rKTs


D648

(e-text produced by ADARSHA)

see text in transliteration
91-1-134a
༄#། །བོད་སྐད་དུ། འཇུར་འགེགས་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སེར་སྣ་ལས་ཆེར་ལྷག་པ། གཞན་གྱི་ལ་འཇུར་འགེགས་བྱས་པའི་ཉེས་པའི་འབྲས་བུ་འདི་ལྟ་སྟེ། འཕགས་པ་ཤཝ་རིའི་བུ་དང ། འཕགས་པ་མཽད་གལ་གྱི་བུ་གཉིས་བས་མཐའ་ཅིག་ན། སོ་སོར་རྟོག་པའི་ཤེས་རབ་ཡིད་ལ་བྱེད་ཅིང་ཡོད་པ་ལས། ཉི་མའི་གུང་ལ་གཉིས་པོས་ཁམས་སེང་དུ་མཆིས་པའི་ས་ན་ཡི་དགས་མོ་ལུས་སྔོ་ལ་སྐམ་པ། ཁོག་ཁོག་ཟེར་བ། སྐྲ་འཛིངས་པ། མིག་དམར་
91-1-134b
ལ་གཡོན་དུ་ཡོ་བ། མ་མཆུ་རིང་ལ་གཡས་སུ་ཡོ་བ། སྐེ་དང་རྐང་ལག་ཤིན་ཏུ་ཕྲ་ལ་རིད་བ། ལག་པ་ཁུ་ཚུར་བསྡམས་པའི་སེན་མོས་ཐད་ཀར་ཕུག་ནས་སེན་མོ་སྔོ་ཟང་ངེ་ཡོད་པ། ཁ་ནས་སྒྲ་རྣམ་པ་ལྔ་སྒྲོགས་པ་ནི་འདི་ལྟ་སྟེ། དགོས་ན་ཞེས་བྱ་བ་དང ། མེད་ན་ ཞེས་བྱ་བ་དང ། མ་སྦྱིན་ཅིག་ཞེས་བྱ་བ་དང ། སྟེར་ན་ཡང་མཆེ་ཆེས་པར་འོང་ངོ་ཞེས་བྱ་བ་དང ། དེ་ཙམ་ཆེས་ཀྱིས་ཕྲིལ་བྱིན་ཞེས་བྱ་བ་དང་ལྔ་བརྗོད་པ། སྐྱི་ཟིང་བྱེད་པ་ཅིག་དང་ཕྲད་པ་ལས། དེར་གང་ཟག་གཉིས་པོ་དེས་བསམས་པ། དགོན་པ་བས་གྲོང་ཡུལ་ ཐག་ཉེ་ལ་ཟས་མོད་པས་གྲོང་ཁྱེར་དུ་ཕྱིན་ཏེ་བསླངས་པས་དཀར་གསུམ་དང ། མངར་གསུམ་དང ། འབྲས་དང་ནས་ཀྱི་ཟན་ལ་སོགས་པ་བཟའ་བ་དང ། བཏུང་བ་མང་དུ་རྙེད་ནས་ཡི་དགས་ཀྱི་དྲུང་དུ་ཁྱེར་ཏེ་ཕྱིན་ནས་བསྟབས་པས་མི་ལེན་པར་གོང་གི་སྒྲ་རྣམ་པ་ལྔ་ སྒྲོགས་ཤིང་བྲོས་སོ། །དེར་གང་ཟག་གཉིས་པོ་དེས་ཤིན་ཏུ་མ་དགའ་ནས། ཡི་དགས་མོ་དེའི་སེམས་སུ་སོང་ནས་གཞན་ཡིད་ལ་མ་དྲན་ཏེ། བཅོམ་ལྡན་འདས་འོད་མའི་ཚལ་ན་བཞུགས་པ་ཅན་དུ་དེ་མ་ཐག་ཕྱིན་ཏེ། ཞབས་ལ་ཕྱག་འཚལ་བས་འཁངས་ནས་ཐང་ ཆད་དེ་དྲི་བ་མ་སྤོབས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་ཅི་ཉེས། དྲི་བ་ཡོད་ན་དབུགས་ཕྱུང་ལ་དྲིས་ཤིག་།ཅེས་གསུངས་སོ། བཅོམ་ལྡན་འདས་ལགས་བདག་ཅག་ནི་ཤིན་ཏུ་མ་དགའ་སྟེ། ཉིད་ལ་ཁོང་ཡུས་ཆེ་ནས་འཁམས་པ་ ལགས་སོ། །བཀའ་སྩལ་པ། ཅི་ལས་གྱུར། སྨྲས་པ། བདག་ཅག་གཉིས་ནི་བས་མཐའ་ཞིག་ན། བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པ་སོ་སོར་རྟོག་པ་ཡིད་ལ་བྱེད་པ་ལས་རྒྱང་རིང་པོར་འཆག་ཏུ་ཕྱིན་པ་ལས་ཡི་དགས་མོ་ལུས་པོ་སྔོ་ལ་སྐམ་པ། ཁོག་ཁོག་ཟེར་བ། སྐྲ་འཛིངས་པ། མིག་དམར་ལ་གཡོན་དུ་ཡོ་བ། མ་མཆུ་རིང་ལ་གཡས་སུ་ཡོ་བ། སྐེ་དང་རྐང་ལག་ཤིན་ཏུ་ཕྲ་ལ་རིད་པ། ལག་པས་ཁུ་ཚུར་བསྡམས་པའི་སེན་མོས་ཐད་ཀར་ཕུག་ནས་སྔོ་ཟང་ངེ་བ། ཁ་ནས་སྒྲ་རྣམ་པ་ལྔ་སྒྲོགས་པ་འདི་ལྟ་སྟེ། དགོས་ན་ཞེས་བྱ་
91-1-135a
བ་དང ། མེད་ན་ཞེས་བྱ་བ་དང ། མ་བྱིན་ཅིག་ཅེས་བྱ་བ་དང ། སྟེར་ན་ཡང་མཆེ་ཆེས་པར་འོང་ངོ་ཞེས་བྱ་བ་དང ། དེ་ཙམ་ཆེས་ཀྱིས་ཕྲིལ་བྱིན་ཞེས་བྱ་བ་དང་ལྔ་བརྗོད་པ། སྐྱི་ཟིང་བྱེད་པ་ཅིག་དང་ཕྲད་ནས། བདག་ཅག་གཉིས་ཀྱིས་བསམས་པས་དགོན་པ་བས་ གྲོང་ཡུལ་ཐག་ཉེ་ལ་ཟས་མོད་པས་གྲོང་ཁྱེར་དུ་ཕྱིན་ཏེ་བསླངས་པས་དཀར་གསུམ་དང ། མངར་གསུམ་དང ། འབྲས་དང ། ནས་ཀྱི་ཟན་ལ་སོགས་པ་བཟའ་བ་དང་བཏུང་བ་མང་དུ་རྙེད་ནས་ཡི་དགས་མོ་དེའི་དྲུང་དུ་ཁྱེར་ནས་བསྟབས་པས། ཁ་ནས་གོང་གི་སྒྲ་རྣམ་པ་ལྔ་བརྗོད་ཅིང་ གང་བྱིན་པ་མི་ལེན་པར་བྲོས་ཏེ་ཐལ་ན་འདི་ཅི་ལས་གྱུར་པ་དང ། འདི་ལ་སྨན་པའི་ཐབས་ཅི་མཆིས་ཞུ་རུ་མཆིས་པ་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་ནི་ཤིན་ཏུ་ལེགས་སོ། །ངས་བཤད་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་།དེ་ཅི་ལས་གྱུར་ན་ལུས་ སྔོ་ལ་སྐམས་པ་ནི་རང་གིས་ཟ་མ་ཕོད་པ་ལས་གྱུར་པའོ། །སྐེ་ཕྲ་བ་ནི་གཞན་ཟ་ཞིང་སྤྱོད་པ་ལ་བདག་གིས་སེར་སྣ་བྱས་པ་ལས་གྱུར་ཏོ། །ཡན་ལག་ཕྲ་ལ་སོར་མོས་ཐད་ཀར་ཕུག་པ་ནི་གཞན་ལ་སྦྱིན་པ་དག་ལ་ཆེས་ཀྱིས་ཕྲི་ལ་བྱིན་ཅེས་བྱས་པ་དང ། རང་གིས་ཀྱང་སྤྱོད་མི་ ཕོད་པ་ལས་གྱུར་ཏོ། །སྐྲ་འཛིངས་པ་ནི་ཀུན་གྱི་ཡིད་དུ་མི་འོང་བ་བྱས་པ་ལས་གྱུར་ཏོ། །མིག་དམར་བ་ནི་འདོད་ཆགས་ཀྱིས་ཡོངས་སུ་རྒྱས་པ་ལས་གྱུར་ཏོ། །གཡོན་དུ་ཡོ་བ་ནི་མིག་མི་ལེགས་པར་གཞན་ལ་བལྟས་པ་ལས་གྱུར་ཏོ། །མ་མཆུ་རིང་ལ་གཡས་སུ་ཡོ་བ་ ནི་སྟེར་ན་ཡང་ཆེས་པར་འོང་ངོ་ཞེས་བྱས་པ་ལས་གྱུར་ཏོ། །ཁ་ནས་སྒྲ་རྣམ་པ་ལྔ་སྒྲོགས་པ་ནི་བྱེད་པ་རྒྱུ་མཐུན་པའི་འབྲས་བུ་སྟེ། སྔོན་བརྗོད་པའི་བག་ཆགས་བརྟས་པ་ལས་གྱུར་ཏོ། །དེ་ལྟ་བུའི་ལས་ཀྱི་དབང་གིས་གཞན་ཅི་བྱིན་ཡང་ཕན་པར་མི་འགྱུར་ཏེ། ཆུ་གཅིག་པུ་ ལས་རང་གིས་སྦྱིན་ནུས་པ་མ་ཡིན་ཏེ། གཞན་གྱི་ཆུ་ལ་འཇུར་འགེགས་མ་བྱས་པས་ད་ལྟ་ཡང་ཆུ་གཙང་མ་རྩམ་པས་མ་རེག་པ་ལ་སྔགས་ལན་ཅིག་བཏབ་སྟེ། སེ་གོལ་ལན་ཅིག་གཏོགས་ཏེ་བྱིན་ན་དེའི་རྒྱུད་གྲོལ་ཞིང་འདོད་པ་ཚིམ་པར་འགྱུར་རོ། །དེ་འདི་ལྟ་སྟེ། ཨོཾ་ཛྭ་ལ་མི་དཾ་སརྦ་
91-1-135b
པྲེ་ཏ་བྷྱཿ སཝཱ་ཧཱ། གསོལ་པ། དེའི་འབྲུ་དོན་བཤད་དུ་གསོལ། བཀའ་སྩལ་པ། ཨོཾ་ནི་ཡེ་ཤེས་ལྔའི་རང་བཞིན་ཏེ་དོན་དམ་པའོ། །ཛྭ་ལ་འདོད་པ་མེ་ལྟར་འབར་བའོ། །མི་དཾ་ནི་མིའི་རྒྱུད་ཀྱིས་སེར་སྣ་དང་འཇུར་འགེགས་བྱས་པའོ། །སརྦ་ནི་དེ་ལྟ་བུའི་ལས་ལས་གྱུར་པ་ཐམས་ ཅད་དོ། །པྲེ་ཏ་ནི་ཡི་དགས་ཀྱི་སྙིང་པོ་སྟེ། ལས་ཀྱི་རྒྱུད་སྨིན་པའི་དོན་ཏོ། །བྷྱཿ ནི་ལས་དང་སྡུག་བསྔལ་བྱང་བར་བྱ་བའི་དོན་ཏོ། །སཝཱ་ཧཱ་ནི་ལས་དང་སྡུག་བསྔལ་བཀྲེས་སྐོམ་བྱང་བར་གྱུར་ཅིག་པའོ། །ད་མྱུར་དུ་སོང་ལ་དེ་ལྟར་གསོས་ཅིག་ཅེས་གསུངས་པས། དེ་ནས་ དེ་གཉིས་ཀྱིས་མྱུར་དུ་ཕྱིན་ནས་དེ་བཞིན་དུ་བགྱིས་པས་གཟོད་དགའ་ནས་ལོངས་སྤྱོད་ཅིང་ལུས་བག་རླན་ནོ། །དེ་ནས་ཆོས་སྟོན་ལ་བབ་ནས་གཉིས་པོ་རེ་མོས་བྱས་ཏེ། ཤཱ་རིའི་བུས་བཤོས་གསོལ་ནས། གཅིག་གསོལ་དུ་སྩལ་ཏེ། ཆབ་བྱིན་པས་ཡང་གོང་བཞིན་བརྗོད་དེ་བྲོས་སོ། ། ཡང་གཉིས་ཀྱིས་ཡིད་མ་ཆེས་ནས་བཅོམ་ལྡན་འདས་ལ་ཞུར་མཆིས་སོ། །བཅོམ་ལྡན་འདས་ལགས། བདག་ཅག་གིས་གསུངས་པ་བཞིན་བགྱིས་ལགས་པས། གསོ་རུ་གཏུབ་པར་གདའ་བ་ལ་ཆོས་སྟོན་ཡོལ་དུ་དོགས་ནས་འཚལ་ནས་ཡང་སྔར་བཞིན་བརྗོད་ཅིང་བྲོས་ནས་ཡང་ཞུ་རུ་མཆིས་ སོ། །བཀའ་སྩལ་པ། དེ་ནི་ཁྱོད་ཀྱི་སན་བར་དུ་རྩམ་པ་ལས་པས་ལན་པ་ཡིན་གྱིས། ལག་པ་ཁྲུས་ལ་གཟོད་བྱིན་ཅིག་།དེའི་དྲུང་དུ་འགྲོ་མི་དགོས་ཏེ་འདི་ཉིད་ཀྱིས་བཏུབ་པོ་ཞེས་གསུངས་སོ། །དེ་གཉིས་ཀྱིས་ཁྲུས་བགྱིས་ཏེ། ཆུ་སྦྱིན་སྩལ་བས་ཡི་དགས་མོ་དེ་ཉིད་དུ་འོངས་ ནས་ཅུང་ཟད་ན་མདངས་དང་ལྡན་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་བུའི་ཆུ་སྦྱིན་འདི་ནི་འདིར་མ་ཟད་དེ་དུས་ཐམས་ཅད་དུ་ཡང་ཡི་དམ་དུ་གྱིས་ལ་ཐོང་ཤིག་།གཞན་ལ་ཡང་རྒྱ་ཆེར་སྤེལ་ཅིག་།དེ་ཅིའི་ཕྱིར་ཞེ་ན། འདིའི་ཕན་ཡོན་ནི་དཔག་ཏུ་མེད་དེ་ ཚད་ལས་འདས་སོ། །མདོ་ཙམ་བརྗོད་ན་འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་ཀྱི་མི་ཕྱུག་པོ་རྣམས་ལ་སྦྱིན་པ་བྱས་པ་བས་དབུལ་པོ་འགའ་ཞིག་ལ་སྦྱིན་པ་བྱས་ན་དེའི་བསོད་ནམས་བརྒྱའི་ཆར་ཡང་མི་ཉེ་སྟེ། དེ་ཅི་སྟེ་ཞེ་ན། ཕྱུག་པོ་རྣམས་ནི་ང་རྒྱལ་ཏེ་དྲེགས་པ་དང་རྒྱགས་པས་གནས་ངན་
91-1-136a
