rKTs


D607

(e-text produced by ADARSHA)

see text in transliteration
91-1-39a
༄#། །རྒྱ་གར་སྐད་དུ། ཨཱརྱ་རཏྣ་མཱ་ལ་ནཱ་མ་ཨ་པ་རཱ་ཛི་ཏ། བོད་སྐད་དུ། འཕགས་པ་གཞན་གྱིས་མི་ཐུབ་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། ། དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཡང་དག་པར་སོང་ བ་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ལན་ཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་དུ་ཞུགས་པ་རྣམས་ལ་
91-1-39b
ཕྱག་འཚལ་ལོ། །ལྷའི་དྲང་སྲོང་རྣམས་ལ་ཕྱག་འཚལ་ལོ། །བརྟུལ་ཞུགས་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །ལྷ་རྣམས་ལ་ཕྱག་འཚལ་ལོ། །ཀླུ་རྣམས་ལ་ཕྱག་འཚལ་ལོ། །གནོད་སྦྱིན་རྣམས་ལ་ཕྱག་འཚལ་ལོ། །དྲི་ཟ་རྣམས་ལ་ཕྱག་འཚལ་ལོ། །ལྟོ་འཕྱེ་ ཆེན་པོ་རྣམས་ལ་ཕྱག་འཚལ་ལོ། །མིའམ་ཅི་རྣམས་ལ་ཕྱག་འཚལ་ལོ། །སྲིན་པོ་རྣམས་ལ་ཕྱག་འཚལ་ལོ། །ཤ་ཟ་སྐྲ་གྱེན་དུ་བརྫེས་པ་རྣམས་ལ་ཕྱག་འཚལ་ལོ། །རིག་པའི་བདག་པོ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཟླ་བ་དང་ཉི་མ་རྣམས་ལ་ཕྱག་འཚལ་ལོ། ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་ཕྱག་འཚལ་ལོ། །དེ་ནས་གཞན་གྱིས་མི་ཐུབ་པའི་རིན་པོ་ཆེའི་ཕྲེང་བའི་སྙིང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ། ལྷ་དང ། ཀླུ་རྣམས་ཀྱིས་རྗེས་སུ་ཡི་རང་བ། ལས་ཐམས་ཅད་བྱེད་པ། གཙང་བ་བརྗོད་པར་བྱ་སྟེ། དག་ཅིང་དེ་ བཞིན་བཀྲ་ཤིས་པ། །བསོད་ནམས་བྱེད་གཙང་དཔལ་ཡོན་ཅན། །སྲིན་པོ་འཇོམས་པ་ལྷ་རྣམས་དང ། །སེམས་ཅན་ཀུན་གྱིས་མི་ཐུབ་པ། །སྡིག་པ་ཐམས་ཅད་རབ་འཇིག་པ། །དོན་ཀུན་སྒྲུབ་པ་དཔལ་ཡོན་ཅན། །གདོན་ཀུན་རྣམ་པར་འཇིག་བྱེད་པ། །རིག་སྔགས་ འདི་ནི་བརྗོད་པར་བྱ། །འདི་ནི་རྟག་ཏུ་རྒྱལ་བྱེད་པ། །བརྒྱ་བྱིན་གྱིས་ཀྱང་མི་ཐུབ་འདི། །དུག་དང་གཤེད་བྱེད་འཇིགས་བྱེད་པ། །མེ་དགྲ་རྒྱལ་པོའི་འཇིགས་པ་དང ། །གཤེད་བྱེད་གདོན་དང་རོ་ལངས་དང ། །རྨི་ལམ་ངན་དང་ལུས་སྲུལ་དང ། །ལྷ་དང་ལྷ་མིན་དྲི་ ཟ་དང ། །གནོད་སྦྱིན་སྲིན་པོ་ཀླུ་རྣམས་ལས། །ཀུན་ནས་དཔག་ཚད་བརྒྱ་ཚུན་ཅད། །རྟག་ཏུ་བདག་ལ་བསྲུང་བར་མཛོད། །ཉིན་གཅིག་པ་ཡི་རིམས་ནད་དང ། །ཉིན་གཉིས་པ་དང་ཉིན་གསུམ་དང ། །ཉིན་བཞི་པ་ཡི་རིམས་ནད་དང ། །མི་བཟད་རིམས་ལས་ འདི་སྲུང་བྱེད། །དུག་དང་དབྱིག་དུག་ཟོས་པ་ཡང ། །ཁ་ཟས་བཞིན་དུ་འཇུ་བར་འགྱུར། །གང་གི་མངལ་ན་མི་འཆགས་དང ། །གང་གི་བུ་ཕོ་འཆི་བ་ཡང ། །རིན་པོ་ཆེ་ཡི་ཕྲེང་བ་འདིས། །དེ་དག་མྱུར་དུ་འཚོ་བར་བྱེད། །ནོར་འདོད་པ་ནི་ནོར་རྣམས་འཐོབ། །
91-1-40a
དཔལ་འདོད་པ་ཡང་དཔལ་ཐོབ་འགྱུར། །འཐབ་ཅིང་འགྱེད་དང་གཡུལ་ངོར་ཡང ། །མྱུར་དུ་རྒྱལ་བར་བྱེད་པ་ཡིན། །སེམས་ཅན་རྣམས་ལ་གནོད་གཟིགས་ནས། །འཇིག་རྟེན་མགོན་གྱིས་རབ་གསུངས་པ། །རིན་ཆེན་ཕྲེང་ཞེས་བྱ་བ་ཡི། །རིག་སྔགས་ འདི་ནི་བརྗོད་པར་བྱ། །ཏདྱ་ཐཱ། ཨོཾ་དྷ་ན་ཀ་རི། བི་པུ་ལ་ཀ་རི། ཛ་ཡ་ཀ་རི། ཡཥྚི་ཀ་རི། བྲྀད་དྷི་ཀ་རི། ཨཱ་ཡུརྡ་དི། པུ་ཎྱ་དཱ་རི། ཨ་ལཀྵྨཱི་པྲ་ཤ་མ་ནི། དྷ་ན་དྷ་ནྱ། བི་བརྟ་ནི། ཤྲཱི་ཀ་རི། སརྦ་གྲ་ཧ་ནཀྵ་ཏྲ་པྲ་ཤ་བརྟི་ནི། མེ་དྷཱ་ཛ་ན་ནི། པུ་ཏྲ་ཛ་ན་ནི། པ་རི་བ་རཱ་བརྡྷ་ནི། ཨཱ་ཡུརྡ་ ནི། པྲི་ཏི་ཀ་རི། ཛཾ་བྷ་ནི། སྟཾ་བྷ་ནི། མོ་ཧ་ནི། ཨ་མོ་གྷ་ཤཀྟི། ཀཉྩ་ན་མཱ་ལེ། གྲ་ཧ་སཽ་མྱ་ཀ་ར་ཎི། སརྦ་ཀ་ལི་ཀ་ལ་ཧ། བི་གྲ་ཧ་བི་བྱཱ་དྷ་པྲ་ཤ་མ་ནི། པ་ར་ཙཀྲ་ནི་བཱ་ར་ཎི། པ་ར་སཻ་ནྱ། སྟཾ་བྷ་ནི། ཙིཏྟ་ནིར་མ་ལཱི་ཀ་རི་ཎཱི། སརྦ་པཱ་པཾ་བྲ་ཤ་མ་ནི། སརྦ་ཀཱ་ལ་བིཥྚ་ནཱ་ཤ་ནི་ སཝཱ་ཧཱ། ཙུ་རུ་ཙུ་རུ་སཝཱ་ཧཱ། ཏུ་རུ་ཏུ་རུ་སཝཱ་ཧཱ། མུ་རུ་མུ་རུ་སཝཱ་ཧཱ། སརྦ་དེ་བ་ཨ་ནུ་ཛྙི་ཏེ་སཝཱ་ཧཱ། སརྦ་ནཱ་ག་སཾ་རཀྵི་ཏེ་སཝཱ་ཧཱ། ཨོཾ་ནི་རི་ནི་རི་ཕཊ། ཧ་ན་ཧ་ན་ཕཊ། ད་ཧ་ད་ཧ་ཕཊ། པ་ཙ་པ་ཙ་ཕཊ། གང་དག་བདག་ལ་སྡང་བར་སེམས་པ་དང ། །གནོད་པར་སེམས་པ་དང ། སྦྱིན་སྲེག་ བྱེད་པ་དང ། བྱད་བྱེད་པ་དང ། བྱེད་དུ་འཇུག་པ་དང ། བྱེད་པ་ལ་རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་ཕཊ་ཕཊ་སཝཱ་ཧཱ། ཨག་ནཱིཾ་སྟཾ་བྷ་ཡཱ་མི། བི་ཥཱཾ་ཤ་ཏྲཱུཾ། ཨུ་ད་ཀཱ་ན། ཙཽ་རཱ་ན། སརྦ་དུཥྚཱ་ན། སརྦ་པྲ་ཏྱརྠི་ཀ། པྲ་ཏྱ་མནྟྲཱ་ན། སྟཾ་བྷ་ཡཱ་མི། ཛཾ་བྷ་ཡཱ་མི། མོ་ ཧ་ཡཱ་མི། །ཕཊ་ཕཊ་སཝཱ་ཧཱ། གཞན་གྱིས་མི་ཐུབ་ཅེས་བྱ་བ། །རིན་ཆེན་ཕྲེང་གིས་རྣམ་པར་བརྒྱན། །ལས་ཀུན་བྱེད་དང་དེ་བཞིན་དུ། །རྟག་ཏུ་སྲུང་བ་བྱེད་པ་འདི། །འགྲོ་འམ་ཡང་ན་ཅི་ཡང་རུང ། །དེ་དག་འགའ་ཞིག་བྲིས་ཏེ་འཆང ། ། སྲིན་པོ་འཇོམས་པ་བསོད་ནམས་མཆོག་།སྡིག་པའི་རྙོག་པ་འཇིག་པར་བྱེད། །གཡུལ་འགྱེད་པ་དང་འཐབ་པར་ཡང ། །ཀུན་དུ་རྒྱལ་བར་བྱེད་པ་དགེ་།མི་གང་གཙང་སྦྲར་བྱས་ནས་སུ། །རིག་སྔགས་འདི་བྲིས་འཆང་བ་དང ། །བཀླགས་དྲན་
91-1-40b
ཤེས་རབ་ཅན་དེ་ལ། །འཇིགས་པ་ཀུན་ཏུ་མི་འབྱུང་ངོ ། །ཆོ་ག་བཞིན་དུ་ཀློག་འཆང་ན། །གསང་བ་པོ་ཀུན་རྟག་ཏུ་བསྲུང ། །ཡོངས་སུ་སྐྱོང་བར་བྱེད་པར་འགྱུར། །རྟག་ཏུ་རྒྱལ་བར་བྱེད་པ་སྟེ། །དཔེར་ན་རིན་ཆེན་ཕྲེང་བ་ཡིས། །མགོ་བོ་ བརྒྱན་ན་མཛེས་པ་ལྟར། །དེ་བཞིན་ཕུན་སུམ་ཚོགས་པས་མཛེས། །གང་ཞིག་རིག་སྔགས་འདི་འཆང་ན། །དེ་ཡིས་གདོན་རྣམས་རྣམ་པར་འཇིག་།ནད་ཀྱིས་བཏབ་པར་མི་འགྱུར་རོ། །བུ་དང་ཚ་བོ་རྣམ་པར་འཕེལ། །དེ་ཡི་འཁོར་ནི་བཟང་པོར་ འགྱུར། །སེམས་ཅན་ཀུན་ལ་ཕན་ཕྱིར་དང ། །བྱེ་བྲག་ཏུ་ནི་བྱས་པའི་ཕྱིར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །རིག་སྔགས་འདི་ནི་བྱིན་གྱིས་བརླབས། །ལྷ་ཡི་དབང་པོ་རྣམས་དང་ནི། །དེ་བཞིན་བྱང་ཆུབ་སེམས་དཔའ་སྲུང ། །དེ་ལ་ཕྱོགས་ བཅུ་རྣམས་ཀྱི་ནི། །དེ་བཞིན་གཤེགས་པ་གཟིགས་པར་མཛད། །དགེ་བ་དང་ནི་ནོར་རྣམས་འཕེལ། །སྡིག་པ་རྣམས་ཀྱང་བྱང་བར་འགྱུར། །རྨི་ལམ་ངན་ཉེས་བྱས་པ་ཡིས། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཏདྱ་ཐཱ། མུ་ནི་མུ་ནི། མུ་ནི་མུ་ནི་མུ་ནི་ རི། མ་ཏི་མ་ཏི་མ་ཏི། །མ་ཧཱ་མ་ཏི། བདག་འཇིགས་པ་ཐམས་ཅད་ལས་སྲུངས་ཤིག་།སྲུངས་ཤིག་།སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཡམས་ཀྱི་ནད་དང ། གནོད་པ་ཐམས་ཅད་ལས་བདག་བདེ་ལེགས་སུ་གྱུར་ཅིག་སཝཱ་ཧཱ། འཕགས་པ་ གཞན་གྱིས་མི་ཐུབ་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་རྫོགས་སོ།། །།པཎྜི་ཏ་སུ་རེན་དྲ་བོ་དྷི་དང ། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། ་་