །ཁམས་གསུམ་པ་ཡང་ཕྱག་བྱེད་ན། །མཐུ་ བསྙེམས་གཞན་ལྟ་ཅི་ཞིག་སྨོས། །ཕྱག་འཚལ་བའི་ཕྱག་རྒྱ་ཤེས་པའོ། །གར་གྱི་རྒྱུན་རྣམས་ཅི་སྙེད་དང ། །དེ་བཞིན་བྱ་བའི་ཚུལ་སྟོན་ཀུན། །དེ་དག་རྡོ་རྗེ་སེམས་དཔའི་རྒྱ། །རང་གི་དོན་རྣམས་གྲུབ་བྱེད་པའོ། །འགྱིང་དང་བཅས་པའི་ཚུལ་བྱས་ནས། །ཅི་ལྟའི་ཚུལ་བཞིན་གར་བྱེད་
77-1-167a
ཅིང ། །བསྐོར་བའི་གར་རྣམས་སྣ་ཚོགས་ཀྱིས། །མཆོད་པ་ཐམས་ཅད་དབུལ་བར་བྱ། །ལག་པ་གཡས་གཡོན་གཉིས་དག་གིས། །མཛུབ་མོ་མཐེའུ་ཆུང་མཛེས་བསྒྱུར་ཏེ། །གཡོན་པའི་མཛུབ་མོ་ཁུ་ཚུར་བཅང ། །གཡས་པ་བ་དན་གསུམ་པར་བྱས། །ཕྱག་རྒྱ་འདི་ཡིས་ བཏབ་ན་ནི། །སངས་རྒྱས་ཀུན་དང་འགྲོགས་པ་དང ། །དངོས་གྲུབ་ཆེན་པོ་མཆོག་ཀུན་གྱི། །དབང་ཕྱུག་ཆེན་པོ་འགྲུབ་པར་འགྱུར། །སངས་རྒྱས་ཐམས་ཅད་དང་འགྲོགས་པ། །དཔལ་སྐལ་བ་བཟང་པོ་ཞེས་བྱ་བའི་ཕྱག་རྒྱའོ། །སྙེམས་འཛིན་ཆེན་པོར་བཅས་པ་ཡི། །སྦྱོར་བས་དེ་ཉིད་བཏེག་ ནས་སུ། །འགྲམ་པའི་ཕྱོགས་སུ་ཡོངས་བསྒྱུར་ནས། །སྤྱི་བོའི་མཚམས་སུ་གཞག་པར་བྱ། །ཐམས་ཅད་འབེབས་པའི་གར་བྱེད་པས། །གར་བྱས་དེ་ནས་ཕབ་ནས་སུ། །སྐལ་བཟང་ཧཱུཾ་ཞེས་བྱ་བའི་ལུས། །མཆོད་པ་ཐམས་ཅད་དབུལ་བར་བྱ། །སངས་རྒྱས་ཐམས་ཅད་དང་མཉམ་པར་ སྦྱོར་བ་སྐལ་བ་བཟང་པོ་བདེ་བ་ཆེན་པོ་ཞེས་བྱ་བའི་ཕྱག་རྒྱའོ། །ལག་པ་གཡས་གཡོན་གཉིས་དག་གིས། །མཛུབ་མོ་མཐེའུ་ཆུང་མཛེས་བསྒྱུར་བའི། །རྡོ་རྗེ་ཐལ་མོ་སྦྱར་ནས་སུ། །དེ་བཞིན་གཡོན་དུ་བསྒྱུར་བར་བྱ། །དེ་ནི་སྦྱོར་བས་བཏེག་ནས་སུ། །སྤྱི་བོའི་མཚམས་སུ་གཞག་པར་བྱ། །སྐལ་ བཟང་ཞེས་བྱ་བའི་གླུས། །མཆོད་པ་ཐམས་ཅད་དབུལ་བར་བྱ། །དཔལ་རྡོ་རྗེ་ཐལ་མོ་སྦྱར་བ་སངས་རྒྱས་ཀྱི་མཆོད་པའོ། །ལག་པ་གཡས་གཡོན་གཉིས་དག་གིས། །མཛུབ་མོ་མཐེའུ་ཆུང་མཛེས་བསྒྱུར་ཏེ། །རྡོ་རྗེ་ཐལ་མོ་གྱེན་དུ་དགྲོལ། །མཆོད་པའི་གཏོར་མ་ཀུན་གྱི་ཚུལ། །དུར་ཁྲོད་ ཆ་ལུགས་གར་བྱེད་པས། །ཕྱག་རྒྱ་འདི་ཡིས་གར་བྱེད་ཅིང ། །སྐལ་བཟང་རྡོ་རྗེ་དྲག་པོར་དགོད། །མཆོད་པ་ཐམས་ཅད་དབུལ་བར་བྱ། །དཔལ་རྡོ་རྗེ་ཧེ་རུ་ཀའི་ཐོད་པའི་ཐལ་མོ་སྟེ་མཆོད་པའི་གཏོར་མ་ཐམས་ཅད་ཀྱི་ཆོ་གའོ། །ལག་པ་གཡས་གཡོན་གཉིས་དག་གིས། །མཛུབ་མོ་མཐེའུ་ ཆུང་མཛེས་བསྒྱུར་ཏེ། །གཡས་གཡོན་ཐལ་མོ་བརྡབས་པ་ཡིས། །མཆོད་པ་ཐམས་ཅད་དབུལ་བར་བྱ། །དཔལ་པདྨ་གར་གྱི་དབང་ཕྱུག་གི་ཐལ་མོའོ། །ལག་པ་གཡས་གཡོན་གཉིས་དག་གིས། །མཛུབ་མོ་མཐེའུ་ཆུང་མཛེས་བསྒྱུར་ཏེ། །རྡོ་རྗེ་རིན་ཆེན་ཐལ་སྦྱར་ནས། །མཆོད་པ་
77-1-167b
ཐམས་ཅད་དབུལ་བར་བྱ། །རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དཔལ་རྡོ་རྗེ་རིན་ཆེན་ཞེས་བྱ་བའི་ཕྱག་རྒྱའོ། །གྱེན་དུ་འཐོར་ཞིང་ཐུར་དུ་འབེབས། །བསྐོར་ཞིང་དེ་བཞིན་ཉུག་པ་དང ། །མེ་ཏོག་བདུག་པ་མར་མེ་མཆོག་།དྲི་ཡི་མཆོད་པ་འབྱུང་བའོ། །གང་བའམ་འོན་ཏེ་སྟོང་པའང་ རུང ། །ཡང་ན་ཅི་འབྱོར་པ་ཡིས་ཀྱང ། །དམ་ཚིག་མཉམ་པར་བསྒྲུབ་པ་ཡིས། །མཆོད་པ་ཐམས་ཅད་འགྲུབ་པར་འགྱུར། །ཕྱག་རྒྱ་འདི་རྣམས་བཅིངས་ནས་ནི། །སངས་རྒྱས་ཐམས་ཅད་མཆོད་པར་འགྱུར། །དངོས་གྲུབ་དབང་ཕྱུག་གྲུབ་བས་ཀྱང ། །ཀུན་གྱི་བདག་ཉིད་མཆོད་ པར་འགྱུར། །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། །རང་འབྱུང་རྣམས་ཀྱི་མཆོད་པ་ཀུན། །གང་དག་དེ་ཡིས་མ་བྱས་ཤིང ། །སྤེལ་བར་ཡང་ནི་མ་གྱུར་པའི། །རླབས་ཆེན་དམ་པ་གང་ཡང་མེད། །སངས་རྒྱས་ཐམས་ཅད་ མཉམ་སྦྱོར་བ། །སྦྱོར་བའི་དབང་ཕྱུག་བདེ་ཆེན་དང ། །དངོས་གྲུབ་ལས་དང་བདེ་བ་དག་།འདི་ཡིས་མི་འགྲུབ་གང་ཡང་མེད། །མཆོད་པ་རབ་འབྱམ་གྲུབ་པ་རྣམས། །མ་ལུས་ལུས་པ་མེད་པ་འགྲུབ། །བཅོམ་ལྡན་རྡོ་རྗེ་སེམས་དཔས་གསུངས། །སངས་རྒྱས་ཐམས་ཅད་དང་ མཉམ་པར་སྦྱོར་བའི་མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་ལས་མཆོད་པ་ཐམས་ཅད་དང་མཉམ་པར་སྦྱོར་བ་དཔལ་སྐལ་བ་བཟང་པོ་དམ་ཚིག་གི་རྟོག་པ་སྟེ་བརྒྱད་པའོ།། །།དེ་ནས་གཞན་ཡང་བཤད་པ་ནི། །རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷའི། །ཀུན་ཏུ་སྣ་ཚོགས་མཆོག་ རྣམས་ཀྱི། །ཕྱག་རྒྱ་ཐམས་ཅད་རྣམ་སྤྲུལ་པའོ། །སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་།གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །བདེ་བ་ཀུན་ལ་ཞེན་པ་དང ། །དངོས་གྲུབ་ཐམས་ཅད་རྣམ་དག་ཕྱིར། ། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་།ཟླ་བ་ཉ་ལྟར་རྩ་དམར་སྐུ། །འདོད་ཆགས་ཀུན་ལ་ཆགས་པའི་ཕྱིར། །ཆགས་པ་ཆེན་པོ་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །དམར་པོ་སྣ་ཚོགས་འབར་བའི་འོད། །ཁམས་གསུམ་དག་ན་རིན་ཆེན་གཞན། །སངས་རྒྱས་རིན་
77-1-168a
ཆེན་ལྟ་བུ་མེད། །སངས་རྒྱས་ཀུན་གྱི་རིན་ཆེན་ཆེ། །དབུ་རྒྱན་ཅན་ནི་བདེ་བའི་མཆོག་།གཞན་གྱི་ནོར་མིན་འདི་མི་འཕྲོགས། །ལྷ་ཡི་ཆུ་འདིས་དག་པ་སྟེ། །མཐུ་དང་ངོ་བོ་ཉིད་དག་དང ། །རང་བཞིན་གྱིས་ནི་དེ་འགྲུབ་བོ། །ཐོད་པའི་ཕྲེང་བའི་དབུ་རྒྱན་དང ། །སངས་ རྒྱས་གཙུག་གི་ནོར་བུ་ཅན། །ཀུན་ནས་ཉོན་མོངས་འཇིག་རྟེན་དབང ། །མི་མཇེད་ལ་སོགས་དེ་འགྲུབ་བོ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ལྷ་མོ་ཀུན་དང་འདུས་པ་ཡིས། །ཀུན་ཏུ་སྣ་ཚོགས་སྐལ་བཟང་པོ། །མཁའ་འགྲོ་མ་ནི་ཐམས་ཅད་འགྲུབ། །སངས་རྒྱས་རྡོ་རྗེ་པདྨ་ འཛིན། །རྡོ་རྗེ་ཉི་མ་ཁམས་གསུམ་པ། །རྒྱས་བཏབ་རྨོངས་པས་བསླང་ནས་ནི། །ལས་རྣམས་ཀུན་ལ་སྦྱོར་བར་བྱེད། །ཕྱག་རྒྱ་འདི་ཡིས་བཏབ་པ་ནི། །འདོད་པ་བཞིན་དུ་འགྲོ་འོང་ལྡིང ། །ལྷ་མོ་ཀུན་མཆོག་དཔལ་དང་ལྡན། །རྡོ་རྗེ་སེམས་དཔའ་རབ་ཏུ་འགྲུབ། །མཆོག་ཏུ་དགའ་ བ་ལ་རབ་ཏུ་སྦྱོར་བ་སྐལ་བ་བཟང་པོ་དཔལ་རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་རོལ་པ་ཞེས་བྱ་བ་མཆོག་གི་ཕྱག་རྒྱའོ། །གཡས་དང་གཡོན་གྱི་སྦྱོར་བ་ཡིས། །བདེ་བའི་ཆ་ལུགས་གར་བྱེད་ཅིང ། །སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ནས། །དཔུང་རྣམས་ཐམས་ཅད་རབ་ཏུ་འཇོམས། ། དཔལ་རྡོ་རྗེ་སེམས་དཔའི་སྐྱིལ་མོ་ཀྲུང་ངོ ། །ཟླ་བའི་ཁ་དོག་འཛུམ་པའི་ཞལ། །དངོས་གྲུབ་ཐམས་ཅད་དག་པ་དང ། །པདྨའི་འདོད་ཆགས་རྣམ་དག་ཕྱིར། །བརླ་ཡི་དབུས་ནི་དམར་ལ་དཀར། །ཕྱག་མཆོག་ལོ་མ་སྔོན་པོ་འདྲ། །དེ་བཞིན་བདེ་བའི་དབང་ཕྱུག་དང ། །བདེ་བར་རེག་ པའི་དབང་ཕྱུག་པས། །དཀར་ཞིང་སེར་བའི་བརླ་དང་ལྡན། །ལྷ་རྫས་སྣ་ཚོགས་ཁ་དོག་མཆོག་།འབར་བ་སྣ་ཚོགས་འཁྲིགས་པའི་འོད། །པདྨ་སྣ་ཚོགས་ལ་གནས་པ། །ཐམས་ཅད་དག་པར་རབ་ཏུ་གནས། །སངས་རྒྱས་པདྨ་ལ་སོགས་མཆོག་།རིན་ཆེན་སྣ་ཚོགས་ རྒྱན་དང་གོས། །སངས་རྒྱས་ཐམས་ཅད་འདུས་པ་ཡིན། །མི་མཇེད་ལ་སོགས་བརྒྱན་པ་བཞིན། །བྱ་བ་དང་ནི་བཟློག་པ་དང ། །འཕྲོག་པ་དག་ཀྱང་ལྷག་པར་མཛོད། །བདག་ལ་འཁྱུད་པའི་ཕྱག་རྒྱ་ཡིས། །ཡན་ལག་ཐམས་ཅད་འཕྲོག་པར་འགྲུབ། །ཕྱག་རྒྱ་འདི་ཡིས་བཏབ་
77-1-168b
ན་ནི། །འདོད་པ་བཞིན་དུ་འགྲོ་འོང་ལྡིང ། །དཔལ་ལྡན་འདོད་པ་ཀུན་ལ་དབང ། །རྡོ་རྗེ་སེམས་དཔའ་རབ་ཏུ་འགྲུབ། །མཆོག་ཏུ་དགའ་བ་ལ་རབ་ཏུ་སྦྱོར་བ་སྐལ་བ་བཟང་པོ་དཔལ་རྡོ་རྗེ་མདའ་བདེ་བའི་མཆོག་རོལ་པ་ཞེས་བྱ་བའི་ཕྱག་རྒྱའོ། །རྣམ་པ་སྣ་ཚོགས་དམ་ཚིག་ཆགས། །བདེ་ བའི་འབེབས་པའི་གར་བྱེད་པས། །བདག་ལ་འཁྱུད་པའི་ཕྱག་རྒྱ་མཆོག་།དབུས་ཀྱི་ལྷ་མཆོག་ཆེན་པོ་ཡི། །ཕྱག་རྒྱ་འདི་ཡིས་རྣལ་འབྱོར་པ། །འདོད་པ་བཞིན་དུ་འགྲོ་འོང་ལྡིང ། །བདེ་ཆེན་དབང་ཕྱུག་དཔལ་དང་ལྡན། །རྡོ་རྗེ་སེམས་དཔའ་རབ་ཏུ་འགྲུབ། །མཆོག་ཏུ་དགའ་ ལ་རབ་སྦྱོར་བ། །སྐལ་བ་བཟང་པོ་དཔལ་རྡོ་རྗེ་སེམས་དཔའི་དམ་ཚིག་བདེ་བའི་མཆོག་རོལ་པ་ཞེས་བྱ་བའི་ཕྱག་རྒྱའོ། །སེ་རལ་ཁ་ཡི་ཚུལ་དག་ཏུ། །རྡོ་རྗེ་ཁཊྭཱཾ་ག་བཟུང་སྟེ། །བདག་ལ་འཁྱུད་པའི་ཕྱག་རྒྱ་ནི། །པད་བཅས་རྡོ་རྗེ་རྒྱ་གྲམ་མཆོག་།ཕྱག་རྒྱ་འདི་ཡིས་བཏབ་ན་ནི། །འདོད་པ་ བཞིན་དུ་འགྲོ་འོང་ལྡིང ། །རྣལ་འབྱོར་ཀུན་གྱིས་དབང་ཕྱུག་རྒྱལ། །རྡོ་རྗེ་སེམས་དཔའ་རབ་ཏུ་འགྲུབ། །མཆོག་ཏུ་དགའ་བ་ལ་རབ་ཏུ་སྦྱོར་བ་སྐལ་བ་བཟང་པོ་དཔལ་རྡོ་རྗེ་རྣལ་འབྱོར་བདེ་བའི་མཆོག་རོལ་པ་ཞེས་བྱ་བའི་ཕྱག་རྒྱའོ། །རྫོགས་སངས་རྒྱས་ཀྱི་ཁམ་ཕོར་འགྲུབ། །བདག་ལ་ འཁྱུད་པའི་ཕྱག་རྒྱ་ཡིས། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །དབུས་ཀྱི་ལྷ་མཆོག་ཆེན་པོའོ། །ཕྱག་རྒྱ་འདི་ཡིས་རྣལ་འབྱོར་པ། །འདོད་པ་བཞིན་དུ་འགྲོ་འོང་ལྡིང ། །དཔལ་ལྡན་ཚེ་དང་གཞོན་འགྲུབ་པ། །རྡོ་རྗེ་སེམས་དཔའ་རབ་ཏུ་འགྲུབ། །མཆོག་ཏུ་དགའ་བ་ལ་རབ་ཏུ་སྦྱོར་ བ་སྐལ་བ་བཟང་པོ་དཔལ་རྡོ་རྗེ་ཚེ་བདེ་བའི་མཆོག་རོལ་པ་ཞེས་བྱ་བའི་ཕྱག་རྒྱའོ། །དེ་ལ་སོགས་པ་མཐའ་ཡས་མཆོག་།ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། །རང་བྱུང་ཕྱག་རྒྱ་སྣ་ཚོགས་རྣམས། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། ། རྡོ་རྗེ་སེམས་དཔའ་ལ་གནས་ཏེ། །གྲུབ་པའི་དབང་ཕྱུག་རབ་གྲུབ་པས། །ཐམས་ཅད་བདག་ཉིད་འབབ་འགྲུབ་འགྱུར། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་གི་རྩ་བའི་ཕྱག་རྒྱའི་ཚོགས་སོ། །གཙུག་ལག་ཅི་ལྟའི་རྗེས་མཐུན་པའི། །
77-1-169a
དཔལ་རྫོགས་རྒྱ་ཆེན་གར་དག་གིས། །མདའ་བཞི་ཡོངས་སུ་འཕངས་ན་ནི། །བདུད་བཞི་དག་ལས་རྒྱལ་བར་འགྱུར། །ཚངས་པ་ཆེན་པོའི་མགོ་དཔལ་རྡོ་རྗེ་མདའ་ཞེས་བྱ་བའི་ཕྱག་རྒྱའོ། །རྐང་པ་འདེག་ཅིང་ཕབ་པ་དང ། །གཤིབས་ཏེ་མཆོངས་པའི་སྟབས་དག་ གིས། །འཁོར་ལོའི་ཕྱག་རྒྱས་བསྟོད་ནས་ནི། །ཁམས་གསུམ་དག་ལས་མཆོངས་པར་འགྱུར། །དཔལ་རྡོ་རྗེ་མཐུ་བོ་ཆེ་ཞེས་བྱ་བའི་ཕྱག་རྒྱའོ། །བྱ་བ་དང་ནི་བཟློག་པ་དང ། །ཕྲོགས་པ་དག་གི་ཁྱད་པར་དུ། །སྣ་ཚོགས་ཕྱག་རྒྱས་གར་བྱེད་ཅིང ། །ཁམས་གསུམ་དག་ནི་ བསྡུ་བར་བྱ། །དཔལ་རྡོ་རྗེ་གར་གྱི་དབང་ཕྱུག་ཅེས་བྱ་བའི་ཕྱག་རྒྱའོ། །ལྕུག་མ་གང་ཡང་རུང་བཟུང་ནས། །བདག་ལ་འཁྱུད་པའི་ཕྱག་རྒྱ་ཡིས། །བུད་མེད་ཐམས་ཅད་རྩེད་ན་ནི། །དཔག་བསམ་ཤིང་ལྟར་རྟག་ཏུ་འགྲུབ། །དཔལ་རྡོ་རྗེ་འདོད་པའི་ལྷ་མོ་ཞེས་བྱ་བའི་ཕྱག་རྒྱའོ། །མྱང་ བ་བཏུང་བ་ལྟར་བྱས་པས། །དྲག་པོ་དབང་པོ་ཉེ་དབང་བཅས། །ཉི་ཟླ་གཤིན་རྗེ་ཚངས་བཅས་པའི། །འཇིག་རྟེན་གསུམ་དག་སྐམས་པར་བྱེད། །དཔལ་རྡོ་རྗེ་རྟ་གདོང་ཞེས་བྱ་བའི་ཕྱག་རྒྱའོ། །སྣ་ཡི་མྱང་བའི་རྔུབ་པ་ཡིས། །དྲག་པོ་དབང་པོ་ཉེ་དབང་བཅས། །ཉི་ཟླ་གཤིན་རྗེ་ ཚངས་བཅས་པའི། །ཁམས་གསུམ་ཡང་ནི་སྡུད་པར་བྱེད། །དཔལ་རྡོ་རྗེ་ཕག་མོ་ཞེས་བྱ་བའི་ཕྱག་རྒྱའོ། །མིག་ཚུགས་ཞེན་པར་བལྟ་བ་ཡིས། །དྲག་པོ་དབང་པོ་ཉེ་དབང་བཅས། །ཉི་ཟླ་གཤིན་རྗེ་ཚངས་བཅས་པའི། །འཇིག་རྟེན་གསུམ་ཡང་ཟ་བར་བྱེད། །དཔལ་རྡོ་རྗེ་ སྤྱན་ཉི་ཟླ་ཞེས་བྱ་བའི་ཕྱག་རྒྱའོ། །ཐམས་ཅད་བདག་ཉིད་མྱངས་པ་ཡིས། །དྲག་པོ་དབང་པོ་ཉེ་དབང་བཅས། །ཉི་ཟླ་གཤིན་རྗེ་ཚངས་བཅས་པའི། །ཐལ་བར་གྱུར་པའང་འཚོ་བར་བྱེད། །དཔལ་རྡོ་རྗེ་ཀུན་གྱི་བདག་ཉིད་ཁམས་གསུམ་སླར་འཚོ་བ་ཞེས་བྱ་བའི་ཕྱག་རྒྱའོ། །གླིང་ བུ་ལེན་པའི་ཚུལ་སྟོན་ཅིང ། །ཇི་ལྟར་བབས་པའི་གར་བྱེད་པས། །ཚངས་དང་ཉེ་དབང་དྲག་པོར་བཅས། །འགྲོ་བ་གསུམ་དག་དབང་དུ་བྱེད། །དཔལ་རྡོ་རྗེ་གླིང་བུའི་དབང་བྱེད་ཅེས་བྱ་བའི་ཕྱག་རྒྱའོ། །པི་བང་ལེན་པའི་ཚུལ་སྟོན་ཅིང ། །ཇི་ལྟར་བབས་པའི་གར་བྱེད་པས། །ལས་
77-1-169b
རྣམས་གྲུབ་པར་རབ་འབྱམ་དང ། །དངོས་གྲུབ་མ་ལུས་མྱུར་དུ་འགྲུབ། །དཔལ་རྡོ་རྗེ་པི་བང་བདེ་བས་རྨོངས་པར་བྱེད་པ་ཞེས་བྱ་བའི་ཕྱག་རྒྱའོ། །ཅང་ཏེའུ་ཚུལ་སྟོན་རྣལ་འབྱོར་པ། །ཇི་ལྟར་བབས་པའི་གར་བྱེད་པས། །རིམས་དང་གདོན་དང་དུག་ཞེན་པའི། །སྡུག་བསྔལ་ཐམས་ ཅད་མྱུར་དུ་སེལ། །དཔལ་རྡོ་རྗེ་ཅང་ཏེའུ་སྡུག་བསྔལ་ཐམས་ཅད་སེལ་བར་བྱེད་པ་ཞེས་བྱ་བའི་ཕྱག་རྒྱའོ། །རྫ་རྔའི་ཚུལ་སྟོན་རྣལ་འབྱོར་པ། །ཇི་ལྟར་བབས་པའི་གར་བྱེད་པ། །གནས་གསུམ་དག་ནི་མ་ལུས་པ། །སྐད་ཅིག་ཙམ་གྱིས་འབེབས་པར་བྱེད། །དཔལ་རྡོ་རྗེ་རྫ་ རྔས་མྱོས་པར་བྱེད་པ་ཞེས་བྱ་བའི་ཕྱག་རྒྱའོ། །ཕྱག་རྒྱ་གར་གྱི་མཆོད་པ་ཡིས། །མཆོད་པ་ཐམས་ཅད་བྱས་ན་ནི། །རང་བྱུང་གར་གྱི་མཆོད་པ་རྣམས། །མ་ལུས་ལུས་པ་མེད་པར་འགྲུབ། །རིམས་དང་དུག་དང་དབྱིག་དུག་བྱད། །ཕྲ་མེན་གདོན་གྱི་གནོད་པ་རྣམས། །བསྐོར་བའི་གར་ རྣམས་སྣ་ཚོགས་ཀྱིས། །སྐད་ཅིག་ཙམ་གྱིས་ཞི་བར་འགྱུར། །དྲག་པོ་དབང་པོ་ཉེ་དབང་བཅས། །ཉི་ཟླ་གཤིན་རྗེ་ཚངས་བཅས་པའི། །རྒྱས་བཏབ་རྨོངས་བྱས་ཟོས་པ་དག་།སྐད་ཅིག་ཙམ་གྱིས་འཚོ་བར་བྱེད། །དེ་ལ་སོགས་པ་མཐའ་ཡས་མཆོག་།ཆོས་དབྱིངས་མཉམ་ དང་མི་མཉམ་པའི། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པ། །རང་བྱུང་ལྷ་མོ་ཕྱག་རྒྱ་རྣམས། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་ལ་གནས་ཏེ། །དངོས་གྲུབ་དབང་ཕྱུག་རབ་གྲུབ་པས། །ཐམས་ཅད་བདག་ཉིད་བབས་པར་འགྱུར། །སངས་རྒྱས་ཐམས་ ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་གི། །རབ་ཏུ་གྲུབ་པའི་གླུ་རྣམས་ཀྱིས། །བླ་མེད་པ་ཡི་དངོས་གྲུབ་འཐོབ། །དེ་ནས་ཕྱག་རྒྱ་ཡེ་ཤེས་འདི། །དཔལ་ལྡན་རྡོ་རྗེ་མཆོག་གི་གླུ། །ལས་རྣམས་ཐམས་ཅད་རབ་གྲུབ་ཅིང ། །སྲིད་པ་ཤིན་ཏུ་བསྒྲུབ་པ་ནི། །ཀྱེ་ཀྱེ་རྡོ་རྗེ་ སེམས་དཔའ་བདེ་ཆེན་སྐལ་བཟང་དཔལ་ཁྱོད་བདག་ལ་བསྒྲུབ་ལ་རྟོགས་པར་མཛད་དུ་གསོལ། །ཀྱེ་དེ་བཞིན་གཤེགས་པ་ཀུན་གྱི་བདག་ཉིད་བདེ་བ་མཁའ་འགྲོ་སྒྱུ་མ་སྣ་ཚོགས་བདེ་བའི་མཆོག་།འགྲོ་བའི་རྒྱུད་རྣམས་རྣམ་པ་སྣ་ཚོགས་འདུལ་མཆོག་སྒྲུབ་པ་བདག་ལ་གྲུབ་པར་
77-1-170a
