rKTs


D604

(e-text produced by ADARSHA)

see text in transliteration
90-1-268a
༄##། །རྒྱ་གར་སྐད་དུ། ཀྲོ་དྷ་བི་ཛ་ཡ་ཀལྤ་གུ་ཧྱ་ཏནྟྲ། བོད་སྐད་དུ། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་གསང་བའི་རྒྱུད། བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་ཕྱག་ འཚལ་ལོ། །དེ་ནས་འཇམ་པའི་དབྱངས་ཀྱི་ནི། །ཁྲོ་བོ་འདི་མིང་གཤིན་རྗེའི་གཤེད། །མཚོན་ཆ་མེ་ལྕེ་འབར་བས་འཁྲུགས། །དྲག་ལ་མཐུ་རྩལ་དྲག་ལྡན་པ། །དེ་མཐོང་ནས་ནི་ཁྲོ་བོ་གཞན། །ཐམས་ཅད་ཀྱི་ནི་ལག་ཆ་ཤོར། །དེ་བཞིན་དུ་ནི་འཇིག་རྟེན་པའི། ། ལྷ་རྣམས་ལུས་ཀྱིས་འདུད་པར་བྱེད། །གཞན་ཡང་ཐལ་མོ་སྦྱར་བྱས་ཏེ། །སྐྲག་ནས་སྟོད་པ་མང་པོ་བྱེད། །ལྷ་རྣམས་མང་པོ་ཇི་སྙེད་ཀུན། །འཇམ་དཔལ་ཁྲོ་བོའི་གཟི་བརྗིད་ཀྱིས། །གཟིར་བཞིན་དུ་ནི་རབ་སྨྲས་པ། །བཅོམ་ལྡན་བདག་ཅག་སངས་རྒྱས་དང ། ། ཆོས་དང་དགེ་འདུན་སྐྱབས་མཆིས་ཀྱིས། །རབ་ཏུ་མི་བཟད་འཇིགས་པའི་གཟུགས། །གཟི་བརྗིད་འབར་བས་ཕྱོགས་ཁྱབ་པ། །ཁམས་གསུམ་འཁྲུགས་པར་མཛད་པ་མཐོང ། །གང་ཚེ་ལྷ་དང་ལྷ་མིན་རྣམས། །སྐྲག་ནས་སྐྱབས་སུ་དོང་བ་ན། །དེ་ཆེ་འཇམ་ པའི་དབྱངས་ཀྱི་ནི། །ཁྲོ་བོས་སླར་ཡང་ཞི་བར་གྱུར། །གཤིན་རྗེ་གཤེད་ཅེས་བྱ་བ་ཡི། །ཁྲོ་བོ་ཆེན་པོ་ཞི་བ་ལ། །དེ་ནས་སྐྱབས་སུ་དོང་བ་ཡི། །ལྷ་རྣམས་ཀུན་གྱིས་ཞུས་པ་ནི། །ཁྱོད་ཀྱི་བརྩོན་འགྲུས་མཆོག་འཚལ་བས། །ཅི་ལྟ་བུར་ན་མཉེས་པར་བགྱི། །
90-1-268b
ཅི་ལྟར་ཡང་ནི་དང་བར་འགྱུར། །བདག་ཅག་ཐེ་ཙོམ་ཆེན་པོ་མཆིས། །ཁྲོ་བོས་ལྷ་རྣམས་ཚིག་གསན་ནས། །གཤིན་རྗེའི་གཤེད་ཀྱིས་བཀའ་སྩལ་པ། །ལྷ་རྣམས་ཐམས་ཅད་ཁྱོད་ཉོན་ཅིག་།ང་ནི་དུས་གསུམ་སྔོན་དུ་འབྱུང ། །སངས་རྒྱས་ཀུན་གྱི་སྔོན་དུ་བྱུང ། ། ང་ནི་དུས་གསུམ་ཕྱིས་ཀྱང་འབྱུང ། །ང་ནི་དུས་གསུམ་ད་ལྟར་འབྱུང ། །ང་ནི་ལྔ་བརྒྱ་ཐ་མའི་ཚེ། །ང་ཡི་བསྟན་པ་འབྱུང་བར་བྱེད། །བསྟན་པ་ཐམས་ཅད་ནུབ་པའི་ཚེ། །ང་ཡི་བསྟན་པ་འབྱུང་བར་བྱེད། །ལས་ངན་མཚམས་མེད་བྱེད་པའི་ཚེ། །དེ་ཚེ་ང་ཡི་བསྟན་པ་ འབྱུང ། །ཟས་ངན་ལྕི་བ་ཟ་བའི་ཚེ། །དེ་ཚེ་ང་ཡི་བསྟན་པ་འབྱུང ། །གོས་ངན་དུག་ཧྲུལ་གྱོན་པའི་ཚེ། །དེ་ཚེ་ང་ཡི་བསྟན་པ་འབྱུང ། །ང་ནི་དུས་གསུམ་འབྱུང་བའི་སྐུ། །བསྟན་པ་ཐམས་ཅད་ནུབ་པའི་ཚེ། །དེ་ཚེ་ང་ཡི་བསྟན་པ་འབྱུང ། །ཇི་ལྟ་བུར་ནི་ཞིར་འགྱུར་ ཡང ། །ང་ནི་ཐམས་ཅད་ཞི་བའི་སྐུ། །ཇི་ལྟ་བུར་ནི་ཁྲོས་གྱུར་ཡང ། །ཐམས་ཅད་ཁྲོས་པ་ང་ཡི་སྐུ། །གཟི་བརྗེད་ཆེན་པོ་ཁྱེད་རྣམས་ཀུན། །གང་ཚེ་གསུམ་ལ་སྐྱབས་སོང་བ། །དེ་ཚེ་ང་ཡི་མི་བཟད་པ། །ཁྲོ་བོ་ཡིད་ལ་གནས་པར་གྱིས། །དཀོན་མཆོག་གསུམ་ ནི་གནས་པ་དང ། །དེ་ཡི་བཀའ་ཡང་བསྐྱང་བ་དང ། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ང་ཡི་ཡིད་ནི་ཞི་འགྱུར་གྱིས། །ཁྱེད་རྣམས་སྐྱབས་སུ་དོང་བ་ཡི། །བྱང་ཆུབ་སེམས་དང་ལྡན་པ་ཡིས། །ཐམས་ཅད་དོན་ནི་བསྒྲུབ་པའི་མཆོག་།ཡི་གེ་འབྲུ་ནི་བཅུ་བདུན་ པོ། །ང་ཡི་སྙིང་པོ་ཡིད་ལས་བྱུང ། །ལྷ་རྣམས་ཀུན་གྱིས་གཟུང་བར་གྱིས། །གཤིན་རྗེ་གཤེད་པོ་བདག་ཉིད། །སྙིང་པོ་རབ་ཏུ་གསུངས་པ་ན། དེ་ནས་ས་ནི་གཡོས་པར་འགྱུར། །རྒྱ་མཚོ་ཡང་ནི་རབ་ཏུ་འཁྲུགས། །གནོད་སྦྱིན་དང་ནི་སྲིན་པོ་དང ། །ཤ་ཟ་ ལ་སོགས་ཕུང་བར་གྱུར། །ལྷ་རྣམས་ཀུན་ནི་ཕྱག་འཚལ་ཞིང ། །ཡན་ལག་ཀུན་ནས་སྤུ་ལངས་ནས། །གཤིན་རྗེ་གཤེད་པོ་ཁྲོ་བོ་ཡི། །ཁྲོ་བོ་སྙིང་པོ་དེ་བཟུང་ངོ ། །དེ་ནས་དམ་ཆོས་བསྲུང་བའི་ཕྱིར། །ཁྲོ་བོ་རྣམ་པར་རྒྱལ་བ་ཡི། །རྟོག་པ་འདི་ནི་དེ་དག་ལ། །གཤིན་
90-1-269a
རྗེ་གཤེད་ཀྱིས་རྒྱས་པར་གསུངས། །དེ་ནས་ཁྲོ་བོ་རྣམ་རྒྱལ་གྱི། །རྟོག་པ་ཁྲོ་བོ་ཉིད་ཀྱིས་གསུངས། །སྙིང་རྗེ་བྱང་ཆུབ་སེམས་ལྡན་པའི། །ལྷ་རྣམས་ཀྱིས་ཐོས་དགའ་གྱུར་ནས། །དཀོན་མཆོག་གསུམ་ནི་བསྲུང་བའི་ཕྱིར། །སོ་སོ་ཡི་ནི་རྟོག་པ་ བཤད། །དེ་དག་གིས་ནི་རྩ་བའི་རྒྱུད། །ཁྲོ་བོ་ཉིད་ཀྱིས་རབ་གསུངས་པ། །ཁྲོ་བོ་རྣམ་རྒྱལ་ཞེས་བྱ་འདི། །འཇིག་རྟེན་འདས་དང་འཇིག་རྟེན་པས། །སྔོན་ནས་ཕྱག་བྱས་ཁྲོ་བོ་ཡི། །ཞལ་ནས་ཇི་བཞིན་ཐོས་ནས་ཀྱང ། །ཁྲོ་བོ་ཉིད་ཀྱིས་གསུངས་པ་ཡི། །རྒྱུད་འདི་ བྱང་ཆུབ་སེམས་རྣམས་ཀྱིས། །སྙིང་རྗེ་དེ་བཞིན་རྒྱས་པ་དང ། །རྣམ་པ་མང་པོར་བྱིན་གྱིས་བརླབས། །འཇམ་དཔལ་གྱི་རྩ་བའི་རྟོག་པ་ཁྲོ་བོ་རྣམ་པར་རྒྱལ་བ་ལས་རྒྱུད་འབྱུང་བ་ཞེས་བྱ་བའི་སྐབས་ཏེ་དང་པོའོ།། །།དེ་ནས་ཁྲོ་བོ་རྣམ་པར་རྒྱལ། །འཇམ་དཔལ་ཁྲོ་ བོས་བཤད་པ་ཡི། །བརྟག་པ་རྨད་དུ་བྱུང་བའི་མཆོག་།མདོར་ནི་རབ་ཏུ་བཤད་པར་བྱ། །དེ་ལ་འདི་ཡི་དཀྱིལ་འཁོར་ནི། །དངོས་གྲུབ་ཐམས་ཅད་སྦྱིན་མཛད་པའི། །འཇིག་རྟེན་གསུམ་པོ་འཁྲུགས་པར་མཛད། །ཡི་དགས་མང་པོ་ཞེས་བྱའོ། །ཐམས་ཅད་དུ་ནི་ དཀྱིལ་འཁོར་འདི། །གནས་ནི་གང་དུ་འགྲུབ་པར་འགྱུར། །སྔགས་པས་ཐོག་མ་ཉིད་དུ་ནི། །དེ་ཡི་གནས་ནི་བརྟག་པར་བྱ། །ཤིང་གཅིག་པའམ་དུར་ཁྲོད་དང ། །ཁྱིམ་སྟོང་དང་ནི་བཞི་མདོ་དང ། །མཆོད་རྟེན་དང་ནི་མུ་གཉིས་དང ། །ཐིབས་པོ་སྟོང་པ་ལམ་སྲང་ རྙིང ། །སྐྱེད་མོས་ཚལ་དང་རི་ཡི་རྩེ། །ཆུ་ཡི་འགྲམ་དང་ནགས་ཚལ་དང ། །ཡང་ན་མཚོ་ཡི་འགྲམ་དང་ནི། །ལྷ་ཆེན་གྱི་ནི་གནས་ཀྱང་རུང ། །བ་ལང་ལྷས་ས་མ་གཡུལ་གྱིས། །ཁྱད་པར་དུ་ནི་ཡུལ་གཙང་བར། །གང་དུ་ཡིད་ནི་དགའ་བར་ཡང ། །དེས་ནི་ དཀྱིལ་འཁོར་རབ་ཏུ་བྱ། །དེ་ནས་རིག་འཛིན་ནན་ཏན་གྱིས། །ས་ནི་ཡང་དག་སྦྱང་བྱ་སྟེ། །བ་ཚཝ་མེད་ཅིང་མ་གས་པ། །མཉམ་ཞིང་ཟུག་རྔུ་མེད་པ་ལ། །ཤར་དང་བྱང་ནི་མཐོ་བ་དང ། །ཁ་དོག་སྣུམ་པ་ལྷག་པར་བཟང། །བ་ལས་བྱུང་བ་རྣམ་ལྔ་དང ། །ལྡན་པ་ཡི་
90-1-269b
ནི་ལྕི་བས་བྱུག་།ཅི་རིགས་པར་ནི་བྱུགས་ནས་ཀྱང ། །སློབ་དཔོན་གྱིས་ནི་ཁྲུས་བྱས་ནས། །སྨྱུང་བ་བྱས་ཏེ་མཉམ་བཞག་ནས། །ཁྲོ་བོའི་བསྲུང་བས་བྱིན་གྱིས་བརླབ། །ཡི་དགས་ཕལ་ཆེན་ཞེས་བྱ་བའི། །དཀྱིལ་འཁོར་གསང་མཆོག་ནུབ་མོ་བྲི། །ཟར་ མའི་རས་སམ་རས་བལ་ལས། །ཐིག་སྐུད་གསུམ་སྒྲིལ་མཛེས་པ་ཡིས། །གྲཝ་བཞི་དང་ནི་སྒོ་བཞི་པར། །མཁས་པས་དཀྱིལ་འཁོར་ཐིག་བཏབ་སྟེ། །ཐོག་མར་ཤར་དང་བྱང་ནས་ནི། །ལྷོ་དང་ནུབ་ཀྱི་བར་དུ་འོ། །ཐིག་སྐུད་དེ་ནི་ཕྱོགས་མཚམས་ནས། །དེ་ནས་ ཀྱང་ནི་དྲང་བར་བྱ། །ཤར་དང་ལྷོ་ཡི་མཚམས་དང་ནི། །ནུབ་དང་བྱང་གི་མཚམས་དག་ཏུ། །ཐིག་གིས་རབ་ཏུ་ཚད་བྱས་ཏེ། །གྲུ་བཞི་པར་ནི་ཐིག་གདབ་བོ། །རིམ་པ་གཅིག་པ་མཛེས་པ་ལ། །སྒོ་བཞི་དག་གིས་མཛེས་པར་བྱ། །ལྷོ་ཕྱོགས་ཀྱི་ནི་སྒོ་ཕྱེ་ལ། ། ལྷག་མ་རྣམས་ནི་གཅད་པར་བྱ། །དཀྱིལ་འཁོར་དང་ནི་འཚམ་པ་ཡི། །དབུས་སུ་པདྨ་བྲི་བར་བྱ། །པདྨ་དང་ནི་ཕྱོགས་བཞི་སྒོ། །ཐེ་ཚོམ་མེད་པར་མཉམ་པར་བྱ། །མཛེས་བྱེད་སྒོ་ཡི་ཕྱེད་དུ་བྱ། །འགྲམ་པ་འདབ་མའི་ཚད་དང་མཉམ། །ཉེ་བ་ཡི་ནི་མཛེས་ བྱེད་ཀྱང ། །མཛེས་བྱེད་དང་ནི་འདྲ་བར་བྱ། །ཆོ་ག་བཞིན་དུ་དཀྱིལ་འཁོར་ཏེ། །ཀུན་ཏུ་ཐིག་ནི་བཏབ་ནས་ཀྱང ། །ཕྱི་ནས་ཚུལ་བཞིན་རིག་འཛིན་གྱིས། །དུར་ཁྲོད་ཐལ་བས་བྲི་བ་ནི། །རྟག་ཏུ་ཤར་བྱང་ལ་སོགས་པའི། །གྲཝ་ཡི་ནང་ནི་དེ་དག་ཏུ། །མཁས་པས་ བེ་ཅོན་ཕྱག་རྒྱ་བྲི། །ཕྱོགས་ཀྱི་སྒོར་ནི་ཡི་དགས་བཞག་།གཞན་ཡང་ཡི་དགས་ལྔ་པ་ནི། །པདྨའི་སྟེང་དུ་བསམ་པར་བྱ། །དེ་བཞིན་ཕྱི་སྒོའི་ནང་དག་དང ། །ཕྱོགས་རྣམས་དེ་དག་ཐམས་ཅད་དུ། །མི་རོ་མགོ་མེད་ཡི་དགས་རྣམས། །དུར་ཁྲོད་ཐལ་བས་དངར་ ཏེ་བྲི། །དེ་ཕྱིར་ཡི་དགས་ཕལ་ཆེན་ཡིན། །ཁྲུ་གང་ལ་སོགས་རིམ་པ་ནས། །ཁྲུ་བརྒྱད་པ་ཡི་བར་དུ་སྟེ། །དེ་ལས་ལྷག་པར་ཡོང་མི་བྲི། །རྟག་ཏུ་བདག་ཉིད་མཆོད་པ་ནི། །ཁྲུ་གང་པ་ནི་བྲི་བར་བར་བྱ། །ཞི་བ་དང་ནི་རྒྱས་པ་དང ། །མི་རྒྱལ་སྒྲུབ་པ་ཁྲུ་དོར་བསྟན། །སེམས་ཅན་
90-1-270a
ཀུན་ནི་བསྐྲད་པ་དང ། །དེ་བཞིན་གཞིག་ལ་ཁྲུ་གསུམ་པ། །ཁྲུ་བཞི་དབང་དང་དགུག་པ་ཡི། །ལས་རྣམས་ཀྱི་ནི་མཆོག་ཏུ་གསུངས། །ཁྲུ་ལྔ་ནད་དང་མི་ནད་དང ། །དགྲ་རྣམས་མེད་པར་བརྩལ་བའི་མཆོག་།ཁྲུ་དྲུག་བགེགས་རྣམས་ཐམས་ཅད་ དང ། །གདོན་རྣམས་ངེས་པར་ཟློག་པར་བྱེད། །ཁྲུ་བདུན་པ་ནི་ལྷ་ཡི་རྣམས། །དབང་དང་དགུག་པའི་ལས་རྣམས་བྱེད། །ཁྲུ་བརྒྱད་པ་ནི་དངོས་གྲུབ་ཀུན། །སྦྱིན་སྲེག་མཆོག་ཏུ་ཤེས་པར་བྱ། །དེ་ལྟར་ཅི་རིགས་བྲིས་ནས་ནི། །དེ་ནས་གཙང་མས་ཉེ་རེག་བྱ། །ཆུ་ཡི་ཕྱིར་ནི་ ཆུ་ཡི་སྣོད། །ཆུ་ནི་རབ་ཏུ་དགང་བར་བྱ། །དེ་བཞིན་མེ་ཏོག་དོན་དུ་ཡང ། །མེ་ཏོག་སྡུག་གུ་དྲི་ཞིམ་དང ། །མེ་ཏོག་ཕྲེང་བས་སྣོད་མཆོག་གཞན། །ལེགས་པར་དགང་ཞིང་མཛེས་པར་བྱ། །དྲི་ཡི་དོན་དུ་བྱ་བ་ནི། །ཙནྡནདཀར་པོ་དམར་པོ་བླང ། ། ག་རུ་དང་སྦྱར་བ་ཡི། ། གུ་གུལ་བདུག་པ་དེ་བཞིན་ནོ། །མར་མེ་མར་གྱིས་མར་མེ་དང ། །མཁས་པས་སྙིང་པོ་འཇམ་པའོ། །དྲག་པོ་ཡི་ནི་ལས་དག་ལས། །མི་ཡི་ཚིལ་གྱིས་བྱ་བར་བཤད། །གཏོར་མ་ཉ་དང་ཤ་ལ་སོགས། །སྦྱར་ཐུག་ལ་སོགས་ལྷག་པར་དབུལ། །དེ་ལྟར་དེར་ནི་ཚོགས་ བསགས་ནས། །དེ་ནས་རིག་སྔགས་འཆང་བ་ཡིས། །སངས་རྒྱས་ཀུན་ལ་ཕྱག་བྱས་ཏེ། །བྱང་ཆུབ་སེམས་ལ་དམིགས་ནས་ནི། །རི་མོ་ཡི་ནི་ལས་རྣམས་དག་།གལ་ཏེ་འདྲི་བར་མི་ནུས་ན། །ཡི་དགས་ཕལ་ཆེན་དབུས་དག་ཏུ། །པདྨ་སྔར་བྲིས་གང་ཡིན་པ། །དེ་ཡི་ སྟེང་དུ་ཡི་དགས་ནི། །མཁས་པས་ཡིད་ཀྱིས་བསམ་པར་བྱ། །ཡི་དགས་ཀྱི་ནི་སྔགས་མཆོག་གིས། །བསམ་པ་དག་ནི་བྱས་ནས་ཀྱང ། །གྲཝ་ཡི་བེ་ཅོན་བཞི་པོ་ཡང ། །སྔགས་ཉིད་ཀྱི་ནི་བསམ་པར་བྱ། །གལ་ཏེ་འདྲི་བར་ནུས་ན་ནི། །སྔགས་ཉིད་སྟེང་དུ་གཞག་པར་ བྱ། །སྒོ་ཡི་ཡི་དགས་བཞི་པོ་ཡང ། །གལ་ཏེ་བྲི་བར་མ་ནུས་ན། །དེ་བཞིན་ཡི་དགས་འཛིན་སྔགས་ཀྱིས། །བྱིན་གྱིས་རློབ་པར་གསུངས་པ་སྟེ། །དེ་ཡི་ནང་དུ་རང་སྔགས་ཀྱི། །བྱིན་གྱིས་རློབ་པར་བྱ་བའི་ཕྱིར། །རྐང་ལག་མགོ་བོ་དཔུང་པ་དང ། །དེ་བཞིན་གཞན་ཡང་
90-1-270b
དཔུང་པ་དང ། །གཞན་ཡང་དེ་བཞིན་ལག་པའི་ཕྲེང ། །ཐོད་པ་ཀེང་རུས་མི་ལྤགས་རློན། །རོ་ཡི་ཕྲེང་བ་བསམ་པར་བྱ། །དེ་ཡི་ནང་དུ་རང་སྔགས་ཀྱིས། །བྱིན་གྱིས་རློབ་ཏུ་གཞུག་པར་བྱ། །དེ་ལྟར་ཆོ་ག་བཞིན་བསམས་ནས། །མཇུག་ཏུ་ཁྲོ་བོ་གཤིན་རྗེ་གཤེད། ། སྔགས་བརྗོད་པས་ནི་སྤྱན་དྲངས་ནས། །རང་གི་སྙིང་པོས་བཞུགས་སུ་གསོལ། །ཁྲོ་བོ་འཁྲུགས་པ་འཇིགས་མཛད་པ། །སྐུ་ནི་མེ་ལྕེ་འབར་བ་འདྲ། །གཟི་བརྗིད་འཕགས་པ་བསམ་པ་ནི། །སྐུ་མདོག་སྟང་ཟིལ་བཅག་འཕྲོ་འདྲ། །ཞལ་དྲུག་སྐྲ་ཡང་ཁམ་པར་འདུག་། སྨིན་མ་ཁམ་པ་མིག་ཀྱང་སེར། །སྤྱན་གསུམ་མིག་ནི་ཟླུམ་པ་སྟེ། །ཕྱག་ནི་བཅུ་གཉིས་པ་ཡི་གཟུགས། །དེ་བཞིན་ཡི་དགས་སྟེང་ན་བཞུགས། །ཞབས་དྲུག་གིས་ནི་མཛེས་པར་བྱས། །ཏྲི་ཤཱུལ་རལ་གྲི་དབྱུག་དགྲ་སྟ། །སྦྱིན་པའི་ཕྱིར་ནི་ཕྱག་བརྐྱང་བ། །ལྕགས་ཀྱུ་ ཡི་ནི་མཚོན་ཆ་དག་།གཡས་པའི་ཕྱག་ན་དེ་བཞིན་བསྣམས། །དེ་བཞིན་གཡོན་པའི་དྲུག་པོ་ཡང ། །ཐོད་པ་མདུང་ཐུང་མདའ་བོ་ཆེ། །མཛུབ་མོས་བསྡིགས་དང་ཞགས་པ་བསྣམས། །ཕྱག་ན་དབྱུག་ཏོ་བསམ་པར་བྱ། །མི་མགོ་རློན་དང་སྐམ་པོ་དང ། །ཡི་དགས་ ཕྲེང་བས་རྣམ་པར་བརྒྱན། །སྟག་གི་པགས་པའི་ན་བཟའ་གསོལ། །སྐུ་ཡང་ཆེ་ལ་གསུས་ཁྱིམ་ཆེ། །ཞལ་གྱི་དབྱིབས་ནི་དུ་མ་སྟེ། །སྐྲ་ནི་རྒྱ་མཚོ་འཁྲུགས་པ་འདྲ། །ཞལ་གཅིག་བཞད་ཅིང་ཞལ་གཅིག་ཞི། །ཞལ་གཅིག་འཇིགས་པར་བགྲད་པའི་ཞལ། །ཞལ་གཅིག་ ཞལ་ནི་གདངས་པ་སྟེ། །ལྗགས་ཀྱང་བསྐྱོད་པར་མཛད་པ་དང ། །ཞལ་གཅིག་ཞལ་ནི་མཆེ་བ་གཙིགས། །དེ་ལྟར་སྙིང་པོས་ལེགས་པར་ནི། །སྤྱན་དྲང་མཆོད་ཡོན་དབུལ་བར་བྱ། །དེ་ནས་དྲི་དང་སྦྱར་བའི་ཆུས། །མཆོད་ཡོན་ཆོ་ག་བཞིན་ཕུལ་ནས། །ཡི་དགས་ ཀྱི་ནི་སྤྱི་བོར་ཡང ། །མེ་ཏོག་དམར་པོ་གཞག་པར་བྱ། །བློ་ཆེན་གྱིས་ནི་ཁྲོ་བོ་ལ། །དེ་ནས་ཙནྡན་དམར་པོ་དབུལ། །དྲི་ཡི་འོག་ཏུ་མེ་ཏོག་རྣམས། །ཙནྡན་གྱི་ནི་གཏོར་མ་དབུལ། །མེ་ཏོག་མེ་ཏོག་ཕྲེང་བ་རྣམས། །མེ་ཏོག་སྔགས་ཀྱིས་དབུལ་བར་བྱ། །མེ་ཏོག་
90-1-271a
སྔགས་ཀྱིས་རིམ་བཞིན་དུ། །མེ་ཏོག་ཆོ་ག་བཞིན་ཕུལ་ནས། །རང་གི་སྙིང་པོ་སྔགས་ཀྱིས་ཀྱང ། །ཁྲོ་བོ་ཡི་ནི་སྤྱི་བོ་དང ། །ཁྲོ་བོ་གཙོ་བོའི་སྙིང་གར་ནི། །སྙིང་པོ་རྣམ་པར་དགོད་པར་བྱ། །མཚོག་མར་དེ་ཡི་མཚོག་མ་དང ། །དེ་ཡི་གཙུག་ཏུ་ སྤྱི་གཙུག་གཞག་།དེ་ཡི་ལུས་ལ་གོ་ཆ་དང ། །མཚོན་ཆའི་ཚོགས་ལ་མཚོན་བཞག་སྟེ། །འདི་སྐད་བསྟན་པ་འདི་དག་ནི། །མེ་ཏོག་དག་གིས་དགོད་པར་བྱ། །དེ་ལྟར་ཅི་རིགས་མཆོད་ནས་ཀྱང ། །བདུག་པ་རང་གི་སྔགས་ཀྱིས་དབུལ། །དེ་ནས་མར་མེ་རབ་ འབར་བ། །ཕྱོགས་བརྒྱད་དུ་ཡང་ད་གོད་པར་བྱ། །འབྱུང་པོའི་གཏོར་མ་ཁྲོ་བོ་ལ། །ཕུལ་ནས་ཡི་དགས་ཕལ་ཆེན་གྱི། །ཕྱི་རོལ་དུ་ནི་མཁས་པ་ཡིས། །སྨེ་གཏོར་རྣམས་ནི་སྦྱིན་པར་བྱ། །ཁྲོ་བོ་གཙོ་ལ་དེ་ཕྱོགས་ཏེ། །དེ་ནས་ཡང་ནི་བདུག་པ་འབུལ། །དེ་ཡི་ཕྱི་ རོལ་ཆུ་བཅས་སྣོད། །མེ་ཏོག་གིས་ནི་བཀང་སྟེ་བཞག་།ཆོ་གས་ཁྲུས་ཀྱི་སྨྱུང་བ་ཡི། །སློབ་མ་དག་ནི་བོས་ནས་ཀྱང ། །སྔགས་ཀུན་གྱིས་ནི་གཟི་བསྐྱེད་ལ། །ཁྲོ་བོ་ཡི་ནི་སྙིང་པོ་ཡིས། །ལག་གཉིས་མེ་ཏོག་བྱིན་ནས་ནི། །གོས་ཀྱིས་གདོང་ནི་གཡོག་པར་བྱ། ། དཀོན་མཆོག་གསུམ་ནི་དྲན་བྱས་ལ། །སློབ་དཔོན་གྱིས་ནི་གཞུག་པར་བྱ། །རང་གི་སྙིང་པོས་མེ་ཏོག་ཉིད། །དཀྱིལ་འཁོར་ལ་ནི་གཏོར་དུ་གཞུག་།དེ་ནས་བེ་ཅོན་ཞེས་པ་ཡི། །ཕྱག་རྒྱ་སྔགས་པས་དེ་ལ་བསྟན། །དཀོན་མཆོག་གསུམ་ནི་གསང་བ་ཡི། །དམ་ ཚིག་དེ་ལ་སྦྱིན་པར་བྱ། །དེ་ནས་གྲུབ་པར་བྱ་བའི་ཕྱིར། །སྔགས་པས་ཆུ་དང་མེ་ཏོག་གིས། །ཁྲོ་བོའི་གཙོ་བོའི་གསང་སྔགས་དག་།དབང་བསྐུར་ནས་ནི་དེ་ལ་སྦྱིན། །དེ་ནས་ཁྲོ་བོའི་སྙིང་པོ་ཡིས། །ཆོ་ག་བཞིན་དུ་དབང་བསྐུར་ནས། །མེ་ཏོག་བདུག་པའི་ཕྲེང་ བ་ཡིས། །སྙིང་པོ་དེ་ལ་སྦྱིན་པར་བྱ། །ཁྲོ་བོ་ཡི་ནི་སྙིང་པོ་མཆོག་།དེས་ཀྱང་དེ་ལྟར་མནོས་ནས་ནི། །དེ་ནས་བླ་མ་ཕྱག་བྱས་ནས། །ཅི་ནུས་སྦྱིན་པས་མཆོད་པར་བྱ། །སྔགས་པས་བླ་མ་མཆོད་བྱས་ན། །དངོས་གྲུབ་ཐོབ་འགྱུར་གཞན་དུ་མིན། །སློབ་མ་སྙིང་པོ་བྱིན་ནས་
90-1-271b
ཀྱང ། །ཕྲེང་བ་ཙནྡན་ལ་སོགས་པས། །མཆོད་ནས་དེ་ཡི་འོག་ཏུ་ནི། །ཕྱི་རོལ་དུ་ནི་སྔར་བཞག་པའི། །དྲི་ཆུ་ལ་སོགས་བཀང་བའི་སྣོད། །དེ་བླངས་མཆོད་ཡོན་ཕུལ་ནས་ནི། །འཇམ་དབྱངས་ཁྲོ་བོ་མི་བཟད་པའི། །མཐུ་རྩལ་དྲག་པོ་གཤེགས་སུ་གསོལ། ། བཞུད་ནས་ཀྱང་ནི་ཡོན་ཆུ་དེ། །དཀྱིལ་འཁོར་ལ་ཡང་དབུལ་བར་བྱ། །རྒྱ་ཆེན་ས་ཡི་དཀྱིལ་འཁོར་ན། །དངོས་གྲུབ་མཚུངས་མེད་འདོད་པ་ཡི། །རིག་སྔགས་འཆང་གིས་དེ་ལྟར་ནི། །མཆོད་པ་རྟག་ཏུ་ལེགས་པར་བྱ། །དེ་ནས་དངོས་གྲུབ་ཐོབ་པར་འགྱུར། །འཇམ་ དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ལས་ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་རིམ་པར་ཕྱེ་བ་སྟེ་གཉིས་པའོ།། །།དེ་ནས་གཞན་ཡང་གསང་སྔགས་རྣམས་འབྱུང་སྟེ། ཨོཾ་ནམཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ པྲེ་ཏ་མུ་ཁ་ཁ་ད་ཀླ་སཝཱཧཱ། དབུས་ཀྱི་ཡི་ དགས་ཀྱིའོ། །ོཾ་ནམཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ཱ་ཀྲོ་དྷ་བི་ཛཱ་ཡ། ཨགཱིར་ཛྭཱ་ལི་ཏེ་ཛི་ཧཝེ་པྲེ་ཏེ་ཤཝ་རི་ཧཱུཾ་ཕཊ། འདི་ནི་གྲཝའི་བེ་ཅོན་བཞིའི་སྔགས་སོ། །ོཾ་ནམཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ོཾ་པྲེ་ཏ་ཐོད་ལཀྤ་ཡ་ཧཱུཾ་ཕཊ། ཤར་གྱི་སྒོའི་ཡི་དགས་ཀྱིའོ། །ོཾ་པྲེ་ཏ་བིགྷྣནྟ་ཀ་ཧཱུཾ་ཕཊ། ལྷོ་སྒོའི་ ཡི་དགས་ཀྱི་འོ། །ོཾ་པྲེ་ཏ་ཛྭ་ལ་ཧཱུཾ་ཕཊ། ནུབ་ཀྱི་སྒོའི་ཡི་དགས་སོ། །ོཾ་ཀྵི་པྲ་པྲེ་ཏོད་ག་ཏ་ཧཱུཾ་ཕཊ། བྱང་སྒོའི་ཡི་དགས་ཀྱིའོ། །ོཾ་ནམཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ པྲེ་ཏམཱ་ལེ་བི་ཀྲྀ་ཏེ། པྲེ་ཏམཱ་ལེ་བི་ཀྲྀ་ཏེ། པྲེ་ཏམཱ་ལེ་བི་ཀྲྀ་ཏེ། གུ་ཧྱ་པེ་ཙི་ཀ་མུ་ཁི་སརྦ་ར་ཀྵོ་པ་ཛུཥྚོ་ཧཱུཾ་ཕཊ། ཡི་དགས་ ཕྲེང་བའི་འོ། །འདི་ནི་ཡི་དགས་ཀྱི་དཀྱིལ་འཁོར་གྱི་སྔགས་ཀྱི་ཚོགས་སོ། །ད་ནི་ཁྲོ་བོ་གཤིན་རྗེ་གཤེད་སྤྱན་དྲང་བ་ལ་སོགས་པའི་སྔགས་ལ་སོགས་པ་འབྱུང་ངོ ། །ོཾ་ན་མོ་བུདྡྷ་དྷརྨ་སཾ་གྷེ་བྷྱཿ ། ཀྲོ་དྷ་བར་བཱི་ར་སརྦ་མ་ཡེ་ན། ཨཱ་གཙྪ། ཨཱ་གཙྪ། ཨོཾ་ཨཱཿ ཧཱུཾ། ཨི་དཾ་པྲེ་ཏ། ཨཱ་ས་ ན་ཎ། པྲེ་ཏོད་ག་ཏན།རཀྵ་ར་ཀྵ་སཝཱཧཱ། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་སྤྱན་དྲང་བའི་སྔགས་སོ། །ོཾ་ཛྭཱ་ལ་ཛྭཱ་ལ་ཏི་བི་གྲ་ཧ་ཧཱུཾ་ཕཊ། གོ་ཆའི་འོ། །ོཾ་ཨཱ་ཀྲོ་དྷི་ཀཱ་ཡ་མཱནྟ་ཀ་ཧ་ནམ་ཐ་བྷཉྫ་ཧཱུཾ་ཕཊ། འདི་ནི་ཁྲོ་བོའི་རྒྱལ་པོ་གང་གིས་རྟོག་པ་འདི་ཡིན་པ་དེའི་སྔགས་ཡི་གེ་འབྲུ་བཅུ་བདུན་
90-1-272a
པའོ། །ོཾ་ཨཱཿ ཧཱུཾ། དེ་ཉིད་ཀྱི་སྙིང་པོའོ། །ོཾ་ཀཱ་ལ་ཧཱུཾ་ཕཊ། མཚོག་མའི་འོ། །ོཾ་ཡ་མཱནྟ་ཀ་ཨེ་ཀ་བཱི་ར་ཧཱུཾ། སྤྱི་གཙུག་གིའོ། །ོཾ་བཻ་བ་སཝ་ཏཱནྟ་ཀ་ཧཱུཾ། མཚོན་ཆའི་འོ། །འདི་ནི་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ཀྱི་ཡན་ལག་ལྔ་པའོ། །ོཾ་ཨེ་ཀ་བཱི་ར་ ཡ་མཱནྟ་ཀ་བི་ས་ར་སཝཱཧཱ། མཆོད་ཡོན་དབུལ་བའི་སྔགས་སོ། །ོཾ་བྷི་མཱནྟ་ཀེ་ཏ་ཛོ་བ་ལིན་ནི་སཝཱ་ཧཱ། ལྷ་བཤོས་ཀྱི་སྔགས་སོ། །ོཾ་བཱ་ཀ་ཙི་ཏ་ཤོ་ནི་ཏྲ་ར་ཏྲ། སཾ་གནྡྷ་བི་གྲ་ཧི་སཝཱ་ཧཱ། དྲིའི་སྔགས་སོ། །ོཾ་དི་བྱ་སྲེཀྨཱ་ལྱ་དྷཱ་རི་ཎེ་སཝཱ་ཧཱ། མེ་ཏོག་གི་སྔགས་སོ། །ོཾ་ཙི་ཏི་དྷུ་བ་ པྲི་ཡཱ་ཡ་སཝཱ་ཧཱ། བདུག་པའི་སྔགས་སོ། །ོཾ་དཱི་པྱ་ཛྱོ་ཏིཥྛ་ཏི་སཝཱ་ཧཱ། མར་མེའི་སྔགས་སོ། །ོཾ་སརྦ་ཨ་མཱི་ཥེ་བྷྱ་བ་ཧ་རི་ཎེ་སཝཱ་ཧཱ། སྨེ་གཏོར་ཐམས་ཅད་ཀྱི་སྔགས་སོ། །ོཾ་དི་བྱ་ན་བྷྱོ་ཛི་ནི། ཧ་ར་ཧ་ར་དྲཾཾཾ་དྲཾ་ཁཱ་ཧི་སཝཱ་ཧཱ། གཏོར་མ་ཐམས་ཅད་དབུལ་བའི་སྔགས་སོ། ། ོཾ་ཁུ་ཁུ་ནི་པྲེ་ཏོཀྟ་ཏེ། པྲེ་ཏ་མཱ་ལེ་ལ་ལི་ནི། མལཱ་མལཱ་ཀླེ་དྷ་ཀླེ་དྷ་པྲི་པྲི་ཏི་ཤི་ཕྲེཾ་དྲིཾ་དྲིཾ་དྲིཾ་དྲཿ ་ཁུ་ཁུ་ནི་གྲི་ཧ་བ་ལིཾ་སཝཱཧཱ། ཡི་དགས་མང་པོའི་དཀྱིལ་འཁོར་གྱི་གཏོར་མའི་སྔགས་སོ། །འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བ་ལས་ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་ གྱི་སྔགས་རིམ་པར་ཕྱེ་བ་སྟེ་གསུམ་པའོ།། །།དེ་ནས་གཞན་ཡང་འཇམ་དབྱངས་ཀྱི། །ཁྲོ་བོ་དཔའ་བོ་གཅིག་པུ་ནི། །ཚད་མེད་གཟི་བརྗིད་བདག་ཉིད་ཆེ། །དེ་ཡི་ཕྱག་རྒྱ་བཤད་པར་བྱ། །ཐོག་མར་དཀོན་མཆོག་གསུམ་པོ་ཡི། །དམ་ཚིག་མངོན་པར་བསྟན་ བྱས་ནས། །ལག་པ་གཡས་པ་ཆོ་ག་བཞིན། །ལེགས་པར་རབ་ཏུ་བཅིང་བར་བྱ། །རིག་འཛིན་དག་གིས་རྟག་པར་ནི། །ལག་པའི་སོར་མོ་ཐམས་ཅད་ཀྱིས། །མཐེ་བོ་ལེགས་པར་སྦས་པ་ནི། །རབ་ཏུ་བསྡམས་པ་བཟང་པོ་བཅིང ། །ཆོ་ག་ཞེས་པའི་བེ་ཅོན་རྒྱ། །སྙིང་ པོ་སྔགས་སམ་ལོགས་ཤིག་ཏུ། །སྔགས་པ་ཕྱག་རྒྱ་སྔགས་ཀྱིས་བཅིང ། །གཞན་དུ་ནམ་ཡང་མི་བཅིང་ངོ ། །ོཾ་ན་མོ་བུདྡྷ་དྷརྨ་སཾ་གྷེ་བྷྱཿ ། ཨོཾ་སརྦ་ཏ་ཐཱ་ག་ཏེ་ཀྲོ་དྷ་བི་ཛཱ་ཡ། ཨགྣིར་ཛྭཱ་ལི་ཏ་ཛི་ཧཝཱ། པྲེ་ཏ་ཤི་ར་ཧཱུཾ་ཕཊ། བེ་ཅོན་གྱི་ཕྱག་རྒྱ་དང་སྔགས་སོ། །ཕྱག་རྒྱ་གཅིག་
90-1-272b
ཕུར་གྱུར་པ་འདི། །ཁྲོ་བོའི་སྙིང་པོ་སྔགས་འབར་བྱེད། །མཚོན་ཆ་མ་ལུས་པ་ཡི་གཙོ། །བདུད་རྣམས་ཐམས་ཅད་ཞི་བར་བྱེད། །ཇི་ལྟར་དཀྱིལ་འཁོར་དུ་བྲི་བ། །དེ་ཡི་ཆོ་ག་བཤད་པར་བྱ། །བེ་ཅོན་དབྱིག་པ་ལྟ་བུའི་ཚུལ། །འདི་ནི་བེ་ཅོན་ཞེས་པར་གྲགས། །ཁྱད་ པར་དུ་ནི་དེ་ཡི་རྩེར། །ཡི་དགས་མགོ་བོ་མཁས་པས་བྲི། །ཡི་དགས་མང་པོ་རྟག་ཏུ་བྲི། །དེ་ལས་གཞན་དུ་ནམས་ཀྱང་མིན། །རིག་འཛིན་གྱི་ནི་ཆོ་ག་བཞིན། །རྒྱ་འདི་དུར་ཁྲོད་ཐལ་བས་བྲི། །ཡང་ན་འདི་ཉིད་ལོགས་ཤིག་ཏུ། །གང་གི་ཚེ་ན་བསྒྲུབ་འདོད་པ། །སྒྲུབ་པ་ དངོས་གྲུབ་འདོད་པ་ཡི། །རང་གི་དཀྱིལ་འཁོར་དག་ཏུ་བྲི། །དེ་ནས་ཕྱག་རྒྱ་བསྒྲུབ་པ་ཡི། །དཀྱིལ་འཁོར་འདིར་ནི་བཤད་པར་བྱ། །སྔ་མ་བཞིན་དུ་གྲུ་བཞི་པ། །ཡི་དགས་ཕལ་ཆེན་འདིར་ཡང་བྲི། །དེ་ཡི་དབུས་སུ་བེ་ཅོན་བཞག་།ཕྱོགས་བརྒྱད་རྣམས་སུའང་དེ་ བཞིན་ནོ། །ཕྱག་རྒྱ་དགུ་དང་ལྡན་པ་ཡི། །ཕྱག་རྒྱའི་དཀྱིལ་འཁོར་ཞེས་ཀྱང་བྱ། །དེ་བཞིན་དུ་ནི་ལྷོ་ཡི་སྒོ། །ཕྱེ་སྟེ་དེ་ནས་མཆོད་པ་བྱ། །ཕྱག་རྒྱ་སྔགས་ནི་མ་ལུས་པ། །ཁྲོ་རྒྱལ་རང་གིས་སྤེལ་མ་བྱ། །དེ་ཡིས་འདིར་ནི་མཆོད་གྱུར་ལ། །རིམ་གྱིས་གསང་བའི་མཆོད་བྱས་ འགྱུར། །ོཾ་ན་མོ་བུདྡྷ་དྷརྨ་སཾ་གྷེ་བྷྱཿ ། ཨོཾ་ཨཱ་སརྦ་ཏ་ཐཱ་ག་ཏ་ཀྲོ་དྷ་བི་ཛ་ཡ། ཨགྣི་ཛྭཱ་ལི་ཏཱ་པྲེ་ཏ་ཤི་ར་ཧཱུཾ་ཕཊ་ཧཱུཾ། འདི་ནི་ཁྲོ་བོ་རྣམ་པར་རྒྱལ་བའི་གོང་དུ་བཅུག་པའི་བེ་ཅོན་གྱི་ཕྱག་རྒྱའི་སྔགས་སོ། །འདིས་ལས་ཐམས་ཅད་བསྒྲུབ་པར་བྱའོ། །དེ་ནས་དངོས་གྲུབ་ཀུན་གྱི་ མཆོག་།ཁྲོ་བོའི་གཙོ་བོ་དེ་ཁོ་ན། །གསང་བའི་མཆོད་དང་ལྡན་པ་ཡི། །བེ་ཅོན་སྒྲུབ་པ་བཤད་པར་བྱ། །སྙིང་པོ་ཟེ་བ་མཛེས་པ་ཡི། །པདྨ་འདབ་མ་བརྒྱད་བྱས་ལ། །འདབ་མ་རྩེ་མོའི་ཕྱོགས་བརྒྱད་དུ། །བེ་ཅོན་ཁྲོ་བོའི་བར་བཅུག་བྲི། །དབུས་སུ་དགུ་པ་བཞག་ནས་ནི། ། གཞན་རྣམས་ཤར་ཕྱོགས་ནས་བརྩམས་ཏེ། །བསྐོར་བའི་ཚུལ་དུ་གོ་རིམས་བཞིན། །མེ་ཏོག་དག་གིས་གཞག་པར་བྱ། །བེ་ཅོན་ཀུན་གྱི་ས་བོན་ཧཱུཾ། །ཡི་དགས་སྤྱི་བོར་གཞག་པར་བྱ། །ཐོག་མར་ཨོཾ་དང་ལྡན་བྱས་ཏེ། །ོཾ་དང་ནམཿ མཆོད་པར་འགྱུར། །ཿ འདི་ཁྲོ་བོ་
90-1-273a
རྣམ་རྒྱལ་གྱི། །ས་བོན་དམ་ཚིག་ཡིན་པར་བཤད། །ོཾ་ཨཱཿ ཧཱུཾ། ཨོཾ་ན་མོ་བུདྡྷ་དྷརྨ་སཾ་གྷེ་བྷྱཿ ། སངས་རྒྱས་ཀུན་གྱིས་མངོན་པར་བསྟོད། །བེ་ཅོན་རྣམས་ནི་ཐམས་ཅད་ཀྱང ། །རང་གི་དམ་ཚིག་བསྐུལ་བར་ལྡན། །ཐམས་ཅད་རང་གི་དམ་ཚིག་ལྡན། ། དེ་བཞིན་གཤེགས་པའི་རིགས་ལས་བྱུང ། །བསྐུལ་བ་ཚིག་ནི་རབ་ལྡན་ཞིང ། །ཁྲོ་བོའི་ལྟ་བས་བརྟགས་པ་དང ། །རང་རང་རྟགས་ཀྱི་བསྐུལ་ན་ནི། །དེ་མ་ཐག་ཏུ་ལས་བྱེད་འགྱུར། །ཱཿ འདི་ཁྲོ་བོ་རྣམ་རྒྱལ་གྱི། །ཁྲོ་བོའི་ལྟ་བས་བལྟས་པའོ། །རང་གིས་དམ་ ཚིག་དང་ལྡན་པ། །ཧཱུཾ་དང་ལྡན་པ་བསྐུལ་བ་བཞིན། །ཞི་བ་རྒྱས་པ་དབང་དང་དགུག་།དབྱེ་བ་དང་ནི་བསྐྲད་པ་རྣམས། །གསང་བའི་མཆོད་པའི་སྦྱོར་བ་ཡི། །བདག་གིས་མདོར་ནི་བཤད་པར་བྱ། །དེ་ཡི་ཐོག་མར་ཡི་གེ་ཨོཾ། །དེ་ལས་གཞན་པ་སྔགས་འཕེལ་ བྱེད། །དེ་བཞིན་གཤེགས་པའི་དམ་ཚིག་ཉིད། །གསུམ་པ་ཡིན་པར་ཡོངས་སུ་བསྒྲགས། །བཞི་པ་དངོས་གྲུབ་སྟེར་བྱའི་ཕྱིར། །འདིར་ནི་སྔགས་ལ་བསྐུལ་བའི་ཚིག་།ོཾ་སརྦ་ཏ་ཏཱ་ག་ཏ་ཞེས་བརྗོད་པ་སྔགས་ཀྱི་བདག་ཉིད་དོ། །མཇུག་གི་ཧཱུཾ་ནི་ཁྲོ་བོ་ཡི། ། སྔགས་ནི་འཕེལ་བར་བྱེད་པར་བཤད། །དེ་ལས་གཞན་ནི་ཁྱད་པར་དུ། །རང་གིས་བསྐུལ་བའི་ཚིག་གིས་བྱེད། །དབང་དུ་བྱ་བར་འདོད་པས་ནི། །རང་གི་ངོ་བོ་སྨོས་པར་བྱ། །ལྷ་དབང་དབང་དུ་བྱོས་ཤིག་ཅེས། །བརྗོད་ནས་ཐ་མར་སཝཱ་ཧཱ་སྦྱར། །ཞི་བས་ཕྱིར་ནི་བསྐུལ་བ་ ཉིད། །མཇུག་ཏུ་པཽ་ཥཊ་བརྟག་པར་བྱ། །དེ་བཞིན་གཤེགས་རིགས་ལས་བྱུང་བའི། །དཔལ་ནི་མཚུངས་མེད་འདོད་པ་ཡིས། །བསྐུལ་བའི་ཚིག་གིས་མཇུག་ཏུ་ཡང ། །ནམཿ སཝཱ་ཧཱ་རྟག་ཏུ་སྦྱར། །རྒྱས་པའི་ཕྱིར་ནི་སྔོན་བཞིན་དུ། །བསྐུལ་ནས་པཽ་ཥཊ་སྦྱར་བར་བྱ། ། རྒྱས་ཕྱིར་བསྐུལ་བའི་ཐོག་མ་དང ། །ཐ་མར་ཁྲོ་བོའི་ཧཱུཾ་ཡང་སྦྱར། །གསད་པ་ལ་ནི་ཕཊ་ཅེས་པ། །འབར་བ་འདི་ལ་ལྷག་པ་ཡིན། །རིགས་རྣམས་བརླག་པར་བྱ་བ་ལ། །ཧཱུཾ་དབུས་ཁྲོ་དང་ལྡན་པའི་ཕཊ། །དེ་བཞིན་བསྐྲད་དང་བསྐུལ་བ་ཡི། །མགོ་དང་མཇུག་ཏུ་ཧཱུཾ་
90-1-273b
གཞག་གོ། །ཡང་དག་འབར་བའི་ཕཊ་ཀྱང་གཞག་།གསང་བའི་མཆོད་པའི་ཆོ་གར་གྲགས། །དེ་ལྟར་མཆོད་པའི་རིམ་པ་དེར། །བེ་ཅོན་དགུ་ནི་བྱས་པར་འགྱུར། །གསང་བའི་མཆོད་པའི་སྦྱོར་བ་ཡིས། །བདུག་པ་མེ་ཏོག་དེ་བཞིན་དྲི། །དེ་བཞིན་གཏོར་མ་མར་མེ་དང ། ། བཟླས་པ་མེད་ཀྱང་འགྲུབ་པར་འགྱུར། །དབང་དུ་བྱ་དང་དབྱེ་བ་དང ། །བསྐྲད་དང་གསད་ལ་སོགས་པ་ནི། །ཇི་སྐད་གསུངས་པའི་ཚུལ་དག་དང ། །དེ་ལྟར་སྦྱོར་བ་དེ་འདྲ་ལས། །ཚེས་གྲངས་དག་དང་སྐར་མ་དང ། །སྨྱུང་བ་དག་ཀྱང་བྱ་མི་དགོས། །གསང་བའི་ མཆོད་པའི་ཆོ་ག་ཤེས། །ཕྱག་རྒྱའི་དཀྱིལ་འཁོར་ལེགས་བྱས་ལ། །ཁྲུས་བྱས་ཁྲུས་ནི་མ་བྱས་རུང ། །ཇི་ལྟར་འདོད་པ་རང་དགར་སྤྱོད། །ཅི་ཡང་རུང་བའི་གཏོར་མ་དང ། །ལོ་མ་མེ་ཏོག་འབྲས་བུས་ཀྱང ། །གང་དག་གཤིན་རྗེ་གཤེད་པོ་ཡི། །སྙིང་པོ་ཕྱག་རྒྱ་མཆོད་ བྱེད་ལ། །བྱང་ཆུབ་སེམས་དང་ལྡན་འགྱུར་ཞིང ། །རབ་ཏུ་གུས་ན་ཟླ་དྲུག་གིས། །དེ་ནི་ཅི་འདོད་དགོས་པ་རྙེད། །ཇི་ལྟར་འདོད་པའི་ལས་ཀྱང་བྱེད། །འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བ་ལས་བེ་ཅོན་གྱི་ཕྱག་རྒྱའི་དཀྱིལ་འཁོར་གསང་བའི་མཆོད་པ་རིམ་ པར་ཕྱེ་བ་སྟེ་བཞི་པའོ།། །།དེ་ནས་བེ་ཅོན་ཕྱག་རྒྱ་ཡི། །ཇི་སྐད་གསུངས་པ་དེ་དག་བསྒྲུབ། །དེ་ཡི་དཀྱིལ་འཁོར་གཉིས་པའང་གཞན། །དཀྱིལ་ན་ཡི་དགས་ཞེས་བྱ་བ། །བསྒྲུབ་པས་མཚན་མོ་དུར་ཁྲོད་དུ། །དུར་ཁྲོད་དག་གི་ཐལ་བ་ཡིས། །གྲུ་བཞི་པ་ལ་སྒོ་ བཞི་བྲི། །མི་རོའི་རོ་སྨད་དག་དང་ལྡན། །བླ་རེ་རྔ་ཡབ་མེ་ལོང་དྲིལ། །མེ་ཏོག་ཕྲེང་བས་མཛེས་པར་བྱ། །ལྷ་རྫས་ཡི་དགས་མང་པོ་དངར། །ཐོད་པ་བརྒྱད་ཀྱིས་རྣམ་པར་སྤྲས། །ཕྱིས་ནི་བེ་ཅོན་ཕྱག་རྒྱ་ཡང ། །མགོ་མེད་རོ་ཡི་སྟེང་དུ་བྲི། །དཀྱིལ་ན་ཡི་དགས་ཞེས་བྱ་བའི། ། ཐམས་ཅད་གྲུབ་བྱེད་དཀྱིལ་འཁོར་འདི། །ཁྲོ་བོའི་གཙོ་བོའི་ཕྱག་རྒྱ་ཡིས། །མཆོད་པ་ཇི་སྐད་གསུངས་པ་བྱ། །སྨེ་གཏོར་ཐམས་ཅད་བྱིན་ནས་ནི། །གཙང་མ་གོ་ཆ་བགོས་ནས་ཀྱང ། །འབུམ་ཕྲག་གཅིག་ནི་སྔར་བསྙེན་པ། །བྱས་ནས་འདི་ནི་བརྩམ་པར་བྱ། །ཕྱུགས་ཆེན་
90-1-274a
དག་གི་ཁྲག་གིས་ཀྱང ། །ཤིས་པའི་ཐོད་པ་བཀང་ནས་ཀྱང ། །དེ་བཞིན་མི་ལས་བྱུང་བའི་ཤ། །ཕྱག་རྒྱ་ལ་ནི་དབུལ་བར་བྱ། །ཕྱུགས་ཆེན་གྱི་ནི་ཚིལ་བུ་ལས། །མར་མེ་འབར་བ་བྱས་པ་དག་།དེ་ཡི་ཕྱི་རོལ་ཕྱོགས་བརྒྱད་དུ། །སྔགས་བསྲུང་དེ་ ལ་དབུལ་བར་བྱ། །ཆོ་ག་ཤེས་པས་དེ་ལྟ་བུར། །བྱས་ནས་མཇུག་ལ་བསྒྲུབ་པར་བྱ། །དཔལ་ལྡན་གོས་ནི་དམར་པོ་གྱོན། །ཙནྡན་དམར་པོས་བསྐུས་ནས་ནི། །ཅུང་ཟད་དག་ཀྱང་མི་བྱེད་པར། །མར་གྱི་བརྒྱད་ལ་གཅིག་པུས་བྱ། །དཔའ་ལ་སེམས་དྲག་མཐུ་ལྡན་ པའི། །གྲོགས་ནི་གསུམ་དང་ལྷན་ཅིག་ཏུ། །སྒྲུབ་པ་བློ་ལྡན་སེམས་སྟོབས་ཅན། །དབང་པོ་ལེགས་པར་བསྡམས་པ་ཡིས། །ཡི་དགས་ཀྱི་ནི་དཀྱིལ་འཁོར་དུ། །སྒྲུབ་པ་ལ་ནི་འཇུག་པར་འགྱུར། །དེ་ནས་མཚན་མོ་རྒྱ་བཅིངས་ཏེ། །བརྟན་པར་འདུག་ལ་ལེགས་པར་བཟླས། ། བགེགས་རྣམས་སྣ་ཚོགས་མཚན་གཅིག་ཏུ། །འབྱུང་སྟེ་དེ་ལས་རྒྱལ་བར་བྱ། །དེ་ལྟར་སྲིན་པོའི་ཚོགས་ཆེན་ལས། །རྒྱལ་ནས་ཕྱག་རྒྱ་འགྲུབ་པར་འགྱུར། །མི་འགྲུབ་པ་ཡི་ལས་རྣམས་ཀྱང ། །དེ་ནས་ཐོགས་པ་མེད་པར་བྱེད། །འཇམ་པའི་དབྱངས་ཀྱི་ཁྲོ་བོ་ཡིས། །བསྐུལ་ ནས་འདིར་ནི་དོགས་པ་མེད། །ཧ་ན་བི་སྥོ་ཊ་བཉྫ་བཉྫ་ཞེས། །བསྐུལ་བའི་ཐ་མར་ཧཱུཾ་བརྗོད་ཅིང ། །གཡོན་བརྐྱང་བ་ཡི་ཚུལ་གནས་ནས། །ཁྲོས་པས་རི་རྩེ་བགྲོད་དཀའ་དང ། །ར་བ་ཡང་ཐོག་སྒོ་ཁང་དང ། །པུ་ཤུ་ཁང་པ་དངར་བ་དག་།སྐད་ཅིག་གིས་ནི་རྙིལ་བར་བྱེད། །དྷ་ ར་བི་སྥོ་ཊ་བཉྫ་ཞེས། །བསྐུལ་བའི་མཇུག་ཏུ་ཧཱུཾ་བརྗོད་ན། །རི་བོ་དང་ནི་མང་པོ་དང ། །དེ་བཞིན་ལྷ་མིན་སྒོ་དག་དང ། །དེ་བཞིན་ས་དང་གཞན་དག་དང ། །ཇི་ལྟར་འདོད་པ་འགས་པར་བྱེད། །པ་ཙ་བི་དྷྭནསཾ་ཤོ་ཞེས། །བསྐུལ་ནས་ཐ་མར་ཧཱུཾ་བརྗོད་ན། །ཕྱག་རྒྱ་འདི་ཡིས་ཆུ་ རྣམས་ནི། །ཐོགས་པ་མེད་པར་སྐམ་པར་བྱེད། །མཚོ་ཆེན་དང་ནི་ཆུ་བོ་དང ། །རྒྱ་མཚོ་དག་ཀྱང་སྐམ་པར་བྱེད། །སྟམ་བྷ་ཡ་ཞེས་ལན་གཉིས་བརྗོད། །ཐ་མར་ཧཱུཾ་དང་དེ་བཞིན་མུ། །དེ་ནས་དེ་ཡི་མཇུག་ཏུ་ཧཱུཾ། །སེ་ན་སྟམ་བྷ་ཞེས་སྦྱར་ན། །པ་ཙ་བི་དྷྭ་ནས་ཡ་ཤོ་ཥ་ཡ་ཤོ་ཥ་ཡ་ད་ཧཱུཾ་
90-1-274b
