rKTs


D767

(e-text produced by ADARSHA)

see text in transliteration
96-1-81b
༄##། །གསང་བའི་བདག་པོ་རྡོ་རྗེ་བསྣམས་པ་ལ་ཕྱག་འཚལ་ལོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་
96-1-82a
ཡང་དག་ཤེས་ཀྱིས། བཅོམ་ལྡན་འདས་ལ་ལན་དུ་མར་བསྐོར་བ་བྱས་ནས། ལྷའི་མེ་ཏོག་དང ། རིན་པོ་ཆེ་དུ་མས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷ་རྣམས་ཀྱི་རྒྱལ་པོ་འདི་ལ་ཅིའི་སླད་དུ་རྣམ་ཐོས་སྲས་ ཞེས་བགྱི། ཅིའི་སླད་དུ་ངལ་བསོ་པོ་ཞེས་བགྱི། ཅིའི་སླད་དུ་གནས་སྲུང་པོ་ཞེས་བགྱི། ཅིའི་སླད་དུ་ལུས་ངན་པོ་ཞེས་བགྱི། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཀྱིས་ལྷའི་རྒྱལ་ པོའི་མིང་གི་རྣམ་གྲངས་རྣམས་གནོད་སྦྱིན་གྱི་ཚོགས་ཆེན་པོ་འདི་དང ། སྡེ་དཔོན་ཆེན་པོ་ཡང་དག་ཤེས་ལ་ཡང་དག་པར་སྟོན་ཅིག་ཅེས་པ་དེ་གསུངས་ནས། དེ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་ལན་དུ་མར་བསྐོར་བ་བྱས་ནས། རྡོ་རྗེ་སྙེམས་པ་དང་བཅས་པས། འགྱིང་ཞིང་རང་གི་སྟན་ལ་འདུག་སྟེ། འཁོར་འདུས་པ་དང ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྣམས་ལ་གཟིགས་ནས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་ལ་འདི་སྐད་ཅེས་གསུངས་སོ། །སྡེ་དཔོན་ཡང་དག་ཤེས་ལྷའི་རྒྱལ་པོ་འདི་ནི་རྣམ་པར་སྣང་མཛད་དེ་བཞིན་ གཤེགས་པའི་ཐུགས་ལས་སྤྲུལ་པ་སྟེ། སངས་རྒྱས་ཀྱི་མཛད་པ་ཇི་ལྟ་བ་བཞིན་དུ་མཛད་པའོ། །དེ་ནས་ཚངས་པ་ཁྱད་པར་སེམས་ཀྱིས་བསམས་པ། ཀྱེ་མ་ལྷ་རྣམས་ཀྱི་སྲིད་གྲུབ་ཅིང་མི་རྣམས་ཀྱི་རེ་བ་སྐོང་བའི་ཕྱིར་ཐབས་ཅི་ཡོད་ཅེས་བསམས་པ་དང ། ལྷ་ཐམས་ཅད་ཀྱི་མངའ་ བདག་མ་ཧཱ་དེ་བ་དྲང་སྲོང་གི་སྤྱོད་པ་ལ་གནས་ཤིང་དགའ་བའི་ཚལ་ན་ཡོད་པ། ལྷའི་བུ་རྣམས་ཀྱིས་དྲང་སྲོང་ཆེན་པོ་རྣམ་པ་མང་དུ་ཐོས་པ་དྲང་སྲོང་གི་སྤྱོད་པ་མཛད་དོ་ཞེས་གྲགས་སོ། །དེའི་ཚེ་ན་ཚངས་པ་ཁྱད་པར་སེམས་ཀྱིས་བརྒྱ་བྱིན་ལ་བསྐུལ་ཏེ། །དཔལ་ལྷ་མོ་དྲང་སྲོང་ལ་ཕུལ་ ལོ། །དེས་ཀྱང་དྲང་སྲོང་གི་དཀའ་ཐུབ་བཟློག་གོ། །རྣམ་པ་མང་པོ་ཐོས་པ་དང་ལྷན་ཅིག་ཏུ་གནས་པ་ལས། ཟླ་བ་བཅུ་ན་ཁྱེའུ་མཚན་དང་ལྡན་པ་ཅིག་དཔལ་ལྷ་མོའི་པང་དུ་བརྫུས་ཏེ་བྱུང་ངོ ། །མིང་ཡང་སྲིད་གྲུབ་ཅེས་བཏགས་སོ། །དེ་ནས་ཆེར་སྐྱེས་པ་དང་རྒྱལ་ཆེན་བཞིའི་