མཛད་དུ་གསོལ། ། ལ་ལ་ཧོ། དེ་བཞིན་གཤེགས་པའི་སྦྱོར་བ་རྣམ་པ་སྣ་ཚོགས་གར་རྣམས་བསྟན་དུ་གསོལ། །ཛཿ ཧཱུཾ་བཾ་ཧོཿ ། །ཀྱེ་བདེ་མཆོག་བདེ་བས་ཟུང་ལ་རྣམ་པར་སྤྲུལ། །ཧཱུཾ་སྣང་བར་མཛད་དུ་གསོལ། ཨ་ལ་ལ་ཧོ། དེ་བཞིན་གཤེགས་ཀུན་སྣ་ཚོགས་ མཁའ་འགྲོ་སྒྱུ་མས་སློབ་མ་གཟུང་དུ་གསོལ། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་།ཀུན་ཏུ་ཀུན་ནས་ཐམས་ཅད་དུ། །འདི་ཉིད་ཀྱིས་ནི་མྱུར་དུ་འགྲུབ། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མའི་རྣལ་འབྱོར་གྱི་དཀྱིལ་ འཁོར་གྱི་ཕྱག་རྒྱ་ཞེས་བྱའོ། །རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཐར་པ་ཐམས་ཅད་རྣམ་དག་ཕྱིར། །སངས་རྒྱས་ཕྱག་རྒྱ་དཔལ་དུ་གནས། །འདོད་དམ་རྣམ་པར་དག་པའི་ཕྱིར། །བཙོ་མ་གསེར་གྱི་ཁ་དོག་བཞིན། །ཆགས་ མེད་ལ་སོགས་ཆགས་ཆེན་ཕྱིར། །དཀར་ཞིང་སྣ་ཚོགས་གསལ་བའི་མདངས། །ཆོས་ཀྱི་རྒྱལ་སྲིད་རབ་བསྒྲུབས་པས། །རིན་ཆེན་ཆོས་ལས་ལྷག་པ་མེད། །དེ་བས་ཐེག་ཆེན་བྱང་ཆུབ་སེམས། །རྒྱལ་བ་རྡོ་རྗེ་རིན་ཆེན་དག་།གཡས་པའི་མཐེ་བོ་གུང་མོ་གཉིས། །གཡོན་པའི་ ཁུ་ཚུར་བཅངས་པ་ཡི། །སོར་མོ་ཀུན་ལ་རེག་པ་ནི། །རྩ་བའི་ཕྱག་རྒྱ་ཡིན་པར་གྲགས། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་ཕ་རོལ་ཕྱིན་གསལ་ཡིན། །བྱང་ཆུབ་སེམས་ཆེན་སྐྱེ་བ་དང ། །ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། །ཕྱག་རྒྱ་འདི་ཡིས་བཏབ་ན་ནི། །ཤེས་རབ་ཕ་ རོལ་ཕྱིན་པའི་ཚུལ། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པར། །རབ་ཏུ་བསྒྲགས་པར་འགྱུར་བ་ཡིན། །བྱང་ཆུབ་སེམས་ཆེན་བསྐྱེད་པ་དང ། །ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། །སངས་རྒྱས་ཉིད་དུ་རིག་པར་བྱ། །མཆོག་ཏུ་རྟག་པའི་སངས་རྒྱས་སོ། །གང་གིས་ལྡན་པ་འདི་མཐོང་ ཞིང ། །རྣམ་པ་ཀུན་ཏུ་མཆོད་བྱེད་པ། །དེ་ཡི་སངས་རྒྱས་རྟག་པའི་མཆོག་།མཐོང་ཞིང་མཆོད་པ་བྱེད་པར་འགྱུར། །སེམས་ནི་བསྐྱེད་མ་ཐག་ཏུ་ཡང ། །ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར། །དཔལ་དམ་ཚིག་ཅེས་བྱ་བའི་ཕྱག་རྒྱའོ། །གཡས་པའི་ཡན་ལག་གནོན་པ་
77-1-170b
ཡིས། །གཡོན་པའི་ཡན་ལག་ཀུན་ལས་རྒྱལ། །སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ན། །བདུད་རྣམས་ཐམས་ཅད་རབ་ཏུ་འཇོམས། །དཔལ་རྡོ་རྗེ་སེམས་དཔའི་སྐྱིལ་མོ་ཀྲུང་ངོ ། །རྡོ་རྗེ་ཁུ་ཚུར་བཅངས་ནས་སུ། །ལག་པ་གཡོན་པས་བཀབ་པ་ནི། །སངས་རྒྱས་ཀུན་བློ་དངོས་ གྲུབ་རྣམས། །མ་ལུས་ལུས་པ་མེད་པར་འགྲུབ། །དེ་བཞིན་དཔལ་ལྡན་ཧེ་རུ་ཀའི། །རྡོ་རྗེ་ཁུ་ཚུར་ཆེན་པོ་དགབ། །དཔའ་བོ་འདོད་པའི་དངོས་གྲུབ་རྣམས། །མ་ལུས་ལུས་པ་མེད་པར་འགྲུབ། །པདྨོའི་བུད་མེད་ཁུ་ཚུར་ནི། །དེ་བཞིན་གཡོན་པས་བཀབ་ན་ཡང ། །བྱང་ཆུབ་ སྤྱོད་རབ་འགྲུབ་པ་རྣམས། །མ་ལུས་ལུས་པ་མེད་པར་འགྲུབ། །རིན་ཆེན་འཛིན་པའི་ཁུར་ཚུར་ཡང ། །ལག་པ་གཡོན་པས་བཀབ་ན་ནི། །སངས་རྒྱས་ནོར་ཀུན་དངོས་གྲུབ་པ། །མ་ལུས་ལུས་པ་མེད་པར་འགྲུབ། །སངས་རྒྱས་ཁུ་ཚུར་བཅངས་ནས་སུ། །ལག་པ་གཡོན་ པས་བཀབ་ན་ནི། །སངས་རྒྱས་ཀུན་གྱི་ཚེ་འགྲུབ་པ། །མ་ལུས་ལུས་པ་མེད་པར་འགྲུབ། །བུད་མེད་ཕྱག་རྒྱ་བཅིངས་ནས་སུ། །ལག་པ་གཡོན་པས་བཀབ་ན་ནི། །དངོས་གྲུབ་ཐམས་ཅད་མྱུར་འགྲུབ་པ། །མ་ལུས་ལུས་པ་མེད་པར་འགྲུབ། །རྟ་གདོང་དཔལ་གྱི་ཁུ་ཚུར་ཡང ། ། ལག་པ་གཡོན་པས་བཀབ་ན་ནི། །ཐམས་ཅད་འགུགས་པར་རབ་གྲུབ་པ། །མ་ལུས་ལུས་པ་མེད་པར་འགྲུབ། །དཔལ་གྲུབ་སྤྱན་གྱི་ཁུ་ཚུར་ཡང ། །ལག་པ་གཡོན་པས་བཀབ་ན་ནི། །སྣང་བ་ཐམས་ཅད་རབ་གྲུབ་པ། །མ་ལུས་ལུས་པ་མེད་པར་འགྲུབ། །དང་པོ་སངས་རྒྱས་ཀུན་ སྣོད་པ། །གཉིས་པ་དེ་བཞིན་དཔའ་བོ་ཡིན། །གསུམ་པ་ཀུན་ཏུ་བཟང་པོའི་འོ། །བཞི་པ་མི་ཟད་སྣོད་ཡིན་ནོ། །སངས་རྒྱས་ཡན་ལག་ཀུན་ལྡན་དཔལ། །དེ་བཞིན་ཞལ་བཟང་གཟུངས་མ་ཡིན། །སྤྲིན་ཆེན་མོ་ནི་བདུན་པ་སྟེ། །བརྒྱད་པ་ནམ་མཁའི་སྤྱན་ཡིན་ནོ། །གཟུངས་མ་ཐམས་ ཅད་ཀྱི་ཕྱག་རྒྱའོ། །ཕྱག་རྒྱ་ཤེས་པ་འདི་དག་གི། །སངས་རྒྱས་སྤྲུལ་པའི་གླུ་མཆོག་ནི། །འགྲུབ་པར་འགྱུར་བ་བྱེད་པའི་མཆོག་།ལས་རྣམས་ཐམས་ཅད་རབ་སྒྲུབ་པ། །སློང་བར་བྱེད་པ་བརྟན་སྒྲུབ་པ། །དེ་བཞིན་སྣ་ཚོགས་རྒྱས་པ་དག་།དྲུག་པའི་དབྱངས་ཀྱི་གླུ་བླངས་
77-1-171a
ནས། །དེ་བ་ཏ་ཡི་གླུ་བླང་ངོ ། །འཇིག་རྟེན་ཁམས་མང་རྡུལ་ཕྲན་གྲངས་སྙེད་ཁྱབ་པར་འཕྲོས་པ་ཡི། །རྒྱལ་བའི་དོན་རྣམས་རབ་ཏུ་ཕྲ་བའི་རྡུལ་གྱི་གྲངས་སྙེད་པ། །སྤྲུལ་པ་ཡི་ནི་སྐུ་རྣམས་ཕྲ་བའི་རྡུལ་གྱི་གྲངས་སྙེད་ནི། །སྲིད་པ་བདེ་ཆེན་དེ་བཞིན་གཤེགས་ཀུན་ རྣམ་འཕྲུལ་སྣ་ཚོགས་ཀྱིས། །རྡུལ་ཕྲན་གྲངས་སྙེད་དེ་བཞིན་གཤེགས་པའི་རྣམ་པར་སྤྲུལ་མཛོད་ཧོ། །རྣམ་སྣང་སྦྱོར་བ་ཨ་ལ་ལ་ཧོ་དེ་རིང་གྲུབ་པར་མཛོད། །གླུ་འདི་དག་ནི་བླངས་པ་ཡིས། །ནམ་མཁའ་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་། གྲུབ་པར་འགྱུར་བ་གདོན་མི་ཟ། །དེ་ནས་བུད་མེད་བཞི་རྣམས་དང ། །རང་གི་ཡང་དག་གསང་བ་ཡིས། །ཆོ་ག་རྒྱས་པའི་ཚུལ་བཞིན་དུ། །མེ་ཏོག་ལ་སོགས་མཆོད་པ་བྱ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་ཤེས་པའོ། །རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་ དཔའ་དེ་བཞིན་གཤེགས། །དམ་ཚིག་ལ་སྡང་རྣམ་སྦྱང་ཕྱིར། །དུར་ཁྲོད་དཔལ་གྱི་ཕྱག་རྒྱར་གསལ། །ཤིན་ཏུ་གདུག་ཅིང་གཏུམ་པོ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་རྣལ་འབྱོར་གྱིས། །རྣལ་འབྱོར་བདེ་མཆོག་དམ་པར་འགྱུར། །སངས་རྒྱས་ཁྲོས་ བྱུང་ཁྲོ་བོ་ནི། །ཐལ་བར་འཇིག་པ་མཆོག་ཡིན་ཏེ། །སེམས་དཔའ་སྔོན་པོ་འབར་བ་ཅན། །འབར་བའི་དཀྱིལ་འཁོར་དམར་པོར་སྣང ། །གཞན་གྱིས་མ་ཡིན་མི་འཕྲོགས་པ། །ལྷ་རྫས་ཆུ་ཡིས་དགང་བ་སྟེ། །འདི་ནི་རང་བཞིན་ཉིད་དག་དང ། །མཐུ་དང་ངོ་བོ་ཉིད་ཀྱིས་འགྲུབ། ། གོས་ཆེན་པོ་དང་བླུགས་པ་ཆེ། །ཤ་ཆེན་པོ་དང་སྦྲང་རྩི་ཆེ། །དུར་ཁྲོད་ཀུན་གྱི་འབྱུང་པོ་ཡི། །ཕྱག་རྒྱ་དཔལ་ལྡན་དབང་ཕྱུག་མཆོག་།ཤིན་ཏུ་ཁྲོ་གདུག་གཏུམ་པོ་ཡི། །སེམས་ཅན་ཁམས་རྣམས་རྣམ་སྦྱང་ཕྱིར། །འདི་ནི་དཔལ་ལྡན་ཧེ་རུ་ཀའི། །རྡོ་རྗེ་རྒྱལ་ཆེན་དབང་ཕྱུག་མཆོག་། ཐོད་པའི་ཕྲིང་བའི་དབུ་རྒྱན་དང ། །སངས་རྒྱས་གཙུག་གི་ནོར་བུ་དག་།རྒྱལ་སྲིད་ཐམས་ཅད་རབ་བསྒྲུབ་པ། །མ་ལུས་ལུས་པ་མེད་པར་འགྲུབ། །རྡོ་རྗེ་ཁ་ཊྚཾ་རྡོ་རྗེར་བཅས། །དྲིལ་བུ་དཀྲོལ་བའི་སྒྲར་བཅས་པ། །དཔལ་ལྡན་ཧེ་རུ་ཀ་བབས་པའི། །ཕྱག་རྒྱ་སྣ་ཚོགས་རྣམ་
77-1-171b
སྤྲུལ་པས། །སངས་རྒྱས་རྡོ་རྗེ་པདྨ་འཛིན། །རྡོ་རྗེ་ཉི་མ་ཁམས་གསུམ་པ། །རྒྱས་བཏབ་རྨོངས་བྱས་དེ་ཟོས་ནས། །ཐལ་བར་གྱུར་པའང་འཚོ་བར་བྱེད། །དཔལ་ལྡན་རྡོ་རྗེ་ཧེ་རུ་ཀ་རྡོ་རྗེ་འབབ་པ་རྣམ་པར་འཕྲུལ་པ། པདྨ་གར་གྱི་དབང་ཕྱུག་ཅེས་བྱ་བའི་ཕྱག་རྒྱའོ། །སེ་རལ་ཁ་ཡི་ཚུལ་ དག་ཏུ། །ཁ་ཊྭཱཾ་ག་ལ་རྒྱབ་རྟེན་བྱས། །ལག་པ་གཡོན་ན་ཐོད་པ་ཐོགས། །གཡས་པ་བ་དན་གསུམ་པར་བྱ། །ནམ་མཁའི་ཕྱག་རྒྱས་རྣལ་འབྱོར་པ། །ནམ་མཁའ་ཀུན་ཏུ་འགྲོ་བར་འགྱུར། །བུད་མེད་ལ་སོགས་རིན་ཆེན་མཆོག་།དངོས་པོ་ཐམས་ཅད་མཁའ་ལས་འབྱིན། ། ཕྱག་རྒྱ་འདི་ཡིས་ཡོངས་བཏབ་ནས། །བདེ་བར་ལྷག་པའི་ཚུལ་སྟོན་པས། །ནམ་མཁའ་ལས་ནི་ཀུན་ལྷགས་ཏེ། །བདག་གི་སྤྱོད་པར་དེ་སྤྱོད་དོ། །དྲག་པོ་དབང་པོ་ཉེ་དབང་བཅས། །ཉི་ཟླ་མཁའ་འགྲོ་མི་བཟད་ཚོགས། །མཁའ་ལས་སྒྱུ་མ་ཀུན་བླགས་ནས། །ལུས་པ་མེད་ པར་དེ་ཟའོ། །ནམ་མཁའ་ཐམས་ཅད་མཉམ་སྦྱོར་བ། །སྐལ་བ་བཟང་པོ་དཔལ་རྡོ་རྗེ་མཁའ་འགྲོ་མའི་བདེ་བའི་མཆོག་ཅེས་བྱ་བའི་ཕྱག་རྒྱའོ། །གཡས་དང་གཡོན་པའི་སྦྱོར་བ་ཡིས། །བདེ་བར་འབབ་པའི་གར་བྱེད་པས། །སྐྱིལ་མོ་ཀྲུང་ནི་ཕྱེད་བཅས་ལ། །རྐང་པ་རང་གི་བརླ་ བསྡམས་ན། །དྲག་པོ་དབང་པོ་ཉེ་དབང་བཅས། །ཉི་ཟླ་གཤིན་རྗེ་ཚངས་བཅས་པ། །རྒྱས་བཏབ་རྨོངས་བྱས་བསླང་ནས་སུ། །གར་བྱེད་ཅིང་ནི་དེ་ཟའོ། །དེ་ཉིད་ཀྱི་ནི་སྦྱོར་བ་ཡིས། །དེ་ནས་བདེ་བར་བརླ་བསྡམས་པས། །ལེགས་པར་བསྡམས་ཏེ་ཕྱེར་བཏགས་ནས། །རབ་ཏུ་ བཀྲམ་སྟེ་བཏུང་བར་བྱ། །སྒྱུ་མ་དེ་དག་ཉིད་ཀྱིས་ནི། །དེ་ནས་བརླ་ཕྲག་བསྐྱོད་པ་ཡིས། །སྐལ་བཟང་ལྷ་དང་མི་རྣམས་ཀྱི། །བུད་མེད་ཀུན་ལ་དེ་སྤྱོད་དོ། །བདེ་བར་རེག་པ་ཐམས་ཅད་མཉམ་པར་སྦྱོར་བ་སྐལ་བ་བཟང་པོ་དཔལ་རྡོ་རྗེ་དྲག་པོ་གནས་པ་ཞེས་བྱ་བའི་ཕྱག་རྒྱའོ། །དེ་ ནས་གཞན་ཡང་རབ་བཤད་པ། །སངས་རྒྱས་མཁའ་འགྲོའི་དཀྱིལ་འཁོར་དུ། །དཔལ་ལྡན་ཧེ་རུ་ཀ་བབས་པའི། །ཕྱག་རྒྱ་སྣ་ཚོགས་གནས་པའོ། །ཞི་དང་དྲག་པོ་རྨོངས་པའི་མཆོག་།དགའ་བའི་གར་བྱེད་འགྱུར་བར་བཅས། །ཤི་བ་ལྡང་བའི་སྦྱོར་བ་ཡིས། །བདེ་བའི་
77-1-172a
ཕྱག་རྒྱ་རབ་ཏུ་གནས། །ཞི་དང་དྲག་པོ་རྨོངས་བྱེད་དང ། །གྱེན་དུ་དབུགས་འབྱིན་གར་བྱེད་ལུས། །ལྟ་བའི་ཕྱག་རྒྱ་གྲུབ་པའི་མཆོག་།གསང་བའི་སྦྱོར་བ་བདེ་མཆོག་གིས། །མེ་ཏོག་བདུག་པའི་སྦྱོར་བ་མཆོག་།ཆང་དང་ཆུ་དང་ལྕུག་མ་དང ། །རས་དང་མེ་གཏོང་གྲུབ་ པ་ཡིས། །ཁྱད་པར་དུ་ནི་རྒྱས་འདེབས་སོ། །རྩེ་གཅིག་མཉམ་པར་སྦྱོར་བ་ཡིས། །སྦྱོར་བའི་གཉེར་བ་བདེ་བ་སྦྱིན། །མངོན་པར་གཏོར་ཞིང་སེ་གོལ་རྡོབ། །དལ་བུས་གྱེན་དུ་དབུགས་འབྱིན་པས། །གཡོན་དུ་བལྟ་ཞིང་ལག་པས་དྲངས། །འོ་བྱེད་འཁྱུད་པ་དེ་བཞིན་ཏེ། །གར་ བྱེད་རབ་ཏུ་རྨོངས་པ་དང ། །ཟད་དང་གསང་བའི་ལུས་རྣམས་དང ། །ཚངས་པ་ཆེན་པོའི་མགོ་དང་ནི། །དེ་བཞིན་འཇིག་རྟེན་གསུམ་ལས་རྒལ། །དེ་བཞིན་ས་ལས་འདྲེན་པ་དང ། །རང་གི་ཕྱག་རྒྱའི་ཚུལ་སྟོན་དང ། །དུར་ཁྲོད་དག་གི་གར་བྱེད་དང ། །དེ་བཞིན་རླུང་གི་དཀྱིལ་འཁོར་ དང ། །རབ་ཏུ་འཇིགས་པར་སྲེག་པའི་མེ། །ལས་ཀྱི་ཕྱག་རྒྱ་རབ་ཏུ་གནས། །དང་པོ་རྒྱས་འདེབས་མ་ཡི་རྒྱ། །སྙིང་འདྲེན་མ་ཡི་གཉིས་པའོ། །གསུམ་པ་ཤིན་ཏུ་རྨོངས་བྱེད་མའོ། །དེ་བཞིན་བཞི་པ་འདེགས་བྱེད་མའོ། །ལྔ་པ་གར་བྱེད་པ་ཡི་རྒྱ། །དྲུག་པ་གསོད་མའི་ཡིན་ པར་བཤད། །བདུན་པ་ཟ་བ་མོ་ཡི་རྒྱ། །བརྒྱད་པ་ལས་ཀྱི་ཕྱག་རྒྱ་ཡིན། །དེ་ནས་ཕྱག་རྒྱ་འདི་ཀུན་གྱི། །ཕྱག་རྒྱའི་ལན་རྣམས་བླ་ན་མེད། །ཕྱག་རྒྱའི་བདག་ཉིད་ཀུན་འཇོམས་པ། །ཁྱད་པར་དུ་ནི་བཤད་པར་བྱ། །དཔལ་ལྡན་རྡོ་རྗེ་པདྨ་སློང ། །གར་དག་བྱེད་ཅིང་བྱས་ན་ནི། །རྒྱས་བཏབ་ རྨོངས་བྱས་ཟོས་པ་དང ། །ཐལ་བར་གྱུར་པའང་འཚོ་བར་བྱེད། །དེ་ནས་ཕྱག་རྒྱ་ཤེས་པ་འདི། །དཔལ་ལྡན་རྡོ་རྗེ་སྦྱོར་བའི་གླུ། །ལས་རྣམས་ཐམས་ཅད་རབ་བསྒྲུབ་པ། །ཁྱད་པར་དུ་ནི་བཤད་པར་བྱ། །གཟིགས་པ་རྣམ་པ་སྣ་ཚོགས་འགྱུར་བའི་རྒྱས་ཐོབ་ལ། །རྣམ་པ་སྣ་ཚོགས་ འོ་བྱེད་འཁྱུད་པས་རྨོངས་མཛད་དེ། །རྣམ་པ་སྣ་ཚོགས་བདེ་བའི་མཆོག་སྟོན་ཀུན་གསོལ་པ། །རྣམ་པ་སྣ་ཚོགས་བདེ་མཆོག་ངོ་མཚར་བསྟན་དུ་གསོལ། །རྒྱས་བཏབ་རྨོངས་བྱས་མནབས་སུ་གསོལ། །བདེ་མཆོག་ངོ་མཚར་བདེ་བ་ཞུགས། །ཧཱུཾ་ཨ་ལ་ལ་ཧོ་གནང་བར་མཛོད། །
77-1-172b
རྣལ་འབྱོར་བདེ་མཆོག་སྒྱུ་མས་སྤྲུལ། །དམ་ཚིག་དག་ལ་འཇུག་ཏུ་གསོལ། །ཉོན་མོངས་ཀུན་ལས་རྒྱལ་བར་མཛོད། །མ་ལུས་པ་དག་མནབས་སུ་གསོལ། །ཉོན་མོངས་ཐམས་ཅད་བསལ་བར་མཛོད། །གླུ་འདི་དག་ནི་བླངས་པ་ཡིས། །རྡོ་རྗེ་ཐམས་ཅད་མཉམ་སྦྱོར་བ། ། མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་།གདོན་མི་ཟ་བར་འགྲུབ་པར་འགྱུར། །དཔལ་ཧེ་རུ་ཀའི་རྡོ་རྗེའི་ཕྱག་རྒྱ་ཞེས་བྱའོ། །རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །འདོད་ཆགས་ཐམས་ཅད་རྣམ་དག་ཕྱིར། །པདྨའི་ཕྱག་རྒྱ་དཔལ་ དུ་གནས། །མི་འགྱུར་དམ་པ་གྲུབ་པའི་ཕྱིར། །ཤེལ་སྒོང་ཤིན་ཏུ་དག་པ་འདྲ། །འདོད་ཆགས་ཐམས་ཅད་བསལ་བའི་ཕྱིར། །འབར་བ་སྣ་ཚོགས་འཁྲིགས་པའི་འོད། །སངས་རྒྱས་ཚེ་ནི་རིན་ཆེན་སྤྲས། །གོས་དང་སྣ་ཚོགས་རྒྱན་གྱིས་བརྒྱན། །སངས་རྒྱས་ཐམས་ཅད་ འདུས་པ་ཡིས། །བདེ་བ་ཅན་བཞིན་དམ་པར་འགྱུར། །གར་སྟབས་རྣམ་པ་སྣ་ཚོགས་ཀྱིས། །ཡོངས་སུ་བསྒྱུར་ཞིང་གར་བྱས་པས། །པདྨོའི་མཚན་མཆོག་པདྨོར་བཅས། །ཕྱག་ནི་རྒྱ་རྣམས་འཁོར་ལོ་བསྐོར། །སངས་རྒྱས་རྡོ་རྗེ་པདྨ་འཛིན། །རྡོ་རྗེ་ཉི་མ་ཁམས་གསུམ་པ། །པདྨ་ སྒྱུ་མས་རྣམ་སྦྱངས་ནས། །སངས་རྒྱས་བྱང་ཆུབ་སྒྲུབ་པར་མཛད། །འདུལ་བའི་ཐབས་ནི་སྣ་ཚོགས་པའོ། །སྐལ་བ་བཟང་པོ་དཔལ་པདྨ་གར་གྱི་དབང་ཕྱུག་ཅེས་བྱ་བའི་ཕྱག་རྒྱའོ། །གཡས་དང་གཡོན་པའི་སྦྱོར་བ་ཡིས། །སྐྱིལ་མོ་ཀྲུང་ནི་ཕྱེད་མར་གནས། །རྒྱལ་པོའི་སྐྱིལ་ མོ་ཀྲུང་བཅས་ནས། །སྡུག་བསྔལ་ཐམས་ཅད་སེལ་བར་བྱེད། །དཔལ་པདྨ་རྒྱལ་པོ་གནས་པ་ཞེས་བྱ་བའི་ཕྱག་རྒྱའོ། །བསྙེམས་པའི་ལག་པ་གཡོན་པ་ཡིས། །པདྨ་དམར་པོ་ཅི་བདེར་བཟུང ། །རང་གི་སྙིང་གར་འདྲེན་པའི་ཚུལ། །པདྨ་འདབ་མ་ཁ་འབྱེད་པའོ། །བསྙེམས་པའི་ ལག་པ་གཡོན་པ་ཡིས། །པདྨ་སྔོན་པོ་ཅི་བདེར་བཟུང ། །རང་གི་སྙིང་གར་འདྲེན་ཚུལ་གྱིས། །བུད་མེད་ཕྱག་རྒྱ་བཅིང་བར་བྱ། །བསྙེམས་པའི་ལག་པ་གཡོན་པ་ཡིས། །པདྨོ་དཀར་པོ་ཅི་བདེར་བཟུང ། །འཁོར་ལོའི་ཕྱག་རྒྱ་བཅིངས་ནས་ནི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །
77-1-173a
བསྙེམས་པའི་ལག་པ་གཡོན་པ་ཡིས། །པདྨ་མཐིང་ག་ཅི་བདེར་བཟུང ། །གཡས་པས་རབ་ཏུ་གར་བྱེད་པ། །དཔལ་གྱི་ཕྱག་རྒྱ་བ་དན་གསུམ། །བསྙེམས་པའི་ལག་པ་གཡོན་པ་ཡིས། །པདྨ་སེར་པོ་ཅི་བདེར་བཟུང ། །གཡས་པ་རབ་ཏུ་གར་བྱེད་པས། །ཆུ་ སྲིན་ཚུལ་དུ་བསྒྲེང་བར་བྱ། །བསྙེམས་པའི་ལག་པ་གཡོན་པ་ཡིས། །པདྨ་ལེ་བརྒན་མཆོག་བཟུང་སྟེ། །རང་གི་སྙིང་གར་འདྲེན་ཚུལ་གྱིས། །རྡོ་རྗེའི་ཕྱག་རྒྱ་བཅིང་བར་བྱ། །རྣམ་པར་གཟིགས་པའི་རྣམ་དག་དཔལ། །སྒྲོལ་མའི་བྱང་ཆུབ་མཆོག་ཡིན་ནོ། །རྒྱ་ཆེན་མ་ཡི་འཁོར་ ལོ་བསྐོར། །ཁྲོ་གཉེར་མ་ནི་ཕྱག་རྒྱའི་ལན། །པདྨ་གནས་པའི་དཔལ་ཆེན་ཡིན། །འདོད་པའི་དབང་མོའི་འགྲོ་བ་གསུམ། །དཔལ་པདྨའི་རྒྱལ་པོའི་རིག་པའི་ལྷ་མོ་ཆེན་མོ་རྣམས་སོ། །དེ་ནས་ཕྱག་རྒྱ་ཤེས་པ་འདི། །པདྨ་རྒྱལ་པོ་དཔལ་གྱི་གླུ། །ལས་རྣམས་ཐམས་ཅད་རབ་སྒྲུབ་ པ། །ཁྱད་པར་དུ་ནི་བཤད་པར་བྱ། །དེ་བཞིན་གཤེགས་པ་ཀུན་ལ་སོགས་པའི་གཟུགས་མཆོག་སྣ་ཚོགས་འཛིན། །སེམས་ཅན་རྣམ་པ་སྣ་ཚོགས་འདུལ་མཆོག་དངོས་གྲུབ་མཆོག་མངའ་བ། །ཀྱེ་སེམས་དཔའ་པདྨ་དགའ་མཆོག་སྒྱུ་མའི་དགའ་བ་བསྟན་དུ་གསོལ། ། ལ་ལ་ལ་ ཧོ། །ཀྱེ་གར་དབང་ཐར་དགའ་དགའ་བའི་གར་མཛོད་ཅིག་།སངས་རྒྱས་རྡོ་རྗེ་འཛིན་བདག་ཚངས་པ་འཇུག་སེལ་དབང་ཕྱུག་བདག་།ཉི་ཟླ་བདག་ལགས་ཨ་ལ་ལ་ལ་ཧོ། །པདྨ་སྒྱུ་མ་སྣ་ཚོགས་འདུལ་མཛད་དག་པའི་ཚུལ་གྱིས་གར་མཛད་པ། །པདྨོ་དམ་ཚིག་དབང་ཕྱུག་སངས་ རྒྱས་གར་རྣམས་མཛད་དུ་གསོལ། །འདོད་ཆགས་རྣམ་པར་སྦྱོང་བ་ཐམས་ཅད་དུ་ནི་རྣམ་པར་སྦྱོངས། །པདྨ་འཛིན་པ་དེ་ཡི་སྤྱན་སྔར་གར་མཁན་གར་མཛོད་ཅིག་།གླུ་འདི་དག་ནི་བླངས་པ་ཡིས། །སྣ་ཚོགས་པདྨ་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་།གདོན་ མི་ཟ་བར་འགྲུབ་པར་འགྱུར། །དཔལ་པདྨ་གར་གྱི་དབང་ཕྱུག་གི་ཕྱག་རྒྱའོ། །རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ནོར་མཆོག་རྣམ་པར་སྦྱང་བའི་ཕྱིར། །དཔལ་ལྡན་ཉི་མ་ཕྱག་རྒྱར་གནས། །ནམ་མཁའི་སྙིང་པོ་ཐམས་ཅད་
77-1-173b