ཕཊ། རི་མོ་ལ་ནི་གནས་པ་བཞིན། །ངེས་པར་མྱུར་དུ་གནོན་པར་འགྱུར། །ཐ་མར་ཧཱུཾ་བཞག་དེ་ནས་དྲིཾ། །ཀྵེ་བྷ་ཡ་ཞེས་ལན་གཉིས་བརྗོད། །དེ་ཡི་ཐ་མར་ཡི་གེ་མ། །མཁས་པ་དག་གིས་སྦྱོར་བ་ནི། །དཔུང་རྣམས་འཁྲུག་པ་འགྱུར་བ་ལ། །ཁྲོས་ན་ངོ་མཚར་ཅི་ཞིག་ཆེ། །ཐ་མར་ཧཱུཾ དང་ག་གཞག་ལ། །དེ་ནས་ཏིཥྛ་ཏིཥྛ་གཞག་།སྔགས་པས་གལ་ཏེ་སྦྱར་ན་ནི། །ཆོ་ག་འདི་ནི་གླང་པོ་གནོན། །ཧ་ན་བི་དྷྭཾ་ས་མར་ཡ། །བསྐུལ་ནས་ཐ་མར་ཧཱུཾ་བརྗོད་ཅིང ། །དེ་བཞིན་ཐ་མར་ཕཊ་བརྗོད་ན། །དཔུང་དག་རབ་ཏུ་འཆི་བར་འགྱུར། །ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས། །བསྐུལ་ ནས་ཐ་མར་ཧཱུཾ་བརྗོད་ན། །དཔུང་རྣམས་ཕན་ཚུན་འཁྲུག་པར་ནི། །ཐོགས་པ་མེད་པར་རབ་ཏུ་འགྱུར། །ཐ་མར་ཧཱུཾ་དང་དེ་བཞིན་ཕཊ། །དྲིཾ་དྲིཾ་ཛ་ཛ་དྲིཾ་དྲིཾ་དག་།ངེས་པ་དག་ཏུ་སྦྱར་ན་ནི། །སྔགས་པ་ཁྲོ་དང་ལྡན་པ་ཡི། །ཁྲག་གིས་ཆར་འབབ་བྱེད་པར་གསུངས། །ཐ་མར་ཧཱུཾ་བརྗོད་ཧ་ ཧ་ཧཱ་ཧཱ་བཻ་ཏཱལི་ཧཱུཾ་ཕཊ། ཅེས་བདག་གིས་བྱ། སྔགས་པ་དཔའ་དང་ལྡན་པ་ཡིས། །བསྐུལ་ནས་མྱུར་དུ་རྨོངས་པར་འགྱུར། །ཐ་མར་ཧཱུཾ་བརྗོད་ཧ་ཧ་ཧ། །དེ་བཞིན་ཨནྟ་ཡ་དང་ཕཊ། །བསྐུལ་བ་འདི་དག་དང་ལྡན་ན། །འགྲོ་བདག་ནི་ལྡོངས་པར་བྱེད། །ཐ་མར་ཧཱུཾ་བརྗོད་དེ་ནས་ཧཱུཾ། ། དེ་བཞིན་དྲིཾ་དྲིཾ་ཛ་ཛ་གཞག་།ཐ་མར་དྲིང་དང་ཕཊ་ལྡན་ན། །འགྲོ་བ་དེ་མ་ཐག་ཏུ་འབེབས། །ཁྲོ་བོ་ཆེན་པོ་འདི་ཡི་ནི། །ཕྱག་རྒྱ་དེ་ལྟར་གྲུབ་གྱུར་ན། །དེ་ཚེ་ལས་རྣམས་ཐམས་ཅད་ནི། །ཡིད་ཀྱིས་བསྐུལ་བ་ཙམ་གྱིས་བྱེད། །བྱང་ཆུབ་སེམས་དཔའ་ཐམས་ཅད། །དམ་ཚིག་རབ་ཏུ་སྐོང་ བ་ཡིན། །སྒྲུབ་པ་གང་དང་གང་འདོད་པ། །དེ་ནི་ཐོགས་པ་མེད་པར་བྱེད། །གལ་ཏེ་དེར་ནི་མ་གྲུབ་ན། །འདི་ཡི་སྔོན་དུ་བསྙེན་པ་ནི། །ཆོ་ག་བཞིན་དུ་འབུམ་བྱས་ལ། །དེ་ནས་བློ་ལྡན་བསྒྲུབ་ལ་འཇུག་།དེ་ཚེ་དེ་བཞིན་གཤེགས་པ་ཡི། །སྔ་མའི་དམ་ཚིག་བསྐུལ་བ་བཞིན། ། དེ་ནས་སླར་ཡང་སྔགས་རྣམས་ལ། །ཐོགས་པ་མེད་པར་དེ་བཞིན་སྦྱར། །ཕྱག་འཚལ་བ་དང་ཀུན་ཏུ་ལྡན། །དེ་ཡི་ཐོག་མར་ཨོཾ་གཞག་ལ། །ོཾ་ཞེས་བྱ་བ་གཞན་ཡང་གཞག་།ཱཿ ཞེས་བྱ་བ་གཉིས་པའོ། །དེ་ཡི་ཚིག་གི་མཇུག་ཏུ་ཧཱུཾ། །བཞག་སྟེ་དེ་ནས་ཚིག་རྣམས་ཀུན། །དེ་ལྟར་
90-1-275a
ཀྲོ་དྷ་བི་ཛ་ཡ། །གྣི་ཛྭ་ལི་ཛི་ཧཝ་ཏ་ཤྲཱི། །ཚིག་རྣམས་གཞན་ནི་བརྗོད་པར་བྱ། །དེ་ནས་དེ་ཡི་ཐ་མར་ཧཱུཾ། །དེ་བཞིན་ཚིག་གི་ཐ་མར་ཨོཾ། །མཐའ་མར་ཨཱ་བཞག་དེ་ཡི་མཐར། །ཧཱུཾ་དང་སི་ཊི་ལག་གཉིས་སྒོམ། །པྲ་པུ་ཏ་ཞེས་ལག་གཉིས་སྒོམ། །དེ་ནས་དེ་བཞིན་ གཤེགས་པ་ཡི། །བཀའ་ལུང་གིས་ནི་ཕྱག་རྒྱ་དེ། །གཟིར་ནས་རང་གིས་བཟླས་བརྗོད་བྱ། །དེ་ལྟར་བཟླས་བརྗོད་འབུམ་བྱས་ནས། །ཁྲོ་བོ་ཆེན་པོ་དེ་ཡི་ནི། །ཀུན་ལ་ཅི་རིགས་བསྐུལ་ནས་སུ། །ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ། །ཁྲོ་བོ་གཙོ་བོའི་དེ་ཡི་ནི། །བཀའ་བཞིན་བྱེད་ དེ་གཞན་དུ་མིན། །གང་གིས་སྔོན་དུ་བསྙེན་བྱས་པ། །དེ་ཡི་བསྐུལ་བའི་ཆོ་ག་ནི། །ཇི་སྐད་གསུངས་པའི་ལས་རྣམས་ལ། །མ་གྲུབ་ན་ནི་ངེས་པར་སྦྱར། །གཞན་དུ་སྔགས་ནི་གཟིར་བྱས་ན། །བདག་ཉིད་ངེས་པར་འཆི་བར་འགྱུར། །ཁྱད་པར་དུ་ནི་དཔའ་བོ་ཡི། །ཁྲོ་བོའི་གཙོ་བོའི་ སྙིང་པོ་ནི། །ཕྱག་རྒྱ་འདིས་ནི་གཟིར་བྱས་ན། །འགྲོ་བ་མ་ལུས་འཁྲུག་པར་འགྱུར། །སྔགས་འདི་གང་དུ་བཟླས་པ་དེར། །འཇིག་རྟེན་འཇིག་རྟེན་ལས་འདས་པ། །དེ་དག་ཀུན་གྱི་ལུས་རྣམས་ནི། །དོགས་པ་མེད་པར་འཇིག་པར་འགྱུར། །ཕྱག་རྒྱ་འདི་ཡིས་གཟིར་གྱུར་ན། །དཔག་ ཚད་བདུན་གྱི་དཀྱིལ་འཁོར་ན། །གཞན་གྱི་སྔགས་རྣམས་གང་ཡོད་དང ། །དགྲ་རྣམས་དྲེགས་པ་མེད་པར་བྱེད། །འབྱུང་པོ་སྐྲག་པར་བྱེད་པ་དང ། །དེ་བཞིན་ལྷ་རྣམས་འགུགས་པར་བྱེད། །ཁྲོ་བོ་རབ་ཏུ་དགའ་བར་བྱེད། །གཤིན་རྗེ་གཤེད་པོའི་མཐུ་ཡང་བསྐྱེད། །ཡི་དགས་ རོ་ལངས་རིགས་དག་ནི། །དེ་བཞིན་རབ་ཏུ་འཇིགས་པར་གསུངས། །བྱད་དང་གནོད་པ་སྐྲག་པ་ཡང ། །རབ་ཏུ་བསྐུལ་ན་འཇིགས་པར་བྱེད། །བགེགས་རྣམས་ཐམས་ཅད་འཇིགས་པར་བྱེད། །འཆི་བ་ཐམས་ཅད་མེད་པར་བྱེད། །ཕོངས་པ་ཐམས་ཅད་མེད་བྱེད་ལ། །བེ་ཅོན་ ཕྱག་རྒྱ་དྲག་པོར་བསྒྲགས། །དགྲ་དང་དེ་བཞིན་གཞན་དག་ཀྱང ། །སྐྱེ་བོ་དག་ལ་འདི་བཅིངས་བསྟན། །གཤིན་རྗེ་གཤེད་པོ་སྦྱར་ན་ནི། །དེ་ཡི་མོད་ལ་སྲོག་ཀྱང་འཕྲོག་།མདོར་ན་སྙིང་པོ་ཕྱག་རྒྱ་ཡི། །ཆོ་ག་རང་གི་དམ་ཚིག་ཅན། །ཁྲོ་བོའི་ཞལ་ནས་གསུངས་པ་འདི། །
90-1-275b
གསང་བར་རབ་ཏུ་བསྟན་པ་ཡིན། །སྔགས་པ་ཁྲོ་བོའི་གཙོ་བོ་ནི། །གཤིན་རྗེ་གཤེད་པོ་གཅིག་དཔའ་བའི། །སྙིང་པོ་ཕྱག་རྒྱ་བེ་ཅོན་དང ། །སྙིང་པོ་དག་གིས་སྦྱར་བར་བྱ། །འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བ་ལས་བེ་ཅོན་གྱི་ཕྱག་རྒྱའི་ཆོ་ག་ཞིབ་མོ་ རིམ་པར་ཕྱེ་བ་སྟེ་ལྔ་པའོ།། །།དེ་ནས་ཡི་གེ་བཅུ་བདུན་པའི། །རྩ་བའི་སྔགས་ནི་གང་ཡིན་པ། །དེ་ཡི་ཕྱག་རྒྱ་གཞན་དག་ཀྱང ། །རོ་ལངས་ཞེས་ནི་བྱ་བ་ཡོད། །གཤིན་རྗེ་གཤེད་པོ་དྲག་བརྩོན་པའི། །སྙིང་ནི་དགའ་བྱེད་གསང་བའོ། །སྔགས་པ་དག་གིས་གང་ དག་ཏུ། །བཅིངས་པ་དེར་ནི་བྱིན་རློབ་པ། །རོ་ལངས་ཞེས་བྱའི་ཕྱག་རྒྱ་འདི། །ཁྲོ་བོས་གསུངས་པ་བཤད་པར་བྱ། །དུར་ཁྲོད་དག་གིས་ཐམས་ཅད་ནི། །གང་ལ་རྟག་ཏུ་རག་ལུས་པའོ། །དེ་ནས་ལག་པ་གཉིས་ཀ་ཡི། །སོར་མོ་ཕན་ཚུན་བསྣོལ་བྱས་ཏེ། །སོར་མོ་གུང་མོ་ གཤིབས་ཏེ་བསྒྲེང ། །མཛུབ་མོ་གཉིས་ཀྱིས་སྲིན་ལག་གཉིས། །མཐེ་བོང་གཉིས་ཀྱིས་སྲིན་ལག་གཉིས། །ལེགས་པར་བཟུང་ནས་དགུག་པར་བྱ། །མཐེའུ་ཆུང་གཉིས་ཀྱང་ནང་དུ་དགུག་།དེ་བཞིན་དུ་ནི་མཐེ་བོང་གཉིས། །ཕན་ཚུན་བསྣོལ་ཏེ་བརྐྱང་བར་བྱ། །ཤེས་རབ་ ཅན་གྱིས་རོ་ལངས་འདི། །རྟག་ཏུ་ཚུལ་བཞིན་ཁྲོ་བོས་བསྟན། །ཁྲོ་བོ་གཙོ་བོའི་གསང་སྔགས་གང ། །ཡི་གེ་བཅུ་བདུན་ལེགས་གསུངས་པ། །དེ་ཉིད་འདི་དང་སྦྱར་བར་བྱ། །རོ་ལངས་ཕྱག་རྒྱ་ལྡན་པ་སྟེ། །བདག་ཉིད་འདོད་པ་ཐམས་ཅད་དེ། །ཧ་ཧར་གྱུར་པའི་དཀྱིལ་འཁོར་ དུ། །ཆོ་ག་བཞིན་དུ་སྦྱར་བར་བྱ། །ཧ་ཧར་གྱུར་པའི་དཀྱིལ་འཁོར་ནི། །ཁྲོ་བོ་འབར་བྱེད་བཤད་པར་བྱ། །ཚིག་བཞིན་དུ་ནི་སྦྱར་བར་བྱ། །ཡི་དགས་ཕལ་ཆེན་བཤད་པ་བཞིན། །འདི་ཡང་གྲུ་བཞི་ལྷམ་པར་བྱ། །ཁྱད་པར་དག་ཏུ་ཕྱོགས་ཀུན་ཏུ། །མཁས་པས་མེ་ནི་སྦར་བར་ བྱ། །ཁྲུ་བརྒྱད་ལྷག་ཆད་མེད་པར་ནི། །ཆོ་ག་བཞིན་དུ་བྲི་བར་བྱ། །སྒོ་སྒོ་དག་ཏུ་གསལ་ཤིང་གིས། །ཕུག་པའི་ཡི་དགས་ཁྲག་ཅན་གཞག་།དབུས་སུ་མགོ་དང་བྲལ་བ་ཡི། །མི་རོ་རོ་སྨད་གསལ་བར་གཞག་།ཡི་དགས་ཕལ་ཆེན་དཀྱིལ་འཁོར་བཞིན། །ཐ་མར་ཡི་དགས་
90-1-276a
ཕྲེང་བ་དགོད། །ཁྲོ་བོ་ཡི་ནི་གཙོ་བོའི་སྔགས། །མཚོག་མ་སྤྱི་གཙུག་ལ་སོགས་མེད། །ཡི་གེ་བཅུ་བདུན་བློ་ལྡན་གྱིས། །མགོ་མེད་རོ་ཡི་སྟེང་དུ་གཞག་།ཞལ་དྲུག་པ་ལ་ཞབས་ཀྱང་དྲུག་།དེ་བཞིན་ཕྱག་ནི་བཅུ་གཉིས་པ། །རབ་ཏུ་འབར་བ་དྲག་པོའི་གཟུགས། ། སྔ་མ་བཞིན་དུ་གཞག་པར་བྱ། །ཡི་དགས་མང་པོ་སྦྱར་བ་ནི། །སྔ་མ་བཞིན་དུ་བཞག་ནས་ཀྱང ། །མེ་ཏོག་བདུག་པ་ཕྲེང་ལ་སོགས། །སྔགས་དེས་དེ་ལ་མཆོད་པར་བྱ། །འདིར་ནི་གཏོར་མ་ཤ་ཆེན་དུ། །གསུངས་པས་གཞན་གྱིས་མི་བྱའོ། །ཁྲག་གིས་གཏོར་མའི་ཆོ་ག་དང ། །དེ་ བཞིན་བདུག་པ་ཀུན་སྨེ་བའི། །དེ་ནས་དཔལ་ལྡན་རིག་འཛིན་གྱིས། །རོ་ལངས་ཕྱག་རྒྱ་བཅིངས་ནས་ནི། །གཏོར་མ་མེ་ཏོག་དབུལ་ལ་སོགས། །རྣམ་པ་ཀུན་ཏུ་ཁྲོ་བོས་བྱ། །དཀྱིལ་འཁོར་གྱི་ནི་ཁོར་ཡུག་གི། །ཕྱོགས་བརྒྱད་དག་ཏུ་མར་མེ་དགོད། །དུར་ཁྲོད་དག་གི་མགལ་ དུམ་མམ། །ཡང་ན་གསལ་ཤིང་དག་གིས་བུད། །སེང་ལྡེང་དག་གི་གཟར་བུ་ཡིས། །ཚིལ་ཆེན་དག་ལ་ལན་བདུན་དུ། །ལྷོ་ཕྱོགས་མེ་ལ་བསྲེགས་ནས་ནི། །དེ་ནས་ཁྲོ་བོ་བསྒྲུབ་པར་བྱ། །དེ་ལ་མངོན་དུ་བསྙེན་པ་དང ། །བཟླས་པ་དང་ནི་བསྡམས་པའང་མེད། །རིག་འཛིན་ཉིད་ ཀྱི་སེམས་སྟོབས་ཉིད། །འདི་ཡི་རྒྱུར་ནི་ཤེས་པར་བྱ། །ལྷོ་ཕྱོགས་སྒོར་ནི་ནན་ཏན་དུ། །རྨ་མེད་པ་ཡི་རོ་བཞག་སྟེ། །སྙིང་གར་རོ་ལངས་རྒྱ་གཞག་ལ། །དེ་ལ་རབ་ཏུ་བསྐོར་བར་བྱ། །དེ་ནས་ཁྲོ་བོ་ཆེན་པོ་ཡིས། །ཤིན་ཏུ་བཀྲུས་ཤིང་ལེགས་པར་བརྒྱན། །དྲི་དང་མེ་ཏོག་དམར་སྔོན་ གྱིས། །ལེགས་པ་དག་ཏུ་མཆོད་ནས་ཀྱང ། །མཁས་པས་རོ་ལངས་ཕྱག་རྒྱ་ཡིས། །ཐོག་མར་བདག་ཉིད་བསྲུང་བར་བྱ། །གཤིན་རྗེ་གཤེད་བྱེད་ཡན་ལག་ལྔ། །དེ་བཞིན་ལུས་ལ་སྦྱར་བར་བྱ། །དཔའ་བོ་མཐུ་ཆེན་བདག་ཉིད་ཀྱིས། །རལ་གྲི་ལག་པར་བླངས་ནས་ནི། །དཔའ་ བོའི་རྐང་པ་གཡོན་པ་ཡིས། །དེ་ཡི་སྙིང་གར་མན་ནས་ནི། །ཁྲོ་བོ་ཡི་ནི་གཙོ་བོ་ཡི། །ཡི་གེ་བཅུ་བདུན་སྔགས་བཟླས་སོ། །ོཾ་ཨཱ་ཀྲོ་དྷི་ཀ་ཡ་མནྟ་ཀ་།ཧ་ནམ་ཐ་བྷཉྫ་ཧཱུཾ་ཕཊ། འདི་ནི་རྩ་བའི་སྔགས་ཡི་གེ་འབྲུ་བཅུ་བདུན་པའོ། །དེའི་སྔགས་དྲག་པོས་བསྐུལ་བ་དང ། །ཡི་དགས་
90-1-276b
དེ་ནི་གཡོ་བར་འགྱུར། །ཧ་ཧར་གྱུར་པ་འཁྲུགས་པ་དང ། །དེ་བཞིན་ཧ་ཧའི་སྒྲ་ཡང་འབྱིན། །དེ་ནས་བདག་གིས་ལངས་པ་ལ། །མཚོན་ཆ་རྣོན་པོ་འབར་བ་ཡིས། །བཅད་པའི་ཤ་དང་ཁྲག་བཅས་པའི། །མཆོད་ཡོན་དེ་ལ་དབུལ་བར་བྱ། །རིག་པ་འཛིན་པ་དེ་ཡི་ནི། །སེམས་ ཀྱི་དྲོད་ནི་དེ་ཤེས་ནས། །མཆོད་ཡོན་བླངས་ཏེ་དཀྱིལ་འཁོར་ནི། །ཧ་ཧར་གྱུར་པ་འཇིགས་པར་བྱེད། །དེ་ནས་བདག་ཉིད་ཆེན་པོ་དེ། །འཇིགས་སུ་རུང་བའི་གཟུགས་མཐོང་ནས། །གཤིན་རྗེའི་གཤེད་པོ་དཔའ་བོ་ཡི། །རོ་ལངས་ཕྱག་རྒྱ་བསྟན་པར་བྱ། །དེ་ནས་གཤིན་ རྗེའི་གཤེད་པོ་ནི། །ཡི་དགས་ལུས་ལ་གནས་པ་དེས། །རོ་ལངས་ཉིད་ཀྱི་རྒྱ་མཐོང་ནས། །རིག་པ་འཛིན་པ་དེ་ཡི་ནི། །སེམས་དྲོད་རིག་ནས་འདོད་པའི་མཆོག་།སྦྱིན་པར་བྱེད་ལ་གདོན་མི་ཟ། །ཁྲོ་བོའི་རྒྱལ་པོ་སླར་གཤེགས་ནས། །མི་རོ་ས་ལ་འགྱེལ་བར་འགྱུར། །དེ་ཡི་ལུས་ ནི་དེ་ཉིད་ཀྱང ། །གསེར་དུ་འགྱུར་བ་གདོན་མི་ཟ། །དེ་ཚེ་གྲོགས་པོ་རྣམས་དང་ཡང ། །སེམས་ཅན་རྣམས་ལ་ཅི་བདེར་སྦྱིན། །བདག་ཉིད་ཆེན་པོ་དཔའ་བོ་ཡི། །བསྒྲུབ་པ་བཤད་པ་འདི་ཡིན་ཏེ། །སེམས་ནི་རབ་ཏུ་དཔའ་བས་བྱའི། །ངན་སོང་གཞན་གྱིས་ཡོང་མི་བྱ། །སེམས་ ཞན་པ་ཡི་སྒྲུབ་པ་པོས། །ཁྲོ་བོའི་རྒྱལ་པོ་དེ་བསྒྲུབས་ན། །དེ་ནས་ལངས་ནས་མྱུར་བར་ནི། །གྲོགས་དང་བཅས་པ་གསོད་པར་འགྱུར། །རོ་ལངས་ཕྱག་རྒྱ་མི་ཤེས་ན། །དེས་ནི་ཅི་ལྟར་དྲག་འགྱུར་ཀྱང ། །ཁྲོ་བོའི་རྒྱལ་པོ་དེ་ཡི་ནི། །སྒྲུབ་པ་པོ་ནི་གསད་པར་འགྱུར། །རིག་ འཛིན་མཆོག་གིས་གང་དག་ཏུ། །དེ་བཞིན་གཤེགས་པའི་དམ་ཚིག་གིས། །བརྒྱན་ཅིང་ཁྲོ་བོ་བསྐུལ་བ་ཡིས། །རོ་ལངས་ཕྱག་རྒྱ་བཅིངས་པ་དེར། །གདོན་མི་ཟ་བར་ཁྲོ་བོ་ནི། །ལེགས་པར་བྱིན་གྱིས་རློབ་པར་འགྱུར། །མྱུར་དུ་མཆོག་ཀྱང་སྩོལ་བར་མཛད། །འགྲོ་ བར་གྱུར་པ་གདོན་མི་ཟ། །ོཾ་ན་མོ་བུནྡྷ་དྷརྨ་སཾ་གྷེ་བྷྱཿ ། ཨཱ་ཀྲོ་དྷི་ཀ་ཡ་མཱནྟ་ཀ་ཧ་ནམ་ཐ་བྷཉྫ་ཧཱུཾ་བེ་ཐཱ་བི་རཀྵ་ར་ཀྵ་མཱན་ཏ་ཐཱ་ག་ཏོ་ཨཱ་ཛྷཱ་པ་ཡ་ཏི་སཝཱཧཱ། དེ་བཞིན་གཤེགས་པའི་དམ་ཚིག་གི་བཀས་བརྒྱན་པ། རོ་ལངས་ཀྱི་ཁྲོ་བོའི་ཕྱག་རྒྱའི་སྔགས་སོ། །ཧ་ཧར་གྱུར་པའི་དཀྱིལ་
90-1-277a
འཁོར་དུ། །རོ་ལངས་ཕྱག་རྒྱ་རང་སྔགས་དང ། །ལྡན་ན་མྱུར་དུ་ཁྲོ་བོ་ནི། །ངེས་པར་བྱིན་གྱིས་རློབ་པར་མཛད། །དཔའ་བོ་དག་གི་སྦྱོར་བར་ནི། །སྔར་བསྙེན་ལ་སོགས་བྱེད་ན་ཡང ། །སྒྲུབ་པ་པོར་ནི་འདོད་པ་བཞིན། །ཁྲོ་བོ་ངེས་པར་མྱུར་དུ་འགྲུབ། ། ཡང་ན་རོ་ལངས་ཕྱག་རྒྱ་འདི། །སྐྱེས་བུ་སེམས་ནི་མི་དཔའ་བས། །ཧ་ཧར་གྱུར་པའི་དཀྱིལ་འཁོར་དུ། །བདག་ཉིད་ཀྱིས་ནི་དམ་ཚིག་གིས། །མཁས་པས་བཟུང་ནས་བཟླས་པར་བྱ། །འདི་ཉིད་ཀྱིས་ཀྱང་དབང་བསྐུར་ནས། །ཅི་ལྟར་ནུས་པས་གང་དུའང་རུང ། །ཁྲོ་བོ་མཆོག་གིས་རི་ མོའམ། །དཀྱིལ་འཁོར་ཆོ་ག་བཞིན་བྱས་པའམ། །དེ་བཞིན་སྐུ་གཟུགས་གཞན་ཡང་རུང ། །ཡིད་དང་དབང་པོ་བསྡམས་བྱས་ཏེ། །ཐོག་མར་ཚིག་འབུམ་བཟླས་པར་བྱ། །དེ་ལྟར་སྔོན་དུ་བསྙེན་པ་ནི། །ཅི་ལྟར་འདོད་པར་བྱས་ནས་གདོད། །ཕྱི་ནས་སྨྱུང་བ་བྱས་ནས་དེ། །རོ་ལངས་ ཕྱག་རྒྱ་བསྒྲུབ་ལ་འཇུག་།ཧ་ཧར་གྱུར་པའི་དཀྱིལ་འཁོར་ནི། །ཆོ་ག་བཞིན་དུ་དུར་ཁྲོད་བྲི། །ཡང་ན་སེམས་ནི་མི་དཔའ་བས། །དུར་ཁྲོད་ཐལ་བས་ཁྱིམ་དུ་བྲི། །ཁྱིམ་དེ་སྟོང་པ་ཡིན་ཡང་རུང ། །གལ་ཏེ་ཁྱིམ་དེ་མི་སྟོང་ན། །ཧ་ཧར་གྱུར་པ་མཐོང་བ་དང ། །ཞག་བདུན་ལོན་མ་ཐག་ ཏུ་འཇིག་།དེ་ནས་ཡི་དགས་མང་པོ་ལས། །གསང་བའི་མཆོད་པ་ཅི་རིགས་བྱས། །དེ་ནས་ལྷོ་ཕྱོགས་སྒོར་འདུག་སྟེ། །བྱང་གི་ཕྱོགས་སུ་ཁ་བལྟས་ལ། །རང་གི་དམ་ཚིག་ལས་གསུངས་པའི། །རོ་ལངས་ཕྱག་རྒྱ་བཅིངས་ཏེ་བཟླས། །ཟླ་བ་མར་གྱི་ཚེས་བརྒྱད་ལ། །བློ་ལྡན་ ཆོ་ག་ཤེས་པ་ཡིས། །མཚན་མ་བསྟན་ཅིང་འདུག་ནས་ནི། །ཉི་མ་ཤར་གྱི་བར་དུ་བཟླས། །དེ་ནས་ཁྲོ་བོས་དགོངས་པ་ཡིས། །རོ་ལངས་ལྷ་མོ་འགྲུབ་པར་འགྱུར། །ཁྲོ་བོ་ལྷ་ཡི་སྔགས་དག་དང ། །བསྐུལ་བའི་ཚིག་ནི་མཆོག་རྣམས་ཀྱིས། །ཇི་སྐད་གསུངས་པའི་ལས་རྣམས་ ནི། །ཐམས་ཅད་དེ་ནས་བྱེད་པར་འགྱུར། །བེ་ཅོན་ཞེས་བྱ་ཕྱག་རྒྱ་ལའང ། །དེ་དག་ཉིད་ལ་མྱུར་དུ་སྦྱར། །སྦྱར་ན་དོགས་པ་མེད་པར་ཡང ། །འདི་ནི་དེ་དག་བྱེད་པར་འགྱུར། །རོ་ལངས་ཕྱག་རྒྱ་སྒྲུབ་པ་བྲི། །སྔགས་པ་རྣམས་ལ་འདིར་གསུངས་སོ། །དེ་ནི་ཞན་པའི་སེམས་
90-1-277b
རྣམས་ཀྱིས། །སྒྲུབ་པ་དག་ནི་གསུམ་པ་འབྱུང ། །ཆོ་ག་བཞིན་དུ་སྔར་བཤད་པའི། །ཡི་དགས་མང་པོ་དེ་ཚེ་བྲི། །གང་ཡང་རུང་བར་ཅི་རིགས་པར། །སྔགས་དེ་རྣམས་ཀྱིས་སྦྱར་བར་བྱ། །དེ་ནས་ཡི་དགས་མང་པོ་ཡིས། །དཀྱིལ་འཁོར་བལྟ་ན་སྡུག་པ་འདི། །ཁྱིམ་ མམ་ཡང་ན་གཞན་ཡང་རུང ། །དེར་ནི་དཀྱིལ་འཁོར་བྲི་ནས་ནི། །དེ་དབུས་ཡི་དགས་སྤྱི་བོ་ལ། །རོ་ལངས་མ་ནི་འདིར་བཞག་གོ། །ཁྲོ་བོ་ཡི་གེ་གཟི་བསྐྱེད་པ། །ཞི་ཞིང་ཀུན་དུ་དགའ་བྱེད་པ། །རོ་ལངས་སྙིང་པོའི་ཕྱག་རྒྱ་ནི། །བཅིངས་ནས་དེ་ལ་སྦྱར་བར་བྱ། །དེ་ ནས་རོ་ལངས་ཕྱག་རྒྱ་ཡིས། །གསང་བའི་ཡི་གེ་བཅུ་གསུམ་པའོ། །ཞི་བ་གཞན་ཡང་ཤེས་བྱས་ནས། །ཅི་ལྟར་འདོད་པར་བཟླས་པར་བྱ། །ོཾ་ཨཱ་ཧཱུཾ་བཻ་ཏཱ་ལི་རཀྵ་ར་ཀྵ་མཱཾ་སཝཱ་ཧཱ། རོ་ལངས་ཕྱག་རྒྱའི་སྙིང་པོ་འདི། །གང་ཡང་རུང་བར་ཅི་འདོད་པར། །བཅུར་བསྒྱུར་བ་ཡི་རྣམ་ གྲངས་སུ། །ཆོ་ག་བཞིན་དུ་བཟླས་ནས་ནི། །རྨད་དུ་བྱུང་བའི་ལས་རྣམས་ཀྱང ། །ཡིད་ཀྱིས་བསམ་པས་བྱེད་པར་འགྱུར། །གསང་བས་རིག་སྔགས་དམ་པ་འདི། །ལས་རྣམས་ཐམས་ཅད་བྱེད་པའོ། །དེ་ནས་ད་ནི་འདི་ཡི་ལས། །ཁྲོ་བོའི་རྒྱལ་པོ་ཉིད་ཀྱིས་ཀྱང ། །ཆོ་ག་ཞིབ་ ལས་གང་གསུངས་པ། །དེ་དག་མདོར་ནི་བཤད་པར་བྱ། །རྨུགས་དང་གནད་དང་རྨོངས་པ་དང ། །དེ་བཞིན་དབབ་པའི་ཆོ་ག་དང ། །དབང་དུ་བྱ་དང་བྱེད་པ་དང ། །གསད་པ་དང་ནི་བསྐྲད་པ་དང ། །ཕན་ཚུན་འཐབ་ཅིང་གསོད་པ་དང ། །དེ་བཞིན་གཞན་ཡང་མིག་འཕྲུལ་དང ། །ཞི་དང་ རྒྱས་པར་སྦྱོར་བ་དང ། །དེ་བཞིན་དགའ་བར་བྱེད་པ་དང ། །འགུགས་པར་བྱེད་པའི་ཆོ་ག་ཡང ། །མདོར་བསྡུས་ནས་ནི་བཤད་པར་བྱ། །རོ་ལངས་ཕྱག་རྒྱ་ལས་སྒྲུབ་ཕྱིར། །ཆོ་ག་བཞིན་དུ་སྔར་བསྙེན་བྱས། །སོ་སོའི་དོན་རྣམས་བསྒྲུབ་པའི་ཕྱིར། །ཆོ་ག་འདི་ནི་རྣམ་པར་བརྩམ། །རྨ་ བྱའི་མཇུག་མའི་སྒྲོ་དག་གི། མདོངས་བརྒྱ་བམ་པོར་སྦམས་ནས་ཀྱང ། །སེང་ལྡེང་ཡུ་བ་འཕན་མེད་པ། །བཟང་པོ་ཁྲུ་གང་ཚད་ལ་ནི། །བུ་མོས་བཀལ་བའི་སྐུད་པ་ཡིས། །མཁས་པ་དག་གིས་བཅིང་བར་བྱ། །ཡུ་བ་དེ་ཡི་རྩ་བ་ལའང ། །མཆོད་རྟེན་བཟང་པོ་ལེགས་པར་བྱ། །གྲོ་ག་ལ་
90-1-278a
ནི་གིའུ་ཝང་གིས། །ཁྲོ་བོས་མཐར་བྱས་རོ་ལངས་བྲི། །མཁས་པས་མཆོད་རྟེན་འོག་ཏུ་གཞག་།དེ་ནས་ཟླ་བ་གཟས་ཟིན་པའི། །ནུབ་མོ་ཡི་དགས་ཕལ་ཆེན་གྱི། །དཀྱིལ་འཁོར་མཚོ་འགྲམ་བྲིས་ནས་བཟླས། །དེ་ནས་གྲུབ་ཕྱིར་སྔགས་པ་ཡིས། །མཇུག་མ་དེ་ལ་ཡིད་ གཏད་ནས། །ལག་པ་གཡོན་པས་བཟུང་ནས་ནི། །ཟླ་བ་དེ་ལ་བལྟ་ཞིང་བཟླས། །སེམས་ནི་བདུད་ཀྱིས་མ་འཁྲུགས་པའི། །སེམས་དཔའ་ཆེན་པོ་ཁ་ཅིག་ལ། །དྲོད་དང་དུད་འཐུལ་འབར་བ་དག་།མཇུག་མ་དེ་ལས་འབྱུང་བར་འགྱུར། །དྲོ་བར་གྱུར་པ་མཐོང་ན་ནི། །བྱང་ཆུབ་སེམས་ དཔའ་འདྲ་བ་ཡིས། །སེམས་ཅན་རྣམས་ནི་ཐམས་ཅད་ལ། །དེས་ནི་ཕན་འདོགས་གནོད་པ་ནུས། །མཇུག་མ་བཟང་པོ་དེ་ལས་ནི། །དུ་བ་འབྱུང་བ་མཐོང་ན་ཡང ། །མྱུར་དུ་མི་སྣང་བར་ཡང་འགྱུར། །འདོད་པའི་གཟུགས་ཅན་ཡིད་མགྱོགས་བཞིན། །རྒས་པ་དང་ནི་འཆི་བ་མེད། ། གནོད་སྦྱིན་རྣམས་ནི་ཡོངས་སུ་བསྐོར། །སེམས་ཅན་ཆེན་པོ་དེ་ཡི་གཟིས། །གལ་ཏེ་དེ་ནི་འབར་འགྱུར་ན། །རིག་འཛིན་དཔལ་དང་ལྡན་པར་འགྱུར། །ནམ་མཁའ་ལ་ནི་མྱུར་དུ་འགྲོ། །བདེ་བ་ཀུན་དང་ལྡན་པ་ཡིས། །རིག་འཛིན་རྣམས་ཀྱི་མཆོག་ཏུ་འགྱུར། །གལ་ཏེ་ཟླ་བ་གཟས་ བཏང་ལ། །དེ་ཚེ་གྲུབ་པར་མ་གྱུར་ནའང ། །མཇུག་མ་ལན་ཅིག་བསྐོར་བ་ཡིས། །དཔུང་རྣམས་གནོན་པའི་དངོས་གྲུབ་དང ། །གང་ཡང་རུང་བ་གཅིག་ཀྱང་གནོན། །མྱོས་པས་དྲེགས་པའི་གླང་པོ་དང ། །སྟག་དང་སེང་གེ་ཝ་རྣམས་དང ། །རྟ་དང་ཤིང་རྟ་བྱ་རྣམས་དང ། །གྲུ་དང་གྲུ་ ཆེན་བཞོན་པ་རྣམས། །བསྐོར་ན་ཐམས་ཅད་གནོན་པར་བྱེད། །མནན་པ་དག་ལས་ཐར་བར་ཡང ། །མཇུག་མ་འདིས་ནི་གདོན་མི་ཟ། །དེ་ནས་གཞན་ཡང་རོ་ལངས་ཀྱིས། །རྨུགས་པར་བྱ་བ་གསང་བར་བཤད། །དེ་ནས་ཚིལ་ཆེན་བླངས་ནས་ནི། །དེ་ཡང་ཐོད་པའི་ནང་དུ་གཞག་། ེ་ཤཝ་མ་ར་དམར་པོ་ཡི། །ཤིང་བལ་འཇམ་པོའི་སྙིང་པོ་བྱ། །གདོལ་པའི་མེ་ཡིས་འབར་བྱས་ན། །ཉི་མ་ཟླ་བ་གཟས་ཟིན་ཚེ། །ཐོད་པའི་དུད་པ་བླངས་ནས་ནི། །ཟླ་བའམ་ཡང་ན་ཉི་མ་དག་།བཏང་བའི་བར་དུ་བཟླས་པར་བྱ། །ཡང་ན་ཨརྒའི་ཤིང་བལ་ལས། །དེ་ཡི་འོག་ཏུ་ལྕགས་
90-1-278b
ཐུར་གྱིས། །མིག་གཉིས་དག་ནི་བསྐུ་བར་བྱ། །དེ་ལྟར་མིག་གཉིས་བསྐུས་པ་ཡིས། །གང་དག་བལྟས་པ་དེ་དག་ནི། །རྨུགས་པར་འགྱུར་བར་གདོན་མི་ཟ། །དེ་ནས་གདོང་བཀྲུས་བལྟས་ན་ནི། །སླར་ཡང་དེ་ལས་ཐར་བར་འགྱུར། །དེ་ནས་གཞན་ཡང་རྨོངས་པ་ནི། །རྨོངས་ པར་བྱེད་པ་མཆོག་བཤད་དོ། །རྒ་གཅིག་གི་རྩ་བ་དང ། །ག་ན་ཀ་ཡི་རྩ་བ་དང ། ། ཤཝ་མ་ར་རུ་རྟ་དང ། །མོ་ཧ་ནི་ཡི་རྩ་བ་དང ། །མ་ཧཱ་ན་ལའི་རྩ་བ་དང ། །ཤ་ར་བུ་ཀར་ལྡན་བྱས་ཤིང ། །ཡི་དགས་མེ་ཏོག་རྙིང་པར་ལྡན། །མདུན་སོ་དག་དང་ལྡན་བྱས་ཏེ། །སྐྱེས་པ་དག་ གམ་བུད་མེད། །གསང་བའི་པགས་པ་དང་ལྡན་པ། །བུ་མོ་འདོད་པ་མ་སྤྱད་པས། །མར་གྱི་བརྒྱད་ལ་ལེགས་པར་བཏབ། །ཕྱིས་ནི་བུད་མེད་ཁྲག་དག་དང ། །བོང་བུའི་ཁུ་བས་སྦྲུ་བར་བྱ། །དུར་ཁྲོད་ཐལ་བ་དང་སྦྱར་ཏེ། །དེ་ནས་མར་གྱི་ཚེས་བརྒྱད་ལ། །ཐོག་མར་ཡི་དགས་ མང་བྲིས་ནས། །རིག་པ་འཛིན་པས་མཚན་མོ་བཟླས། །སྟོང་རྩ་བརྒྱད་ནི་ལེགས་བཟླས་ནས། །དེ་ནས་རྫས་ནི་གྲུབ་པར་འགྱུར། །རྨོངས་པར་བྱེད་པའི་ཕྱེ་མ་འདི། །སེམས་ཅན་ཀུན་ལ་སྦྱར་ན་ནི། །དེ་ནས་རྨོངས་པ་བྱེད་པར་འགྱུར། །འདི་ལ་ཐེ་ཚོམ་མི་བྱའོ། །འཐབ་མོ་དང་ ནི་རྩོད་པ་དང ། །རྒྱལ་པོ་གཡུལ་ངོ་ཆེན་པོ་ལ། །བདག་གི་ཕྱོགས་ནི་བསྲུང་བའི་ཕྱིར། །སྦྱོར་བ་ཤེས་པས་འདི་བསྐུལ་བའི། །བ་དན་དག་ཀྱང་བསྒྲེང་ན་ནི། །དགྲ་རྣམས་ཀུན་ཏུ་རྨོངས་པར་འགྱུར། །ཕྱེ་མ་འདི་ཡིས་རེག་ན་ནི། །དེ་མ་ཐག་ཏུ་མི་རྣམས་རྨོངས། །ཚུར་ཞུགས་ ན་ནི་ཐར་བར་འགྱུར། །ངེས་པར་གཞན་དུ་མ་ཡིན་ནོ། །དེ་ནས་གཞན་ཡང་དབབ་པ་ཡི། །ཆོ་གའི་མཆོག་ནི་བཤད་པར་བྱ། །ཅི་ནས་འབྱུང་པོ་ཐམས་ཅད་ནི། །མོད་ལ་འབབ་པར་འགྱུར་བའོ། །སྟག་གི་པགས་པ་དང་ལྡན་པར། །སྦྲུལ་གྱི་ཤུན་པ་བཏགས་ན་ནི། །དུག་དང་ ཡུང་བའི་རྩ་བ་དང ། །མོ་ཧ་ན་དང་མ་ལ་ཏི། །ར་ཡི་གཅིན་ལས་བཏགས་ནས་ནི། །དེ་ནས་དེ་དག་རིལ་བུར་བྱ། །ཙ་ན་ཀ་ཡི་འབྲུ་ཚད་ལ། །བདུན་ནམ་བརྒྱད་དམ་དགུ་འམ་ཡང ། །གཞན་ཡང་རི་བོང་ཁྲག་དག་དང ། །གུར་གུམ་ལས་སུ་བཏགས་ནས་སུ། །བདུན་ནམ་བརྒྱད་དམ་དགུ་
90-1-279a
དག་ཏུ། །རིལ་བུ་སྔ་མ་བཞིན་དུ་བྱ། །དེ་ནས་སྔ་མའི་རིལ་བུ་ལ། །སྔགས་པས་ཐོདཔའི་སྣོད་དུ་གཞག་།མར་གྱི་ཚེས་བརྒྱད་མཚན་མོ་ནི། །བརྒྱ་རྩ་བརྒྱད་དུ་བཟླས་པར་བྱ། །གུར་གུམ་ཅན་ནི་ཨ་རི་སྟའི། །སྣོད་ནི་གཙང་མར་གཞག་པར་བྱ། །དེ་བཞིན་སྟོང་ རྩ་བརྒྱད་བཟླས་ཏེ། །རྩེ་མོ་རབ་ཏུ་སྦྱར་བར་བྱ། །སྔར་ནི་ལེགས་པར་སྦྱར་བྱས་པའི། །རིལ་བུ་ཐ་མལ་བདུག་པ་ལ། །བཏབ་ན་མྱུར་དུ་འབབ་པ་ནི། །རིང་པོར་མི་ཐོགས་གཞན་དུ་མིན། །བསམས་ནས་མྱུར་དུ་བཏང་བ་ནི། །དེ་ནས་གུར་གུམ་རིལ་བུས་བྱ། །དེ་ནས་གཞན་ཡང་ གྲུབ་པ་འདི། །དབང་དུ་བྱེད་པ་གང་གིས་མཆོག་།རིག་པ་འཛིན་པའི་ཡིད་ལས་འབྱུང ། །ལས་ཀྱིས་ངེས་འགྱུར་བཤད་པར་བྱ། །ར་ཀྟ་ཞེས་ནི་འདིར་གྲགས་པ། །རྩ་བར་རཀྟ་མཱུ་ལི་ཀ། དེར་བླངས་ཤ་ར་པུ་ཀ་དང ། །མི་ལས་བྱུང་བའི་མདུན་སོ་དང ། །ཚུབ་མས་ གཙུབས་པའི་ཤིང་ལོ་ནི། །ལྡིང་ཞིང་ལྷག་དང་བཅས་པ་དག་།གཞོན་ནུ་མས་ནི་མཚན་མོ་བཏག་།ཕྱེ་མ་མཆོག་དེ་ལན་བདུན་དུ། །བདག་གི་ཁུ་བས་སྦྲུ་བར་བྱ། །དེ་ནས་བདག་གིས་སྦྱར་བ་དེ། །པདྨོ་སྙིང་པོ་ལ་བཞག་ལ། །གཙང་མས་མར་གྱི་ཚེས་བརྒྱད་ལ། །བློ་ ལྡན་ལག་པས་བཟུང་ནས་ནི། །སྔགས་ཀྱིས་སྟོང་དུ་གདབ་པར་བྱ། །ཕྱེ་མའི་རྒྱལ་པོ་དབང་བྱེད་པ། །དེ་ནས་དངོས་གྲུབ་ཐོབ་པར་འགྱུར། །བཟའ་བའམ་བཏུང་བ་དག་ལ་སྦྱིན། །ཡང་ན་ཕྱེ་མ་གདབ་པར་བྱ། །ཡང་ན་རླུང་གི་ཕྱོགས་སུ་བཏང ། །ཡང་ན་གོས་ལ་ལན་ ཅིག་གདབ། །ཡང་ན་བྱུག་པའམ་སོ་ཡི་རྩི། །གང་ཡང་རུང་བར་སྦྱར་ན་ནི། །དེ་ལ་འདི་ནི་ལན་ཅིག་གིས། །མྱོས་ཤིང་དྲེགས་པའི་དགྲ་དག་ནི། །རྒྱང་ནས་ཀྱང་ནི་དབང་དུ་འགྱུར། །བྲན་བཞིན་དུ་ནི་ལེགས་པར་བྱེད། །ཕྱེ་མ་འདི་ཡིས་རིག་པ་ནི། །ཤི་ནའང་རྗེས་སུ་འབྲང་བར་ འགྱུར། །གལ་ཏེ་རྒྱང་ནི་རིང་པོ་ནས། །ཕྱེ་མས་རེག་པར་མི་འགྱུར་ན། །དེ་ཡི་གཟུགས་བརྙན་བྱས་ནས་ནི། །ཕྱེ་མ་འདི་ཡིས་གདབ་པར་བྱ། །ཞག་བདུན་གྱིས་ནི་རིག་འཛིན་གྱི། །མིང་ནི་དེ་ཡི་ཐོས་ནས་ཀྱང ། །བདག་དང་རང་ནི་ནོར་བཅས་པ། །གདོན་མི་ཟ་བར་དབང་དུ་འགྱུར། །དེ་
90-1-279b
ནས་སྦྱོར་བ་འབའ་ཞིག་གིས། །འཁོན་པའི་ལས་དག་བཤད་པར་བྱ། །རྨ་བྱའི་མདོངས་ནི་བཟང་པོ་དང ། །དེ་བཞིན་སྦྲུལ་གྱི་ཤུན་པ་དང ། །རྟ་དང་མ་ཧེའི་སྤུ་དག་དང ། །ཀ་ན་ཀ་ཡི་ས་བོན་དང ། ། ཤཝ་མ་ར་འི་མེ་ཏོག་དང ། །དེ་བཞིན་གླང་པོའི་པི་པི་ལིང ། །འདི་ རྣམས་ཐམས་ཅད་མཉམ་བྱས་ཏེ། །བྱི་བ་བྱི་ལའི་ཁྲག་ལས་བཏབ། །བདག་གིས་རིལ་བུ་མཉམ་པར་བྱ། །བྱས་ནས་ཆོ་ག་ཤེས་པ་ཡིས། །མཚན་མོ་སྟོང་རྩ་བརྒྱད་དུ་བཟླས། །བྱི་བ་དང་ནི་བྱི་ལ་ཡི། །སྤུ་ཡི་བདུག་པས་བདུག་པར་བྱ། །དེ་ནས་སྦྱོར་བ་ཤེས་པ་ཡིས། ། དེ་ལས་རིལ་བུ་གཅིག་བླངས་ནས། །གང་དག་དབྱེ་བར་བྱ་བ་ནི། །དེ་དག་གཅིག་གིས་སྤྱི་བོ་ལ། །རིལ་བུའམ་ཡང་ན་ཕྱེ་མ་དག་།དབྱེ་བར་བྱ་བའི་ཕྱིར་གདབ་བོ། །དབྱེ་བར་བྱེད་པའི་མཆོག་འདི་ནི། །ཁྲོ་བོ་ཉིད་ཀྱིས་གསུངས་པའོ། །དེ་ནས་འདི་ནི་གསད་བྱ་བ། །སྦྱོར་ བའི་ཚུལ་བཞིན་ལེགས་སྦྱོར་ན། །དོགས་པ་མེད་པར་འགྲུབ་འགྱུར་བ། །གསོད་བྱེད་མཆོག་ནི་བཤད་པར་བྱ། །མི་དབང་རྣམ་པ་དུ་མ་ཡིས། །དཀོན་མཆོག་གསུམ་ལ་གནོད་བྱེད་པ། །དེ་ལ་སྦྱོར་བ་འདི་སྦྱར་གྱི། །ངན་སོང་གཞན་ལ་མ་ཡིན་ནོ། །འདི་ནི་བྱང་ཆུབ་ སེམས་ལྡན་ལ། །གྲུབ་པར་འགྱུར་གྱི་གཞན་དུ་མིན། །དེ་བཞིན་གཤེགས་པའི་དམ་ཚིག་འདི། །དངོས་གྲུབ་ཐམས་ཅད་སྟེར་བས་ན། །ཆོ་ག་བཞིན་དུ་ལེགས་པར་བསྲུང ། །གཞན་དུ་བྱས་ན་འགྲུབ་མི་འགྱུར། །དེ་བཞིན་གཤེགས་པའི་དངོས་གྲུབ་ཀུན། །འདོད་ན་ སྲོག་ཆགས་ཕན་འདོད་པས། །འོག་དང་འཕུར་བའི་དངོས་གྲུབ་ཀྱང ། །བཤོལ་བ་མེད་པར་བསྒྲུབ་པར་བྱ། །ཁྲོ་དང་གཏུམ་པའི་སྤྱོད་པ་ཅན། །འདོད་ཕྱིར་གསོད་པར་འདོད་དེ་ལ། །དེ་བཞིན་གཤེགས་པའི་དངོས་གྲུབ་དག་།རྨི་ལམ་དུ་ཡང་ག་ལ་འབྱུང ། །སྙིང་བརྩེ་ བཟོད་དང་དེ་བཞིན་བྱམས། །རང་བཞིན་གྱིས་ནི་སྙིང་རྗེ་ཅན། །ཇི་སྐད་བསྟན་པའི་སྔགས་པ་ནི། །བྱང་ཆུབ་སེམས་ཉིད་སེམས་བྱེད་ལ། །དེ་བཞིན་གཤེགས་པའི་དངོས་གྲུབ་ཀུན། །གདོན་མི་ཟ་བར་དེ་ལ་འགྲུབ། །གདུག་པ་རྣམས་ནི་འདུལ་བའི་ཕྱིར། །སྦྱོར་བ་
90-1-280a
འདི་ནི་ཀུན་ཏུ་གསུངས། །དཀོན་མཆོག་གསུམ་ལ་ཆེར་གནོད་ལ། །བྱ་བར་བཤད་ཀྱིས་གཞན་དུ་མིན། །སེམས་གདུག་བསྒྲུབ་པར་བྱ་བ་ཡིས། །རྐང་པའི་རྗེས་ཀྱིས་བླངས་ལ། །དེ་ནས་གཙང་མའི་མ་ཧེ་ཡི། །གཅིན་གྱིས་དེ་ནི་སྦྲུས་ནས་ཀྱང ། །དེ་ཡིས་ གཟུགས་བརྙན་བྱས་ནས་ནི། །དུར་ཁྲོད་ཐལ་བས་བསྐུ་བར་བྱ། །སོལ་བ་ཚེར་མ་རྣོན་པོ་དང ། །དེ་བཞིན་རུས་པ་ཕུབ་མ་དག་།དེ་ཡི་སྙིང་གར་གདབ་པར་བྱ། །དེ་བཞིན་གཞན་ཡང་ལྟོ་བ་དང ། །རྣ་བ་སྣ་དང་མིག་དང་ཁ། །རབ་ཏུ་བཀང་ནས་གཡང་སར་བཞག་།རྐང་པ་ གཡོན་པས་མནན་པར་བྱ། །དེ་ནས་རོ་ལངས་ཞི་བའི་སྔགས། །ཕྱིན་ཅི་ལོག་ཏུ་བཟློག་སྟེ་བཟླས། །བསྒྲུབ་པར་བྱ་བའི་མིང་སྨོས་ནས། །སྒྲུབ་པ་སྟོང་རྩ་བརྒྱད་བཟླས་ལ། །བཟློག་པའི་རིམ་པ་འདི་ཉིད་ཀྱིས། །ཕཊ་གཉིས་དག་གི་བར་དུ་གཞུག་།ལས་འདི་བྱས་པས་ ངེས་པར་ནི། །བསྒྲུབ་པར་བྱ་བ་སྦོས་གྱུར་ནས། །ངེས་པར་འཆི་བདག་དབང་དུ་འགྱུར། །བློ་དང་ལྡན་པས་བསྒྲུབ་བྱ་ཡི། །དྲེགས་པ་དེ་ལྟར་བསལ་བྱས་ན། །ན་བ་ཀུན་གྱིས་བཏབ་པ་དེ། །དེ་ནས་སླར་ཡང་ཐར་བར་བྱ། །གཞན་དུ་བྱས་ན་མོད་ལ་ནི། །ངེས་པར་འཆི་ བདག་མདུན་དུ་འགྲོ། །དཀོན་མཆོག་གསུམ་ནི་བསྲུང་བའི་ཕྱིར། །གནོད་པར་བྱེད་པ་ཐམས་ཅད་ལ། །ནད་ལ་སོགས་པ་སྦྱར་ན་ཡང ། །འཆི་བར་འགྱུར་བ་འདི་བཤད་དོ། །དམ་ཚིག་ཤེས་ལ་མི་བྱ་སྟེ། །གལ་ཏེ་བྱས་ན་བདག་ཉིད་འཆི། །བསྐྲད་པར་བྱ་བའི་ཆོ་ ག་ཡང ། །འཇམ་དབྱངས་རབ་ཏུ་དཔའ་བོ་ཡི། །ཁྲོ་བོ་ཉིད་ཀྱིས་ཇི་སྐད་དུ། །གསུངས་པ་ད་ནི་བཤད་པར་བྱ། །སེང་ལྡེང་ལས་བྱས་ཕུར་བུ་ནི། །སོར་བརྒྱད་ཙམ་དུ་བྱས་པ་ལ། །ཡུངས་མར་ཚ་བས་བྱུགས་ནས་ནི། །དུར་ཁྲོད་ཐལ་བས་གདབ་པར་བྱ། ། དེ་ནས་ཁཝ་ནི་རང་ཤི་བའི། །དེ་ཡི་པགས་པས་དཀྲི་བར་བྱ། །སྒྲུབ་པས་ནུབ་མོ་ཕུར་བུ་དེ། །སྐུད་པ་དམར་པོས་བཅིངས་ནས་ནི། །དེ་ནས་རོ་ལངས་ཕྱག་རྒྱ་ནི། །སྐྲོད་ཅིག་པ་ཡི་ཚིག་ལྡན་པས། །བསྒྲུབ་པར་བྱ་བས་མིང་སྨོས་ཏེ། །མཁས་པས་སྟོང་རྩ་བརྒྱད་བཟླས་པ། །
90-1-280b
དེ་ནས་བསྐྲེད་པར་འདོད་པ་ཡིས། །བསྒྲུབ་པར་བྱ་བའི་སྒོ་ཀར་ནི། །ཕུར་བུ་དེ་ནི་གདབ་པར་བྱ། །འདི་ནི་སྐྲོདཔའི་མཆོག་ཏུ་གསུང ། །འོན་ཀྱང་བརྒྱ་བྱིན་སྟོབས་ལྡན་པའི། །བསྒྲུབ་པར་བྱ་བའང་བསྐྲད་པར་འགྱུར། །དེ་ནས་གཞན་ཡང་གཅིག་ལ་གཅིག་།འཐབ་དང་ རྩོད་པ་བཤད་པར་བྱ། །དཀོན་མཆོག་གསུམ་ལ་གནོད་བྱེད་པར། །རིག་ནས་ཅི་ལྟར་འདོད་པ་ནི། །དེ་དག་རང་གི་ཕྱོགས་འཁྲུགས་པར། །སྔགས་པས་ཇི་སྐད་གསུངས་བཞིན་བྱ། །བ་ར་ཧེ་དང་རི་ཙི་ར། །པ་ཏྲ་དང་ནི་ཀེ་ཤི་ནི། །དེ་བཞིན་ཐ་མ་སུ་ཀ་རི། །རྫོགས་པའི་ བྱང་ཆུབ་བཞུགས་བཞུགས་པ། །མཐུ་ཆེན་སྨན་ནི་འདི་རྣམས་ལས། །གང་ཡང་རུང་བ་གཅིག་བླངས་ཏེ། །ལོ་མ་རླུང་གིས་བཏབ་པར་སྦྱར། །དེ་བཞིན་བ་ལ་ཀ་ཏ་དང ། །གོ་སྙོད་ནག་པོ་ལྡོང་རོས་དག་།འདི་དག་བཏགས་ཏེ་ཕྱེ་མར་བྱ། །མི་ཡི་ཚིལ་གྱིས་སྦྲུས་ནས་སུ། ། རོ་ལངས་སྟོང་རྩ་བརྒྱད་དུ་བཟླས། །ནམ་ལངས་པ་རུ་གྱུར་པ་དང ། །གདུག་པ་འཁྲུག་པར་བྱེད་ཅེས་བྱ། །གང་གིས་བསྣམས་ཏེ་དེ་དག་ནི། །རང་གི་ཕྱོགས་རྣམས་ཕན་ཚུན་འཁྲུག་།གཅིག་ལ་གཅིག་ཀྱང་འཐབ་པར་འགྱུར། །ཡུལ་འཁོར་དང་ནི་གྲོང་ཁྱེར་དང ། །དཔུང་ལ་གནོད་ པ་བྱ་བའི་ཕྱིར། །ཕན་ཚུན་གསོད་པར་བྱ་བ་ལ། །གདུག་པ་འདི་ནི་སྦྱར་བར་བྱ། །ཕན་ཚུན་འཐབ་ཅིང་གསོད་པ་དག་།ཅི་རིགས་བསྟན་པ་འདི་ཡིན་ནོ། །དེ་ནས་གཞན་ཡང་མིག་འཕྲུལ་གྱི། །ཆོ་ག་ཚུལ་བཞིན་བཤད་པར་བྱ། །དུར་ཁྲོད་དག་གི་ཐལ་བ་ཡིས། །མིག་ འཕྲུལ་དངོས་པོ་འགྲུབ་པར་འགྱུར། །མི་ཐོད་བཟང་པོར་ཐལ་བ་དང ། །རི་བོང་དག་གི་ཁྲག་བླུགས་ཏེ། །ཡི་དགས་ཕལ་ཆེན་དཀྱིལ་འཁོར་གྱི། །ཇི་སྐད་གསུངས་པ་བྲིས་པ་བཞག་།དེ་ཡི་ནང་དུ་རོ་ལངས་ལ། །མཆོད་པ་ཆེན་པོ་བྱས་ནས་ནི། །དེར་ཡང་ལྷོ་ཕྱོགས་སྒོ་དག་ཏུ། ། ཞུགས་ཐབ་ཏུ་ནི་མེ་བུས་ཏེ། །དེ་ནས་ཐལ་བ་དེ་ལ་ནི། །མར་གྱིས་བདུགས་ཏེ་སྦྱིན་སྲེག་བྱ། །དེ་ནས་ཐལ་བ་དེ་ལ་ཡང ། །སྟོང་རྩ་བརྒྱད་དུ་བཟླས་བྱས་ཏེ། །སྟོང་རྩ་བརྒྱད་པོ་དེ་ཉིད་ཀྱིས། །ནམ་ལངས་པར་ནི་ངེས་པར་ཡང ། །མཁས་པས་མིག་འཕྲུལ་རྩེད་མོ་རྣམས། །ཐལ་བ་དེས་