ལེན་སྤྲོ་བར་བྱེད་དོ། །འཇིག་རྟེན་གྱི་ཁམས་ཀྱི་དབུལ་པོ་རྣམས་ལ་སྦྱིན་པ་བྱས་པ་བས་ཡི་དགས་འགའ་ཞིག་ལ་སྦྱིན་པ་བྱས་ན་དེའི་བསོད་ནམས་བརྒྱའི་ཆར་ཡང་མི་ཉེའོ། །དེ་ཅི་སྟེ་ཞེ་ན། དབུལ་པོ་རྣམས་ལ་ནི་འབད་དུ་ཡོད། བཙལ་དུ་ཡོད། བསླང་དུ་ཡོད་དོ། །ཡི་ དགས་ལས་ཀྱིས་དེ་ལྟ་བུ་དག་མ་ཡིན་གྱི། མ་བསྔོས་ན་ཁ་རུ་ཆུད་ཀྱང་དུག་ཆེན་པོར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཀྱི་ཡི་དགས་ལ་སྦྱིན་པ་བྱིན་པ་བས་འཇུར་འགེགས་ཀྱི་ཡི་དགས་གཅིག་ལ་ཆུ་བྱིན་ན་དེའི་བསོད་ནམས་བརྒྱའི་ཆར་ཡང་མི་ཉེའོ། །དེ་ཅི་སྟེ་ཞེ་ན། ཡི་དགས་དེ་དག་ ལ་ནི་དམིགས་པས་ཚིམ་པ་དང ། བཤམས་པས་ཚིམ་པ་དང ། བསྔོས་པས་ཚིམ་པ་དང ། རེག་པས་ཚིམ་པ་དང ། རྗེས་ཀྱིས་ཚིམ་པ་དང ། བཤལ་བས་ཚིམ་པ་ཡང་ཡོད་དེ། ལས་ཀྱི་རིམ་པ་བཞིན་ནོ། །འཇུར་འགེགས་ནི་གཞན་བཀག་པའི་ལས་ཀྱིས་སྔགས་དང ། ཕྱག་རྒྱ་དང ། དམིགས་པ་གཞན་གྱིས་མི་ཐོབ། རྫས་ཐམས་ཅད་ལ་འཐམས་ཏེ་བཀག་པས་རྫས་གཞན་མི་མྱོང ། གཞན་གྱི་ཆུ་གཅིག་པུ་མ་བཀག་པས། ཆུ་གཙང་རྩམ་པས་མ་རེག་པ་ལས་དབང་མེད། རང་གི་རྒྱུད་ཞི་བར་བྱེད་པའི་སྔགས་དང ། ཕྱག་རྒྱ་སེ་གོལ་གཅིག་མིན་ པ་གཞན་གང་གིས་ཀྱང་ཐུབ་པར་མི་ནུས་སོ། །སེ་གོལ་གཅིག་ཏུ་བཞག་པ་ཅི་ཞེ་ན། གཉིས་སུ་གྱུར་ན་གཞན་གྱི་སྒྲར་གྱུར་ནས་མི་ཐོབ་དེས་ན་རང་གི་གོ་བ་བསྐྱེད་པ་སྒྲ་གཅིག་ཏུ་ངེས་པའོ། །འདིས་ནི་བར་ཆད་ཀྱིས་མི་ཚུགས་པ་དང ། ནད་ཉུང་བ་དང ། ཚེ་རིང་བ་དང ། ལོངས་སྤྱོད་དང་ ལྡན་པ་དང ། ཡི་ག་འཆུས་པ་རྣམས་འབྱེད་པར་བྱེད་པ་དང ། མདངས་ཉམས་པ་རྣམས་གསལ་བར་བྱེད་པ་དང ། འདི་གཞན་ལ་སྤེལ་ན་རྒྱུད་གྲོལ་ནས་ཡི་དགས་ཀྱི་རྒྱུད་ཆད་དེ་མཐར་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་སྐད་ཅེས་བཀའ་སྩལ་ནས། རིགས་ཀྱི་བུ་དེ་དག་གིས་ བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཇུར་འགེགས་ཞེས་བྱ་བའི་གཟུངས་རྫོགས་སོ།། །།ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཏེ་གཏན་ལ་ཕབ་པ།། ་་