ཕྱོགས། །རེ་བ་ཐམས་ཅད་རྫོགས་མཛད་པ། །བུད་མེད་ལ་སོགས་རིན་ཆེན་མཆོག་།རིན་ཆེན་ཐམས་ཅད་མཁའ་ལས་འབེབས། །ཤིན་ཏུ་གདུག་ཅིང་གཏུམ་པོ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ཉི་མ་ནི། །དམ་པའི་དོན་དུ་དྲག་པོར་གྱུར། །དྲག་པོས་ འདུལ་བའི་འཇིག་རྟེན་རྣམས། །དྲག་པོ་ཉིད་ཀྱིས་སྒྲུབ་པར་བྱེད། །ཉི་མའི་གཟུགས་དང་སྤྱོད་ལམ་དང ། །ཚུལ་དང་གཟི་བརྗིད་ཆེན་པོས་སྟོན། །རྡོ་རྗེ་གཞུ་དང་མདའ་མཆོག་དག་།ཤིན་ཏུ་ལེགས་པར་འགེངས་པ་སྟེ། །མདངས་གསལ་འཛུམ་དང་བཅས་པའི་སྤྱན། །གཡོན་ པ་འབྱེད་ཅིང་གྱེན་དུ་འདེག་།དྲག་པོ་དབང་པོ་ཉེ་དབང་བཅས། །ཉི་ཟླ་གཤིན་རྗེ་ཚངས་པ་ཡི། །འཇིག་རྟེན་གསུམ་པོ་མ་ལུས་པར། །དྲག་ཤུལ་ཉིད་ཀྱིས་འདུལ་བར་མཛད། །དཔལ་ཁམས་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཕྱག་རྒྱའོ། །རྡོ་རྗེ་པུས་མོ་གཉིས་ བཅིངས་ཏེ། །རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ནས། །བདག་ནི་སྟན་ལ་འདུག་ནས་ནི། །བགེགས་རྣམས་ཐམས་ཅད་གཞིག་པར་བྱ། །དཔལ་རྡོ་རྗེ་སྐྱིལ་མོ་ཀྲུང་ངོ ། །དབང་བསྐུར་པ་དང་གཏེར་བདག་དང ། །རྒྱལ་མཚན་མཆོག་ལྡན་མཆོད་པ་ཆེ། །ཅི་ལྟའི་ཚུལ་དག་སྟོན་པ་དག་། རང་གི་དོན་རྣམས་འགྲུབ་པའོ། །དེ་ནས་ཕྱག་རྒྱ་ཤེས་པ་འདི། །རྒྱལ་པོའི་སྒྱུ་མ་མཆོག་གི་གླུ། །ལས་རྣམས་ཐམས་ཅད་རབ་བསྒྲུབ་པ། །ཁྱད་པར་དུ་ནི་བཤད་པར་བྱ། །ཁམས་གསུམ་ཀུན་གྱི་རྒྱལ་སྲིད་སྣ་ཚོགས་མཆོག་གི་ནོར་ལྡན་པས། །མཇལ་དུམ་གཡུལ་འགྱེད་ རྣམ་མང་ཁྱད་པར་སངས་རྒྱས་འདུལ་བ་སྟེ། །རྣམ་པ་སྣ་ཚོགས་མཇལ་དུམ་རྣམ་པར་རྒྱལ་བའི་རྒྱལ་མཚན་ཅན། །རྡོ་རྗེ་ཉི་མ་རྒྱལ་པོ་བདེ་མཆོག་སྒྱུ་མ་བསྟན་དུ་གསོལ། །སེམས་ཅན་སྤྲིན་ལ་བྱང་ཆུབ་མཆོག་སྦྱིན་སྣ་ཚོགས་ཆར་འབེབས་པ། །བདག་གི་རེ་བ་ཀུན་སྒྲུབས་ མྱུར་སྟོན་ཨ་ལ་ལ་ལ་ཧོ། །མི་ཟད་གཏེར་གྱི་དབང་བསྐུར་ཁྱད་པར་བདག་ལ་སྩལ་དུ་གསོལ། །ཁྱད་པར་རིན་ཆེན་འདི་དག་ཐམས་ཅད་བུད་མེད་རིན་ཆེན་རྣམས་ཀྱི་ཕྱིར། །རིན་ཆེན་ཚོགས་ཀུན་ནང་ན་བུད་མེད་རིན་ཆེན་གཅིག་པུ་མཆོག་།བུད་མེད་རིན་ཆེན་དག་པ་དམ་
77-1-174a
པའི་དོན་དུ་ཐམས་ཅད་འགྲོ། །གླུ་འདི་དག་ནི་བླངས་པ་ཡིས། །རྒྱལ་སྲིད་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་།གདོན་མི་ཟ་བར་འགྲུབ་པར་འགྱུར། །དཔལ་རྡོ་རྗེ་ཉི་མའི་ཕྱག་རྒྱ་ཤེས་པའོ། །རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། ། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དྲག་ཤུལ་སྦྱོར་བས་རྣལ་འབྱོར་དཔལ། །རྟ་ཡི་ཕྱག་རྒྱ་རབ་ཏུ་གནས། །ཐམས་ཅད་དག་པར་མོས་པ་ཡིས། །སྡིག་མེད་སྟོབས་ཀྱིས་ངོ་འཐོན་དུ། །རབ་ཏུ་གདོན་པའི་རྩལ་དག་གིས། །འཇིག་རྟེན་ཐམས་ཅད་རབ་ཏུ་འཇོམས། ། འདོད་ཆགས་ཅན་ལ་གཡེན་པར་སྟོན། །གདུག་པ་རྣམས་ལ་གདུག་པར་སྟོན། །ཞི་བ་རྣམས་ལ་ཞི་བར་འགྱུར། །དྲག་ཤུལ་ཅན་ལ་དྲག་ཤུལ་སྦྱོར། །ཞལ་བཞི་པ་ལ་ཕྱག་བཞི་པ། །ཞབས་བཞི་པ་ལ་རྨིག་པ་བཞི། །རྟ་མགྲིན་རྒྱལ་པོ་ཆེན་པོ་སྟེ། །དབང་ཕྱུག་དམ་པ་གྲུབ་ པར་འགྱུར། །གཡོན་པའི་མཛུབ་མོ་ཁུ་ཚུར་གྱིས། །དཔལ་ལྡན་པདྨ་སྣ་ཚོགས་འཛིན། །རྡོ་རྗེར་བཅས་ཤིང་སློང་བ་སྒྲུབ། །གཡས་པ་བ་དན་གསུམ་པར་བྱ། །ཕྱག་རྒྱ་འདི་ཡིས་བཏབ་ན་ནི། །ཤིན་ཏུ་ལྷུང་བར་གྱུར་པ་ཡང ། །དེ་མ་ཐག་ཏུ་ཀུན་བསླངས་ནས། །ལྡང་བ་ཐམས་ཅད་ རབ་ཏུ་འགྲུབ། །ཐམས་ཅད་དག་པ་མཉམ་པར་སྦྱོར་བ་སྐལ་བ་བཟང་པོ། །དཔལ་རྡོ་རྗེ་སློང་བ་ཞེས་བྱ་བའི་ཕྱག་རྒྱའོ། །གཡས་དང་གཡོན་པའི་སྦྱོར་བ་ཡིས། །བརྐྱང་བསྐུམ་པ་ཡི་ཚུལ་བྱས་ནས། །ཁྲོ་བོའི་སྐྱིལ་མོ་ཀྲུང་བཅས་ཏེ། །འཇིག་རྟེན་ཐམས་ཅད་རབ་ཏུ་བཤིག་།དཔལ་ རྡོ་རྗེ་ཁྲོ་བོ་གནས་པའོ། །དེ་ནས་ཕྱག་རྒྱ་ཤེས་པ་འདིའི། །རྟ་མཆོག་དཔལ་དང་ལྡན་པའི་གླུ། །ལས་རྣམས་ཐམས་ཅད་རབ་སྒྲུབ་པ། །ཁྱད་པར་དུ་ནི་བཤད་པར་བྱ། །མྱོས་བྱེད་སྟོང་ལས་ལྷག་པར་བདེ་བ་འདོད་པའི་གཟུགས་སྟོན་པ། །འདུལ་བའི་དབང་གིས་གཤིན་རྗེ་སྟོང་ལས་ ལྷག་པར་རབ་ཏུ་འཇིགས། །ཞི་བའི་སྐུ་ཡང་ཚངས་པ་སྟོང་པས་ཤིན་ཏུ་ལྷག་པར་སྟོན། །དཀྱིལ་འཁོར་ཀུན་གྱི་མཆོག་ཏུ་དེ་བཞིན་གཤེགས་ཀུན་འགྲུབ་པར་མཛོད། །ཐམས་ཅད་རྣམ་པར་དག་པས་ངོ་འཐོན་སྟོབས་ཀྱིས་གནོན་པས་ནོན། །ཧི་ཧེ་ཧེ་ཧེ་ཧེ་དབང་ཕྱུག་ཐམས་ཅད་རབ་
77-1-174b
ཤིག་རབ་ཏུ་ཤིག་།རབ་ཀྱི་རྩལ་གྱིས་གནོན་པའི་སྟོབས་ཀྱིས་ངོ་འཐོན་དབང་ཕྱུག་ནོན། །སྦྱོར་ཆེན་ཧུ་ལུ་ཧུ་ལུ་མིག་གསུམ་པ་ལས་གསུམ་གྲུབ་དྲོངས། །རབ་ཀྱི་རྩལ་གྱིས་གནོན་པའི་སྟོབས་ཀྱིས་ངོ་འཐོན་མཐུ་ཆེན་ནོན། །མཉམ་སྦྱོར་རུ་ཊ་མ་ཊ་སྙིང་ལས་དཔལ་མོ་དྲོངས་ཤིག་རབ་དྲོངས་ ཤིག་།རབ་ཀྱི་རྩལ་གྱིས་གནོན་པའི་སྟོབས་ཀྱིས་ངོ་འཐོན་ཚངས་པ་ནོན། །སྦྱོར་ཆེན་ཚངས་ལས་གྲོལ་མ་དྲོངས་ཤིག་སྨ་ར་ཊ། །རབ་ཀྱི་རྩལ་གྱིས་གནོན་པའི་སྟོབས་ཀྱིས་ངོ་འཐོན་དགའ་དབང་ནོན། །མཉམ་སྦྱོར་ཀུན་གྱི་བདག་ལ་དགའ་དྲོངས་ཨ་ལ་ལ་ ལ་ཧོ། །གདུག་ཅིང་ཁྲོ་ལ་རབ་ཏུ་གཏུམ་པའི་སེམས་ཅན་བསྒྲལ་བའི་ཕྱིར། སྒྲུབ་ཞུགས་ཨ་ལ་ལ་ལ་ཧོ། །ོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཕཊ་ཕཊ། །མཛའ་བོ་མི་ལ་བྱའམ་མི་བྱ་ཡོངས་རྟོག་དེ་དག་མེད་ཀྱང་སླ། །དེ་འདྲའི་མཛའ་བོ་སྒྱུ་མ་ཡིན་པས་དེ་ལ་མཛའ་བཤེས་སུ་ཞིག་ཟེར། །རྒོལ་ བ་ལ་ཡང་བྱ་འམ་མི་བྱ་ཡོངས་སུ་རྟོག་པ་མེད་ཀྱང་སླ། །དེ་འདྲའི་རྒོལ་བ་སྒྱུ་མ་ཡིན་པས་དེ་ལ་དཔའ་ཞེས་སུ་ཞིག་ཟེར། །གླུ་འདི་བླངས་པ་ཙམ་གྱིས་ནི། །རྟ་མཆོག་མཉམ་པར་སྦྱོར་བ་ཡི། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་།གདོན་མི་ཟ་བར་འགྲུབ་པར་འགྱུར། །ཐམས་ཅད་ འབྱུང་བའི་ཕྱག་རྒྱ་ཤེས་པའོ། །མཛུབ་མོས་མཐེ་བོ་མནན་ནས་ནི། །རང་གི་མཐེ་བོས་མཛུབ་མོ་མནན། །དཔལ་གྲུབ་སྤྱན་གྱི་ཕྱག་རྒྱ་སྟེ། །མཛུབ་མོ་མིག་གི་འབྲས་བུར་བྱ། །རྡོ་རྗེ་ཐལ་མོ་མཉམ་སྦྱར་ནས། །རྡོ་རྗེ་སྤྱན་ནི་གཉིས་དག་ཏུ། །ཁོང་སྟོང་དུ་ནི་སྦྱོར་བར་བྱ། །དཔལ་གྲུབ་ རྡོ་རྗེའི་སྤྱན་ཡིན་ནོ། །འདིས་ནི་སངས་རྒྱས་ཐམས་ཅད་དང ། །དེ་བཞིན་དཔའ་བོ་ཐམས་ཅད་དང ། །རྡོ་རྗེ་འཛིན་པ་ཐམས་ཅད་དུ། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །དཔལ་གྲུབ་སྤྱན་ནི་གྲུབ་པ་སྟེ། །སེམས་ཅན་ཐམས་ཅད་དབང་བྱེད་པ། །ལས་ཀྱི་དངོས་གྲུབ་རབ་འབྱམ་ རྣམས། །མ་ལུས་དངོས་གྲུབ་མྱུར་དུ་འགྲུབ། །རྡོ་རྗེ་ཐལ་མོ་མཉམ་སྦྱར་ཏེ། །མཛུབ་མོ་གཉིས་ཀྱི་རྩེ་མོ་དགུག་།མཐེ་བོའི་རྩེ་མོ་མཉམ་པར་གཞག་།ཁོང་སྟོང་མི་འགྱུར་དམ་པའོ། །སྤྱི་བོའི་མཚམས་སུ་རབ་བཞག་ནས། །འདི་ཡིས་བསྲུང་བ་བྱས་ན་ནི། །སངས་
77-1-175a
རྒྱས་དངོས་གྲུབ་མ་ལུས་པ། །ལུས་པ་མེད་པར་འགྲུབ་པར་འགྱུར། །སེམས་དཔའི་གཙུག་ཏོར་གྱི་ཕྱག་རྒྱའོ། །རྡོ་རྗེ་ཐལ་མོ་གྱེན་དུ་དབྱེ། །མཛུབ་མོ་གཉིས་ཀྱི་རྩེ་མོ་དགུག་།མཐེ་བོ་གཉིས་ཀྱི་མཆེ་བ་གཙིགས། །འཇིགས་པའི་རྡོ་རྗེ་གནོད་སྦྱིན་མ། །འགྲུབ་པ་ བདུད་ལ་སོགས་པ་ཟ། །དེ་བཞིན་དུ་ནི་རྨོངས་པར་བྱེད། །དབབ་པ་ཐམས་ཅད་རབ་ཏུ་འགྲུབ། །དེ་བཞིན་རྣམ་པར་ཤེས་པ་སྒྲུབ། །གཏེར་རྣམས་འབྱིན་པར་བྱེད་པ་དང ། །དེ་བཞིན་ནོར་ཀུན་འཕྲོག་པར་བྱེད། །ངལ་བསོ་པོ་ནི་དཔལ་མནན་ཏེ། །དཔལ་མོ་དག་ཀྱང་ཕྲོགས་ ནས་ནི། །མངག་གཞུག་མར་ནི་བྱེད་པ་དང ། །གནོད་སྦྱིན་མ་དང་དགའ་བ་སྤྱོད། །གནོད་སྦྱིན་དག་གི་སྡེ་དཔོན་དུ། །འདིས་ནི་མྱུར་དུ་འགྲུབ་པར་འགྱུར། །དཔལ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ། །རྡོ་རྗེ་ཐལ་མོ་མཉམ་སྦྱར་ནས། །གུང་མོ་མཉམ་པར་རབ་ཏུ་བསྒྲུབ། །མཐེ་ བོ་མཐེའུ་ཆུང་འདབ་མ་བཞི། །པདྨ་དྲི་མེད་རབ་ཏུ་རྒྱས། །འདིས་ནི་སྡིག་རྣམས་འབྱང་བར་འགྱུར། །སྡིག་པ་བྱང་ན་རབ་ཏུ་འགྲུབ། །སངས་རྒྱས་བྱང་ཆུབ་མངོན་སངས་རྒྱས། །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །དཔལ་ལྡན་པདྨའི་ཕྱག་རྒྱའོ། །རྡོ་རྗེ་ཐལ་མོ་མཉམ་སྦྱར་ལ། ། མཛུབ་མོ་མཉམ་པར་ཕྱིར་བཀུག་སྟེ། །མཐེ་བོ་རྡོ་རྗེ་གཡོགས་པ་ནི། །རྡོ་རྗེ་དཔལ་གྱི་ནོར་བུ་སྟེ། །ཕྱག་རྒྱ་འདི་ཡིས་བཏབ་ན་ནི། །ནམ་མཁའ་ཐམས་ཅད་རབ་འགྲུབ་སྟེ། །བུད་མེད་ལ་སོགས་རིན་ཆེན་མཆོག་།མཁའ་ལས་དངོས་རྣམས་ཐམས་ཅད་སྤྱོད། །རྡོ་རྗེ་ཐལ་ མོ་མཉམ་སྦྱར་ནས། །མཐེའུ་ཆུང་སྲིན་ལག་མཉམ་པར་བརྐྱང ། །མཛུབ་མོ་རྩེ་མཉམ་བཀུག་པ་ནི། །དཔལ་མཆོག་རྟ་ཞེས་གྲགས་པ་སྟེ། །ཕྱག་རྒྱ་འདི་ཡིས་བཏབ་ན་ནི། །སངས་རྒྱས་བྱང་ཆུབ་རབ་འབྲེལ་ན། །ཐམས་ཅད་དགའ་བར་བྱེད་པའི་དཔལ། །ལྷ་ཡི་སྐལ་བཟང་ སྨོས་ཅི་དགོས། །དམ་ཚིག་གི་ཕྱག་རྒྱ་ཤེས་པའོ། །ལུས་དང་ངག་སེམས་རྡོ་རྗེ་ཡི། །མཚན་པའི་ཕྱག་རྒྱར་ལྡན་བྱས་ཏེ། །ཐམས་ཅད་འབྱུང་བའི་སྦྱོར་བ་ཡིས། །བདག་གི་ལྷར་ནི་བདག་ཉིད་བྱ། །འདིས་ནི་སངས་རྒྱས་ཐམས་ཅད་དཔལ། །དེ་བཞིན་དཔའ་བོ་ཐམས་ཅད་དང ། །
77-1-175b
རྡོ་རྗེ་འཛིན་པ་ཐམས་ཅད་དུ། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །སངས་རྒྱས་ཀུན་བདག་དངོས་གྲུབ་ནི། །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མ་བདེ་མཆོག་འདིས། ། མི་འགྲུབ་འབྱོར་པ་མི་འགྱུར་བའི། །དམ་པ་རྒྱ་ཆེན་གང་ཡང་མེད། །དམ་ཚིག་ཆེན་པོའི་ཕྱག་རྒྱ་ཤེས་པའོ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བའི། །ཇི་ལྟའི་གཟུགས་དང་དབྱིབས་སུ་ལྡན། །བདེ་བ་ཉིད་ཀྱིས་ཀུན་གྱི་བདག། ཀུན་གྱི་བདག་ལ་ཞུགས་པར་བྱ། །ཕྱག་རྒྱ་ འདི་ཡིས་རྣལ་འབྱོར་པ། །འདོད་པ་བཞིན་དུ་འགྲོ་འོང་ལྡིང ། །རྒྱལ་པོའི་སངས་རྒྱས་ཀུན་དང་འདྲ། །རྡོ་རྗེ་སེམས་དཔའ་རབ་ཏུ་འགྲུབ། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་སྐལ་པ་བཟང་པོའི་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་ཕྱག་རྒྱའོ། །ཆགས་པ་མེད་ཅིང་མ་ ཆགས་མེད། །དབུ་མར་ཡང་ནི་དམིགས་སུ་མེད། །བུད་མེད་ཀུན་གྱི་སྒྱུ་སྦྱོར་འདི། །གཉིས་སུ་མེད་པའི་ཐེག་པའི་མཆོག་།ཕྱག་རྒྱ་འདི་ཡིས་བཏབ་ན་ནི། །འདོད་པ་བཞིན་དུ་འགྲོ་འོང་ལྡིང ། །དཔལ་ལྡན་སྒྱུ་མ་ཀུན་གྱི་བདག་།རྡོ་རྗེ་སེམས་དཔའ་རབ་ཏུ་འགྲུབ། །སྒྱུ་མ་ཐམས་ཅད་ ཀྱི་ལྷ་མོའི་ཕྱག་རྒྱ་ཤེས་པའོ། །ཡོད་པ་མ་ཡིན་མེད་པའང་མིན། །དབུ་མར་ཡང་ནི་དམིགས་སུ་མེད། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །སངས་རྒྱས་བྱང་ཆུབ་རབ་འགྲུབ་པའོ། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཁམས་གསུམ་དག་ ནི་མ་ལུས་པ། །ཐམས་ཅད་སྒྱུ་མ་ལྟ་བུ་སྟེ། །ཇི་ལྟར་སྒྱུ་མ་ཐམས་ཅད་དུ། །མཐོང་བ་དང་ནི་རེག་པར་འགྱུར། །དམིགས་སུ་ཡོད་པའང་མ་ཡིན་ཏེ། །དེ་བཞིན་འགྲོ་བ་ཀུན་གྱི་ཚུལ། །ཕྱག་རྒྱ་འདི་ཡིས་རྣལ་འབྱོར་པ། །འདོད་པ་བཞིན་དུ་འགྲོ་འོང་ལྡིང ། །བུད་མེད་ལ་སོགས་ རིན་ཆེན་མཆོག་།མཁའ་ལས་དངོས་རྣམས་ཐམས་ཅད་སྤྱོད། །དངོས་པོ་མེད་པར་བདག་སྦྱོར་བས། །ནམ་མཁའ་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་།ཤིན་ཏུ་རྟག་པར་འགྲུབ་པར་འགྱུར། །ཇི་ལྟར་པདྨ་དམར་པོ་འདི། །ཆགས་པའི་ཉེས་པས་མི་
77-1-176a
གོས་པ། །རྣལ་འབྱོར་ལྡན་པའང་དེ་བཞིན་དུ། །གནས་ཀྱི་ཉེས་པས་ཡོང་མི་གོས། །ཤིན་ཏུ་གདུག་ཅིང་དྲག་པོ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་སྦྱོར་བ་ནི། །རྣམ་པར་རྒྱལ་ཕྱིར་རབ་ཏུ་དྲག་།ཐམས་ཅད་དག་པར་མོས་པ་ཡིས། ། སྡིག་མེད་སྟོབས་ཀྱི་ངོ་འཐོན་དུ། །དྲག་ཤུལ་སྦྱོར་བས་མཉམ་སྦྱོར་བ། །འཇིག་རྟེན་ཐམས་ཅད་གཞོམ་པར་བྱ། །སྦྱོར་བའི་ཕྱག་རྒྱ་ཤེས་པའོ། །སྦྱོར་བ་ཇི་སྙེད་ཡོད་ཀུན་དང ། །བྱེད་པ་རྣམ་པ་སྣ་ཚོགས་ལ། །རྡོ་རྗེ་སེམས་དཔའ་དཔལ་གྱི་རྒྱ། །དངོས་གྲུབ་ཐམས་ཅད་ རབ་སྒྲུབ་པའོ། །བྱེད་པའི་ཕྱག་རྒྱ་འདི་རྣམས་ཀྱིས། །འདོད་པ་བཞིན་དུ་འགྲོ་འོང་ལྡིང ། །ཆགས་པ་ཆེན་པོ་དབང་ཕྱུག་དཔལ། །རྡོ་རྗེ་སེམས་དཔའ་རབ་ཏུ་འགྲུབ། །ཀུན་ཏུ་སྣ་ཚོགས་སྐལ་པ་བཟང་པོ་དཔལ་དམ་ཚིག་ཅེས་བྱ་བའི་ཕྱག་རྒྱའོ། །བྱ་བ་དང་ནི་བཟློག་པ་དང ། ། ཁྱད་པར་དུ་ནི་འཕྲོག་པ་དང ། །ཡན་ལག་ཀུན་ཏུ་བྱེད་པ་ཡིས། །དེ་ནི་ནོར་རྣམས་ཀུན་ཀྱང་ཕྲོགས། །འོ་བྱེད་འཁྱུད་ལ་སོགས་པ་ཡིས། །ཁམས་གསུམ་པ་ཡང་རྒྱས་འདེབས་སོ། །ཐར་བར་བྱེད་ཅིང་གསོད་པར་བྱེད། །ཤི་ཡང་མོད་ལ་སོས་པར་བྱེད། །སྦྱོར་བའི་ལོངས་སྤྱོད་ ཐམས་ཅད་ཀྱིས། །གནས་གསུམ་པོ་ནི་མ་ལུས་པར། །རྒྱས་བཏབ་རྨོངས་བྱས་བསླང་ནས་སུ། །གར་བྱས་ནས་ནི་ཟ་བར་བྱེད། །སྦྱོར་བ་ཀུན་གྱི་བདེ་མྱོང་བས། །ཁམས་གསུམ་པ་ནི་མ་ལུས་པ། །རྒྱས་བཏབ་རྨོངས་བྱས་ཟོས་པ་དང ། །ཐལ་བར་གྱུར་པའང་འཚོ་བར་བྱེད། །སྦྱོར་ བ་ཐམས་ཅད་ཀྱི་ཕྱག་རྒྱ་ཤེས་པའོ། །ལྷ་མོ་ཀུན་གྱི་བདེ་བའི་མཆོག་།མཛེས་པའི་ཞལ་ནི་རྣམ་བསྒྱུར་ཞིང ། །བདེ་བ་མྱོང་བ་རབ་སྦྱོར་བ། །མཛེས་པར་ལྟ་བའི་གར་བྱེད་པས། །སངས་རྒྱས་རྡོ་རྗེ་པདྨ་འཛིན། །རྡོ་རྗེ་ཉི་མ་ཁམས་གསུམ་པ། །རྒྱས་བཏབ་རྨོངས་བྱས་ཟོས་པ་དང ། །ཐལ་ བར་གྱུར་པའང་འཚོ་བར་བྱེད། །བུད་མེད་མཁས་པ་སྒྱུ་མ་ཆེ། །མཛེས་པའི་བཞིན་ནི་རྣམ་བསྒྱུར་བ། །རིམ་གྲོར་བཅས་ཤིང་སྟེག་པའི་མཆོག་།མཛེས་པར་ལྟ་བས་གར་བྱས་པ། །སངས་རྒྱས་པདྨ་རྡོ་རྗེ་འཛིན། །རྡོ་རྗེ་ཉི་མ་ཁམས་གསུམ་པ། །རྒྱས་བཏབ་རྨོངས་བྱས་བསླང་ནས་
77-1-176b
ནི། །ཟོས་ནས་སླར་ཡང་འཚོ་བར་བྱེད། །སངས་རྒྱས་བྱང་ཆུབ་མཉམ་སྦྱོར་བ། །རབ་ཏུ་དགའ་བར་ལྟ་ཞིང་འཛུམ། །ཤིན་ཏུ་སྲིད་པ་ཡང་དག་སྒྲུབ། །གསང་བར་ལྟ་ལ་གནས་ན་ནི། །དྲག་པོ་དབང་པོ་ཉེ་དབང་བཅས། །ཉི་ཟླ་གཤིན་རྗེ་ཚངས་བཅས་པའི། །སྲིད་པ་ཀུན་ཏུ་ཀུན་བསྒྲུབས་ནས། ། རིགས་གསུམ་དག་ནི་སྒྲུབ་པར་བྱེད། །སྟེག་ལ་སོགས་པའི་ཉམས་དང་ལྡན། །མཛེས་པའི་བཞིན་ནི་རྣམ་བསྒྱུར་ཞིང ། །རིམ་གྲོར་བཅས་ཤིང་སྟེག་པའི་མཆོག་།སྟེག་པའི་ལྟ་བས་གར་བྱེད་ཅིང ། །མཛེས་པའི་ཚུལ་དང་ཐབས་རྣམས་ཀྱིས། །དྲག་པོ་དབང་པོ་ཉེ་དབང་བཅས། །ཉི་ཟླ་ གཤིན་རྗེ་ཚངས་བཅས་པའི། །འཇིག་རྟེན་གསུམ་དག་སྒྲུབ་པར་བྱེད། །མཆེ་བ་ཅུང་ཟད་གཙིགས་པའི་ཁ། །ཁྲོ་ཞིང་འཛུམ་དང་བཅས་པའི་བཞིན། །ཁྲོ་ལ་འགྱུར་བར་བཅས་ཤིང་འཛུམ། །གསལ་བར་བལྟ་ཞིང་ལེགས་པར་གནས། །དྲག་པོ་དབང་པོ་ཉེ་དབང་བཅས། །ཉི་ཟླ་ གཤིན་རྗེ་ཚངས་བཅས་པ། །རྒྱལ་པོ་སྒྱུ་མས་རྣམ་རྒྱལ་ནས། །ཁམས་གསུམ་དག་ནི་སྒྲུབ་པར་བྱེད། །འདོད་ཆགས་མྱོས་པས་གཡེམ་སྤྱོ་བ། །མཛེས་པའི་བཞིན་ནི་རྣམ་པར་བསྒྱུར། །འདི་ནི་བཞིན་གྱི་ཕྱག་རྒྱ་མཆོག་།ཁམས་གསུམ་དག་ཀྱང་དགའ་བར་བྱེད། །དྲག་པོ་མཆེ་ བ་རྣོན་པོ་གཙིགས། །གདུག་པ་ཟ་བ་འཇིགས་འཇིགས་ལྟ། །གཡས་པའི་བཞིན་གྱི་ཕྱག་རྒྱ་ཡིས། །ཁམས་གསུམ་དག་ཀྱང་ཟ་བར་བྱེད། །དངོས་གྲུབ་ཀུན་གྱི་བདེ་བའི་མཆོག་།རབ་ཏུ་དགའ་བར་ལྟ་ཞིང་འཛུམ། །གཡོན་པའི་བཞིན་གྱི་ཕྱག་རྒྱ་ཡིས། །ཁམས་གསུམ་ དག་ཀྱང་ཐར་བར་བྱེད། །སྤྱི་བོར་རྟ་མགྲིན་གསང་མཐོ་བ། །རྟ་གདོང་ལྗང་སེར་ཁ་དོག་གསལ། །སོ་གཙིགས་པས་ནི་མཆུ་མནན་ན། །འཇིག་རྟེན་ཐམས་ཅད་འཇིགས་པར་བྱེད། །བཞིན་གྱི་ཕྱག་རྒྱ་ཤེས་པའོ། །ལྷ་མོ་ཀུན་གྱི་བདེ་བའི་མཆོག་།མཛེས་པའི་མ་མཆུ་སོས་མནན་ ཏེ། །འཛུམ་པའི་ཕྱག་རྒྱ་མཆོག་འདི་ནི། །སངས་རྒྱས་ཐམས་ཅད་དགྱེས་པར་བྱེད། །འདོད་ཆགས་བདེ་བས་གཡེམ་སྤྱོ་བ། །སྟེག་པའི་མ་མཆུ་སོས་མནན་པའི། །འཛུམ་པའི་ཕྱག་རྒྱ་མཆོག་འདི་ནི། །ཁམས་གསུམ་དག་ཀྱང་དགའ་བར་བྱེད། །སྦྱོར་བ་ཀུན་གྱི་བདེ་བ་མཆོག་།