90-1-281a
ནི་བྱེད་པར་འགྱུར། །མེ་ཏོག་དཀར་ལ་ཐལ་བ་དེས། །ལན་རེ་དག་ཏུ་བསྐུས་ནས་ནི། །ནམ་མཁར་གཏོར་ན་ངེས་པར་ཡང ། །རྫོགས་པའི་སངས་རྒྱས་སྟོན་པར་འགྱུར། །ཐལ་བ་དེ་ཡིས་སྔ་མ་བཞིན། །མེ་ཏོག་སེར་པོ་ལ་བསྐུས་ཏེ། །དེ་བཞིན་ནམ་ མཁའ་ལ་གཏོར་ན། །འདོད་ཆགས་བྲལ་བ་སྟོང་དག་དང ། །ཉིད་ཀྱི་གནས་བཅས་སངས་རྒྱས་ཀུན། །སྟོན་པར་བྱེད་དེ་གཞན་དུ་མིན། །མེ་ཏོག་དཀར་པོས་འཇིག་རྟེན་པའི། །ལྷ་རྣམས་ཀྱང་ནི་སྔ་མ་བཞིན། །གང་དང་གང་གི་འདོད་པ་དག་།ཡིད་ལ་བསམ་པས་ སྟོན་པར་བྱེད། །མེ་ཏོག་སྔོན་པོས་དེ་བཞིན་དུ། །གནོད་སྦྱིན་སྲིན་པོ་སྔ་མ་བཞིན། །ཡི་དགས་མཁའ་འགྲོ་གྲུལ་བུམ་དང ། །ཡང་ན་གང་དང་གང་འདོད་པའོ། །ཆུ་ལས་ལན་བདུན་བཟླས་པ་ནི། །གྱེན་དུ་གཏོར་ནས་ངེས་པར་ཡང ། །མིག་འཕྲུལ་སླར་ཡང་ བསྡུ་བར་བྱ། །ཡང་ན་ཁུ་ཚུར་བཅངས་པས་སོ། །ཁཝ་ཡི་སྒྲོ་བདུན་མི་རུས་ཀྱི། །ཡུ་བ་དག་ལ་བཅིངས་ནས་སུ། །དེ་ལ་ཐལ་བ་དེ་བསྐུས་ཏེ། །མིག་འཕྲུལ་བསམ་ལ་ཅི་འདོད་པར། །ཚོགས་ཀྱི་ནང་དུ་བསྐོར་ནས་ནི། །མཚོ་དང་རྒྱ་མཚོ་རྒལ་བ་དང ། །དེ་བཞིན་ ཁང་པ་ལི་བ་དང ། །གཡུལ་དང་འཁྲུག་ཅིང་འཆི་བ་དང ། །ལྟད་མོ་ཆེན་པོ་མཆོག་རྣམས་ནི། །རབ་ཏུ་སྦྱར་བ་སྟོན་པར་འགྱུར། །ཁུ་ཚུར་བཅངས་པས་དེ་བཞིན་སྡུད། །ས་ཡི་འོག་ཀྱང་སྟོན་པ་དང ། །འགྲོ་བ་མང་པོ་འདུས་པ་དང ། །གྱེན་དུ་འགྲོ་དང་དེ་བཞིན་ འཁྲུག་།རང་གི་དཔུང་དང་རྒྱ་མཚོའང་འཁྲུག་།མཇུག་མ་དེ་དང་ཐལ་བ་ཡིས། །གཞན་ཡང་གང་དང་གང་འདོད་པ། །དེ་དག་ངེས་པར་བྱེད་པར་འགྱུར། །ཁུ་ཚུར་བཅངས་པས་དེ་བཞིན་སྡུད། །དེ་ལྟར་མིག་འཕྲུལ་མདོར་བསྡུས་པ། །ཇི་སྐད་བཤད་པ་དེ་ བཞིན་བྱ། །རོ་ལངས་དེ་ཡི་ངོ་བོ་ཉིད། །ཞི་བའི་ཕྱིར་ནི་ཚུལ་བཞིན་བཟླས། །བདག་གམ་འོན་ཏེ་གཞན་ཡང་རུང ། །བསྒྲུབ་བྱ་ཞི་བའི་ཚིག་སྨོས་ཏེ། །སྟོང་རྩ་བརྒྱད་དུ་བཟླས་བྱས་ནས། །མེ་ཏོག་དཀར་པོ་བཟང་པོ་ནི། །བསུང་ཞིམ་ཡིད་དུ་འོང་བ་དག་།ཙནྡན་
90-1-281b
དཀར་པོའི་ཆུས་བཏབ་ནས། །རྒྱ་མཚོར་འགྲོ་བའི་ཆུ་ནང་དུ། །ཞུགས་ནས་རེ་རེ་ལ་བཟླས་ཤིང ། །བརྒྱ་རྩ་བརྒྱད་ནི་དོར་བར་བྱ། །འོན་ཀྱང་བདག་གམ་གཞན་ཡང་རུང ། །མཚུངས་པ་མེད་པ་ཞི་བར་འགྱུར། །རྒྱལ་པོའི་ཡུལ་ལམ་ལྗོངས་དག་གམ། །གྲོང་ངམ་ཡང་ན་གྲོང་ ཁྱེར་དག་།ཞི་བའི་ལས་དེ་བྱས་པ་ཡིས། །ཞི་བར་འགྱུར་བ་གདོན་མི་ཟ། །དེ་ནས་རྒྱས་པའི་ལས་རྣམས་ཀྱང ། །ཚུལ་བཞིན་དུ་ནི་བཤད་པར་བྱ། །མཆོད་རྟེན་ལ་མཆོད་སྣ་ཚོགས་པ། །བྱས་ནས་དེ་ཡི་མདུན་འདུག་སྟེ། །རོ་ལངས་ཕྱག་རྒྱ་ཆེན་པོ་ནི། །རྫོགས་ སངས་རྒྱས་ཀྱིས་མཆོད་པ་བཟླས། །གལ་ཏེ་མཆོད་རྟེན་རིང་བསྲེལ་ཅན། །ཡིན་ན་དེ་མ་ཐག་ཏུ་འགྱུར། །བསྒྲུབ་བྱའི་མིང་སྨོས་བཟླས་ན་ནི། །སྐྱེས་པ་བུད་མེད་རྒྱས་པར་འགྱུར། །དམ་ཆོས་མཆོད་རྟེན་མདུན་དུ་ནི། །ཆོ་ག་བཞིན་དུ་ཁྲི་བཟླས་ན། །ཅི་སྲིད་རྒྱས་པར་ འགྱུར་གྱི་བར། །དེ་སྲིད་རྒྱས་ཕྱིར་རིམ་གྱིས་བཟླས། །དེ་བཞིན་གཤེགས་པའི་མཆོད་པ་དག་།མཁས་པས་མཆོད་རྟེན་ཀུན་ལ་བྱ། །རིང་བསྲེལ་ཅན་ལ་ཆོ་ག་བཞིན། །ཁྱད་པར་དུ་ནི་བཤད་པར་བྱ། །ཐོག་མར་མཆོད་རྟེན་དྲུང་དུ་ནི། །མཁས་པ་དག་ གིས་དཀྱིལ་འཁོར་བྱ། །དེ་ནས་དེར་ནི་མེ་ཏོག་དག་།ཤིན་ཏུ་ཡིད་འོང་དགྲམ་པར་བྱ། །མེ་མར་རབ་ཏུ་འབར་བ་བརྒྱད། །མཁས་པས་དེ་ལ་དབུལ་བར་བྱ། །ཤིན་ཏུ་ཡིད་འོང་ཆུ་དང་བཅས། །སྣ་ཚོགས་པ་ཡི་བཤོས་ཕུལ་ནས། །གུ་གུལ་བདུག་པ་ཕུལ་ ནས་ནི། །བྱང་ཆུབ་སེམས་དང་ལྡན་པ་ཡིས། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །ཞེ་སར་བཅས་པས་ཕྱག་བྱས་ནས། །མཆོད་རྟེན་ལ་ནི་མངོན་ཕྱོགས་ཏེ། །ཞི་དང་རྒྱས་ཕྱིར་བཟླས་པར་བྱ། །དམ་པའི་ཆོས་ཀྱང་བཀླག་པ་དང ། །དུས་དུས་ སུ་ཡང་མཆོད་རྟེན་བྱ། །དེ་ལྟར་ཉིན་མཚན་ཕྱེད་བྱས་ན། །ཞི་བ་དག་དང་རྒྱས་པར་འགྱུར། །རྒྱས་པའི་ལས་ནི་བཤད་ཟིན་ཏོ། །གཞན་ཡང་སྒྲུབ་པ་པོ་ལ་ནི། །འཇིག་རྟེན་ཐམས་ཅད་ངེས་པར་ཡང ། །དགའ་བར་འགྱུར་བ་བཤད་པར་བྱ། །ཇི་ལྟར་མ་ལ་བུ་
90-1-282a
སྡུག་པ། །དེ་འདིར་དེ་བཞིན་གཞན་དུ་མིན། །མཁས་པ་ཡིས་ནི་གིའུ་ཝང་དག་།ངེས་པར་བདག་གི་ཁྲག་དང་སྦྱར། །ལན་གྲངས་མང་དུ་སྦྱར་ནས་ཀྱང ། །མཁས་པས་དེ་ནི་ཐོད་པར་གཞག་།དེ་ནས་ཟླ་བ་གཟས་ཟིན་ཚེ། །ཟླ་བ་ ལ་ནི་མིག་བལྟས་ཤིང ། །བཏང་གི་བར་དུ་ལེགས་པར་བཟླས། །ནང་པར་བདག་གིས་དཔྲལ་བ་ལ། །ཐིག་ལེ་གཅིག་ནི་བྱས་ནས་ཀྱང ། །དེ་ནས་རྒྱལ་པོའི་འཁོར་དུ་འགྲོ། །འགྲོ་བ་དབང་བྱེད་སྦྱོར་བ་འདི། །མདོར་བསྡུས་ནས་ནི་བཤད་པ་སྟེ། ། རྒྱུ་དང་མི་རྒྱུ་འཇིག་རྟེན་དག་།མཐོང་བ་ཡིས་ནི་དགའ་བར་འགྱུར། །འདི་ནི་འཇིག་རྟེན་པ་རྣམས་ཀུན། །དགའ་བར་བྱེད་པ་བསྟན་པ་ཡིན། །དེ་ནས་དགུག་པའི་ཆོ་ག་ཡང ། །འཇམ་དབྱངས་མགོན་པོ་གཅིག་པུ་ཡིས། །ཁྲོ་བོའི་ཞལ་ནས་གསྲུངས་ པ་དག་།མདོར་བསྡུས་ནས་ནི་བཤད་པར་བྱ། །བུད་མེད་བུ་མོ་ཤི་སྐྲ་ལས། །མར་གྱི་བརྒྱད་ལ་ནན་ཏན་དུ། །ཞགས་པ་ལེགས་པར་བཀལ་བྱས་ཏེ། །དེ་ནས་ཐོད་པའི་ནང་དུ་གཞུག་།དེ་ནས་ཟླ་བ་གཟས་ཟིན་པར། །འགྱུར་བའི་བར་དུ་ཉིན་རེ་བཟླས། ། ཟླ་བ་གཟས་ཟིན་གྱུར་པ་དང ། །ཆུ་འགྲམ་གཙང་མ་དག་ཏུ་ཡང ། །དེར་ནི་ཡི་དགས་ཕལ་ཆེན་གྱི། །དཀྱིལ་འཁོར་དེས་བྲིས་མཆོད་པ་བྱ། །ཁྲོ་བོའི་གཙོ་བོས་གསུངས་པ་ཡིས། །རོ་ལངས་ཁྲོ་བོ་ལྡན་པ་ལ། །གཏོར་མ་རྒྱ་ཆེན་བྱས་ནས་ནི། །དེ་ནས་ ཕྱི་རོལ་འབྱུང་པོ་ལའོ། །དེ་ནས་དེ་ལ་ལག་གིས་མནན། །མི་ཐོད་ནང་དུ་འདུག་པ་ཡི། །ཞགས་པ་ཅི་སྲིད་གཡོ་བའི་བར། །ཟླ་བ་ལ་བལྟས་བཟླས་བརྗོད་བྱ། །དེ་ནས་གྱེན་དུ་འཕར་ན་ནི། །བསྒྲུབ་པ་ལ་ནི་འགྲུབ་ཅེས་བྱ། །དེ་ཚེ་ཞགས་པ་བླངས་ནས་ནི། །འཇིག་ རྟེན་ལྷ་རྣམས་སྐད་ཅིག་གིས། །བསམས་པས་དེ་ཡི་དྲངས་ནས་ནི། །དེ་ནས་རིག་པ་འཛིན་པ་ཡིས། །ཡིད་ཀྱིས་བསམས་སམ་ཚིག་གིས་ཀྱང ། །གང་དང་གང་འདོད་ལེགས་པར་བྱེད། །བརྒྱ་བྱིན་ལ་སོགས་ལྷ་རྣམས་ཀྱང ། །དེ་ཡི་བཀའ་བཞིན་ངེས་པར་བྱེད། །སྐད་ཅིག་
90-1-282b
གིས་ནི་ནམ་མཁའ་ལས། །རྫུ་འཕྲུལ་ཆེ་དང་ལྡན་པ་དང ། །ཞགས་པ་དེས་ནི་དྲངས་ནས་སུ། །འདོད་པའི་མཆོག་ནི་རབ་ཏུ་དབུལ། །གནོད་སྦྱིན་བུ་མོའམ་དྲི་ཟ་མོ། །ཡང་ན་ལྷ་ཡི་བུ་མོ་དག་།བདག་གི་དྲུང་དུ་སྐད་ཅིག་གིས། །ཞགས་པ་དེས་ནི་དྲངས་ནས་སུ། །དེ་ནས་ རིག་པ་འཛིན་མཆོག་གིས། །ཡིད་དུ་འོང་བའི་ལས་རྣམས་བྱེད། །གལ་ཏེ་བསྒྲུབས་ན་དམན་པ་དག་།འདོད་པས་གདུངས་པར་གྱུར་པ་ནི། །དེ་ཚེ་ཞགས་པ་དེ་ཉིད་ཀྱིས། །ལྷ་ཡི་ངོ་བོ་བཀུག་ནས་ནི། །དོགས་པ་མེད་པར་བསྟེན་པར་བྱ། །འདོད་པས་གདུངས་ཀྱང་ བུད་མེད་མིན། །དགའ་དང་མྱ་ངན་གྱིས་གདུངས་ན། །ནད་དང་གཙོ་བོས་སྨ་ཕབ་པ། །གཅིན་དང་རྡུལ་དང་དྲི་མ་ཅན། །མི་ཡི་བུད་མེད་རྟག་ཏུ་སྤང ། །གལ་ཏེ་འདོད་པས་གདུངས་གྱུར་ན། །ལྷ་ཡི་བུད་མེད་བསྟེན་པར་བྱ། །འོན་ཏེ་སེམས་དཔའ་ཆེན་པོ་དེ། །དེ་ཚེ་ བརྩེ་ལྡན་མ་ཡིན་ན། །ལྷ་ཡི་དབང་ཕྱུག་དགེ་བ་དང ། །གནོད་སྦྱིན་གདུག་པ་དག་གིས་བསྐོར། །རང་གི་གཞལ་ཡས་ཁང་བཟངས་ན། །འདུག་ཅིང་གང་དུ་འདོད་པར་འགྲོ། །གཞལ་མེད་ཁང་ནི་བཟང་པོ་དག་།ལྷ་རྣམས་དེ་ལ་རབ་ཏུ་དབུལ། །བཅུད་ཀྱིས་ལེན་ནི་དུ་མ་ དང ། །དཔག་བསམ་ཤིང་གི་འབྲས་བུ་ཡང ། །ལྷ་ཡི་དབང་ཕྱུག་མཉམ་ལྡན་པ། །དོགས་པ་མེད་པར་ཐོབ་པར་འགྱུར། །བཀྲེས་སྐོམ་ནད་ལས་ངེས་པར་ཐར། །རིག་པ་འཛིན་པ་ཀུན་གྱིས་མཆོད། །ཞགས་པ་འགུལ་ལམ་གཡོ་ན་ནི། །དངོས་གྲུབ་འདི་འདྲ་ཐོབ་པར་ འགྱུར། །འགུལ་ལམ་གཡོས་སམ་གཞན་པ་དག་།གལ་ཏེ་གྲུབ་པར་མ་གྱུར་ན། །མ་གྲུབ་པ་ཡི་ཞགས་པས་ཀྱང ། །འཇིག་རྟེན་པ་ཡི་ལས་རྣམས་བྱ། །སྐྱེས་པའམ་ཡང་ན་བུད་མེད་དག་།ཡིད་ལ་འདོད་པ་བསམས་ནས་ནི། །མཚན་མོ་ཞགས་པ་དེ་བརྐྱང་ སྟེ། །དེ་ནི་དེ་ན་ཕྱོགས་སུ་བཟླས། །བསྒྲུབ་བྱ་མིང་ནི་ཚིག་དང་བཅས། །དེ་ནི་ཚིག་གིས་མཇུག་ཏུ་སྦྱར། །ཞགས་པ་གང་ན་འདུག་པ་དེར། །ནམ་མཁའ་ལས་ནི་བྱ་བཞིན་དུ། །བདག་གི་དྲུང་དུ་སྐད་ཅིག་གིས། །ཐེ་ཙོམ་མེད་པར་འོང་བར་འགྱུར། །
90-1-283a
མི་དབང་སླས་དང་བཅས་པ་འམ། །ཡང་ན་སྐྱེ་བོ་ཕལ་པའམ། །བ་ལང་རྟ་དང་ཤིང་རྟ་དང ། །འབྲས་བུའི་མེ་ཏོག་གང་ཡང་རུང ། །དེ་བཞིན་འདོད་པའི་རྫས་དག་ཀྱང ། །མཐོང་བའམ་ཡང་ན་ཐོས་པའང་རུང ། །དེ་ཡི་མིང་ཚིག་བསྐུལ་ བ་དག་།དེ་ཚེ་དེས་ནི་འགུགས་པར་འགྱུར། །ཡུལ་གཞན་དག་ན་གནས་པ་ནི། །དཔག་ཚད་བརྒྱ་ན་འདུག་པ་ཡང ། །དམ་ཚིག་དག་གིས་བསྐུལ་ན་ནི། །ཞགས་པ་དེས་ནི་ངེས་པར་ཁུགས། །ཁྲོ་བོ་འཁྲུག་པ་རོ་ལངས་སམ། །ཁྲོ་བོ་རྣམ་རྒྱལ་ ཆོ་ག་འདིར། །ཞགས་པས་གྲུབ་པའི་ལས་རྣམས་དང ། །མ་གྲུབ་གྲུབ་པ་གང་ཡིན་དེའི། །ལྷ་དང་ལྷ་མིན་གཉི་ག་དག་།དགུག་པས་ཆོ་གར་གསུངས་པ་སྟེ། །རོ་ལངས་མ་ཡི་ཆོ་ག་འདི། །ཚུལ་བཞིན་རིམ་པ་བཞིན་དུ་བཤད། །འཇམ་དཔལ་གྱི་ རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བ་ལས་རོ་ལངས་མའི་ཆོ་ག་ཞིབ་མོ་རྣམ་པར་ཕྱེ་བ་སྟེ་དྲུག་པའོ།། །།འདི་ནི་རོ་ལངས་ཆོ་ག་མཆོག་།རིག་པ་འཛིན་པ་རྣམས་ལ་ནི། །དངོས་གྲུབ་ཆེན་པོ་མཆོག་སྟེར་བ། །ཚུལ་བཞིན་མདོར་བསྡུས་བཤད་པ་ཡིན། ། དེ་ནས་ཁྲོ་བོའི་ཆོ་ག་ནི། །ཞིབ་མོ་རྨད་དུ་བྱུང་བའི་མཆོག་།ཁྲོ་བོའི་པདྨའི་ཞལ་ནས་བྱུང ། །ཡང་དག་རྒྱས་པར་བཤད་པར་བྱ། །སྔགས་ཀྱི་གྲངས་ནི་བཅུ་བདུན་པོ། །ཁྲོ་བོ་ཉིད་ཀྱིས་གསུངས་པ་གང ། །ཐོས་པ་ཙམ་གྱི་མོད་ལ་ཡང ། །ལྷ་དག་ ཀུན་ཏུ་རྨོངས་པར་གྱུར། །འཇམ་པའི་དབྱངས་ཀྱིས་རབ་བསྐུལ་བ། །ཁྲོ་བོ་དེ་ཉིད་འབར་བ་ཡི། །བཟླས་པའི་གྲངས་ནི་ངེས་པ་དག་།ཆོ་ག་ཞིབ་མོ་འདིར་བཤད་བྱ། །ཐོག་མར་དྲུག་འབུམ་བཟླས་པས་ནི། །སྔོན་དུ་བསྙེན་པ་བྱས་པར་འགྱུར། ། དེ་ནས་བུ་དོན་ཆོ་ག་ཡི། །ཕྱིས་ཀྱང་དྲུག་འབུམ་བཟླས་པར་བྱ། །དེ་བཞིན་རི་རྩེར་འབུམ་བཟླས་ན། །གྲུབ་པར་འགྱུར་ཏེ་གཞན་དུ་མིན། །ཕྱིས་ནི་མཁས་པས་ཅི་འདོད་པར། །སྒྲུབ་པ་ལ་ནི་འཇུག་པར་བྱ། །དེ་ནས་ཁྲོ་བོ་རྣམ་རྒྱལ་གྱི། །སྔོན་
90-1-283b
དུ་བསྙེན་ལ་སོགས་པའི་རིམ། །སྒྲུབ་པ་པོ་ལ་ཕན་པའི་ཕྱིར། །ཆོ་ག་འདིར་ནི་བཤད་པར་བྱ། །གཅིག་ཏུ་དཔའ་བའི་ཁྲོ་བོ་ཉིད། །བདུད་རྣམས་ཐམས་ཅད་ཚར་གཅོད་པ། །དངོས་གྲུབ་ཐམས་ཅད་རབ་སྩོལ་ཅིང ། །འཚེ་བ་ཐམས་ཅད་འཇིག་མཛད་པ། ། ཐོག་མར་ཁྲོ་བོའི་རྒྱལ་པོ་ཡི། །ཁྲུས་ཀྱི་ཆོ་ག་ཉིན་རེ་བྱ། །དེ་ནས་ཁྲོ་བོས་བསྐུལ་བ་ཡིས། །བསྲུང་བ་རང་གི་ལུས་ལ་བྱ། །བྷཾ་གི་ས་བོན་ལས་བྱུང་བའི། །ཡིད་ཀྱིས་པདྨོའི་སྟན་ལ་འདུག་།བདག་ཉིད་དེ་ཡི་སྟེང་དུ་ཡང ། །ས་བོན་ཧཱུཾ་ལས་གྱུར་ པའི་སྐུ། །བསྒོམ་པར་བྱས་ཏེ་བསྒོམས་ནས་ཀྱང ། །བདག་གི་སྤྱི་བོར་ཡི་གེ་ཨོཾ། །མིག་གཉིས་སུ་ནི་ཡི་གེ་ཨཱཿ ། །བསྲུང་བར་བྱ་སྟེ་དེ་ནས་ཡང ། །སྔགས་ནི་ཡི་གེ་བཅུ་བདུན་པོ། །ཟློས་ཤིང་དེ་བཞིན་གཤེགས་དྲན་ནས། །རང་གི་ལུས་ལ་སྔར་ བཀོད་པའི། །སྙིང་པོ་སྙིང་གར་གཞག་པར་བྱ། །དེ་ནས་ཁྲོ་བོའི་མཚོག་མ་ཡིས། །བདག་གི་མཚོག་མར་རེག་པར་བྱ། །ཁྲོ་བོ་གཙོ་བོའི་སྤྱི་གཙུག་ཀྱང ། །ཕྱིས་ནི་གཙུག་ཏུ་གཞག་པར་བྱ། །དེ་ནས་ལུས་ལ་གོ་ཆ་ཡང ། །ལག་པས་ཆོ་ག་ བཞིན་དུ་བྱ། །དེ་ནས་བདག་གི་ལག་གཉིས་ལ། །བློ་དང་ལྡན་པས་མཚོན་ཆ་དགོད། །རང་གི་དམ་ཚིག་ལྡན་པའི་རྒྱ། །མཁས་པས་ཆོ་ག་བཞིན་བཅིངས་ནས། །ཁྲོ་བོ་གཙོ་བོའི་རོ་ལངས་མ། །བདག་གི་སྙིང་གར་གཞག་པར་བྱ། །དེ་བཞིན་བེ་ཅོན་ ཕྱག་རྒྱ་ཡང ། །ཤིན་ཏུ་དྲག་པའི་མཚོན་ཆའི་གནས། །ལག་པ་གཡས་པས་བཅིངས་ནས་ནི། །ཁྲོ་བོའི་མཆོད་པ་འཇུག་པར་བྱ། །ཁྲོ་མཆོད་བཤད་པ་བཞིན་བྱས་པས། །འདོད་པ་ཐམས་ཅད་སྩོལ་བར་མཛད། །ཡི་དགས་ཕལ་ཆེན་དཀྱིལ་འཁོར་དང ། །གཞན་ ཡང་རྟག་པར་སྐུ་གཟུགས་དང ། །ཅི་སྲིད་བསྟན་པའི་རི་མོ་ལ། །ཡིད་ཀྱི་མཆོད་པ་བྱ་བར་བསྒྲགས། །ལྷ་ཡི་མེ་ཏོག་དྲི་ཞིམ་དང ། །བིལ་བའི་ལོ་མ་བཟང་པོ་དང ། །སྤོས་ཆུ་དག་གིས་ས་ལ་འམ། །ཡང་ན་སྐུ་གཟུགས་དག་ལ་མཆོད། །དགོས་པ་ཀུན་གྱི་
90-1-284a
དོན་སྒྲུབ་པ། །སྐུ་གཟུགས་མཚན་ཉིད་བཤད་པར་བྱ། །སྔར་བསྙེན་ཆོ་ག་བཞིན་བྱས་ནས། །དེ་ནས་སྐུ་གཟུགས་བྱེད་དུ་གཞུག་།གསེར་རམ་ཡང་ན་དངུལ་ཡང་རུང ། །དེ་བཞིན་ཁར་བའམ་ཟངས་ལ་བྱ། །ར་གན་ཨིནྡྲ་ནཱི་ལ་དང ། །མཆིང་ བུ་ཤེལ་དང་རིན་ཆེན་ཏེ། །རྒྱལ་སྲིད་འདོད་པས་གསེར་ལ་བྱ། །ལོངས་སྤྱོད་འདོད་པས་དངུལ་ལ་བྱ། །ནད་རྣམས་འཇིག་ཕྱིར་ཁར་བས་བྱ། །ཟངས་ནི་འདོད་པ་རབ་ཏུ་སྟེར། །དགྲ་རྣམས་གཤིག་ཕྱིར་ར་གན་ཏེ། །རང་གི་ལོངས་སྤྱོད་འཕེལ་བའི་ཕྱིར། །ིནྡྲ་ ནཱི་ལ་དག་ལས་བྱ། །མཆོག་དང་འདོད་པ་ཐམས་ཅད་སྟེར། །མཆིང་བུ་རྣམ་པ་སྣ་ཚོགས་པས། །ནོར་སྟེར་བར་ནི་ཡོངས་སུ་བསྒྲགས། །དྲི་མེད་ཤེལ་ལས་བྱས་ན་ནི། །ཞི་དང་རྒྱས་པའི་མཆོག་རྣམས་སྟེར། །རིན་ཆེན་ལས་བྱས་རལ་གྲི་དང ། །ས་འོག་ ལྷ་ཡི་དངོས་གྲུབ་སྟེར། །ཐམས་ཅད་གྲུབ་པར་བྱ་བའི་ཕྱིར། །ད་ནི་ཚད་རྣམས་བཤད་པར་བྱ། །གསེར་ལས་སོར་བརྒྱད་ཙམ་བྱས་ཏེ། །མཆོད་ན་རྒྱལ་སྲིད་དཔལ་ཡང་འཐོབ། །ལོངས་སྤྱོད་རྟག་པར་འདོད་པ་ཡིས། །དངུལ་ལས་སོར་བཅུའི་ཚད་དུ་བྱ། །ཁར་ བ་དེ་བཞིན་ནད་སེལ་བ། །སོར་གྲངས་བཅུ་དྲུག་ཚད་དུ་བྱ། །སོར་ནི་ཉི་ཤུ་ཚད་དག་ཏུ། །ཟངས་ལས་བྱས་ཏེ་མཆོད་པར་བྱ། །ར་གན་གྱི་ཡང་ཟངས་བཞིན་དུ། །སོར་གྲངས་ཉི་ཤུ་གཉིས་ཀྱི་ཚད། །ིནྡྲ་ནཱི་ལས་བྱས་པ་ཡང ། །སོར་གྲངས་བཅུ་དྲུག་ཚད་དུ་བྱ། ། མཆིང་བུ་ལས་ནི་སོར་བརྒྱད་ཤིས། །ཤེལ་ལས་སོར་གྲངས་བཅུ་གཉིས་སོ། །རིན་ཆེན་སོར་ནི་བརྒྱད་པར་བྱ། །དེ་ལྟར་ཇི་སྐད་གསུངས་པ་ཡི། །སྐུ་གཟུགས་འདོད་པ་ཀུན་སྟོན་པའི། །དངོས་གྲུབ་འདོད་པས་ལེགས་པར་མཆོད། །ཡན་ལག་མ་ཉམས་གསལ་ལ་ བཟང ། །རྟག་པར་བཟོ་བོ་མཁས་པས་བྱ། །མཚན་ཉིད་སྔ་མ་རྣམས་དང་ལྡན། །མཚོན་ཆ་བཟང་པོས་རྒྱས་པར་བྱས། །ཡི་དགས་ལ་ཆིབས་ཞལ་ཡང་དྲུག་།སྤྱན་གསུམ་འཇིགས་པར་གཟིགས་པའི་ཚུལ། །གཟི་ཅན་ཕྱག་བཟང་བཅུ་གཉིས་པ། །ཞབས་ནི་གསལ་
90-1-284b
བར་དྲུག་དང་ལྡན། །མི་མགོ་ཡི་དགས་ཕྲེང་བ་རྣམས། །སེ་རལ་ཁ་ཡི་ཐབས་སུ་ཐོགས། །གཡོན་བརྐྱང་བ་ཡི་ཚུལ་དུ་བཞུགས། །ན་བཟར་སྟག་ལྤགས་གསོལ་བར་དགྱེས། །དེ་ལྟ་བུ་ཡི་སྐུ་གཟུགས་དག་།སྔ་མའི་ཚུལ་དུ་ཡོངས་རྫོགས་པར། །ཅི་སྐད་ གསུངས་པའི་ཁྲོ་བོ་འདི། །སྔགས་པས་བཟོ་བོ་བྱེད་དུ་གཞུག་།ཡང་ན་ཤིང་གི་སྙིང་པོ་ལས། །ཁྲོ་བོ་གཙོ་བོའི་སྐུ་གཟུགས་དག་།ཅི་སྐད་གསུངས་པའི་མཚན་ཉིད་བཞིན། །བྱས་ནས་རྟག་ཏུ་མཆོད་པར་བྱ། །དེ་ནས་ཤིང་ལས་བྱས་པ་ཡི། །སྐུ་གཟུགས་ཚུལ་ བཞིན་བཤད་པར་བྱ། །གཙང་མ་འདོད་པ་ཀུན་སྟེར་བ། །དེ་ཡང་དེ་བཞིན་སྦྱར་བར་བྱ། །རིག་འཛིན་ཀུན་གྱི་མཆོག་འདོད་ན། །ཙནྡན་ཤིང་ལས་བྱས་པ་ཡི། །སྐུ་གཟུགས་སོར་གྲངས་ཉི་ཤུའི་ཚད། །སྔགས་པ་དག་གིས་བྱེད་དུ་གཞུག་།ཙནྡན་དམར་པོའི་ ཤིང་དག་ལས། །སོར་ནི་བཅུ་དྲུག་ཚད་དག་ཏུ། །འདོད་པ་ཐམས་ཅད་ཀུན་སྟེར་བའི། །སྐུ་གཟུགས་ལེགས་པར་བྱེད་དུ་གཞུག་།ར་ཛ་ཨརྒའི་རྩ་བ་ལས། །བྱས་པ་འདོད་པའི་དོན་རྣམས་སྟེར། །སོར་གྲངས་བཅུ་བཞིའི་ཚད་དུ་ཤིས། །བདེ་དང་ཕུན་སུམ་ཚོགས་ ཀུན་འབྱུང ། ། ཤོ་ཀ་ཡི་སྙིང་པོ་ལས། །བཟོ་བོ་མཁས་པས་ལེགས་པར་བྱས། །སར་པ་སོར་ལྔའི་ཚད་དུ་གསུངས། །འདི་ནི་དབང་དུ་བྱེད་པར་བཤད། །དེ་བཞིན་ཏ་ལའི་ཤིང་དག་ལས། །སོར་དྲུག་པར་ནི་བྱས་ན་ཡང ། །ལྷ་དང་ལྷ་མིན་བདག་པོ་དང ། །དེ་བཞིན་ ཀླུ་རྣམས་འགུགས་པར་བྱེད། །ནཱ་ག་གེ་སར་ཤིང་དག་ལས། །དེ་བཞིན་སོར་བདུན་ཚད་དུ་བྱ། །ནད་རྣམས་འཇིག་པར་བྱ་བ་དང ། །དགྲ་རྣམས་རྨོངས་པའི་ཕྱིར་བཤད་པའོ། །མི་ཐོད་དག་ལས་བྱས་པ་ནི། །རྟག་ཏུ་སོར་གྲངས་བཅུ་གཉིས་ཤིས། །རིང་པོར་མི་ཐོགས་ མཆོག་སྟེར་ཅིང ། །འདོད་པའི་དངོས་གྲུབ་རབ་ཏུ་སྟེར། །མི་ཐོད་ལས་ནི་བྱས་པ་དག་།སྔར་བསྙེན་ལ་སོགས་མ་བྱས་པར། །མཆོད་པ་འབའ་ཞིག་བྱས་པས་ཀྱང ། །དགོས་པའི་དོན་རྣམས་སྒྲུབ་པར་བྱེད། །སྐུ་གཟུགས་བཟང་པོའི་མཚན་ཉིད་དག་།རྒྱས་པར་བཤད་པ་འདི་
90-1-285a
ཡིན་ནོ། །ཁྲོ་བོས་ཅི་སྐད་གསུངས་པ་བཞིན། །རི་མོའི་མཚན་ཉིད་བཤད་པར་བྱ། །མི་རོའི་གོས་བཟང་བཀྲུས་པ་ནི། །མཁས་པས་ཁྲུ་ཚད་གང་དག་ལ། །མི་རོ་ཉིད་ཀྱི་སྐྲ་དག་གིས། །པིར་གྱིས་ལེགས་པར་བྲི་བར་བྱ། །ཚོན་གྱི་ཁ་དོག་ཀུན་མེད་ པར། །རི་བོང་ཁྲག་གིས་བྲི་བར་བྱ། །ཡང་ན་དེ་ཡི་སྐུ་གཟུགས་ནི། །སྔ་མ་བཞིན་དུ་བཙག་གིས་བྲི། །ཁྲོས་ཤིང་འབར་བས་འཇིགས་འཇིགས་ལྟར། །གཡོན་བརྐྱང་བསྐུམ་པའི་ཚུལ་དུ་གནས། །ཞལ་དྲུག་དབུ་སྐྲ་གྱེན་དུ་བརྫེས། །སྨིན་མ་སེར་ཞིང་སྤྱན་ཡང་སེར། ། སྤྱན་ནི་ཟླུམ་པོ་གསུམ་དང་ལྡན། །བཅུ་གཉིས་ཕྱག་དང་ལྡན་པའི་སྐུ། །དེ་བཞིན་ཡི་དགས་སྟེང་ན་བཞུགས། །ཞབས་ནི་དྲུག་གིས་མཛེས་པར་བྱས། །གཡས་ཀྱི་ཕྱག་ན་མཆོག་སྦྱིན་ཅིང ། །རྩེ་གསུམ་རལ་གྲི་དགྲ་སྟ་དང ། །བེ་ཅོན་དང་ནི་ལྕགས་ཀྱུ་བསྣམས། །ཁྲོས་ པའི་ཕྱག་གཡོན་བསྡིགས་པར་བྱེད། །ཕྱག་ན་ཤག་ཏི་ཐོ་མ་ར། །གཡོན་པའི་ཕྱག་ན་དབྱུག་ཏོ་བསྣམས། །ཕྱག་ན་ཐོད་པ་ཞགས་པ་བསྣམས། །གཤིན་རྗེའི་གཤེད་པོ་བྲི་བར་བྱ། །ན་བཟར་སྟག་གི་པགས་པ་གསོལ། །འཇིགས་པས་ཕ་རོལ་གནོན་པའི་ཞལ། །དེ་ཡི་ མཆེ་བ་གཙིགས་པར་ནི། །མཁས་པས་རི་མོ་བྲི་བར་བྱ། །དེ་ནས་གློ་གཉིས་དག་ཏུ་ཡང ། །ཕྱག་རྒྱའི་གཟུགས་དག་བྲི་བ་ནི། །གཡས་སུ་སྐྱེས་པ་ཁྲོ་བོའི་གཟུགས། །ཁ་གདངས་པ་ནི་འཇིགས་འཇིགས་ལྟ། །གྱེན་དུ་སྐྲ་བརྫེས་རབ་ཏུ་སེར། །བེ་ཅོན་ཕྱག་རྒྱ་མཚོན་ཆར་ ཐོགས། །གཡས་བརྐྱང་བསྐུམ་པའི་ཚུལ་དུ་གནས། །བསྡིགས་ཤིང་ཞལ་ནི་ཁྲོ་གཉེར་ཅན། །ཞལ་དང་སྤྱན་ཡང་ཁྲོས་པའི་ཚུལ། །གཡོན་དུ་རོ་ལངས་མོ་བྲི་བ། །འབར་བའི་ཁ་ལ་གཟི་ཡང་ཆེ། །མིག་གསུམ་གདོང་གི་ཁྲོ་གཉེར་ཅན། །རབ་ཏུ་འཇིགས་པའི་ཁ་ ཡང་གདངས། །གྱེན་དུ་སྐྲ་བརྫེས་གསུས་པོ་ཆེ། །གཏུམ་པོ་དུག་ཧྲུལ་གོས་གྱོན་པ། །དེ་བཞིན་ལག་ན་ཏྲི་ཤཱུལ་ཐོགས། །གཟི་ཆེན་རབ་ཏུ་བསྡིགས་པར་བྱེད། །ལུས་ནི་མེ་ལྕེ་འབར་བ་ལ། །གདོང་དང་མིག་ནི་ཁྲོས་པའི་ཚུལ། །བདེ་གཤེགས་སྲས་ཀྱི་བཀའ་ནོད་པ། །གསང་
90-1-285b
བའི་ཕྱག་རྒྱའི་རི་མོ་འདི། །དབེན་པའི་གནས་སུ་གཞག་པར་བྱ། །ཆོ་ག་ཤེས་པས་བེ་ཅོན་རྒྱ། །སྐུ་གཟུགས་འདི་ལ་བཟླས་པར་བྱ། །ཡང་ན་རོ་ལངས་ཕྱག་རྒྱ་ནི། །བཟླས་ན་ཕྱག་རྒྱའི་དངོས་གྲུབ་ཐོབ། །དབེན་ཞིང་འདུ་འཛི་མེད་པར་ནི། །བཞག་ནས་ཉིན་རེ་མཆོད་ པར་བྱ། །ཡང་ན་ཕྱག་རྒྱའི་དཀྱིལ་འཁོར་དུ། །རྟག་ཏུ་རི་མོ་འདི་བཀྲམ་སྟེ། །མཉམ་གཞག་དངོས་གྲུབ་འདོད་པ་ཡིས། །མཆོད་པ་དང་ནི་བཟླས་པ་བྱ། །བདག་གིས་ཕྱག་རྒྱ་བསྒྲུབ་པ་ལ། །རི་མོ་ཚུལ་བཞིན་བཤད་པའོ། །དེ་ནས་གཤིན་རྗེའི་གཤེད་པོ་ཡི། །རི་ མོ་གཞན་ཡང་བཤད་པར་བྱ། །སྔར་བསྙེན་བྱས་པའི་འོག་ཏུ་ནི། །མི་རོའི་གོས་བཟང་བཀྲུས་པ་ནི། །ཁྲུ་གང་ཚད་དུ་བྱས་པ་ལ། །ཚོན་རྩི་སྦྱིན་མེད་བཟང་པོ་ཡིས། །སྤྲིན་ནི་ནག་པོ་འདྲ་བ་ཡི། །ཁྲོ་བོ་དཔའ་བོ་གཅིག་བུ་ནི། །སྔ་མ་བཞིན་དུ་བྲི་བར་བྱ། །སྔར་ བསྙེན་བྱས་པའི་འོག་ཏུ་ནི། །ཇི་ལྟར་རིགས་པར་བྲིས་ནས་ཀྱང ། །རབ་ཏུ་དབེན་པར་བཞག་ནས་སུ། །དེ་ནས་མཆོད་པའི་ཆོ་ག་བཞིན། །ཉིན་རེ་རྟག་ཏུ་མཆོད་ནས་ནི། །རབ་ཏུ་དབེན་པར་བཞག་ནས་ཀྱང ། །དེ་ཡི་འོག་ཏུ་བཟླས་པ་བརྩམ། །དེ་ནས་གཞན་ཡང་བཟླས་ པ་ཡི། །ཆོ་ག་ཇི་སྐད་གསུངས་པ་བཤད། །རི་མོ་བཀྲམ་ནས་མཆོད་བྱས་ཏེ། །དེ་བཞིན་གཤེགས་པ་ཀུན་མཆོད་ནས། །ཀུ་ཤའི་སྟན་ལ་འདུག་ནས་ནི། །མཉམ་པར་བཞག་སྟེ་མི་སྨྲ་བར། །རི་མོ་གཅིག་པོ་ལ་བལྟས་ཤིང ། །མགོ་ནི་རྨ་བྱ་བཞིན་བཀུག་སྟེ། ། རུ་དྲཱ་ཀྵ་ཡི་ཕྲེང་བ་ཡིས། །ཅི་སྲིད་ཡིད་ནི་མི་སྐྱོའི་བར། །རྩེ་གཅིག་སེམས་ཀྱིས་བཟླས་བྱ་སྟེ། །སྐྱོ་ན་བཟླས་པ་གཏང་བར་བྱ། །དེ་ལྟར་འབུམ་ཕྲག་གསུམ་བཟླས་ནས། །བསྙེན་པ་བྱས་པའི་འོག་ཏུ་ནི། །དེ་ནས་རི་ཁར་གནས་བཅས་ཏེ། །རླུང་ཟ་ཞིང་ནི་བཟླས་ བརྗོད་བྱ། །དངོས་གྲུབ་མཆོག་དགའ་འདོད་པ་ཡིས། །དེ་ནས་དེ་ཡི་བརྟུལ་ཞུགས་སྤྱད། །ཆོ་ག་ལས་གསུམ་མི་འདོད་ན། །སྔར་གསུངས་པ་ཡི་བཟླས་པ་ཡིས། །འབྲིང་དང་ཐ་མའི་དངོས་གྲུབ་དང ། །བརྟུལ་ཞུགས་མེད་པར་ལེགས་པར་ནི། །བསྒྲུབས་ན་དངོས་གྲུབ་ཐོབ་
90-1-286a
པར་འགྱུར། །བརྟུལ་ཞུགས་དེས་ནི་མཆོག་ཀྱང་འགྲུབ། །དེ་ནས་གཞན་ཡང་འདི་རུ་ནི། །དཔའ་བོ་ཞེས་བྱ་བརྟུལ་ཞུགས་འབྱུང ། །ལམ་མི་བཟུར་དང་མི་སྨྲ་བ། །སློང་མོ་ཟ་ཞིང་དབང་པོ་བསྡམས། །སེང་ལྡེང་དབྱུག་པ་འདོམ་གང་བ། །སྲ་བ་བཟང་ པོ་ཐོགས་ནས་སུ། །གཤིན་རྗེ་མཐར་བྱེད་བཟོ་བྱེད་ཅིང ། །བགྲོད་དཀའ་བ་ཡི་ལམ་ནས་འགྲོ། །ཁྲོ་བོ་དཔའ་བོ་བརྟུལ་ཞུགས་དག་།དཔའ་བོ་གཟུགས་སུ་ཟླ་དྲུག་ཏུ། །སྒྲུབ་པ་གང་གིས་ཡང་དག་སྤྱོད། །དེ་ནས་དངོས་གྲུབ་མཆོག་ཀྱང་འཐོབ། །དཔལ་ལྡན་བརྟུལ་ ཞུགས་སྤྱད་ནས་ནི། །དེ་ནས་སྒྲུབ་པ་ལ་ཞུགས་ནས། །གདོན་མི་ཟ་བར་དམ་པ་ཉིད། །དེ་ལྟར་དེ་ཉིད་མྱུར་དུ་འགྲུབ། །མི་བཟད་བརྟུལ་ཞུགས་བཟུང་བའོ། །བསྒྲུབ་པ་ལ་ནི་བདུད་ཀྱི་རིགས། །ལྷ་མོ་འདོད་པའི་གཟུགས་དག་དང ། །དེ་བཞིན་གཞན་གྱིས་ལུས་སུ་ ནི། །རྣམ་པ་སྣ་ཚོགས་གཟུགས་དག་གིས། །དབང་པོ་བསྡམས་ལ་འཚེ་བར་བྱེད། །དེ་དང་ལྷན་ཅིག་སྨྲ་མི་བྱ། །ཅུང་ཟད་ཀྱང་ནི་ཆགས་མི་བྱ། །བྱང་ཆུབ་སེམས་དང་མཉམ་ལྡན་པ། །ཁྲོ་བོ་ལ་གཞོལ་ཟློས་བྱེད་པ། །གལ་ཏེ་དེ་ལྟར་འགྲོ་བ་ན། །མི་བཟད་པ་ཡི་གཟུགས་ དག་གམ། །གཞན་ཡང་ཤིན་ཏུ་ངོ་མཚར་བ། །བདེ་གཤེགས་བསམ་པས་མཐོང་ན་ནི། །དེ་དག་གིས་ནི་འཇིགས་མི་བྱ། །གནོན་དང་སྡང་བར་བྱེད་ན་ནི། །བདེ་གཤེགས་ཀྱི་ནི་བཀའ་གཅོག་པ། །ཁྲོ་བདག་ཉིད་ནི་རྣམ་པར་འཇིག་།བདེ་གཤེགས་བསམས་པ་ བསྒོམ་པ་ཡིས། །རྟུལ་ཕོད་པ་ཡི་དཔའ་བོ་ཡིས། །བརྟུལ་ཞུགས་འདི་ནི་བསྟེན་བྱ་བ། །དཔའ་བོས་བྱ་ཡིས་གཞན་དུ་མིན། །སྒྲུབ་པ་མཆོག་རྣམས་འདོད་པ་ཡིས། །ལྷ་ཡི་བརྟུལ་ཞུགས་གསུངས་པ་འདི། །ཇི་སྐད་གསུངས་པའི་ཚུལ་བཞིན་དུ། །ནན་ཏན་ གྱིས་ནི་བསྟེན་པར་བྱ། །འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བ་ལས་ཁྲོ་བོའི་བརྟུལ་ཞུགས་རིམ་པར་ཕྱེ་བ་བདུན་པའོ།། །།
91-1-1b
༄##། །ཅི་སྐད་གསུངས་པའི་གཟུགས་རྣམས་ལ། །མེ་ཏོག་ཇི་སྐད་བཤད་པ་བཞིན། །རྟག་ཏུ་གང་ཞིག་མཆོད་བྱེད་ན། །དགེ་བའི་བརྟུལ་ཞུགས་འདི་དག་དང ། །དེ་ བཞིན་སྔོན་དུ་བསྙེན་པ་ཡང ། །དྲན་པ་ཙམ་ནི་འབའ་ཞིག་གིས། །ངེས་པར་འདོད་དེ་དེ་དག་ཉིད། །མཆོད་པས་མྱུར་དུ་འགྲུབ་པར་འགྱུར། །རྒྱལ་སྲིད་སྦྱིན་པའི་གཟུགས་ ལ་ནི། །ཙནྡན་གུར་གུམ་ཨ་ཀ་རུ། །ཅི་རིགས་པར་ནི་བྱུགས་ནས་ཀྱང ། །ུཏྤལ་པུཎྜ་རཱི་ཀ་མཛེས། །ཙམ་པ་ཀ་དང་མ་ལི་ཀ། །ཀེ་ས་ར་ནི་དྲི་ཞིམ་པས། །མཆོད་ནས་ བདུག་པ་མར་བཅས་པས། །གུ་གུལ་མཁས་པས་དབུལ་བར་བྱ། །དེ་ལྟར་བྱས་ན་ཁྱིམ་པས་ཀྱང ། །དེ་ལ་བསམ་ཞིང་བརྒྱད་བརྗོད་དེ། །ཅི་འབྱོར་པ་ཡི་མཆོད་པའི་བཤོས། ། དེ་ཡི་སྤྱན་སྔར་དབུལ་བར་བྱ། །སྔར་བསྙེན་ལ་སོགས་མེད་ཀྱང་བླ། །དེ་ལྟར་སྦྱོར་བས་ཟླ་དྲུག་གིས། །རྐུན་པོ་དང་ནི་དགྲ་མེད་ཅིང ། །ཐེ་ཙོམ་མེད་པར་རྒྱལ་སྲིད་ཐོབ། །མ་
91-1-2a
བསྒྲུབས་ན་ཡང་ཉིན་གཅིག་བཞིན། །མཆོད་པ་བྱས་པས་ཡུལ་རྙེད་འགྱུར། །ལས་འདི་གདོན་མི་ཟ་བར་ནི། །དེས་ནི་འབུམ་ནི་རྙེད་པར་འགྱུར། །ལོངས་སྤྱོད་སྦྱིན་པའི་གཟུགས་ལ་ནི། །ཙནྡན་གུར་གུམ་ཨ་ཀ་རུས། །བདག་གིས་ ལེགས་པར་བསྐུས་ནས་ནི། །མེ་ཏོག་ཕྲེང་བས་རབ་ཏུ་མཆོད། །མེ་ཏོག་དཀར་པོའི་ཕྲེང་བ་ཡིས། །ཉིན་གཅིག་བཞིན་དུ་མཆོད་བྱས་ནས། །མར་དང་ལྡན་པའི་གུ་གུལ་ལམ། །ཀུན་ཏུ་རུ་ཡི་བདུག་པའང་འབུལ། །མེ་ཏོག་ཨ་ཏི་མུ་ཏ་ཀ། །རེ་རེ་ཆོ་ག་ བཞིན་བཟླས་ནས། །མཇུག་ཏུ་འབུམ་ནི་དབུལ་བར་བྱ། །དེ་ནས་ལོངས་སྤྱོད་ཆེན་པོ་རྣམས། །དེ་ཡི་མཇུག་ཏུ་འབྱུང་འགྱུར་ཏེ། །འདི་ལ་སྤྱད་པ་དོགས་པ་མེད། །ནད་སེལ་བ་ཡི་གཟུགས་ལ་ནི། །ཙནྡན་དམར་པོས་བསྐུས་ནས་ཀྱང ། །ཤ་ཏ་ཤིང་ གི་བདག་པོ་དག་།ཕུལ་ནས་མེ་ཏོག་གཙང་མ་ཡིས། །མཆོད་པའི་བཤོས་ནི་དབུལ་བར་བྱ། །མཇུག་ཏུ་ནད་སེལ་དང་ལྡན་པ། །ཁྲོ་བོའི་སྔགས་ནི་དེ་བཟླས་ནས། །བདག་གམ་ཕ་རོལ་པོ་དག་གམ། །སུ་ཡང་རུང་བའི་གཅོང་ཅན་ཡང ། །དེ་ནི་ཟ་ མ་གཅིག་གིས་འཇོམས། །སྔར་བསྙེན་ལ་སོགས་མེད་ཀྱང་བླ། །འདོད་དགུར་སྦྱིན་པའི་གཟུགས་ལ་ནི། །དེ་ལྟར་ཡང་ནི་མཆོད་བྱས་ན། །ཞི་བ་རྒྱས་པ་དབང་དང་དགུག་།དབྱེ་དང་བསྐྲད་དང་གསད་པ་དང ། །ཟློས་པས་མཇུག་ཏུ་ཁྱད་པར་དུ། །བསྐུལ་ བའི་ཚིག་བཅུག་བསྒྲུབ་པར་བྱ། །གཞན་ཡང་གང་དག་འདོད་པ་ཡིས། །ཡིད་དང་མཐུན་པའི་འདོད་པའི་དོན། །དེ་ཡང་དེ་ལྟར་ཡང་དག་བསྒྲུབ། །སྐུ་གཟུགས་རབ་ཏུ་མཆོད་བྱས་ནས། །གང་དུ་ཅི་འདྲ་དེ་ལྟ་བུར། །གུས་པར་ཟླ་བ་དྲུག་བཟླས་ཏེ། །སྐུ་
91-1-2b
གཟུགས་ཉིན་གཅིག་བཞིན་དུ་ནི། །དེ་ལྟར་ཀུན་ཏུ་རབ་མཆོད་ནས། །རྟག་ཏུ་དེ་ཡི་བཟླས་པ་ནི། །བློ་དང་ལྡན་པས་ཀུན་བྱས་ན། །གྲུབ་པ་ཉིད་ནི་མ་ཐོབ་ཀྱང ། །དངོས་གྲུབ་ཕྲ་མོ་ཐོབ་པར་འགྱུར། །ཡང་ན་ཁྲོ་བོའམ་ཕྱག་རྒྱའང་རུང ། །དེ་ཚེ་སྒྲུབ་པར་ནུས་ན་ནི། ། དེ་ཡི་རི་མོ་གསུངས་པ་དང ། །ལྷ་ཡི་བརྟུལ་ཞུགས་དེས་ཀྱང་འགྲུབ། །དེ་ནས་གཞན་ཡང་བརྟུལ་ཞུགས་ཀྱི། །མཆོག་གིས་དངོས་གྲུབ་གང་ཡིན་པ། །ཆོ་ག་བཞིན་དུ་མདོར་བསྡུས་ཏེ། །རྒྱས་པར་བདག་གིས་བཤད་པར་བྱ། །དེ་ནས་ཁྲོ་བོ་གཙོ་བོ་ཡི། །རྩེ་གསུམ་ ཤིན་ཏུ་གསལ་བསྒྲུབས་ན། །ུར་མོའི་ལྕགས་ལས་བྱས་པ་ཡི། །རྩེ་གསུམ་སོར་ནི་སུམ་ཅུ་པ། །རྣོ་ལ་བཟང་ཞིང་རབ་ལེགས་པ། །ཐོག་མ་ཆོ་ག་བཞིན་བྱས་ནས། །རི་ཡི་རྩེ་མོར་འདུག་ནས་སུ། །རི་མོ་བཟང་པོ་དེ་བྲིས་ནས། །ཡི་དགས་མང་པོ་ཞེས་པ་ཡི། ། དཀྱིལ་འཁོར་ཐལ་བས་ཚུལ་བཞིན་བྲི། །དེ་ནས་མཆོད་པ་རྒྱ་ཆེན་དང ། །ཉ་དང་ཤ་རྣམས་སྣ་ཚོགས་ཀྱིས། །ཕྱོགས་ཀྱི་གཏོར་མ་ཀུན་ཏུ་བྱ། །ཚེས་གྲངས་ཉི་ཤུ་གསུམ་གྱི་དགོངས། །རྩེ་གསུམ་དཀྱིལ་འཁོར་མེ་ཏོག་ལ། །བཞག་ནས་མེ་ཏོག་དག་གིས་མཆོད། ། ཙནྡན་དམར་པོས་ཀུན་བསྐུས་ཤིང ། །མེ་ཏོག་དག་གིས་ཐམས་ཅད་བརྒྱན། །ཆོ་ག་བཞིན་དུ་ལག་གིས་བཟུང ། །རི་མོ་ལ་ནི་མངོན་ཕྱོགས་འདུག་།ཁྲོ་བོ་མཆོག་གི་སྔགས་དག་གིས། །རྩེ་གསུམ་པ་ལ་མཁས་པས་བཟླས། །དེ་ཡི་ཉེས་པ་སྦྱང་བའི་ཕྱིར། །བརྒྱ་རྩ་ བརྒྱད་དུ་བཟླས་ནས་སུ། །ཁྲོ་བོ་མཆོག་གི་སྔགས་དག་གིས། །དེར་ནི་མེ་ཡང་རབ་སྦར་ནས། །ཆོ་ག་བཞིན་དུ་རྩེ་གསུམ་ལ། །བདུག་པའི་སྦྱིན་སྲེག་སྟོང་བྱས་ནས། །ལག་པས་བསྒྲེང་སྟེ་བཟུང་ནས་སུ། །དཔའ་ཞིང་བརྟན་པའི་ཚུལ་དུ་གནས། །ཇི་སྲིད་མེ་ལྟར་ འབར་གྱུར་པ། །དེ་སྲིད་བློ་དང་ལྡན་པས་བཟླས། །རྩེ་གསུམ་འབར་བ་ཉིད་ཀྱིས་ན། །དེ་ནས་གྱེན་དུ་འབར་བར་གྱུར། །སྔགས་ཀྱི་མཐུ་ཡིས་མིག་གསུམ་ལས། །འོད་ཀྱང་ཉི་མ་བཞིན་དུ་འབྱུང ། །རིག་འཛིན་གཞན་རྣམས་ཐམས་ཅད་ཀྱང ། །དེ་ལ་མཆོད་ཅིང་
91-1-3a