77-1-177a
མཛེས་པའི་མ་མཆུ་གཡོ་བར་བྱེད། །འཛུམ་པའི་ཕྱག་རྒྱ་མཆོག་འདི་ནི། །ཁམས་གསུམ་དག་ཀྱང་དགའ་བར་བྱེད། །ཤ་ཆེན་གྱི་ནི་རོ་མྱོང་ཞིང ། །མ་མཆུ་སོ་ཡིས་མནན་པ་ཡིས། །འཛུམ་པའི་ཕྱག་རྒྱ་མཆོག་འདི་ནི། །ཁམས་གསུམ་དག་ཀྱང་ཟ་བར་བྱེད། ། བདེ་བ་ཀུན་གྱི་རོ་མྱོང་ཞིང ། །མ་མཆུ་རྣམ་པར་མཛེས་བྱས་པ། །འཛུམ་པའི་ཕྱག་རྒྱ་མཆོག་འདི་ནི། །ཐལ་བར་གྱུར་པའང་འཚོ་བར་བྱེད། །འཛུམ་པའི་ཕྱག་རྒྱ་མཆོག་ཤེས་པའོ། །བདེ་བ་མྱོང་བར་རབ་སྦྱོར་བ། །ཟམ་ཟིམ་ལྟ་བ་རྣམས་བསྒྱུར་བས། །རྒྱས་བཏབ་རྨོངས་བྱས་ ཟོས་པ་ཡིས། །ཁམས་གསུམ་དག་ཀྱང་འཚོ་བར་བྱེད། །བུད་མེད་མཁས་པ་སྒྱུ་མའི་མཆོག་།མཛེས་པར་བལྟ་བའི་གར་བྱས་པས། །རྒྱས་བཏབ་རྨོངས་བྱས་བསླང་ནས་ནི། །ཁམས་གསུམ་དག་ཀྱང་སྒྲུབ་པར་བྱེད། །སངས་རྒྱས་གསང་བའི་མཉམ་སྦྱོར་བ། །ལྟ་བ་ རབ་ཞི་བདེ་བར་གནས། །ལྟ་བའི་ཕྱག་རྒྱ་མཆོག་འདི་ནི། །བུད་མེད་ཐམས་ཅད་དབང་དུ་བྱེད། །སྨིན་མཚམས་ཁྲོ་གཉེར་འགྱུར་བཅས་པས། །ལྟ་བ་རབ་འབར་རྣམ་པར་བསྒྱུར། །ལྟ་བའི་ཕྱག་རྒྱ་མཆོག་འདི་ནི། །ཁམས་གསུམ་དག་ཀྱང་འབར་བར་བྱེད། །ཁྲོ་ཞིང་ འགྱུར་བར་བཅས་པས་འཛུམ། །ལྟ་བ་གསལ་ལ་བདེ་བ་གནས། །ལྟ་བའི་ཕྱག་རྒྱའི་མཆོག་འདི་ནི། །ཁྲོས་པ་ཐམས་ཅད་རབ་ཏུ་སྒྲུབ། །སྟེག་ལ་སོགས་པའི་རོ་དང་ལྡན། །སྟེག་བཅས་ལྟ་བའི་གར་བྱེད་པ། །ལྟ་བའི་ཕྱག་རྒྱ་མཆོག་འདི་ནི། །ཁམས་གསུམ་དག་ཀྱང་ གར་བྱེད་འཇུག་།ལྟ་བའི་ཕྱག་རྒྱ་ཤེས་པའོ། །ན་མ་སྟུ་སརྦྦ་བུ་ངྡྷེབྷྱོཿ ་ཞེས་པའི་ཕྱག་རྒྱ་ལ་གནས་ན། །ལས་དང་མཆོད་པ་མ་ལུས་པ། །ལུས་པ་མེད་པ་ཐམས་ཅད་འགྲུབ། །རང་བྱུང་རྣམས་ཀྱི་མཆོད་པ་ཀུན། །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའ་དབྱིངས་ ཀྱི་མཐའ་ཀླས་པ། །ལན་ཅིག་བརྗོད་པས་འགྲུབ་པའི་ཕྱིར། །དམ་པའི་ཆོས་ཀྱི་ཕྱག་རྒྱ་འདིས། །གང་དག་བྱས་པར་མ་གྱུར་ཅིང ། །སྤེལ་བ་དག་ཏུ་མ་གྱུར་པའི། །དམ་པ་རྒྱ་ཆེན་དེ་དག་མེད། །ོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦཱརྠ་སཱ་དྷ་ནི་སཝཱ་ཧཱ། ཆོས་ཀྱི་ཕྱག་རྒྱ་མཆོག་
77-1-177b
འདི་ནི། །སེམས་ཅན་ཐམས་ཅད་དབང་བྱེད་པ། །སྟོབས་ཀྱིས་མྱུར་དུ་བཀུག་ནས་ནི། །བྲན་བཞིན་དུ་ནི་བྱེད་དུ་འཇུག་།སུ་བྷ་གཱ་སྟཾ་མ་ཧཱ་ན་དེ་བི་ཧི་རི། མི་རི། རི་ཏི། ནི་རི་ཤྲི་ཡེ་སཝཱ་ཧཱ། ཆོས་ཀྱི་ཕྱག་རྒྱ་དམ་པ་འདི། །འདོད་པའི་བདེ་བ་ཀུན་སྦྱིན་པའོ། །ོཾ་ཏཱརེ་ཏུ་ཏྟཱ་རེ་ཏུ་རེ་སཝཱ་ཧཱ། ཆོས་ ཀྱི་ཕྱག་རྒྱ་ལ་གནས་པ། །སངས་རྒྱས་བྱང་ཆུབ་རབ་བསྒྲུབས་ན། །བུད་མེད་གཞན་ལྟ་ཅི་ཞིག་སྨོས། །ཏྲཱི་བྷ་བ་ཊཱ་ཊཱ། ཏྲ་ཊ་ཏྲ་ཊ། རེ་བ་ཐམས་ཅད་ཀུན་ནས་རྫོགས། །ཆོས་ཀྱི་ཕྱག་རྒྱ་དམ་པ་འདི། །རེ་བ་ཐམས་ཅད་རྫོགས་བྱེད་པའོ། །ཤྲཱི་བཛྲ་པདྨ་བྷཌྜ་བྷ་མུ་ཁ་ཡོ་གཱི་ཤཝ་ར་ཧི་ཧི་ཧི་ཧི་ཧི། ཆོས་ཀྱི་ཕྱག་རྒྱ་དམ་པ་འདི། །འཇིག་རྟེན་ཐམས་ཅད་རབ་ཏུ་འཇིག་།ཆོས་ཀྱི་ཕྱག་རྒྱ་ཤེས་པའོ། །སྐད་ཀྱི་གསང་ནི་མཐོན་དམན་དང ། །གྲེ་སྒྱུར་བཅོས་ཤིང་བཟླས་པ་དང ། །དུས་རབ་ཞི་བ་མཆོག་རྣམས་ཀྱིས། །ཧཱུཾ་ལ་སོགས་པའི་གླུ་བླང་ཞིང ། །ཚིག་རྣམས་ཀུན་གྱིས་ཅི་འདོད་ པར། །ཇི་ལྟར་སྤྲོ་བར་གླུ་ཀུན་གྱིས། །ཧཱུཾ་གི་གླུ་ཡི་ཕྱག་རྒྱ་དཔལ། །རྡོ་རྗེ་སེམས་དཔའ་རབ་སྒྲུབ་པའོ། །ལྷ་མོ་ཀུན་གྱི་ལྷ་མོ་མཆོག་།ཆ་ལུགས་བཞིན་དུ་གར་བྱ་ཞིང ། །ཀ་ཀ་ལ་ཤང་བྷ་ལ་སོགས། །གླུ་རྣམས་ཐམས་ཅད་རྗེས་སུ་བླང ། །ོཾ་གྱི་གླུ་ཡི་ཕྱག་རྒྱ་ནི། །ཚངས་པའི་ དབྱངས་ཀྱིས་ཅི་དགར་བླངས། །མ་ལུས་ལུས་པ་མེད་པ་ཡི། །སེམས་ཅན་ཐམས་ཅད་ཐར་བར་བྱེད། །རྡོ་རྗེ་དྲག་པོ་གད་མོ་ཆེ། །མཁུར་བའི་དབུགས་ཀྱིས་རླུང་འབྱིན་ཅིང ། །འབྲུག་གི་སྒྲ་ལྟར་ཟབ་པ་ཡི། །རུ་ལུ་རུ་ལུའི་སྒྲ་བྱུང་ན། །ཕྱག་རྒྱ་འདི་ཡིས་རྣལ་འབྱོར་པ། །ཁམས་གསུམ་ དག་ཀྱང་རྒྱས་འདེབས་ཤིང ། །ཐར་པར་བྱེད་ཅིང་གསོད་པར་བྱེད། །ཤི་བ་མོད་ལ་འཚོ་བར་བྱེད། །རྡོ་རྗེ་དྲག་ཏུ་བཞད་པ་ཞེས་བྱ་བའི་ཕྱག་རྒྱའོ། །ཊེ་ཞེས་བྱ་བའི་གླུ་ཡི་རྒྱ། །ཐམས་ཅད་དག་པར་སྒྲུབ་པའོ། །ཧི་ཞེས་བྱ་བའི་གླུ་ཡི་རྒྱ། །ཁམས་གསུམ་རྣམ་པར་རྒྱལ་བར་བྱེད། །ཀ་ ཀ་ལ་ལྱེ་དང་ཙོ་རའི་དབྱངས། །དེ་བཞིན་རབ་ཏུ་གདངས་སྙན་དང ། །ཀ་ཧ་ཤ་ཡི་གླུ་ཡི་རྒྱ། །འཇོམས་པ་ཐམས་ཅད་གྲུབ་པའོ། །གླུ་ཡི་ཕྱག་རྒྱ་ཤེས་པའོ། །གླིང་བུ་དང་ནི་རྒྱུད་གཅིག་དང ། །དེ་བཞིན་རྒྱུད་མངས་རྒྱུད་སྟུག་དང ། །སིལ་སྙན་ཕྱག་རྒྱ་བཤད་པ་རྣམས། །ལས་
77-1-178a
རྣམས་ཐམས་ཅད་རབ་སྒྲུབ་པའོ། །ཆ་ལུགས་བཞིན་དུ་གར་བྱེད་པས། །མ་བརྡུངས་པར་ཡང་རབ་ཏུ་འགྲུབ། །ལས་རྣམས་ཀུན་ལ་མཆོག་ཏུ་ནི། །བརྡུངས་ན་དཔལ་ནི་བཞི་འགྱུར་འགྲུབ། །སྙིང་པོ་ཕྱག་རྒྱ་སྔགས་རིག་དང ། །བྱ་བ་རྣམ་པ་སྣ་ཚོགས་དང ། །རྣམ་པར་ སེལ་ལ་སོགས་པའི་ཐབས། །དངོས་གྲུབ་ཐམས་ཅད་རབ་སྒྲུབ་པའོ། ཛཿ ཧཱུཾ་བཾ་ཧོཿ ། །རུཊྚམནྚ། །སྨརཱརཊ། ཧུ་ལུ་ཧུ་ལུ། པྲ་སིདྡྷྱ། ཊཀྐིཧཱུཾཛཿ ་ཀཱི་ནི་དྷུ་ནི་ཧཱུཾ་ཏྲུཾ། ཊཀྐི་ཧཱུཾ་ཛཿ ། ཧུ་ལུ་ཧུ་ལུ། ཨ་ལ་ལ་ལ་ཧོ། །ཤུདྡྷྱ་སིདྡྷྱ། ད་རིཥཱ་ཡ་སརྦྦནཊ་གྷཻ་གྷཻ།ཊཊ་གྷཻགྷཻགྷཻ། ཊ་གྷཻ་ཊ་ ཀེ་གཻ་གཻ་གཻ་ཊ་ཏ་ཀཻ། ཊ་གེ། །ཧོཾ་ཊོཎ། ཊཀྐི་ཧཱུཾ་ཛཿ ། གེ་ཏེ་གེ་དྷོ་ན། ཊཀྐི་ཧཱུཾ་ཏྲུཾ། ཨ་ལ་ལ་ལ་ཧོ། །རུཊྚ་མཊྚ།ཐལ་མོ་བརྡབ་པ་བརྟག་པའོ། །ཊ་གྷེ་ཊ་གྷེ། ཊ་གྷེ་གྷེ། ཊ་ཀེ་ན་ཊ། གྷེཾ་གྷེཾ་གྷེཾ། ཊ་གྷེཾགྷེཾ་ཊ་གྷེཾ། རྒྱུན་གྱི་རྔའོ། ཨཱཾ་ཨཱཾ་ཨཱཾ། ཧཱཾ་ཧཱཾ་ཧཱཾ། བཱཾ་བཱཾ་བཱཾ། དྷཾ་དྷཾ་དྷཾ། དམ་ ཚིག་གསུམ་གྱི་རྔའོ། །དྷེ་ཀྷོཾ་ཀྷོཾ་ཀྷོཾ་ཀྷོཾ། དྷེ་བཛྲ་བཛྲ་ཎྱང ། ཀོང་ཀོང་ཀོང ། ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ་བྷྱོ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་དྷཾ། ཀྷོང་ཀྷོང་ཀྷོང ། ཌྷོ། ཀྷོཾ་ཀྷོཾ་ཀྷོཾ་ཀྷོཾ། ཌྞོཾ་ཀཽཾ་ཀཽཾ་ཀཽཾ། དཔལ་རྡོ་རྗེ་ཧེ་རུ་ཀའི་རྡོ་རྗེ་རྔའི་ཕྱག་རྒྱའོ། །པདྨ་པདྨ་ཧྲི། པདྨ་པདྨ་ཤཱི། པདྨ་པདྨ་ཧྲང ། དཔལ་པདྨོ་ བརྡབས་པའི་རྔའོ། །ཏྲཱཾ་ཏྲཱཾ་ཏྲཱཾ། བྷ་བྷ་བྷ་བྷ་བྷ་བྷ་བྷ། ཏ་ཊ་ཏཱ་ཊཱ་ཊཱ་ཊཱ་ཊཱ་ཊཱ། ཏཱཾ་ཏཱ་ཏཱ་ཏཱ། ཏྲཱ་ཏྲཱ་ཏྲཱ་ཏྲཱ་ཏྲཱ། ཏྲཾ་ཊཾ་ཀེ་ཏདྐུང་ཏྲ། ཏུཊྚ་ཏྟྲ། རྒྱལ་པོའི་རྔའོ། །ཊཀྐི་ཧཱུཾ་ཛཿ ། ཊཀྐི་ཧཱུཾ་ཛཿ ་ཊཀྐི་ཧཱུཾ་ཛཿ ་སྙེམས་པའི་འགྲོས་སོ། །ཏྲཱ་ཊྚ་ཏྲཱ་ཏྲཱ་ཏྲཱ་ཏྲཱ་ཏྲཱ། མྱུར་ཞིང་རབ་ཏུ་མྱུར་བའོ། །ཏ་ཊ་བྷ་ཏ། བ་ཏྲུན། ཏ་ཐཱ་ག་ཏེ། བ་ཧཱུཾ། ཏ་ཊཱ་བྷ་ཏ་ཏ་བྷ་ཧི་ན་དཔལ་རྟ་མཆོག་རྣམ་པར་རོལ་པའོ། །ཏ་ཏཱ་བྷ་ཊ་ཊ་བྷ་ཏཱང་ཏྟྲ། ཤིན་ཏུ་མྱུར་བའི་རྔའི་ཕྱག་རྒྱ་སྟེ། །སིལ་སྙན་གྱི་ཕྱག་རྒྱ་ཤེས་པའོ། །རྡོ་རྗེ་སེམས་དཔའ་བདག་སྦྱོར་བས། །ལག་གཉིས་རྡོ་རྗེར་བཅིངས་པ་ཡི། །རྡོ་རྗེ་སེ་གོལ་ བརྡབས་པ་ཡིས། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། །དེ་ཡི་བཀའ་ཙམ་གྱིས་སྐྲག་ནས། །འཁོར་གྱི་དཀྱིལ་འཁོར་དང་བཅས་པའི། །སངས་རྒྱས་ཀུན་ཀྱང་འདུ་འགྱུར་ན། །གཞན་ལྟ་སྨོས་ཀྱང་ཅི་ཞིག་སྨོས། །གཡོན་པའི་སེ་གོལ་བརྡབས་པ་དང ། །ཐལ་མོ་དལ་བུས་
77-1-178b
བརྡབས་པས་འགྲུབ། །གཡས་པའི་ཐལ་མོ་ཡིན་པར་གསུངས། །གཉི་ག་ཀུན་ཏུ་སྡུད་པ་ཡིན། །ཐལ་མོའི་སྦྱོར་བ་རབ་སྦྱོར་བས། །ལས་ཀྱི་ཚུལ་བཞིན་འབྲང་བ་དང ། །ཐལ་མོ་དལ་བུས་བསྡུ་བ་དང ། །གླུ་དང་སིལ་སྙན་གར་བྱེད་པས། །སྟེག་དང་དཔའ་དང་སྙིང་རྗེ་དང ། །རྒོད་ དང་ཁྲོ་དང་འཇིགས་པ་དང ། །མི་སྡུག་ངོ་མཚར་ཞི་བ་ཡི། །ཉམས་ཀྱིས་ཕྱག་རྒྱ་དང་དོན་སྒྲུབ། །སྟེག་ལ་སོགས་པའི་ཉམས་དང་ལྡན། །སྣ་ཚོགས་ཕྱག་རྒྱའི་གར་བྱས་པས། །ཐམས་ཅད་བདག་ཉིད་རྒྱར་སྦྱོར་བས། །དབབ་པ་ཐམས་ཅད་རབ་ཏུ་འགྲུབ། །རྡོ་རྗེ་སེམས་དཔའ་སྟེག་པ་ ལ། །དཔའ་ལ་དཔའ་བོ་དེ་བཞིན་གཤེགས། །རྡོ་རྗེ་འཛིན་པ་སྙིང་རྗེ་ལ། །རྒོད་པ་འཇིག་རྟེན་དབང་ཕྱུག་མཆོག་།རྡོ་རྗེ་ཉི་མ་ཁྲོ་བ་ལ། །རྡོ་རྗེ་དྲག་པོ་འཇིགས་པ་ལ། །ཤཱཀྱ་ཐུབ་པ་མི་སྡུག་པ། །ངོ་མཚར་ལ་ནི་ཨ་ར་ལི། །རབ་ཏུ་ཞི་ལ་སངས་རྒྱས་རྟག་།སྡུག་བསྔལ་ཐམས་ཅད་ ཞི་བའི་ཕྱིར། །དངོས་པོ་ཀུན་གྱི་རང་བཞིན་གྱིས། །ཉེ་བར་གནས་ཤིང་བྱིན་གྱིས་རློབས། །ལྟ་བས་མི་ངོམས་པ་ཡི་གཟུགས། །ཐམས་ཅད་བདག་ཉིད་སྟོན་པར་མཛད། །ལེགས་སོ་ཞེས་བྱ་འགྲུབ་པ་ཡི། །མཆོག་ཏུ་གྱུར་པ་རབ་ཏུ་སྩོལ། །ཐམས་ཅད་བདག་ཉིད་གྲུབ་པའི་མཆོག་། རེ་བ་ཐམས་ཅད་ཡོངས་རྫོགས་པ། །སངས་རྒྱས་ཀུན་ཏུ་འགྱུར་བའི་མཆོག་།རྣལ་འབྱོར་དམ་པ་སྟེར་བར་འགྱུར། །ཕྱག་རྒྱ་སྦྱོར་བ་འདི་དག་གིས། །རང་གི་མཆོད་པ་རབ་ཏུ་སྦྱར། །རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷའི། །སྦྱོར་བ་ཐམས་ཅད་རྣམ་འཁྲུལ་དང ། །ཕྱག་རྒྱ་ཕྱག་ རྒྱའི་ལན་རྣམས་དང ། །སྣ་ཚོགས་ཕྱག་རྒྱ་རྣམ་སྤྲུལ་པས། །ཡིད་ལ་བསམས་པ་ཀུན་རྫོགས་ཕྱིར། །མཆོད་པ་དམ་པ་སྦྱར་བར་བྱ། །ཀུན་ཏུ་སྣ་ཚོགས་སྐལ་བཟང་པོ། །ཀུན་གྱི་སློབ་དཔོན་བདག་ཉིད་བསྒྱུར། །ཀུན་འབྱུང་ལ་སོགས་སྦྱོར་བ་ཡིས། །རྒོལ་བ་བདག་དང་ གར་བྱས་ཏེ། །དེ་ནས་རྒོལ་བ་ཅི་རིགས་པ། །སངས་རྒྱས་ཐམས་ཅད་འབྱུང་བར་འགྱུར། །དེ་ནས་སླར་ནི་རྒོལ་བ་ཡང ། །རྡོ་རྗེ་འཛིན་པ་ཆེན་པོར་བསྒྱུར། །རྒོལ་བའང་དེ་ནས་ཚུལ་བཞིན་དུ། །པདྨ་གར་འབྱུང་མཆོག་ཏུ་བསྒྱུར། །དེ་ནས་སླད་དུ་རྒོལ་བ་ཡང ། །
77-1-179a
རྡོ་རྗེ་ཉི་མ་མཆོག་ཏུ་བསྒྱུར། །དེ་ནས་ཕྱིར་ཡང་རྒོལ་བ་ནི། །རྟ་མཆོག་འབྱུང་བར་བསྒྱུར་བར་བྱ། །དེ་ནས་སླར་ནི་རྒོལ་བ་ཡང ། །བདག་ཉིད་འབྱུང་བས་རབ་ཏུ་འགྲུབ། །དེ་ནས་ཕྱག་རྒྱ་ཤེས་པ་འདི། །སྡོམ་པ་ཐམས་ཅད་རབ་སྟོན་པ། །རྡོ་རྗེ་སེམས་དཔའ་དཔལ་གྱི་གླུ། ། ཁྱད་པར་དུ་ནི་བཤད་པར་བྱ། །ལ་ལར་དྲི་མེད་ཟླ་བའི་དཀྱིལ་འཁོར་སྟོང་ལས་མཛེས་པའི་གཟུགས་སུ་རྣམ་པར་སྣང ། །ལ་ལར་རབ་ཏུ་འཇིགས་པའི་ཉི་མ་བྱེ་བ་ཕྲག་དགུའི་འོད་ཟེར་མཆོག་པས་འཇིགས། །ལ་ལར་མདངས་བཟང་གཟི་ཆེ་བདེ་དང་ཞི་བར་ལྡན་པ་རྒྱལ་བའི་གཟུགས་ སུ་སྣང ། །ལ་ལར་འགྲོ་བ་ཐམས་ཅད་མཉམ་པར་འཇོག་པའི་གཟུགས་ལྡན་གསུང་མཆོག་ལྡན་པར་སྟོན། །རྡོ་རྗེ་སེམས་དཔའ་འགྲུབ་ཕྱིར་འདུལ་ལ་མཁས་པ་མ་ལུས་བདེ་བའི་མཆོག་རྣམས་ལས། ། ར་ལི་རྣམས་མཉམ་སྦྱོར་གྲུབ་མཛོད་རུ་ཊ་མ་ཊེ་ཨ་ལ་ལ་ལ་ཧོ། ། རྣམ་པ་མང་པོ་འདུལ་བར་མཛད་པའི་ཚུལ་ལ་གར་མཁན་མཆོག་གིས་གར་མཛད་པ། །དམ་ཚིག་གར་གྱི་དབང་ཕྱུག་སངས་རྒྱས་གར་མཛོད་ཨ་ལ་ལ་ལ་ཧོ། །རྣམ་མང་བདེ་མཆོག་རབ་ཏུ་གར་མཛད་པ་ཡིས་ཐར་པའི་བདེ་བའང་ཐོབ་པར་མཛོད། །འདི་དག་གླུར་ནི་བླངས་ པ་ཡིས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་།འགྲུབ་པར་འགྱུར་བར་གདོན་མི་ཟ། །དེ་ལྟར་རབ་ཏུ་གར་བྱས་ཏེ། །དེ་ལས་གང་ཞིག་ཕམ་གྱུར་པ། །ཚོགས་ལ་དེ་ཡིས་ཚོགས་ཀྱི་ཟས། །ཡོན་དང་བཅས་པར་དབུལ་ བར་བྱ། །མཆོད་པའི་ཆོ་ག་འདི་དག་གིས། །སྡིག་པ་ཀུན་ལས་ཐར་བར་འགྱུར། །བསོད་ནམས་ཐམས་ཅད་འཕེལ་བར་འགྱུར། །དེ་བཞིན་རྟག་པར་བསྲུང་བར་འགྱུར། །རིམས་དང་དུག་དང་དབྱིག་དུག་དང ། །མཁའ་འགྲོས་གཙེ་དང་གདོན་རྣམས་དང ། །བདུད་དང་སེམས་ ཅན་དམྱལ་བའི་རྣམས། །འདི་ཡིས་རབ་ཏུ་ཞི་བར་འགྱུར། །དངོས་གྲུབ་རྣམས་དང་ཕུན་སུམ་ཚོགས། །དགའ་དང་དེ་བཞིན་བདག་པོ་དང ། །སངས་རྒྱས་དམ་པ་ཐམས་ཅད་དང ། །ཕྱག་རྒྱའི་མཆོག་རྣམས་འགྲུབ་པར་འགྱུར། །གར་གྱི་ཕྱག་རྒྱ་ཤེས་པའོ། །རབ་ཏུ་
77-1-179b
དགའ་བ་རྗེས་སུ་རབ་ཆགས་དགའ་བའི་མདའ་གཞུ་རབ་ཏུ་ཕྲ་བའི་རྒྱས་བཏབ་པས། །རབ་ཏུ་དགའ་བར་སྦྱོར་བའི་བདེ་བས་མྱོས་པ་བདེ་བ་ཐམས་ཅད་བདག་ལ་གྲུབ་པར་མཛོད། །རབ་ཏུ་བདེ་མཆོག་རྣམ་པ་སྣ་ཚོགས་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲེང་བའི་ལོངས་སྤྱོད་དང ། །རབ་ཏུ་ དགའ་བའི་དབང་ཕྱུག་ཚེ་མཆོག་གྲུབ་པས་དེ་བཞིན་གཤེགས་པ་ཞུགས་ཧོ་རྟ་མཆོག་ཧོ། །རབ་ཏུ་སྣ་ཚོགས་བདེ་བའི་མཆོག་ལ་རོལ་ཅིག་ཧོ། །བདེ་བས་སློང་ལ་རྣམ་པར་རོལ་ཧཱུཾ་སྣང་བར་མཛོད། ། ལ་ལ་ལ་ཧོ། དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་སྒྱུ་མ་སྣ་ཚོགས་ཀྱིས། ། སློབ་མ་རབ་ཏུ་གཟུང་དུ་གསོལ། །ཀྱེ་མའོ་བདེ་མཆོག་གྲུབ་པར་མཛོད། །ཀྱེ་མའོ་བདེ་བ་བདེ་བ་སྩོལ། །དམ་པར་རབ་ཏུ་ཞུགས་པར་མཛོད། །བདག་ལ་རབ་ཏུ་དགྱེས་པར་གྱུར། ། ལ་ལ་ལ་ཧོ། ཨེ་མའོ། །ཤི་ཤི་ཞུགས་ཤིག་ཞུགས་ཤིག་།མཁའ་འགྲོ་བདེ་མཆོག་ཡོངས་ བསྐོར་ཀུན་ཏུ་ཞུགས། །འདི་དག་གླུར་ནི་བླངས་པ་ཡིས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་།གྲུབ་པར་འགྱུར་བར་གདོན་མི་ཟ། །རྡོ་རྗེ་སེམས་དཔའ་སྡུད་པ་དང ། །རྡོ་རྗེ་རིན་ཆེན་བླ་མེད་པ། །རྡོ་རྗེ་ཆོས་ནི་གསུངས་པ་དང ། །རྡོ་རྗེ་ ལས་ནི་བྱེད་པར་འགྱུར། །ཧཱུཾ་རྡོ་རྗེ་ལས་ཀྱི་མདའ་གཞུ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་ཆགས་པའི་དམ་ཚིག་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཁ་ཊྭཱཾ་ག་རབ་ཏུ་འཇིགས་པ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་དྲིལ་བུ་རབ་ཏུ་འཁྲོལ་བ་ལ་ཕྱག་འཚལ་ལོ། །ལ་ལར་རབ་ཏུ་དྲག་ཅིང་སྐྱེ་ བོར་དྲག་ལ་དྲག་པའི་བུད་མེད་སྐུ་ལྟར་རབ་ཏུ་སྣང ། །འགྲོ་བ་མཐའ་ཡས་འདུལ་ཕྱིར་ལ་ལར་རབ་ཏུ་རྣོ་བའི་འཁོར་ལོ་ཕྱག་ན་བསྣམས་པའི་སྐུ། །ལ་ལར་རབ་ཏུ་དེས་ཞིང་ཞི་བ་མི་འགྱུར་སྦྱིན་པ་ཚངས་པའི་སྐུར་ཡང་སྟོན་པར་མཛད། །ལ་ལར་རབ་ཏུ་འབར་བའི་ཆགས་པ་པདྨ་ རྒྱལ་པོའི་དམ་ཚིག་བདག་ལ་གྲུབ་པར་མཛོད། །ཐམས་ཅད་དབང་བསྐུར་དབང་ཕྱུག་དམ་པ་མི་ཟད་གཏེར་མཆོག་བདག་ལ་གྲུབ་པ་མཛད་དུ་གསོལ། །ཀུན་མཆོག་རྒྱལ་མཚན་རྣམ་རྒྱལ་བསྒྲེང་བའི་རྡོ་རྗེ་རིན་ཆེན་ཤིན་ཏུ་ཆེ་བ་བདག་ལ་གྲུབ་པར་མཛོད། །ལ་ལར་མཁས་
77-1-180a