དགའ་བར་བྱེད། །དབང་ཕྱུག་ཀུན་དང་རབ་ཏུ་ལྡན། །འདོད་པའི་གཟུགས་ཅན་ཡིད་བཞིན་འགྱུར། །དེ་སྟེ་རྩེ་གསུམ་དུ་བ་འབྱུང ། །དེ་ནས་ལུས་ནི་མི་སྣང་འགྱུར། །འོན་ཏེ་དེ་ནི་ཚ་གྱུར་ན། །དཔུང་དང་ལྷ་མ་ཡིན་གྱི་གནས། །གཡུལ་ངོ་ཆེན་པོ་ལ་ སོགས་པར། །འཇིགས་ཤིང་སྐྲག་པ་སྐྱེད་པར་བྱེད། །དེ་ལྟར་དང་པོ་སྒྲུབ་པའི་མཆོག་།འདི་ནི་རབ་ཏུ་བཤད་པ་ཡིན། །ད་ནི་རལ་གྲི་བཟང་པོ་ཡང ། །འདིར་ནི་བསྒྲུབ་པར་རབ་ཏུ་བཤད། །ུར་མོའི་ལྕགས་ལས་བྱས་པ་ཡི། །རལ་གྲི་སོར་ནི་སུམ་ཅུ་གཉིས། །ལེགས་པར་ བྱས་ཤིང་ཕན་བྱེད་ལ། །གླང་པོའི་སོ་ལ་དོང་བྱེད་ལ། །རི་ཡི་རྩེ་མོར་འདུག་ནས་སུ། །མཆོད་པ་ལ་སོགས་སྔོན་བཞིན་བྱ། །བདུག་པའི་སྦྱིན་སྲེག་བྱས་ནས་སུ། །རལ་གྲི་ལག་པར་བཟུང་སྟེ་བཟླས། །སྔགས་པའི་ཆང་པས་བཟུང་ནས་ནི། །རབ་ཏུ་སྣང་བ་འབར་བ་འབྱིན། ། འབར་བ་དེ་ནི་མཐོང་ནས་སུ། །རིག་འཛིན་མཆོག་ཏུ་དེ་འགྱུར་རོ། །དེ་སྟེ་དེ་ལས་དུ་བ་འབྱུང ། །དེ་ནས་དེ་ནི་མི་སྣང་འགྱུར། །ཚ་བར་གྱུར་ན་དེ་བཞིན་དུ། །སྟོབས་ཆེན་རྐང་པ་མགྱོགས་པར་འགྱུར། །ལོ་བརྒྱ་རབ་ཏུ་ཚང་བར་འཚོ། །འདི་ལ་རྣམ་པར་དཔྱད་མི་དགོས། །གལ་ ཏེ་འདི་ལ་མ་བརྟེན་ནས། །གྲུབ་པ་ཐོབ་པར་མ་གྱུར་ན། །རལ་གྲི་བརྩོན་འགྲུས་མཆོག་ལྡན་པས། །གཡུལ་ངོར་ཕྱིན་ནས་ཐམས་ཅད་དུ། །མྱུར་ཞིང་མི་ངལ་ཉོན་མི་མོངས། །ཕམ་པ་མེད་པར་སྟོང་ཡང་ཐུབ། །རལ་གྲི་བསྒྲུབ་པ་བཤད་ཟིན་ཏེ། །ད་ནི་བེ་ཅོན་སྒྲུབ་པ་བཤད། ། གོ་བི་ད་རའི་བེ་ཅོན་ནམ། །ཡང་ན་སེང་ལྡེང་དག་ལས་ནི། །གཤིན་རྗེའི་བེ་ཅོན་ལྟ་བུ་བཟང ། །སོར་ནི་བཞི་བཅུ་གཉིས་པ་བྱ། །དེ་ནས་བློ་ཅན་དུར་ཁྲོད་དུ། །གཏོར་མ་ཆོ་ག་རྒྱ་ཆེན་བྱ། །བེ་ཅོན་མཆོག་ལ་སྔོན་བཞིན་དུ། །བདུག་པའི་སྦྱིན་སྲེག་བྱས་ནས་སུ། ། གོས་དམར་བགོས་ཤིང་ཐལ་བ་དང ། །མེ་ཏོག་དམར་པོས་བརྒྱན་ནས་སུ། །བསྲེག་གཞི་དེར་འདུག་བེ་ཅོན་ལས། །ཇི་སྲིད་ཧ་ཧ་ཞེས་པ་དང ། །ལག་ན་བེ་ཅོན་འགུལ་པའི་བར། །དེ་སྲིད་ཆོ་ག་བཞིན་དུ་བཟླས། །དེ་ནས་དང་པོ་ཁྲོ་བོའི་བདག་།དབང་ཕྱུག་ཀུན་དང་
91-1-3b
རབ་ལྡན་པ། །དེ་ཡི་ཆིབས་པ་མ་ཧེ་ལ། །ཞོན་ནས་མཁའ་ལ་འགྲོ་བར་འགྱུར། །སྐྲ་ནི་ལྕང་ལོ་འཁྱིལ་པ་སྟུག་།སྣུམ་ཞིང་མཐིང་ག་ལྟ་བུར་འགྱུར། །དུས་མཐའི་སྤྲིན་གྱི་ཁ་དོག་འདྲ། །དེ་ཡི་ལུས་མཆོག་སྟོབས་ཀྱང་ཆེ། །གལ་ཏེ་ཁྲོ་བོ་དེ་འདོད་ན། །བེ་ཅོན་གྱིས་ནི་ལྷ་ རྣམས་གསོད། །བེ་ཅོན་སྒྲུབ་པ་བཤད་པ་ཡིན། །དེ་བཞིན་ལེགས་པར་མདོར་བསྡུས་ནས། །དགྲ་སྟ་བཟང་པོ་བསྒྲུབ་པ་དག་།དེ་བཞིན་བདག་གིས་བཤད་པར་བྱ། །སྔ་མ་བཞིན་དུ་ཨུར་མོ་ལས། །དགྲ་སྟ་བཟང་པོ་བྱས་པ་ཡང ། །ཡུ་བ་སོར་ནི་བཅུ་དྲུག་པ། །དགྲ་སྟ་དེ་ནི་སོར་ དྲུག་པ། །ཆོ་ག་སྔ་མ་བཞིན་སྒྲུབ་ན། །དངོས་གྲུབ་དེ་དག་དེ་ཡི་འཐོབ། །དེ་ནས་གཞན་ཡང་ལྕགས་ཀྱུའི་མཆོག་།བསྒྲུབ་པ་བདག་གིས་བཤད་པར་བྱ། །ུར་མོ་ལྕགས་ལས་བྱས་པ་ཡི། །ལྕགས་ཀྱུ་སོར་ནི་བཞི་བར་བྱ། །དེ་ཡི་ཡུ་བ་མཉམ་པ་ལ། །སོར་ནི་བཅཝ་བརྒྱད་ཡོད་པར་བྱ། ། ཉི་ཤུ་དགུ་ཡི་ཚེས་གྲངས་ལ། །ནུབ་མོ་མཆོད་པ་གཏོར་མ་བྱས། །རི་ཡི་རྩེ་ལ་འདུག་ནས་སུ། །ལྕགས་ཀྱུ་གོ་ཆ་བསྒྲུབ་པར་བྱ། །སེར་སྐྱ་ལས་བྱུང་མར་དག་གིས། །བདུག་པའི་སྦྱིན་སྲེག་བྱས་ནས་སུ། །ཇི་སྲིད་སྒྲོན་མ་བཞིན་འབར་བ། །དེ་སྲིད་ལག་པས་བཟུང་སྟེ་བཟླས། །དེ་ནས་ དེ་ནི་ཐོགས་པ་ཡིས། །ཐེ་ཚོམ་མེད་པར་ནམ་ལངས་ན། །འོད་ནི་མེ་བཞིན་ཀུན་ཏུ་སྣང ། །གྱེན་དུ་འབར་ཞིང་འགྲོ་བར་འགྱུར། །འཇིག་རྟེན་པ་ཡི་ལྷ་རྣམས་ནི། །བྲན་གཡོག་བཞིན་དུ་དབང་དུ་འགྱུར། །དེ་བཞིན་གཤེགས་པའི་བཀའ་མཆོག་བཞིན། །བཀའ་ཡང་རབ་ཏུ་ཉན་ པར་འགྱུར། །འོན་ཏེ་དེ་ཡི་ལྕགས་ཀྱུའི་མཆོག་།དུ་བ་འབྱུང་བར་གྱུར་ན་ནི། །དེ་ཚེ་དུ་བ་བྱུང་བ་ཡིས། །སྟོབས་ཆེན་གྲིབ་མའང་མི་སྣང་འགྱུར། །སྔགས་པ་བྱེ་བ་གསུམ་དུ་གསོན། །གནོད་སྦྱིན་རིག་འཛིན་རྣམས་ཀྱིས་མཆོད། །བདེ་བ་ཀུན་དང་རབ་ཏུ་ལྡན། །འདོད་ པར་འབྱོར་ཞིང་སྟོབས་ཀྱང་ཆེ། །ཁྲོ་བོ་སྔགས་ཀྱིས་མཐུ་སྟོབས་ནས། །གལ་ཏེ་དེ་ནི་ཚ་གྱུར་ན། །ནང་པར་བཀྲ་ཤིས་བྱས་ནས་སུ། །ལྕགས་ཀྱུ་བཟང་པོ་དེ་ཐོགས་ནས། །བཟླས་ན་བརྒྱ་བྱིན་ལ་སོགས་པའི། །ལྷ་རྣམས་འགུགས་པ་གདོན་མི་ཟ། །གནོད་སྦྱིན་
91-1-4a
རིག་འཛིན་རྣམས་དག་དང ། །དེ་བཞིན་ལྟོ་འཕྱེ་མིའམ་ཅི། །ལྷ་མ་ཡིན་གྱི་བུ་མོ་དང ། །དེ་བཞིན་དྲི་ཟའི་བུ་མོ་དང ། །ཡི་དགས་རོ་ལངས་རིགས་རྣམས་དང ། །དེ་བཞིན་གཞན་ཡང་མྱོས་དྲེགས་རྣམས། །བཀུག་ནས་བདག་གི་ལས་རྣམས་ནི། །ཇི་ལྟར་ འདོད་པ་བྱེད་དུ་གཞུག་།གསེར་འགྱུར་རྩི་དང་བཅུད་ཀྱིས་ལེན། །གྲུབ་པ་ཡི་ནི་རྫས་རྣམས་དང ། །གཞན་ཡང་ཡིད་ལ་གང་འདོད་པ། །དེ་དག་ཐམས་ཅད་དེ་ལ་ནི། །ལྷ་དང་གནོད་སྦྱིན་ཚོགས་ལ་སོགས། །ཇི་སྙེད་པ་དག་འབུལ་བར་བྱེད། །དེ་ཡི་བཀའ་ནི་ཐམས་ ཅད་ཀྱང ། །འཇིགས་པས་ངེས་པར་ཉེན་པར་འགྱུར ། །ངོ་མཚར་ཀུན་གྱིས་བརྒྱན་པ་ཡི། །རང་གིས་གཞོན་པས་ཡོངས་བསྐོར་ཅིང ། །གནས་དང་སྐྱེད་མོས་ཚལ་མང་པོ། །ངོ་མཚར་ཀུན་དང་རབ་ལྡན་པ། །ཁྱིམ་དང་སླས་ཀྱི་གནས་རྣམས་དང ། །འཇིག་རྟེན་མ་ ལུས་སྟོན་པར་བྱེད། །རྫུ་འཕྲུལ་ཡོན་ཏན་ལོངས་སྤྱོད་ཀྱིས། །སྒྲུབ་པ་པོ་ནི་དགའ་བར་བྱེད། །ཅི་སྲིད་ལྕགས་ཀྱུ་འཆང་བའི་མི། །དེ་ཡི་བཀའ་ཡིས་ངེས་པ་རུ། །གནོད་སྦྱིན་མོ་དག་རང་རང་གི། །འདོད་པའི་ལོངས་སྤྱོད་ཉེ་བར་སྤྱོད། །དེ་སྟེ་ལས་ཀྱི་སྐྱོན་དག་གིས། ། ཚ་བ་ཙམ་དུ་མ་གྱུར་ནའང ། །ལྕགས་ཀྱུ་དེ་ཉིད་འདིར་བཟུང་སྟེ། །ནང་པར་དབེན་པར་འདུག་ནས་སུ། །བུ་མོ་གང་གིས་མིང་བཅུག་སྟེ། །ཅི་སྲིད་འདོད་པ་བཟླས་ནས་ནི། །དཔག་ཚད་བརྒྱད་བརྒྱན་གནས་པ། །དེ་ནས་མྱུར་དུ་འོང་བར་འགྱུར། །བུ་མོའམ་ཡང་ན་ ཁྱེའུ་ཡང་རུང ། །ཅི་ལྟར་འདུག་པ་མྱུར་དུ་འགྲུབ། །མེ་ཏོག་འབྲས་བུ་དེ་བཞིན་གྲུབ། །ཤིང་རྟ་དང་ནི་ལྗོན་ཤིང་དག་།མ་གྲུབ་ན་ཡང་རྟག་པ་རུ། །དེ་ཡིས་ངེས་པར་ཁུགས་པར་འགྱུར། །དེ་ལྟར་ལྕགས་ཀྱུ་དམ་པ་འདི། །བསྒྲུབ་པ་རབ་ཏུ་བཤད་པ་ཡིན། །ཐོད་ པའི་དངོས་གྲུབ་གང་ཡིན་པ། །དེ་ཡང་འདིར་ནི་བཤད་པར་བྱ། །རྩེ་གསུམ་རལ་གྲི་བེ་ཅོན་དང ། །དེ་བཞིན་དགྲ་སྟ་ལྕགས་ཀྱུ་ཡི། །སྒྲུབ་པ་གང་དག་བཤད་པ་ཡི། །ལག་པ་གཡས་པས་གཟུང་བར་བྱ། །ཐོད་པ་ལ་སོགས་གཞན་རྣམས་ནི། །ལག་པ་གཡོན་པས་བཟུང་
91-1-4b
བསྒྲུབས་ན། །དེ་ནས་དེ་དག་བཤད་པ་བཞིན། །དངོས་གྲུབ་ངེས་པར་ཐོབ་པར་འགྱུར། །ཤིང་ལས་ལེགས་པར་བྱས་པ་ཡི། །ཐོད་པ་སོར་ནི་ཉི་ཤུ་པ། །མཉམ་པར་རབ་ཏུ་ལེགས་བྱས་ལ། །ཉེས་པ་ཐམས་ཅད་རྣམ་སྤངས་པ། །རི་ཡི་རྩེ་མོར་འདུག་ནས་སུ། །མཆོད་དང་གཏོར་ མའི་རིམ་པར་བྱས། །བདུག་པའི་སྦྱིན་སྲེག་བྱས་ནས་སུ། །སྔགས་ཀྱང་བསྲུང་བ་མཐུ་བསྐྱེད་དེ། །ཐོད་པ་ལག་པ་གཡོན་པས་བཟུང ། །ལག་པ་གཡས་པས་བསྟེན་ནས་ནི། །དེ་ཡི་ཁ་ཡང་དགབ་པར་བྱ། །ཇི་སྲིད་དེ་ལ་འབར་བ་དང ། །དུ་བའམ་ཚ་བ་བྱུང་གི་བར། །དེ་སྲིད་[(]སྔགས་[,]སྦས་ ནི་བཟླས་པར་བྱ། །འབར་ནས་ནམ་མཁར་འགྲོ་བར་འགྱུར། །འཇིག་རྟེན་གསུམ་གྱི་བདག་པོར་བཤད། །དུ་བ་འབྱུང་བར་གྱུར་ན་ཡང ། །དེ་བཞིན་ངེས་པར་མི་སྣང་འགྱུར། །འོན་ཏེ་ཚ་བར་དེ་གྱུར་ན། །དེ་ཡི་ཚེ་ན་གང་བསམས་པ། །ཐོད་པ་དེ་ལས་འབྱུང་བར་འགྱུར། ། དེ་ལ་རྣམ་པ་དཔྱད་མི་དགོས། །འོན་ཏེ་དེ་ནི་མ་གྲུབ་ན། །དེ་ནས་ས་ལ་མི་བཞག་པར། །དེ་ཡི་ཐོད་པ་བླངས་ནས་སུ། །ཤིང་གི་ཁྲི་ལ་གཞག་པར་བྱ། །རས་ཀྱིས་གཡོགས་ཏེ་བཞག་ནས་སུ། །ཡིད་ལ་ཅི་འདོད་བསམས་པ་ཡི། །ཟན་དང་བཟའ་དང་བྱ་ན་རྣམས། །གང་ ཡང་རུང་བ་དེ་དག་ཉིད། །རས་གཡོགས་ལག་གིས་བཟུང་ནས་སུ། །སྟོང་རྩ་བརྒྱད་དུ་བཟླས་བྱས་ན། །གྲུབ་པ་ལ་ནི་ཉིན་རེ་ཞིང ། །དེ་ནས་གང་ཡང་རུང་བའི་ཟས། །བྱ་ན་བཅངས་པས་ངེས་པ་རུ། །ཐོད་པ་དེ་ནང་གང་བར་འགྱུར། །སེམས་ཅན་རྣམས་ནི་གང་ལ་ཡང ། ། བདུད་རྩི་ཟས་ནི་སྦྱིན་པར་བྱ། །ཚུལ་བཞིན་པ་ཡི་འོག་ཏུ་ནི། །གཙང་སྦྲ་བྱས་ཏེ་ཚུལ་བཞིན་བཟའ། །ཐོད་པ་བསྒྲུབ་པ་བཤད་པ་འདི། །ལག་པ་གཡོན་པས་གཟུང་བར་བྱ། །མདུང་ཐུང་རྣོན་པོ་ལེགས་བྱས་པ། །བཤོལ་བ་མེད་པར་བསྒྲུབ་པར་བྱ། །ུར་མོ་ལྕགས་ལས་བྱས་ པ་མཆོག་།བཀྲ་ཤིས་སོར་ནི་སུམ་ཅུ་གཉིས། །དེ་ནས་ཆོ་ག་སྔ་མ་བཞིན། །ཆུ་འགྲམ་གཙང་མ་དག་ཏུ་ནི། །སྔོན་བཞིན་མཚན་མོ་བསྒྲུབ་པར་བྱ། །དངོས་གྲུབ་འབྲས་བུ་གསུམ་དུ་བཤད། །དེ་ལྟར་ཇི་སྐད་བཤད་པ་བཞིན། །མདའ་བོ་ཆེ་ཡང་མཁས་པས་བསྒྲུབ། །
91-1-5a
ུར་མོ་ལྕགས་ལས་བྱས་པ་མཆོག་།རབ་ཏུ་རྣོ་བ་སྔ་མ་བཞིན། །བདུག་པའི་སྦྱིན་སྲེག་བྱས་ནས་སུ། །ཙནྡན་དམར་པོས་གདབ་པར་བྱ། །སྒྲུབ་པ་པོས་ནི་ཆོ་ག་བཞིན། །རི་ཡི་རྩེ་མོར་འདུག་ནས་ནི། །སྔ་མ་བཞིན་དུ་མཚན་མོ་བསྒྲུབ། །གྲུབ་ན་འབྲས་ བུ་སྔ་མ་བཞིན། །ལག་པ་གཡོན་པའི་མཛུབ་མོ་ནི། །ལག་པ་གཡས་པས་གཡོགས་ནས་སུ། །ཆོ་ག་སྔ་མ་བཞིན་བྱས་ནས། །ཟླ་བ་གཟའ་ཡིས་ཟིན་པའི་ཚེ། །སྟན་གཅིག་པ་ལ་ལེགས་འདུག་ནས། །བློ་དང་ལྡན་པས་བཟླས་བྱས་ན། །དེ་ནས་མཛུབ་མོ་དེ་ལས་ནི། ། གདོན་མི་ཟ་བར་འབར་བར་འགྱུར། །ཡང་ན་དུ་བ་རང་འབྱུང་བའམ། །དེ་ནས་ཚ་བར་འགྱུར་ཡང་སྲིད། །དེ་ནས་ངེས་པར་འབར་གྱུར་ན། །རིག་འཛིན་གོ་འཕང་ཐོབ་པར་འགྱུར། །དུ་བ་འབྱུང་བར་གྱུར་པ་ལས། །དེ་བཞིན་མི་སྣང་འགྱུར་བར་བཤད། །དེ་ཚེ་རབ་ཏུ་ཚར་གྱུར་ན། ། རྐང་པ་མགྱོགས་པ་རབ་ཏུ་འཐོབ། །དེ་སྟེ་ལག་པ་གཡོན་པ་ཡི། །མཛུབ་མོ་གྲུབ་པར་མ་གྱུར་ཏེ། །དངོས་གྲུབ་ཉམས་ཀྱང་ངེས་པར་ནི། །ལས་རྣམས་སྣ་ཚོགས་བྱེད་པར་འགྱུར། །ཁྲོས་ནས་དེ་ཡིས་བསྡིགས་ན་ནི། །མི་དེ་ཇི་ལྟར་འདོད་པ་རུ། །དེ་མ་ཐག་ཏུ་འགྱེལ་བར་ འགྱུར། །སྔགས་མཁན་དག་གིས་བསད་ནས་ཀྱང ། །དེ་ནས་ཤི་བར་གྱུར་པ་དེ། །དེ་ནས་ལག་པ་གཡས་པ་ཡིས། །ཅི་སྲིད་འདོད་པར་སློང་བར་བྱེད། །རབ་ཏུ་འཁྲུགས་པའི་དཔུང་ཆེན་ཡང ། །དེ་ནས་དེ་ཡིས་བསྡིགས་པར་ནུས། །གླང་པོ་དང་ནི་རྟ་རྣམས་དང ། །ལྗོན་ཤིང་དང་ནི་ ནགས་ཚལ་རྣམས། །རིང་བོར་མི་ཐོགས་འཇིག་པར་བྱེད། །རི་རྣམས་ཀུན་གྱི་རྩེ་མོ་དག་།རབ་ཏུ་བཟང་ཞིང་མཐོ་བ་ཡང ། །དེ་ནས་དེ་ཡི་མཛུབ་མོ་དེས། །རིང་པོར་མི་ཐོགས་སྙིལ་བར་བྱེད། །མཛུབ་མོ་དངོས་གྲུབ་ཀུན་སྦྱིན་པའི། །གྲུབ་པའི་མཆོག་ནི་བཤད་པ་ཡིན། །དེ་ ནས་གཞན་ཡང་ཞགས་པ་ཡི། །སྒྲུབ་པའང་འདིར་ནི་བཤད་པར་བྱ། །ཤི་བའི་སྐྲ་ལ་ཞགས་པ་ནི། །སྦོམ་ཞིང་ཡིད་དུ་འོང་བ་བྱ། །ཆོ་ག་སྔ་མ་བཞིན་བསྒྲུབས་ན། །དེ་ཡི་དངོས་གྲུབ་དེ་ཉིད་འཐོབ། །ཤིང་ནི་རབ་ཏུ་བཟང་པོ་ལས། །དབྱུག་ཏོ་སོར་ནི་བཅུ་དྲུག་བྱ། །ལེགས་པར་
91-1-5b
བཞོགས་དང་ལེགས་བྲིས་པ། །བཟང་པོ་ཡིད་དུ་འོང་བྱས་ནས། །དེ་ཡི་མགོ་བོ་དག་ལ་ཡང ། །རབ་ཏུ་བཟང་པོའི་གསེར་གྱིས་དཀྲི། །དེ་ཡི་རྩེ་ལ་ནོར་བུ་ནི། །པདྨ་རཱ་གས་སྤྲས་པར་བྱ། །དེ་ནས་ཚུལ་བཞིན་རི་རྩེ་ལ། །ཆོ་ག་སྔོན་དུ་བཤད་པ་བཞིན། །མངོན་དུ་འདུག་པའི་ སྦྱིན་སྲེག་བྱ། །སྒྲུབ་པ་པོ་ཡིས་ནུབ་མོ་བསྒྲུབ། །འབར་བ་དེ་ནི་བླངས་ནས་སུ། །ནམ་མཁར་འཕགས་པ་གདོན་མི་ཟ། །སྔ་མ་བཞིན་དུ་གྲུབ་རྣམས་ཀྱི། །གཙོ་བོར་གྱུར་ཅིང་འདོད་གཟུགས་ཅན། །དུ་བ་ཚ་ལ་སོགས་པས་ཀྱང ། །དེ་ཡིས་འབྲས་བུ་སྔོན་བཞིན་འཐོབ། ། མཚོན་ཆ་མཆོག་རྣམས་བསྒྲུབ་པ་ནི། །དེ་ལྟར་མདོར་བསྡུས་བཤད་པ་ཡིན། །དེ་ནས་ཆོ་ག་ལས་བྱུང་བའི། །དངོས་གྲུབ་གཞན་ཡང་བཤད་བྱ་སྟེ། །ཅི་ལྟར་ཁྲོ་བོ་མཆོག་གིས་ནི། །ཉིད་ཀྱིས་མདོར་བསྡུས་བཤད་པའོ། །ཡི་དགས་མང་པོ་ཞེས་བྱ་བའི། །དཀྱིལ་འཁོར་ ཐོག་མར་བྲིས་ནས་སུ། །རྨ་མེད་པ་ཡི་རོ་བླངས་ནས། །མཁས་པས་ཁྲུས་བྱས་ལེགས་པར་བརྒྱན། །མེ་ཏོག་སྤོས་ཀྱིས་མཆོད་ནས་སུ། །ཤ་དང་བཅས་པའི་གཏོར་མ་སྦྱིན། །ལས་ནི་དུར་ཁྲོད་དག་ཏུ་བྱ། །འདི་ནི་གཞན་དུ་ཡོང་མི་བྱ། །མེ་ཏོག་བཀྲམ་པའི་གནས་མལ་དུ། ། ནུབ་ཕྱོགས་སྒོ་ཕྱོགས་མགོ་བསྟན་གཞག་།ཐོད་པ་བཟང་པོ་ཟས་མཆོག་གིས། །རབ་ཏུ་གང་བ་བླངས་ནས་སུ། །ཟས་མཆོག་དག་གི་ནང་དུ་ཡང ། །ཚིལ་ཆེན་དག་གིས་བླུག་པར་བྱ། །མཁས་པས་དེ་དག་དེ་ཡི་ཚེ། །ཁྲོ་བོ་སྔགས་ཀྱིས་བཏབ་པ་ཡི། །སྦྱིན་བླུགས་བརྒྱ་ནི་ ཚང་ཚང་དུ། །གཟར་བུས་མི་ཡི་ཁར་བླུགས་ན། །དེ་ཡི་ལྕེ་ཡང་འབྱུང་བར་འགྱུར། །དེ་ནས་མཚོན་གྱིས་གཅད་པར་བྱ། །ལྕེ་ནི་རྩ་བར་བཅད་པ་ལས། །ཁྲོ་བོའི་མཐུ་ཡིས་མྱུར་བ་རུ། །དེ་ནས་དེ་ཉིད་རལ་གྲིའི་གཟུགས། །བཟང་པོ་སུམ་ཅུ་རྩ་གཉིས་འགྱུར། ། དེ་ནས་རལ་གྲི་བླངས་ནས་སུ། །གྲོགས་རྣམས་ལ་ནི་རེ་རེ་སྦྱིན། །སྒྲུབ་པ་པོ་ཡིས་བླངས་ནས་ནི། །དེ་མ་ཐག་ཏུ་འགྲུབ་པར་འགྱུར། །རིག་འཛིན་དེ་དག་ཐམས་ཅད་ཀྱིས། །ཀུན་ཏུ་བཀུར་བའི་རྒྱལ་པོར་འགྱུར། །གྲོགས་པོ་དེ་རྣམས་དང་བཅས་པར། །བསྐལ་པ་བདུན་
91-1-6a
དུ་གནས་པར་འགྱུར། །ཡང་ན་མཁས་པས་དུར་ཁྲོད་དུ། །ཡི་དགས་མང་པོ་ཞེས་བྱ་བའི། །དཀྱིལ་འཁོར་དེ་ནས་བྲིས་ནས་སུ། །མཆོད་པ་ཇི་སྐད་གསུངས་པ་བྱ། །སྐྱེས་པ་བུད་མེད་ཤི་བ་ཡི། །རྨ་མེད་པ་ཡི་རོ་བླངས་ནས། །ལེགས་པར་ཁྲུས་བྱས་ རྒྱན་གྱིས་བརྒྱན། །དཀྱིལ་འཁོར་དེ་ཡི་སྒོར་བཞག་སྟེ། །དེ་ཡི་སྙིང་གར་དེ་འདུག་ནས། །སྟོང་རྩ་བརྒྱད་དུ་བཟླས་པར་བྱ། །ཁྲོ་བོ་མཆོག་ཏུ་གྱུར་བའི་སྔགས། །ཡི་གེ་བཅུ་བདུན་སྟོང་རྩ་བརྒྱད། །དེ་བཟླས་ནས་ནི་དངོས་གྲུབ་ཐོབ། །མི་རོ་དེ་ནས་ལྡང་བར་འགྱུར། ། མཆོད་ཡོན་ལེགས་པར་དབུལ་བར་བྱ། །དེ་ཡི་མགོ་ལ་ལག་གཡོན་གྱིས། །དེ་མ་ཐག་དུ་རེག་བྱས་ན། །ལྡོང་རོས་མེ་ཡི་མདོག་འདྲ་བ། །དེ་བས་བདག་ཉིད་ཅན་དེ་ཡི། །ཁ་ནས་མྱུར་དུ་འབྱུང་བར་འགྱུར། །སྒྲུབ་པ་པོ་ཡིས་དེ་བླངས་ཏེ། །ཡན་ལག་ཐམས་ཅད་བསྐུས་ ནས་ནི། །བཙོ་མའི་གསེར་གྱི་མདོག་ཏུ་འགྱུར། །གྲོགས་རྣམས་ལ་ཡང་དེ་བཞིན་སྦྱིན། །དེ་མ་ཐག་ཏུ་དེ་དག་ཀུན། །བཙོ་མ་གསེར་གྱི་མདོག་ཏུ་འགྱུར། །ཅི་ལྟར་འདོད་པའི་གཟུགས་ཅན་འགྱུར། །རིག་འཛིན་རྣམས་ནི་ཐམས་ཅད་ཀྱི། །ཐོག་མར་འགྲོ་བ་དེ་ དག་འགྱུར། །རྫས་རྣམས་ཐམས་ཅད་གྲུབ་པར་ནི། །གྲུབ་ན་དེ་ལ་དེ་ནས་ཡང ། །དཀོན་མཆོག་གསུམ་ལ་ཆ་གཅིག་དབུལ། །དེ་ནས་མཁས་པས་བདག་ཉིད་བཀུར། །གྲོགས་པོ་རྣམས་ནི་ཐམས་ཅད་ལའང ། །བྱིན་ནས་འདི་ནས་ནམ་མཁར་འཕུར། །རྫས་གཅིག་ གྲུབ་པར་གྱུར་པ་ལ། །ཆོ་ག་གཞན་ཡང་སྤྱད་བྱ་སྟེ། །རྫས་གཅིག་གྲུབ་པར་གྱུར་ན་ནི། །ཐོག་མར་ཕྱག་ཀྱང་བྱས་ནས་སུ། །དཀོན་མཆོག་གསུམ་ལ་ཆོ་ག་བཞིན། །བདག་ཉིད་རབ་ཏུ་དབུལ་བར་བྱ། །དེ་ཡི་འོག་ཏུ་རྫས་དེ་བླངས། །གྲོགས་པོ་རྣམས་ལ་རིམ་བཞིན་དུ། ། རྫས་དེ་བྱིན་ནས་འཕུར་བར་འགྱུར། །ཕྱི་ནས་ཆོ་ག་འདི་རྣམས་སྤྱད། །དེ་ལྟར་མ་བྱས་གྲུབ་ན་ཡང ། །དེ་ཡི་རྫས་ནི་འཕྲོག་པར་འགྱུར། །དེ་བས་དངོས་གྲུབ་མཆོག་རྣམས་ལ། །ཀུན་ཏུ་ཅི་སྲིད་བཤད་བཞིན་བྱ། །དེ་ནས་གཞན་ཡང་ཨཉྫ་ན། །བཟའ་བ་སྒྲུབ་པ་
91-1-6b
ཅི་བཞིན་པ། །དགོས་པ་ཐམས་ཅད་འགྲུབ་པའི་ཕྱིར། །དམ་པ་འདི་ནི་བཤད་པར་བྱ། །ཞག་གསུམ་སྨྱུང་བར་འདུག་ནས་སུ། །དུར་ཁྲོད་དག་ཏུ་དཀྱིལ་འཁོར་བྲི། །དེ་ནས་ཆོ་ག་སྔ་མ་བཞིན། །དེར་ནི་གཏོར་མའི་ལས་བྱའོ། །དེ་ནས་མི་རོ་བསྲེགས་པ་ཡི། །ཐལ་བས་ བདག་ཉིད་བསྲུང་བར་བྱ། །དེ་ཡིས་བདག་ཉིད་བྱུགས་ནས་སུ། །གྲོགས་པོའི་མཆོག་ལྡན་དགའ་བ་དེས། །དེ་ཡིས་བདག་ཉིད་བྱུགས་ནས་སུ། །ཉྫ་ན་ཡི་སྙིང་པོ་དེ། །གསལ་ཤིང་གིས་བསད་མགོ་ལ་གཞག་།ཤི་བའི་གོས་ཀྱིས་གཡོགས་ནས་སུ། །ལག་པས་བཟུང་ སྟེ་བཟླས་བྱས་ཏེ། །དངོས་གྲུབ་རྣམ་གསུམ་འབྱུང་བའི་བར། །བློ་ཅན་གྱིས་ནི་དེ་སྲིད་བཟླས། །ཚ་འམ་ཡང་ན་དུ་བ་འབྱུང ། །ཡང་ན་མེ་བཞིན་འབར་བར་འགྱུར། །དེ་ཡི་མིག་དག་བསྐུས་ན་ནི། །འབར་བས་ནམ་མཁར་འགྲོ་བར་འགྱུར ། །དུ་བས་ལུས་ནི་མི་སྣང་བར། ། གདོན་མི་ཟ་བར་འགྱུར་བར་བཤད། །ཚ་བར་གྱུར་ན་བལྟས་པ་ཡི། །འགྲོ་བ་དག་ནི་གསོད་པར་འགྱུར། །སླར་ཡང་ལེགས་པར་གསོ་བ་ནི། །རིང་པོར་མི་ཐོགས་གདོན་མི་ཟ། །འདི་ལ་སྒྲུབ་པར་མ་གྱུར་ནའང ། །མིག་དག་ལེགས་པར་བསྐུས་ན་ནི། །བལྟས་པས་ འགྲོ་བ་དབང་དུ་འགྱུར། །པུས་མོས་བཙུགས་ཤིང་མགོ་བོས་འདུད། །ཉྫ་ན་ཡི་ཆོ་ག་བཞིན། །མཁས་པས་གི་ཝང་བསྒྲུབ་པར་བྱ། །དངོས་གྲུབ་དག་ཀྱང་དེ་བཞིན་བསྟན། །མ་གྲུབ་འགྲོ་བར་དབང་དུ་འགྱུར། །ལི་ཁྲི་དང་ནི་བ་བླ་དང ། །ལྡོང་རོས་དག་ཀྱང་དེ་བཞིན་ ཏེ། །ཉྫ་ན་ཡི་དཔྱད་བཞིན་དུ། །མཁས་པ་དག་གིས་བསྒྲུབ་པར་བྱ། །ཤི་བའི་གོས་ཀྱང་ཆོ་ག་བཞིན། །བསྒྲུབ་པ་གཞན་དག་དེ་བཞིན་དུ། །ཁྲོ་བོ་ཉིད་ཀྱིས་གསུངས་པའི་སྔགས། །མདོར་བསྡུས་རབ་ཏུ་བཤད་པར་བྱ། །དུར་ཁྲོད་དག་ཏུ་དཀྱིལ་འཁོར་བྲི། །མཆོད་ པ་དང་ནི་གཏོར་མ་བྱ། །ཤི་བའི་གོས་དེ་བགོས་ནས་ནི། །ཆོ་ག་ཤེས་པས་མཚན་མོ་བཟླས། །དེ་ནས་གོས་དེ་དང་བཅས་པར། །མཚན་མོ་རབ་ཏུ་འབར་འགྱུར་ན། །འབར་ཞིང་འབར་བས་ཡོངས་བསྐོར་ནས། །ནམ་མཁའ་དག་ལ་ལེགས་པར་འཕར། །གད་མོ་རབ་ཏུ་
91-1-7a
དགོད་པའི་སྒྲ། །འཇིག་རྟེན་སྐྲག་པར་བྱེད་པར་འབྱིན། །རྟག་ཏུ་འདོད་པའི་གཟུགས་དང་ལྡན། །ཁྲོ་བོ་བཞིན་དུ་དེ་སྤྱོད་འགྱུར། །དེ་བཞིན་དུ་བ་བྱུང་ན་ཡང ། །གདོན་མི་ཟ་བར་མི་སྣང་བའི། །མཆོག་ཏུ་འགྱུར་བར་རབ་ཏུ་བཤད། །སྒྲུབ་པ་དེ་ཡི་གོས་དེ་ནི། །དེ་ བཞིན་ཚ་བར་གྱུར་ན་ཡང ། །རྐང་པ་མགྱོགས་ཤིང་སྟོབས་ཆེར་འགྱུར། །ས་སྟེང་རྣམས་སུ་ཁྱབ་པར་འགྲོ། །ནད་མེད་ལོ་བརྒྱ་འཚོ་བར་འགྱུར། །དེ་སྟེ་གྲུབ་པར་མ་གྱུར་ནའང ། །འགྲོ་བ་མ་ལུས་དབང་དུ་འགྱུར། །གང་རྣམས་མཐོང་ཞིང་དེ་བཞིན་ཏེ། །མཐོང་བ་དེ་དག་བྲན་ བཞིན་འགྱུར། །གལ་ཏེ་འདི་དག་གནོད་སྦྱིན་མོ། །མི་ཡིས་སྒྲུབ་པར་འདོད་ན་ནི། །བ་ཏི་ཤིང་དྲུང་ཉམས་དགའ་བ། །དེ་ཚེ་དཀྱིལ་འཁོར་བྲིས་ནས་སུ། །སྐྲ་བཤིག་གོས་ཀྱང་མེད་བྱས་ལ། །ཟས་མཆོག་ལེགས་པར་བཙོས་པ་ཡིས། །ལྷུང་བཟེད་བཟང་པོ་ཡོངས་བཀང་ ནས། །མར་གྱི་ང་ཡི་མཚན་མོ་བསྒྲུབ། །དེ་ནས་ཆང་བུ་བདུན་ཕྱུང་སྟེ། །སྔགས་ཀྱི་ལན་བདུན་བཏབ་ནས་སུ། །ལྷ་ཡི་བཟང་པོ་འདི་བཞེས་ཤིག་།བྱས་ནས་དེ་ཡི་རྒྱབ་ཏུ་དོར། །དེ་ནས་གཞན་ཡང་ཆང་བུ་བདུན། །སྔགས་ཀྱིས་བཏབ་སྟེ་བཟའ་བར་བྱ། །ལྷ་ཡི་བཟང་མོ་ཞེས་ བྱ་བ། །གྲུབ་པ་གནོད་སྦྱིན་ཀུན་གྱི་རྗེ། །འཁོར་རྣམས་མང་པོས་ཀུན་བསྐོར་ནས། །དེ་ནས་དེ་ཡི་འོད་འབར་འགྱུར། །དེ་ནས་ཁ་བཀྲུས་དེ་ལ་ནི། །སྤོས་དང་མེ་ཏོག་མཆོག་ལྡན་པའི། །མཆོད་ཡོན་ཆུ་ནི་དབུལ་བར་བྱ། །ལེགས་འོངས་མེ་ཏོག་དག་ཀྱང་དབུལ། །དེ་ནས་སྟན་ བཟང་ཉམས་དགའ་བར། །མེ་ཏོག་ལྡན་པ་ཕུལ་ན་ནི། །ད་ནི་ཁྱོད་ཀྱི་བདག་གྲུབ་སྟེ། །བཀའ་བཞིན་བྱེད་ཅིང་དེ་བཞིན་དུ། །གཞན་དུ་མི་འགྱུར་བཀའ་ཉན་གྱིས། །བཀའ་སྩོལ་ཅིག་ཅེས་དེ་ལ་སྨྲ། །མའམ་ཡང་ན་སྲིང་མོའམ། །མཛའ་མོའམ་ཡང་ན་ཆུང་མར་འགྱུར། །མར་ བརྗོད་པས་ནི་ངེས་པར་ཡང ། །དེ་ཡི་ལྡོང་རོས་ལ་སོགས་པ། །གྲུབ་པའི་རྫས་ནི་མང་པོ་དག་།གདོན་མི་ཟ་བར་དེ་ལ་སྟེར། །སྲིང་མོས་མེ་ཏོག་འབྲས་བུ་དང ། །བདུད་རྩི་མཆོག་དང་གསེར་འགྱུར་རྩི། །རྟག་ཏུ་སྒྲུབ་པ་པོ་དེ་ལ། །གདོན་མི་ཟ་བར་སྟེར་བར་འགྱུར། །མཛའ་
91-1-7b
མོར་གྱུར་ཅིག་ཅེས་སྨྲས་ནས། །མཚན་མོ་ལྡིང་ཁང་མཆོག་རྣམས་དང ། །ཡིད་དུ་འོང་བ་གཞན་རྣམས་ཀྱང ། །བདག་ཉིད་དགའ་བ་སྟོན་པར་བྱེད། །མྱུར་དུ་ཆུང་མ་སྡུག་པ་དག་།དཔག་ཚད་བརྒྱ་ནས་ཁྲིད་དེ་འོང ། །གཞན་ཡང་སྒྲུབ་པ་པོ་དེ་ལ། །དེས་ཤིང་འདོད་དང་ དགའ་བ་སྟེར། །དེ་སྟེ་དེ་ལ་ཆུང་མར་སྨྲས། །འདོད་པའི་གཟུགས་ཅན་རྣམ་པར་མཛེས། །དབང་ཕྱུག་ལོངས་སྤྱོད་ཐམས་ཅད་ཀྱིས། །གྲུབ་པ་དེ་ནི་དགའ་བར་བྱེད། །དེས་ཤིང་འདོད་པ་དགའ་བ་སྟེར། །འཛུམ་ཞིང་སྲི་ཞུ་འཇོ་མ་དང ། །དབང་ཕྱུག་ལོངས་སྤྱོད་ཐམས་ཅད་ ནི། །སྒྲུབ་པ་ཅི་སྲིད་འདོད་པ་སྤྱོད། །གལ་ཏེ་མངལ་ནས་སྐྱེས་པ་ཡི། །ཤ་ཟ་མོ་དག་བསྒྲུབ་འདོད་ན། །སྒྲུབ་པ་པོ་ལ་དེ་ཡི་ལས། །དེ་དག་འདི་ནི་བཤད་པར་བྱ། །ཤླེ་ཤྨ་ཀ་ཏའི་ཤིང་དྲུང་ནི། །གཙང་མར་དཀྱིལ་འཁོར་བྲི་བར་བྱ། །མཆོད་པ་ཆེན་པོ་བྱས་ནས་སུ། ། གཏོར་མའི་ལས་ཀྱང་སྔོན་བཞིན་བྱ། །དེར་ནི་དུར་ཁྲོད་ཤིང་དག་གིས། །སྔགས་པས་མེ་ནི་རབ་སྦར་ནས། །གོས་མེད་སྐྲ་ཡང་ཧག་བྱས་ཏེ། །དེ་ནས་མེ་ཡང་འབར་བ་ལ། །དེར་ནི་གཟེགས་མའི་སྦྱིན་སྲེག་རྣམས། །སྔགས་ཀྱིས་སྟོང་རྩ་བརྒྱད་བསྲེག་ན། །དེ་ཚེ་གདོན་མི་ཟ་བར་ ཡང ། །ཤ་ཟ་མོ་ནི་འབར་བའི་གདོང ། །འོང་བར་འགྱུར་ཏེ་དེ་ཡི་ཚེ། །སེམས་ནི་དཔའ་བར་བྱས་ནས་སུ། །མི་འཇིགས་མདུན་དུ་མཆོད་ཡོན་དབུལ། །དེ་ཡི་འོག་ཏུ་དེ་ལ་ནི། །བདག་ཉིད་གཟུགས་ནི་བཟང་པོར་སྟོན། །དེ་ཡི་མིང་ནི་ཀང་རང་གི། །རང་མིང་སྔགས་ཀྱིས་ སྦྱིན་སྲེག་བྱ། །གང་བསམ་པ་ཡི་ནོར་དེ་རྣམས། །འོངས་ནས་རིང་པོར་མི་ཐོགས་པར། །གདོན་མི་ཟ་བར་རབ་ཏུ་དབུལ། །ཀང་རང་གི་ནི་ཞེས་བྱ་བ། །ཤ་ཟ་མོ་ནི་ཀུན་གྱི་མཆོག་།སྒྲུབ་པ་པོ་ནི་སེམས་དཔའ་ཞིང ། །གཟི་ཡང་རབ་ཏུ་ཆེ་བ་ལ། །གདོན་རྣམས་ཐམས་ ཅད་རབ་ཏུ་བསྒྲུབ། །དེ་ལྟར་མིན་ན་མྱུར་བར་ནི། །སྒྲུབ་པོ་ཡང་ནི་གསོད་བར་བྱེད། །དེ་སྟེ་ཀླུ་ཡི་བུ་མོ་དག་།དེ་ལ་རིག་འཛིན་དཔལ་ལྡན་པས། །བསྒྲུབ་པ་དག་ཏུ་འདོད་པ་ལ། །དེ་ཡི་ཆོ་གར་འདི་བཤད་དོ། །པདྨོ་དཀར་པོའི་མཚོ་འགྲམ་དུ། །སོང་ནས་ཆོ་ག་སྔ་མ་བཞིན། །
91-1-8a
ཡི་དགས་མང་པོ་ཞེས་བྱ་བའི། །དཀྱིལ་འཁོར་དེར་ནི་བྲི་བར་བྱ། །དེ་ནས་དེར་ནི་མཁས་པ་ཡིས། །གཏོར་མའི་ཆོ་ག་སྔ་མ་བཞིན། །ུ་དུམ་བཱ་རའི་ཡམ་ཤིང་གིས། །ཐོག་མར་མེ་ནི་རབ་སྤར་ནས། །ནཱ་ག་གེ་སར་ཕྱེ་མ་དག་།མཁས་པས་སྟོང་རྩ་བརྒྱད་དུ་བསྲེག་། སྦྱིན་སྲེག་བྱེད་ཚེ་མྱུར་བར་ནི། །དེ་ནས་ཀླུ་ཡི་བུ་མོ་དག་།འཇིགས་ཤིང་སྐྲག་ནས་འོང་བར་འགྱུར། །གལ་ཏེ་མཚན་མོ་དེ་བསྲེག་ན། །སྒྲུབ་པ་པོ་ནི་གང་འདོད་པ། །གདོན་མི་ཟ་བར་རབ་ཏུ་སྟེར། །དེ་སྟེ་སྔགས་པ་ལྷ་མིན་གྱི། །ཕུག་སྒོར་སོང་ནས་ཅི་དགའ་བར། །ལྷ་མ་ཡིན་མོ་ཐམས་ ཅད་ནི། །ལས་འདི་དག་ནི་ཐམས་ཅད་སྒྲུབ། །དཀྱིལ་འཁོར་སྔ་མ་བཞིན་བྲི་ནས། །གཏོར་མའི་ཆོ་ག་རྒྱ་ཆེར་བྱ། །པྲི་ཡང་ཀུ་ཡི་ཤིང་དག་གི། །ཞུགས་ཐབ་ཏུ་ནི་མེ་སྤར་ནས། །ཆོ་ག་བཞིན་དུ་སྔགས་ཟློས་ཤིག་།ཡུངས་ཀར་དཀར་པོ་གུར་གུམ་ལ། །སྨྱུགས་ནས་སྟོང་ རྩ་བརྒྱད་བཟླས་ལ། །དེ་ནས་ངེས་པར་བསྲེག་པར་བྱ། །དེ་ནས་སྦྱིན་སྲེག་བྱེད་པའི་ཚེ། །ལྷ་མིན་ན་ཆུང་འབྱུང་བར་བྱེད། །སྒྲུབ་པ་པོ་ནི་གང་འདོད་པ། །གདོན་མི་ཟ་བར་རབ་ཏུ་སྟེར། །ལྷ་མ་ཡིན་གྱི་གནས་དག་ཏུ། །བདེ་བའི་ལམ་ནས་འཇུག་པར་བྱེད། །དབང་ ཕྱུག་ཀུན་དང་ལྡན་པར་ནི། །དེ་ན་དེ་ནི་འགྲུབ་པར་བྱེད། །གལ་ཏེ་འདིར་ནི་སྔགས་པ་དག་།ཤ་ཆེན་དག་ནི་འཚོང་འདོད་ན། །དང་པོར་དུར་ཁྲོད་འདུག་ནས་སུ། །དཔའ་བའི་སེམས་ཀྱིས་ཤ་ཆེན་བླང ། །བླངས་ནས་བསྲུང་བ་བྱས་ནས་སུ། །ལག་པ་གཡོན་པས་ཆུ་གྲི་ཐོགས། ། གཡས་པས་ཤ་ཆེན་སྐྱོན་མེད་གཟུང ། །མཚན་མོ་དུར་ཁྲོད་དུ་ཞུགས་ནས། །སེམས་པ་དཔའ་བས་གཤིན་རྗེའི་གཤེད། །ཁྲོ་བོ་ཡིད་ལ་ཟློས་བྱེད་ཅིང ། །ཤ་འཚོང་བ་ཡི་སྒྲ་བསྒྲགས་སོ། །བདག་ཉིད་ཆེན་པོ་དེ་ཡིས་ཚིག་།སྲིན་པོ་དམ་ཚིག་མེད་པ་དང ། །སེམས་ཅན་ཕྲ་མོ་ཁ་ཅིག་ གིས། །ཐོས་ནས་རབ་ཏུ་འཇིགས་པར་འགྱུར། །གང་གཞན་ལྷག་པའི་སེམས་ཡོད་ཅིང ། །དྲག་པོའི་དུར་ཁྲོད་གནས་སྐྱོང་བ། །སྣ་ཚོགས་གཟུགས་ཅན་སྟོབས་པོ་ཆེ། །དེ་དག་ལུས་ནི་སྟོན་པར་བྱེད། །གྲུབ་པ་འཇིགས་པར་མི་བྱ་བར། །དེ་ནས་སེམས་ནི་དྲག་པོ་དེས། །
91-1-8b
ལེགས་པར་འོངས་ཞེས་སྨྲ་བར་བྱ། །དེ་ནས་གནས་སྐྱོང་བསྒྲུབ་པའི་ཕྱིར། །དེ་ནས་ཨཉྫ་ན་དག་དང ། །རྫས་ནི་གང་རྣམས་འདོད་པ་དེ། །ཤ་ཡིས་རབ་ཏུ་སྦྱིན་བྱོས་ཞེས། །སྒྲུབ་པ་པོས་ཀྱང་སྨྲ་བར་བྱ། །སྒྲུབ་པ་པོས་ཀྱང་གཞན་མི་སྨྲ། །སེམས་ནི་དཔའ་བར་ཤེས་ནས་ སུ། །སྦྱིན་པར་བྱད་ཀྱིས་གཞན་ལ་མིན། །དེ་ནས་གཞན་ཡང་འདི་ཡི་ལས། །དཔུང་རྣམས་མནན་པར་བྱ་བ་གང ། །ཁྲོ་བོ་མཆོག་གིས་གསུངས་པ་ནི། །དེ་དག་འདིར་ནི་བཤད་པར་བྱ། །མི་རོའི་གོས་ལས་བྱས་པ་ཡི། །བ་དན་ཤིན་ཏུ་བཟང་པོ་བྱ། །དེ་ནས་མཐོན་ ཀ་ལས་བྱའོ། །སོར་བཅུ་དྲུག་གི་ཚད་དུ་བྱ། །སྨྱུག་མའི་ཡུ་བ་སྡུ་གུ་དག་།ཁྲུ་གང་ཚད་དུ་བྱས་པ་ལ། །བཏགས་ཏེ་དེ་ནས་བསྒྲེང་ནས་སུ། །དུར་ཁྲོད་དུ་ནི་མཚན་མོ་བསྒྲུབ། །དཀྱིལ་འཁོར་རྒྱ་ཆེན་བྲིས་ནས་ཀྱང ། །དེར་ནི་ཙོག་པུར་གནས་ནས་སུ། །བ་དན་ལག་ན་ ཐོགས་ནས་ནི། །མཚན་མོ་ཐོག་ཐག་བཟླས་པར་བྱ། །དེ་ནས་ནམ་ནི་ལངས་པ་ན། །དེ་ཡི་ལག་ན་ཐོགས་པ་ཡི། །དེ་ཚེ་དགྲ་ཡི་དཔུང་འཁྲུག་པ། །ཐེ་ཚོམ་མེད་པར་གནས་པར་འགྱུར། །ལག་ན་ཐོགས་པ་གཞན་དག་ཀྱང ། །སྒྲུབ་པ་པོས་ནི་མཐོང་བ་ཡི། །དེ་དག་ ཐམས་ཅད་མཐོང་མ་ཐག་།མནན་ཏེ་རི་བཞིན་མི་གཡོར་འགྱུར། །གླང་པོ་རྒྱལ་པོ་མྱོས་པ་དང ། །ཤིང་རྟ་རྟ་དང་གླང་པོར་བཅས། །རྐང་ཐང་འཁྲུགས་པ་མང་བཅས་པའི། །དགྲ་ཡི་དཔུང་རྣམས་ངེས་པར་ནི། །མཐོང་བ་ཙམ་ནི་ཉིད་ཀྱིས་སུ། །མནན་པ་བཞིན་དུ་སྣང་བར་ འགྱུར། །དེ་ནས་གཞན་ཡང་དུར་ཁྲོད་ཀྱི། །སྦྱོར་བ་བཀྲ་ཤིས་དགེ་བ་དང ། །ཁྲོ་བོ་མཆོག་གིས་གསུངས་པ་དེ། །དེ་ནི་ངེས་པར་བཤད་པར་བྱ། །དེས་ནི་མི་རོ་བསྲེགས་པ་ཡི། །མཚན་མོ་མེ་འབར་བལྟས་ནས་སུ། །སྐྲ་བཤིག་གོས་ཀྱང་མེད་བྱས་ལ། །བཟླས་པ་དག་ཀྱང་ བསྐོར་ཞིང་བྱ། །དེ་ནས་དེར་ནི་སྔགས་པ་ཡིས། །ལན་གཅིག་ཐལ་བ་སྤར་བ་གང ། །ལག་པ་གཡོན་པས་བླངས་ནས་སུ། །མཁས་པས་ཁྱིམ་དུ་འགྲོ་བར་འགྱུར། །ཡང་ན་ལྷ་ཁང་སྟོང་པར་འགྲོ། །ཕྱིར་ཡང་ལྟ་བར་ཡོང་མི་བྱ། །དེ་ནས་དེར་ཡང་ཐལ་བ་དེ། །
91-1-9a
ནམ་ལངས་བར་དུ་བཟླས་པར་བྱ། །ནམ་ནི་ལངས་པར་གྱུར་པ་ནི། །ཐལ་བ་དེ་ནི་བསྲུངས་ནས་སུ། །སར་པའི་སྣོད་དུ་གཞག་བྱ་ཞིང ། །ས་ལ་གཞག་པར་ཡོང་མི་བྱ། །དགྲ་ཡི་དཔུང་དག་མནན་པའི་ཕྱིར། །ཐལ་བ་དེ་ནི་གཏོར་བྱས་ན། །ཤིང་རྟ་དང་ནི་ གླང་པོ་དང ། །མཚོན་ཆ་ཐམས་ཅད་འཁྲུག་པ་དང ། །སྐྱེ་བོ་མང་པོར་ལྡན་པའི་ཡུལ། །ཐལ་བེ་དེ་ཡིས་ཐམས་ཅད་དུ། །ལན་ཅིག་གཏོར་བ་ཙམ་གྱིས་ཀྱང ། །ལུས་རྣམས་མི་འགུལ་གདོན་མི་ཟ། །འདི་ནི་མཚོན་རྣམས་གནོན་པ་དང ། །དཔུང་ཡང་གནོན་བྱེད་དགེ་ བའོ། །དེ་བཞིན་གཉིད་ཀྱིས་ལོག་བྱ་དང ། །མྱོས་པར་བྱེད་པར་སྦྱོར་བ་ཡང ། །རླུང་ཕྱོགས་དག་ཏུ་སོང་བའམ། །ཡང་ན་བསྙེན་ཏེ་བྱས་ནའང་རུང ། །བགྲོད་དཀའི་དགྲ་ནི་མཚོན་འཁྲུགས་ལ། །བྱས་ནས་འགྲོ་བ་མི་འགུལ་འགྱུར། །དུར་ཁྲོད་དག་གིས་སྦྱོར་བ་ཡིས། །དཔུང་ མནན་དེ་ལྟར་བཤད་ཟིན་ཏོ། །འགྲོ་བ་དབང་བྱེད་སྦྱོར་བ་ནི། །རྣམ་པ་གཞན་དག་བཤད་པར་བྱ། །དུར་ཁྲོད་དག་ཏུ་དཀྱིལ་འཁོར་བྲི། །མཆོད་པ་སྔ་མ་བཞིན་དུ་བྱ། །གཏོར་མ་རྒྱ་ཆེན་བྱས་ནས་ནི། །མི་ཡི་ཚིལ་གྱི་སྣུམ་དག་ལས། །མར་མེ་འབར་བ་བྱས་ནས་སུ། ། དེ་ནས་ཐོད་པ་བཟང་པོ་ལ། །མཁས་པ་དག་གིས་སྣག་ཙ་སྦྱར། །དུ་བའི་སྣག་ཙ་སྦྱར་ནས་ཀྱང ། །ནམ་ལངས་བར་དུ་བསླབ་པར་བྱ། །དེ་ནས་ནང་བར་ནམ་ལངས་ཏེ། །དུ་བའི་སྣག་ཙས་མིག་བསྐུས་ན། །གང་མཐོང་དེ་ཡི་དབང་དུ་འགྱུར། །དེ་ལྟར་འགྲོ་བ་དབང་བྱེད་ པའི། །སྦྱོར་བ་དེ་ནི་བསྒྲགས་པ་ཡིན། །བཙག་གི་སྦྱོར་བའི་དངོས་གྲུབ་ཀྱང ། །དགེ་བདག་ནི་ད་བཤད་དོ། །ཡུག་སྣམ་བཙག་ནི་དགེ་བ་དག་།མི་རོའི་ཁར་ནི་བཅུག་ནས་སུ། །དེ་ནས་དེ་ཕྱེད་ཚིག་ནས་ནི། །གྲོགས་མེད་པར་ནི་མཚན་མོ་བླང ། །བླངས་ནས་ལྷ་ཡི་ཁང་ སྟོང་དུ། །མཁས་པ་དག་གིས་བཟླས་པ་བྱ། །བགེགས་ཀྱང་རྣམ་པ་སྣ་ཚོགས་འབྱུང ། །ཅི་སྲིད་ནམ་ལངས་བར་དུ་ནི། །དེ་ན་འདུག་ཅིང་དེ་ལ་བཟླས། །དེ་ནས་ནམ་ལངས་གྱུར་པ་དང ། །རས་ནི་དམར་པོས་དཀྲིས་ནས་ནི། །མཆོད་ཅིང་བསྲུངས་ནས་གཞག་པར་བྱ། །
91-1-9b
དེ་ནས་གང་ཡང་རུང་བའི་མིང ། །བཙག་གི་ཡུག་སྣམ་དེ་ཡིས་སུ། །ཅི་འདོད་པར་ནི་འདྲི་བར་བྱ། །སྒྲུབ་པ་པོ་ཡི་མིང་ནས་ཀྱང ། །བསྐུལ་ནས་དོགས་པ་མེད་པར་ཡང ། །བསྒྲུབ་པར་བྱ་བ་མྱུར་དུ་འོང ། །བཙག་བསྒྲུབ་ཁ་རུ་གསུངས་པ་དག་།མདོར་བསྡུས་ བཤད་པ་དེ་ཡིན་ནོ། །ད་ནི་ཅི་ལྟར་རིག་པ་རུ། །སོར་གདུབ་བསྒྲུབ་པ་སྦྱོར་བར་བཅས། །ཆོ་ག་བཞིན་དུ་གསུངས་པ་དག་།མདོར་ནི་རབ་ཏུ་བཤད་པར་བྱ། །མི་ཡི་རོ་ཁྱེར་འགྲོ་བ་ན། །དེར་སོང་ནས་ནི་དེ་ཡི་ཁར། །གསེར་གྱི་སོར་གདུབ་གཞག་པར་བྱ། །མཁས་ པས་ཁྲོ་བོ་གཅིག་པུའི་སྔགས། །ཟློས་པས་བྱེད་དེ་འདུག་པ་ན། །མེ་ཡིས་ཚིག་པར་གྱུར་པ་ནི། །རོ་ཡི་ཁ་ན་འདུག་པ་ཡི། །སོར་གདུབ་ལག་པ་གཡོན་པས་བླང ། །ནམ་ལངས་བར་དུ་བཟླས་པར་བྱ། །དེ་ནས་སོར་གདུབ་བཟང་པོ་དེ། །ལག་པ་གཡོན་པའི་མཛུབ་མོ་ལ། ། མཁས་པ་དག་གིས་གཞག་པར་བྱ། །དེ་ཡི་ལག་པ་གཡོན་པ་ཡི། །གང་དང་གང་དག་རེག་འགྱུར་བ། །དེ་ཀུན་དེ་ཡི་ལས་བྱེད་གྱུར། །ཕྱི་བཞིན་དུ་ཡང་འབྲང་བར་འགྱུར། །འདི་ལ་དཔྱོད་པར་ཡོང་མི་བྱ། །དེ་ནས་གཞན་ཡང་ཡུངས་ཀར་དག་།ཤིན་ཏུ་ངོ་མཚར་དང་ ལྡན་པ། །ཁྲོ་བོ་ཉིད་ཀྱི་ཇི་ལྟ་བར། །བསྒྲུབ་པའི་སྦྱོར་བ་གསུངས་པ་བཤད། །སི་ཏའི་ཤིང་ལས་གབ་ཚེ་ཡང ། །བཟང་པོ་སོར་ནི་བརྒྱད་པར་བྱ། །དེ་ཡི་ནང་དུ་ཡུངས་ཀར་དགང ། །དངོས་གྲུབ་མཆོག་ནི་དེར་བླུགས་ལ། །ཟླ་བ་གཟས་ནི་ཟིན་བར་དུ། །ཉི་མ་རེ་རེ་བཟླས་ བརྗོད་བྱ། །དཀྱིལ་འཁོར་ཆོ་ག་བཞིན་བྲིས་ནས། །གཏོར་མ་རྒྱ་ཆེན་དག་ཀྱང་བྱ། །གབ་ཙེ་ནང་གི་ཡུངས་ཀར་ཀུན། །སྒྲ་འབྱུང་བའམ་གས་ཀྱི་བར། །དེ་སྲིད་ཡུངས་ཀར་བཟླས་པར་བྱ། །དེ་ནས་ཡུངས་ཀར་གྲུབ་གྱུར་པ། །བླངས་ནས་གང་ཡང་རུང་བར་ནི། །ཆོ་ག་བཞིན་ དུ་སྦྱར་བྱས་ནས། །དེ་ཡིས་མི་ནུས་ཅི་ཡང་མེད། །དེས་ནི་ས་ཡང་འགས་པར་བྱེད། །ཆུ་ཀླུང་དག་ཀྱང་སྐམས་པར་བྱེད། །རི་མཐོ་རྣམ་པ་མང་པོ་དག་།ཕྱེ་མ་དག་ཏུ་རློག་པར་བྱེད། །དེ་བཞིན་རི་ཡི་རྩེ་མོ་ཡང ། །སྦྱར་ན་རབ་ཏུ་སྙིལ་བར་བྱེད། །ཁྲག་དང་སོལ་བའི་ཆར་དག་ཀྱང ། །
91-1-10a
འབེབ་པར་བྱེད་དེ་ཐེ་ཚོམ་མེད། །གནམ་ལྕགས་དང་ནི་སེར་བ་དག་།གློ་བུར་དག་ཏུ་འབབ་པར་བྱེད། །ས་གཡོ་བདག་སྤྲིན་བསྡུ་ལ། །རིག་པ་འཛིན་པས་སྦྱར་བྱས་ནས། །གློ་བུར་དུ་ཡང་ཐོགས་མེད་འགྱུར། །མཚོ་དང་རྒྱ་མཚོ་གཡོ་བ་དང ། །ཤིང་ རྣམས་རབ་ཏུ་ལྡེག་པ་དང ། །ས་ཡི་འོག་ཀྱང་གཡོ་བྱེད་ཀྱང ། །དེ་བཞིན་ཀླུ་རྣམས་བསྡིགས་པ་དང ། །མཚོ་ཆེན་དང་ནི་ལྡེང་ཀ་དང ། །ཀླུ་རྣམས་ཚར་གཅད་བྱ་བ་དང ། །གཞན་ཡང་གང་འདོད་བྱ་བ་ཡི། །ལས་ནི་རྣམ་པ་སྣ་ཚོགས་པ། །གསུངས་པ་དང་ནི་མ་གསུངས་པ། ། མཁས་པས་རང་བཞིན་བློས་བརྟགས་ལ། །ཡུངས་ཀར་གྲུབ་པས་གཏོར་ཙམ་གྱིས། །ཐོགས་པ་མེད་པར་བྱེད་པར་འགྱུར། །ཡུངས་ཀར་དངོས་གྲུབ་ཀུན་སྦྱིན་པའི། །སྒྲུབ་པ་དག་ནི་བསྒྲུབས་ཟིན་ཏོ། །དཔའ་བོའི་བརྟུལ་ཞུགས་སྤྱོད་པ་ཡིས། །དེ་དག་ལ་སོགས་སྣ་ཚོགས་དང ། ། སྔ་མ་བཞིན་དུ་སྣ་ཚོགས་དང ། །འབྲིང་རྣམས་ལ་སོགས་བསྒྲུབ་པར་བྱ། །ཁྲོ་བོ་མཆོག་གི་ཆོ་ག་འདི། །ལས་ནི་གང་དག་བཤད་པ་རྣམས། །དེ་དག་ཀུན་ལ་བརྟུལ་ཞུགས་ནི། །མེད་པར་བྱས་ན་འབྲས་བུ་མེད། །ཕྱག་རྒྱ་གཉིས་ཀྱི་ལས་རྣམས་ནི། །གང་དག་འདིར་ནི་ བཤད་པ་རྣམས། །བརྟུལ་ཞུགས་བྱེད་ནི་མ་ནུས་ན། །དེ་ལྟར་ཁྲོ་བོ་མཆོག་འདི་ལ། །སྔོན་བཞིན་མཆོད་པ་བྱེད་པ་དང ། །ཇི་སྐད་བཤད་ཟིན་བཟླས་བྱས་པས། །ལས་རྣམས་ཇི་སྐད་བསྟན་པ་དང ། །དངོས་གྲུབ་ཇི་སྐད་བསྟན་པ་ཐོབ། །རྟག་ཏུ་བདེ་གཤེགས་སེམས་ པ་དེས། །བརྟུལ་ཞུགས་རྟག་ཏུ་མི་རུང་ནའང ། །ཉིན་གཅིག་བཞིན་དུ་བཟླས་བརྗོད་ལ། །སྦྱོར་བས་འདོད་པས་དོན་རྣམས་འཐོབ། །དེ་ལྟར་བརྟུལ་ཞུགས་ཀྱིས་བསྒྲུབས་དང ། །སྒྲུབ་པ་སྣ་ཚོགས་ཆོ་ག་འདིར། །ཁྲོ་བོ་མཆོག་གིས་ཅི་གསུངས་པ། །མ་ལུས་ པར་ནི་བཤད་པ་ཡིན། །འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བ་ལས་ཁྲོ་བོ་གཤིན་རྗེའི་གཤེད་ཀྱི་རྩ་བའི་ཆོ་ག་ཞིབ་མོ་རིམ་པར་ཕྱེ་བ་སྟེ་བརྒྱད་པའོ།། །།དེ་ནས་ཆོ་ག་ཕྱི་མར་ནི། །ཇི་ལྟར་བརྟུལ་ཞུགས་མེད་ཀྱང་རུང ། །དེ་ཕྱིར་
91-1-10b
ཁྲོ་བོ་བདག་ཉིད་ཀྱིས། །གསུངས་པ་དེ་ཡི་ཆོ་ག་བརྗོད། །སྔགས་ནི་ཡི་གེ་བཅུ་བདུན་པོ། །ཁྲོ་བོ་ཞེས་ནི་གང་བརྗོད་པ། །དེ་ལ་ཐོག་མར་སྟོན་བཞིན་དུ། །རི་མོ་བྲིས་ལ་དེ་མདུན་དུ། །ཚུལ་བཞིན་དུ་ནི་མཆོད་པ་བྱ། །མཁས་པས་ཡང་ན་སྐུ་གཟུགས་ཀྱང ། །བྱེད་ དུ་བཅུག་སྟེ་དེ་འོག་ཏུ། །མཁས་པས་བརྒྱད་འབུམ་བཟླས་པར་བྱ། །དེ་ཡི་མཐའ་མར་དཀོན་མཆོག་ནི། །གསུམ་པོ་དག་ལ་མཆོད་ཆེན་བྱ། །དེ་ཡི་འོག་ཏུ་ཁྲོ་མཆོག་ནི། །ཇི་སྐད་གསུངས་བཞིན་མཆོད་པ་བྱ། །འོན་ཀྱང་གྲུབ་སྟེ་དེ་ཡི་ཚེ། །འབྱུང་པོའི་གདོན་དང་དུག་ རྣམས་དང ། །ཡིད་ལ་གང་དང་གང་འདོད་པ། །དེ་ཡིས་བསམ་པའི་ལས་ཀྱང་ནུས། །ནམ་ཡང་དངོས་གྲུབ་ཕྲན་ཚེགས་ལ། །དེ་ནི་སྦྱར་བར་མི་བྱའོ། །དུག་ལ་སོགས་ཏེ་གང་བརྗོད་པ། །ལས་ཀྱི་རྣམས་ནི་ཚིག་གིས་བྱ། །གཞན་དུ་ཡེངས་པའི་ཚིག་གིས་ཀྱང ། ། བདག་ཉིད་ཇི་ལྟར་འདོད་བཞིན་ནོ། །དེ་བཞིན་སེམས་ཅན་སྡང་རྣམས་ལ། །ཚར་གཅད་པ་དང་ཕན་འདོགས་ནུས། །གང་ཞིག་ནག་པོས་ཟིན་པ་ཡི། །ལས་རྣམས་ཀྱང་ནི་བྱེད་འགྱུར་ཏེ། །ཆུ་ཡི་ངེས་པར་གཏོར་བ་དང ། །ལྕག་གམ་ཡང་ན་རྐང་པ་ཡིས། །ཁྲོ་བོས་ ཇི་སྐད་གསུངས་པ་བཞིན། །ཐེ་ཚོམ་མེད་པར་སོས་པར་འགྱུར། །དེ་ལྟར་ཀུན་ཏུ་ཡིད་ཀྱིས་སམ། །ཡང་ན་ཚིག་གིས་བསྐུལ་བར་བྱ། །ཇི་ལྟར་ཁྲོས་པ་མེད་པར་ཡང ། །ཕྲན་ཚེགས་ལས་ནི་གྲུབ་འགྱུར་ཏེ། །དྲན་པ་ཙམ་ནི་འབའ་ཞིག་གིས། །བྱེད་པ་པོ་ཡི་ ལས་དེ་འགྲུབ། །དེ་ནས་སྣོད་ལ་དབབ་པ་ཡི། །ལས་གཞན་འདི་ནི་རབ་ཏུ་བྱ། །གཞོན་ནུ་མཚན་དང་ལྡན་འགྱུར་ཞིང ། །ཉེས་པའི་སྐྱོན་མེད་ཡན་ལག་ཚང ། །ཤིན་ཏུ་བཀྲུས་ཏེ་རྒྱན་གྱིས་བརྒྱན། །བ་ལས་བྱུང་བའི་ལྔ་ཡང་བླུད། །དེ་ཡི་འོག་ཏུ་སྨྱུང་བྱས་ཏེ། ། ནམ་ལངས་པ་དང་བཀྲུས་བྱས་ལ། །དྲི་ཞིམ་པ་ཡི་དྲིས་བྱུགས་ཤིང ། །གོས་རྣམས་དང་ནི་རྒྱན་གྱིས་བརྒྱན། །དེ་ལྟར་མཆོད་པ་བྱས་ནས་ནི། །ཤར་གྱི་ཕྱོགས་སུ་ཁ་བསྟན་ཏེ། །ཆོ་ག་བཞིན་དུ་ཀུ་ཤ་ཡི། །སྟན་ལ་བཞག་སྟེ་དེ་ནས་ནི། །དེ་ཡི་ལག་པ་གཉིས་ཀར་
91-1-11a
ཡང ། །ཙནྡན་གཏོར་མའི་མེ་ཏོག་སྦྱིན། ། ཀར་ནག་པོའི་བདུག་པ་སྦྱིན། །དེས་ནི་མྱུར་དུ་སྔགས་བརྗོད་དེ། །སྒྲུབ་པ་ཆོ་ག་འདི་ཡིས་ནི། །སྣོད་ལ་དབབ་པའི་ལས་བྱའོ། །སྣོད་ལ་དབབ་འགྱུར་དེ་ཡིས་ནི། །དགེ་དང་མི་དགེ་དྲི་བར་བྱ། །དེ་ནས་བྱུང་ དང་འབྱུང་བ་དང ། །བྱུང་བ་གང་ཡིན་བདེན་པར་སྨྲ། །སེམས་ཅན་ཆེན་པོ་འདི་གྱིས་ལ། །འདི་ནི་མིན་ཞེས་ཟློག་པར་བྱེད། །རིག་སྔགས་ཆད་དམ་ལྷག་པ་དག་།སྔགས་ཀྱང་འདིར་ནི་ཚང་བར་བྱེད། །དེ་ནས་ཁྲོ་བོ་མཆོག་དེ་ལ། །མེ་ཏོག་ལྡན་པའི་མཆོད་ཡོན་དབུལ། ། དེ་ནས་བདེ་བཤེགས་བསྟན་པ་ཡིས། །དམ་ཚིག་དག་ཀྱང་བསྟན་པར་བྱ། །སྣོད་ཀྱིས་ཐོས་ནས་དེ་ནས་སུ། །བཏང་ནས་དེ་ནི་ས་ལ་འགྱེལ། །རིག་པ་ཁྲོ་བོ་གཤིན་རྗེའི་གཤེད། །གྲུབ་པར་དེ་ནས་བཞུད་པར་འགྱུར། །དེ་ནས་སྣོད་ནི་བླངས་ནས་སུ། །ཕྱིས་ཀྱང་རབ་ཏུ་ ཁྲུས་བྱས་ཏེ། །ཟན་ཟར་བཅུག་ལ་ཟོས་ནས་ཀྱང ། །མཆོད་པ་བྱས་ཏེ་སླར་གཏང་ངོ ། །ཇི་སྐད་གསུངས་པའི་ལས་རྣམས་ཀྱིས། །སྣོད་ལ་དབབ་པར་བྱས་ནས་ནི། །དེ་ནས་ཆོ་ག་ཕྱི་མ་ཡི། །ཆོ་ག་ལས་གསུངས་ལས་རྣམས་བྱ། །དེ་ནས་གལ་ཏེ་སྔགས་པ་ནི། །རྒྱལ་ པོ་དབང་དུ་བྱེད་འདོད་ན། །དེ་ཚེ་རི་མོ་སྤྱན་སྔ་རུ། །དུར་ཁྲོད་ཐལ་བས་གཟུགས་བྲིས་ཏེ། །དེ་ཡི་སྙིང་གར་འདུག་ནས་སུ། །རྩེ་གཅིག་ཡིད་ཀྱིས་ཁྲི་བཟླས་ཏེ། །ཆེ་གེ་མོ་ཞིག་དབང་འགྱུར་ནས། །དེ་ཡི་མིང་ནི་སྔ་མ་བཞིན། །ཁྲོ་སྔགས་ཇི་སྐད་གསུངས་པའི་མཐར། ། སྦྱར་ཏེ་མཇུག་ཏུ་སཝཱ་ཧཱ་བརྗོད། །ཁྲོ་བོས་དབང་དུ་བྱ་བའི་ཕྱིར། །སྦྱོར་བ་རྟག་ཏུ་བཤད་པ་ཡིན། །དེ་ནས་རྒྱལ་པོ་དབང་གྱུར་ནས། །མཛའ་སྡུག་སྐྱེ་བོ་བཏང་ནས་སུ། །བདག་ཉིད་དང་ནི་ནོར་དག་གིས། །ངེས་པར་བྲན་བཞིན་ལེགས་པར་བྱེད། །དེ་བཞིན་བཟླས་པ་ཁྲི་ བྱས་ན། །བྲམ་ཟེ་དག་ཀྱང་དབང་དུ་འགྱུར། །རྗེའུ་རིགས་དམངས་རིགས་མ་ལུས་པར། །དྲུག་སྟོང་དག་གིས་ངེས་པར་འགྱུར། །བུད་མེད་རྣམས་དང་བུ་མོ་ལ། །ཁྲི་དག་ཏུ་ནི་བཟླས་པ་བྱ། །དེ་ནས་ཕན་ཚུན་མཛའ་བོ་གཉིས། །དབྱེ་བར་བྱ་བར་འདོད་ན་ནི། །དེ་ནས་
91-1-11b
གཅིག་གིས་གཟུགས་བརྙན་ནི། །དེ་བཞིན་བྲིས་ནས་སྙིང་ག་རུ། །རྐང་པ་གཅིག་བཞག་ཙོག་པུར་འདུག་།དེ་ཡི་མིང་ནི་མཐར་སྦྱར་ནས། །ཁྲོ་བོ་གཤིན་རྗེའི་གཤེད་བཟླས་པ། །ཆེ་གེ་མོ་ཞིག་མྱུར་བར་རུ། །འདི་དང་དབྱེ་འགྱུར་ཕཊ་ཅེས་བྱ། །དེ་ལྟར་དབྱེ་བ་བྱ་འདི་ ལ། །སྟོང་ཕྲག་བཅུར་ནི་བཟླས་པ་བྱ། །དེ་ནས་སེམས་ཅན་རབ་འདུག་པར། །ཤེས་ནས་ལེགས་པར་གདུལ་བྱ་ན། །དཀོན་མཆོག་གསུམ་ལ་གནོད་བྱེད་ལ། །ཁྲོ་བོས་བྱ་ཡི་གཞན་དུ་མིན། །དགྲ་བོའི་གཟུགས་བརྙན་མིང་སྨོས་ནས། །དུར་ཁྲོད་ཐལ་བས་བྲིས་ ནས་སུ། །དེ་ནས་སེང་ལྡེང་ཕུར་བུ་ལ། །བརྒྱ་རྩ་བརྒྱད་དུ་བཟླས་བྱས་ཏེ། །དེ་ཡི་སྙིང་གར་བཏགས་ནས་སུ། །དེ་ཡི་འོག་ཏུ་ཁྲི་བཟླས་སོ། །དེ་ནས་ཁྲོ་བོ་གཤིན་རྗེའི་གཤེད། །སྔགས་ཀྱི་ཐ་མར་མིང་བཅུག་སྟེ། །ཆེ་གེ་མོ་ཞིག་སོད་ཅིག་ཅེས། །ཧཱུཾ་དང་ཕཊ་ ཀྱིས་མཐའ་བརྟེན་ཏེ། །ཁྲི་དག་ཡོངས་སུ་ཚང་བར་ནི། །གལ་ཏེ་དེ་ལྟར་བཟླས་བྱས་ན། །ལས་དེ་ཡིས་ནི་འཆི་འགྱུར་ཏེ། །འདི་ལ་རྣམ་པར་དཔྱད་མི་དགོས། །རྟག་ཏུ་བདེ་གཤེགས་བསམ་བྱ་ཡི། །ངན་པའི་སེམས་ཀྱིས་ཡོང་མི་བྱ། །དེ་ཡི་སྙིང་ལས་སྡུག་བསྔལ་དག་། བསྐྱེད་ནས་འདག་པ་མ་གཏོགས་སོ། །ཞི་བདག་གི་ཆོ་ག་ཡི། །དེ་ནས་ཞི་བ་དགེ་བར་བྱ། །ཅི་ལྟར་ཇི་སྐད་གསུངས་པ་ཡི། །མངོན་པར་སྤྱོད་པ་ཡོང་མི་བྱ། །སེམས་ཅན་རྣམས་ལ་བརྩེ་བའི་ཕྱིར། །བདེ་གཤེགས་བསམ་པས་བྱ་བར་བསྟན། །དེ་བཞིན་གཤེགས་པ་ ཅི་གསུངས་པའི། །དེ་བཞིན་དངོས་གྲུབ་ཐོགས་མེད་པའི། །དངོས་གྲུབ་འདོད་པས་ཐོབ་འདོད་ན། །དེ་ལྟར་ཁྲོ་བོ་སེམས་མི་བྱ། །བདེ་གཤེགས་བསམ་པ་གང་མེད་པ། །དེ་ནས་དངོས་གྲུབ་ཉམས་པར་འགྱུར། །མདོར་ན་བྱང་ཆུབ་སེམས་མེད་པ། །འཇམ་དཔལ་ཁྲོ་ བོ་གཙོ་བོ་ཡིས། །བརྟུལ་ཞུགས་བཟླས་པ་དང་བཅས་པ། །རྟོག་ལས་ཆོ་ག་བཞིན་གསུངས་པའི། །དངོས་གྲུབ་མཆོག་ནི་ཉམས་པར་འགྱུར། །གང་ཞིག་བདེ་གཤེགས་བསམ་ལྡན་ནས། །བརྟུལ་ཞུགས་བཟང་པོ་མེད་པ་དང ། །དེ་བཞིན་གཟུགས་ལ་སོགས་
91-1-12a
མེད་ཀྱང ། །དངོས་གྲུབ་མཆོག་རྣམས་དེས་ཐོབ་ཅིང ། །ཉོན་མོངས་མེད་པར་ཅི་འདོད་པར། །འདོད་པ་ཐམས་ཅད་རྙེད་པར་འགྱུར། །གང་ཞིག་བདེ་གཤེགས་བསམ་ལྡན་ཞིང ། །བློ་ནི་མ་རྨོངས་བརྟན་པ་ཡིས། །སྲིད་པ་ཉོན་མོངས་བགྲོད་དཀའ་རྒོལ། ། དེ་བཞིན་གཤེགས་པ་ཐམས་ཅད་ལ། །ཕྱག་བྱས་ནས་ནི་དངོས་གྲུབ་མཆོག་།བདེ་གཤེགས་བསམ་པ་ལྡན་པས་འཐོབ། །དེ་ལྟར་ཤེས་ནས་དེ་ཡི་ཚེ། །བདེ་གཤེགས་ལམ་མཆོག་བསྟན་པར་བྱ། །ཉོན་མོངས་སྡུག་བསྔལ་འཇིག་འགྱུར་བ། །འཇིག་རྟེན་ལྷ་ནི་ཡོང་མི་བསྙེན། ། དེ་ལྟར་སེམས་ཅན་གདུག་འདུལ་བའི། །ལས་རྣམས་ཇི་སྐད་གསུངས་པ་ཡང ། །དཀོན་མཆོག་གསུམ་ནི་བསྲུང་ཕྱིར་གྱི། །གཞན་དུ་གར་ཡང་ཡོང་མི་སྦྱར། །དེ་ནས་གཞན་ཡང་བསྐྲད་པའི་ལས། །འདི་དག་གར་ཡང་རུང་བར་ནི། །དེ་བཞིན་བྱེད་པར་འདོད་པ་ལ། །དེ་ བཞིན་བར་ནི་བཤད་པར་བྱ། །དེ་བཞིན་དུར་ཁྲོད་ཐལ་བ་ཡིས། །མཁས་པས་དགྲ་ཡི་གཟུགས་བརྙན་བྲི། །དེ་སྟེ་རྐང་གཉིས་འདུག་ནས་སུ། །འཇམ་དཔལ་ཁྲོ་བོའི་སྤྱན་སྔར་ནི། །ཆེ་གེ་མོ་ཞིག་སྐྲོད་ཅིག་ཅེས། །དེ་ཡི་མིང་ནི་མཐར་སྦྱར་ནས། །དེ་བཞིན་ཧཱུཾ་དང་ཕཊ་དག་ དང ། །ཧཱུཾ་ཡང་བརྗོད་དེ་ཁྲི་བཟླས་ན། །གདོན་མི་ཟ་བར་བསྐྲད་པར་འགྱུར། །ཡང་ན་ཐལ་བ་དེ་ཉིད་ཀྱིས། །དགྲ་ཡི་གཟུགས་བརྙན་བྲི་ནས་ནི། །དེ་ཡི་སྙིང་གར་རྐང་གཡོན་གྱིས། །གདོན་མི་ཟ་བར་བརྫིས་ནས་སུ། །ཉི་མ་ལ་ནི་ཁ་བལྟས་ནས། །གཤིན་རྗེའི་གཤེད་ པོ་བཟླས་ན་ནི། །སྐད་ཅིག་གིས་ནི་དགྲ་བོ་དེ། །རབ་ཏུ་ཚ་བའི་ནད་ཀྱིས་འདེབས། །དེ་ནས་ཞི་བའི་ཆོ་ག་ཡིས། །བདག་ཉིད་ཀྱིས་ནི་ཞི་བར་བྱ། །དེ་ལྟར་མ་བྱས་ཞག་བདུན་གྱིས། །གདོན་མི་ཟ་བར་འཆི་བར་འགྱུར། །དེ་ལ་སོགས་པའི་ལས་རྣམས་ནི། །བདེ་གཤེགས་ སེམས་པས་ཡོང་མི་བྱ། །སེམས་ཅན་རྣམས་ནི་ཐམས་ཅད་ལ། །ཞི་བ་དང་ནི་རྒྱས་པ་བྱ། །བྱང་ཆུབ་སེམས་ཀྱི་བདག་ཉིད་ཅན། །རིང་པོར་མི་ཐོགས་འགྲུབ་པར་འགྱུར། །དེ་ནས་སེམས་ཅན་ཐམས་ཅད་ནི། །བདེ་ཕྱིར་ཞི་བའི་ལས་རྣམས་དང ། །དེ་བཞིན་དུ་ནི་རྒྱས་པའི་
91-1-12b
ལས། །ཇི་སྐད་གསུངས་པ་བཤད་པར་བྱ། །མཆོད་རྟེན་དག་གམ་དཀྱིལ་འཁོར་དུ། །དེ་བཞིན་གཤེགས་པའི་མཆོད་པ་བྱ། །དཀོན་མཆོག་གསུམ་པོ་དག་ལ་ནི། །ཡང་དང་ཡང་དུ་ཕྱག་ཀྱང་བྱ། །ཉིན་པར་དང་ནི་མཚན་མོ་ཡང ། །དགེ་བ་གང་དག་ཅི་བསགས་པ། ། དཀོན་མཆོག་གསུམ་ལ་དེ་བརྟེན་ནས། །བདེ་བར་གཤེགས་པའི་བསམ་པས་བྱ། །འདི་ཡིས་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་སྡུག་བསྔལ་བདེར་གྱུར་ཅིག་།དེ་ཡིས་དངོས་གྲུབ་ཅུང་ཟད་གང ། །ཕྲ་མོ་དག་ཀྱང་འཐོབ་གྱུར་པ། །རྟག་ཏུ་སེམས་ཅན་རྣམས་ལ་ནི། ། མཁས་པ་དག་གིས་ཕན་པར་བྱ། །མཁས་པས་མཆོད་རྟེན་ལས་བྱ་ཞིང ། །དེ་བཞིན་དམ་པའི་ཆོས་ཀྱང་བཀླག་།དགེ་བ་ཅུང་ཟད་གཞན་དག་ཀྱང ། །ཆུང་ངུ་ཟིན་ཀྱང་འདི་ཉིད་ལ། །དངོས་གྲུབ་མཆོག་ནི་ཐོབ་འདོད་པས། །རྟག་ཏུ་སེམས་ཅན་རྣམས་ལ་བསྔོ། །དེ་ལྟར་འདི་ནི་བྱང་ཆུབ་ སེམས། །ཆོས་ཀྱི་དོན་དུ་ཡུལ་དུ་འགྱུར། །བྱང་ཆུབ་སེམས་དཔའ་ཉེར་བསྙེན་པའི། །མཚན་ཉིད་རྣམས་ཀྱང་རབ་ཏུ་བསྟན། །དེ་ལྟར་བློ་གྲོས་བརྟན་བྱས་ནས། །དགེ་བ་དག་ནི་སྤེལ་བར་བྱ། །དགེ་བ་དག་ཀྱང་སྤེལ་ནས་སུ། །སེམས་ཅན་རྣམས་ལ་ཡོངས་སུ་བསྔོ། །སྔགས་ པ་བདེ་གཤེགས་སེམས་ལྡན་གང ། །དེ་ལྟ་བུར་ནི་རྟག་པ་རུ། །སེམས་ཅན་རྣམས་ལ་ཕན་བྱས་ནས། །ཞི་བ་དག་དང་རྒྱས་པ་འཕེལ། །ཐོག་མར་དཀོན་མཆོག་གསུམ་པོ་ལ། །མཆོད་པ་སྣ་ཚོགས་བྱས་ནས་སུ། །དེ་ཡི་འོག་ཏུ་ཁྲོ་བོ་མཆོག་།གཤིན་རྗེ་གཤེད་ལ་མེ་ཏོག་ ནི། །དཀར་པོ་མཆོག་གིས་མཆོད་པ་བྱ། །མཆོད་པ་བྱས་ནས་འདི་དག་ཏུ། །ཆོ་ག་བཞིན་དུ་བཟླས་པ་བྱ། །བདེ་ཞིང་སྟན་ལ་བདེར་འདུག་ལ། །རབ་ཏུ་དང་ཞིང་བདེ་གཤེགས་སེམས། །དེ་ཡི་མིང་སྨོས་ཞི་འགྱུར་ཞེས། །ཁྲོ་བོའི་ཚིག་གིས་མཐར་སྦྱར་ཏེ། །གཽ་ཥཊ་དག་ ཀྱང་ཐ་མར་སྦྱར། །གང་ཡང་རུང་བ་ཞིག་ལ་ནི། །དེ་ལྟར་སྟོང་དུ་བཟླས་པ་བྱ། །ཡུལ་དང་ཡུལ་གྱི་ཕྱོགས་རྣམས་དང ། །རྒྱལ་པོ་དག་ལ་ཉིས་འགྱུར་བྱ། །རྟ་རྣམས་དང་ནི་གླང་པོ་དང ། །བ་ལང་དག་ལ་སྟོང་དུ་བཟླས། །ར་ལུག་དང་ནི་མ་ཧེ་ལ། །རྟག་པར་སྟོང་དུ་
91-1-13a
བཟླས་པར་གསུངས། །ཡང་ན་ལུས་ཅན་ཐམས་ཅད་ལ། །བཟླས་པ་དག་ནི་བྱས་ནས་ཀྱང ། །བྱང་ཆུབ་སེམས་དང་ལྡན་པ་ཡི། །ཞི་བའི་མཆོག་ཏུ་ངེས་པར་འགྱུར། །དེ་བཞིན་དུ་ཡང་རྒྱས་གྱུར་པ། །ཁྱད་པར་དུ་ནི་མེ་ཏོག་མཆོག་།དཀར་པོ་ཙནྡན་གྱིས་ བསྐུས་པ། །བཟླས་ཤིང་བཟླས་པའི་ཆོ་ག་བཞིན། །འཇམ་དཔལ་ཁྲོ་བོའི་སྤྱན་སྔར་ནི། །འོ་མས་གང་བའི་སྣོད་དུ་དབུལ། །སྟོང་གིས་རབ་ཏུ་རྒྱས་པར་འགྱུར། །སྙིང་ལ་རབ་ཏུ་དགའ་འགྱུར་བའི། །རྒྱས་པ་དེ་དག་བྱ་འདོད་ན། །གང་ཡང་རུང་བ་དེ་ཡི་མིང ། །ཆོ་ག་ བཞིན་དུ་ཐ་མར་སྦྱར། །མཁས་པས་རྒྱས་པར་གྱུར་ཅིག་ཅེས། །དེ་མཐར་བཤད་པ་སྦྱར་ནས་སུ། །མེ་ཏོག་ཡིད་དུ་འོང་བ་རྣམས། །འོ་མར་བླུགས་པས་རྒྱས་པར་བྱ། །དེ་ནས་གཞན་ཡང་དཔལ་འདོད་པ། །དེར་ཡང་སྔ་མ་བཞིན་དུ་ནི། །ཙནྡན་དཀར་པོས་བསྐུས་པ་ཡི། །མེ་ ཏོག་ཡིད་དུ་འོང་བས་མཆོད། ། ཀར་ནག་པོ་བཟང་པོ་ཡི། །བདུག་པ་དག་ཀྱང་སྔགས་ཀྱིས་དབུལ། །ཉིན་རེ་དེ་ལྟར་བྱས་ནས་སུ། །ཆོ་ག་བཞིན་དུ་བཟླས་པ་བྱ། །དཔལ་ནི་བདག་ལ་སྩོལ་ཅིག་ཅེས། །མཐའ་མ་དག་ཏུ་སྦྱར་ནས་སུ། །དེ་ནས་ན་མཿ སཝཱ་ཧཱར་ལྡན། ། ཆོ་ག་སྔོན་བཞིན་ཁྲི་བཟླས་ཏེ། །དེ་ནས་རྒྱ་མཚོ་རབ་འགྲོ་བའི། །ཀླུང་གི་འགྲམ་དུ་སོང་ནས་ནི། །ལྟེ་བ་ནུབ་པར་ཆུར་འདུག་ནས། །མེ་ཏོག་པུཎྜ་རཱི་ཀ་ནི། །ཙནྡན་དཀར་པོས་བསྐུས་ནས་ནི། །བཟླས་ཤིང་བཟླས་ཤིང་ཆུར་འབུལ་བ། །བློ་དང་ལྡན་པས་འབུལ་བྱས་ན། །དེ་ ཡི་མཇུག་ཏུ་དཔལ་ཆེན་འཐོབ། །ཡང་ན་པདྨ་དམར་པོ་ནི། །ཙནྡན་དམར་པོས་བསྐུས་ནས་ནི། །གལ་ཏེ་དེ་རུ་ཕུལ་ན་ནི། །དེ་ནས་དེ་ཡི་མཐའ་མ་རུ། །ལས་འདི་དག་གིས་ངེས་པར་ནི། །མི་ཟད་པ་ཡི་གཏེར་ཐོབ་འགྱུར། ། ཏི་མུཀྟའི་མེ་ཏོག་རྣམས། །བཟླས་ཤིང་ བཟླས་ཤིང་སྔ་མ་བཞིན། །གལ་ཏེ་ཆིག་འབུམ་ཕུལ་ན་ནི། །ཆོ་གས་གསུངས་པ་བཞིན་གནས་པའི། །སྔགས་པས་ངེས་པར་དེ་མཐར་ནི། །འདི་ནོར་འབུམ་ནི་ཐོབ་པར་འགྱུར། །འདི་ལ་རྣམ་པར་དཔྱད་མི་བྱ། །དེ་སྟེ་དེ་ཡི་སྔ་མ་བཞིན། །སུམ་འབུམ་དབུལ་བར་བྱས་ན་
91-1-13b
ནི། །གདོན་མི་ཟ་བར་གནོད་སྦྱིན་མ། །དེ་ཡི་དབང་དུ་འདི་འགྱུར་རོ། །ཆོ་ག་འདི་ཡིས་སྒྲུབ་པ་པོ། །རིན་ཆེན་དག་ཀྱང་ཐོབ་པར་འགྱུར། །དེ་སྟེ་སྔགས་པས་སྔ་མ་བཞིན། །མེ་ཏོག་སྣ་ཚོགས་མང་པོ་ནི། །ཙནྡན་དག་གིས་བསྐུས་པ་རྣམས། །དེ་ནས་སྔགས་པས་ཆིག་འབུམ་དུ། ། ཆུ་ཡི་ནང་དུ་ཕུལ་ན་ནི། །ས་ཡི་སྟེང་ན་འདོད་པ་འཐོབ། །ཡང་ན་པདྨོ་དཀར་པོ་ནི། །མངར་གསུམ་དག་གིས་བསྐུས་པ་རྣམས། །མེ་འབར་ནང་དུ་ལེགས་བསྲེགས་ན། །དེ་ཡིས་དཔའ་བོ་མངོན་སུམ་མཐོང ། །དེ་ཡི་དེ་ལ་འདོད་མཆོག་དང ། །ནོར་དག་ཀྱང་ནི་རྙེད་པར་འགྱུར། ། བློ་དང་ལྡན་པ་ཟས་ཀྱི་མཆོག་།མར་དང་སྦྲང་རྩི་སྦྱར་བ་དག་།ཞག་བདུན་དུ་ནི་གཟར་བུ་ཡིས། །དེ་ཡི་དེ་ལ་འདོད་མཆོག་དང ། །ནོར་དག་ཀྱང་ནི་རྙེད་པར་འགྱུར། །འབར་བའི་མེ་ལ་བསྲེགས་ནས་སུ། །ཡུལ་གྲུ་བདུན་རྣམས་རབ་ཏུ་འཐོབ། །འདི་ལ་རྣམ་པར་དཔྱད་མི་ དགོས། །ཡང་ན་འབྲུ་རྣམས་ཐམས་ཅད་ཀྱིས། །སྦྱིན་སྲེག་དོན་རྣམས་ཐམས་ཅད་སྒྲུབ། །སྦྱིན་སྲེག་ཆིག་འབུམ་བྱས་པ་ཡིས། །དེ་དག་ཉིད་ནི་མི་ཟད་འགྱུར། །བིལ་བ་མར་གྱིས་བསྐུས་པ་འབུམ། །མེ་ནི་རབ་ཏུ་འབར་བ་ལ། །བསྲེགས་ནས་ས་ཡི་བདག་པོ་ལ། །ནོར་ བཅས་དག་ནི་ཐོབ་པར་འགྱུར། །དུར་བའི་འཇག་མ་མ་གྲུག་པ། །ན་མཿ སཝཱ་ཧཱ་མཐར་ལྡན་པས། །འོ་མ་ལས་བསྙུགས་བསྲེག་ན་ནི། །མི་ཡི་ཚེ་ནི་རིང་བར་འགྱུར། །དེ་བཞིན་མར་དང་སྦྲང་རྩི་དག་།འབར་བའི་མེ་ལ་རྟག་ཏུ་བསྲེག་།གདོན་མི་ཟ་བར་མྱུར་བ་རུ། །ཡིད་ གཞུངས་པར་ཡང་ཐོབ་པར་འགྱུར། །རྒྱ་སྐྱེགས་ཤིང་གི་མེ་དག་ལ། །དེ་བཞིན་ཉིན་རེ་མར་གྱི་ཧོམ། །བྱས་ན་ཚེ་དང་ཡིད་གཞུངས་གྲགས། །རྒྱས་དང་སྟོབས་དང་གཟི་བརྗིད་དང ། །དྲན་དང་དགའ་དང་མདངས་བཟང་དང ། །དཔལ་དང་སེམས་དཔའི་དངོས་གྲུབ་དག་།འཐོབ་པར་ འགྱུར་བ་གདོན་མི་ཟ། །དེ་བཞིན་ཟས་རྣམས་ཀུན་བསྲེགས་པས། །གཟི་དང་རྒྱས་དང་སྟོབས་དང་གྲགས། །འདོད་པ་ཐམས་ཅད་ཕུན་སུམ་ཚོགས། །ཐོབ་པར་འགྱུར་བར་གདོན་མི་ཟ། །ཅི་ལྟར་ཆོ་ག་ཕྱི་མ་ལས། །ཕལ་ཆེར་འཇམ་དབྱངས་ཁྲོ་བོ་ཡི། །པདྨའི་ཞལ་ནས་ངེས་འབྱུང་
91-1-14a
བ། །དེ་དག་མདོར་བསྡུས་བཤད་པ་ཡིན། །འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་གཤིན་རྗེའི་གཤེད་རྣམ་པར་རྒྱལ་བའི་ཆོ་ག་ཞིབ་མོ་ཀུན་གྱི་ཕྱི་མ་ལས་འཕགས་པ་འཇམ་དཔལ་གྱི་ཁྲོ་བོའི་ཆོ་ག་ཞིབ་མོ་ཕྱི་མ་རིམ་པར་ཕྱེ་བ་སྟེ་དགུ་པ་ རྟོག་པ་ཕྱི་མ་རྫོགས་སོ།། །།དེ་ནས་ཆོ་ག་ཐམས་ཅད་ཀྱི། །ཕྱི་མའི་ཕྱི་མ་ཞེས་བྱ་བ། །སྦྱོར་བར་བཅས་ཤིང་རྒྱས་པ་ཡི། །ཆོ་ག་ད་ནི་བཤད་པར་བྱ། །ཡི་གེ་བཅུ་བདུན་སྔགས་ཀྱིས་ནི། །དཔའ་བོ་བརྟུལ་ཞུགས་བཟང་པོ་དང ། །དེ་བཞིན་སྔོན་དུ་བསྙེན་ ལ་སོགས། །ཆོ་ག་དག་ནི་འདིར་བཤད་ཟིན། །ད་ནི་ཡི་གེ་འབྲུ་གཅིག་པ། །སྔགས་མཆོག་དག་ནི་གང་གསུངས་པ། །དེ་ཡི་ལས་ཀྱི་ཆོ་ག་བཤད། །དཔའ་བོ་བརྟུལ་ཞུགས་མེད་པར་ཡང ། །འཇམ་པའི་དབྱངས་ཀྱི་ཁྲོ་བོ་གང ། །མིང་ནི་གཤིན་རྗེའི་གཤེད་ཅེས་བྱ། ། དེ་ཡི་སྙིང་པོ་མཆོག་དེ་ནི། །ཧཱུཾ་ཞེས་བྱ་བའི་ཡི་གེ་གཅིག་།ཐོག་མར་ཨོཾ་བཞག་ཆོ་ག་བཞིན། །རི་མོའི་སྤྱན་སྔར་འདུག་ནས་སུ། །འདི་ནི་འབུམ་ཕྲག་བཅུར་བཟླས་ན། །དེ་ཡི་འོག་ཏུ་སྒྲུབ་ལ་འཇུག་།དེ་ནས་དེ་ཡི་རི་མོ་མཆོག་།དོན་རྣམས་ཐམས་ཅད་སྒྲུབ་པ་ གཞན། །གང་གིས་དངོས་གྲུབ་རབ་ཐོབ་པ། །ཚུལ་བཞིན་དུ་ནི་རབ་ཏུ་བཤད། །རས་ནི་སར་པ་ཁྲུ་གང་ཙམ། །ལེགས་པར་བཀྲུས་ཤིང་དྲིས་བསྐུས་ལ། །ཚོན་རྩི་བཟང་པོ་སྦྱིན་མེད་པས། །ཁྲོ་བོ་གཤིན་རྗེའི་གཤེད་བྲི་བྱ། །ཞལ་ནི་བགྲད་ཅིང་འཇིགས་པའི་གཟུགས། ། སྨིན་མ་སེར་ཞིང་སྤུ་ཡང་སེར། །ཆར་སྤྲིན་ནག་པོའི་ཁ་དོག་འདྲ། །ཐོད་པ་དག་གིས་བརྒྱན་དུ་བྱས། །སྤྱན་གསུམ་དབུ་ཡང་གྱེན་དུ་བརྫེས། །ཞལ་གཅིག་པ་ལ་མདངས་ཀྱང་གསལ། །ཕྱག་གཉིས་པ་ལ་བེ་ཅོན་བསྣམས། །ཕྱག་གཡོན་པས་ནི་བསྡིགས་པར་ མཛད། །ཞབས་ཀྱང་རབ་ཏུ་བཟང་པོ་གཉིས། །མ་ཧེ་ལ་ནི་ཆིབས་པར་བྱ། །སྟག་ལྤགས་ན་བཟའ་མན་བས་པར་དགྱེས། །འཁྲུགས་ཅིང་འཇིགས་པའི་གསུང་ཡང་འབྱིན། །ཡན་ལག་ཐམས་ཅད་ཡོངས་རྫོགས་པ། །འོད་ཟེར་འབར་བ་བཅས་པའི་སྐུ། །དེ་ནས་
91-1-14b
དེ་ལ་མཁས་པ་ཡིས། །མཆོད་པ་ཡན་ལག་མཆོག་གིས་མཆོད། །སྔགས་པ་བརྟུལ་ཞུགས་བརྟན་པ་ནི། །དེ་ཡི་འོག་ཏུ་བྲག་ཕུག་ཞུགས། །རི་མོའི་སྤྱན་སྔར་འདུག་ནས་སུ། །ཁ་ཟས་ཟ་བ་དག་སྤངས་ནས། །རི་དབང་དེ་ནི་ཇི་ཙམ་དུ། །གཡོ་བར་འགྱུར་གྱི་བར་དུ་ བཟླས། །ཡང་ན་ཁྲོ་བོ་གཤིན་རྗེའི་གཤེད། །བཞད་དམ་གཡོས་ཀྱི་བར་དུ་བཟླས། །ཡང་ན་རབ་ཏུ་འབར་གྱི་བར། །བཟླས་ན་དེ་ཚེ་དངོས་གྲུབ་འཐོབ། །དེ་ལྟར་ལྷ་ནི་བཟླས་པ་ཡིས། །དངོས་གྲུབ་ཡ་མཚན་དེ་བཞིན་ནོ། །དེ་ནས་རིག་འཛིན་དཔལ་དང་ལྡན། །གྲུབ་ པར་འདོད་རྣམས་ཀུན་བསྒྲུབས་པ། །ཅི་བསམས་པ་ནི་དེ་དག་ཀུན། །རིང་པོར་མི་ཐོགས་འབྱོར་པར་འགྱུར། །ཁྲོས་ནས་ཡང་འགས་པར་འགྱུར། །ཆུ་དག་ཀྱང་ནི་སྐམ་པར་འགྱུར། །རི་རྣམས་ཐམས་ཅད་བརྙིལ་བར་ནུས། །རྒྱ་མཚོ་དག་ཀྱང་སྐེམས་པར་བྱེད། ། དེ་ལ་སོགས་པའི་ལས་རྣམས་ནི། །ཡ་མཚན་ཆེན་པོ་ཐམས་ཅད་དང ། །སེམས་ཅན་རྣམས་ནི་ཐམས་ཅད་ལ། །ཕན་པ་རྣམ་པ་སྣ་ཚོགས་བྱེད། །ཆོ་ག་སྔ་མ་གསུངས་པ་ཀུན། །ཆོ་ག་སྔ་མ་བཞིན་དུ་བསྒྲུབ། །བསྒྲུབས་ནས་སེམས་ཅན་ཐམས་ཅད་ལ། །འབྲས་བུ་མཆོག་ རྣམས་སྦྱིན་པར་བྱ། །གྲུབ་པའི་མཐུ་ནི་གང་ཡོད་པ། །བདེ་གཤེགས་བསམ་ན་དེ་དག་ཀུན། །འཇུངས་པ་མེད་པའི་བསམ་པ་ཡིས། །སྐྱེ་བོ་ཕོངས་པ་རྣམས་ལ་སྦྱིན། །སྙིང་རྗེ་ཅན་གྱིས་བདག་གི་ལུས། །ཕོངས་པ་དག་ལ་རྟག་ཏུ་སྦྱིན། །དེ་ལྟར་སྦྱིན་པའི་ཕ་རོལ་ཕྱིན། །དྲི་མ་ མེད་པར་བསྒྲུབས་ནས་སུ། །དགེ་བ་འདི་ཡིས་སེམས་ཅན་ཀུན། །བདེ་བར་གཤེགས་ལྡན་དགེ་བར་འགྱུར། །བདེ་བ་ཐམས་ཅད་ཡོངས་རྫོགས་ཤིང ། །དགེ་བ་ཀུན་ཀྱི་སྣོད་གྱུར་ཅེས། །ཡིད་ཀྱིས་ཡོངས་སུ་བསྔོ་བར་བྱ། །གང་ཞིག་དེ་ལྟར་སྔགས་བསྒྲུབས་ཀྱང ། །དྲི་མ་མེད་ པའི་བྱང་ཆུབ་སེམས། །བདེ་བ་རྟག་ཏུ་སྤྱོད་པ་དེ། །དངོས་གྲུབ་རྟོག་ལས་གང་གསུངས་པ། །དེ་བཞིན་གཤེགས་པའི་ཞལ་ནས་བྱུང ། །ཐམས་ཅད་དེ་ལ་ཉེ་བར་གནས། །སྒྲུབ་པ་པོ་དེ་རྫུ་འཕྲུལ་གྱིས། །ཡོན་ཏན་ཀུན་དང་ལྡན་པར་འགྱུར། །དེ་ལྟར་འཇམ་དཔལ་ཁྲོ་བོ་ཡི། །
91-1-15a
ཞལ་ནས་གསུངས་པའི་ཆོ་ག་ནི། །ཁྲོ་བོ་རྣམ་རྒྱལ་རྒྱ་ཆེར་བསྟན། །ཆོ་ག་ཐམས་ཅད་བསྡུས་པའོ། །འཇམ་དཔལ་གྱི་ཆོ་ག་ཞིབ་མོ་ཁྲོ་བོ་ཐམས་ཅད་རྣམ་པར་རྒྱལ་བའི་ཆོ་ག་ཞིབ་མོ་བསྡུས་པ་ལས་འཕགས་པ་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ཆོ་ག་ཞིབ་མོ་ཕྱི་མའི་ ཡང་ཕྱི་མ་རིམ་པར་ཕྱེ་བ་སྟེ་བཅུ་པའོ།། །།འཇམ་པའི་དབྱངས་ཀྱི་ཁྲོ་བོ་ཡི། །ཡི་གེ་གཅིག་པ་བཤད་ཟིན་ཏེ། །དེ་ནས་གཞན་ཡང་དེ་ཡི་ནི། །ཆོ་ག་ཞིབ་ཏུ་རྒྱ་ཆེར་བཤད། །གཤིན་རྗེ་རབ་ཏུ་འཇོམས་པ་ཡི། །ཞལ་ནི་ཧཱུཾ་ཞེས་བྱ་བར་བཤད། །དེ་ནས་འཇམ་དཔལ་ཁྲོ་ བོ་ནི། །ཧཱུཾ་ཞེས་བྱ་བ་མཆོག་རིག་བྱ། །དེ་ཡི་དཀྱིལ་འཁོར་གཞན་ཡིན་ཏེ། །འདོད་པ་ཀུན་སྦྱིན་ཤེས་པར་བྱ། །དུར་ཁྲོད་གནས་སུ་བྱ་བ་སྟེ། །དུར་ཁྲོད་གནས་པ་གང་ཡིན་པའོ། །ཁྲུ་བརྒྱད་ལས་ནི་སྒོ་བཞི་པ། །ཡང་ན་ཁྲུ་བཞི་པ་ཡང་རུང ། །དུར་ཁྲོད་གནས་པ་བཟང་པོ་སྟེ། ། དུར་ཁྲོད་ཐལ་བས་བྲི་བར་བྱ། །དེ་ཡི་དབུས་སུ་ཡི་དགས་ནི། །ཕྲེང་བ་དག་གིས་བརྒྱན་པ་བྲི། །སྒོར་ནི་ཡི་དགས་རོ་སྨད་གཞག་།མཐའ་མ་དག་ཏུ་མགོ་བོ་གཞག་།གྲཝ་བཞིར་ཤཱུ་ལ་བཞི་རྣམས་དང ། །ཐོད་པ་དག་ཀྱང་བྲི་བར་བྱ། །གལ་ཏེ་བྲི་བར་ནུས་ན་ནི། །མཁས་པས་ དེ་དག་ཐལ་བས་བྲི། །དེ་སྟེ་དེ་དག་རི་མོ་ནི། །བྲི་བ་དག་ཏུ་མི་ནུས་ན། །དེ་ཚེས་གཞི་བཟང་པོ་ལ། །ཙནྡན་དམར་པོས་བསྐུས་ནས་སུ། །དུར་ཁྲོད་གནས་སུ་དང་པོར་ནི། །སྔགས་པས་ཡི་གེ་དགོད་པར་བྱ། །དེ་ནས་གཤིན་རྗེ་རབ་འཇོམས་པ། །དེ་རུ་སྤྱན་དྲངས་མཆོད་པར་ བྱ། །འཇིགས་པའི་ཞལ་ནི་འབར་བ་དྲུག་།དེ་བཞིན་ཞབས་ཀྱང་དྲུག་དང་ལྡན། །སྤྱན་གསུམ་ཆར་སྤྲིན་སྔོན་པོའི་མདོག་།ཕྱག་ཀྱང་བཅཝ་བརྒྱད་དག་གིས་བརྒྱན། །ཁྲོ་བོ་གཤིན་རྗེ་རབ་འཇོམས་པ། །གཟིག་ལྤགས་ན་བཟར་གསོལ་བར་དགྱེས། །མཚོན་ཆ་བཟང་པོ་དུ་མ་ བསྣམས། །ཡི་དགས་སྟེང་དུ་མཆོད་པ་བྱ། །འཇམ་དཔལ་ཁྲོ་བོ་གཤིན་རྗེའི་གཤེད། །ཆོ་ག་བཞིན་དུ་མཆོད་ནས་ཀྱང ། །མར་དང་སྦྲང་རྩི་སྦྱར་བ་ཡི། །འོ་མ་འབྲས་ཐུག་གཏོར་མར་དབུལ། ། ག་རུ་ཡི་བདུག་པ་དབུལ། །མར་མེ་དག་ནི་མར་ལས་བྱ། །དེ་ནས་
91-1-15b
གཤིན་རྗེ་རབ་འཇོམས་པའི། །ས་བོན་ཡི་གེ་གཅིག་པ་འདི། །ཁྲོ་བོའི་སྤྱན་སྔར་འདུག་ནས་སུ། །སྟོང་རྩ་བརྒྱད་དུ་བཟླས་པར་བྱ། །དེ་ཡི་འོག་ཏུ་མཁས་པ་ཡིས། །དུར་ཁྲོད་གནས་སུ་སློབ་མ་བཟུང ། །ཁྲོ་བོ་གཤིན་རྗེའི་གཤེད་བྱེད་པ། །ཧཱུཾ་གི་ཞལ་ནི་ཟློས་ ཤིང་གཟུང ། །བཙུད་ནས་དེ་ཡི་སྙིང་གར་ནི། །ཧཱུཾ་ཞེས་བྱ་བ་གཞག་པར་བྱ། །དེ་ནས་ཤཱུ་ལའི་ཕྱག་རྒྱ་ནི། །རས་ཀྱིས་གཡོགས་ཏེ་བཅིང་བར་བྱ། །སློབ་མ་དག་ལ་ལེགས་བསྟན་ནས། །དེ་ཡང་མཆོད་པ་བྱེད་དུ་གཞུག་།དེ་ནས་གཤིན་རྗེ་རབ་འཇོམས་པའི། །ཁྲོ་བོ་ མངོན་པར་དབང་བསྐུར་ནས། །འཇམ་དཔལ་ཁྲོ་བོ་གཤིན་རྗེའི་གཤེད། །དེ་ཡི་ཡི་གེ་འབྲུ་གཅིག་སྦྱིན། །དེ་ནས་མཆོད་པ་ཡང་བྱས་ནས། །ཁྲོ་བོ་དེ་ནི་གཤེགས་སུ་གསོལ། །ཤཱུ་ལ་ཕྱག་རྒྱ་བཅིངས་ནས་སུ། །དེ་བཞིན་རྟག་པར་གཤེགས་སུ་གསོལ། །ཁྲོ་བོ་སྤྱན་ནི་དྲང་ བ་དག་།ཤཱུ་ལའི་ཕྱག་རྒྱ་ལྡན་པར་བྱ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ནས། །ཤཱུ་ལ་རབ་ཏུ་བསྟན་པར་བྱ། །མཁས་པས་ལག་པ་གཉིས་དག་གིས། །སོར་མོ་ཕན་ཚུན་བསྣོལ་ནས་སུ། །གུང་མོའི་སོར་མོ་མཆོག་གཉིས་ནི། །དབུས་ནས་གྱེན་དུ་སྒྲེང་ནས་ བཞག་།སྲིན་ལག་གཉིས་ནི་ནང་དུ་བཅུག་།མཛུབ་མོ་གཉིས་ཀྱི་ནང་དུ་བཞག་།དེ་ལྟར་དེ་གཉིས་བསྒྲེང་ནས་ནི། །ལྷག་མ་རྣམས་ནི་ལེགས་པར་བྱ། །གཤིན་རྗེའི་གཤེད་ཀྱི་ཕྱག་རྒྱ་འདི། །ཤཱུ་ལའི་ཕྱག་རྒྱ་ཞེས་གྲགས་པའོ། །འདི་ཡི་ལས་རྣམས་ཐམས་ཅད་ ནི། །རྣམ་པར་དཔྱད་པ་མེད་པར་བྱ། །དེ་ནས་གཞན་ཡང་རིམ་པ་བཞིན། །གཤིན་རྗེ་རབ་ཏུ་འཇོམས་པ་འདི། །སྔགས་རྣམས་ཐམས་ཅད་མ་ལུས་པ། །དཀྱིལ་འཁོར་འདིར་ནི་སྨྲ་བར་བྱ། །ོཾ་ཧཱུཾ་ཏྲིཿ དབུས་ཀྱི་ཡི་དགས་ཀྱིའོ། །ོཾ་ཧཱུཾ་ལཾ་ལཱ་ཧ། ཡི་དགས་ཕྲེང་བའོ། །ོཾ་ ཧཱུཾ་ཛྲི་ཏྲཿ ་།ཡི་དགས་རོ་སྨད་དེ་སྒོ་བཞི་ཅར་དུའོ། །ོཾ་ཧཱུཾ་ཧཱཿ ་།འོག་སྟེ་ཐ་མར་རོ། །ོཾ་ཧཱུཾ་ཧྲཱིཿ ཥྚྲཱིཿ ཁ། ཤཱུ་ལ་བཞི་ཅར་གྱིའོ། །ོཾ་ཧཱུཾ་ཧྲི་ཧཿ ཐོད་པ་རྣམས་ཀྱིའོ། །ལྷོ་ཕྱོགས་ཀྱི་ནི་སྒོ་ཕྱེ་ནས། །ལྷག་མ་གཞན་ནི་གཅད་པར་བྱ། །དུར་ཁྲོད་གནས་སུ་རྟག་པ་རུ། །གཤིན་རྗེ་རབ་ཏུ་འཇོམས་
91-1-16a
པར་ནི། །སྔགས་རྣམས་ཀྱིས་ནི་རབ་བརྒྱན་ན། །དུར་ཁྲོད་ཀྱི་ནི་གནས་སུ་འགྱུར། །ཙནྡན་དམར་པོས་བསྐུས་པ་ཡི། །ས་གཞི་ཁྲུ་གང་ཙམ་ལ་ནི། །ཇི་ལྟ་བུར་ཡང་གང་ཡང་རུང ། །དཀྱིལ་འཁོར་དག་ནི་བྲིས་ནས་སུ། །དཀྱིལ་ནས་ཆོ་ག་ཤེས་པ་ཡིས། ། སྔགས་ཀྱིས་མཆོད་པ་རིམ་བཞིན་བྱ། །ོཾ་ཧཱུཾ་ཧྲཱིཿ ཥྚྲཱིཿ ཱ་གཙྪ་ཡ་ཡཾ་ཕྲཾ་ཐ་ན་སཝཱ་ཧཱ། སྤྱན་དྲང་བའོ། །ོཾ་ཧཱུཾ་ཧྲི་ཀཱ་ལཾ་ཐཱ་ན་ཧཱ། མཆོད་ཡོན་གྱི་སྔགས་སོ། །ོཾ་ཧཱུཾ་ཧྲཱིཿ ཥྚྲཱིཿ ཁུཾ་ཁ། དྲིའི་སྔགས་སོ། །ོཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཀ་ར་ལ་ར་ན་ཧ་ཧཿ ། མེ་ཏོག་གི་སྔགས་སོ། །ོཾ་ཧཱུཾ་ ཏྲི། ཧཱུཾ་པ་ཤི་ཁ་ཧཱ། བདུག་པའི་སྔགས་སོ། །ོཾ་ཛྲཾ་ཛྲི་ཧཱཿ ། མར་མེའི་སྔགས་སོ། །ོཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཁང་ཀ་ཁ། གཏོར་མའི་སྔགས་སོ། །ོཾ་ཧཱུཾ་སཝཱ་ཧཱ། ཁྲོ་བོའི་སྙིང་པོའོ། །ོཾ་ཧཱུཾ་ཧྲཱིཿ ཥྚྲཱིཿ གཛྫ་ཧཱུཾ་པུ་ན་རཱ་ག་མ་ནཱ་ཡ་སཝཱ་ཧཱ། སླར་གཤེགས་སུ་གསོལ་བའི་སྔགས་སོ། ། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་ཕྱི་མའི་ཡང་ཕྱི་མ་ལས་གཤིན་རྗེ་རབ་ཏུ་འཇོམས་པའི་ཡིག་འབྲུ་གཅིག་པའི་རྒྱལ་པོའི་དཀྱིལ་འཁོར་བཀོད་པའི་རིམ་པར་ཕྱེ་བ་སྟེ་བཅུ་གཅིག་པའོ།། །།དེ་ནས་དེ་ཡི་རི་མོའི་མཆོག་།སྒྲུབ་པ་པོ་ཡིས་བྲི་ བར་བྱ། །ཇི་སྐད་གསུངས་པའི་ལས་རྣམས་བྱའི། །བཟླས་པའི་ལས་ནི་རབ་ཏུ་བྱ། །རས་ཕྲན་ཁྲུ་གང་ཙམ་པོ་ནི། །བཟང་པོས་ར་པ་བཀྲུས་པ་ལ། །ཚོན་རྩི་དཀར་པོ་སྤྱིན་མེད་པས། །གཤིན་རྗེ་རབ་ཏུ་འཇོམས་པ་བྲི། །ཞལ་དྲུག་དབུ་ཡང་གྱེན་དུ་བརྫེས། །དེ་ཡང་སྤྱན་ གསུམ་འཇིགས་འཇིགས་ལྟར། །ཁྲོས་པའི་ཕྱག་ཀྱང་བཅཝ་བརྒྱད་པ། །ཞབས་རྣམས་རབ་ཏུ་གསལ་བ་དྲུག་།གཟིག་གི་པགས་པ་ན་བཟར་གསོལ། །ཚུལ་བཞིན་ཡི་དགས་སྟེང་ན་བཞུགས། །ཤཱུ་ལ་རལ་གྲི་འཁོར་ལོ་དང ། །དགྲ་སྟ་མཆོག་ཀྱང་སྦྱིན་པའི་ཕྱག་།ལྕགས་ མདའ་བེ་ཅོན་རྡོ་རྗེ་དང ། །མདའ་བོ་ཆེ་ཡང་བསྣམས་པ་ནི། །གཡས་པའི་ཕྱག་སྟེ་གཡོན་པ་ན། །དབྱུག་ཏོ་ཞགས་པ་གཤོལ་དང་གཞུ། །ཐོད་པ་ལྕགས་ཀྱུ་མདུང་ཐུང་དང ། །རྩེ་གསུམ་གདེངས་དང་དེ་བཞིན་བསྡིགས། །དེ་ལྟར་ཇི་སྐད་གསུངས་པའི་གཟུགས། །བུང་བ་དང་