པའི་གཟུགས་ཀྱང་འཛིན། །ལ་ལར་དུས་མཐའི་དུས་ལྟར་དྲག་།ལ་ལར་རྒྱལ་བའི་དབང་པོ་བཞིན་དུ་ཞི། །ལ་ལར་རྟ་མཆོག་སྦྱོར་བས་འདོད་པ་སྒྲུབ། །རྡོ་རྗེ་གླུའི་མཆོད་པའི་ཕྱག་རྒྱ་ཤེས་པའོ། །མེ་ཏོག་དཀར་དང་དམར་བ་དང ། །མཐིང་ག་སེར་པོ་ཀུན་བསྡུས་པ། ། མེ་ཏོག་ཕྱག་རྒྱ་མཆོག་འདི་ནི། །འདོད་པའི་ཡོན་ཏན་ལྔ་ལ་སྤྲོ། །རྒྱ་སྐེགས་མཐིང་ག་ལྗང་ཁུའི་མདོག་།ཚོན་སྣ་བཞི་ཡིས་བཙོས་པ་དང ། །དཀར་པོ་ལྔ་ཡི་ཕྱག་རྒྱ་དག་།སྔ་མ་བཞིན་དུ་མཉམ་པར་སྒྲུབ། །ཁམས་ལས་བྱུང་བ་ཐམས་ཅད་དང ། །སྲོག་དང་རྩ་བའི་དེ་བཞིན་ ཏེ། །རྣམ་པར་མཛེས་ཤིང་དྲི་ཞིམ་པ། །སྔ་མ་བཞིན་དུ་མཉམ་པར་བསྒྲུབ། །ཙནྡན་གཉིས་དང་གླ་རྩི་དང ། །ག་པུར་ན་ག་ཤ་ལ་ཀི། །བདུག་པ་བུ་རམ་དང་སྦྱར་བ། །ལས་རྣམས་ཐམས་ཅད་རབ་སྒྲུབ་པའོ། །གན་དར་དྲི་དང་གུ་གུལ་དང ། །ས་རྫ་ག་བུར་གླ་རྩི་དང ། །རྫས་འདི་དག་ ལས་བཙོས་པའི་མར། །མེ་མར་བྱས་ན་སྣང་བ་སྐྱེ། །ཙནྡན་གུར་གུམ་སྤྲྀ་ཀ་དང ། །ག་བུར་དང་ནི་གླ་རྩི་དང ། །བཅས་པ་བདུག་པ་གྲུབ་པ་སྟེ། །སྤོས་ཀྱི་ཕྱག་རྒྱ་སྤོས་མཆོག་འགྱུར། །ཀཀྐོ་ལ་དང་སུག་སྨེལ་དང ། །གླ་སྒང་ག་བུར་གླ་རྩི་དང ། །འདི་རྣམས་ཞིབ་ཏུ་ བཏགས་པ་ནི། །སེང་ལྡེང་བུ་རམ་དག་ཀྱང་སྦྱར། །ཤིང་ཚ་པ་ཏྭ་ལོ་དྲཱ་དང ། །ན་ལེ་ཤམ་དང་ག་བུར་སྦྱར། །ས་ཧ་ཀ་རེ་ཤིང་མངར་གྱིས། །སྤྲུས་པ་ཁ་ཡི་སྤོས་ཡིན་ནོ། །དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་སྦྱོར་བའོ། །མེ་ཏོག་དམར་པོ་སངས་རྒྱས་ལ། །རྡོ་རྗེ་ཅན་ལ་ སྣ་ཚོགས་པ། །འཇིག་རྟེན་དབང་ལ་མེ་ཏོག་དཀར། །སེར་པོ་མཁའ་ལས་བྱུང་བ་ལ། །ཙནྡན་བདུག་པ་སངས་རྒྱས་ལ། །རྡོ་རྗེ་ཅན་ལ་དུ་རུ་སྐ། །སྤྱན་རས་གཟིགས་དབང་ཀ་པི་ཏ། །ཅེ་པོག་རྡོ་རྗེ་ཉི་མ་ལ། །མར་མེ་ཕྲེང་བ་སངས་རྒྱས་ལ། །རྡོ་རྗེ་ཅན་ལ་མར་མེ་མདུན། ། སྤྱན་རས་གཟིགས་ལ་མར་མེ་བརྒྱ། །སྟོང་ནི་རྡོ་རྗེ་ཉི་མ་ལ། །སངས་རྒྱས་རྣམས་ལ་ཙནྡན་སྤོས། །རྡོ་རྗེ་ཅན་ལ་གུར་གུམ་ཡིན། །སྤྱན་རས་གཟིགས་ལ་ཙནྡན་དམར། །ག་བུར་རྡོ་རྗེ་ཉི་མ་ལ། །མེ་ཏོག་ཀུན་དང་བདུག་པ་ཀུན། །དེ་བཞིན་མར་མེ་ཐམས་ཅད་དང ། །སྤོས་
77-1-180b
རྣམས་ཐམས་ཅད་ཇི་སྙེད་པ། །རྡོ་རྗེ་རྟ་ལ་དབུལ་དུ་རུང ། །མཆོད་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཤེས་པའོ། །སྒེག་མོ་དང་ནི་ན་ཆུང་དང ། །མྱོས་དང་དེ་བཞིན་བདུད་རྩི་དང ། །གཅིག་ཏུ་དཔའ་དང་འདོད་ཆགས་སྲ། །གཡོན་ཅན་བྲན་མོ་དེ་བཞིན་ཏེ། །ལན་ཚཝ་ལ་སོགས་རོ་ཀུན་དང ། ། ཁ་ར་ལ་སོགས་བདུད་རྩི་བཞིན། །བདག་ཉིད་ཀྱི་ནི་རོ་སྒྲུབ་པ། །མ་ལུས་ལུས་པ་མེད་པར་འགྲུབ། །ཤ་དང་ཆང་དུ་ལྡན་པ་ཡི། །བཟའ་བ་སྣ་ཚོགས་གྲུབ་པ་ནི། །དགའ་བའི་ལོངས་སྤྱོད་སྐལ་མཆོག་སྟེ། །ཚེ་ཡི་དམ་པ་རབ་ཏུ་འགྲུབ། ། མྲ་སྨིན་དང་རྒུན་འབྲུམ་དང ། །པ་ན་ ས་དང་ནི་ཀེ་ར། །ར་ཀ་ལ་སོགས་འབྲས་བུ་ཡི། །ཕྱག་རྒྱའི་མཆོག་ནི་འདི་རྣམས་ཏེ། །དངོས་གྲུབ་འབྲས་བུ་ཐམས་ཅད་འཐོབ། །ཁ་ར་སྦྲང་རྩི་བྱུགས་པ་ཡིས། ། མྲ་ལ་སོགས་ཚིག་གུས་བྱུག་།ས་ཧ་ཀ་རའི་མར་ལ་སོགས། །མཉམ་པའི་དྲི་ཡིས་བསྐུ་བར་བྱ། །ཡུངས་ དང་རྒྱ་སྐེགས་ལ་སོགས་པའི། །ཚོན་གྱིས་མཐུན་པར་ཁ་བསྒྱུར་ནས། །ཤུན་པ་གྲོ་བ་ལ་སོགས་བྱས། །མཆོད་པའི་ཚེ་ན་དབུལ་བར་བྱ། །འབྲས་བུར་བཅས་པའི་ཕྱག་རྒྱ་ཤེས་པའོ། །སངས་རྒྱས་རྣམས་ལ་བཤོས་དབུལ་བར། །ཤ་དང་ཆང་ནི་རྣམ་པར་སྤངས། །གླུ་དང་ སིལ་སྙན་གྲུབ་པ་དང ། །གདུགས་དང་རྒྱལ་མཚན་བ་དན་དང ། །ཤ་དང་ཆང་དུ་བཅས་པ་ནི། །གཏོར་མའི་མཆོག་སྟེ་སྣ་ཚོགས་པའོ། །བདག་གི་ཕྱུགས་ཆེན་སྐལ་བཟང་པོ། །རྡོ་རྗེའི་ལས་ནི་དཔལ་གྲུབ་པའོ། །བཤོས་དང་གཏོར་མ་དཀར་པོ་དང ། །པདྨའི་མེ་ཏོག་ ལྡན་པ་ནི། །སྤྱན་རས་གཟིགས་དབང་གཙོ་བོ་ལ། །ཕུལ་ན་དགོས་པ་ཐམས་ཅད་འགྲུབ། །རྒྱལ་པོའི་ཁ་ཟས་སྣ་ཚོགས་པ། །ཤ་དང་ཆང་དུ་ལྡན་པ་དང ། །གླུ་དང་སིལ་སྙན་སྐལ་བཟང་དག་།རྡོ་རྗེ་ཉི་མའི་འཁོར་ལ་དབུལ། །ཁ་ཟས་ཀུན་གྱི་རོ་རྣམས་དང ། ། ཤ་དང་ཤ་ཡི་མཆོག་རྣམས་དང ། །ཤ་ཡི་སྦྱོར་དང་ཤ་སྐམ་དང ། །བཤོས་དག་རྡོ་རྗེ་རྟ་ལ་དབུལ། །མཆོད་པ་དང་གཏོར་མ་ཐམས་ཅད་ཀྱི་ཆོ་གའི་ཕྱག་རྒྱའོ། །མཐེ་བོ་སེམས་དཔའི་སྐྱིལ་མོ་ཀྲུང ། །མཛུབ་མོ་གཉིས་ཀྱི་རྩེ་མོ་དགུག་།གུང་མོ་གཉིས་ནི་མཉམ་པར་སྦྱར། །
77-1-181a
ལྷག་མ་རྡོ་རྗེ་ཐལ་མོར་སྦྱར། །སངས་རྒྱས་རིན་ཆེན་ཕྱག་རྒྱ་འདི། །རང་བྱུང་རྣམས་ཀྱི་དབང་བསྐུར་བ། །རྒྱལ་སྲིད་ཐམས་ཅད་མ་ལུས་པ། །ལུས་པ་མེད་པར་མྱུར་དུ་འགྲུབ། །སྤྱི་བོ་དང་ནི་དཔྲལ་བ་དང ། །འགྲམ་པ་གཉིས་དང་ལྟག་པར་ནི། །སངས་རྒྱས་ཀུན་ གྱི་རིན་ཆེན་མཆོག་།དབུ་རྒྱན་ཀུན་ཏུ་བརྒྱན་པར་བྱ། །དབུ་རྒྱན་བཅིངས་པས་བཅིངས་ནས་ནི། །འགྱིང་ཞིང་མཐའ་མས་དགྲོལ་བར་བྱ། །དར་གྱི་མཐའ་མ་དཔྱངས་པ་ལྟར། །བྱས་ནས་ཐལ་མོ་བརྡབ་པར་བྱ། །སངས་རྒྱས་པདྨོ་རྡོ་རྗེ་འཛིན། །རྡོ་རྗེ་ཉི་མ་ཁམས་གསུམ་པ། ། དེ་ཡིས་དགྲ་མེད་སྡིག་མེད་པར། །བདག་གི་ལོངས་སྤྱོད་ཉིད་དུ་སྤྱོད། །འདི་ཡིས་བསྲུང་བ་བྱས་ནས་ནི། །རྡོ་རྗེ་སེམས་དཔའ་དཔལ་དང་འདྲ། །སངས་རྒྱས་ཀུན་གྱི་དངོས་གྲུབ་ཆེ། །འཁོར་ལོས་སྒྱུར་བ་རབ་ཏུ་འགྲུབ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ནོར་བུ་རིན་པོ་ ཆེའི་དབུ་རྒྱན་མཉམ་པར་སྦྱོར་བ་སྐལ་བ་བཟང་པོ་དཔལ་གྱི་ཕྲེང་བ་ཞེས་བྱ་བའི་ཕྱག་རྒྱའོ། །སོར་མོ་ཐམས་ཅད་ནང་དུ་བསྣོལ། །སོར་མོ་རྩེ་མོ་ཀུན་སྤྲད་ནས། །མཐེ་བོ་རྡོ་རྗེས་མནན་པ་ནི། །སྣ་དང་མིག་ཕུགས་ལྟ་བུ་སྟེ། །པདྨོའི་རིན་ཆེན་ཕྱག་རྒྱ་འདི། །བདག་ཉིད་ཆེན་པོར་དབང་ བསྐུར་བ། །རྒྱལ་སྲིད་ཐམས་ཅད་མ་ལུས་པ། །ལུས་པ་མེད་པར་མྱུར་དུ་འགྲུབ། །སྤྱི་བོ་དང་ནི་དཔྲལ་པ་དང ། །འགྲམ་པ་གཉིས་དང་ལྟག་པར་སྦྱར། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཏེ། །སངས་རྒྱས་གཙུག་གི་ནོར་བུ་འབར། །དབུ་རྒྱན་བཅིངས་པས་བཅིངས་ནས་ནི། ། འགྱིང་བའི་མཐའ་ནས་དགྲོལ་བར་བྱ། །དར་གྱི་མཐའ་མ་དཔྱངས་པ་ལྟར། །བྱས་ནས་ཐལ་མོ་བརྡབ་པར་བྱ། །འདི་ཡིས་བསྲུང་བ་བྱས་ན་ནི། །རྡོ་རྗེ་སེམས་དཔའ་དཔལ་དང་འདྲ། །ཁམས་གསུམ་དག་ནི་རྒྱལ་སྲིད་ཆེ། །འཁོར་ལོས་སྒྱུར་བ་རབ་ཏུ་འགྲུབ། །དཔལ་རྡོ་ རྗེ་ཧེ་རུ་ཀ་པདྨ་ནོར་བུ་རིན་པོ་ཆེའི་དབུ་རྒྱན་མཉམ་པར་སྦྱོར་བ་སྐལ་བ་བཟང་པོ་དཔལ་གྱི་ཕྲེང་བ་ཞེས་བྱ་བའི་ཕྱག་རྒྱའོ། །རྡོ་རྗེ་ཐལ་མོ་མཉམ་སྦྱར་ཏེ། །ལག་གཉིས་ནོར་བུ་རིན་ཆེན་དུ། །ཇི་ལྟར་རིགས་པར་མཉམ་སྦྱར་ནས། །མཛུབ་མོ་མཐེ་བོ་རྩེ་མོ་བཞི། །ཡོངས་སུ་བསྒྱུར་ཏེ་
77-1-181b
བཏེག་ནས་སུ། །དཔྲལ་བར་ལེགས་པར་གཞག་ན་ནི། །ཁམས་གསུམ་བདག་པོ་རྒྱལ་བ་དག་།མ་ལུས་ལུས་པ་མེད་པར་འགྲུབ། །དཔལ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱའོ། །ལག་པ་ཤིན་ཏུ་བརྐྱང་བ་ཡི། །མཛུབ་མོ་གཉིས་པའི་མདུད་པར་བཅིང ། །གུང་མོ་མཐེ་བོའི་རྩེ་མོ་ཅན། ། རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་བསྒྱུར། །ཡོངས་སུ་བསྒྱུར་ཏེ་བཏེག་ནས་ཀྱང ། །ཁྲོ་གཉེར་དུ་ནི་ལེགས་བཞག་ན། །རྒྱལ་སྲིད་ཐམས་ཅད་ལེགས་འགྲུབ་པ། །མ་ལུས་ལུས་པ་མེད་པར་འགྲུབ། །འདི་ཡིས་བསྲུང་བ་བྱས་ན་ནི། །རྡོ་རྗེ་ལས་ཀྱི་དཔལ་དང་འདྲ། །རྣལ་འབྱོར་དབང་ཕྱུག་རབ་ བསྒྲུབས་པ། །མ་ལུས་ལུས་པ་མེད་པར་འགྱུར། །མ་མོ་དང་ནི་བྱད་མ་དང ། །མཁའ་འགྲོ་མ་ཡང་ལྷག་པར་འགྲུབ། །དུར་ཁྲོད་དངོས་གྲུབ་ཐམས་ཅད་དང ། །ལས་རྣམས་ཐམས་ཅད་བྱེད་པར་འགྱུར། །དཔལ་རྡོ་རྗེ་ཧེ་རུ་ཀའི་ཕྱག་རྒྱའོ། །མཐེ་བོ་དཔའ་བོའི་སྐྱིལ་མོ་ཀྲུང ། ། མཛུབ་མོ་གཉིས་ཀྱི་རྩེ་མོ་དགུག་།གུང་མོ་གཉིས་ནི་མཉམ་པར་སྦྱར། །ལྷག་མ་རྡོ་རྗེ་ཐལ་མོའི་འོད། །རྡོ་རྗེ་རིན་ཆེན་ཕྱག་རྒྱ་འདི། །རང་བྱུང་རྣམས་ཀྱི་དབང་བསྐུར་བའོ། །འཇིག་རྟེན་དབང་པོ་དམ་པ་ཀུན། །མ་ལུས་ལུས་པ་མེད་པར་འགྲུབ། །འདི་ཡིས་བསྲུང་བ་བྱས་ ན་ནི། །རྣམ་པར་སྣང་མཛད་དཔལ་དང་འདྲ། །སངས་རྒྱས་ཀུན་གྱི་ཚེ་འགྲུབ་པ། །མ་ལུས་ལུས་པ་མེད་པར་འགྲུབ། །ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་རྣམ་པར་ངེས་པ་ཞེས་བྱ་བའི་ཕྱག་རྒྱའོ། །རྡོ་རྗེ་ཐལ་མོ་མཉམ་སྦྱར་ལ། །མཛུབ་མོ་བསྙམས་ཏེ་ཕྱི་རོལ་དགུག་། མཐེ་བོ་གཉིས་ནི་རབ་ཏུ་བརྐྱང ། །རྡོ་རྗེ་ནོར་བུ་ཞེས་ཀྱང་བྱ། །དཔྲལ་བར་མྱུར་དུ་བཞག་པ་ནི། །བསམ་པ་ཐམས་ཅད་ཡོངས་རྫོགས་ཤིང ། །རྒྱལ་སྲིད་ཐམས་ཅད་རབ་སྒྲུབ་པ། །མ་ལུས་ལུས་པ་མེད་པར་འགྲུབ། །དཔལ་ནོར་བུ་རིན་པོ་ཆེ་དབང་བསྐུར་བའི་ཕྱག་རྒྱའོ། །སངས་ རྒྱས་རིན་ཆེན་པདྨོ་དང ། །དེ་བཞིན་རྡོ་རྗེ་རིན་ཆེན་དང ། །ཡིད་བཞིན་ནོར་བུ་རིན་ཆེན་མཆོག་།རྟ་མཆོག་རབ་ཏུ་འགྲུབ་པར་འགྱུར། །ཕྱག་རྒྱས་རབ་ཏུ་དབང་བསྐུར་བའི་ཕྱག་རྒྱ་ཤེས་པའོ། །སོར་མོ་ཕན་ཚུན་བསྣོལ་བ་ནི། །རྡོ་རྗེ་ཐལ་མོ་ཡིན་པར་བཤད། །སོར་མོ་
77-1-182a
ཐམས་ཅད་བསྡམས་པ་ནི། །རྡོ་རྗེ་བསྡམས་པ་ཡིན་པར་བཤད། །རྡོ་རྗེ་བསྡམས་པ་བྱས་ན་ནི། །མཛུབ་མོ་མཐེ་བོའི་ནང་དག་ཏུ། །གཡས་པའི་མཐེ་བོའི་མཚན་མ་འདི། །རྩེ་མོ་བཅུག་ལ་བསྡམ་པར་བྱ། །དགའ་ཆེན་དཔལ་གྱི་ཕྱག་རྒྱ་སྟེ། །ཕྱག་རྒྱ་ཐམས་ ཅད་རང་བྱུང་བ། །རབ་འབྱམ་ལས་རྣམས་དངོས་གྲུབ་ནི། །མ་ལུས་ལུས་པ་མེད་པར་འགྲུབ། །དགའ་བའི་རྡོ་རྗེ་བཅིངས་ནས་ནི། །གུང་མོ་བཅིངས་པའི་ནང་དུ་གཞུག་།མཐེ་བོ་མཐེའུ་ཆུང་རྩེ་མོ་ཅན། །རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་བསྒྱུར། །འདི་ཡིས་སངས་རྒྱས་ཐམས་ཅད་ དང ། །དེ་བཞིན་དཔའ་བོ་ཐམས་ཅད་དང ། །རྡོ་རྗེ་འཛིན་པ་ཐམས་ཅད་ནི། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །དཔལ་བདེ་བ་ཆེན་པོ་རྡོ་རྗེའི་ཕྱག་རྒྱའོ། །དེ་ལས་གུང་མོ་ལྕགས་ཀྱུ་ནི། །བདག་གི་སྙིང་གར་སྦྱར་བར་བྱ། །འདི་ནི་ཐམས་ཅད་འགུགས་པའི་རྒྱ། །དེ་མ་ཐག་ ཏུ་ཕྱག་རྒྱ་འདིས། །སངས་རྒྱས་པདྨོ་རྡོ་རྗེ་འཛིན། །རྡོ་རྗེ་ཉི་མ་ཁམས་གསུམ་པ། །བཀུག་སྟེ་དབང་དུ་བྱས་ནས་ནི། །ལས་རྣམས་ཀུན་ལ་སྦྱོར་བར་བྱེད། །དཔལ་བདེ་བ་ཆེན་པོ་རྡོ་རྗེ་ལྕགས་ཀྱུ་ཞེས་བྱ་བའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་བྱས་ནས་ནི། །གུང་མོ་བཅིངས་པའི་ནང་ དུ་གཞུག་།མཐེའུ་ཆུང་མཐེ་བོ་རྩེ་མོ་ཅན། །རྡོ་རྗེའི་ཕྱག་རྒྱར་ཡོངས་བསྒྱུར་ན། །སངས་རྒྱས་བྱང་ཆུབ་སེམས་དཔར་ཡང ། །སྦྱོར་བ་འདི་ཡིས་མི་དཀའ་ན། །དངོས་གྲུབ་གཞན་དང་ལས་ཀྱི་མཆོག་།རབ་འབྱམ་གཞན་ལྟ་ཅི་ཞིག་སྨོས། །དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་དཔལ་རྡོ་རྗེའི་ཕྱག་རྒྱའོ། །རྡོ་རྗེའི་ཕྱག་རྒྱ་བཅིངས་པ་ལས། །སྦྱོར་ལྡན་ཐལ་མོ་ཁོང་སྟོང་སྦྱར། །ཁམས་གསུམ་དག་ནི་མ་ལུས་པ། །དེ་མ་ཐག་ཏུ་འབེབས་པར་བྱེད། །དཔལ་རྡོ་རྗེ་དབབ་པའི་ཕྱག་རྒྱའོ། །རྡོ་རྗེའི་ཕྱག་རྒྱ་བཅིངས་པ་ལས། །གུང་མོ་དེ་བཞིན་བཀུག་ནས་ ནི། །རྡོ་རྗེ་རྡོ་རྗེ་ཞེས་བརྗོད་དེ། །གུང་མོ་ནམ་མཁའི་རྡོ་རྗེ་མཆོག་།ཕྱག་རྒྱ་འདི་ཡིས་བཏབ་ན་ནི། །འདོད་པ་བཞིན་དུ་འགྲོ་འོང་ལྡིང ། །དཔལ་ལྡན་འདོད་པ་ཀུན་གྱི་བདག་།རྡོ་རྗེ་སེམས་དཔའ་རབ་ཏུ་འགྲུབ། །དཔལ་རྡོ་རྗེ་སྙིང་པོའི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་ལ་གནས་
77-1-182b
ཏེ། །མཐེ་བོའི་རྩེ་མོ་དེ་བཞིན་མཉམ། །མཛུབ་མོ་གཉིས་ཀྱི་རྩེ་མོ་དགུག་།རྡོ་རྗེའི་ཕྱག་རྒྱ་བཅིང་བར་བྱ། །ཕྱག་རྒྱ་འདི་ཡིས་རྣལ་འབྱོར་པ། །དག་པ་ཀུན་ལ་རབ་ཏུ་གནས། །བྱང་ཆུབ་སེམས་ནི་མཐའ་ཡས་མཆོག་།དངོས་གྲུབ་ཐམས་ཅད་རབ་ཏུ་འགྲུབ། །དཔལ་རྡོ་རྗེ་རབ་ཏུ་ གནས་པ་རྡོ་རྗེའི་ཕྱག་རྒྱའོ། །རྡོ་རྗེའི་པདྨོར་བྱས་པ་ལས། །གུང་མོ་བཅིངས་པའི་དབུས་ན་གནས། །མཐེའུ་ཆུང་མཉམ་པའི་རྩེ་མོ་མདེའུ། །རྡོ་རྗེ་མདའ་ནི་ཡོངས་སུ་འཕང ། །ཕྱག་རྒྱ་འདི་ཡིས་བཏབ་ན་ནི། །ཚངས་པ་ཉེ་དབང་དགའ་བྱེད་བཅས། །མཐུ་ཡིས་མྱུར་དུ་བརྒྱལ་བྱས་ནས། ། ཁམས་གསུམ་དག་ནི་སྒྲུབ་པར་བྱེད། །དཔལ་རྡོ་རྗེ་མདའི་ཕྱག་རྒྱའོ། །རྡོ་རྗེའི་ཕྱག་རྒྱ་ཡོངས་བཅིངས་ནས། །གུང་མོ་བཅིངས་པའི་ཕྱི་རོལ་གཞག་།རྡོ་རྗེ་སྣ་ཚོགས་དཔལ་གྱི་རྒྱ། །ལྡང་བ་ཐམས་ཅད་རབ་གྲུབ་པའོ། །རྡོ་རྗེའི་ཕྱག་རྒྱ་ཐམས་ཅད་ཤེས་པའོ། །ཱ་ལི་ཀཱ་ལི་མཉམ་ བྱས་ནས། །མཁའ་ཡི་ཐད་ཀར་བསྡུ་བར་བྱ། །དེ་ཡི་འོག་ཏུ་རི་མོ་རྣམས། །ཡི་གེ་ཐམས་ཅད་དགོད་པར་བྱ། །གུག་སྐྱེད་དག་གིས་ལྕུག་མར་བྱ། །ཡི་གེ་ར་ནི་མྱུ་གུར་བྱ། །ཀླད་ཀོར་ཟླ་བ་ཁམ་པ་དང ། །ཚེག་གཉིས་ཟླ་བ་གཉིས་སུ་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། ། ཕྱག་རྒྱ་མི་འགྱུར་དམ་པ་སྟེ། །སངས་རྒྱས་དཔལ་གྱི་རི་མོར་བཤད། །ཡི་གེ་དག་ཀྱང་མི་འགྱུར་མཆོག་།རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷའི། །བསྟོད་དང་བཅས་པའི་མཚན་བྲིས་ན། །སྡིག་པ་ཀུན་ལས་ཐར་བར་འགྱུར། །བསོད་ནམས་ཐམས་ཅད་རབ་ཏུ་འགྲུབ། །རྡོ་རྗེ་སེམས་ དཔའ་དཔལ་སྦྱོར་ཞེས། །རབ་ཏུ་ཆགས་པའི་མཚན་བྲིས་ན། །སྡུག་བསྔལ་ཀུན་ལས་ཐར་བར་འགྱུར། །བདེ་བ་ཐམས་ཅད་རབ་ཏུ་འགྲུབ། །ཆགས་ཆེན་གྲོལ་བ་དཔལ་ཞེས་བྱའི། །ཆགས་པའི་མཚན་དག་བྲིས་ན་ནི། །སྡིག་པ་ཀུན་ལས་ཐར་བར་འགྱུར། །གྲོལ་བ་ཀུན་ལ་རབ་ ཏུ་གནས། །སྙིང་རྗེ་དྲི་མེད་ཁྲོ་དཔལ་ཞེས། །བསྟོད་དང་བཅས་པའི་མཚན་བྲིས་ན། །སྡིག་པ་ཀུན་ལས་ཐར་བར་འགྱུར། །དངོས་གྲུབ་ཀུན་གྱི་མཆོག་ཀྱང་འགྲུབ། །པདྨོ་ཆགས་པ་དཔལ་དག་ཅེས། །ཆགས་པའི་མཚན་དག་བྲིས་ན་ནི། །སྡིག་པ་ཀུན་ལས་ཐར་བར་འགྱུར། །
77-1-183a
དག་པ་ཐམས་ཅད་རྣམ་པར་དག་།རྡོ་རྗེ་ཉི་མའི་དཔལ་མདངས་ཞེས། །བསྟོད་དང་བཅས་པའི་མཚན་བྲིས་ན། །སྡིག་པ་ཀུན་ལས་ཐར་བར་འགྱུར། །ལོངས་སྤྱོད་ཀུན་ལ་རབ་ཏུ་གནས། །རྟ་མཆོག་ཕ་རོལ་གནོན་དཔལ་ཞེས། །ཆགས་པའི་མཚན་དག་བྲིས་ན་ནི། ། སྡིག་པ་ཀུན་ལས་ཐར་བར་འགྱུར། །དབང་ཕྱུག་ཐམས་ཅད་རབ་ཏུ་འགྲུབ། །བརྗོད་པ་དག་ཀྱང་དེ་བཞིན་ཏེ། །ལས་ཀྱི་དངོས་གྲུབ་རབ་འབྱམ་དག་།མ་ལུས་པར་ནི་མྱུར་དུ་འགྲུབ། །ལྷག་པའི་ལྷ་ནི་གང་གང་གི། །སློབ་དཔོན་གང་དང་གང་ཡིན་པས། །དེ་དང་དེ་ཡི་མཚན་དག་ནི། ། དཔལ་གྱི་ཚིག་དང་ལྡན་པར་བརྗོད། །སློབ་མ་དཀྱིལ་འཁོར་བཙུད་ནས་ཀྱང ། །ཡོན་གྱི་མཆོག་དག་བླངས་ནས་ནི། །རྡོ་རྗེ་མིང་གི་དབང་བསྐུར་བས། །དེ་བཞིན་གཤེགས་པར་དེ་ལུང་བསྟན། །ཕྱག་རྒྱའི་སྦྱོར་བ་འདི་དག་གིས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །རྡོ་རྗེའི་མིང་དུ་རབ་ ཏུ་གནས། །དེ་ནས་སངས་རྒྱས་སུ་ཡང་འགྱུར། །བསྟོད་པ་དང་བཅས་པའི་མིང་གི་ཕྱག་རྒྱ་ཤེས་པའོ། །སྤྱི་བོར་ཉུག་པ་གང་ཡིན་པ། །ཕྱག་འཚལ་བར་ནི་སྟོན་པ་ཡིན། །དཔྲལ་བར་རེག་པར་བྱེད་པ་ནི། །ཕྱག་ལན་ཡིན་པར་ཤེས་པར་བྱ། །སྨིན་མ་བསྐུལ་བ་གང་ཡིན་པ། ། སངས་རྒྱས་ཐམས་ཅད་གནས་པའི་བརྡ། །གཡས་པས་ནམ་མཁར་འགྲོ་བ་འགྲུབ། །གཡོན་པ་རྣམ་པར་རྒྱལ་བ་ཡི། །རང་བྱུང་རྣམས་ཀྱི་བརྡ་ཡི་རྒྱ། །མིག་གཉིས་གཡོ་བར་འགྲུབ་པ་སྟེ། །གཡོན་པ་བུད་མེད་བཟང་མོ་ཡིན། །གཡས་པ་སྐྱེས་པ་བཟང་པོའོ། །རྣ་བ་དག་ལ་ རེག་པའི་བརྡ། །གཡས་གཡོན་གཉིས་ཀ་དེ་བཞིན་ཏེ། །གཡོན་པ་ལེགས་པར་བླངས་པའི་གླུ། །གཡས་པ་ལེགས་པར་སྨྲས་པའོ། །སྣ་ཡི་བུ་ག་གཉིས་ཀྱི་བརྡ། །སངས་རྒྱས་ཐམས་ཅད་གནས་པ་སྟེ། །གཡས་པ་བདག་ལ་བདུག་པ་སློང ། །གཡོན་པ་བདག་ལ་དྲི་སློང་ བའོ། །ལྕེ་ནི་ལྡག་པ་ལྟར་བྱེད་པ། །བརྡ་ཡི་ཕྱག་རྒྱར་གནས་པ་སྟེ། །གཡས་པ་ཤ་ཡི་ཕྱག་རྒྱ་ཡིན། །གཡོན་པ་ཆང་གི་ཕྱག་རྒྱ་ཡིན། །མཆེ་བ་གཡས་དང་གཡོན་པ་ཡི། །བར་དུ་མ་མཆུ་མནན་པ་ནི། །གཡོན་པ་བུད་མེད་རེག་ན་བདེ། །གཡས་པ་དེ་བཞིན་སྐྱེས་པའོ། །