91-1-16b
ནི་སྤྲིན་འདྲ་བ། །བྲིས་ནས་དེ་ཡང་ལེགས་པར་སྦ། །ཡིད་དུ་འོང་བའི་གནས་དག་ཏུ། །བཞག་ནས་བཟླས་པ་དག་ཀྱང་བྱ། །བཟླས་པའི་ཆོ་ག་འདིར་བཤད་དོ། །རིག་པ་འཛིན་པས་རྟག་པ་རུ། །འབར་བའི་སྔགས་ཀྱིས་ཁྲུས་བྱའོ། །བདུད་རྩི་འབྱུང་བའི་སྔགས་ ཀྱིས་ནི། །ཐོག་མར་ཚུལ་བཞིན་ཁ་བཀྲུས་ནས། །བདག་གི་ལུས་ལ་སྔགས་ཤེས་པས། །དེ་ནས་བསྲུང་བ་ལེགས་པར་བྱ། །དེ་ཡི་འོག་ཏུ་ཆོ་ག་བཞིན། །མཁས་པས་ཁྲོ་བོའི་ཁང་པར་འཇུག་།ཞུགས་ནས་ཀུ་ཤ་ལས་བྱས་པའི། །སྟན་བཟང་དེ་ལ་འདུག་ནས་ སུ། །དེ་ནས་ཆོ་ག་སྔོན་གསུངས་པས། །ཁྲོ་བོ་ལ་ནི་མཆོད་པར་བྱ། །ལག་པ་གཉིས་ནི་དྲིས་བསྐུས་པས། །སྔགས་ཀྱི་ནོར་བུ་བླངས་ནས་སུ། །ཉེས་པའི་སྐྱོན་དག་སྦྱང་བའི་ཕྱིར། །ཁྲོ་བོ་བདུད་རྩི་ལན་བདུན་བཟླས། །དེ་ནས་སྔགས་པ་ཁྲོ་བོ་ལ། །མངོན་པར་ཕྱོགས་ འདུག་བཟླས་པར་བྱ། །རབ་ཏུ་དང་ཞིང་རྩེ་གཅིག་ཡིད། །ཡིད་ནི་མི་སྐྱོ་བར་དུ་བྱ། །དེ་ནས་མཁས་པས་བཟླས་པའི་མཐར། །ཁྲོ་བོ་གཤིན་རྗེ་རབ་འཇོམས་པ། །ཤཱུ་ལའི་ཕྱག་རྒྱ་བཅིངས་གཤེགས་གསོལ། །དེ་ལྟར་ལེགས་པར་ཉིན་རེ་བཞིན། །ཡི་གེ་གཅིག་པའི་ སྔགས་འདི་ནི། །རྣམ་པ་ཀུན་ཏུ་ཆོ་ག་བཞིན། །གང་ཞིག་བྱེ་བ་གཅིག་ཟློས་པ། །དེ་ཡིས་དངོས་གྲུབ་དམ་པ་ཐོབ། །དེ་ནས་གཞན་ཡང་ཅི་བསྟན་པའི། །ཁྲོ་བོ་ཉིད་ཀྱིས་གསུངས་པ་ཡི། །ཆོ་ག་དག་གི་སྔགས་རྣམས་ནི། །བསྒྲུབ་པ་རྣམས་ལ་ཕན་ཕྱིར་བཤད། །ོཾ་ཧཱུཾ་དཱིཔྟ་ཏེ་ཛཱ་ སཝཱ་ཧཱ། ཁྲུས་ཀྱི་སྔགས་སོ། །ོཾ་ཧཱུཾ་ཨ་མྲྀ་ཏ་པྲ་བྷ་བཾ་བ། ཁ་བཀྲུ་བའི་སྔགས་སོ། །ོཾ་ཧཱུཾ་སརྦ་ཧོ་རཀྵ་མན་ཏ་ཐཱ་ག་ཏཱ་ཛྙཱ་པ་ཡ་ཏི་སཝཱ་ཧཱ། བསྲུང་བའི་སྔགས་སོ། །ོཾ་ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ཧཱུཾ་མཉྗུ་གྷོ་ཥ་ཛྙཱ་ཡཱ་སརྦ་དུཥྚཾ་བནྡྷ་བནྡྷ་སཝཱ་ཧཱ། གདུག་པ་རྣམས་བཅིང་བའོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ཧཱུཾ་དྷྲྀ་ཀ་པྲཱ་ཀཱཾ་རཾ་ཕཊ། ར་བའི་སྔགས་སོ། །ོཾ་ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཡ་མ་པྲ་མ་ཐ་ན་རཀྵ་རཀྵ། ན་མཿ སརྦ་བྷུ་ཏ་བྷ་ཡེ་བྷྱཿ ཏ་ཐཱ་ག་ཏོ་ཛྙཱ་པ་ཡ་ཏི་སཝཱ་ཧཱ། འདི་ནི་ཡན་ལག་ཐམས་ཅད་བསྲུང་བའོ། །ོཾ་ཧཱུཾ་ཀཱ་ལ་མ་ཐ་ན་ཕཊ། ཁྲོ་བོའི་
91-1-17a
ཁང་པར་འཇུག་པའི་སྔགས་སོ། །ོཾ་ཧཱུཾ་རཀྵ་རཀྵ་མཱཾ་སཝཱ་ཧཱ། གདན་གྱི་སྔགས་སོ། །ོཾ་ཧཱུཾ་སི་ཏྱ་དེ་ཧཱུཾ་ཛྲཾ་ཛྲཾ། སྔགས་ཀྱི་ནོར་བུ་བླང་བའི་སྔགས་སོ། །ོཾ་ཧཱུཾ་ཀྲོདྷ་ཨ་མྲྀ་ཏ་ཛ་གད་པྲ་བྷ་སཝཱ་ཧཱ། སྔགས་ཀྱི་ནོར་བུ་ལ་གདབ་པའི་སྔགས་སོ། །འཇམ་དཔལ་ གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་ཕྱི་མའི་ཡང་ཕྱི་མ་ལས་གཤིན་རྗེ་རབ་ཏུ་འཇོམས་པའི་ཡི་གེ་གཅིག་པའི་རི་མོ་དང་མཆོད་པ་དང་བཟླས་པའི་ཆོ་ག་རིམ་པར་ཕྱེ་བ་སྟེ་བཅུ་གཉིས་པའོ།། །།དེ་ཡི་སྔོན་དུ་བསྙེན་པ་ནི། །བྱེ་བ་གཅིག་ཏུ་ངེས་པར་བཤད། ། ཁྲོ་བོ་བརྟུལ་ཞུགས་ཕྱིས་སྤྱད་ན། །དངོས་གྲུབ་མཆོག་ནི་ཐོབ་པར་འགྱུར། །ཤིང་ལས་བྱས་པའི་ཐོད་པ་ནི། །ཉི་ཤུ་རྩ་དྲུག་སོར་ཚད་བྱས། །མཁས་པས་རྩེ་གསུམ་རྣོན་པོ་ནི། །ལག་པ་གཡས་དང་གཡོན་དུ་བཟུང ། །གཟིག་ལྤགས་ཀྱི་ནི་གོས་བགོས་ནས། །ལུས་ནི་ ཐལ་བ་དག་གིས་བསྐུ། །རུས་པ་དག་གི་ཕྲེང་བ་ཡིས། །རྒྱན་དུ་བྱས་ནས་བརྟུལ་ཞུགས་སྤྱད། །འཇིག་རྟེན་འཇིག་པར་བྱེད་པ་ཡི། །གད་མོ་སྒྲ་ཆེན་དག་ཀྱང་འབྱིན། །དུར་ཁྲོད་དམ་ནི་ཤིང་གཅིག་གམ། །རི་འམ་ཡང་ན་ཚལ་ཡང་རུང ། །མཁས་པས་ཟླ་བ་དྲུག་ཏུ་ ནི། །ལྕི་བ་བཟའ་ཞིང་བརྟུལ་ཞུགས་སྤྱད། །བློ་ལྡན་གྲོང་དུ་ཡོང་མི་འཇུག་།མཉམ་པར་བཞག་ཅིང་ཚིག་མི་སྨྲ། །གཙང་ཞིང་ཚངས་པར་སྤྱོད་པ་དུལ། །རྟག་ཏུ་བདེ་གཤེགས་སེམས་དང་ལྡན། །བྱང་ཆུབ་སེམས་དང་ཀུན་ལྡན་ཞིང ། །ཁྲོ་བོའི་བརྟུལ་ཞུགས་གང་སྤྱོད་ཅིང ། ། རྟག་ཏུ་བཟླས་ལ་བརྩོན་བྱེད་པ། །དེ་ནི་དངོས་གྲུབ་མཆོག་འཐོབ་འགྱུར། །གཤིན་རྗེ་རབ་ཏུ་འཇོམས་པ་འདི། །དངོས་གྲུབ་གཞན་དུ་ཡོང་མི་འགྱུར། །གང་ཚེ་འདི་ཡི་བརྟུལ་ཞུགས་ནི། །བསྙེན་པར་བྱ་བར་མི་ནུས་ན། །དེ་ཚེ་ལྕི་བ་ཟ་ཞིང་ནི། །ཚུལ་བཞིན་བྱེ་བ་གསུམ་དུ་ བཟླས། །བཟླས་པ་བྱས་པའི་ཐ་མར་ཡང ། །མཁས་པས་མཆོད་པ་རྒྱ་ཆེར་བྱ། །དེ་ནས་སྣ་མའི་མེ་ཏོག་སྟོང ། །རི་མོ་དག་ལ་ཕོག་པར་དབུལ། །རིག་པ་འཛིན་པའི་ལེགས་པ་རུ། །དེ་ཡི་ཕོག་བར་ཕུལ་ནས་ནི། །གང་ཚེ་རབ་ཏུ་འབར་གྱུར་པ། །དེ་ཚེ་རི་མོ་
91-1-17b
དེ་ཡིས་ནི། །ནམ་མཁར་འཕར་བར་གདོན་མི་ཟ། །དེ་ནས་རིག་འཛིན་ཐམས་ཅད་ཀྱི། །མཆོག་ཏུ་འགྱུར་ཏེ་ཐོག་མར་འགྲོ། །འོན་ཏེ་ཕོག་པར་ཕུལ་ན་ནི། །རབ་ཏུ་གཡོ་བར་གྱུར་ན་ནི། །ཆོ་ག་ཞིབ་ལས་བཤད་པ་བཞིན། །དེ་ལ་དངོས་གྲུབ་འབྲིང་དུ་འགྱུར། །དེ་སྟེ་ རབ་ཏུ་མི་གཡོ་བར། །རི་མོ་རང་བཞིན་དུ་འདུག་ལ། །དངོས་གྲུབ་ཐ་མ་ཐོབ་པར་འགྱུར། །ཅི་ལྟར་འབྲས་བུ་རྣམ་གསུམ་བཤད། །ལུས་ནི་ཉོན་མོངས་སྤྱད་པ་ལས། །དངོས་གྲུབ་རྣམ་གསུམ་འཐོབ་པར་འགྱུར། །བརྟུལ་ཞུགས་སྨྱུང་ལ་རབ་ཏུ་འབད། །ཡང་ན་ཆུ་ ཡི་ཀླུང་དག་བཟའ། །ཅི་ལ་མ་ཆགས་ཕྱུགས་གཅིན་བཏུང ། །བྱང་ཆུབ་སེམས་དང་ཀུན་ལྡན་ན། །དེ་ཚེ་དངོས་གྲུབ་དམ་པ་ཐོབ། །རིག་པའི་མཆོག་ཀུན་བསྒྲུབས་པ་ལ། །དངོས་གྲུབ་མཆོག་དང་འབྲིང་རྣམས་དང ། །ཐ་མ་དག་གིས་བསྒྲུབ་པའི་ཕྱིར། ། འདི་དག་སྦྱིན་ནི་བསྒྲུབ་བསྟན་ཡིན། །གང་ཚེ་དངོས་གྲུབ་མཆོག་རྣམས་དང ། །འབྲིང་ཡང་གལ་ཏེ་མི་འདོད་ལ། །ལོངས་སྤྱོད་རྟག་ཏུ་འདོད་ན་ནི། །དེ་ཚེ་རྟག་པར་བཟླས་པར་བྱ། །འདི་ཡི་ཆོ་ག་གཞན་དག་ཀྱང ། །དེ་ནས་མདོར་ནི་བཤད་པར་བྱ། །ས་གཞི་རབ་ ཏུ་མདངས་དགའ་བ། །ལྕི་བ་བཟང་པོ་བསྐུས་པ་ལ། །དེར་ནི་ཙནྡན་དམར་པོ་ཡིས། །དཀྱིལ་འཁོར་དག་ནི་མཁས་པས་བྱ། །དེ་ཡང་བཟང་པོ་ཁྲུ་གང་ཙམ། །རབ་ཏུ་མཉམ་ཞིང་ཡིད་དུ་འོང ། །གཤིན་རྗེ་རབ་ཏུ་འཇོམས་པའི་གང ། །དཀྱིལ་འཁོར་དུར་ཁྲོད་གནས་ གསུངས་པ། །དེ་ནས་དེར་ནི་སྔགས་དག་ནི། །དཀྱིལ་འཁོར་མཆོག་དེ་བྱས་ནས་ནི། །དེ་ཡི་འོག་ཏུ་སྔགས་རིག་པས། །ཇི་སྐད་གསུངས་པའི་ལས་དག་གིས། །ཅི་འབྱོར་པ་དང་ཅི་ནུས་ཀྱིས། །ཁྲོ་བོ་ལ་ནི་མཆོད་པར་བྱ། །ཉི་མ་རེ་རེ་ཆོ་ག་བཞིན། །བཟླས་པ་ དག་ཀྱང་སྟོང་དུ་བྱ། །དེ་ལྟར་རྟག་ཏུ་བྱས་པ་ཡིས། །འདོད་པའི་འབྲས་བུ་ཐོབ་པར་འགྱུར། །འཇིག་རྟེན་ཐམས་ཅད་དགའ་བར་ཡང ། །གདོན་མི་ཟ་བར་འགྲུབ་པར་འགྱུར། །དེ་ཡི་དགྲ་ཡང་མེད་པར་འགྱུར། །ནད་མེད་འགྱུར་བར་གདོན་མི་ཟ། །དེ་ཡི་ལོངས་
91-1-18a
སྤྱོད་འཕེལ་བར་འགྱུར། །རྒྱལ་པོའང་དེ་ཡི་དབང་དུ་འགྱུར། །གང་ཞིག་རྟག་པར་ཆོ་ག་འདིས། །གཤིན་རྗེའི་གཤེད་ནི་ཟློས་བྱེད་ན། །དེ་ལས་དེ་ཡི་དབང་པོ་དང ། །གཡོ་དང་མི་གཡོ་འཇིག་རྟེན་རྣམས། །བྱང་ཆུབ་སེམས་ལྡན་དེ་ཡི་ནི། །དབང་ དུ་འགྱུར་བ་གདོན་མི་ཟ། །འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་ཕྱི་མའི་ཡང་ཕྱི་མ་ལས་གཤིན་རྗེ་རབ་ཏུ་འཇོམས་པའི་ཡི་གེ་འབྲུ་གཅིག་པའི་བརྟུལ་ཞུགས་རིམ་པར་ཕྱེ་བ་སྟེ་བཅུ་གསུམ་པའོ།། །།དེ་ནས་གཞན་ཡང་བརྟུལ་ཞུགས་ཀྱིས། ། བསྒྲུབ་པའི་ལས་རྣམས་བཤད་པར་བྱ། །དངོས་གྲུབ་མཆོག་རྣམས་ཐམས་ཅད་ནི། །གཤིན་རྗེ་རབ་ཏུ་འཇོམས་པ་འདི། །བརྟུལ་ཞུགས་དག་ནི་འདི་ཉིད་ཀྱིས། །རྣམ་པ་ཀུན་ཏུ་བསྒྲུབ་པར་བྱ། །ཕལ་ཆེར་དངོས་གྲུབ་མཆོག་རྣམས་ནི། །བརྟུལ་ཞུགས་མེད་པས་མི་འགྲུབ་ སྟེ། །དེ་བས་གཤིན་རྗེ་འཇོམས་པ་ཡི། །བརྟུལ་ཞུགས་སྤྱད་པ་བྱས་ནས་སུ། །དངོས་གྲུབ་མཆོག་རྣམས་ལེགས་པར་བསྒྲུབ། །མཁས་པས་གཞན་ལ་མ་ཡིན་ནོ། །ཇི་སྐད་བསྟན་པའི་མཚོན་ཆ་རྣམས། །རྩ་བའི་རྟོག་པའི་ཆོ་ག་བཞིན། །སྔགས་རིག་སྦྱོར་ བ་སྔ་མ་བཞིན། །དེ་དག་རྟག་ཏུ་ལེགས་པར་བསྒྲུབ། །དེ་ལ་འདིར་ནི་རྟོག་པ་རུ། །དུར་ཁྲོད་གནས་པའི་དཀྱིལ་འཁོར་ནི། །དངོས་གྲུབ་ཐམས་ཅད་རབ་སྦྱིན་པ། །བྱེ་བྲག་ཏུ་ནི་ལོགས་ཤིག་གསུངས། །རལ་གྲི་ས་འོག་རོ་ལངས་དང ། །མིག་འཕྲུལ་ཨཉྫ་གིའུ་ ཝང་དང ། །ཡུངས་ཀར་བ་བླ་བཙག་རྣམས་དང ། །གཞན་ཡང་ལས་དག་ཅི་འདོད་དང ། །མི་སྣང་བ་དང་རྐང་མགྱོགས་དང ། །གསེར་འགྱུར་རྩི་དང་བཅུད་ཀྱིས་ལེན། །གནོད་སྦྱིན་མོ་རྣམས་བསྒྲུབ་པ་དང ། །ཀླུ་ཡི་བུ་མོ་ལ་སོགས་བསྒྲུབ། །དགུག་པའི་ཆོ་ག་ དམ་པ་ཡི། །བུད་མེད་དམ་པ་སྤྱད་བསྒྲུབ་པ། །རྩ་བའི་རྟོག་པའི་ཆོ་ག་ཡིས། །ཚུལ་བཞིན་གནས་ནས་བསྒྲུབ་པ་བྱ། །དེ་ལས་འདི་ནི་ཁྲོ་བོ་འདི། །ཡི་གེ་འབྲུ་གཅིག་ཁྱད་པར་བཤད། །དེ་ནས་ཇི་སྐད་གསུངས་བསྟན་ཀུན། །མ་སྨོས་པ་ཡང་བསྒྲུབ་པར་
91-1-18b
བྱ། །འཇམ་དཔལ་ཁྲོ་བོའི་སྙིང་པོ་འདི། །ཧཱུཾ་ཞེས་བྱ་བ་རྒྱས་པ་སྟེ། །འདི་ནི་རྩ་བའི་ཆོ་ག་ཡིན། །བསྡུ་བ་ཡོངས་སུ་བསྒྲགས་པའོ། །འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་ཕྱི་མའི་ཡང་ཕྱི་མ་ལས་ཁྲོ་བོ་གཤིན་རྗེའི་གཤེད་ཀྱི་རྩ་བའི་ཆོ་ག་ ཞིབ་མོ་བསྡུས་པ་རིམ་པར་ཕྱེ་བ་སྟེ་བཅུ་བཞི་པའོ།། །།རྟོག་པ་མདོ་རུ་བསྡུས་པ་དང ། །རྒྱས་པ་དག་ཏུ་བཤད་པ་དང ། །བརྟུལ་ཞུགས་དང་ནི་ངེས་པ་ཡི། །དེ་ནས་ཁྲོ་བོ་གཟི་ཅན་གྱི། །ཞལ་དྲུག་ཧཱུཾ་ཞེས་བྱ་བའི་སྔགས། །བཟླས་པ་ཙམ་གྱིས་གྲུབ་པ་ནི། ། གསང་བ་མདོ་རུ་བཤད་པར་བྱ། །བརྟུལ་ཞུགས་སྤྱད་དང་བརྟུལ་ཞུགས་དཀའ། །དེ་དག་འདི་ལ་ཡོང་མེད་དེ། །ལན་གཅིག་བཟླས་པ་ཙམ་གྱིས་ཀྱང ། །ལས་རྣམས་ཐམས་ཅད་བྱེད་པར་འགྱུར། །ོཾ་ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཡ་མ་བྲམ་ཐ་ རཀྵ་རཀྵ། མཱཾ་སརྦ་བྷཱུ་ཏ་བྷ་ཡེ་བྷྱཿ ཏ་ཐཱ་ག་ཏཱཛྙཱ་པ་ཡ་ཏི་སཝཱ་ཧཱ། ཡི་གེ་བཞི་བཅུ་རྩ་གསུམ་འདི། །ཁྲོ་བོ་བཀླགས་པ་ཙམ་གྱིས་འགྲུབ། །དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར། །སངས་རྒྱས་ཀུན་གྱིས་མངོན་པར་བསྟོད། །དེ་ནི་རྟག་པར་བཟླས་ན་ནི། །དངོས་གྲུབ་ཐམས་ ཅད་སྟེར་བར་བཤད། །དུར་ཁྲོད་གནས་སུ་རྟག་པར་ནི། །རྟག་ཏུ་ཟློས་པ་ཆོ་ག་འདིས། །ལྷ་དང་ལྷ་མིན་དྲི་ཟ་དང ། །གནོད་སྦྱིན་སྲིན་པོ་ཀླུ་ཡི་རིགས། །དཔག་ཚད་བདུན་ནི་ཁོར་ཡུག་ཏུ། །དེ་ཡི་གཟིས་ནི་འབྱེར་བར་འགྱུར། །ཁྲོ་བོ་གཤིན་རྗེའི་གཤེད་མཛད་པ། ། ཞལ་དྲུག་ཧཱུཾ་གི་སྔགས་འདི་ནི། །གང་ཞིག་ཟློས་པར་བྱེད་པ་ནི། །འགྲོ་དང་མི་འགྲོ་འཇིག་རྟེན་ན། །དེ་ལ་དཀའ་བ་ཅུང་ཟད་མེད། །ཞལ་དྲུག་ཧཱུཾ་ཞེས་བྱ་བའི་སྔགས། །ཤཱུ་ལ་ཕྱག་རྒྱ་ལྡན་པ་ནི། །ཁྲོ་བོ་རྣམ་རྒྱལ་རྒྱུད་འདི་ལ། །དེ་ནི་གྲུབ་པར་རབ་ཏུ་བསྒྲགས། །དུར་ ཁྲོད་གནས་སུ་ཆོ་ག་བཞིན། །དེ་ཡི་སྔོན་དུ་བསྙེན་པ་ནི། །ཐོག་མ་ཉིད་དུ་ཆིག་འབུམ་བྱ། །དེ་ནས་རྟག་པའི་ཆོ་གར་སྤྱད། །རྟག་པར་སྤྱོད་པའི་ཆོ་ག་ཡིས། །དེ་ནས་ཆིག་འབུམ་བཟླས་ནས་ཀྱང ། །དེ་འོག་ཇི་སྐད་གསུངས་པ་ཡིས། །ལས་རྣམས་ཀྱི་ནི་བསྒྲུབ་ལ་འཇུག་།
91-1-19a
རྩ་བའི་རྟོག་པའི་ཆོ་ག་ཡི། །དེ་ནས་ཐམས་ཅད་ལས་གྲུབ་པར། །ཞལ་དྲུག་ཧཱུཾ་ཞེས་བྱ་བ་ཡི། །ཆོ་ག་འདིར་ནི་མདོར་བཤད་པ། །འཇམ་དཔལ་ལས་བྱུང་ཁྲོ་བོ་ནི། །ཧཱུཾ་ཞེས་བྱ་བའི་ཞལ་ཉིད་ཡིན། །གཤིན་རྗེའི་གཤེད་ཅེས་བྱ་བར་གྲགས། ། འདི་ལ་དཀའ་བ་ཅི་ཡང་མེད། །ཁྲོ་བོའི་ཞལ་ནས་མདོ་རུ་ནི། །ཆོ་ག་བཟང་པོ་གཅིག་གསུངས་པའི། །ཆོ་ག་དེ་བཞིན་བདག་གིས་བཤད། །ཞལ་དྲུག་ཧཱུཾ་ཞེས་བྱ་བ་འདིས། །ཧཱུཾ་ཞེས་བྱ་བ་དྲུག་དུ་བསྒྲགས། །དེ་བཞིན་གཞན་ཡང་རྟོག་པ་རུ། །ཧཱུཾ་གི་མཐའ་ནི་བསྐུལ་བ་ བྱ། །ཧཱུཾ་ཏྲཾ་ཤཱུ་ལའི་ཕྱག་རྒྱར་ལྡན། །རི་རྣམས་ཀུན་ཀྱང་འགས་པར་བྱེད། །ཧཱུཾ་ཏྲི་རབ་ཏུ་སྦྱར་ན་ནི། །མྱུར་དུ་རས་ཀྱང་གས་པར་འགྱུར། །ཧཱུཾ་ཚིག་རིག་སྔགས་ཐམས་ཅད་དང ། །མཚོན་ཆ་རྣམས་ནི་གཅོད་པར་བཤད། །ཤཱུ་ལའི་ཕྱག་རྒྱ་དང་ལྡན་པར། །ཧཱུཾ་ཁ་རྟག་ པར་རབ་སྦྱར་ནས། །སྡང་བ་རྣམས་ནི་ཟ་བ་དང ། །དགྲ་ཡི་དཔུང་དག་རབ་ཏུ་འཇིག་།ཧཱུཾ་ག་རབ་ཏུ་སྦྱར་ན་ནི། །གླང་པོ་གནོན་པ་རབ་ཏུ་བསྒྲགས། །ཧཱུཾ་ཐ་མཚོན་ཆ་ཀུན་འཕེལ་ཚེ། །ལྷ་དང་ལྷ་མིན་འཇིགས་པར་བྱེད། །ཧཱུཾ་ཧ་དཔུང་རྣམས་འཇིག་པ་དང ། །རྨོངས་པར་བྱེད་ པ་ཡོངས་སུ་བསྒྲགས། །ཧཱུཾ་གྲ་རབ་ཏུ་སྦྱར་ན་ནི། །ཕན་ཚུན་མཚོན་ཆ་འཁྲུག་པར་བྱེད། །ཧཱུཾ་ཨ་རབ་ཏུ་སྦྱར་ན་ནི། །སླར་ཡང་ཐར་བར་བྱེད་པ་ཡིན། །ཧཱུཾ་ག་གླང་པོ་སེང་གེ་དང ། །རྟ་དང་མི་དང་བྱ་རྣམས་དང ། །གྲུ་དང་ཤིང་རྟའི་བཞོན་པ་དང ། །འབབ་ཆུ་དག་ཀྱང་མྱུར་བར་ འདིར། །ཤཱུ་ལའི་ཕྱག་རྒྱར་ལྡན་བྱས་ན། །གནོད་པར་བྱེད་པའི་མཆོག་ཡིན་ནོ། །ཧཱུཾ་བ་རབ་ཏུ་སྦྱར་ན་ནི། །མནན་པ་རྟག་ཏུ་ཐར་བར་བྱེད། །ཧཱུཾ་དྷཾ་རབ་ཏུ་སྦྱར་ན་ནི། །ལྷ་དང་ལྷ་མིན་གཞན་ཡང་འགྲུབ། །དངོས་གྲུབ་ཕྲ་མོ་ཐམས་ཅད་ལ། །བསྐུལ་ན་དེ་ཡི་འབྲས་བུར་ འགྱུར། །ཧཱུཾ་བཾ་ཀུན་ཏུ་དབང་བྱེད་པ། །ཐ་མར་ར་བཞག་དབྱེ་བར་བྱེད། །ཏ་དང་སྦྱར་ན་སྡང་བར་བྱེད། །མ་དང་སྦྱར་བ་གསོད་པར་བྱེད། །ཡ་དང་སྦྱར་ན་དེ་བཞིན་གསོད། །ལ་དང་སྦྱར་ན་མིག་འཕྲུལ་བྱེད། །ཞི་དང་རྒྱས་ལ་འབའ་ཞིག་གོ། །དེ་ལ་སོགས་པ་གཞན་རྣམས་
91-1-19b
ཀྱང ། །རྩ་བའི་ཆོ་གས་སྦྱར་བར་བྱ། །དེ་ནས་ཇི་སྐད་གསུངས་པ་ཡི། །ལས་རྣམས་ཀྱིས་ནི་བསྒྲུབ་པར་བྱ། །དེ་ལྟར་གཤིན་རྗེའི་གཤེད་འདི་ཡི། །དངོས་གྲུབ་ངེས་པར་ཐོབ་པར་འགྱུར། །འདི་ནི་ཁྲོ་བོ་རྣམ་རྒྱལ་གྱི། །རྟོག་པའི་ཡི་གེ་གཅིག་པ་གང ། །འཇམ་ དཔལ་ཁྲོ་བོ་གཙོ་བོ་ཡི། །གསང་བ་གཞན་དག་བཤད་པ་ཡིན། །འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་ཕྱི་མའི་ཡང་ཕྱི་མ་ལས་ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད་ཞལ་དྲུག་ཧཱུཾ་ཞེས་བྱ་བ་ལས་བྱུང་བའི་ཆོ་ག་ཞིབ་མོ་རིམ་པར་ཕྱེ་བ་སྟེ་བཅཝ་ལྔ་པའོ།། །།དེ་ནས་ ཆོ་ག་ཞིབ་རྒྱས་པ། །གཤིན་རྗེའི་གཤེད་པོ་གཅིག་པོ་ཡི། །ཆོ་ག་ཀུན་གྱི་མཆོག་དང་རབ། །དོན་གྲུབ་ཅེས་པ་བཤད་པར་བྱ། །དེ་ལ་རིག་འཛིན་དཔལ་ལྡན་པས། །ལས་རྣམས་ཐམས་ཅད་བསྒྲུབ་པའི་ཕྱིར། །མཉམ་གཞག་བྱང་ཆུབ་སེམས་ལྡན་པས། །ཐོག་མར་དཀྱིལ་ འཁོར་བྲི་བར་བྱ། །མཚོ་འམ་རྒྱ་མཚོའི་འགྲམ་དག་གམ། །གཅོང་རོང་དུར་ཁྲོད་དུ་ཡང་རུང ། །དེ་དང་དེར་ནི་ས་བརྟགས་ནས། །མེ་ཏོག་སིལ་མ་དག་གིས་བརྒྱན། །དཔའ་བོ་གཅིག་པའི་སྔགས་འབར་བས། །མེ་ལྕེ་འབར་བས་འཁྲུག་བྱས་ཏེ། །ས་དང་སྐྱུ་རུ་ར་ལ་ སོགས། །བསངས་ནས་ཁྲུས་ལ་བརྩམ་པར་བྱ། །རིག་འཛིན་ཁྲུས་བྱས་གཙང་མ་ཡི། །དེ་ནས་སྔགས་དེས་ཐམས་ཅད་ནི། །བདག་གི་ལུས་ལ་དགོད་པར་བྱ། །ཁྲོ་མིག་དམར་པོར་གྱུར་པ་ཡི། །དེ་ནས་ས་ཕྱོགས་གཙང་མ་ནི། །ཕྱག་དར་ཟང་ཟིང་ཡོངས་སྤངས་ པ། །བགེགས་རྣམས་ཞི་བར་བྱ་བའི་ཕྱིར། །གསང་སྔགས་ཟློས་ཤིང་བལྟ་བར་བྱ། །དེ་ནས་ཁྲོ་བོ་གཤིན་རྗེའི་གཤེད། །དཔའ་བོ་གཅིག་པུའི་སྔགས་ཟློས་ཤིང ། །དཀྱིལ་འཁོར་བཟང་པོ་གྲུ་བཞི་བར། །དུར་ཁྲོད་ཐལ་བས་བྲི་བར་བྱ། །ནུབ་ཕྱོགས་སྒོ་གདོང་སྒོ་བཞི་ པར། །དེ་ཡི་དབུས་སུ་པདྨ་བྲི། །བེ་ཅོན་ཕྱག་རྒྱ་རྩེ་འབར་བ། །གྲཝ་བཞི་དག་ཏུ་བྲི་བར་བྱ། །འདི་ནི་བེ་ཅོན་མང་པོ་ཡིན། །ཤཱུ་ལ་ཅན་གྱི་ཤཱུ་ལ་མང ། །མདུང་ཐུང་རྣམས་ཀྱིས་ཡོངས་བསྐོར་བ། །དེ་བཞིན་མདུང་ཐུང་མང་ཞེས་བྱ། །དེ་བཞིན་ཐོད་པ་མང་པོ་ཡིན། །
91-1-20a
མི་རོ་དང་ལྡན་མི་རོ་མང ། །མི་རོ་མི་སྡུག་མགོ་མེད་པ། །ཡི་དགས་འབར་དང་སྲིན་པོར་ལྡན། །ཕྱོགས་བཅུ་ཀུན་ནས་འཇིགས་པ་ཅན། །དེ་ནས་དུར་ཁྲོད་མང་ཞེས་བྱ། །གཤིན་རྗེའི་གཤེད་པོ་དཔའ་བོ་ཡི། །དཀྱིལ་འཁོར་རྣམ་པ་དྲུག་ཏུ་བཤད། །དེ་ལ་བེ་ཅོན་ མང་པོ་ནི། །ལོངས་སྤྱོད་ཐམས་ཅད་འཕེལ་བར་བཤད། །ཤཱུ་ལ་མང་པོ་སྲིན་རྣམས་ནི། །འཇོམས་པ་རབ་ཏུ་བསྒྲགས་པ་ཡིན། །དེ་བཞིན་མདུང་ཐུང་མང་པོ་ནི། །བགེགས་རྣམས་ཐམས་ཅད་ཚར་གཅོད་པའོ། །ཐོད་པ་མང་ཞེས་བྱ་བ་རྣམས། །འཁྲུལ་འཁོར་ཐམས་ཅད་རབ་ཏུ་ འཇིག་།རི་མོ་མང་པོ་ཞེས་བྱ་བ། །རོ་ལངས་ཐམས་ཅད་བསྒྲུབ་པའོ། །དུར་ཁྲོད་མང་པོ་རབ་གྲགས་པ། །དངོས་གྲུབ་ཐམས་ཅད་རབ་སྦྱིན་པའོ། །དེ་ལ་པདྨའི་དབུས་སུ་ནི། །འཇམ་པའི་དཔལ་གྱི་ཁྲོ་བོའི་མཆོག་།གཤིན་རྗེའི་གཤེད་ཅེས་བྱ་བ་དེ། །ཆོ་ག་བཞིན་དུ་ བཞུགས་པར་བསམ། །ིནྡྲ་ནཱི་ལ་བཅག་འཕྲོའི་མདོག་།ཞལ་དྲུག་སྤྱན་ཡང་འཇིགས་པར་གཟིགས། །ཁྲོས་ཤིང་ཞལ་ཡང་བགྲད་པ་སྟེ། །འཇིགས་འཇིགས་བལྟ་ལ་འཇིགས་པར་གནོན། །སྤྱན་གསུམ་སྐྲ་ཡང་གྱེན་དུ་བརྫེས། །ཚེམས་ཀྱིས་སྒྲོས་མནན་ འཇིགས་འཇིགས་ལྟ། །བཅཝ་བརྒྱད་ཕྱག་ནི་དྲན་པར་བྱ། །ཞབས་ཀྱང་རབ་ཏུ་འབར་བ་དྲུག་།མི་རོ་མགོ་མེད་ཕྲེང་བ་ཡིས། །སེ་རལ་ཁ་ཡི་རྒྱན་དུ་བྱས། །མདུང་ཐུང་ཐོ་བ་ཞགས་པ་ཡི། །རལ་གྲི་ལྕགས་ཀྱུ་མཚོན་ཆ་ཐོགས། །ཤཱུ་ལ་རྡོ་རྗེ་དབྱུག་ཏོ་དང ། །བེ་ཅོན་མཚོན་ཆ་ རྣམས་དང་ནི། །དེ་ལྟར་གཡས་པའི་ཕྱག་ན་བསྣམས། །གཡོན་པས་བསྡིགས་ཤིང་དྲིལ་བུ་དང ། །ཐོད་པ་བཟང་པོ་ཁ་ཊྭཱཾ་ག། །མི་མགོ་རློན་དང་ཀེང་རུས་དང ། །འཇིགས་པའི་མི་རོ་དབྱུག་ཏོ་འབར། །དེ་དག་ཕྱག་ན་རྟག་ཏུ་ཐོགས། །ཁྲོ་བོ་གཤིན་རྗེའི་གཤེད་པོ་ནི། ། ཤི་བའི་རོ་ཡི་སྟེང་ན་བཞུགས། །འཇིགས་པ་མཚོན་གདངས་འཇིགས་འཇིགས་ལྟ། །དུར་ཁྲོད་ན་ནི་རྟག་ཏུ་བཞུགས། །སྦྲུལ་དང་སྲིན་པོ་ཐམས་ཅད་འཇོམས། །ལྷ་རྣམས་ཀུན་གྱིས་ཕྱག་བྱས་ཤིང ། །ཁྲོ་བོ་ཐམས་ཅད་ལེགས་པར་འདུད། །སྐུ་ནི་རབ་ཏུ་འབར་བ་ཅན། །
91-1-20b
འཁྲུག་ཅིང་རབ་ཏུ་ཟ་བ་རྣམས། །སྟག་ལྤགས་ན་བཟའ་མནབས་པར་དགྱེས། །འཇིག་རྟེན་ལྷ་ནི་ཁྲོ་བོ་རྣམས། །མཚོན་ཆ་དང་ནི་མཐུ་སྤངས་ནས། །རྗེས་སུ་འབྲང་ཞིང་ཕྱག་བྱས་པའི། །ཁྲོ་བོ་གཤིན་རྗེའི་གཤེད་དྲན་བྱ། །དེ་ལྟར་འཇིགས་མེད་བྱས་ནས་སུ། །བདག་ གི་སྔགས་ཀྱིས་དྲན་བྱས་ནས། །སྤྱན་དྲངས་ཙནྡན་གྱིས་བསྐུས་ནས། །མེ་ཏོག་མང་པོས་མཆོད་པར་བྱ། །རྟག་ཏུ་རིག་པ་འཛིན་པ་ཡིས། །ཙནྡན་དམར་པོ་དབུལ་བར་བྱ། །བདུག་པ་དང་ནི་གཏོར་མ་ཡིས། །རིམ་པ་བཞིན་དུ་མཆོད་ནས་ནི། །སློབ་མ་ཁྲོ་བོའི་སྔགས་ དག་དང ། །སངས་རྒྱས་སྤྱན་གྱི་སྔགས་དག་གིས། །བཙུད་ནས་མེ་ཏོག་འདོར་དུ་གཞུག་།དེ་ནས་རིག་འཛིན་དཔལ་དང་ལྡན། །བདུད་རྩི་ཐབ་སྦྱོར་བཟླས་ནས་སུ། །ཕྲེང་བ་ཙནྡན་དཀར་ལ་སོགས། །མཆོད་པ་བྱས་ནས་སློབ་མ་ལ། །དེ་ནས་སངས་རྒྱས་སྤྱན་ཡང་བཟླས། ། ཁྲོ་བོ་གཤིན་རྗེའི་གཤེད་པོ་ནི། །འཇིགས་པ་ཕ་རོལ་གནོན་པ་སྦྱིན། །ལྷ་ཁྱོད་བདག་གིས་མནོས་སོ་ཞེས། །དེ་སྐད་སློབ་མས་ལན་གསུམ་སྨྲས། །དེ་ནས་སྔགས་རིག་ཆོ་ག་བཞིན། །བླ་མ་དག་ལ་ཕྱག་བྱས་ནས། །ཆོ་ག་བཞིན་དུ་དབང་བསྐུར་བས། །ཁྲོ་བོ་གཤིན་ རྗེའིི་གཤེད་པོ་བཟླས། །འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བ་ཕྱི་མའི་ཡང་ཕྱི་མ་ལས་ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད་རིམ་པར་ཕྱེ་བ་སྟེ་བཅུ་དྲུག་པའོ།། །།དེ་ནས་གཞན་ཡང་གཤིན་རྗེ་ཡི། །གཤེད་པོའི་སྔགས་འདི་མནོས་ནས་སུ། །མི་རོ་དག་ གི་གོས་བླངས་ནས། །དེ་ལ་དེ་ཡི་གཟུགས་ཀྱང་བྲི། །དེ་ནས་ཚོན་རྩི་སྤྱིན་མེད་པས། །བཟང་པོས་སྔ་མ་བཞིན་དུ་བྱ། །བཟང་པོ་ཁྲུ་གང་ཚད་དུ་བྱ། །ཡང་ན་ཁྲུ་བཞིའི་ཚད་དུ་བྱ། །གང་ཚེ་སྔགས་པ་བདག་ཉིད་ཀྱིས། །བྲི་བར་མི་ནུས་དེ་ཡི་ཚེ། །བཟོ་བོ་སྨྱང་བ་བྱས་པ་ནི། ། ཁྲིམས་མནོས་པ་དག་འདྲི་རུ་གཞུག་།ཤི་བའི་རོ་ཡི་སྟེང་དུ་བཞུགས། །ཕྱག་ནི་བཅཝ་བརྒྱད་རྣམས་ཀྱིས་བརྒྱན། །ཞལ་དྲུག་ཞབས་ཀྱང་དྲུག་ཏུ་བསྟན། །འཇིགས་པ་གནོན་པ་འཇིགས་འཇིགས་ལྟ། །ཁ་ཅིག་བཞད་ཅིང་ཁ་ཅིག་ནི། །ལྗགས་འདྲིལ་ཁ་ཅིག་མཆེ་
91-1-21a
བ་གཙིགས། །ཁ་ཅིག་ཞལ་གདངས་ཁ་ཅིག་ཁྲོས། །ཁ་ཅིག་འཇིགས་པ་ཕ་རོལ་གནོན། །ཁྲོ་བོ་དེ་འདྲའི་ཞལ་འདྲ་བ། །སྨིན་མཚམས་སེར་ལ་སྤྱན་ཡང་སེར། །ཇི་སྐད་གསུངས་པའི་མཚོན་ཆ་རྣམས། །ཕྱག་ན་བསྣམས་པ་བྲི་བར་བྱ། །དབེན་ཞིང་ འདུ་འཛི་མེད་པ་རུ། །སྔགས་པས་དེ་ལྟར་འདྲིར་གཞུག་གོ། །དེ་ལྟར་བྲིས་ནས་སྔགས་མཁན་དེ། །རི་མོ་ལ་ནི་བལྟས་ནས་འདུག་།ཆོ་ག་ཤེས་པས་འབུམ་བཟླས་ཏེ། །རི་མོ་བྲིས་པས་དེ་ཉིད་ཀྱིས། །དེ་ནས་བསྒྲུབ་ལ་འཇུག་པར་བྱ། །གཤིན་རྗེའི་གཤེད་པོ་དེ་ཡི་སྔགས། ། དྲག་པོ་གང་ཡིན་དེ་བཤད་དོ། །ོཾ་ནི་དེ་ཡི་དབང་པོ་ཡིན། ། ཞེས་བྱ་བ་གཉིས་པ་ཡིན། །ཀྲོ་ཞེས་བྱ་བ་གསུམ་པ་སྟེ། །དྷེ་ཞེས་བྱ་བ་བཞི་པ་ཡིན། །ཀ་ཞེས་བྱ་བ་ལྔ་པ་ཡིན། །ཡ་ཞེས་བྱ་བ་གསང་བ་དྲུག་།མཱན་ཞེས་བྱ་བ་བདུན་པ་སྟེ། །ཏ་ནི་བརྒྱད་པར་ཤེས་པར་ བྱ། །ཀ་ནི་དགུ་སྟེ་ཧཱུཾ་དང་བཅུ། །དེ་བཞིན་ཕཊ་བྱ་ལྷག་པ་སྟེ། །མི་མཉམ་སྔགས་ནི་བཅུ་གཅིག་པའོ། །འཇམ་དཔལ་གྱི་ནི་ཁྲོ་བོ་མཆོག་།གཤིན་རྗེའི་གཤེད་ཅེས་བྱ་བ་དེ། །ཆོ་ག་ཕྱི་མའི་ཕྱི་མ་སྟེ། །སངས་རྒྱས་ཀུན་གྱིས་མངོན་བསྟོད་པའི། །སྔགས་དེ་དེ་ལྟར་མནོས་ ནས་སུ། །ཆོ་ག་མནོས་ནས་བཟླས་བྱས་ན། །རིག་འཛིན་གོ་འཕང་ཐོབ་པར་འགྱུར། །ོཾ་ཨ་ཀྲོ་དྷེ་ཀ་ཡ་མཱནྟ་ཀ་ཧཱུཾ་ཕཊ། །གཤིན་རྗེའི་གཤེད་པོ་ལྷའི་ལྷའོ། །ོཾ་ཨ་མྲྀ་ཏ་ཀུཎྜ་ལི། །སརྦ་བིགྷ་ནཱནྟ་ཀྲིཏྟ་ན་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། བདུད་རྩི་ཐབ་སྦྱོར་གྱིའོ། །ོཾ་བུདྡྷ་ལོ་ཙ་ནི་སཝཱ་ཧཱ། སངས་རྒྱས་སྤྱན་གྱིའོ། །དེ་ནས་གཞན་ཡང་བཟླས་པ་ཡི། །གནས་དག་ཇི་ལྟར་ཡིན་པར་བཤད། །དུར་ཁྲོད་ཡང་ན་རི་ཡང་རུང ། །ཚང་ཚིང་པདྨའི་མཚོ་འགྲམ་དུ། །ཁྲོ་ཞིང་གཤིན་རྗེའི་གཤེད་པོ་ནི། །བཟླས་ན་དངོས་གྲུབ་ཐོབ་པར་འགྱུར། །ཀུ་ཤའི་རྩཝ་ཡི་སྟན་ལ་འདུག་། རི་མོ་ལ་ནི་ཕྱོགས་འདུག་སྟེ། །ལག་པ་གཉིས་ཀ་དྲིས་བསྐུས་ནས། །རུ་དྲཱཀྵ་ཡི་ཕྲེང་ཐོགས་ལ། །སྔགས་པས་རྟག་ཏུ་བཟླས་པར་བྱ། །དེ་བཞིན་བདུག་པ་ཨརྒྷ་དབུལ། །མྱུར་བ་དང་ནི་བུལ་བ་དང ། །དེ་བཞིན་ཡི་གེ་འདྲེས་པར་ནི། །ནམ་ཡང་སྨྲ་བར་ཡོད་མི་བྱ། །རྟག་ཏུ་
91-1-21b
རབ་ཏུ་གསལ་བར་སྨྲས། །ཆོ་ག་བཞིན་དུ་ཡིད་བསམས་ནས། །བུ་དོན་ལ་ནི་སེམས་བཞག་སྟེ། །སྐྱེ་བ་མེད་པའི་སེམས་ཀྱིས་ནི། །ཡི་གེ་གོ་རིམས་བཞིན་དུ་བཟླས། །འབུམ་གཅིག་བཟླས་པའི་ཐ་མ་ནི། །བསྒྲུབ་པར་བྱ་བ་བཤད་ཀྱིས་ཉོན། །མཚོ་ཡི་འགྲམ་དུ་དཀྱིལ་འཁོར་ནི། ། དུར་ཁྲོད་མང་པོ་བྲི་བར་བྱ། །དེ་ཡི་ནང་དུ་རི་མོ་བཀྲམ། །སེམས་དཔའ་མཚན་མོ་ཞུགས་ནས་ནི། །གྲོགས་བཟང་སེམས་ཀྱང་མ་རྨོངས་པ། །གུ་གུལ་བདུག་པ་དེ་བཞིན་བསྲེག་།ཟློས་ཤིང་སྣ་མའི་མེ་ཏོག་སྟོང ། །སྙིང་གར་ཕོག་པར་བྱ་ཞིང་དབུལ། །དེ་ནས་ཁྲོ་བོ་གཤིན་རྗེའི་གཤེད། ། རི་མོ་ལ་ཞུགས་ཁྲོ་བོའི་སྤྱན། །རི་མོ་དེ་ནི་ངེས་པ་རུ། །གཡོ་འམ་ཡང་ན་འགུལ་བར་འགྱུར། །དེ་ནས་ལྷ་དེ་གྲུབ་གྱུར་ནས། །གང་འདོད་པ་ཡི་ལས་རྣམས་བྱེད། །དེ་སྟེ་གྲུབ་པར་མ་གྱུར་ན། །གཞན་ཡང་ཆིག་འབུམ་བཟླས་པར་བྱ། །དེ་ནས་དེ་ཡི་མཐའ་མར་བསྒྲུབ། །དེས་ ཀྱང་མ་གྲུབ་གསུམ་པོ་ལ། །མཚམས་མེད་ལྔ་རྣམས་བྱེད་པ་ཡང ། །གདོན་མི་ཟ་བར་འགྲུབ་པར་བྱེད། །གྲུབ་པའི་ལས་རྣམས་གང་དག་འདིར། །བྱེད་པར་འགྱུར་བ་བཤད་པར་བྱ། །བསྒྲུབ་པར་དཀའ་བའི་ལས་རྣམས་ཀྱང ། །ཡིད་ལ་གང་དང་གང་འདོད་པ། །དེ་དག་ མཐར་ཕྱིན་མྱུར་བར་ནི། །རིག་སྔགས་འཆང་བས་བྱས་པར་འགྱུར། །རི་རྣམས་ཀྱི་ནི་རྩེ་མོ་དང ། །གཅོང་རོང་རྣམས་ནི་བསྙིལ་བར་བྱེད། །ས་ཡང་རབ་ཏུ་འགས་པར་བྱེད། །ཆུ་དག་ཀྱང་ནི་སྐམས་པར་ནུས། །དཔུང་རྣམས་མི་གཡོ་གནོན་པར་བྱེད། །ཁྲག་གི་ཆར་ཡང་འབེབས་ པར་བྱེད། །སྟོང་ངམ་ཡང་ན་འབུམ་ཡང་རུང ། །དེ་མ་ཐག་ཏུ་གསོད་པར་ནུས། །གནོད་པ་དང་ནི་རྨོངས་པ་དང ། །དེ་མ་ཐག་ཏུ་འབེབས་པར་བྱེད། །ཤིང་རྟའམ་ཡང་ན་གྲུ་དག་དང ། །གླང་པོ་མྱོས་པ་གནོན་པར་ནུས། །ཕ་རོལ་དཔུང་དག་འཁྲུག་པར་བྱེད། །ཡུལ་ཕྱོགས་ མྱུར་ཏུ་རྨོངས་པར་ནུས། །ཁྲོས་ནས་ས་ཡང་གཡོ་བར་བྱེད། །གླིང་དང་ནགས་ཚལ་སྲེག་པར་ནུས། །དེ་ནི་གང་གཱའི་མཚོ་ཡང་སྐེམས། །སྐམས་པ་དག་ཀྱང་འགེངས་པར་ནུས། །སྤྲིན་ཡང་ལེགས་པར་གནོན་པར་ནུས། །ཆར་པ་དག་ཀྱང་འབེབས་པར་བྱེད། །དུས་མིན་
91-1-22a
ཆར་ཡང་འབེབས་པར་ནུས། །ཀླུ་ཡི་བདག་པོ་དག་ཀྱང་འགུགས། །དེ་ནས་ནག་པོས་ཟིན་པ་ཡང ། །མཐོང་བའམ་ཡང་ན་སྤྲིན་ཙམ་གྱིས། །འགུགས་པར་བྱེད་དེ་ཐེ་ཚོམ་མེད། །སེར་བ་དང་ནི་སོལ་བའི་ཆར། །དེ་མ་ཐག་ཏུ་འབེབས་པར་ནུས། །འབྲས་བུ་མེ་ ཏོག་མཆོག་རྣམས་དང ། །ཡལ་ག་དག་གིས་བརྒྱན་པའི་ཤིང ། །བལྟས་པའམ་ཡང་ན་རྡོ་འཕངས་པས། །གློ་བུར་དུ་ཡང་འགྱེལ་བར་བྱེད། །དེ་ནི་སྦྱར་བ་ཙམ་གྱིས་སུ། །ས་ཡི་འོག་ཀྱང་འཁྲུག་པར་བྱེད། །དེ་བཞིན་ལྷ་དང་མི་རྣམས་ལ། །གནོད་པ་ཆེན་པོ་ འབྱུང་བར་བྱེད། །ཁྲོ་བོའི་རྒྱལ་པོ་འདི་ཡིས་ནི། །ངེས་པར་དབང་དུ་མི་འགྱུར་བའི། །དངོས་པོ་འདས་དང་ད་ལྟར་དང ། །ཕྱི་འབྱུང་བ་དག་གང་ཡང་མེད། །ལྷ་དེ་གྲུབ་པར་མ་གྱུར་ཀྱང ། །མཐོང་བ་ཙམ་མམ་ཚིག་གིས་ཀྱང ། །དུག་དང་རིམས་དང་གདོན་རྣམས་སོགས། ། ཞི་བར་བྱེད་པའི་མཆོག་ཏུ་འགྱུར། །དབང་དུ་བྱེད་དང་དབྱེ་བ་དང ། །གསད་དང་བསྐྲད་པར་བྱ་བ་དང ། །མིག་འཕྲུལ་ཨཉྫ་བསྐུ་བ་རྣམས། །བདུག་དང་དྲིས་བྱུག་སྦྱོར་བ་ཡི། །ལས་རྣམས་འདི་དག་ཐམས་ཅད་ནི། །བཟླས་པ་བརྒྱ་བྱས་འགྲུབ་པར་བྱེད། །སྔགས་པ་ གཏེར་ཆེན་ཡོད་པར་ནི། །སོང་སྟེ་བསྒྲུབ་པར་བྱས་ནས་སུ། །བགེགས་རྣམས་ཀྱི་ནི་མི་འཇིགས་པར། །ནོར་དེ་བཟླས་པ་སྟོང་བྱས་པས། །བདག་གིས་ཁྱིམ་ནས་ལེན་པ་བཞིན། །ཕྲ་མོ་རྣམས་ནི་རྒྱ་ཡིས་འཐོབ། །བཟླས་དང་སྦྱིན་སྲེག་མ་བྱས་ཀྱང ། །གཤིན་རྗེའི་གཤེད་ ཀྱི་མིང་ཙམ་གྱིས། །ལྷ་རྣམས་སྐྲག་པར་འགྱུར་བ་ནི། །རིང་པོར་མི་ཐོགས་གདོན་མི་ཟ། །མ་རུངས་པར་ནི་བྱ་བ་དང ། །བྱད་དང་སྟེམས་དག་བྱ་བ་དང ། །རྨོངས་དང་མནན་པའི་དངོས་གྲུབ་རྣམས། །བལྟས་པས་རྣམ་པ་དུ་མ་ཡི། །ཆོ་ག་གཞན་གྱིས་ཆོ་ག་ཡང ། ། རིང་པོར་མི་ཐོགས་འགྲུབ་པར་ནུས། །ཡུལ་དང་ཡུལ་ཕྱོགས་དག་ཏུ་ཡང ། །གནོད་པ་དང་ནི་ནད་ཀྱང་འབྱིན། །རྨུགས་པ་དང་ནི་གནོད་པ་དང ། །རྨོངས་དང་མི་མཐོང་བྱེད་པ་དང ། །འཁྲུག་པ་དང་ནི་སྐྲག་པ་དང ། །སྐྱོ་ཞིང་སླར་ཡང་གཡོ་བ་དང ། །ནོར་འགུགས་པ་དང་
91-1-22b