77-1-183b
ལྐོག་མར་རེག་པའང་དེ་བཞིན་ཏེ། །བརྡ་ཡི་ཕྱག་རྒྱར་གནས་པ་སྟེ། །ཐེག་པ་ཆེན་པོ་བླ་མེད་པའི། །རྟོག་པ་ཐམས་ཅད་སྨྲ་བའི་མཆོག་།སྙིང་གར་གྱེན་དུ་འདྲེན་པ་ནི། །རང་བྱུང་ཕྱག་རྒྱའི་བརྡ་གྲུབ་པ། །རྡོ་རྗེ་ཐམས་ཅད་འདྲེན་པ་སྟེ། །འཁོར་བ་ཤིན་ཏུ་སྡུད་པའོ། །ལྟེ་བའི་དཀྱིལ་ དུ་རེག་པ་ནི། །བརྡ་ཡི་ཕྱག་རྒྱར་གནས་པ་སྟེ། །དབུ་མའི་ནན་ཏན་བསྒྲུབས་པ་ཡིས། །ཆོས་ཀྱི་འཁོར་ལོ་ཆེན་པོའི་དཀྱིལ། །རང་གི་དབང་པོ་བསྒྲེང་པ་ནི། །རང་བྱུང་རྣམས་ཀྱི་བརྡ་ཡི་རྒྱ། །དེ་ལས་དེ་བཞིན་བདེ་བ་ཡིས། །སངས་རྒྱས་ཐམས་ཅད་ཐོབ་པར་འགྱུར། ། ཕྲག་པ་གཉིས་ནི་ཀུན་བསྟོད་པ། །བརྡ་ཡི་ཕྱག་རྒྱར་གནས་པ་སྟེ། །གཡས་པ་འགུགས་པའི་ཕྱག་རྒྱ་ཡིན། །གཡོན་པ་སླད་དུ་གཏོང་བའོ། །དཔུང་པ་གཡས་གཡོན་གཉིས་ཀ་ཡིས། །བདག་ལ་ཤེས་རབ་འཁྱུད་པ་ཡི། །གཡས་པ་ཐམས་ཅད་འགྲུབ་པ་ཡིན། །གཡོན་ པ་དབང་ཕྱུག་ཐམས་ཅད་འགྲུབ། །ཁུ་ཚུར་གཡས་གཡོན་གཉིས་ཀ་ཡིས། །ཁུ་ཚུར་བཅངས་དང་དགྲོལ་བ་དག་།གཡས་པ་རྒྱས་འདེབས་ཕྱག་རྒྱ་ཡིན། །གཡོན་པ་མི་རྣམས་ཐོང་ཤིག་པའོ། །བརླ་གཉིས་རབ་ཏུ་བསྡམས་པ་ནི། །གཡས་དང་གཡོན་པ་དེ་བཞིན་ཏེ། ། གཡོན་པ་འདོད་ལ་རབ་ཏུ་བརྩོན། །གཡས་པ་ཆོས་ལ་བརྩོན་པའོ། །པུས་མོ་ལྷ་ངའི་བརྡ་དག་ཀྱང ། །གཡས་དང་གཡོན་པ་དེ་བཞིན་ཏེ། །གཡོན་པ་འདུད་པའི་ཕྱག་རྒྱ་སྟེ། །གཡས་པ་རབ་ཏུ་ཕྱག་འཚལ་བའོ། །པུས་མོ་གཡས་གཡོན་གཉིས་དག་གིས། །བརྡ་ཡི་ཕྱག་ རྒྱར་རབ་ཏུ་གནས། །གཡས་པ་བཅིང་བའི་ཕྱག་རྒྱ་སྟེ། །གཡོན་པ་ཐམས་ཅད་རྣམ་པར་དགྲོལ། །རྐང་པ་གཉིས་ཀྱིས་ས་གནོན་པ། །གཡས་དང་གཡོན་པ་དེ་བཞིན་ཏེ། །གཡོན་པ་ཐམས་ཅད་གནོད་པར་བྱེད། །གཡས་པ་ཐམས་ཅད་རབ་ཏུ་འཇོམས། །དངོས་གྲུབ་ ལས་དང་བདེ་བ་དག་།འདི་ཡིས་མི་འགྲུབ་གང་ཡང་མེད། །རང་དོན་ལས་རྣམས་རབ་གྲུབ་པ། །མ་ལུས་ལུས་པ་མེད་པར་འགྲུབ། །བརྡ་ཡི་ཕྱག་རྒྱ་ཤེས་པའོ། ། ཏི་བྷུ་ཞེས་བྱ་བའི་བརྡ། །འདི་ནི་ཕྱག་འཚལ་བ་ཞེས་པའོ། །པྲ་ཏི་ཨོཾདྷི་བྷུ་ཞེས་པ། །ཕྱག་ལན་ཡིན་
77-1-184a
པར་ཤེས་པར་བྱའོ། །སེམས་དཔའ་སྔོན་དང་མཐའ་མེད་པ། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་།སངས་རྒྱས་ཕྱག་རྒྱ་བདེ་བ་ཡིས། །ེ་མའོ་བདེ་བ་ཡིན་པར་བཤད། །ེ་མའོ་བདེ་བ་དཔལ་གྱི་མཚན། །རྡོ་རྗེ་སེམས་དཔའ་གང་བརྗོད་པ། །སྡིག་པ་ཀུན་ལས་ ཐར་བར་འགྱུར། །བདེ་བ་ཐམས་ཅད་རབ་ཏུ་འགྲུབ། །བདེ་མཆོག་ཨེ་མའོ་བདེ་བ་དང ། །སྒྲོན་མ་དེ་བཞིན་ཤི་ཤི་དག་།རྒྱས་འདེབས་མ་དང་རྨོངས་བྱེད་དང ། །ཟ་བ་མོ་དང་ཚེ་འཕེལ་མ། །སངས་རྒྱས་བྱང་ཆུབ་ཆོས་འཁོར་ལོ། །དེ་བཞིན་ཁམས་གསུམ་རྣམ་པར་རྒྱལ། ། འདོད་པའི་ལྕུག་མ་ཐམས་ཅད་ཀྱང ། །ཕྱག་རྒྱ་བརྡ་ཡི་ཕྱག་རྒྱའོ། །རྟ་དང་རྡོ་རྗེའི་ཞལ་དག་དང ། །དེ་བཞིན་རྡོ་རྗེ་སྣང་བ་དང ། །ཐལ་བར་རློག་པའི་རོ་ལངས་མ། །སངས་རྒྱས་ཀུན་གྱི་བརྡ་ཡིན་ནོ། །གླིང་བུ་དང་ནི་རྒྱུད་རྣམས་དང ། །དེ་བཞིན་དུ་ནི་རྒྱུད་གཅིག་དང ། །སྟུག་ པོ་དང་ནི་རྫ་རྔ་དག་།སངས་རྒྱས་བརྡ་ཡི་ཕྱག་རྒྱའོ། །མེ་ཏོག་མཆོད་དང་བདུག་པའི་མཆོད། །དེ་བཞིན་མར་མེའི་མཆོད་པ་དང ། །སྦོས་ཡི་མཆོད་པ་གླ་རྩི་དག་།ལོངས་སྤྱོད་ཕྱག་རྒྱའི་བརྡ་ཡིན་ནོ། །དེ་ལ་སོགས་པ་མཐའ་ཡས་མཆོག་།ཆོས་དབྱིངས་མཉམ་དང་མི་མཉམ་ པ། །ནམ་མཁའི་དབྱིངས་ཀྱི་མཐའ་ཀླས་པའི། །ལྷ་མོ་ཀུན་གྱི་བརྡ་ཡིན་ནོ། །སྨིན་མ་བསྐྱོད་པ་མདའ་བཞི་ཡིན། །བྷ་ག་ལིང་ག་ཨེ་མའོ་བདེ། །ཐོད་པ་པདྨ་ཡིན་པར་བཤད། །ཁ་ཊྭཱཾ་ག་ཡང་རྒྱལ་མཚན་ཆེ། །སངས་རྒྱས་ཕྱག་རྒྱ་པདྨར་གནས། །བདེ་བ་ཀུན་གྱི་ བདུད་རྩི་ཡིན། །སངས་རྒྱས་བརྡ་ཡི་ཕྱག་རྒྱ་ཡིས། །ཤི་ཤི་སངས་རྒྱས་ཀུན་ཏུ་བཤད། །དཀྱིལ་འཁོར་ལ་ནི་འཁོར་ལོར་བཤད། །དེ་ཉིད་དམ་ཚིག་ཡིན་པར་བཤད། །ལྷ་རྣམས་ཐམས་ཅད་ཚོགས་པས་ན། །སྐྱེ་བོ་དམ་པ་ཀུན་ཚོགས་པ། །ཚོགས་ཀྱི་འཁོར་ལོ་དམ་པ་ནི། ། མཛའ་བ་ཐམས་ཅད་འདུས་པ་སྟེ། །སངས་རྒྱས་ཀུན་གྱི་བརྡ་དག་གིས། །དེ་བཞིན་མཛའ་བར་འདུས་པར་གསུངས། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བས། །དཀྱིལ་འཁོར་ཐམས་ཅད་ཡིན་པར་བཤད། །ལྷ་མོ་ཐམས་ཅད་ཀུན་འདུས་པས། །ཐམས་ཅད་སྣ་ཚོགས་སྐལ་བ་བཟང ། །
77-1-184b
རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །སངས་རྒྱས་ཀུན་ཏུ་བདག་སྦྱོར་བས། །རྣམ་པ་ཀུན་མཁྱེན་ཤེས་པའི་ཕྱིར། །ཀུན་གྱི་སློབ་དཔོན་ཡིན་པར་བཤད། །ཀུན་གྱི་སློབ་དཔོན་རབ་གནས་པ། །ལྷ་མོ་ཐམས་ཅད་འདུས་པས་ན། །སངས་རྒྱས་ཀུན་གྱི་མཆོག་དག་གིས། །ཀུན་ཏུ་ སྣ་ཚོགས་སྐལ་བཟང་པོའོ། །དེ་ཡི་སློབ་མ་གྲུབ་པ་ནི། །གྲུབ་པའི་རྗེས་སུ་གྲུབ་པས་ན། །སངས་རྒྱས་བརྡ་ཡི་གསང་བ་ཡིས། །རྒྱལ་མཚན་ཡིན་པར་རྣམ་པར་བཤད། །དེ་ལས་གཞན་པའི་སློབ་མ་ཀུན། །མཆོག་དང་འབྲིང་དང་ཐ་མའི་རྣམས། །སངས་རྒྱས་ཀུན་གྱི་བརྡ་ དག་གིས། །བྱང་ཆུབ་སེམས་དཔའ་ཡིན་པར་བཤད། །སངས་རྒྱས་ཐམས་ཅད་རིན་ཆེན་མཆོག་།དབུ་རྒྱན་མི་འགྱུར་དམ་པ་ཡིན། །སངས་རྒྱས་ཀུན་གྱི་རྒྱལ་སྲིད་མཆོག་།ཡིན་པར་རང་བྱུང་རྣམས་ཀྱིས་གསུངས། །ཐོད་པའི་ཕྲེང་བའི་དབུ་རྒྱན་དང ། །སངས་རྒྱས་གཙུག་ གི་ནོར་བུ་དག་།སངས་རྒྱས་བརྡ་ཡི་ཕྱག་རྒྱ་ཡིས། །དཔལ་གྱི་པདྨའི་ཚུལ་དུ་བཤད། །སངས་རྒྱས་རང་བཞིན་གྲུབ་གཅིག་དང ། །དེ་བཞིན་པདྨའི་རང་བཞིན་གཅིག་།ཐམས་ཅད་དབང་བསྐུར་དབང་བསྐུར་ཆེ། །ཡིན་པར་དོན་ཀུན་གྲུབ་པས་གསུངས། །ཡོན་གྱི་དམ་ པ་གྲུབ་པ་ནི། །ནོར་གྱི་དབྱིག་ཏུ་བཤད་པ་སྟེ། །སྙིང་ཡང་ནོར་གྱི་མཆོག་ཡིན་པར། །སངས་རྒྱས་བརྡ་ཡི་ཕྱག་རྒྱར་བཤད། །ག་པུར་ཙནྡན་དམར་པོ་དང ། །སྦྱར་བ་ཁྲག་ཆེན་ཡིན་པར་བཤད། །ཚོགས་ཀྱི་དབུས་སུ་བཞག་པ་དཔལ། །ཐམས་ཅད་ལྡང་བའི་ར་ས་ ཡིན། །བག་ཟན་ལས་ནི་བྱས་པའི་ཕྱུགས། །ཙནྡན་དམར་པོས་བསྐུས་པ་དང ། །བག་ཕྱེའི་ཟན་ལས་བྱས་པའི་ཤ། །རྒྱལ་པོའི་ཟན་ཞེས་གང་བཤད་པའོ། །དེ་ནས་གྲུབ་པའི་མནའ་བསྒག་པ། །དམ་ཚིག་ཅེས་པར་གནས་པའོ། །བདེ་མཆོག་བདེ་མཆོག་ཅེས་གསུངས་ པ། །སངས་རྒྱས་བདེ་མཆོག་ཐམས་ཅད་ཀྱིས། །ཕྱག་རྒྱའི་བདེ་བ་མཆོག་ཏུ་གསུངས། །དེ་བཞིན་ཨེ་མའོ་བདེ་བ་དང ། །སྣང་བ་ཤེས་པའང་རབ་ཏུ་གནས། །ཤི་ཤི་སྲིད་པའང་སྲིད་པའོ། །དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང ། །འདའ་བར་བྱ་བའང་མ་
77-1-185a
ཡིན་པས། །སངས་རྒྱས་བརྡ་ཡི་ཕྱག་རྒྱ་ཡིས། །ཕྱག་རྒྱ་དམ་ཚིག་ཡིན་པར་བཤད། །ཕྱག་རྒྱའང་སྦྱོར་བ་ཡིན་པར་བཤད། །སྦྱོར་བའང་ཕྱག་རྒྱ་ཡིན་པར་བཤད། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །སྦྱོར་བ་ཐམས་ཅད་ཡིན་པར་བཤད། །ང་ནི་སྣ་ཚོགས་ དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །སངས་རྒྱས་བརྡ་ཡི་ཕྱག་རྒྱ་ཡིས། །སྦྱོར་བ་ཐམས་ཅད་ཡིན་པར་བཤད། །དེ་ཡི་ཉེ་བའི་ལོངས་སྤྱོད་ནི། །ཁམས་གསུམ་ཐམས་ཅད་མ་ལུས་པའོ། །དེ་ཡི་གཟུགས་དང་སྒྲ་དང་དྲི། །རོ་དང་རེག་པ་བདེ་མྱོས་པའོ། ། གཟུགས་ནི་རི་མོ་ཡིན་པར་གསུངས། །སྒྲ་ནི་གླུ་ཡིན་ཞེས་བཤད་དོ། །དྲི་ནི་རབ་ཏུ་ཚིམ་པར་གསུངས། །རོ་ནི་ར་ས་ཡ་ན་ཡིན། །རེག་པ་བདེ་བ་ཡིན་པར་བཤད། །རབ་ཏུ་རེག་པ་དགའ་བའི་བདེ། །སངས་རྒྱས་བརྡ་ཡི་ཕྱག་རྒྱ་ཡིས། །ཆོས་ནི་སྦྱོར་བ་ཡིན་པར་བཤད། ། སྦྱོར་བའི་ལོངས་སྤྱོད་ཐམས་ཅད་ཀྱིས། །ཇི་ལྟར་བདེ་བར་སྟེན་བྱེད་ཅིང ། །བདག་གི་ལྷག་པའི་ལྷར་སྦྱར་བ། །རང་གི་མཆོད་པའི་དམ་ཚིག་ཡིན། །རྗེས་སུ་སྦྱོར་བས་མཆོད་ན་ནི། །སྦྱོར་བ་ཀུན་གྱི་བདེ་བའི་མཆོག་།སངས་རྒྱས་བརྡ་ཡི་ཕྱག་རྒྱ་ཡིས། །བདེ་བ་ ཆེན་པོ་ཡིན་པར་བཤད། །ལྷ་མོ་ཀུན་དང་མཉམ་སྦྱོར་བ། །སངས་རྒྱས་ཐམས་ཅད་འདུས་པའོ། །ཡེ་ཤེས་ཙམ་ལ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །སངས་རྒྱས་བརྡ་ཡི་ཕྱག་རྒྱ་ཡིས། །ཏིང་འཛིན་རབ་ཏུ་སྦྱོར་བའང་བཤད། །ལྷ་མོ་ཀུན་དང་མཉམ་ སྦྱོར་བ། །སངས་རྒྱས་ཐམས་ཅད་འདུས་པའོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །སངས་རྒྱས་ཀུན་གྱིས་བྱིན་བརླབ་བོ། །དགའ་བར་སྤྱོད་པ་གྲུབ་པར་བཤད། །རྗེས་སུ་སྦྱོར་བ་རྗེས་སུ་གྲུབ། །སྐྱེས་པ་ལྟར་བྱེད་དགའ་སྤྱོད་པ། །སླར་ཡང་རྗེས་སུ་གྲུབ་པར་མཛད། ། ལྷ་མོ་ཀུན་ལ་བདེ་འཇུག་པ། །སྦྱོར་བ་ཀུན་ལ་མོས་པ་ནི། །ཀུན་ཏུ་སངས་རྒྱས་ཀུན་གྱི་བདག་།ར་ས་ཡ་ན་བདེ་བར་བཤད། །ཐམས་ཅད་ལྡང་བ་ཀུན་འགྲོ་བ། །དངོས་གྲུབ་དམ་པར་རབ་ཏུ་བཤད། །དངོས་གྲུབ་ཆེན་པོ་ལྡང་བ་ཆེར། །སངས་རྒྱས་བརྡ་ཡི་ཕྱག་རྒྱར་བཤད། །དངོས་
77-1-185b
གྲུབ་ཆེན་པོ་ཀུན་གྱི་མཆོག་།དབང་ཕྱུག་ཆེན་པོ་བླ་ན་མེད། །སངས་རྒྱས་དམ་པ་ཀུན་གྱི་མཆོག་།སངས་རྒྱས་ཀུན་གྱི་བརྡ་ཡིས་བཤད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་།དབང་ཕྱུག་ཆེན་པོ་བདེ་བའི་མཆོག་།སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །སྦྱོར་བའི་དབང་ཕྱུག་བདེ་ ཆེན་པོ། །ཁྲག་ནི་མེ་ཏོག་ཡིན་པར་བཤད། །མདངས་ནི་བདུག་པ་ཡིན་པར་བཤད། །ཤ་ཆེན་དག་ནི་མར་མེ་སྟེ། །ཐལ་མོ་དག་ནི་སྤོས་སུ་བཤད། །ཆང་ནི་སྒེག་མོ་ཡིན་པར་བཤད། །རབ་ཏུ་མྱོས་པ་སྦྲང་རྩིའོ། །བུ་རམ་ཆང་ནི་མྱོས་བྱེད་གསུངས། །རྒུན་ཆང་དག་ནི་བདུད་ རྩི་ཡིན། །བདུད་རྩི་ལམ་གྱི་ཡན་ལག་བརྒྱད། །སངས་རྒྱས་ཀུན་གྱི་བརྡ་ཡིན་ནོ། །རྒུན་དང་སྦྲང་རྩི་མཆོག་ཏུ་དཔའ། །ཚཝ་ནི་འདོད་ཆགས་སྲ་བ་ཡིན། །སྐྱུར་པོའི་ཁུ་བ་གཡོན་ཅན་ཡིན། །ཀམྦྷི་ལ་ནི་བྲན་མོར་བཤད། །ཆུར་བ་ཟླ་བ་ཉ་བ་ཡིན། །ཤ་ནི་སྨན་གྱི་མཆོག་ ཡིན་ཏེ། །དབང་ཕྱུག་དམ་པ་ཀུན་གྱི་མཆོག་།སངས་རྒྱས་ཀུན་གྱི་བརྡ་ཡིས་བཤད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་།ཆང་ནི་ར་ས་ཡ་ནར་བཤད། །ཟས་ནི་ཚེ་ཞེས་བྱ་བར་བཤད། །བཟའ་བ་སྣ་ཚོགས་གྲུབ་པ་ནི། །ཤ་དང་ཆང་དུ་ལྡན་པ་དག་།དགའ་བའི་ལོངས་ སྤྱོད་སྐལ་བཟང་པོ། །ཚེ་ཡི་དམ་པ་ཡིན་པར་བཤད། ། མྲ་རྒུན་འབྲུམ་པ་ན་ས། །ན་ལི་ཀེ་ར་ཨ་རུ་ཀ་།འབྲས་བུ་ཆེན་པོའི་ཁྱད་པར་དག་།བདུད་རྩིའི་འབྲས་བུ་ཡིན་པར་བཤད། ། མྲ་སྨིན་པ་གྲོལ་བར་བཤད། །དེ་བཞིན་བདེ་བར་ཉལ་བ་དང ། །བདེ་བས་རབ་ ཏུ་རྨོངས་པ་དག་།སངས་རྒྱས་ཀུན་གྱི་བརྡ་ཡིན་ནོ། །འབྲས་བུ་ཆེན་པོ་པ་ན་ས། །རྒུན་འབྲུའི་ཁུ་བ་ཁུ་བའི་མཆོག་།ན་ལི་ཀེ་རའི་དངོས་གྲུབ་ཆེ། །དམ་ཆོས་འབྲས་བུ་ཨ་རུ་ཀ་།གླུ་ཡི་ཚིག་ཏུ་བརྗོད་པར་བཤད། །དར་དིར་དག་ནི་སིལ་སྙན་ཡིན། །སངས་ རྒྱས་བརྡ་ཡི་ཕྱག་རྒྱ་ཡིས། །གར་ནི་རྣམ་པར་རོལ་པར་བཤད། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བའི། །གླུ་དང་སིལ་སྙན་གར་བྱེད་པ། །བརྡ་ཡི་དམ་པར་བཤད་པ་ནི། །སངས་རྒྱས་ཀུན་གྱི་རྣམ་སྤྲུལ་པའོ། །རབ་ཏུ་ཞི་བའི་སིལ་སྙན་གླུ། །དུར་ཁྲོད་གླུ་དང་སིལ་སྙན་
77-1-186a
དང ། །གར་ནི་ཤིན་ཏུ་རྣམ་སྤྲུལ་པའོ། །ཆགས་བཅས་གླུ་དང་སིལ་སྙན་དང ། །གར་ནི་ཤིན་ཏུ་རྣམ་སྤྲུལ་པའོ། །མི་ཡི་དབང་པོའི་སིལ་སྙན་གླུ། །གར་ནི་ཤིན་ཏུ་རྣམ་སྤྲུལ་པའོ། །རབ་ཏུ་དགའ་བའི་སིལ་སྙན་གླུ། །རང་གི་རྩལ་གྱི་གར་བྱས་པ། །རྟ་མཆོག་ རྣམ་པར་སྤྲུལ་པ་ནི། །བརྡ་ཡི་དམ་པ་རབ་ཏུ་བཤད། །ཌཱི་ཞེས་བྱ་བ་མཁའ་འགྲོ་ཡི། །ཁམས་གསུམ་འདིར་ནི་རྣམ་པར་བརྟགས། །ནམ་མཁར་འགྲོ་བའི་ཕྱག་རྒྱ་དག་།མཁའ་འགྲོ་ཞེས་ནི་རབ་ཏུ་གྲགས། །ཀུན་ཏུ་སྣ་ཚོགས་ཕྱག་རྒྱ་ནི། །ཐམས་ཅད་ནམ་མཁའ་འགྲོ་ བ་སྟེ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །སྒྱུ་མའི་གར་དབང་གྲུབ་པ་ནི། ། ར་ལི་ཞེས་མིང་དུ་བཏགས། །མཁའ་འགྲོ་མ་ཡང་ཨ་ར་ལི། །སངས་རྒྱས་བརྡ་ཡི་ཕྱག་རྒྱའོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། ། སྒྱུ་མ་ཀུན་གྱི་གར་བྱེད་པ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་མ་ཡི་དམ་ཚིག་མཆོག་།བཅོམ་ལྡན་རྡོ་རྗེ་སེམས་དཔའ་དཔལ། །རྡོ་རྗེ་ཨ་ར་ལི་ཞེས་བཤད། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་། སེམས་དཔའ་སྔོན་དང་མཐའ་མེད་པ། །རྡོ་རྗེ་སེམས་དཔའ་དགའ་བའི་མཆོག་།སངས་རྒྱས་བརྡ་ཡི་ཕྱག་རྒྱ་ཡིས། །དེ་ནི་སྐལ་བ་བཟང་པོར་བཤད། །གང་ཞིག་རྡོ་རྗེ་སེམས་དཔའི་མཚན། །སྐལ་བ་བཟང་པོ་ཞེས་བརྗོད་ན། །ཤིན་ཏུ་སྲིད་པ་ཀུན་འགྲུབ་ཅིང ། །དེ་ནི་དབང་ ཕྱུག་ཆེན་པོ་འགྲུབ། །ཊཀྐི་འདོད་པ་ཡིན་པར་བཤད། །དགའ་བ་ཀི་ལི་ཀི་ལ་ཡིན། །བྱམས་པ་ཆུ་སྲིན་ཡིན་པར་བཤད། །འདོད་པའི་དབང་པོ་དབང་ཕྱུག་མཆོག་།རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག་།དམ་ཚིག་གསུམ་གྱི་དམ་པ་ཡིན། ཨོཾ་དང་བྷུ་ཁཾ་ཀུན་བཤད་པ། །སངས་ རྒྱས་བརྡ་ཡི་ཕྱག་རྒྱ་ཡིན། །དྲངས་ཏེ་བཅུག་ནས་བཅིངས་པ་དང ། །ཞུགས་ནས་དབང་དུ་གྱུར་པ་ནི། །ཛཿ ཧཱུཾ་བཾ་ཧོཿ བཤད་པ་སྟེ། །སངས་རྒྱས་ཀུན་གྱི་བརྡ་ཡིན་ནོ། །ེ་ཧི་ཡ་ཧི་ཞེས་བཤད་པ། །ཚུར་སྤྱོན་ཕར་བཞུད་ཅེས་བསྒྲགས་པའོ། །ཏི་ཧ་ཧ་ཞེས་གསུངས་པ་ནི། །
77-1-186b
ལོངས་ལ་དྲོངས་ཤིག་དྲོངས་ཤིག་པའོ། །ཁ་ཁ་ཁཱ་ཧི་ཟོ་ཤིག་པའོ། ། པི་ཞེས་པ་འཐུང་ཞིག་པའོ། །ད་ར་ད་ར་བྱིན་ཞེས་པའོ། །རུ་ཏ་མ་ཏ་རོལ་ཅིག་པའོ། །ཧུ་ལུ་ཧུ་ལུ་ཞུགས་ཤིག་པའོ། ། ར་ར་རར་སྐུལ་ཅིག་པའོ། །ེ་མའོ་བདེ་མཆོག་ངོ་མཚར་ནི། ། ལ་ལ་ ཧོ་ཞེས་བཤད་པའོ། །བདེ་མཆོག་རྒྱས་འདེབས་ཕྱག་རྒྱ་ཡིན། །ེ་མའོ་བདེ་བ་རྨོངས་བྱེད་མའོ། །སྣང་བ་ཞེས་པ་ཟ་བ་མོ། །ཧཱུཾ་ཤི་ཤི་ནི་ཚེ་འཕེལ་མའོ། །ཤིན་ཏུ་བརྟན་དང་རབ་ཏུ་བརྟན། །ཀུན་ཏུ་བརྟན་དང་ཆེར་བརྟན་པ། །སངས་རྒྱས་རྡོ་རྗེ་འཛིན་པ་དང ། །འཇིག་རྟེན་ དབང་དང་མཁའ་ལས་སྐྱེས། །ཤེས་འགྱུར་དག་འགྱུར་གྲུབ་པར་འགྱུར། །ཞུགས་ལ་དབང་དུ་འགྱུར་བར་མཛོད། །ོཾ་ཨོཾ་ཨ་ཨ་ཀུན་བཤད་པ། །སངས་རྒྱས་བརྡ་ཡི་ཕྱག་རྒྱ་ཡིན། །ཐམས་ཅད་མཁྱེན་པར་གྱུར་པ་དང ། །དེ་བཞིན་བདེ་བར་མཁྱེན་པ་ནི། །\ུ0f00་སརྦ་ བིད་ཅེས་བཤད་པ་སྟེ། །སངས་རྒྱས་བརྡ་ཡི་ཕྱག་རྒྱ་ཡིན། །ོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིད་དྷ་ལོ་ཙ་ནི་སརྦྦ་ཨརྦྦ་སཱ་དྷ་ནི་སཝཱ་ཧཱ། འཁོར་ལོ་དངོས་གྲུབ་མཁྱེན་པ་དང ། །དོན་དམ་ཉེ་བར་ཞི་བའི་ཕྱིར། །སངས་རྒྱས་རང་བྱུང་བཅོམ་ལྡན་འདས། །རྣམ་སྣང་མཛད་ཆེན་གཙོ་བོ་ནི། ། སངས་རྒྱས་བརྡ་ཡི་ཕྱག་རྒྱ་ཡིན། །སྐལ་བ་བཟང་པོ་ཞེས་བཤད་པའོ། །ཀོ་ཊ་ཀྵ། ཀོ་ཊ་བ། ཀོ་ཊ་བཤྩ། ཀོ་ཊཱ་རི་ཀ་་།ཀོ་ལ་གཀྵ། ཀོ་ལ་བ། ཀོ་ལ། ཀོ་ལ་བཤྩ། །ཀོ་ལ་བྷ་སྟ་ཐཱ། ཕྱག་ན་རྡོ་རྗེ་རང་དོན་གྱི། །མཚན་འདི་རྣམས་ནི་གང་བརྗོད་པ། །དེ་ལ་རྒྱལ་པོ་རྡོ་རྗེ་འཛིན། ། བྲན་བཞིན་དངོས་གྲུབ་སྟེར་བར་འགྱུར། །རྒྱལ་སྲིད་དང་ནི་ལོངས་སྤྱོད་དང ། །གཏེར་གྱི་རྣམས་ཀྱང་ལྷག་པར་སྟེར། །དགོས་པ་ཐམས་ཅད་བྱེད་པར་འགྱུར། །དེ་བཞིན་དགྲ་ཡང་མེད་པར་བྱེད། །མིག་དང་རྣ་བ་སྣ་དག་དང ། །ལྕེ་དང་ལུས་ཀྱང་དེ་བཞིན་ཏེ། །གཟུགས་དང་ སྒྲ་དང་དྲི་དག་དང ། །རོ་དང་རེག་ཀྱང་བདག་གི་དོན། །རྡོ་རྗེ་མཚོན་ཆ་བེ་དི་དང ། །དགྲ་བོ་དག་ཏུ་རབ་གྲགས་པ། །དེ་ཡིས་ཕྱག་ན་རྡོ་རྗེར་འགྱུར། །ལག་ན་རྡོ་རྗེ་ཞེས་ཀྱང་བྱ། །ཉོན་མོངས་ཐམས་ཅད་གང་ཟད་དང ། །དགྲ་རྣམས་ཀྱང་ནི་གང་ཟད་པ། །ཕྱག་ན་རྡོ་རྗེས་
77-1-187a
འདུལ་བའི་ཕྱིར། །དེ་ནི་ཡཀྵ་ཡིན་པར་བཤད། །ཧེ་རུ་དཔལ་ནི་རྡོ་རྗེ་ཆེ། །ཐལ་བར་འཇིག་པའི་མཆོག་ཡིན་ཏེ། །སངས་རྒྱས་ཀུན་གྱི་ཁྲོ་བོ་ཆེ། །བརྡ་ཡིས་རབ་ཏུ་བཤད་པ་ཡིན། །རྡོ་རྗེ་འབར་བ་རབ་ཏུ་འཇིགས། །ཁ་ཊྭཱཾ་ག་ནི་རྒྱལ་མཚན་ཆེ། །ཐོད་པ་ ཁམ་ཕོར་པདྨའི་སྣོད། །ཁྲག་ཆེན་དང་ནི་སྦྲང་རྩི་ཆེ། །དཀར་མོ་རྐུ་བྱེད་རབ་རྨོངས་དང ། །རོ་ལངས་དང་ནི་སྦོས་བྱེད་དང ། །གཏུམ་མོ་དང་ནི་སྨེ་མ་དང ། །ལྷ་མོ་བདུན་ནི་བརྡ་ཡིན་ནོ། །སྲུངས་ཤིག་མྱུར་དུ་རྣམ་རྒྱལ་དཔལ། །ཐལ་བ་བཞིན་དུ་རབ་ཏུ་ལྷོགས། །ཧཾ་ཧཾ་ཧྲི་ཧཱུཾ་ཀུན་ བཤད་པ། །སངས་རྒྱས་བརྡ་ཡི་ཕྱག་རྒྱ་ཡིན། །རོལ་ཅིག་དགོངས་ཤིག་དེ་བཞིན་དུ། །རོལ་དུ་ཆུག་ཅིག་གསོད་དུ་ཆུག་།མཱར་ཊ་ཕཊ་ཕཊ་ཅེས་བཤད་པ། །སངས་རྒྱས་ཀུན་གྱི་བརྡ་ཡིན་ཏེ། །རྒྱལ་པོ་ཆེན་པོ་རྡོ་རྗེ་འཛིན། །དབང་ཕྱུག་དམ་པའི་རིག་པ་ནི། །སངས་ རྒྱས་བརྡ་ཡི་ཕྱག་རྒྱ་ཡིས། །སྐལ་བ་བཟང་པོ་ཡིན་པར་བཤད། །རྒྱལ་པོ་སྤྱན་རས་གཟིགས་དབང་ཕྱུག་།འཇིག་རྟེན་དབང་ཕྱུག་ཅེས་བཤད་དེ། །སངས་རྒྱས་ཀུན་གྱི་བརྡ་དག་གིས། །དེ་ཡང་སྐལ་བ་བཟང་ཞེས་བཤད། །དག་དང་གྲུབ་དང་དེ་བཞིན་བློ། །རྫུ་འཕྲུལ་ འཕེལ་དང་འབྱོར་པ་དང ། །རྣམ་པར་ལྟ་དང་སྒྲོལ་མ་དང ། །རྒྱ་ཆེན་མ་དང་ཁྲོ་གཉེར་མ། །པདྨར་གནས་ཞེས་བྱ་བ་དང ། །རྡོ་རྗེ་པདྨའི་དབང་ཕྱུག་མ། །པདྨ་ལྷ་མོ་རིགས་ཆེན་ཏེ། །སངས་རྒྱས་བརྡ་ཡི་ཕྱག་རྒྱས་བཤད། །ནམ་མཁའི་སྙིང་པོ་ཐམས་ཅད་ཕྱོགས། །རེ་བ་ ཐམས་ཅད་རྫོགས་མཛད་པ། །སྐལ་བ་བཟང་ཞེས་རྣམ་པར་གྲགས། །རྡོ་རྗེ་ཉི་མ་ནོར་བུ་ཆེ། །ཊྭཱཾ་དང་བ་བ་ཊ་ཊ་དང ། །ཏྲ་ཊ་ཏྲ་ཊ་ཀུན་གྲགས་པ། །སངས་རྒྱས་ཀུན་གྱི་བརྡ་ཡིན་ཏེ། །དབང་བསྐུར་བ་དང་གཏེར་དག་དང ། །རྒྱལ་མཚན་རྩེ་མོ་མཆོད་ཆེན་པོ། །སྣ་ཚོགས་ པདྨ་ཐམས་ཅད་སྤྱན། །དེ་བཞིན་འཇིག་རྟེན་ཐམས་ཅད་པ། །བྱང་ཆུབ་ཀུན་གྱི་སེམས་ཆེན་པོ། །སྣ་ཚོགས་རྡོ་རྗེ་བླ་ན་མེད། །ཐམས་ཅད་དག་པར་མོས་པ་ཡིས། །འཇིག་རྟེན་ཐམས་ཅད་རབ་འཇིགས་པ། །རྟ་མཆོག་པདྨ་དཔལ་དང་ལྡན། །སྐལ་བ་བཟང་ཞེས་བརྡ་
77-1-187b
ཡིས་བསྟན། །བརྡ་ཡི་ཕྱག་རྒྱ་འདི་རྣམས་ཀྱིས། །དཀྱིལ་འཁོར་སྦྱོར་བས་ངེས་པ་ནི། །གྲོགས་པོ་མཁས་པར་བཅས་པ་ཡིས། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །བརྡ་ཡི་ཕྱག་རྒྱ་ཤེས་པའོ། །རྗེས་སུ་ཆགས་པར་བྱའོ་ཞེས། །ཆ་ལུགས་ཤེས་པ་བཞིན་ བྱེད་ཅིང ། །དངོས་གྲུབ་ཀུན་ལ་རྗེས་ཆགས་པ། །མི་འགྱུར་དམ་པ་འགྲུབ་པར་འགྱུར། །ཀུན་ཏུ་ཀུན་ནས་ཐམས་ཅད་ནི། །བདག་ཉིད་རྟག་ཏུ་རྣམ་པ་ཀུན། །ལས་ཀྱི་དངོས་གྲུབ་རབ་འབྱམ་དག་།མ་ལུས་པར་ནི་མྱུར་དུ་འགྲུབ། །རྗེས་སུ་ཆུད་པར་བྱའོ་ཞེས། །ཆ་ལུགས་ ཤེས་པ་བཞིན་བྱེད་པས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མཆོག་།ཆོ་འཕྲུལ་དག་ནི་སྟོན་པར་བྱེད། །རྗེས་སུ་ཆུད་པར་བྱའོ་ཞེས། །ཆ་ལུགས་ཤེས་པ་བཞིན་བྱེད་པས། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་།མ་ལུས་ལུས་པ་མེད་པར་འགྲུབ། །རྗེས་སུ་སྦྱང་བར་བྱའོ་ཞེས། ། ཆ་ལུགས་ཤེས་པ་བཞིན་བྱེད་པས། །སྒྲིབ་སྦྱང་ཐམས་ཅད་དངོས་གྲུབ་རྣམས། །མ་ལུས་ལུས་པ་མེད་པར་འགྲུབ། །རྗེས་སུ་ཡི་རང་བྱའོ་ཞེས། །ཆ་ལུགས་ཤེས་པ་བཞིན་བྱེད་པས། །བུད་མེད་ལ་སོགས་རིན་ཆེན་མཆོག་།མཆོད་པའི་ལས་ཀུན་མྱུར་དུ་འགྲུབ། །རྗེས་ སུ་གཞོམ་པར་བྱའོ་ཞེས། །ཆ་ལུགས་ཤེས་པ་བཞིན་བྱེད་པས། །རྟུལ་ཕོད་ལས་རྣམས་ཐམས་ཅད་ནི། །མ་ལུས་ལུས་པ་མེད་པར་འགྲུབ། །ཡེ་ཤེས་ཀྱི་ཕྱག་རྒྱ་ཤེས་པའོ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །དབྱིབས་དང་གཟུགས་ནི་ཅི་འདྲར་ལྡན། །ཐམས་ཅད་ བདག་ཉིད་རྒྱར་སྦྱོར་བས། །མི་འགྱུར་དམ་པ་འགྲུབ་པར་འགྱུར། །ཀུན་ཏུ་ཀུན་ནས་ཐམས་ཅད་ནི། །བདག་ཉིད་རྟག་ཏུ་རྣམ་པ་ཀུན། །པྲ་སེ་ན་ཡི་དངོས་གྲུབ་མཆོག་།མ་ལུས་ལུས་པ་མེད་པར་འགྲུབ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་ མཆོག་གིས། །ཡང་དག་བདེན་པ་ཚུལ་བཞིན་དུ། །མཐོང་བ་དང་ནི་ཐོས་པར་བྱེད། །ས་ཆུ་མེ་རླུང་ནམ་མཁའ་དང ། །ཁམས་རྣམས་ཀུན་ནི་ཐམས་ཅད་ལས། །ཐམས་ཅད་མཐོང་ཞིང་ཐོས་པར་བྱེད། །རྣམ་པར་ཤེས་པ་ཀུན་འགྲུབ་ཅིང ། །ཀུན་ཏུ་ཐམས་ཅད་ཀུན་གྱི་བདག་།
77-1-188a
འདོད་པའི་ཡོན་ཏན་ཐམས་ཅད་དང ། །རྣམ་པར་ཤེས་པའི་ལས་ཀུན་ལ། །ཐམས་ཅད་མཐོང་ཞིང་ཤེས་པར་བྱེད། །པདྨར་ཆགས་པར་རྗེས་ཆགས་ཤིང ། །སྣ་ཚོགས་པདྨར་ཁ་འབྱེད་པས། །པྲ་སེ་ན་ནི་སྣ་ཚོགས་པ། །མཐོང་བ་དང་ནི་ཐོས་པར་བྱེད། །མེ་ཏོག་བདུག་ པ་མར་མེ་མཆོག་།སྤོས་དང་མཆོད་པ་ཐམས་ཅད་ལ། །རྣམ་པར་ཤེས་པ་ཀུན་གྲུབ་པ། །ཐམས་ཅད་མཐོང་ཞིང་ཐོས་པར་བྱེད། །རེག་དང་མ་རེག་རྡོ་རྗེ་ཆེ། །རལ་གྲི་མེ་ལོང་མདའ་གཞུ་དང ། །ཤིང་དང་ཆུ་དང་འབབ་ཆུ་བྲག་།གཟུགས་བརྙན་བྱུང་བའི་ཁྱིམ་བདག་ལས། ། བྱ་དང་དེ་བཞིན་མི་བྱ་དང ། །སྟོར་བ་དང་ནི་མ་སྟོར་དང ། །ཕྲོགས་པ་དང་ནི་མ་ཕྲོགས་དང ། །དེ་བཞིན་རྙེད་དང་མ་རྙེད་དང ། །གསོན་པ་དང་ནི་ཤི་བ་དང ། །དེ་བཞིན་རྒྱལ་དང་ཕམ་པ་དང ། །དོན་ཡོད་དང་ནི་དོན་མེད་དང ། །དེ་བཞིན་གྲུབ་དང་མི་གྲུབ་དང ། །བདེ་དང་མི་ བདེ་ཆོ་ག་བཞིན། །ལྷ་ཡུལ་དག་གི་དོན་རྣམས་དང ། །སངས་རྒྱས་ཞིང་གི་དོན་རྣམས་ཀྱང ། །ཀུན་ཏུ་ཀུན་ནས་ཐམས་ཅད་ནི། །བསམས་པ་མཐོང་ཞིང་ཐོས་པར་བྱེད། །རྣམ་པར་ཤེས་པའི་ཕྱག་རྒྱ་ཤེས་པའོ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ཅི་ལྟའི་དབྱིབས་དང་གཟུགས་ ལྡན་པས། །དུར་ཁྲོད་ལྷ་ཡི་གནས་རྣམས་དང ། །མ་མོ་གནས་ཀྱི་ཐལ་བ་མཆོག་།ཐམས་ཅད་དཔྲལ་བའི་བསྲུང་བ་ནི། །ཐིག་ལེ་སོར་རིས་གསུམ་དུ་བྱ། །ཕྱོགས་མཚམས་ནམ་མཁའ་ས་བཅིངས་ན། །བསྲུང་བ་ཀུན་གྱི་བླ་མེད་པའོ། །དཔལ་རྡོ་རྗེ་ཐལ་བའི་དམ་ཚིག་ཅེས་བྱ་བའི་ བསྲུང་བའོ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ཅི་ལྟའི་དབྱིབས་དང་གཟུགས་ལྡན་པས། །རྒྱ་མཚོར་འབབ་པའི་གཟུགས་ཆུའི་འགྲམ། །ལྷ་རྫས་ཞི་བའི་ཆུ་མཆོག་གིས། །གཏོར་བ་དང་ནི་བླུགས་པ་དང ། །ཁྲུས་བྱས་པ་དང་འབོགས་པ་ཡིས། །ཕྱོགས་མཚམས་ ནམ་མཁའ་ས་བཅིངས་ན། །བསྲུང་བ་ཀུན་གྱི་བླ་མེད་པའོ། །དཔལ་རྡོ་རྗེ་བདུད་རྩི་དྲི་མ་མེད་པའི་རྒྱ་མཚོ་ཞེས་བྱ་བའི་ཕྱག་རྒྱའོ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ཅི་ལྟའི་གཟུགས་དང་དབྱིབས་ལྡན་པས། །མི་ཡི་ཐོད་པའི་ནང་དུ་ནི། །ཡུངས་ཀར་བསྐྱེད་ནས་བླང་
77-1-188b
བར་བྱ། །ལོ་མ་ཡུངས་མར་ཟས་སུ་བཟའ། །མགོ་བསྐུས་དེ་བཞིན་འབྲས་བུ་ཡིས། །ཕྱོགས་མཚམས་ནམ་མཁའ་ས་བཅིངས་ན། །བསྲུང་བ་ཀུན་གྱི་བླ་མེད་པའོ། །དཔལ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་ཕྱག་རྒྱའོ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །མ་མཆུ་ སོ་ཡིས་ལེགས་མནན་ནས། །དཔལ་ལྡན་གཡོན་དུ་འགྱིང་དང་བཅས། །གསལ་བར་ཕྱོགས་སུ་འཁོར་ལོའི་ཚུལ། །བླ་འོག་ཏུ་ནི་བྱིན་བརླབས་ན། །གནས་གསུམ་དག་ནི་རྒྱས་འདེབས་སོ། །གཞུག་དཀའ་བདག་ཉིད་ངན་པའི་རྣམས། །སངས་རྒྱས་ཀུན་གྱི་ངོ་བོར་ འགྲུབ། །ཐམས་ཅད་ཀྱི་མཆོག་གནས་ཀྱི་དབང་ཕྱུག་བྱིན་གྱིས་བརླབས་པ་དཔལ་སྐལ་བ་བཟང་པོ་ཞེས་བྱ་བའི་ཕྱག་རྒྱའོ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ལྷ་མོ་ཀུན་དང་འདུས་པ་ཡིས། །ཀུན་ཏུ་སྣ་ཚོགས་སྐལ་བཟང་པོ། །བདེ་བར་རབ་ཏུ་འགྲུབ་པར་འགྱུར། །རྒྱ་ འདིས་བཏབ་མ་ཐག་ཏུ་ནི། །སངས་རྒྱས་ཀུན་གྱིས་བྱིན་བརླབས་འགྱུར། །ཤིན་ཏུ་བྱིན་གྱིས་བརླབས་འགྱུར་ལས། །སངས་རྒྱས་ཀུན་དང་ཕྲད་པར་འགྱུར། །སངས་རྒྱས་ཀུན་དང་མཉམ་སྦྱོར་བས། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །སངས་རྒྱས་ཀུན་དང་ མཉམ་པས་ན། །སངས་རྒྱས་ཐམས་ཅད་རབ་ཏུ་འགྲུབ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །དཔལ་སྐལ་བ་བཟང་པོའི་དམ་ཚིག་ཅེས་བྱ་བའི་བསྲུང་བའོ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །སངས་རྒྱས་ཀུན་བདག་སྦྱོར་ལྡན་པས། །ཕྱོགས་སུ་ལེགས་པར་ འཁོར་ལོའི་ཚུལ། །བླ་དང་འོག་ཏུ་བྱིན་བརླབས་ནས། །འདི་ཡིས་བསྲུང་བ་བྱས་ན་ནི། །ཁམས་གསུམ་དག་ནི་མ་ལུས་པར། །གཞུག་དཀའ་བདག་ཉིད་ངན་པ་རྣམས། །སངས་རྒྱས་ཀུན་གྱིས་བྱིན་བརླབས་འགྱུར། །ཐམས་ཅད་ཀྱི་མཆོག་གནས་ཀྱི་དབང་ཕྱུག་དཔལ་ཞེས་བྱ་ བའི་ཕྱག་རྒྱའོ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ཧེ་རུ་དཔལ་གྱིས་རྣམ་སྤྲུལ་པས། །ཐམས་ཅད་ཀུན་ཏུ་ཀུན་གྱི་བདག་།ཐམས་ཅད་བསྲུང་བ་མི་འགྱུར་ཆེ། །རིམས་དང་དུག་དང་དབྱིག་དུག་ནད། །མཁའ་འགྲོས་གཙེ་དང་གདོན་རྣམས་དང ། །བདུད་དང་ངན་ཁྲིད་ཐམས་
77-1-189a
ཅད་ནི། །མོད་ལ་རབ་ཏུ་ཞི་བར་འགྱུར། །དཔལ་རྡོ་རྗེ་ཧེ་རུ་ཀ་དབབ་པ་རྣམ་པར་སྤྲུལ་པ་ཞེས་བྱ་བའི་ཕྱག་རྒྱའོ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ཅི་ལྟའི་དབྱིབས་དང་གཟུགས་ལྡན་ཞིང ། །སྣ་ཚོགས་པདྨ་ཁ་འབྱེད་པས། །སྒྲིབ་པ་མེད་པར་འགྲུབ་པར་འགྱུར། ། སྒྲིབ་པ་ཀུན་ལས་རྣམ་པར་གྲོལ། །དག་པ་ཐམས་ཅད་ཐོབ་པར་འགྱུར། །དག་པ་ཐམས་ཅད་རྣམ་དག་ན། །མི་འགྱུར་དམ་པ་འགྲུབ་པར་འགྱུར། །ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་རྡོ་རྗེའི་པདྨ་ཞེས་བྱ་བའི་བསྲུང་བའོ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །འབར་བ་ བལྟ་བའི་ཚུལ་ཞུགས་ན། །རྡོ་རྗེ་རབ་ཏུ་འབར་བའི་མེ། །རབ་ཏུ་འཇིགས་པ་མི་བཟོད་འགྱུར། །འདི་ཡིས་བསྲུང་བ་བྱས་ན་ནི། །བསྐལ་པ་ཡི་ནི་མེ་ལྟར་འབར། །འདི་ཡིས་ངན་འགྲོ་རྣམས་གསུམ་དང ། །ཁམས་གསུམ་དག་ཀྱང་ཐལ་བར་རློག་།རྡོ་རྗེ་ཆེན་པོའི་མེ་རབ་ཏུ་ འཇིགས་པ་འབར་བ་མི་བཟད་པའི་དམ་ཚིག་ཆེན་པོའི་དཔལ་ཞེས་བྱ་བའི་ཕྱག་རྒྱའོ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ཅི་ལྟའི་ཚུལ་བཞིན་བྱེད་པ་ཡིས། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །གོ་ཆ་བགོ་བའི་ཐབས་སུ་བྱ། །སྤྱི་བོ་དང་ནི་དཔྲལ་བར་གཉིས། །གློ་གཉིས་ དང་ནི་རྒྱབ་ཏུ་གཉིས། །རྡོ་རྗེ་ཕྲེང་བ་བཅིང་བ་དང ། །སངས་རྒྱས་གཙུག་གི་ནོར་བུ་དག་།དར་དཔྱངས་ཐབས་སུ་བཅིངས་ནས་ནི། །འགྱིད་དང་བཅས་པར་མཐའ་ནས་དགྲོལ། །དར་དཔྱངས་པ་ཡི་ཐབས་བྱས་ནས། །ཐལ་མོ་བརྡབས་པས་བརྟན་པར་བྱ། །འདི་ཡིས་བསྲུང་བ་ བྱས་ན་ནི། །རྡོ་རྗེ་སེམས་དཔའ་དཔལ་དང་འདྲ། །མི་ཆོད་པ་དང་མི་ཕྱེད་པའི། །རྡོ་རྗེའི་སྐུ་ནི་རབ་ཏུ་འགྲུབ། །རིམས་ནད་དུག་དང་དབྱིག་དུག་ནད། །མཁའ་འགྲོས་གཙེ་དང་གདོན་རྣམས་དང ། །ཡན་ལག་མ་རུང་བྱེད་པ་ཀུན། །འདི་ཡིས་བསྲུངས་ན་ཡོང་མི་ཚུགས། །དཔལ་ རྡོ་རྗེ་གོ་ཆ་ཞེས་བྱ་བའི་ཕྱག་རྒྱའོ། །བསྲུང་བ་ཐམས་ཅད་ཀྱི་ཕྱག་རྒྱ་ཤེས་པའོ། །ཆོས་སེམས་དཔའ་ཡི་ཚུལ་སྟོན་ཅིང ། །རྡོ་རྗེ་ཁུ་ཚུར་གཉིས་དག་དང ། །ཞི་བའི་ལྟ་བས་བལྟས་ནས་ནི། །རིམས་དང་དུག་རྣམས་ཐམས་ཅད་སེལ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །མཐེའུ་
77-1-189b
ཆུང་ལྕགས་ཀྱུ་ལྟ་བུར་བཅིང ། །མཛུབ་མོ་མཉམ་པའི་རྩེ་མོས་མནན། །ནད་རྣམས་ཐམས་ཅད་ཟློག་པར་བྱེད། །ཡོངས་སུ་བསྒྱུར་ཏེ་བཏེག་ནས་ནི། །དཔྲལ་བར་བདེ་བར་གཞག་པར་བྱ། །མ་ལུས་ལུས་པ་མེད་པ་ཡིས། །སྡུག་བསྔལ་ཐམས་ཅད་སེལ་བར་བྱེད། །དཔལ་རྡོ་རྗེ་ སྨིན་མཚམས་ལུས་ཀྱི་ནད་གསོ་བའོ། །རྡོ་རྗེ་བསྡམ་པ་བྱས་པ་ལས། །མཛུབ་མོ་ཕན་ཚུན་མངོན་ཕྱོགས་པ། །མ་ལུས་ལུས་པ་མེད་པ་ཡི། །ཟུག་རྔུ་ཀུན་ལས་གྲོལ་བར་འགྱུར། །བུ་ནད་ལྷོག་རྒལ་སྐྲན་དག་དང ། །དམུ་རྫིངས་ལ་སོགས་ཀུན་ལས་ཐར། །འདི་ཉིད་གྲུབ་པར་ གྱུར་ནས་ནི། །ནད་རྣམས་ཀུན་གྱིས་གནོད་པ་མེད། །ཟུག་རྔུ་ཐམས་ཅད་མེད་པར་བྱེད་པའོ། །གྲུབ་པ་དཔལ་གྱི་སྤྱན་བཅིངས་ཏེ། །འདི་ཡིས་མིག་གཉིས་ཕྱིས་ན་ནི། །ཕྱག་རྒྱ་གྲུབ་པ་མཆོག་འདི་ཡིས། །ལོང་བ་དག་ཀྱང་མཐོང་བར་འགྱུར། །བདག་ཉིད་སྦྱོར་བས་ལྡན་ བྱས་ལ། །རྡོ་རྗེ་ཁུ་ཚུར་དམ་པོ་ཡིས། །དྲང་བའི་ཚུལ་དུ་ཀླད་པ་ནས། །ཁ་ཕྱོགས་དྲང་ཞིང་བཏུང་བར་བྱ། །རིམས་དང་དུག་དང་གདོན་རྣམས་ཀུན། །རྡོ་རྗེ་ཁུ་ཚུར་དཔལ་གྱིས་བཟུང ། །བདག་གི་ལྷར་ནི་སྦྱོར་ལྡན་པས། །འཐུངས་ན་ཐམས་ཅད་མེད་པར་འགྱུར། །ཀླད་ པའི་སྨན་ནོ། །ཏ་ཐཱ་ག་ཏ་གརྦྷ་སྟྭ་སི་ཧོ། །འདི་ན་རྣ་བར་བཟླས་པའི་མཆོག་།ཟུག་རྔུ་མེད་ཅིང་མྱུར་དུ་ཐར། །ཟུག་རྔུ་ཐམས་ཅད་སྦྱིན་པ་པོའོ། །གཡས་པ་ཡི་ནི་ལག་པ་ཡིས། །སེམས་པའི་གཙུག་ཏོར་བཅིངས་ན་ནི། །བྱིས་པ་ནད་མེད་འཚོ་བར་འགྱུར། །ཐམས་ཅད་བསྲུངས་ ཤིང་བདེ་བ་ཐོབ། །གཞོན་ནུ་གསོ་བའོ། །གཡས་པ་ཡི་ནི་ལག་པ་ཡི། །ཀླུ་ཡི་གདེངས་ཀ་ལྟ་བུར་བྱ། །འབར་བའི་ཚུལ་སྟོན་འབེབས་བཅས་ན། །དུག་གི་ལས་རྣམས་བསྒྲུབ་པར་བྱ། །འབར་དང་འདུལ་དང་བཅིངས་པ་དང ། །ཟ་བའི་དུག་རྣམས་མེད་པར་བྱེད། །གདུག་ པས་ཟིན་དང་ལུ་ཏ་དང ། །ཤི་བ་སོས་པར་བྱེད་པའི་མཆོག་།གདེངས་ཀའི་ཕྱག་རྒྱའོ། །གཡས་པའི་མཐེ་བོ་གུང་མོ་གཉིས། །གཡོན་པའི་ཁུ་ཚུར་བཅངས་པ་ཡི། །གུང་མོ་ལ་ནི་རེག་བྱས་ན། །གདོན་རྣམས་ཀུན་ལས་ཐར་བར་འགྱུར། །དུག་གསོ་བ་དང་གདོན་གྱི་ཆོ་གའོ། །