གནོན་པ་དང ། །སྐྱེ་བོ་དག་ཀྱང་འགུགས་པ་དང ། །ཡུན་དུ་འཚེ་ཞིང་འཇིགས་པ་དང ། །འཁྲུག་པ་འཐབ་མོ་སེར་བ་དང ། །བྲུ་བ་གཉིད་ཀྱིས་མྱོས་པ་དང ། །གང་ཡང་གཞན་དག་དེ་འདོད་པ། །སྔགས་པས་གཤིན་རྗེའི་གཤེད་དྲན་པས། །དེ་དག་ཐམས་ཅད་བྱེད་པར་འགྱུར། ། དེ་ནས་ཆོ་ག་ཕྱི་མ་འདི། །ཇི་ལྟར་ཡིན་པ་དེ་བཤད་དོ། །ལྷ་མ་ཡིན་གྱི་ཕུག་སྒོར་སོང ། །མཁས་པས་རི་མོ་བཀྲམ་ནས་སུ། །ཁ་ཟས་མི་ཟ་སྟན་གཅིག་འདུག་།ཁྲི་ཡི་གྲངས་ཚད་བཟླས་བྱས་ནས། །དེ་ནས་བུད་མེད་གཟུགས་མཆོག་ལྡན། །བཟང་པོ་རྣམས་ནི་སྒོར་ཕྱུང་ནས། ། སྒྲུབ་པ་དེ་ཡི་མདུན་དུ་ནི། །ནང་དུ་གཤེགས་ཞེས་དགའ་བར་བྱེད། །དེ་ནས་གྲོགས་པོ་ཡིད་གཅུགས་དང ། །སྒྲུབ་པ་པོ་ནི་ལྷན་ཅིག་ཏུ། །ངེས་པར་དམ་ཚིག་དག་གིས་ནི། །དེ་ཡི་གནས་སུ་འཇུག་པར་བྱ། །དེ་བཞིན་ཇི་ལྟར་འདོད་པ་རུ། །གནོད་སྦྱིན་མ་ཡི་མིང་རྣམས་ དང ། །ཤ་ཟ་མོ་འམ་དྲི་ཟ་མོ། །ཡང་ན་གང་འདོད་པ་ཡི་ལྷའི། །མིང་བྲིས་དེ་ཡི་མདུན་བཞག་ནས། །རི་མོ་ལ་ནི་ཉིན་རེ་ཞིང ། །དེ་ཡི་ཚིག་ནི་མཐར་སྦྱར་ནས། །མ་སྐྱོ་བར་ནི་འབུམ་བཟླས་ན། །སྒྲུབ་པ་པོ་དེས་འཇིགས་གྱུར་ནས། །དེ་དག་ཐམས་ཅད་འོང་བར་འགྱུར། །སྒྲུབ་ པོ་ཅི་སྲིད་འདོད་པར་ནི། །འདི་རུ་ལས་རྣམས་བྱེད་པར་འགྱུར། །ལྷ་རྣམས་དག་ནི་ཐམས་ཅད་ཀྱང ། །གནོད་སྦྱིན་ལ་སོགས་བསྒྲུབ་བཤད་ཟིན། །འདི་ཡི་ཆོ་ག་ཕྱི་མ་ཡི། །ཕྱི་མ་དག་ཀྱང་བཤད་པར་བྱ། །རི་མཆོག་དག་གི་རྩེ་མོ་ལ། །ཡི་དགས་མང་པོའི་དཀྱིལ་འཁོར་བྲི། ། ཡི་དགས་དཀྱིལ་འཁོར་བྲིས་ནས་ཀྱང ། །ཀུན་ལ་ཤ་ཡི་གཏོར་མ་བྱ། །གྲོགས་པོ་སེམས་ནི་དཔའ་བ་དང ། །ཡོན་ཏན་ལྡན་ཞིང་གཟོ་བ་དང ། །མི་རོའི་གོས་ལ་བྲིས་པ་ཡི། །རི་མོ་བཞག་ལ་དེ་ནས་སུ། །བདག་གི་ཡན་ལག་ཐམས་ཅད་ལས། །རུས་པ་དག་གིས་ཁྲག་ཕྱུང་སྟེ། ། མི་ཡི་ཐོད་པའི་ནང་དུ་གཞག་།ལུས་ལ་ཁྲག་ནི་ཅི་ཕྱིན་པ། །མི་རོའི་སྐྲ་ཡི་པིར་དག་གིས། །དེ་ནས་དེ་ཡི་ལུས་དག་དང ། །མིག་ཀྱང་རབ་ཏུ་གསལ་བར་བྱ། །དེ་ལ་བགེགས་ཀྱང་མང་དུ་འགྱུར། །དེ་ནས་དཔའ་བོས་བཤད་པར་གསུངས། །དཔའ་བོ་དག་གིས་ལས་ཀྱང་བྱ། །
91-1-23a
དེ་ཡི་འོག་ཏུ་བཟོ་བོ་ལ། །དཔའ་བོ་དག་གིས་ཡོན་ཡང་འབུལ། །དེ་ཉིད་ཡོངས་སུ་རྫོགས་པར་ནི། །གྱུར་གྱི་བར་དུ་ཚུལ་བཞིན་གྱིས། །ཐ་མར་དཔའ་བོ་གཅིག་པུ་དེ། །རི་མོ་མཚན་མོ་རབ་འབར་རམ། །ཡང་ན་དགོད་དམ་གཡོ་ཡང་རུང ། །དེ་ནས་དངོས་ གྲུབ་ཐོབ་པར་བཤད། །རི་མོ་དེ་ནི་བླངས་པ་ཡིས། །ནམ་མཁར་འཕར་བ་གདོན་མི་ཟ། །དཔལ་ལྡན་ཐོགས་པ་མེད་པར་འགྲོ། །མཚན་མོ་ཉི་མ་བཞིན་དུ་འབར། །དཔའ་བོ་དག་གིས་བསྒྲུབ་པ་འདི། །རིག་འཛིན་ཀུན་གྱི་ཐོག་མར་འགྲོ། །གྲུབ་པ་དེ་ལ་ལྷ་རྣམས་ཀྱང ། ། གདོན་མི་ཟ་བར་ཕྱག་འཚལ་འགྱུར། །རིག་འཛིན་རྣམས་ནི་ཐམས་ཅད་ཀུན། །ཀུན་ཏུ་བཀུར་བའི་རྒྱལ་པོར་འགྱུར། །ཡང་ན་ཆོ་ག་ཤེས་པའི་རྒྱལ། །རི་མོ་ཞི་བ་སྔོན་བཞིན་དུ། །བླངས་ཏེ་བསྲེགས་པའི་སྟེང་དུ་གཞག་།དེ་ནས་བསྲེགས་པ་དེར་འདུག་ནས། །གཅིག་པོ་ རལ་གྲི་བླངས་ནས་སུ། །མཚན་མོ་གཤིན་རྗེའི་གཤེད་བཟླས་པ། །འབར་བར་འགྱུར་གྱི་བར་དུ་འམ། །དུ་བའམ་ཚ་བའི་བར་དུ་བཟླས། །འབར་བར་གྱུར་བ་དཔལ་དང་ལྡན། །རིག་འཛིན་དུ་ནི་དེ་འགྱུར་རོ། །དུ་བ་བྱུང་བས་མི་སྣང་བ། །ནམ་མཁར་འགྲོ་བའི་མཆོག་ཏུ་འགྱུར། །དེ་ཚེ་ཚ་ བར་གྱུར་ན་ནི། །ས་ཡི་རྒྱལ་པོར་ངེས་པར་འགྱུར། །རལ་གྲི་མཆོག་དེ་བྱ་བ་ཡང ། །སོར་ནི་སུམ་ཅུ་རྩ་གཉིས་ཤིས། །ཡན་ལག་ཐམས་ཅད་ཡོངས་རྫོགས་པ། །བསྒྲུབ་པར་བྱ་བ་སོ་ཡི་རྡོ། །དེ་ལྟར་ཆོ་ག་ཕྱི་མ་ཡང ། །མདོར་ནི་ལེགས་པར་བཤད་པ་ཡིན། །ལག་པ་གཡས་ པའི་སོར་མོ་ཡིས། །མཐེ་བོང་སྦས་ནས་གྱེན་དུ་ནི། །བསྒྲེང་བར་བྱས་པའི་ཕྱག་རྒྱ་ཡི། །བེ་ཅོན་ཞེས་ནི་བསྒྲགས་པ་ཡིན། །ཧ་ཉིད་ཀྱི་ནི་སྔགས་ལྡན་བར། །ལས་རྣམས་ཀུན་ལ་བཅིང་བར་བྱ། །སྤྱན་དྲང་བ་དང་མཆོད་པ་དང ། །གཤེགས་སུ་གསོལ་དང་བཞུགས་པ་དང ། ། ལས་རྣམས་བྱ་བའི་ཚེ་དག་དང ། །གཞན་ཡང་དགོས་པ་འབྱུང་བའི་ཚེ། །ཚུལ་བཞིན་ཕྱག་རྒྱ་འདི་བཅིངས་ནས། །གཤིན་རྗེའི་གཤེད་ཀྱི་ལྷ་བཟླས་སོ། །སྔགས་པ་རྒྱལ་པོའི་དྲུང་སོང་ནས། །མགོ་བཏུད་པུས་མོ་བཙུགས་ནས་སུ། །བདག་ཉིད་དང་ནི་ནོར་བཅས་པར། །གདོན་
91-1-23b
མི་ཟ་བར་མྱུར་དུ་འགྲུབ། །འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་ཐམས་ཅད་ཀྱི་ཕྱི་མའི་ཡང་ཕྱི་མ་ལས་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་གསལ་ཤིང་ཁྲོ་བོ་རྣམ་པར་རྒྱལ་བའི་ཆོ་ག་ཞིབ་མོ་ཕྱི་མའི་ཡང་ཕྱི་མ་གསང་བ་གསལ་ ཤིང་རྒྱུད་དེ་རིམ་པར་ཕྱེ་བ་བཅུ་བདུན་པའོ།། །།ོཾ་ཨཱ་ཀྲོ་དྷེ་ཀ་ཡ་མཱནྟ་ཀ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སཝཱ་ཧཱ། འདི་ཡང་བཅོམ་ལྡན་འདས་ཀྱི་སྔགས་གཞན་ནོ། །ོཾ་ཨཱཿ ཧཱུཾ་འདི་ཡང་དེ་བཞིན་ནོ། །ཡི་གེ་བཅུ་གཅིག་རྒྱལ་པོ་ཡི། །དེ་ཉིད་བཟླས་པས་གྲུབ་པར་འགྱུར། །ཁྲོ་བོ་ རྣམ་པར་རྒྱལ་བ་ཡི། །རྩ་བ་དང་ནི་ཕྱི་མ་དང ། །དེ་བཞིན་ཕྱི་མའི་ཕྱི་མ་འདི། །རྟོག་པ་མ་ལུས་རྒྱས་པ་དག་།ལྷ་དེ་རྣམས་ཀྱིས་ལེགས་ཐོས་ནས། །འཇིག་རྟེན་འཇིག་རྟེན་འདས་པ་ཀུན། །ཐལ་མོ་རབ་ཏུ་སྦྱར་ནས་སུ། །ཁྲོ་བོ་རྣམ་པར་རྒྱལ་བ་ནི། །གཤིན་རྗེའི་གཤེད་ ལ་འདི་སྐད་སྨྲས། །བཅོམ་ལྡན་ཁྱོད་ཀྱིས་རྟོག་པ་འདི། །བསྒྲུབ་པ་རྣམས་ལ་ཕན་པའི་ཕྱིར། །རབ་ཏུ་ངོ་མཚར་བཤད་ལགས་ཏེ། །བཟླས་དང་ཧོམ་དང་མཆོད་ལ་སོགས། །ཁྲོ་བོ་ཆེན་པོའི་བརྟུལ་ཞུགས་དང ། །དེ་བཞིན་དཀའ་ཐུབ་དྲག་པོ་དང ། །ཇི་སྐད་གསུངས་པའི་སྨྱུང་ བ་ཡིས། །ཁྲོ་བོ་ཀཱི་ལི་ཀཱི་ལ་ལས། །སོགས་པའང་དུས་ལ་བབ་ན་ནི། །སྔགས་ཟློས་པ་ལ་དངོས་གྲུབ་སྟེར། །བཅོམ་ལྡན་འདས་ཀྱིས་རྟོག་པ་དང ། །ཁྱད་པར་གྱུར་པ་ཅི་ཞིག་མཆིས། །དེ་བས་བཟླས་དང་སྦྱིན་སྲེག་དང ། །སྨྱུང་དང་བརྟུལ་ཞུགས་དཀའ་ཐུབ་དང ། ། མེད་པར་རང་དབང་ཉིད་དུ་ནི། །དངོས་གྲུབ་དམ་པ་ཁྱོད་ཀྱིས་གསུངས། །ལྷ་མཆོག་དེ་དག་ཐམས་ཅད་ཀྱིས། །ཕྱག་འཚལ་དེ་སྐད་སྨྲས་པ་དང ། །ཁྲོ་བོ་དྲག་ཏུ་བཞད་པ་ཡིས། །རབ་ཏུ་དྲག་པའི་ཚིག་ཏུ་གསུངས། །དྲག་ཏུ་བཞད་པའི་ཞལ་འཛུམ་པས། །ལྷ་ཡི་ཚོགས་རྣམས་ འཇིགས་རྨོངས་ལ། །མ་འཇིགས་མ་འཇིགས་ཞེས་གསུངས་པའི། །ཕན་པའི་ཚིག་གིས་དབུགས་ཕྱུངས་ནས། །ཁྱེད་རྣམས་ཀྱིས་ནི་གང་སྨྲས་པ། །སྒྲུབ་པ་བདག་ནི་མེད་པར་ཡང ། །སྦྱོར་བ་ཤེས་པས་གྲུབ་འགྱུར་བ། །ལྷ་རྣམས་ཀུན་གྱིས་མཉན་པར་གྱིས། །བདེ་གཤེགས་
91-1-24a
དངོས་གྲུབ་གཅིག་པུ་ལས། །དགྱེས་པ་རྣམ་པ་ཐ་དད་འགྱུར། །དེ་ནས་ཏིང་འཛིན་ཚུལ་ལས་ནི། །མཚན་མ་དང་ནི་དངོས་གྲུབ་དེ། །ཐོག་མར་བྱང་ཆུབ་རྩ་ལ་བརྟེན། །ཤེས་རབ་དེ་ལྟ་བུ་ཡང་བསྒོམ། །སེམས་ཀྱང་རྣམ་པར་མི་རྟོག་པས། །བདེ་གཤེགས་ དངོས་གྲུབ་དེ་དག་འཐོབ། །དེ་ངའི་གཟུགས་སུ་གྱུར་པར་བྱོས། །ས་བོན་མཚོན་ཆ་མང་པོར་ལྡན། །ཁྲོ་བོ་དེ་ཡི་ཞལ་དྲུག་བསྒྱུར། །དྲིལ་བུ་གསིལ་བའི་སྒྲ་ཡང་འབྱིན། །ཁྲོ་བོའི་ཞལ་ནི་བཅས་པར་ལྡན། །དེ་ཡི་གཟི་དང་མཐུ་ལྡན་བྱས། །ཀུན་ཏུ་དགའ་བའི་སྙིང་པོར་ལྡན། ། གང་གིས་ཡིད་ལ་གང་བསྒོམས་པ། །དེ་ལ་ང་ཡི་ཐུགས་གཡོས་པས། །ཇི་ལྟ་བའམ་གར་ཡང་རུང ། །མདུན་ནམ་ཡང་ན་རྒྱབ་ནས་ཀྱང ། །ལས་ཀུན་བྱེད་ནུས་གྲུབ་པར་འགྱུར། །གང་དག་ང་ནི་ཕྱག་ལྔ་བཅུ། །བེ་ཅོན་གདེངས་པས་བསྡིགས་པར་མཛད། །ཏྲི་ཤཱུལ་རལ་གྲི་ དགྲ་སྟ་ཀྱུ། །ཐོད་པ་ཤག་ཏི་ཐོད་མར་དབྱུག་།དེ་དག་ལས་ནི་ཕྱག་གསུམ་དྲུག་།གཡས་པ་བེ་ཅོན་མདའ་རལ་གྲི། །གཡོན་ན་འཁོར་ལོ་རྡོ་རྗེ་འཛིན། །རྡོ་རྗེ་རྩེ་གཅིག་མིག་དྲུག་པ། །དཔྲལ་བའི་གཉེར་མ་བསྙེར་བ་དང ། །ཁྲོ་གཉེར་བསྙེར་བའི་ལྟ་བ་ཅན། །འཇིགས་པའི་ སྦྲུལ་གྱིས་རོ་སྟོད་དཀྲིས། །ཐོད་པ་དག་གིས་རྒྱན་དུ་བྱས། །ཆར་སྤྲིན་སྔོན་པོའི་ཁ་དོག་འདྲ། །ཞལ་གཅིག་སྤྱན་ཡང་མི་མཉམ་པ། །འབྲུག་གི་སྒྲ་དབྱངས་སྒྲ་སྒྲོགས་པ། །སྟག་ལྤགས་ན་བཟའ་གསོལ་བར་དགྱེས། །མཚོན་ཆ་མཚོན་རྣམས་འབར་ཞིང་འདུག་།སྤྱན་དང་ གཙུག་པུད་རྩ་དམར་སེར། །ཞབས་གཉིས་གདེངས་པའི་ཚམ་ངམ་མཛད། །ས་ཡི་སྟེང་ན་ཟ་ཟ་ལྟ། །མཆེ་བ་དག་ཀྱང་གཙིགས་པའི་ཞལ། །བཅིབས་པ་མ་ཧེ་ཆིབས་པ་དེ། །སེམས་པའམ་རི་མོ་ལ་བྲིས་པ། །སྒྲུབ་པོ་མྱུར་དུ་མཆོད་བྱེད་ན། །དེ་ལ་ང་ནི་མྱུར་བ་རུ། །དགྱེས་ནས་ མངོན་དུ་ཕྱོགས་པར་འགྱུར། །ཇི་ལྟར་འདོད་པའི་དོན་རྣམས་ནི། །གདོན་མི་ཟ་བར་གྲུབ་པར་བྱེད། །རྣམ་པར་གནོན་པའི་གཟུགས་འདི་ནི། །བདུད་ལས་རྒྱལ་བ་ཡིན་པར་བསྒྲགས། །ཐོག་མ་བདག་གིས་དམ་ཚིག་སྦྱིན། །བསྲུང་མཆོག་ཚུལ་བཞིན་བྱས་ནས་སུ། །རས་ནི་སུམ་ཅུ་
91-1-24b
སོར་ཚད་ལ། །སྔགས་པ་བཟོ་བོ་ཡོན་ཏན་ཅན། །ཡིད་ནི་བསྟེན་པར་བྱ་བའི་ཕྱིར། །དབེན་པའི་གནས་སུ་མི་མངོན་པར། །ཚོན་རྩི་དགེ་བ་བཟང་པོ་ཡིས། །རི་མོ་ཐོག་མར་བྲི་བར་བྱ། །ཟིན་ནས་ཀྱང་ནི་དབེན་པར་གཞག་།སུ་ལའང་བསྟན་པར་ཡོང་མི་བྱ། །ང་ཡི་གཟུགས་ སུ་གྱུར་པར་བྱས། །ས་བོན་མཚོན་ཆ་བཟང་པོར་ལྡན། །ང་ཡི་ཞལ་ནི་ཁྲོ་བོར་འགྱུར། །དྲིལ་བུ་གསིལ་བའི་སྒྲ་དང་ལྡན། །ཁྲོ་བོའི་ཞལ་ནི་བསམ་བར་བྱ། །ང་ཡི་གཟི་དང་མཐུར་ལྡན་བྱས། །ཀུན་དགའ་ཡི་ནི་སྙིང་པོར་ལྡན། །གལ་ཏེ་དམ་ཚིག་མི་ལྡན་པའི། །སྐྱེ་ བོས་རི་མོ་དེ་མཐོང་ན། །མྱུར་དུ་རྣམ་པར་མྱོས་པར་འགྱུར། །དེ་བས་རྣམ་པ་ཐམས་ཅད་དུ། །སྲུང་བ་དྲག་པོ་ཀུན་ཏུ་བྱ། །གྲོང་ངམ་ཡང་ན་གྲོང་ཁྱེར་དུ། །རྣམ་པ་གཞན་དུ་གཞག་གྱུར་ཏམ། །གོང་དུ་མཆོད་པ་མ་བྱས་ན། །མྱུར་དུ་འཇིགས་པ་སྐྱེ་བར་འགྱུར། །རི་མོ་ ལ་ནི་གནས་པའི་གཟུགས། །དེ་ལྟར་རྟག་ཏུ་གོམས་བྱས་ཤིང ། །དེར་བསྒྱུར་ད་ཡི་ཡིད་དུ་འགྱུར། །ཇི་སྲིད་གང་དག་གོམས་གྱུར་ཅིང ། །ཀུན་དུ་མདུན་ན་གནས་པ་རུ། །གང་ཚེ་མཐོང་བར་གྱུར་བ་ན། །དེ་ཚེ་རི་མོ་མེད་པར་ཡང ། །ཇི་ལྟ་བུ་ཡི་ཚུལ་ཉིད་ཀྱིས། །རྟག་ཏུ་ སྦྱོར་བ་བྱས་ནས་ནི། །སྦྱོར་བ་ཉིད་ཀྱི་རྟག་པ་རུ། །ཁྲོ་བོ་ཀུན་ཏུ་སྦྱོར་བ་ནི། །དེ་ལས་ལས་རྣམས་ཐམས་ཅད་བྱེད། །འདི་ནི་གསང་བ་བསྟན་པ་ཡིན། །ཡང་ན་བདག་ཉིད་དེ་འདྲ་བར། །ཇི་སྲིད་ཅིག་ཏུ་གྲུབ་པའི་བར། །ཡིད་ལ་ལེགས་པར་བསྒོམས་ན་ནི། །དེ་ནས་དེ་ཡི་ དངོས་གནས་པར། །ཡིད་ལ་ཅུང་ཟད་གང་བསམས་པ། །དངོས་པོ་གོམས་པར་བྱས་ན་ནི། །དེ་ཉིད་འབྲས་བུ་ཡོད་པར་འགྱུར། །གང་ཕྱིར་ཁྲོ་བོ་བསྒོམས་པ་ཡིས། །ཁྲོ་བོ་ཡོང་ཡེ་བསྒོམས་ན་ནི། །བཟླས་པ་ལ་སོགས་མེད་པར་ཡང ། །དངོས་གྲུབ་དམ་པ་ཐོབ་པར་འགྱུར། ། སྒྲུབ་པ་རྣམས་ལ་དམ་ཚིག་གིས། །གལ་ཏེ་སྦྱིན་པར་བྱ་ན་ཡང ། །དེ་ཚེ་ས་ནི་རབ་སྦྱངས་ནས། །ཐོག་མར་སྤོས་ཆུས་གདབ་པར་བྱ། །ཀུན་དུ་ཟླུམ་པོ་ཞེས་བྱ་བའི། །དཀྱིལ་འཁོར་འདི་ནི་ལོགས་ཤིག་ཏུ། །ཀུན་དུ་ཟླུམ་པོར་བྲི་བར་བྱ། །ཚོན་རྩི་ནག་པོར་ལེགས་བྲིས་
91-1-25a
ཏེ། །ནུབ་ཕྱོགས་སྒོ་བཏོད་ཁྲུ་དོ་ཙམ། །དེ་ཡི་དབུས་སུ་མཆོག་བྲི་བ། །འགྱིང་ཞིང་ལྡེམ་བག་ཅན་གྱི་ལུས། །ཆར་སྤྲིན་དང་ནི་བུང་བའི་མདོག་།འཇམ་ཞིང་མཉེན་པ་དཔལ་དང་ལྡན། །གསེར་གྱི་དྲིལ་བུའི་སྒྲ་དང་ལྡན། །གཡག་རྔའི་བསིལ་ཡབ་ གཡོབ་བ་ཅན། ཨཉྫ་ན་ཡི་རི་ལྟ་བུའི། །མ་ཧེ་ཆེན་པོ་དམ་པ་ནི། །དཀྱིལ་འཁོར་དམ་པ་དེ་བྲིས་ཏེ། །བསྲུང་བ་ཆོ་ག་བཞིན་བྱས་ནས། །སྔགས་ཤེས་པས་ནི་མཆོད་བྱས་པ། །ཆོ་ག་བཞིན་དུ་འདིར་བཤད་དོ། །སྤྱན་དྲངས་གདན་དུ་བསྟབ་པ་དང ། །རྒྷ་གཏོར་མས་ མཆོད་པ་དང ། །མར་མེ་བདུག་པ་བསྟན་པ་དང ། །ཐ་མར་སླར་གཤེགས་བསྟན་པའོ། །གཟུགས་དགོད་པ་དག་ཐོག་མ་རུ། །ལྷ་དགོད་པ་དག་ཡིག་འབྲུས་བསྐྱེད། །ས་བོན་གྱིས་ནི་ཚུལ་བཞིན་བཤད། །དེ་ལས་དང་པོར་ཐམས་ཅད་ནི། །ས་བོན་ཁྲོ་བོའི་གཟུགས་ ཡིན་ཏེ། །དེ་ཉིད་ཕལ་ཆེར་རབ་ཏུ་གྲགས། །གཅིག་པུ་མཚོན་ཆ་དུ་མའི་མཆོག་།དེ་ཉིད་དེར་ནི་བསྟེན་བྱ་བའི། །རྟག་ཏུ་མཚོན་ཆ་འབར་བྱེད་པ། །དེ་ཡི་གཟུགས་འདིར་གཅིག་པུ་ལ། །ས་བོན་གྱིས་ནི་བསྐུལ་བའི་ཞལ། །དྲིལ་བུའི་ས་བོན་དྲུག་རྣམས་ཀྱིས། །སྒྲ་དེ་ རྣམས་བཞིན་སྒྲོགས་པར་བརྟག་།འདི་ནི་ཁྲོ་བོའི་ཞལ་ཡིན་གསུངས། །འདི་ནི་ཐོག་མ་ཉིད་ཀྱི་གཟུགས། །དེ་ཡི་མཐུ་ཡང་ཅི་འདྲ་བ། །ཚུལ་བཞིན་དུ་ཡང་འདིར་བཤད་དོ། །གང་གིས་དྲན་པ་ཙམ་གྱིས་ནི། །བདུད་དཔུང་གདུག་པའི་གདོན་ལ་སོགས། །མཐུ་རྩལ་ གནོད་པས་ཉམས་ནས་སུ། །འཇིགས་ཤིང་སྤ་བཀོང་བྱེད་པར་འགྱུར། །ཟུང་ཤིག་པ་ཡི་ཚིག་གཉིས་ལྡན། །ཞལ་ཡང་གདངས་ཤིང་འབར་བ་ཅན། །སྙིང་པོ་དག་པར་རབ་ཏུ་གཞག་།མཚོན་ཆ་འདེབས་པའི་མཐུ་རྩལ་ཅན། །དེ་ལྟར་ཁྲོ་བོ་རྒྱལ་བའི་གཟུགས། །ས་ བོན་ཞེས་སུ་བྱ་བ་ཡི། །སྔགས་ཀྱི་དངོས་པོ་ཤེས་ནས་ནི། །སྔགས་པས་དངོས་གྲུབ་ཐོབ་པར་འགྱུར། །མཚོན་ཆ་འཕངས་པ་ཙམ་གྱིས་ནི། །དེ་ཡི་ཀུན་ཏུ་བསྲུང་བར་བྱ། །ས་བོན་བཀོད་པའི་ཚུལ་བཞིན་དུ། །བདག་གི་ལུས་ལ་སྦྱར་བར་བྱ། །གཟུགས་
91-1-25b
ནི་གཟུགས་ལ་བཞག་ནས་སུ། །མཚོན་ཆ་དེ་ཉིད་ལག་ན་ཐོགས། །ས་བོན་རྣམས་ཀྱང་ཁར་བཞག་སྟེ། །རྐང་པ་གཉིས་ཀྱང་ཚམ་དམ་བྱ། །དེ་ནས་ཀུན་དུ་ཁྲོས་ནས་སུ། །རང་གི་ས་བོན་དགོད་པར་བྱ། །ཐོག་མ་བདག་ལ་མ་གཡེངས་པར། །སྲུང་བ་དེ་ལྟར་ བྱས་ནས་སུ། །དཀྱིལ་འཁོར་དུ་ནི་སྤྱན་དྲངས་ཏེ། །དེ་ནས་མདུན་དུ་མཆོད་པ་བྱ། །སྔགས་ཀྱི་སྙིང་པོ་ཐ་མ་ལ། །ཚུལ་གཤེགས་པ་ཡི་ཚིག་གཉིས་དང ། །རྟག་ཏུ་ལྡན་པར་བྱས་ནས་སུ། །སྤྱན་དྲངས་བ་དག་བྱ་བར་བཤད། །མེ་ཏོག་དག་གིས་གདན་འདི་ལ། ། བཞུགས་སུ་གསོལ་ཞེས་རྟག་ཏུ་བྱ། །དེ་ལྟ་བུར་ནི་སྤྱན་དྲངས་ནས། །མེ་ཏོག་དག་གིས་སྔ་མ་བཞིན། །བཞུགས་ཤིག་པ་ཡི་ཚིག་གཉིས་ཀྱིས། །ཆོ་ག་བཞིན་དུ་བཞུགས་སུ་གསོལ། །ཁྲོ་བོའི་རྒྱལ་པོ་དེ་ལ་ནི། །བཞུགས་པར་བྱ་བ་བསྟན་པ་ཡིན། །མེ་ ཏོག་སྔགས་ཀྱིས་བཏབ་པ་ཡིས། །དེ་ལྟར་བཞུགས་པར་བྱས་ནས་སུ། །རྒྷ་འདི་ནི་བཞེས་ཤིག་ཅེས། །ཚིག་གི་འཇུག་ཏུ་བརྗོད་ནས་སུ། །སྤོས་ཆུ་མེ་ཏོག་སྦྱར་བ་ཡིས། །རྒྷ་དེ་ལ་དབུལ་བར་བྱ། །མེ་ཏོག་བདག་གིས་ཕུལ་བ་འདི། །བཞེས་སུ་ གསོལ་ཞེས་བརྗོད་ནས་སུ། །སྤོས་ཆུ་བཟང་པོ་བཏབ་པ་ཡི། །མེ་ཏོག་དག་ནི་སྔོན་བཞིན་དབུལ། །སྔགས་པས་རྟག་ཏུ་ཚིག་མཇུག་ལ། །གཏོར་མ་བདག་གིས་ཕུལ་བ་འདི། །བཞེས་སུ་གསོལ་ཞེས་བརྗོད་ནས་སུ། །གཏོར་མ་སྣ་ཚོགས་དབུལ་བར་བྱ། ། མར་མེ་བདག་གིས་ཕུལ་བ་འདི། །བཞེས་སུ་གསོལ་ཞེས་མཇུག་ཏུ་བརྗོད། །མར་གྱིས་ལེགས་པར་གང་བ་ཡི། །མར་མེ་དག་ནི་དབུལ་བར་བྱ། །བདུག་པ་བདག་གིས་ཕུལ་བ་འདི། །བཞེས་སུ་གསོལ་ཞེས་མཇུག་ཏུ་བརྗོད། །བདུག་པ་ཐང་ཆུ་རྣམ་པ་ལྔ། ། སྔགས་ཀྱིས་བཏབ་སྟེ་དབུལ་བར་བྱ། །དེར་ནི་མཆོད་པ་བྱས་ནས་ཀྱང ། །དཀྱིལ་འཁོར་དག་གམ་རི་མོ་ལ། །རང་གི་ཡན་ལག་བཀོད་པ་དག་།དམ་ཚིག་ཅན་ལ་བསྟན་ནས་ནི། །མཐོང་བ་ཙམ་ནི་ཉིད་ཀྱིས་སུ། །རིག་འཛིན་དམ་ཚིག་ཅན་དུ་འགྱུར། །དེ་ནས་
91-1-26a
རྟོག་པ་ལས་གསུངས་པའི། །ལས་རྣམས་མྱུར་དུ་བྱེད་པར་འགྱུར། །དེ་ལྟར་ཁྲོ་བའི་རྒྱལ་པོ་ཡི། །མཆོད་པ་ལེགས་པར་བྱས་ནས་སུ། །སྒྲུབ་པ་པོ་ནི་མ་ཡེང་པར། །སྔགས་རྗོད་སླར་ཡང་གཤེགས་སུ་གསོལ། །སླར་ཡང་གཤེགས་པར་མཛད་ནས་ སུ། །སླར་ཡང་གཤེགས་པའི་ཚིག་གཉིས་བརྗོད། །མེ་ཏོག་སྙིམ་པ་བཀང་ནས་ནི། །ཕྱག་འཚལ་སླར་ཡང་གཤེགས་སུ་གསོལ། །དཀྱིལ་འཁོར་དག་གམ་གསང་སྔགས་བཟླས། །དེ་ནས་གཞན་ཡང་ཕྱག་རྒྱ་ནི། །རབ་ཏུ་འབར་བ་གཅིག་པུ་བཤད། །གཤིན་རྗེའི་ གཤེད་ཅེས་བྱ་བའི་ལྷ། །གང་གིས་གྲུབ་པར་གྱུར་པའོ། །ལག་པ་གཡས་པའི་སོར་མོ་ཡི། །མཐེ་བོང་སྦས་ཏེ་གྱེན་དུ་ནི། །བསྒྲེང་བར་བྱ་བའི་ཕྱག་རྒྱ་འདི། །བེ་ཅོན་ཞེས་ནི་གྲགས་པ་ཡིན། །ལྷ་ཉིད་ཀྱིས་ནི་སྔགས་ལྡན་པས། །ལས་རྣམས་ཀུན་ལ་བཅིང་བར་བྱ། །སྤྱན་དྲང་ པ་དང་མཆོད་པ་དང ། །གཤེགས་སུ་གསོལ་དང་བཞུགས་པ་དང ། །ལས་རྣམས་བྱ་བའི་ཚེ་དག་དང ། །གཞན་ཡང་རྒོལ་བ་བྱུང་བའི་ཚེ། །ཚུལ་བཞིན་ཕྱག་རྒྱ་འདི་བཅིངས་ནས། །གཤིན་རྗེའི་གཤེད་ཀྱང་ལྷ་བཟླས་སོ། །སྔགས་པ་རྒྱལ་པོའི་དྲུང་འགྲོ་ན། །མགོ་ བཏུད་པུས་མོ་བཙུགས་ནས་སུ། །གདོན་མི་ཟ་བར་དབང་གྱུར་པ། །བདག་ཉིད་དང་ནི་ནོར་གྱིས་སོ། །ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཆེན་པོ་འཇམ་དཔལ་གྱི་རྩ་བའི་རྟོག་པ་ཐམས་ཅད་ཀྱི་ཕྱི་མའི་ཕྱི་མ་ལས་ཁྲོ་བོ་རྣམ་པར་རྒྱལ་བ་བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཀྱི་རྒྱལ་པོ་ རྟོག་པ་ཕྱི་མའི་ཡང་ཕྱི་མ་གསང་བའི་རིམ་པར་ཕྱེ་བ་སྟེ་བཅཝ་བརྒྱད་པའོ། །རྫོགས་སོ།། །།མ་མཻ་མཱ་མི་མུ་མཱུ་མུ། །མུ་མི་མཱ་མཻ་མ་ཡིག་ཟུང ། །ཐོག་མ་ཐ་མ་ཟུང་གཅིག་ཏུ། །ཟུང་དང་བསྣོལ་བའི་བྱེ་བྲག་གིས། །སྦྱར་བར་བྱ་བ་འདིར་བཤད་དོ། །ས་བོན་ཞེས་ བྱ་དཀྱིལ་དུ་གཞག་།ཁྲོ་བོ་དག་ནི་སོ་སོ་རུ། །ཟུང་མའི་ཟུང་མིན་ཚིག་འདི་ལ། །ཐ་མའི་ཟུང་ནི་མ་ཡིན་ནོ། །ཟུང་མའི་ཟུང་མ་ཚིག་འདི་ལ། །ཧེ་ཧེ་ཧ་ཧ་ཧི་ཧི་ཧི་ཧི་ཧ་ཧ་ཧེ་ཧེ་ཞེས་གཉིས་སྦྱར་བ། ཁྲོ་ཆེན་ཚིག་གིས་ཐོག་མར་ཅེས། ཨོཾ་ཨོཾ་སཝཱ་ཧཱ་ཕྱག་འཚལ་
91-1-26b
གཞག་།རྒྱས་པར་འདོད་པས་དགའ་བཞིན་དུ། །མེལ་ཚེ་ཐུན་གཅིག་རྟག་ཏུ་བཟླས། །རི་མོ་ཆོ་ག་བཞིན་དུ་བསྒྲུབ་པ་ཡིས། །རྟག་པར་མཆོད་པའི་ཆོ་ག་འདི། །མདོ་རུ་བསྡུས་ནས་བཤད་པ་ཡིན། །བཟླས་པ་དང་ནི་ཧོམ་དག་དང ། །བརྟུལ་ཞུགས་ དཀའ་ཐུབ་མ་བྱས་ཀྱང ། །སྔགས་ཀྱི་དངོས་འདི་ཤེས་ནས་ནི། །མཆོད་པ་འབའ་ཞིག་དབུལ་བར་བྱ། །འདི་ལ་མཆོད་པ་བྱ་བ་ཉིད། །ཁྲོ་བོའི་རྒྱལ་པོ་རྟག་པ་རུ། །མཉེས་བྱས་ཡིན་པར་གང་ཤེས་པ། །སྔགས་པས་དངོས་གྲུབ་ཐོབ་པར་འགྱུར། །རྟག་ཏུ་ སྔགས་པས་སེམས་པ་དང ། །རྟག་ཏུ་སྔགས་ཀྱི་བདག་ཉིད་འགྱུར། །རྟག་ཏུ་ཡིད་ལ་ཞེན་པ་དང ། །རྟག་ཏུ་མཆོད་ལ་བརྩོན་པ་དང ། །རྟག་ཏུ་ཁྲོ་བོར་འདུ་ཤེས་པ། །ལས་རྣམས་ཐམས་ཅད་གྲུབ་པའི་ཕྱིར། །ཆོ་ག་མདོར་བསྡུས་འདི་བཤད་པའོ། །ཁྲོ་བོ་རྣམ་པར་ རྒྱལ་བ་འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས་གསང་བའི་རྟོག་པར་གཏོགས་པ་སྟེ་དང་པོའོ།། །།མ་མཻ་མཱ་མི་མུ་མཱུ་མུ། མཱུ་མཱི་མ་མཻ་མའི་ཡི་གེ་།ཟུང་དང་ཡ་བྲལ་བྱེ་བྲག་གིས། །ཐོག་མ་ཐ་མ་ཟུང་གཅིག་ཏུ། །འཁོར་ལོ་འདི་ནི་ཅི་རིགས་པར། །སྦྱར་བར་བྱ་བ་ འདི་བཤད་དོ། །ས་བོན་ཞེས་བྱ་དཀྱིལ་འཁོར་བཞག་།ཁྲོ་བོ་དག་ནི་སོ་སོ་རུ། །དབང་དང་འཁོན་དང་གསད་པ་དང ། །དེ་བཞིན་བསྐྲད་དང་ཞི་བ་དང ། །ཡང་ན་རྒྱས་པར་བྱ་བའི་ཕྱིར། །ཟུང་དང་བསྣོལ་བས་མྱུར་དུ་འགྲུབ། །ཁྲོ་བོ་ཞེས་བྱའི་དཀྱིལ་འཁོར་ནི། ། དཀྱིལ་དུ་བཞག་སྟེ་སོ་སོ་རུ། །ཟུང་ཤིག་ཚིག་གཉིས་ཐ་མར་བཞག་།ཆེ་གེ་མོ་ཞིག་དབང་དུ་བྱོས། །མཚོན་ཆ་མེད་པའི་ས་བོན་བཞག་།སཝཱ་ཧཱ་འི་ཚིག་ནི་བར་བར་གཞུག་།བསྒྲུབ་པར་བྱ་ཡི་གཟུགས་བྱས་ནས། །དེ་ལ་རྐང་པས་བརྫི་བ་ནི། །སྔགས་པས་ འགྲེང་སྟེ་འདུག་པ་ནི། །རྐང་སྐྱོ་བ་ཡི་བར་དུ་བྱ། །རྒྱལ་པོ་དབང་དུ་མ་གྱུར་པ། །དེ་ཡི་དབང་དུ་མྱུར་དུ་འགྱུར། །གཅིག་པོ་དེ་ལ་སྤོས་ནས་སུ། །མྱུར་དུ་གོ་རིམས་བཞིན་བཞག་པའོ། །ས་བོན་གཉིས་པའི་གནས་ལ་ནི། །གནས་ནས་གདོང་ཡང་བསྒྱུར་ནས་སུ། །
91-1-27a
ཟུང་གཅིག་ཚིག་གཉིས་མཐའ་མར་བཞག་།ཆེ་གེ་མོ་ཡི་མཛའ་བོ་དེ། །སྡང་བར་གྱུར་ཞེས་མཐའ་མར་བྱ། །བསྒྲག་པར་བྱ་བ་ཅུང་ཟད་མེད། །བསྒྲུབ་པར་བྱ་བ་གཉིས་ཀ་ཡི། །གཟུགས་ནི་འཇིགས་པའི་ལས་བྱེད་དེ། །གཅིག་ཏུ་དཔའ་བར་མཉམ་ལྡན་པར། །གཉིས་པ་ལ་ ཡང་རྐང་པས་མནན། །སྔགས་མཁན་དེ་ལ་གནས་པ་ཡི། །མེལ་ཚེ་ཐུན་ནི་ཕྱེད་ཙམ་གྱིས། །དེ་ནས་སྒྲུབ་པ་འདོད་པ་བཞིན། །དེ་གཉིས་ཕན་ཚུན་དགྲར་གྱུར་པ། །ཁྲོ་བོ་རིམ་བཞིན་བསྒོམས་པས་ནི། །ལན་ཅིག་བྱས་པ་ཙམ་གྱིས་འགྱུར། །ས་བོན་ གཉིས་པ་དེ་ལས་ཀྱང ། །དྲག་པོ་རྩལ་གྱིས་སྤོས་ནས་དེ། །ཁྲོ་བོ་ཆེན་པོ་མིག་རྩ་དམར། །གནས་ནི་གསུམ་པ་ལ་གནས་ཏེ། །གཡོན་པའི་གནོན་པས་མནན་པས་ནི། །དྲག་པོ་ཤུགས་ཅན་མ་ལུས་མནན། །ཁ་དང་བརླ་དང་རྒྱབ་ཀྱང་བསྒྱུར། །དྲིལ་བུ་དཀྲོལ་ བའི་སྒྲ་མྱུར་འགྱུར། །ཕྱིས་ཀྱང་རིམ་གྱིས་འདི་ལ་གནས། །ལོགས་ཤིག་ཁྲོ་བོའི་འཁོར་ལོའི་བཀས། །རྐང་པའི་ཚམ་ངམ་དེ་བཞིན་བྱས། །གདོང་ཡང་དལ་བུས་བསྒྱུར་ནས་སུ། །དང་པོའི་ས་བོན་གང་ཡིན་པའི། །དབང་དུ་བྱེད་ལ་རྒྱས་པར་འགྱུར། །དེ་ ཡི་མཐའ་ཡང་ལྷན་ཅིག་ཏུ། །མེ་དང་འདྲ་བ་འབར་བ་སྟེ། །ཀུན་གྱི་ལས་ནི་གྲུབ་འདོད་ན། །ཤིན་ཏུ་ལེགས་པར་སྦྱར་བར་བྱ། །དེ་ཡི་ཟུང་མས་བསྐུལ་བ་ཡང ། །སོ་སོའམ་གཅིག་ཏུའང་རུང་བར་བཤད། །ཁྲོ་བོ་ཡི་ནི་འཁོར་ལོའི་མཐུ། །བརྒྱད་པ་དག་ལས་མྱུར་ བར་གནས། །རིམ་པ་སྔ་མའི་ཚུལ་གྱིས་ནི། །འཁོན་པའི་ས་བོན་དག་གིས་བསྐུལ། །ས་བོན་ཟུང་མས་བསྐུལ་བ་ཡང ། །བརྒྱད་པ་འབྱེད་པར་བསྒྲུབ་པ་ལ། །མཛའ་བ་མྱུར་དུ་བཟློག་པའི་ཕྱིར། །ཆོ་ག་བཞིན་དུ་རིམ་པར་སྦྱར། །རིམ་པ་སྔ་མའི་ཚུལ་བཞིན་དུ། ། མྱུར་དུ་གསད་པར་འདོད་པ་ཡིས། །ཁྲོ་བོ་ཡི་ནི་འཁོར་ལོ་གནས། །དགུ་པ་ཨཱ་བི་ཙ་ར་ཡི། །ཆོ་ག་འདི་ཡིས་དགྲ་བོ་དག་།མྱོས་པར་བྱས་ནས་འཇིགས་པར་འགྱུར། །ལྷ་རྣམས་ཀྱིས་ནི་སྦས་པ་ཡང ། །གཤེད་པོའི་དྲུང་དུ་ཁྲིད་པར་འགྱུར། །རིམ་པ་སྔ་མའི་
91-1-27b
ཚུལ་གྱིས་སུ། །ཁྲོ་བོ་ཡི་ནི་འཁོར་ལོའི་གནས། །བཅུ་པ་དག་ལ་རིམ་གྱིས་གནས། །དྲག་ཤུལ་ཅན་གྱིས་དྲག་ཏུ་གནོན། །དེ་ཡི་ས་བོན་གྱིས་ཀྱང་ཕྱེ། །སྔོན་གྱི་ས་བོན་རབ་འབར་བ། །སྔ་མ་བཞིན་དུ་རིམ་གྱིས་བཟླས། །སྔར་བཤད་པ་ཡི་ལས་བསྒྲུབ་པོ། ། འཁོར་ལོ་རིམ་པ་བཅུ་གཅིག་པོ། །གང་ཡིན་པ་ནི་དེ་བཟུང་ནས། །དེ་ནས་ཞི་བར་བྱེད་པ་ཡི། །ས་བོན་དེ་ཡིས་བསྐུལ་བར་བྱ། །སྔ་མའི་བཞིན་དུ་བསྐུལ་བ་དང ། །སྔ་མའི་ལས་ནི་བྱེད་པར་འགྱུར། །ཞི་བ་དག་ལ་གང་གསུངས་པ། །རྒྱས་པ་དག་ལ་སྦྱར་བར་བྱ། །འཁོར་ ལོའི་གནས་ཀྱི་མཆོག་རིམ་པར། །བཅུ་གཉིས་པ་ལ་གནས་ནས་སུ། །དེ་ཡི་ས་བོན་བསྐུལ་བར་བྱས། །བདག་གི་མཐུལ་རྩལ་གནོད་བརྟགས་པས། །ས་བོན་ཟུང་མ་སྦྱོར་བ་ཡིས། །ས་བོན་མཐུ་ནི་འབར་བ་ཅན། །འཁོར་ལོ་བཀོད་པས་ལས་རྣམས་ནི། །སྔོན་གསུངས་ པ་དག་གྲུབ་པར་བྱ། །དེ་ལྟར་ཁྲོ་བོའི་འཁོར་ལོ་ནི། །ཆོ་གར་བཅས་པ་རྒྱས་པ་དག་།གསང་བ་བསྐུལ་མར་བཅས་པ་ཡི། །སྦྱོར་བ་མ་ལུས་བཤད་པ་ཡིན། །ས་བོན་ཟུང་མས་བསྐུལ་བ་གང ། །གཉིས་པ་རབ་ཏུ་གྲགས་པ་ཡིན། །དེ་འདིར་ས་བོན་གཉིས་པ་ཡིན། ། མྱུར་དུ་གྲུབ་པར་འགྱུར་བར་བཤད། །ཐ་མའི་ས་བོན་ཐམས་ཅད་ལ། །ཕུལ་བའི་ཚིག་གཉིས་རྟག་ཏུ་སྦྱར། །ཟུང་མའི་ཟུང་མའི་ཚིག་འདི་ལ། །ཡ་མཐའ་དག་དང་མ་མཐའ་རུའོ། །འཁོར་ལོ་བཀོད་པ་བསྟན་པ་འདི། །ཇི་ལྟར་རིམ་པར་ཤེས་ན་ནི། །སྦྱིན་སྲེག་བཟླས་ བརྗོད་མ་བྱས་ཀྱང ། །ཁྲོ་བོའི་རྒྱལ་པོའི་དངོས་གྲུབ་འཐོབ། །ཁྲོ་བོའི་འཁོར་ལོ་གསང་བ་ནི། །འདི་མི་ཤེས་པར་གང་སྦྱོར་བ། །དེ་འདི་དངོས་གྲུབ་མི་འཐོབ་ཀྱིས། །མྱུར་དུ་སྨྱོ་བ་ཐོབ་པར་འགྱུར། །མ་མཻ་མ་མཱི་མུ་མཱུ་ཡི། །ཡི་གེ་དྲུག་པོ་རྣམས་ཀྱིས་ནི། །དབང་ དང་འཁོན་དང་གསད་པ་དང ། །བསྐྲད་དང་ཞི་དང་རྒྱས་པའི་མཐར། །མཁས་པ་དག་གིས་བསྒྲུབ་པར་བྱ། །དེ་དག་ཉིད་ལ་བཟླས་པ་ཡིས། །དེ་བཞིན་དུ་ནི་བསྐུལ་བར་བྱ། །ཇི་སྐད་གསུངས་པ་འདི་རྣམས་ནི། །མ་གྲུབ་ན་སྟེ་གཞན་དུ་མེད། །མུ་མཱུ་མི་མ་མཻ་
91-1-28a
མཱི་ནི། །མ་ནི་རྒྱས་མཐར་དེ་བཞིན་དུ། །འཁོར་ལོའི་རྩིབས་ཀྱི་གནས་རྣམས་ནི། །དེ་དང་དེ་དག་གཉིས་སུ་སྦྱར། །དེ་བཞིན་འཁོར་ལོའི་ནང་དུ་ཡང ། །ཁྲོ་བོ་སྐུ་མཆོག་ས་བོན་ཡང ། །གཞག་ནས་ཚིག་གི་མཐའ་མར་ཡང ། །ཁྲོ་བོའི་དྲིལ་བུ་དཀྲོལ་ བ་དགོད། །འཁོར་ལོའི་མུ་རན་ནང་དག་ཏུ། །ཟུང་ཤིག་པ་ཡི་ཚིག་གཉིས་བརྗོད། །མཁས་པས་འཁོར་ལོའི་མིག་གི་ནང ། །ས་བོན་བཀོད་པ་རྣམས་ལ་གནས། །ཁྲོ་བོའི་འཁོར་ལོ་བསྒྲགས་པ་ནི། །ཤེས་ན་ཇི་སྐད་བཤད་པ་ཡི། །དངོས་གྲུབ་རྣམས་ནི་ཐོབ་ པར་འགྱུར། །དངོས་གྲུབ་ཚུལ་བཞིན་ཐོབ་འགྱུར་བ། །དེ་ཡི་སྦྱོར་བ་བཤད་པར་བྱ། །ཐོག་མར་ཕྱག་རྒྱ་བཅིངས་ནས་སུ། །སྐུ་ནས་སྐུ་ནི་སྐུར་བསྒྱུར་ཏེ། །ལས་རྣམས་ཚུལ་བཞིན་མཐོང་བ་ཡིས། །སྦྱོར་བ་དག་ནི་ལེགས་པར་བྱ། །གདོང་དང་ཁ་མིག་རྐང་པ་ མཉམ། །རབ་ཏུ་དང་ཞིང་ཞི་བའི་སེམས། །སྙིང་ཡང་ད་བཞིན་རབ་ཏུ་དགའ། །དབང་ཏུ་བྱ་བའི་སྔགས་གསུངས་པ། །ཤིན་ཏུ་མཉམ་པར་བཞག་པས་བསྒྲུབ། །རྐང་པ་ཡ་གཅིག་ཐུང་ངུ་བཞག་།གདོང་དང་ནུ་མཇིང་གཅུས་ཏེ་གནོན། །ཁ་དང་མིག་ནི་ ཡ་གཅིག་འཛུམས། །ཚམ་ངམ་གནོན་པ་ཆེན་པོ་བྱས། །བེ་ཅོན་ལ་ནི་མིག་གིས་བལྟ། །བསྒྲུབ་པར་བྱ་བ་སྒྲུབ་ལ་འབད། །གང་དག་དབྱེ་བར་འདོད་པ་ཡིས། །དེ་དག་དབྱེ་བ་བརྩམ་པར་བྱ། །རྐང་པ་གཉིས་པ་བཏེག་པ་ཡིས། །ཚམ་ངམ་བྱ་བ་སླར་ལ་གཞག་། བཞིན་བསྙེར་ཕྱག་རྒྱ་བཅིངས་ནས་སུ། །ཁྲོ་བར་བལྟ་ཞིང་ཡིད་ཀྱང་ཁྲོས། །རབ་ཏུ་དཔའ་བ་སྲན་དང་བཅས། །རྩལ་གྱིས་གནོན་པར་རབ་ཏུ་འདུད། །སྔགས་པ་སྔོན་བཞིན་སྔགས་ཚུལ་གནས། །གང་འདོད་པ་ནི་གཞོམ་པར་བྱ། །དེ་ལ་རྐང་པ་ཡ་གཅིག་ཀྱང ། ། དྲག་ཤུལ་ཅན་དུ་བརྐྱང་སྟེ་གཞག་།བཟུར་ཏེ་འདུག་པའི་ཚུལ་ཏུ་གནས། །གདོང་ཡང་ཡོན་པོར་བསྙེར་བར་བྱ། །མཛུབ་མོ་བསྒྲེང་སྟེ་གདེངས་པ་དང ། །བེ་ཅོན་ཕྱག་རྒྱ་དག་གིས་བསྡིགས། །དགྲ་དག་བསྐྲད་པར་འདོད་ན་ནི། །མྱུར་དུ་བསྐྲད་པར་བྱ་བར་
91-1-28b
འགྱུར། །དེ་ནས་རྐང་པ་མཉམ་པར་གཞག་།ལག་པ་གཡས་པ་མཐོ་བར་བྱ། །དཔའ་དང་ལྡན་པས་གཡོན་པ་སྨད། །ཞི་བར་འདོད་ན་ཞི་བར་འགྱུར། །ཕྱེད་ནི་དམའ་བར་བཀུག་སྟེ་གནས། །རྐང་པ་གཡས་པས་ཚམ་ངམ་བྱེད། །སྔགས་ཚུལ་གནས་ པས་བསྒྲིམས་ན་ནི། །རྒྱས་པར་འདོད་ནས་ཐོབ་པར་འགྱུར། །སླར་ཡང་དེ་བཞིན་ཤེས་བྱ་བ། །བཟློག་སྟེ་བྱ་བ་གཞན་དུ་མེད། །གྲུབ་པ་བདག་ཉིད་ཆེན་པོ་ཡི། །ཚམ་ངམ་རིམ་པ་དྲུག་གསུངས་པ། །དང་པོའི་མིང་ནི་ལོགས་པར་ཕྱོགས། །དེ་ཡི་འོག་ མ་རྒྱབ་ཀྱི་ཕྱོགས། །དེ་བཞིན་ཚམ་ངམ་གསུམ་པོ་ནི། །ཁྲོ་བོ་ཆེ་ཞེས་བསྒྲགས་པ་ཡིན། །བཞི་པ་མཛུབ་མོ་བསྒྲེང་བ་ཡིས། །ལྔ་པ་ལ་ནི་སྟོབས་ཞེས་བྱ། །དྲུག་པ་སྟོབས་པོ་ཆེ་ཞེས་བྱ། །འདི་རྣམས་ཚམ་ངམ་དྲུག་ཏུ་བསྒྲགས། །ཚམ་ངམ་གདངས་པ་བྱས་པ་ ཡིས། །དགྲ་ཡི་འཁོར་རྣམས་གཡེན་སྤྱོ་བ། །འཁོར་ལོའི་མཆོག་ལ་གོམས་བྱེད་པས། །གྲགས་པ་ཆེན་པོ་ཐོབ་པར་འགྱུར། །ཁྲོ་བོ་ཆེན་པོས་གསུངས་པ་ཡི། །རབ་གསུངས་པ་ཡི་རྒྱུད་འདི་དཀོན། །ཁྲོ་བོ་རྣམ་པར་རྒྱལ་བ་འདི། །དེ་བས་ཡང་ནི་ཤིན་ཏུ་ དཀོན། །གསང་བའི་རྟོག་པ་བཟང་པོ་འདི། །ཀུན་ཏུ་དངོས་གྲུབ་ཀུན་སྦྱིན་པར། །གསང་བའི་རྟོག་པ་དེ་བས་ཀྱང ། །འཁོར་ལོ་འདི་ནི་ཤིན་ཏུ་དཀོན། །ཧོམ་དང་བཟླས་པ་ཡོངས་མི་དགོས། །སྔོན་དུ་བསྙེན་པ་བྱ་མི་དགོས། །ཁྲོ་བོའི་རྒྱལ་པོའི་བརྟུལ་ཞུགས་དང ། ། དཀའ་ཐུབ་དྲག་པོའང་བྱ་མི་དགོས། །བསམ་གཏན་སྦྱོར་བའང་མི་དགོས་ཏེ། །གང་ལ་འཁོར་ལོ་འབའ་ཞིག་ཡོད། །གང་གསུངས་པ་ཡི་དངོས་གྲུབ་ནས། །དེ་མ་ཐག་ཏུ་དངོས་གྲུབ་ཐོབ། །དེ་བས་འདི་ནི་གསང་བྱས་ནས། །ཐམས་ཅད་བསྒྲུབ་པའི་སྒྲུབ་པ་པོ། །བདག་ གིས་དོན་མཆོག་གང་འདོད་པ། །ཤིན་ཏུ་ལེགས་པར་བསྒྲུབ་པར་བྱ། །ཁྲོ་བོ་རྣམ་པར་རྒྱལ་བ་འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས་གསང་བའི་རྟོག་པར་གཏོགས་པ་སྟེ་གཉིས་པའོ།། །།ཁྲོ་བོའི་རྒྱལ་པོའི་དངོས་གྲུབ་ནི། །སྣ་ཚོགས་ཐོགས་མེད་ཐ་དད་པ། །
91-1-29a
སྔགས་པ་འདོད་ན་ཆོ་ག་མཆོག་།དང་པོར་བྱེད་ན་དངོས་གྲུབ་འཐོབ། །རབ་ཏུ་གསང་བའི་སྔགས་འདི་ནི། །རེ་ཞིག་འདི་ཡི་མཚན་ཉིད་ནི། །གཞན་དག་འདིར་ནི་བཤད་པར་བྱ། །དེ་ཡི་ལས་ནི་གང་གསུངས་པ། །གང་དག་ཕྱིས་ཀྱང་གྲུབ་འགྱུར་བ། ། དཔའ་བོ་གཅིག་པུ་འབའ་ཞིག་གི། །ཐམས་ཅད་ཉིད་དེ་གང་གསུངས་པ། །ཐམས་ཅད་དེ་ནི་བཤད་པར་བྱའོ། །སྔགས་དེ་ལས་རྣམས་ཀུན་བྱས་པ། །རྒྱུད་ལ་དངོས་གྲུབ་གང་གསུངས་པ། །དཔའ་བོ་གཅིག་པུའི་མཐུས་ཀྱང་འགྲུབ། །ོཾ་ནི་དེ་ཡི་ཐོག་མ་སྟེ། །བདེ་བར་ གཤེགས་པའི་དམ་ཚིག་ཡིན། །ཐོག་མ་དང་ནི་གཉིས་པ་ཡང ། །དྲག་པོའི་རྩེག་གིས་ཕུལ་བའི་ལུགས། །ཀླད་ཀྱི་འཁོར་གྱིས་མནན་པའི་རིགས། །སྔགས་ཀྱི་ཡི་གེ་ཕྲེང་བཀོད་ལ། །སྔགས་རྣམས་ཐམས་ཅད་གསལ་བྱེད་པ། །ཁྲོ་བོའི་རྒྱལ་པོའི་སྙིང་པོ་ནི། །གསུམ་པོ་དེ་ ནས་སྦྱར་བར་བྱ། །དེ་ནས་ཁྲོ་བོའི་རྒྱལ་པོ་ཡི། །སྐུ་ནི་དེ་ཡི་འོག་ཏུ་བསྟན། །སྔགས་པས་སྔགས་རྣམས་ཀུན་གྱིས་མཚན། །དེ་དག་རྟག་ཏུ་རིག་པར་བྱ། །ཐོགས་པ་མེད་པའི་སྔགས་རྣམས་ནི། །བདག་ཉིད་ཆེན་པོའི་ཐམས་ཅད་ཀྱིས། །བསྲུང་ལ་སོགས་པའི་ ལས་རྣམས་ཀུན། །གོ་རིམས་བཤད་པ་བཞིན་དུ་བྱ། །ཐམས་ཅད་བདག་ཉིད་ཆེན་པོ་འདིས། །སྲུང་བ་དག་གི་བྱས་ནས་སུ། །སྔོན་གྱི་ཚུལ་བཞིན་རབ་དབེན་པ། །སྐུ་གཟུགས་དོན་མཆོག་གཞན་ནས་ནི། །ཆོ་ག་ཇི་སྐད་སྔར་གསུངས་པ། །ཆོ་ག་བཞིན་དུ་མཆོད་པ་བྱ། ། ཉིན་རེ་མེ་ཏོག་ཕྲེང་བ་ལ། །ལན་བདུན་བཟླས་པ་རྣམས་ཀྱིས་མཆོད། །མཆོད་ནས་ཀ་ར་བཱི་ར་ཡི། །མེ་ཏོག་དམར་པོ་ཁ་འབུས་པའི། །བརྒྱ་ནི་རྩ་བརྒྱད་གྲངས་རྣམས་ཀྱིས། །བུ་དོན་ལ་ནི་ཕོག་པར་དབུལ། །ཆོ་ག་འདི་ནི་དུས་གསུམ་དུ། །ཟླ་བ་གཅིག་ཏུ་བྱས་ན་ནི། །ཁྲོ་ བོ་མངོན་སུམ་ཉེ་གྱུར་ནས། །རྨི་ལམ་དུ་ནི་དངོས་གྲུབ་སྟེར། །ཆོ་ག་འདི་ལྟར་སྔར་བྱས་ན། །གང་འདོད་པ་ཡི་དགོས་པ་དག་།དེ་ཚེ་གདོན་མི་ཟ་བར་འགྲུབ། །དེ་ཡི་ཆོ་ག་མཆོག་བཤད་པ། །དེ་ལྟར་ཟླ་གཅིག་བསྙེན་བྱས་ན། །མི་ཡི་ལས་རྣམས་གང་བྱ་བ། །དེ་ཡི་ཆོ་ག་