77-1-190a
བ་དན་གསུམ་པོ་གཉིས་བཅིངས་ནས། །གུང་མོ་གཉིས་ནི་མདུད་པར་བཅིང ། །མཛུབ་མོ་མཐེའུ་ཆུང་རྩེ་མོ་ཅན། །རྡོ་རྗེའི་ཕྱག་རྒྱ་ཡོངས་བཅིངས་ལ། །ཡོངས་སུ་བསྒྱུར་ཏེ་བཏེག་ནས་སུ། །སྨིན་མའི་མཚམས་སུ་བཞག་པ་ནི། །མཁའ་འགྲོའི་ལས་རྣམས་མ་ལུས་པ། ། ལུས་པ་མེད་པ་ཐམས་ཅད་འགྲུབ། །ཕྱག་རྒྱ་འདི་ཡིས་བཏབ་ན་ནི། །གནས་གསུམ་པོ་ནི་མ་ལུས་པ། །རྒྱས་བཏབ་རྨོངས་བྱས་ཟོས་པ་དང ། །ཐལ་བར་གྱུར་པའང་འཚོ་བར་བྱེད། །དཔལ་རྡོ་རྗེ་ཧེ་རུ་ཀའི་ཁྲོ་གཉེར་ཞེས་བྱ་བའི་ཕྱག་རྒྱ་སྟེ་མ་མོ་ཤེས་པའོ། །རྡོ་རྗེ་སེམས་ དཔའ་དཔལ་སྦྱོར་བས། །རྟ་རྣམས་ཐམས་ཅད་ཞོན་ན་ནི། །རྟ་རྣམས་ནད་མེད་སོས་པ་དང ། །ཉམ་སྐྱེ་མཐར་ཞིང་མགྱོགས་པར་འགྱུར། །དཔལ་རྟ་མཆོག་གི་ཕྱག་རྒྱའོ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བས། །གླང་པོ་ཀུན་ལ་ཞོན་ན་ནི། །གླང་པོ་ཐམས་ཅད་ནད་ མེད་སོས། །ཉམ་སྐྱེ་སྤྲོ་ལྡན་མོས་པར་འགྱུར། །ཤྲཱི་བཛྲ་སཏྭ་སྟྭཾ་སི་ཧོ། །འདི་ནི་རྣ་བར་བཟླས་པའི་མཆོག་།བྱ་རྣམས་ནད་མེད་འཚོ་བར་འགྱུར། །མི་ཡི་སྐད་དུ་སྨྲ་བར་འགྱུར། །བྱ་གསོ་བའི་ཕྱག་རྒྱའོ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བས། །འབྱོར་པ་ཀུན་ལ་རྗེས་ཆགས་ ན། །ཤིང་རྣམས་ནད་མེད་མི་བསྐམས་ཤིང ། །རྟག་ཏུ་མེ་ཏོག་འབྲས་བུར་ལྡན། །ཤིང་རྣམས་བསྐྱེད་པའི་གཙུག་ལག་ལས། །སྦྱོར་བའི་ཆོ་ག་གང་བཤད་པ། །ཕྱག་རྒྱ་འདི་ཡིས་ཐམས་ཅད་ནི། །ཡིད་ལ་བསམས་པ་བཞིན་དུ་འགྲུབ། །ཤིང་བསྐྱེད་པའི་ཕྱག་རྒྱ་ཤེས་པའོ། ། འཁྲུལ་འཁོར་གྱིས་འཕངས་མ་འཕངས་དང ། །དེ་བཞིན་ལག་པས་འཕངས་པ་དང ། །འཕངས་ནས་སླད་དུ་བཟུང་བ་དང ། །སྟོབས་སུ་འགྱེད་པ་ལྔ་ཡིན་ཏེ། །རང་བྱུང་རྣམས་ཀྱི་དགྲ་ཆའི་དཔྱད། །ཕྱག་རྒྱ་ལྔ་ལྔ་རབ་ཏུ་གནས། །རྡོ་རྗེ་སེམས་དཔའ་དཔལ་གྱིས་བཤད། །དམ་ པ་དེ་དག་བཤད་པར་བྱ། །དབྱིབས་དང་བདེ་བླག་སྦྱོར་བ་དང ། །ཀུན་ཏུ་སྦྱོར་དང་འདྲེན་མར་གྱུར། །འགེངས་དང་འཕེན་དང་གསལ་བའོ། །རྐང་པ་གཤིབས་པས་ས་མནན་ཅིང ། །རྐང་པ་འགྱེད་པས་ས་གནོན་ཏོ། །དཀྱིལ་འཁོར་དག་ཀྱང་མནན་པར་བྱ། །བརྐྱང་བསྐུམ་གྱིས་
77-1-190b
ཀྱང་གནས་གསུམ་གནོན། །དབྱིབས་ཀྱི་ཕྱག་རྒྱའོ། །མི་ལྷོད་པ་དང་སྲན་གཟུགས་དང ། །མཉེན་ཞིང་ཡན་ལག་བསྟན་པ་དང ། །རྒྱ་ཆེར་འགེངས་ཤིང་རྣམ་པར་དག་།ལུས་ཀྱི་ཕྱག་རྒྱ་བདེ་བླག་ཅན། །འདི་ཡིས་ལུས་ལ་གནོན་པ་དང ། །རིམས་དང་དུག་དང་དབྱིག་ དུག་དང ། །མཁའ་འགྲོས་གཙེ་དང་གདོན་རྣམས་ཀྱིས། །ནམས་ཀྱང་ཚུགས་པར་ཡོང་མི་འགྱུར། །རྒྱ་ཆེར་འགེངས་པའི་ཕྱག་རྒྱའོ། །རང་གི་སྙིང་གར་འདྲེན་ཚུལ་དུ། །བདེ་བླག་ཅན་གྱིས་གཞུ་བཟུང་ནས། །གཡས་པ་རབ་ཏུ་གར་བྱེད་ཅིང ། །མདའ་འཕངས་ན་ནི་འགྲུབ་ པར་འགྱུར། །དཔལ་ཁམས་གསུམ་རྣམ་པར་རྒྱལ་བའིའོ། །ལག་པ་གཡོན་པ་ལེགས་བསྲང་ལ། །སྐྱོན་མེད་པ་ཡིས་གཡས་པ་དགུག་།གཞུ་རྒྱུད་དལ་བུས་དྲངས་ནས་ནི། །འགྲོ་བ་ཐམས་ཅད་དགུག་པར་བྱ། །ཐམས་ཅད་དགུག་པའི་ཕྱག་རྒྱའོ། །རྣ་དྲུང་བར་དུ་ཟླུམ་ པོར་ནི། །ཇི་ལྟར་རིགས་པར་ལེགས་བཀང་ལ། །ཡི་གེ་ཨོཾ་ཙམ་རང་གི་ཁར། །བཟུང་ན་འགྲོ་བ་འཛིན་པར་འགྱུར། །འཛིན་པའི་ཕྱག་རྒྱའོ། །ཇི་ལྟར་རིགས་པས་དྲངས་ནས་ནི། །ཆོ་ག་བཞིན་དུ་བཟུང་ནས་ཀྱང ། །དེར་ནི་ཅུང་ཟད་དབྱེ་བར་བྱ། །འགེངས་པས་ཐམས་ ཅད་འགྲུབ་པར་འགྱུར། །འགེངས་པའི་ཕྱག་རྒྱའོ། །ཆང་པས་འབེན་ནི་འགྲིབ་པར་བྱ། །འཛུམ་དང་བཅས་པའི་མིག་གིས་བལྟ། །ལྟ་བ་ཆང་པ་ལ་གཏད་ནས། །མྱུར་དུ་འཕངས་ན་དམ་པ་འགྲུབ། །མདའ་གཞུས་རྒྱལ་བར་བྱ་བའི་ཕྱག་རྒྱའོ། །གྲུ་བཞི་པ་ལ་རྣོ་བ་དང ། ། དེ་བཞིན་ཀུན་ནས་བསྐོར་བར་བྱ། །གཡས་ཕྱོགས་ནས་ནི་མངའ་བསྐོར་ནས། །སྣད་དེ་དེ་བཞིན་བསྟོད་པ་དང ། །རྐང་པས་མནན་ཅིང་རྨིག་པས་གནོན། །འབིགས་པ་བཅུ་ཡི་རྒྱ་མཆོག་གིས། །ཁམས་གསུམ་རྒྱལ་སྲིད་ཆེན་པོ་དག་།བདེ་བར་ཐུབ་ནས་ཉེ་བར་སྤྱོད། ། དཔལ་ཁམས་གསུམ་རྣམ་པར་རྒྱལ་བའོ། །རབ་ཏུ་འཕངས་དང་མཉམ་པར་འཕངས། །དེ་བཞིན་གློག་ལྟར་འཕངས་པ་དང ། །གློག་ལྟར་འཁྲུག་པ་དེ་བཞིན་ཏེ། །ཕྱག་རྒྱ་ཐབས་རྣམས་སྒྲུབ་པའོ། །ཐབས་ཐམས་ཅད་ཀྱི་ཕྱག་རྒྱའོ། །ཉམ་ང་ལག་དང་བདེ་ཕྱོགས་དང ། །
77-1-191a
ཐད་ཀ་དེ་བཞིན་གྱེན་དུ་འདེབས། །འདི་དག་བཟློག་པའི་ཕྱག་རྒྱ་སྟེ། །གནས་གསུམ་དག་ནི་བཟློག་པར་བྱ། །ངེས་པར་བཟློག་པ་ཐམས་ཅད་ཀྱི་ཕྱག་རྒྱའོ། །ཐམས་ཅད་འདེབས་དང་ངེས་པར་འདེབས། །ཀུན་འདེབས་གྱེན་དུ་འདེབས་པའི་གར། །འདི་དག་ འཕྲོག་པའི་ཕྱག་རྒྱ་སྟེ། །གནས་གསུམ་དག་ཀྱང་འཕྲོག་པར་བྱེད། །འཕྲོག་པ་ཐམས་ཅད་ཀྱི་ཕྱག་རྒྱའོ། །ཀུན་ཏུ་ཀུན་ནས་ཐམས་ཅད་ཀྱི། །རྟག་ཏུ་བདག་ཉིད་རྣམ་པ་ཀུན། །མདའ་གཞུའི་དཔྱད་ཀྱི་ཕྱག་རྒྱའི་མཆོག་།མི་འགྱུར་དམ་པ་འགྲུབ་པར་འགྱུར། །དགྲ་ཆ་ ཐམས་ཅད་ཀྱི་ཕྱག་རྒྱ་ཤེས་པའོ། །སྲིན་ལག་གཉིས་ཀྱི་ནང་དུ་ནི། །མཐེ་བོ་ལེགས་པར་གཞག་པར་བྱ། །དེ་ནས་ཁུ་ཚུར་བཅངས་ནས་ནི། །མཛུབ་མོ་ལེགས་པར་དགུག་པར་བྱ། །རྡོ་རྗེ་ཁུ་ཚུར་དཔལ་གྱི་རྒྱ། །རྡོ་རྗེ་སེམས་དཔའ་དཔལ་ལ་གནས། །ལས་ཀྱི་དངོས་གྲུབ་ རབ་འབྱམ་རྣམས། །མ་ལུས་པར་ནི་མྱུར་དུ་འགྲུབ། །དཔལ་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་ལེགས་བཅངས་ལ། །བདག་གིས་མཐེ་བོའི་ནང་དུ་གཞུག་།ཞི་བའི་ལས་རྣམས་རབ་གྲུབ་པས། །མ་ལུས་ལུས་པ་མེད་པར་འགྲུབ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ ཁུ་ཚུར་རོ། །རྡོ་རྗེ་ཁུ་ཚུར་ལེགས་བཅངས་ལ། །མཐེའུ་ཆུང་གཉིས་ནི་རབ་བརྐྱང་ནས། །མཁའ་འགྲོའི་ལས་རྣམས་ཐམས་ཅད་ནི། །མ་ལུས་ལུས་པ་མེད་པར་འགྲུབ། །དཔལ་རྡོ་རྗེ་ཧེ་རུ་ཀའི་ཁུ་ཚུར་གྱི་ཕྱག་རྒྱའོ། །བརྡེག་པའི་ཁུ་ཚུར་བཅངས་པ་ལས། །མཐེ་བོ་དག་ལ་གུང་ མོ་བཞག་།དཔལ་པདྨོའི་ཁུ་ཚུར་གྲུབ་པ་སྟེ། །ཐམས་ཅད་དག་པའི་ལས་ལ་སྦྱར། །དཔལ་པདྨོའི་ཁུ་ཚུར་རོ། །ཁུ་ཚུར་རྡོ་རྗེ་རིན་ཆེན་མཆོག་།འབེབས་པ་ཐམས་ཅད་ཡོངས་རྫོགས་པ། །རང་དོན་ལས་རྣམས་གྲུབ་པ་ནི། །མ་ལུས་ལུས་པ་མེད་པར་འགྲུབ། །དཔལ་རྡོ་རྗེ་རིན་ པོ་ཆེའི་ཁུ་ཚུར་གྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་དཔལ་བཅངས་ལ། །སོར་མོ་ཐམས་ཅད་ཡོངས་སུ་བཟུང ། །རྟུལ་ཕོད་ལས་རྣམས་ཐམས་ཅད་ནི། །མ་ལུས་ལུས་པ་མེད་པར་འགྲུབ། །ལས་ཐམས་ཅད་ཀྱི་ཕྱག་རྒྱ་ཤེས་པའོ། །རྐང་པ་བརྐྱང་དང་གནོན་པ་དང ། །བསྐུམ་ནས་
77-1-191b
བཏེག་པའི་སྟབས་དག་དང ། །གཡས་དང་གཡོན་གྱི་སྦྱོར་བ་ཡིས། །གཟུགས་རྣམས་ཐམས་ཅད་གནོན་པར་བྱ། །སྡིག་མེད་སྟོབས་ཀྱིས་ངོ་འཐོན་དུ། །རྣམ་པར་སྣང་མཛད་དཔལ་མནན་ནས། །ཀུན་ཏུ་བྱང་ཆུབ་ཡོངས་བཀུག་སྟེ། །བདག་གི་སྤྱད་པར་དེ་སྤྱོད་དོ། ། སྡིག་མེད་སྟོབས་ཀྱིས་ངོ་འཐོན་དུ། །རྡོ་རྗེ་འཛིན་པ་དཔལ་མནན་ནས། །ཀུན་ཏུ་གྲུབ་པ་ཡོངས་བཀུག་སྟེ། །བདག་གི་སྤྱད་པར་དེ་སྤྱོད་དོ། །སྡིག་མེད་སྟོབས་ཀྱིས་ངོ་འཐོན་དུ། །སྤྱན་རས་གཟིགས་དབང་དཔལ་མནན་ནས། །ཀུན་ཏུ་དཔལ་མོ་ཡོངས་བཀུག་སྟེ། །བདག་ གི་སྤྱད་པར་དེ་སྤྱོད་དོ། །སྡིག་མེད་སྟོབས་ཀྱིས་ངོ་འཐོན་དུ། །རྡོ་རྗེ་ཉི་མ་དཔལ་མནན་ནས། །ཀུན་ཏུ་ལོངས་སྤྱོད་ཡོངས་བཀུག་སྟེ། །བདག་གི་སྤྱད་པར་དེ་སྤྱོད་དོ། །སྡིག་མེད་སྟོབས་ཀྱིས་ངོ་འཐོན་དུ། །རྟ་མཆོག་དམ་པ་དཔལ་མནན་ནས། །ཐམས་ཅད་དབང་ཕྱུག་ཡོངས་ བཀུག་སྟེ། །བདག་གི་སྤྱད་པར་དེ་སྤྱོད་དོ། །བྱང་ཆུབ་ཕ་རོལ་ཕྱིན་པ་དང ། །གྲུབ་དང་གཟུངས་དང་ས་རྣམས་དང ། །རིག་དང་ཕྱག་རྒྱ་རྣམས་མནན་ནས། །བདག་གི་སྤྱད་པར་དེ་སྤྱོད་དོ། །སྡིག་མེད་སྟོབས་ཀྱིས་ངོ་འཐོན་དུ། །དབང་ཕྱུག་དམ་པ་མནན་ནས་ནི། །མིག་ གསུམ་པ་ལས་གསུམ་གྲུབ་བཀུག་།བདག་གི་སྤྱད་པར་དེ་སྤྱོད་དོ། །སྡིག་མེད་སྟོབས་ཀྱིས་ངོ་འཐོན་དུ། །མཐུ་བོ་ཆེ་ཡང་མནན་ནས་ནི། །སྙིང་ལས་དཔའ་མོ་ཡོངས་བཀུག་སྟེ། །བདག་གི་སྤྱད་པར་དེ་སྤྱོད་དོ། །སྡིག་མེད་སྟོབས་ཀྱིས་ངོ་འཐོན་དུ། །སྐྱེ་དགུའི་བདག་པོ་མནན་ ནས་ནི། །མོས་ལས་གྲོལ་མ་ཡོངས་བཀུག་ནས། །བདག་གི་སྤྱད་པར་དེ་སྤྱོད་དོ། །སྡིག་མེད་སྟོབས་ཀྱིས་ངོ་འཐོན་དུ། །རབ་དགའི་དབང་ཕྱུག་མནན་ནས་ནི། །ཀུན་གྱི་བདག་ལས་དགའ་བར་བཀུག་།བདག་གི་སྤྱད་པར་དེ་སྤྱོད་དོ། །འཇིགས་ལ་སོགས་པའི་ལྷ་མོ་ དང ། །མ་མོ་བྱད་མའི་མ་མོ་དང ། །མཁའ་འགྲོ་མ་རྣམས་མནན་ནས་ནི། །བདག་གི་སྤྱད་པར་དེ་སྤྱོད་དོ། །དེ་བཞིན་ཀུ་བེ་ར་ལ་སོགས། །རིག་པ་འགྲུབ་པ་སྤྱོད་པ་དང ། །མི་ཡི་རྒྱལ་པོ་ལ་སོགས་ཀྱང ། །མནན་ནས་བདག་གི་སྤྱད་པ་སྤྱོད། །འགྲོ་བ་དང་ནི་མི་འགྲོ་
77-1-192a
བའི། །དངོས་པོ་ཐམས་ཅད་མ་ལུས་པའང ། །རྣལ་འབྱོར་བདག་ཉིད་དེས་མནན་ནས། །བདག་གི་སྤྱད་པར་དེ་སྤྱོད་དོ། །དཔལ་རྡོ་རྗེ་གནོན་པའི་ཕྱག་རྒྱ་ཤེས་པའོ། །ཁུ་ཚུར་སྙིང་གར་བཅངས་པ་ནི། །བུད་མེད་ཕྱག་རྒྱར་དེ་བཤད་དེ། །བུད་མེད་སྦྱོར་བ་མ་ལུས་པ། ། ལུས་པ་མེད་པའང་ཐམས་ཅད་འགྲུབ། །གཡོན་པ་འགྱིང་བའི་ཚུལ་བྱས་ནས། །ལག་གཡས་བདག་གི་སྙིང་གར་ནི། །གྱེན་དུ་དྲང་བའི་ཚུལ་བྱས་ནས། །བུད་མེད་ཐམས་ཅད་དབང་དུ་འགྱུར། །དཔལ་རྡོ་རྗེ་འགྱིང་བའོ། །དཔལ་ལྡན་སྣ་ཚོགས་པདྨོ་འཛིན། །གཡོན་པ་བརྡེག་ པའི་ཁུ་ཚུར་དང ། །གཡས་པར་ལྡང་བར་གྱུར་པ་དང ། །སངས་རྒྱས་དབང་ཕྱུག་ཏིང་འཛིན་བྱ། །སངས་རྒྱས་ཐམས་ཅད་དུ་འཕར་བའོ། །གཡོན་པ་དྲིལ་བུའི་སྒྲ་སྒྲོགས་ཤིང ། །གཡས་པ་ཡི་ནི་ལག་པ་ཡིས། །རྡོ་རྗེ་གྱེན་དུ་གསོར་ཞིང་བསྐོར། །སྒྱུ་མ་ཐམས་ཅད་འབྱུང་ བར་བྱ། །དཔལ་རྡོ་རྗེ་སྒྱུ་མའི་དབང་ཕྱུག་མའོ། །གཡོན་པ་གཡོན་པའི་བརླ་ལ་བཞག་།ལག་པ་གཡས་པའི་མཛུབ་མོ་ཡི། །རྩེ་མོས་པདྨ་དམ་པ་འཛིན། །གཡས་པའི་བརླ་ལ་ལག་ངར་བཞག་།མི་དགེ་བ་ཐམས་ཅད་སེལ་བའི་ཕྱག་རྒྱའོ། །བདག་གི་སྙིང་གར་འདྲེན་ ཚུལ་དུ། །གཡོན་པ་ནོར་བུ་རིན་ཆེན་འཛིན། །གཡས་པ་རེ་བ་ཀུན་རྫོགས་པའི། །བུད་མེད་ལ་སོགས་རིན་ཆེན་འཛིན། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ། །བདག་གི་སྙིང་གར་འདྲེན་ཚུལ་དུ། །པདྨ་སྣ་ཚོགས་དམ་པ་འཛིན། །གཡས་པ་རྡོ་རྗེ་འགྱིང་བ་ ཡིས། །དབང་ཕྱུག་དམ་པ་ཐོབ་པར་འགྱུར། །དངོས་གྲུབ་ཀུན་གྱི་དབང་ཕྱུག་གི་ཕྱག་རྒྱ་ཤེས་པའོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་དེ་སྐད་གསུངས་སོ། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ལས་ཀུན་ཏུ་རྣམ་པ་སྣ་ ཚོགས་ཀྱི་དམ་ཚིག་གི་ཕྱག་རྒྱའི་རྟོག་པ་སྟེ་དགུ་པའོ།། །།དེ་ནས་ཀུན་ཏུ་སྣ་ཚོགས་འདི། །ཕྱག་རྒྱ་ཤེས་པའང་གྲུབ་པ་ནི། །ཀུན་ཏུ་སྣ་ཚོགས་སྦྱོར་བ་ཡིས། །ཀུན་ཏུ་སྣ་ཚོགས་བཤད་པར་བྱ། །སྨིན་མ་མིག་དང་སོ་དང་མཆུ། །ཁ་དང་ལུས་དང་རྐང་ལག་གིས། །ཆ་ལུགས་
77-1-192b
བཞིན་དུ་གར་བྱེད་པས། །ཕྱག་རྒྱ་ཐམས་ཅད་ཡོངས་སུ་དགྲོལ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བས། །ལྷ་མོ་ཀུན་དང་འདུས་པ་ནི། །ཀུན་ཏུ་སྣ་ཚོགས་སྐལ་བཟང་པོ། །རབ་ཏུ་བདེ་བར་འགྲུབ་པར་འགྱུར། །ཕྱག་རྒྱ་འདི་ཡིས་བཏབ་ན་ནི། །སངས་རྒྱས་ཐམས་ཅད་བྱིན་གྱིས་ རློབ། །ལེགས་པར་བྱིན་གྱིས་བརླབས་ན་ནི། །སངས་རྒྱས་ཐམས་ཅད་འདུས་པར་འགྱུར། །སངས་རྒྱས་ཀུན་དང་མཉམ་སྦྱོར་བས། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །སངས་རྒྱས་ཀུན་དང་མཉམ་པས་ན། །སངས་རྒྱས་ཐམས་ཅད་རབ་ཏུ་འགྲུབ། །རྡོ་རྗེ་སེམས་ དཔའ་དཔལ་སྦྱོར་བའི། །མཐུ་ཉིད་ཀྱིས་ནི་ཐམས་ཅད་དུ། །མདོར་ན་ཕྱག་རྒྱ་ཐམས་ཅད་ནི། །སོ་སོ་དག་ནས་གྲུབ་པ་སྟེ། །བལྟ་བས་མི་ངོམས་པ་ཡི་སྐུ། །ཐམས་ཅད་བདག་ཉིད་སྟོན་པར་མཛད། །ལེགས་སོ་ལེགས་སོ་ཞེས་གྲུབ་པའི། །དམ་པ་དག་ཀྱང་རབ་ཏུ་སྩོལ། ། བསམ་པ་ཐམས་ཅད་ཡོངས་རྫོགས་པའི། །གྲུབ་པ་ཀུན་མཆོག་ཉམས་དགའ་བ། །ཇི་ལྟར་འདོད་པའི་ལོངས་སྤྱོད་དུ། །ཐམས་ཅད་ཀྱི་ནི་བདག་ཉིད་སྩོལ། །དང་པོ་ཀུན་ལས་བྱུང་བ་ཡི། །མཆོད་པའི་སྤྲིན་ཆེན་ཐམས་ཅད་ཀྱི། །བཀོད་པ་རབ་འབྱམ་ཚོགས་རྣམས་ཀྱིས། ། ཐམས་ཅད་བདག་ཉིད་མཆོད་པ་མཛད། །དཔལ་ལྡན་གཡོན་པ་འགྱིང་དང་བཅས། །དཔལ་ལྡན་ལག་པ་གཡས་པ་ཡི། །པདྨོ་ཁུ་ཚུར་དཔྲལ་བར་བཞག་།བདག་གི་མིག་ནི་གྱེན་དུ་བལྟ། །འདི་ནི་རྡོ་རྗེ་སེམས་དཔའ་ཡི། །ཕྱག་རྒྱ་ཐམས་ཅད་རབ་སྒྲུབ་པའོ། །གྱེན་དུ་འཕར་ བའི་དངོས་གྲུབ་དང ། །རབ་འབྱམ་ལས་རྣམས་མྱུར་དུ་འགྲུབ། །ཕྱག་རྒྱ་འདི་ཡིས་བཏབ་ན་ནི། །ཁམས་གསུམ་པ་དག་མ་ལུས་པ། །རྒྱས་བཏབ་རྨོངས་བྱས་ཟོས་པ་དང ། །ཐལ་བར་གྱུར་པའང་འཚོ་བར་བྱེད། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་དེ་སྐད་གསུངས་སོ། ། ཀུན་ཏུ་སྣ་ཚོགས་སྐལ་བཟང་པོ། །དཔལ་རྡོ་རྗེ་པདྨ་གྱེན་དུ་འཕར་བའི་སྤྱན་ཞེས་བྱ་བའི་ཕྱག་རྒྱ་སྟེ། རྣམ་པ་སྣ་ཚོགས་ཐམས་ཅད་ཀྱི་ཕྱག་རྒྱ་དང་ཕྱག་རྒྱའི་ལན་ཞེས་བྱའོ། །སངས་རྒྱས་ཐམས་ཅད་འདུས་པ་ཡིས། །རྟག་ཏུ་དཔག་མེད་ཚེ་དང་ལྡན། །ནམ་མཁའི་དབྱིངས་
77-1-193a
ཀྱི་མཐའ་ཀླས་པའི། །བདེན་པའི་ཚིག་ནི་རབ་ཏུ་སྨྲ། །མཐའ་ཡས་པ་དང་མུ་མེད་པའི། །རྟོག་པ་ཀུན་དང་འདི་ཡི་ནི། །མཐུ་དང་ཡོན་ཏན་བསྔགས་པའི་མཐའ། །བརྗོད་པ་དག་ཏུ་ཡོངས་མི་ནུས། །མཐུ་དང་རང་བཞིན་དག་གིས་གྲུབ། །ངོ་བོ་ཉིད་ཀྱིས་རྟག་ཏུ་ འགྲུབ། །སོ་སོར་རྗེས་གྲུབ་བདེ་བ་སྟེར། །འདི་ནི་གསང་མཆོག་མཆོག་གི་མཆོག་།སེམས་ཅན་དོན་ཕྱིར་ལས་རྣམས་སྦྱོང་བ་དང ། །རྣམ་པར་དག་པར་རྒྱལ་བ་ཡོང་མི་མཛད། །འདི་ལ་བགེགས་མེད་བདུད་ཀྱང་ཡོད་མ་ཡིན། །རྟོག་པས་མི་འགྲུབ་ཐར་བར་ཡོང་མི་ནུས། ། མི་བརྟན་པ་དང་བདུད་དུ་ང་མི་འགྱུར། །བརྟན་པར་བྱ་བའི་ཕྱིར་ཡང་ང་མི་འདོམས། །གང་ཞིག་རང་གི་བདེ་བས་ང་སྒྲུབ་ན། །དངོས་གྲུབ་མཆོག་གིས་ང་ཡི་བསྟན་པར་བྱེད། །ཀུན་ཏུ་སྣ་ཚོགས་པས་ནི་དེ་སྐད་གསུངས། །བཅོམ་ལྡན་དེ་བཞིན་གཤེགས་པ་རྟག་ཏུ་དགྱེས། །རྡོ་རྗེ སེམས་དཔའ་དཔལ་གྱིས་ལེགས་གསུངས་ལ། །མངོན་པར་བསྟོད་ཅིང་རབ་ཏུ་དགྱེས་པར་གྱུར། །ལེའུ་བཅུ་པའོ།། །།རྣམ་མང་རྗེས་ཆགས་དགའ་བའི་པདྨོ་རྣམ་དག་མཆོད་པ་དང ། །རྟ་མཆོག་རྣལ་འབྱོར་བདེ་བས་གསལ་བར་རྗེས་སུ་མཆོད་ན་ནི། །རབ་ཏུ་ བདེ་བའི་རྣལ་འབྱོར་དམ་པ་སྐལ་བཟང་དགའ་བའི་མཆོག་།རབ་མཆོག་བདེ་བའི་རང་བཞིན་དམ་ཚིག་བདེ་བས་རྗེས་གྲུབ་འགྱུར། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་དེ་སྐད་གསུངས་སོ། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་སྒྱུ་མ་བདེ་བའི་ མཆོག་ཅེས་བྱ་བའི་རྟོག་པ། རྟོག་པ་ཐམས་ཅད་ཀྱི་འཁོར་ལོ་བསྐོར་བ་ཆེན་པོ་བདེ་བ་ཆེན་པོ་རྫོགས་སོ།། ་་་་་་་་་