91-1-29b
མདོར་བསྡུས་ནས། །ད་ནི་ལེགས་པར་བཤད་པར་བྱ། །དེ་ནས་དང་འགྲོ་དང་སྦྱར་བའི། །དུག་ནི་རྣམ་པ་གསུམ་དག་དང ། །གདོན་དང་འབྱུང་པོའི་གདོན་རྣམས་དང ། །ལྟོ་འཕྱེ་སྲིན་པོར་བཅས་པ་འཇིག་།བདག་གིས་བྱས་པའི་ཕྱག་རྒྱའི་སྔགས། །སྦྱོར་བ་ལན་ཅིག་ བདག་གིས་བསྲུང ། །ཡིད་ལ་བསམས་པ་ཙམ་གྱིས་ཀྱང ། །གཞན་དག་གིས་ཀྱང་མཆོད་པར་བྱེད། །བཞི་པའི་རིམས་ལ་སོགས་དེ་ཡང ། །ཐོས་པས་མྱུར་དུ་མེད་པར་བྱེད། །མ་དང་བྱིས་པའི་གདོན་རྣམས་ལ། །ཐལ་བའམ་ཡང་ན་སས་ཀྱང་རུང ། །བདག་ཉིད་དག་པར་ བསམས་ནས་ནི། །བདག་དགར་ཕབ་ནས་དགོས་པའི་དོན། །གང་དང་གང་དག་འདོད་པར་ནི། །བསྒོམས་པས་དེ་དང་དེ་དག་བྱེད། །ཡིད་ལ་བསམས་པས་དེ་དག་ཐར། །རྡོ་ལ་ལན་གསུམ་བཟླས་པ་ཡི། །ཆུ་སྲིན་ཀུམ་བི་ར་ལ་སོགས། །མཆེ་བ་ཅན་དག་ཕྱོགས་མེད་པར། །ཆུ་བསལ་ བ་ཡི་མཆོག་ཏུ་འབྱུང ། །འགྲོ་ཚེ་ཡིད་ལ་བཟླས་ན་ནི། །ལམ་ན་རྐུན་པོ་འཇིགས་པ་མེད། །སེང་གེ་སྟག་དང་དགྲ་རྣམས་དང ། །ནད་ཀྱི་འཇིགས་པ་མེད་པར་འགྱུར། །རྒྱལ་པོའི་དྲུང་དུ་འགྲོ་ན་ཡང ། །སྔགས་ཀྱིས་སྤྱི་གཙུག་བཅིངས་ནས་ནི། །རྒྱལ་པོ་ཁྲོས་པ་མྱུར་རབ་ཏུ། །བརྐྱང་ ནས་ཐལ་མོས་སྦྱོར་བར་བྱེད། །ཤགས་འགྱེད་པ་དང་རྒྱན་པོ་དང ། །མཚོན་དང་མེ་ཡིས་འཇིགས་པ་ལ། །ཡིད་ལ་དྲན་ཞིང་བཟླས་བྱས་ན། །མི་བདེ་ཀུན་ལས་ཐར་བར་འགྱུར། །འཚེ་བ་ཐམས་ཅད་ཞི་བའི་ཕྱིར། །མི་བདེ་ཉམ་ཐག་གྱུར་པ་ལ། །སྔགས་འདི་མྱུར་དྲན་བརྗོད་བྱས་ ན། །སྤྲིན་དག་མནན་པར་བྱ་བ་དང ། །འདོད་བཞིན་མྱུར་དུ་སླར་ཡང་བཟློག་།གནམ་ལྕགས་སེར་བ་འབབ་པ་ཡང ། །དབྱུག་པའི་ཕྱག་རྒྱས་ཞི་བར་བྱེད། །ཕྱག་རྒྱ་བཅིངས་པ་དེ་ཉིད་ཀྱི། །ཡིད་ཀྱིས་སྤྲིན་རྣམས་དབབ་པར་བྱ། །དེ་ལྟར་ཕྱག་རྒྱས་བསྡིགས་ནས་ནི། །སྨིན་མཚམས་ དག་ཀྱང་བསྒྱུར་བར་བྱ། །རྣམ་པ་དེ་དག་ཉིད་ཀྱིས་ནི། །གནམ་ལྕགས་སེར་བ་གཅད་པར་བྱ། །སྦྱོར་བ་མཁས་པས་ཅི་འདོད་པ། །ཆར་པ་དག་ཀྱང་གཅད་པར་བྱ། །གོས་ནི་སྔོན་པོ་བགོས་ན་ནི། །ཁོ་ར་ཁོར་ཡུག་བསྲུང་བྱས་ནས། །མིད་པ་ནུབ་པར་ཆུར་ཞུགས་ཏེ། །ཉིན་
91-1-30a
གསུམ་ལེགས་པར་བཟླས་བྱས་ན། །བརྒྱ་བྱིན་གྱིས་ནི་སྤྲིན་བསྡུས་ནས། །འདོད་པ་བཞིན་དུ་ཆར་པ་འབེབས། །དེ་ནས་སྤྲིན་ཆེན་ལས་བྱུང་བ། །ཆར་པས་ས་སྟེང་ཁྱབ་པར་འགྱུར། །ཉི་མ་ལ་ནི་མངོན་ཕྱོགས་ནས། །ཉིན་རེ་རྟག་ཏུ་བཟླས་བྱས་ན། ། བདག་དང་དེ་བཞིན་གཞན་རྣམས་ཀྱི། །ནད་རྣམས་དེ་ནས་མེད་པར་འགྱུར། །རྒྱལ་པོ་དབང་དུ་བྱ་ཡང་རུང ། །ཡུངས་ཀར་དཀར་པོ་བཟང་པོ་ལས། །གཟུགས་བརྙན་ལེགས་པར་བྱས་ནས་སུ། །དེ་ཡི་གཟུགས་ཀྱི་སྟེང་འདུག་ལ། །གང་གི་མིང་སྨོས་ཉིན་བདུན་དུ། ། བཟླས་བརྗོད་ལེགས་པར་བྱས་ན་ནི། །དེ་ནི་མྱུར་དུ་ཆོ་ག་འདིས། །བྲན་བཞིན་དུ་ནི་དབང་དུ་འགྱུར། །ཞག་གཅིག་སྨྱུང་བ་བྱས་པ་ཡིས། །དམངས་རིགས་དག་ནི་དབང་དུ་འགྱུར། །ཞག་གཉིས་སྨྱུང་བ་དེ་བཞིན་དུ། །བཟླས་ན་རྗེའུ་རིགས་འདོད་པ་བཞིན། །ཞག་གསུམ་ བྱས་པས་རྒྱལ་རིགས་ཏེ། །ཞག་བཞི་དག་གིས་བྲམ་ཟེ་དག་།བཟླས་པའི་ཆོ་ག་བཞིན་བྱས་ན། །འདོད་པ་བཞིན་དུ་དབང་དུ་འགྱུར། །འབྲུ་དང་ཕུབ་མ་ཐམས་ཅད་ལས། །བུ་དང་བུ་མོ་གང་ཡང་རུང ། །དེ་བཞིན་གཟུགས་བརྙན་བྱས་ན་ནི། །དམངས་རིགས་ལ་ ནི་མཚན་གཅིག་གིས། །རབ་ཏུ་སྔང་བ་བྱ་བར་འགྱུར། །རྗེའུ་རིགས་ལ་ནི་ཞག་གཉིས་ཀྱིས། །དེ་སྟེང་ཙོག་པུར་འདུག་ནས་ནི། །དེ་བཞིན་མཛའ་དང་བྲལ་བར་བྱེད། །ཉིན་ཞག་གསུམ་དང་བཞི་དག་གིས། །རྒྱལ་རིགས་དང་ནི་བྲམ་ཟེའོ། །ཇི་ལྟར་ཇི་སྐད་གསུངས་པ་ ཡི། །ལས་ཀྱིས་བྱ་ཡི་གཞན་གྱིས་མིན། །གང་ཡང་རུང་བའི་གཟུགས་བརྙན་ནི། །དུར་ཁྲོད་སོལ་བས་ལེགས་པ་རུ། །སྔ་མ་བཞིན་དུ་ལེགས་པར་བྲི། །དེ་ནས་སེང་ལྡེང་ཕུར་བུ་ལ། །སྔགས་ཀྱིས་སྟོང་དུ་བཟླས་བྱས་ན། །དེ་ཡི་འོག་ཏུ་ལུས་ལ་གདབ། །དགྲ་བོ་དེ་ཡི་མིང་སྨོས་ ནས། །དེ་ལ་ཁྲོས་པར་བྱས་ནས་སུ། །དེ་ནས་དེ་ཡི་སྙིང་གར་འདུག་།ཕུར་བུ་བཏབ་སྟེ་བཟླས་བྱ་བ། །དེ་ཉིད་ལག་པས་བཟུང་ནས་སུ། །དུས་གསུམ་ཉི་མ་གསུམ་བྱས་ན། །དགྲ་བོ་གང་དུ་བཏབ་པ་དེར། །གཟེར་ཐབས་དྲག་པོས་བཏབ་ནས་སུ། །འགུལ་མི་ཕོད་པར་
91-1-30b
ས་ལ་ལྟུང ། །ཞག་བདུན་ལོན་ནས་འཆི་བར་འགྱུར། །མ་མོའི་གནས་སུ་སོང་ནས་སུ། །ལག་པས་བེ་ཅོན་ཕྱག་རྒྱ་བཅིང ། །ལག་པ་གཡོན་པའི་མཛུབ་མོ་ཡིས། །བསྡིགས་ཤིང་ཉི་མ་ནུབ་ནས་སུ། །ཁྲོས་ཤིང་དགྲ་ཡི་མིང་སྨོས་བཟླས། །དེ་ནས་དགྲ་བོ་མོ་གདོན་གྱིས། །ཟིན་ནས་ སྤྱོད་པ་སྣ་ཚོགས་པས། །འཆི་བར་གྱུར་བ་དག་ནི་བྱེད། །དེ་ནས་སྒྲུབ་པོས་ཞི་བ་ཡི། །ཆོ་གས་དེ་ལས་ཞི་བར་བྱ། །མ་མོ་རྣམས་ཀྱི་མདུན་འདུག་ནས། །ཞི་བའི་ཆོ་ག་མཁས་པ་ཡིས། །དབང་པོ་བསྡམས་ཤིང་ཡིད་བདེ་བས། །ཉིན་ཞག་གསུམ་དུ་བཟླས་བྱས་ནས། །དེ་ནས་ དེ་ལ་ལས་དེ་ཡི། །ཞི་བར་འགྱུར་བ་གདོན་མི་ཟ། །ཉི་མ་ལ་ནི་མངོན་ཕྱོགས་ནས། །ལག་པས་དགྲ་བོའི་མགོ་བྱུག་ཅིང ། །དགྲ་ཡི་མིང་སྨོས་མནན་ནས་སུ། །ཉི་མ་ནུབ་ཏུ་བཟླས་བྱས་ན། །དེ་ཡི་ཀླད་པ་ན་འགྱུར་བ། །ཚབས་ཆེན་ཤི་ལ་ཐུག་པར་འགྱུར། །དེ་ནས་ཐལ་མོ་སྦྱར་ ནས་སུ། །ཉིན་པར་ཟློས་ཤིང་ཞི་བར་བྱ། །ས་སྟེང་རྐང་པ་གཅིག་གིས་འདུག་།ཉིན་པར་ལག་པ་གྱེན་དུ་བརྐྱང ། །མི་དགའ་ཁྲོས་ཤིང་བཟླས་བྱས་པ། །དགྲ་ཡི་མིང་སྨོས་ཅི་འདོད་པར། །ཉི་མ་ནུབ་ཀར་དེ་ནས་དགྲ་།མི་དགའ་བ་དང་མྱོས་འགྱུར་ཏེ། །གཉེན་དང་མཛའ་བོ་ རྣམས་བོར་ཏེ། །དེ་ནས་གཞན་གྱི་གནས་སུ་འགྲོ། །དེ་ལ་འདིར་ནི་ཞི་བའམ། །འོན་ཏེ་རྒྱས་པར་བྱ་འདོད་ན། །གཙང་སྦྲ་བྱས་ཏེ་གོས་དཀར་བགོས། །བདེ་ཞིང་བརྟན་པར་མ་གཡོས་པར། །མཆོད་པ་བཟང་པོ་བྱས་ནས་སུ། །དེ་བཞིན་གཤེགས་ལ་ཕྱག་འཚལ་ནས། །འོ་མ་ བཏུང་ཞིང་བཟླས་བྱས་པ། །ཞི་བར་འགྱུར་གྱིས་བར་དུའོ། །དེ་ལྟར་འདི་ནི་སྣ་ཚོགས་པ། །སྦྱོར་བཅས་རྒྱས་པར་བཤད་པ་ཡིན། །རྟོག་པའི་ཆོ་ག་བཞིན་དུ་ནི། །མ་གསུངས་པ་ཡང་ལེགས་པར་བསྒྲུབ། །ཁྲོ་བོ་རྣམ་པར་རྒྱལ་བ་འཇམ་དཔལ་གྱི་རྩ་བའི་རྟོག་པ་གསང་བའི་རྟོག་ པར་གཏོགས་པ་སྟེ་གསུམ་པའོ།། །།དེ་ནས་གཞན་ཡང་བཟང་པོ་འདི། །ཧེ་ལའི་དཀྱིལ་འཁོར་རྒྱས་པ་ནི། །དེ་ལས་བཟང་པོ་གཞན་མེད་པ། །ཇི་ལྟར་རིགས་པ་བཤད་པར་བྱ། །དང་པོར་ཧེ་ཞེས་གང་གསུངས་པ། །བསྐུལ་བའི་ས་བོན་ཐམས་ཅད་པའོ། །དེ་ནི་ལེན་དང་
91-1-31a
འཛིན་པ་སྟེ། །ལས་ལ་མྱུར་དུ་བསྐུལ་བའོ། །དེ་བས་ཐོག་མར་བསྐུལ་བ་དང ། །དོན་བཞིན་དུ་ནི་བཟུང་བ་ལ། །ཁྲོ་བོ་ཡི་ནི་རྒྱལ་པོ་ཡི། །ཧེ་ལའི་འཁོར་ལོ་རིམ་བཞིན་བསྟན། །ཧེ་ཧེ་ཧ་ཧ་ཧི་ཧི་ཧི། །ཧི་ཧ་ཧ་ཧེ་ཧེ་གཉིས་སྦྱར་བ། །ཁྲོ་ཆེན་ཚིག་གིས་ ཐོག་མར་སྦྱར། །ཟུང་ཤིག་པ་ཡི་ཚིག་གཉིས་པའོ། །ཟུང་དྲུག་འཁོར་ལོའི་ཐ་མར་དགོད། །མུ་རན་རྩིབས་ཀྱི་མིག་རྣམས་སུ། །སྔགས་ལས་འབྱུང་བའི་རེ་རེའོ། །དོན་རྣམས་ཐམས་ཅད་བསྒྲུབ་པར་འགྱུར། །བཅུ་གཉིས་དག་ཏུ་གསུངས་པའི་སྔགས། །གནས་སུ་ཇི་ ལྟར་བཀོད་པ་དང ། །ཇི་ལྟར་སྨོས་ཤིང་གང་གནས་པ། །སོ་སོའི་ལས་ལ་སྦྱར་བར་བྱ། །དེ་ནས་འདི་དག་བཀོད་པ་དེ། །སྔགས་རྣམས་བསྡུ་བ་ཚུལ་བཞིན་བཤད། །དེའི་ནང་མུ་རན་གསུམ་པོ་དང ། །དབུས་ཀྱི་མུ་རན་བཟང་པོར་ལྡན། །མཐའ་ཡི་མུ་རན་དྲུག་པོ་དང ། ། རྩིབས་ཀྱི་ཟུར་དྲུག་རབ་བཟང་བ། །རབ་དབེན་འདུ་འཛི་མེད་པའི་སར། །ཆོ་ག་བཞིན་དུ་ལེགས་བྲིས་ནས། །དེ་ཡི་གནས་སུ་སྦྱར་བ་དང ། །དེ་ཡི་གོ་རིམས་བཞིན་དུ་སྦྱར། །དེ་ཡི་ཚམ་ངམ་གསལ་བ་ཡི། །སྔགས་རྣམས་འདི་ནི་བསྡུ་བར་བྱ། །དབུས་སུ་དེ་བཞིན་ གཤེགས་པ་ཡི། །སྙིང་པོ་མཚན་ནི་བརྗོད་པའི་མཆོག་།བཞག་ནས་དེ་ཡི་གནས་དག་ལ། །སྔགས་ནི་གྲུབ་པར་བྱེད་པ་གཞག་།མུ་རན་གཉིས་ལ་གནས་ནས་སུ། །ཁྲོ་བོའི་སྙིང་པོ་གཞག་པར་བྱ། །དེ་ནི་ཁྲོ་བོའི་ཞབས་ཀྱིས་མནན། །དྲིལ་བུ་དཀྲོལ་བའི་སྒྲ་ཡང་ བསྒྲགས། །ཁྲོ་བོ་ཞབས་ཀྱིས་བཅགས་བྱས་པ། །རྩིབས་རྣམས་ཁྲོ་བོ་མཐུ་དང་ལྡན། །དབུས་སུ་སྙིང་པོ་དག་པར་ལྡན། །རབ་ཏུ་འབར་ཞིང་ངེས་བྱས་པ། །མུ་རན་གསུམ་གྱི་བར་དུ་སྟེ། །ཐམས་ཅད་དོན་རྣམས་ཀུན་གྲུབ་པའོ། །ཧེ་ཧེ་ཧ་ཧ་ཧི་ཧི་ཧི་ཧི་ཧ་ཧ་ཧེ་ཧེ། གཉིས་ སུ་སྦྱར། །ཁྲོ་བོ་ཆེན་པོའི་ཚིག་དབུས་ནས། །ས་བོན་བཟུང་བའི་ཕྱི་རོལ་གཞག་།ཐོག་མར་བསྐུལ་བའི་ཚིག་རྣམས་དགོད། །ཁྲོ་བོ་དུ་མས་བསྐུལ་བ་སྟེ། །ཐམས་ཅད་ཀུན་དུ་དོན་རྣམས་ཀུན། །གྲུབ་པའི་ཕྱིར་ནི་དེ་ལ་གནས། །དེ་ལྟར་འཁོར་ལོ་བྱས་པ་ཡི། །ཕྱི་ནས་
91-1-31b
བདུད་རྩི་འཁྱིལ་བ་བཞག་།བསྐུལ་བའི་ཚིག་རྣམས་བཀོད་པའི་མཐར། །ཁྲོ་བོ་གཞན་རྣམས་བཀོད་པར་བྱ། །དེ་ནས་གཞན་ཡང་རིམ་བཞིན་དུ། །ཁྲོ་བོ་ཆེན་པོ་དགོད་པའི་ཕྱིར། །སྐུལ་བར་བྱེད་པ་བཅུ་གཉིས་པོ། །འདི་དག་ཚུལ་བཞིན་བཤད་པར་བྱ། །དང་པོར་ཁྲོ་བོ་རྒྱལ་ པོས་གསུངས། །འབར་བའི་ཕྲེང་བ་ཆེ་ཞེས་བྱ། །རྡོ་རྗེ་མེ་ཡི་རྒྱལ་པོར་བཞག་།རབ་ཏུ་དྲག་པོའི་ཤུགས་གཞག་གོ། །རབ་ཏུ་དྲག་ཤུལ་སྟོབས་པོ་ཆེ། །རྒྱ་ཆེན་ཁྲོ་བོ་ལྔ་པ་ཡིན། །དྲུག་པ་གཞན་གྱིས་མི་ཐུབ་པ། །འཇིགས་པར་བྱེད་པ་ཞེས་བྱ་བ། །ཁྲོ་བོ་བདུན་ པར་བྱེད་པ་ཡིན། །ཟུར་དུ་ཁྲོ་བོ་བརྒྱད་པོ་གྲགས། །ཕོངས་པ་སྒྲོལ་བ་དེ་བཞིན་དགུ། །རབ་ཏུ་འཇོམས་པ་བཅུ་པ་ཡིན། །དེ་བཞིན་ཀཱི་ལི་ཀཱི་ལི་བཞག་།ཀཱི་ལི་ཀཱི་ལི་ཆེན་པོ་དང ། །བཅུ་གཉིས་སུ་ནི་གསུངས་པ་ཡིན། །ཁྲོ་བོ་རབ་ཏུ་སྣང་བྱེད་པ། །བཅུ་གཉིས་ བགྲངས་པ་འདི་དག་ནི། །ཁྲོ་བོའི་རྒྱལ་པོས་ཀུན་ཏུ་མནན། །ཐམས་ཅད་རིམ་པ་བཞིན་དུ་གསུངས། །འཁོར་ལོའི་ཕྱི་རོལ་གནས་པ་འཁོད། །འབར་ཞིང་དྲག་པོའི་མཐུ་དང་ལྡན། །ཐམས་ཅད་བསྟན་ནས་འཁོད་པ་ནི། །ཁྲོ་བོ་ཆེན་པོ་སྣང་བྱེད་པ། །མཐུ་རྩལ་ཆེན་ པོ་སྟོབས་སུ་ལྡན། །ཀུན་ཀྱང་བདུད་རྩི་འཁྱིལ་པའོ། །ས་བོན་སྔ་མ་མཐའ་ཡས་རྣམས། །གུག་སྐྱེད་དྲུག་དང་ལྡན་པར་བྱ། །སྟེང་དུ་ཀླད་ཀྱི་འཁོར་གྱིས་མཚན། །ས་བོན་བདུད་རྩི་འཁྱིལ་བའོ། །དང་པོ་དཀྱིལ་འཁོར་ན་གནས་གཅིག་།ཚེག་དང་བཅས་པས་དོན་ ཀུན་འགྲུབ། །རབ་ཏུ་འབར་བའི་སྔགས་ཀྱི་མཐར། །འབར་བའི་ཕྲེང་བ་ཅན་གྱིས་བསྒྲགས། །ས་བོན་གཉིས་པ་གང་ཡིན་པ། །ཚེག་དང་བཅས་པར་དེ་བཞིན་གནས། །རྡོ་རྗེ་མེ་རྒྱལ་ཞེས་བྱས་པ། །ཁྲོ་བོ་དོན་ཀུན་འགྲུབ་བྱེད་པའོ། །དང་པོའི་ས་བོན་གསུངས་ བ་ཡང ། །སྔ་མ་བཞིན་དུ་ཚེག་དང་བཅས། །རབ་ཏུ་ཤུགས་དྲག་ཆེར་གྲགས་པ། །ཁྲོ་བོའི་རྒྱལ་པོ་ཁྲོ་བོར་སྣང ། །སྣང་བྱེད་ཁྲོ་བོའི་རིམ་པ་ལས། །ཚེག་དྲག་དེ་བཞིན་ཁྲོ་བོ་ཆེ། །དེ་ནི་སྟོབས་པོ་ཆེ་ཞེས་གསུངས། །གཉིས་པར་འཁོར་ལོ་ཚེག་མཐའ་ཅན། །གང་
91-1-32a
གསུངས་ཁྲོ་བོ་རྒྱ་ཆེན་ནི། །དེ་ནི་སྙིང་པོར་གྲགས་པ་ཡང ། །མི་ཐུབ་གཙོ་བོའི་ཚེག་དང་བཅས། །དེ་ཡི་གསུམ་པོ་ཚེག་བཅས་པ། །དེ་ཡང་དེ་བཞིན་བསྒྲགས་པ་ཡིན། །འཇིགས་པ་ཞེས་བྱ་རབ་ཏུ་ཆེ། །ཁྲོ་འདི་ཁྲོ་བོ་སྣང་བྱེད་པ། །རྒྱ་ཆེན་གྱི་ནི་རིམ་བཞིན་དུ། ། བཞི་པ་ཡོངས་སུ་བསྒྲགས་པ་ཡིན། །ཚེག་བཅས་རབ་ཏུ་དྲག་པོ་ཉིད། །སུ་རུ་ཁྲོ་བོ་དེ་བཞིན་གཞག་།དེ་ཡི་ས་བོན་ལྔ་པ་ཡིན། །འབར་བའི་ཕྲེང་ཆེན་ཞེས་བྱ་བ། །ཚེག་དང་བཅས་པ་དེ་བཞིན་དུ། །ཁྲོ་བོ་ཕོངས་པ་གྲོལ་ཞེས་བྱའོ། །ལྔ་པོ་རྒྱ་ཆེན་ཉིད་ཡིན་ཏེ། །ཚེག་ དང་བཅས་པར་བསྒྲགས་པའོ། །རབ་ཏུ་འཇོམས་པ་ཞེས་བསྒྲགས་པ། །ཁྲོ་བོའི་ཁྲོ་བོ་སྣང་བྱེད་པའོ། །ས་བོན་སྔ་མ་མཐའ་མེད་ལས། །སྔ་མ་ཚེག་བཅས་དེ་བཞིན་གཞག་།ཀཱི་ལི་ཀཱི་ལི་བྱ་བ་ཡི། །དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར། །དེ་བཞིན་དེ་ཡི་ས་བོན་ཉིད། །ཚེག་ བཅས་དེ་བཞིན་འདིར་བཤད་དོ། །ཀཱི་ལི་ཀཱི་ལི་ཆེན་པོ་དེ། །ཁྲོ་བོའི་ཁྲོ་བོ་སྣང་བྱེད་པའོ། །ཁྲ་བོའི་རྒྱལ་པོ་དེ་དག་ནི། །ས་བོན་འདི་དག་རྣམས་ཀྱིས་བསྒྲགས། །ཁྲོ་བོའི་རྒྱལ་པོ་སྦྱོར་བ་ཡི། །རབ་ཏུ་སྣང་བར་བྱེད་ཅེས་བསྒྲགས། །ཁྲོ་བོའི་རྒྱལ་པོའི་འཁོར་ལོས་གནས། ། གཤིན་རྗེའི་གཤེད་པོ་ཡིན་པར་གསུངས། །དང་པོར་དེ་ནི་འཁོར་ལོ་བསྟན། །ཁྲོ་བོ་བདུད་རྩི་འཁྱིལ་པ་དང ། །ཁྲོ་བོའི་རྒྱལ་པོ་དེ་ལས་གཞན། །ཁྲོ་བོའི་བདག་པོ་སྣང་བྱེད་པའོ། །དེ་ལྟར་ཁྲོ་བོ་གསུམ་པོ་དེ། །གང་དང་གང་དུ་རབ་སྦྱར་བ། །དེ་དང་དེ་རུ་སྔགས་རྣམས་ ནི། །སྐུལ་བར་བྱེད་པས་དེ་བཞིན་བསྐུལ། །ཆོ་ག་ཤེས་པས་ནན་ཏན་དུ། །གང་དང་གང་འདོད་བསྒྲུབ་པར་བྱ། །ཁྲོ་བོ་སྒོམ་དང་ལྡན་པ་ཡིས། །ཧེ་ལའི་འཁོར་ལོ་ཡོངས་བསྒོམས་ནས། །དཀའ་ཞིང་བསྒྲུབ་ཏུའང་མི་རུང་བ། །བརྟུལ་ཞུགས་ཧོམ་དང་བཅས་ལ་སོགས། ། དེ་ཡིས་དགོད་པ་མ་བྱས་ཀྱང ། །སྔགས་དགོད་ཤེས་ན་བསྒྲུབ་པའོ། །ཧེ་ལའི་འཁོར་ལོ་ཚུལ་ཤེས་པ། །དེ་ཡིས་དཀའ་བ་མ་བྱས་ཀྱང ། །གདོན་མི་ཟ་བར་མྱུར་དུ་འགྲུབ། །བརྟུལ་ཞུགས་ཧོམ་དང་བསམ་གཏན་དང ། །ཇི་ལྟར་གསུངས་པའི་དཀའ་ཐུབ་དང ། །མངོན་
91-1-32b
པར་བརྩོན་ཞིང་དད་པའི་བདག་།ལན་གྲངས་བཅུ་གཉིས་གང་བསྙེན་པ། །རྟོག་ལས་གསུངས་པའི་ལས་རྣམས་བྱེད། །རབ་ཏུ་ཡ་མཚན་སྟོན་པའོ། །ཧེ་ལའི་འཁོར་ལོ་ཚུལ་ཤེས་པས། །རིང་པོར་མི་ཐོགས་བདེ་བ་ནི། །ཁྲོ་བོར་བསྒོམ་པ་དང་ལྡན་ཞིང ། །ཧེ་ལའི་འཁོར་ ལོ་གནས་འདུག་ན། །ཁམས་གསུམ་དག་ཀྱང་ལན་ཅིག་གིས། །ཐོགས་མེད་མྱུར་དུ་གཡོས་པར་བྱེད། །དེ་བས་རབ་ཏུ་བསྒྲིམས་ནས་སུ། །ཁྲོ་བོ་བསྒོམ་པ་གོམས་བྱས་ཏེ། །ཧེ་ལའི་འཁོར་ལོ་ལས་འབྱུང་སྔགས། །སྦྱོར་བ་དག་གིས་གོམས་པར་བྱ། །ཁྲོ་བོ་རྣམ་ པར་རྒྱལ་བ་ཡི། །རྟོག་པ་དང་པོར་གང་བསྒྲགས་པ། །དེ་ཡི་རྟོག་པ་གསང་བཤད་པ། །ཆོ་ག་འདི་ནི་གསང་བའི་མཆོག་།ཁྲོ་བོའི་འཁོར་ལོ་བསྒྲགས་པ་འདི། །ཆོ་ག་དེ་བས་ཤིན་དུ་གསང ། །ཁྲོ་བོའི་འཁོར་ལོ་གསང་བཤད་པ། །རབ་ཏུ་སྣང་བྱེད་དེ་བས་ཀྱང ། ། ཧེ་ལའི་འཁོར་ལོ་བསྒྲགས་པ་འདི། །རབ་ཏུ་གསང་བའི་མཆོག་ཡིན་ཏེ། །རྟོག་པ་འདི་དག་ཐམས་ཅད་ཀྱིས། །རབ་ཏུ་གསང་བ་བཤད་པ་ཡིན། །རྟོག་པ་རབ་ཏུ་གསང་བ་ནི། །འདི་དག་རྣམ་པ་ཀུན་ལ་ཡང ། །ཧེ་ལའི་འཁོར་ལོ་འདྲ་བ་ཡི། །འཁོར་ལོ་མ་བྱུང་ཕྱིས་མི་འབྱུང ། །གང་ ཞིག་འདི་ཡི་དོན་ཐོས་ནས། །ཁྲོ་བོའི་གྲུབ་པ་སྒོམ་བྱེད་ན། །དེ་ཡིས་འབད་པ་མ་བྱས་ཀྱང ། །འཇིག་རྟེན་ན་ནི་བསྒྲུབ་དཀའ་མེད། །ཧེ་ལའི་འཁོར་ལོའི་གནས་ལ་ནི། །ཇི་ལྟར་འདོད་པར་གནས་ནས་སུ། །ཁྲོ་བོ་བསྒོམ་དང་རབ་ལྡན་པས། །ཁྲོ་བོའི་གཟུགས་སུ་གནས་ནས་ནི། །རྩེ་ གཅིག་ཏུ་ཡང་ཚིག་གི་མཆོག་།བསྒྲུབ་པ་མཆོག་ནི་སྦྱིན་པར་བྱེད། །ཐོགས་པ་མེད་པར་འཇམ་དཔལ་མཐོང ། །ཇི་ལྟར་རིག་པའི་དོན་བཞིན་དུའོ། །ཁྲོ་བོ་རྣམ་པར་རྒྱལ་བ་འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས་གསང་བའི་རྟོག་པར་གཏོགས་པ་སྟེ་བཞི་པའོ།། །།ཁྲོ་བོ་ཆེན་ པོའི་ཚིག་གི་མཐར། །བསྐུལ་ཅིག་ཅེས་པའི་ཚིག་གཉིས་གཞག་།བསྐུལ་ཅིག་ཅེས་པའི་ཚིག་གཉིས་མཐར། །ཁྲོ་བོ་བདུད་རྩི་འཁྱིལ་པའོ། །ཁྲོ་བོ་ཆེན་པོ་ཕྲེང་བ་དང ། །བདུད་རྩི་འཁྱིལ་བ་འདི་ཡི་མཐར། །ཀུན་ཏུ་དང་པོ་གཡོ་བ་དང ། །སྔགས་ཤེས་ཚམ་ངམ་
91-1-33a
མཛེས་པ་ཡིས། །ཧེ་ལའི་འཁོར་ལོ་ལ་གནས་ཏེ། །དང་པོ་གནས་སུ་འདུག་ནས་སུ། །བེ་ཅོན་ཕྱག་རྒྱ་ལན་ཅིག་བཅིང ། །དེ་ནས་ཁྲོ་བོའི་སྔགས་བཟླས་པ། །སྔགས་པ་འགྲེང་སྟེ་འདུག་པ་ནི། །རྐང་པ་གཉིས་ནི་བསྒྱུར་བ་དང ། །ཁྲོ་བོ་བསྒོམ་པ་འདི་ལ་ནི། ། སེམས་ནི་རབ་ཏུ་ཞེན་བྱས་ནས། །ས་འདི་རབ་ཏུ་གཡོས་པའམ། །རི་དག་གཡོ་བའི་བར་དུའོ། །དེ་ནས་འཁོར་ལོ་བསྒྲུབ་པ་ཡིས། །གཉིས་པའི་གནས་ལ་སོང་ནས་སུ། །ཁྲོ་བོ་ཆེན་པོའི་ཚིག་མཐར་གནས། །སྐོམས་ཤིག་ཅེས་པར་དབང་བསྐུར་རོ། །དེའི་ཚིག་ཐོག་ མར་བཀོད་ནས་ནི། །དེ་ཡི་ཐ་མར་བདུད་རྩི་འཁྱིལ། །དེ་བཞིན་བདུད་རྩི་འཁྱིལ་པའི་མཐར། །རྡོ་རྗེ་མེ་ཡི་རྒྱལ་པོའི་སྔགས། །རབ་ཏུ་གཡོ་བ་མཛེས་པ་དང ། །ཚམ་ངམ་གསལ་བ་དག་ལ་གནས། །བེ་ཅོན་ཕྱག་རྒྱ་བཅིངས་ནས་ནི། །ཁྲོ་བོ་བསྒོམས་པས་སྔགས་བཟླས་སོ། ། རབ་ཏུ་སྦྱོར་བའི་ཐབས་འདི་ནི། །མཚོ་དང་རྫིང་ཆེན་ཀླུང་ཆེན་རྣམས། །ཁྲོས་པས་མྱུར་དུ་སྐེམས་པར་བྱེད། །འབབ་ཆུ་དག་ཀྱང་གྱེན་དུ་འབེབས། །ཁྲོ་བོ་མཐུ་ཆེན་གནོན་ལྡན་གྱི། །སྔགས་ཀྱི་ཡི་གེ་དགོད་པར་བྱ། །རྩིབས་རྣམས་རིམ་པས་ཀུན་མནན་པ། །གཉིས་ པོ་དེ་ལས་འཕོས་ནས་ནི། །དེ་ནས་གསུམ་པའི་གནས་ལ་འདུག་།མཐུ་རྩལ་ལྡན་པས་རིམ་པར་གནོན། །ཁྲོ་བོ་ཆེན་པོའི་ཚིག་གི་མཐར། །བསྐྲད་པར་བྱོས་ཞེས་ཚིག་གཉིས་བསྐུལ། །དེ་ནི་སྔ་མ་བཞིན་བཀོད་ནས། །དེ་ཡི་ཐ་མར་བདུད་རྩི་འཁྱིལ། །ཁྲོ་བོ་བདུད་རྩི་ འཁྱིལ་བའི་མཐར། །རབ་ཏུ་དྲག་པའི་ཤུགས་བཞག་གོ། །རྣམ་པར་སྐྲག་བྱེད་གསལ་བ་ཡི། །ཁྲོ་བོ་ཚམ་ངམ་བསྙེན་པར་གནས། །གླང་པོ་མྱོས་བའི་ཤུགས་ཅན་དག་།མངོན་དུ་འོང་བར་གྱུར་ན་ཡང ། །དེ་མ་ཐག་ཏུ་སྐྲག་པར་བྱེད། །མྱོས་པའི་ཤུགས་ཀྱང་རབ་ཏུ་ དོར། །སླད་དུ་ལོག་པར་ཕན་ཚུན་དུ། །བསྐོར་ཞིང་མི་དགའ་བཞིན་དུ་འགྲོ། །གླང་པོའི་རྒྱལ་པོ་དེ་མྱོས་ཤིང ། །བདེ་བ་མ་ཐོབ་བབས་པར་འགྱུར། །སྒྲུབ་པ་ཁྲོ་བོ་བསྒོམ་པ་ཡི། །ཆོ་གའི་ཚུལ་ནི་དེ་བཞིན་ནོ། །ཧེ་ལའི་འཁོར་ལོ་ཞེས་བྱ་བའི། །བཞི་པའི་གནས་ལ་འདུག་
91-1-33b
ནས་ཀྱང ། །ཁྲོ་བོ་ཆེན་པོའི་ཆོག་གི་མཐར། །ནོན་ཅིག་ཅེས་པའི་ཚིག་གཉིས་བསྐུལ། །དེ་ནས་ཆོ་ག་སྔར་བཤད་པས། །བདུད་རྩི་འཁྱིལ་པ་གཞག་པར་བྱ། །བདུད་རྩི་འཁྱིལ་པ་དེ་ཡི་མཐར། །ཁྲོ་བོ་ཆེན་པོ་སྟོབས་ཆེན་བཞག་།ཀུན་ཏུ་སྡོམ་པ་མཛེས་པ་ཡི། །ཚམ་ ངམ་གྱིས་ནི་མི་གཡོར་གནོན། །དཔུང་ངམ་ཡང་ན་གླང་པོ་འམ། །གྲུ་འམ་ཡང་ན་ཤིང་རྟ་འམ། །རྟ་དང་རྔ་མོ་ལུག་ལ་སོགས། །ཁྲོ་བོ་བསྒོམས་པའི་ཚུལ་བཞིན་བྱས། །སྦྱོར་བ་དེ་ལ་གནས་ནས་ནི། །རབ་ཏུ་མནན་པ་བྱས་པར་འགྱུར། །དེ་ནས་ཧེ་ལ་ཞེས་བྱ་བའི། །འཁོར་ ལོ་ལྔ་པ་ལ་གནས་ནས། །ཁྲོ་བོ་ཆེན་པོའི་ཚིག་གི་མཐར། །དཀྲུགས་ཤིག་དཀྲུགས་ཤིག་ཚིག་གཉིས་བཞག་།ཁྲོ་བོ་བདུད་རྩི་འཁྱིལ་པ་ཡང ། །མཐའ་ཡི་ཚིག་གི་གནས་སུ་བཞག་།ཁྲོ་བོ་རྒྱ་ཆེན་ཞེས་བྱ་བ། །རབ་ཏུ་འབར་བར་གྱུར་པར་བྱ། །ཁྲོ་བོ་བདུད་རྩི་འཁྱིལ་པ་ཡང ། ། རབ་ཏུ་འཁྲུགས་པ་ཞེས་བྱ་བའི། །ཚམ་ངམ་མཆོག་གིས་མྱུར་དུ་ནི། །དགྲ་ཡི་དཔུང་རྣམས་ཕན་ཚུན་དུ། །རབ་ཏུ་རྣམ་པར་དཀྲུགས་པར་བྱ། །དེ་ནས་ཧེ་ལའི་འཁོར་ལོ་ཡི། །རིམ་པ་དྲུག་ལ་གནས་ནས་ནི། །ཁྲོ་བོ་ཆེན་པོའི་ཚིག་གི་མཐར། །རྨོངས་པར་གྱུར་ཅེས་ཚིག་ གཉིས་བསྐུལ། །ཁྲོ་བོ་བདུད་རྩི་འཁྱིལ་པ་ཡང ། །ཚིག་གི་ཐ་མར་ཀུན་དུ་གཞག་།ཁྲོ་བོ་བཞན་གྱིས་མི་ཐུབ་པ། །ཆོ་ག་སྔ་མ་བཞིན་དུ་བསྐུལ། །རྨོངས་པར་བྱེད་པའི་ཚམ་ངམ་གྱིས། །ཆོ་ག་བཞིན་དུ་རབ་བསྐུལ་ནས། །རི་མོ་དག་ལ་གནས་པ་བཞིན། །འགྲོ་བ་ མྱུར་དུ་རྨོངས་པར་འགྱུར། །དེ་ནས་ཧེ་ལའི་འཁོར་ལོ་འདིར། །རིམ་བདུན་པ་ལ་གནས་ནས་སུ། །ཁྲོ་བོ་ཆེན་པོའི་ཚིག་གི་མཐར། །སྒྲོགས་ཤིག་སྒྲོགས་ཤིག་ཚིག་གཉིས་བཞག་།ཁྲོ་བོ་འཛིན་པར་བྱེད་པ་ཡིས། །བདུད་རྩི་འཁྱིལ་པ་བསྐུལ་བར་བྱེད། །འཇིགས་པར་གྱུར་པའི་ སྒྲ་སྒྲོགས་པ། །ཁྲོ་བོའི་ཚམ་ངམ་མྱུར་བར་ནི། །དུས་མིན་པར་ཡང་སྤྲིན་གྱིས་ཁེབས། །དེ་ནས་འདོད་བཞིན་ཆར་པ་འབེབས། །དེ་ནས་ཧེ་ལའི་འཁོར་ལོ་ཡི། །རྩིབས་ཀྱི་རིམ་པ་བརྒྱད་པ་ལ། །གནས་ནས་འདིར་ནི་སྔ་མ་བཞིན། །ཁྲོ་བོ་ཆེན་པོའི་ཚིག་གི་མཐར། །ཧེ་ཧེ་ས་བོན་གཉིས་བཞག་ནས། །དེ་ཡི་འོག་ཏུ་
91-1-34a
བདུད་རྩི་འཁྱིལ། །ཁྲོ་བོ་ཟུར་དུ་དེ་བཞིན་དུ། །བདུད་རྩི་འཁྱིལ་པའི་མཐའ་མར་བཞག་།ཁྲོ་བོ་ཚམ་ངམ་ཁ་གདངས་པ། །མཆོག་ཅེས་བྱ་བ་མྱུར་བར་ནི། །རྐང་པ་ཡ་གཅིག་གདངས་པའི་སྟབས། །སད་དང་སེར་བ་རླུང་ལ་སོགས། །དུས་སམ་ཡང་ན་དུས་མིན་པར། །སྒྲུབ་ པོ་ཁྲོ་བོ་བསྒོམས་པ་ཡིས། །ཁྲོ་བོའི་སྔགས་ཀྱིས་ཚུལ་བཞིན་དུ། །ས་ཡི་སྟེང་དུ་འབེབས་པར་བྱེད། །ཧེ་ལའི་འཁོར་ལ་གནས་བརྒྱད་པོ། །བསྒྲུབ་པ་ཡི་ནི་སར་བོར་ནས། །ཁྲོ་བོའི་ས་བོན་ཚིག་གསལ་བ། །དགུ་པ་བཟང་པོ་ལ་གནས་ཏེ། །ཁྲོ་བོ་ཆེན་པོའི་ཚིག་གི་མཐར། ། སློང་ཤིག་པ་ཡི་ཚིག་གཉིས་བསྐུལ། །ཁྲོ་བོ་བདུད་རྩི་འཁྱིལ་བ་ཡི། །ཐ་མར་ཕོངས་པ་སྒྲོལ་བ་བཞག་།ཁྲོ་བོ་བསྒོམ་པས་མཛེས་པ་ཡི། །ཚམ་ངམ་གསལ་བ་བྱས་ནས་ནི། །ཁྲོ་བོ་གཤིན་རྗེའི་གཤེད་པོ་བཟླས། །ཁྲོ་བོ་ཉིད་ཀྱི་ཚིག་གིས་གསལ། །ཧཱུཾ་ཞེས་བྱ་བ་བཟང་པོ་ཡིས། ། ཁྲོ་བོ་དངོས་པོར་བསྒོམས་ནས་ནི། །ཤིང་གི་རྩེ་དང་ཡལ་ག་དགུག་།ཡང་ན་ཤིང་ཆེན་རྩ་ནས་འབྱིན། །མེ་ཏོག་འབྲས་བུ་གློག་པའམ། །ཡང་ན་འདོད་བཞིན་གཡོ་བར་བྱེད། །ལྗོན་ཤིང་ཆེན་པོ་རྣམས་ཀྱང་ནི། །ཇི་ལྟར་འདོད་པར་མི་གཡོར་འགྱུར། །ཧེ་ལ་ཞེས་བྱའི་འཁོར་ ལོ་ཡི། །རྩིབས་ནི་བཅུ་པ་ལ་གནས་ནས། །ཁྲོ་བོ་ཆེན་པོའི་ཚིག་གི་མཐར། །ཆོམ་ཤིག་ཅེས་པའི་ཚིག་གཉིས་བསྐུལ། །ཁྲོ་བོ་ཆེན་པོ་རབ་འཇོམས་པ། །ཁྲོ་བོ་བདུད་རྩི་འཁྱིལ་པའི་མཐར། །སྔ་མ་བཞིན་དུ་གཞག་པར་བྱ། །འཇིགས་པར་བྱེད་པའི་ཚམ་ངམ་བྱེད། ། རི་ཆེན་དག་གི་རྩེ་མོ་དང ། །སྒོ་དང་ལྕགས་སྒྲོག་རྣམས་ཀྱི་ནི། །ཁྲོ་བོའི་རྒྱལ་པོར་སྔོན་བཞིན་དུ། །བསྒོམས་ན་རབ་མཆོག་གྲུབ་བྱེད་པ། །ཧེ་ལ་ཡི་ནི་འཁོར་ལོ་ཡི། །རྩིབས་ནི་བཅུ་གཅིག་ལ་གནས་ཏེ། །ཁྲོ་བོ་ཆེན་པོའི་ཚིག་གི་མཐར། །བརྙིལ་ཅིག་ཅེས་པའི་ ཚིག་གིས་སྐུལ། །ཁྲོ་བོ་ཀཱི་ལི་ཀཱི་ལ་ཡིས། །བདུད་རྩི་འཁྱིལ་པ་བསྐུལ་བྱ་བ། །ཚིག་གི་མཐའ་མར་གནས་པ་སྟེ། །ཆོ་ག་བཞིན་དུ་བཤད་པ་བཞིན། །ཀཱི་ལི་ཀཱི་ལ་ཞེས་བྱ་བ། །ཚམ་ངམ་མཆོག་ལ་དེ་བཞིན་གནས། །བེ་ཅོན་གྱི་ནི་ཕྱག་རྒྱ་བཅིང ། །གཤིན་
91-1-34b
རྗེའི་གཤེད་པོ་བསྒོམ་པ་ནི། །རིན་ཆེན་རྩ་བ་བརྟན་པ་ཡང ། །རྩེ་མོ་ནས་ཀྱང་བརྙིལ་བར་བྱེད། །ཡང་ན་རི་ཁར་སྐྱེ་བ་ཡི། །བརྟན་པའི་ཤིང་རྣམས་འགྱེལ་བར་བྱེད། །དེ་ནས་ཧེ་ལའི་འཁོར་ལོ་ཡི། །བཅུ་གཉིས་པ་ཡི་རྩིབས་ལ་གནས། །ཁྲོ་བོ་ཆེན་པོའི་ཚིག་ གི་མཐར། །ཞུགས་ཤིག་ཅེས་པའི་ཚིག་གིས་སྐུལ། །བསྐུལ་ནས་དེ་ཡི་ཐ་མར་ནི། །བདུད་རྩི་འཁྱིལ་པ་གཞག་པར་བྱ། །ཁྲོ་ཆེན་ཀཱི་ལི་ཀཱི་ལ་ཡ། །དེ་ཡི་ཐ་མར་གཞག་པར་བྱ། །ཀཱི་ལི་ཀཱི་ལ་ཆེན་པོ་ཞེས། །བྱ་བའི་ཚམ་ངམ་དེ་བཞིན་བྱ། །བེ་ཅོན་ཕྱག་ རྒྱ་བཅིངས་ནས་སུ། །ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད། །ཡིད་ལ་རབ་ཏུ་གོམས་བྱས་ན། །རྩིག་པ་ཤིང་སྐམ་རྡོ་ལ་སོགས། །འབབས་ན་ཕྱུང་སྟེ་ནམ་མཁར་གནས། །ནམ་མཁའ་ལ་ནི་བྱུང་ནས་ཀྱང ། །འདོད་པ་བཞིན་དུ་ལྟུང་བར་བྱེད། །འདི་ནི་རང་འབྱུང་ ངོ་མཚར་ལ། །འདི་ནི་དུས་གསུམ་སྔོན་དུ་བྱུང ། །སྤྱོད་པ་གཞན་ཡང་སྔ་མ་བཞིན། །ཁྲོ་བོ་སྒོམ་པས་བྱེད་པར་གསུངས། །ཧེ་ལའི་འཁོར་ལོ་དགོད་པ་ནི། །རབ་ཏུ་གསང་བ་ཡིན་པར་བཤད། །གསང་དང་བཅས་ཤིང་སྦྱོར་བཅས་པ། །ཤེས་ན་དངོས་གྲུབ་ཐོབ་ པར་འགྱུར། །དེ་ནས་གཞན་ཡང་ཅི་རིགས་པ། །ཚམ་ངམ་བཅུ་གཉིས་སྦྱོར་བ་དག་།མདོ་དང་རྒྱས་པའི་ཚུལ་དག་གིས། །ད་ནི་རབ་ཏུ་བཤད་པར་བྱ། །ཀུན་ཏུ་གཡོ་བ་དང་པོ་ཡིན། །དེ་བཞིན་རབ་ཏུ་གཡོ་བར་བཤད། །སྐྲག་པར་བྱེད་པ་གསུམ་པ་སྟེ། ། བཞི་པ་ཀུན་ཏུ་སྡོམ་པར་བྱེད། །རབ་ཏུ་འཁྲུག་ཅེས་བྱ་བ་ལྔ། །རྨོངས་པར་བྱེད་པས་དེ་བཞིན་དྲུག་།མྱུར་བ་ཚམ་ངམ་དེ་ལ་གནས། །ཁ་གདངས་པ་ནི་བརྒྱད་པར་བཤད། །མཛེས་ཞེས་བྱ་བ་དགུ་པ་སྟེ། །འཇིགས་པར་བྱེད་པ་བཅུ་པ་ཡིན། ། ཀཱི་ལི་ཀཱི་ལ་ཞེས་བྱ་དང ། །ཀཱི་ལི་ཀཱི་ལ་ཆེན་པོ་ཡི། །ཁྲོ་བོ་ཚམ་དམ་བཅུ་གཉིས་སོ། །འདི་དག་རིམ་བཞིན་བཤད་པ་ཡིན། །ཐོག་མར་བསྡིགས་པའི་རིམ་པ་ཡིས། །བེ་ཅོན་ཕྱག་རྒྱ་ལྡན་པར་བྱ། །ཕྱི་ནས་རང་གཟུགས་ཇི་བཞིན་དུ། །སྔགས་
91-1-35a
པ་དག་གིས་ཤེས་པར་བྱ། །རང་གི་གཟུགས་ཀྱང་རང་གནས་པ། །བསྡིགས་ཤང་ཚམ་ངམ་བྱེད་ལ་སོགས། །སྐྲག་པར་བྱེད་པའི་ཁ་ནི་ཟབ། །ཁྲོ་བོའི་ལྟ་བ་གདོང་འགྱུར་བ། །རྐང་པ་འགྱེད་པར་གཞག་པ་དག་།ཚམ་ངམ་མཚན་ཉིད་ བཤད་པ་ཡིན། །རྐང་པ་ཡ་གཅིག་མྱུར་དུ་གཞག་།གདོང་དང་ནུ་མཇིང་ཡོན་པོ་བྱས། །ཁྲོ་གཉེར་འཇིགས་པར་བྱེད་པ་བསྙེར། །གཡོན་པ་མཛུབ་མོ་གཅིག་གིས་བསྡིགས། །ཚམ་ངམ་བྱེད་ཅིང་བེ་ཅོན་གདེངས། །གདོང་དང་བརླ་དང་རྐང་པ་གཡོན། །ཀུན་ དུ་གཡོ་ཞེས་བྱ་བ་སྟེ། །ཁྲོ་བོ་ཚམ་ངམ་སྙེམས་དང་བཅས། །ཀུན་དུ་གཡོ་བའི་རིམ་གསུངས་ལ། །རབ་ཏུ་གཡོ་ཞེས་བྱ་བ་ནི། །ཅུང་ཟད་དུ་ནི་དབུས་དམན་པའོ། །རབ་ཏུ་གཡོ་བ་བརྟག་པར་བྱ། །དེ་བཞིན་དཔུང་པ་བརྐྱང་པ་དང ། །རྐང་པ་གཡོན་ པ་གདངས་པ་དང ། །ལག་གཉིས་དྲག་ཏུ་རྡོབ་པ་ནི། །དེ་བཞིན་སྐྲག་པར་བྱེད་པར་བཤད། །བེ་ཅོན་ལ་ནི་བལྟ་བར་གཏད། །རྐང་པ་གཡས་པ་གསལ་བར་ཕྱར། །དེ་ནི་ཀུན་དུ་སྡོམ་པར་བཤད། །གཡོན་པའི་འཛུབ་མོས་སྡིགས་པར་བྱེད། །དཔུང་པ་གདེངས་ པ་གཡོན་བཞིན་དུ། །མིག་ནི་མཛུབ་མོ་གཅིག་ལ་གཏད། །རྐང་པ་གཡས་པ་ཕྱར་བ་ནི། །ཀུན་དུ་འཁྲུག་པ་ཞེས་བྱའོ། །རྐང་པ་གཡོན་པ་གདེངས་བྱས་ཏེ། །གཡོན་ཕྱོགས་སུ་ནི་ཕྱར་ཞིང་བསྐོར། །དཔུང་པ་བརྐྱང་བའི་བེ་ཅོན་གདེངས། ། བསྡིགས་པ་གཅིག་ཏུ་རྨོངས་པར་བྱེད། །མྱུར་དུ་ཚམ་ངམ་ཞེས་བྱ་བ། །དེ་ཉིད་དཔུང་བརྡབས་བསྡིགས་པའོ། །དེ་ཉིད་ལས་ནི་ཁ་གདངས་པ། །ཁ་གདངས་པ་ཞེས་བསྒྲགས་པ་ཡིན། །སྲན་དང་བཅས་ལ་བཞི་ནི་བསྐོར། །མཐུ་རྩལ་ཆེ་བའི་སྟབས་ སུ་སྩོལ། །མཆུ་ཡི་མཐའ་མ་སོ་ཡིས་མནན། །ལག་པ་ཕྱར་ཏེ་སྡིགས་པར་བྱེད། །བསྙེམས་དང་བཅས་ཤིང་སྒྲ་ཡང་འབྱིན། །འཇིགས་པར་བྱེད་པའི་ཧཱུཾ་བསྒྲགས་པའི། །ཚམ་ངམ་ལེགས་པར་བཤད་པ་ནི། །མཛེས་པའི་ཁྲོ་བོས་གནོན་
91-1-35b
པའོ། །བཙན་ཐབས་སུ་ནི་བསྐོར་བར་བྱ། །རྐང་པ་གཡས་པ་བཙུགས་ཏེ་མནན། །ལག་པ་གཉིས་ཀ་དྲག་རྡོབ་པ། །བྱས་ནས་འཇིགས་པར་བྱ་བ་ནི། །དེ་བཞིན་སྙེམས་དང་བཅས་བཤད་པ། །ཚམ་ངམ་བདག་ཉིད་ཆེན་པོ་འདི། །འཇིགས་ པར་བྱེད་པ་ཞེས་བྱ་སྟེ། །རྟག་ཏུ་ཁྲོ་བོ་བསྒོམ་པའོ། །རྐང་པ་མཉམ་པར་བཞག་ཏེ་འདུག་།གཡས་པ་ཅུང་ཟད་མཐོ་བར་བྱ། །དཔལ་དང་ལྡན་པས་གཡོན་པ་སྨད། །གཡོན་པ་སོར་མོ་གཅིག་གིས་བསྡིགས། །དཔུང་པ་བཏེག་སྟེ་བེ་ཅོན་འཕྱར། ། རྐང་པ་དག་ནི་གདོང་བསྒྱུར་བ། །རྟག་ཏུ་ཁྲོ་བོ་བསྒོམ་པ་ནི། །ཀཱི་ལི་ཀཱི་ལ་ཞེས་བྱའོ། །ཀཱི་ལི་ཀཱི་ལ་ཆེན་པོ་ནི། །དེ་ཉིད་ལས་ནི་རྒྱབ་ཏུ་བལྟ། །ཁྲོ་བོ་མིག་ནི་ཡ་གཅིག་བཙུམས། །མྱུར་དུ་མཆོད་སྟབས་བྱེད་པའོ། །འདི་ནི་ཚམ་ངམ་སྦྱོར་བ་སྟེ། །ཧེ་ལའི་འཁོར་ལོ་རྩིབས་རིམ་ ལས། །མདོར་ན་ཇི་ལྟར་དགོད་པ་དག་།ལེགས་པར་བཤད་པ་འདི་ཡིན་ནོ། །ཧེ་ལའི་འཁོར་ལོའི་མཐུ་སྔགས་དང ། །ཚམ་ངམ་གཡས་ཀྱི་མཐུ་དགའ་ཡིས། །ལས་རྣམས་རབ་ཏུ་ངོ་མཚར་བ། །ཇི་སྐད་གསུངས་པའི་ལས་རྣམས་བྱའོ། །བསྒྲུབ་པ་དེ་དག་གསང་རྒྱུད་དང ། །ཧེ་ལའི་ འཁོར་ལོ་འད་ཤེས་ན། །ཁྲོ་བོ་དངོས་དང་གཅིག་འགྱུར་བས། །ཁྲོ་བོའི་སྐད་དུ་སྤྱོད་པར་འགྱུར། །རྟོག་པ་འདི་ནི་གསང་བར་བཅས། །གསང་བའི་སྙིང་པོའི་མཆོག་ཏུ་བཤད། །ཁྲོ་བོའི་རྒྱལ་པོའི་རྟོག་འདི་ལས། །མཆོག་ཏུ་གྱུར་པ་གཞན་མེད་དོ། །ཁྲོ་བོ་རྣམ་པར་རྒྱལ་བ་ལས། ། རྟོག་པ་ཕྱི་མའི་ཕྱི་མ་འདི། །རབ་ཏུ་གསང་བ་ཞེས་བྱ་བ། །ཐོས་ནས་གསང་བའི་དོན་བསྒོམས་པས། །ལྷ་དེ་ཐམས་ཅད་ཡི་རངས་ནས། །ཁྲོ་བོ་མཆོག་ལ་ཕྱག་འཚལ་ཏེ། །རབ་ཏུ་དགའ་བའི་མཆོག་ཏུ་འགྱུར། །གསང་བའི་རྟོག་པར་གཏོགས་པ་ལྔ་པ་སྟེ་བཅོམ་ལྡན་འདས་ འཇམ་དཔལ་གཤིན་རྗེ་གཤེད་པོ་ལ་རྗེས་སུ་ཡི་རང་བའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ་གསང་བའི་རྒྱུད་རྫོགས་སོ།། །།