96-1-82b
རིས་ཀྱི་ལྷ་རྣམས་ཀྱིས། ལྕང་ལོ་ཅན་གྱི་ཕོ་བྲང་དུ་ཕུལ་ཏེ། ས་གསུམ་པའི་རྒྱལ་པོར་དབང་བསྐུར་རོ། །དེའི་ཚེ་བར་སྣང་ལ་གནས་པའི་ལྷ་རྣམས་དང ། ཡུལ་འཁོར་སྲུང་དང ། འཕགས་སྐྱེས་པོ་དང ། མིག་མི་བཟང་དང ། གནོད་སྦྱིན་ལག་ན་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་ རིན་པོ་ཆེའི་ཤིང་རྟ་བཀྲ་བ་ཕུལ་ནས་བསྟོད་པ། ལྷ་དང་མི་ཡི་མགོན་གྱུར་ལྷ་ཡི་ལྷ། །བདེ་མཛད་སྲིདགྲུབ་རྣམ་མང་ཐོས་པའི་སྲས། །སྨོན་ལམ་ཐུགས་རྗེའི་མཐུ་མངའ་རིན་ཆེན་མང ། །རྣམ་མང་ཐོས་པའི་སྲས་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དེ་ཕྱག་འཚལ་བ་ལས་རྣམ་ ཐོས་སྲས་ཞེས་མིང་དུ་ཆགས་པར་གྱུར་ཏོ། །སྡེ་དཔོན་ཆེན་པོ་ཡང་དག་ཤེས་ལྷ་རྣམས་ནི་ལྷ་མ་ཡིན་གྱི་བུ་མོ་རྣམས་འདོད་ལ། ལྷ་མ་ཡིན་རྣམས་ནི། ལྷ་རྣམས་ཀྱི་ཤིང་ཐོག་འདོད་པས་ན་དེ་དག་འཐབ་པར་བྱེད་དོ། །དེ་ཡང་ལྷ་མ་ཡིན་རྣམས་ལ་རི་རབ་ཀྱི་ཁོང་སེང་ནས་ གཞི་ཆེན་པོ་བཞི་གནས་ཏེ། དང་པོ་སྒྲ་གཅན་འཛིན་ནོ། །གཉིས་པ་མགུལ་ཕྲེང ། གསུམ་པ་རབ་དགོད། །བཞི་པ་ཐགས་བཟངས་རིས་སོ། །དེ་ནས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དཔུང་གི་ཚོགས་ཆེན་པོ་དང་ཆས་ཏེ། རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་ལ་བརྒལ་བར་ གྱུར་ཏོ། །དེའི་ཚེ་ན་རྒྱལ་པོ་རྣམ་ཐོས་ཀྱི་བུ་ངལ་བསོ་སྟེ་འཛམ་བུའི་གླིང་ལྟ་ཞིང་རབ་ཏུ་རྟོགས་པར་བྱེད་དོ། །ཡུལ་འཁོར་སྲུང་དང ། འཕགས་སྐྱེས་པོ་དང ། མིག་མི་བཟང་རྣམས་དང ། འཐབ་པར་བྱེད་དོ། །དེའི་ཚེ་ན་རྣམ་ཐོས་སྲས་རི་རབ་ཀྱི་རྐེདཔལ་ངལ་བསོ་བ་སྒྲ་ གཅན་གྱིས་མཐོང་ནས་གཟི་བརྗིད་དང་དཔལ་མ་བཟོད་དེ། དེའི་ཚེ་ན་སྒྲ་གཅན་གྱིས་རིན་པོ་ཆེའི་མེ་ཏོག་སྣ་ཚོགས་རྣམས་ཀྱིས་གཏོར་ཏེ་བསྟོད་པ། ལྷ་ཡི་ནང་ན་ནོར་ལྷ་ལྷ་ཡི་མཆོག་།འགྲོ་བའི་སྐྱབས་མཛད་ངལ་བསོ་དགེ་བ་བོ། །བདེ་གཤེགས་སྤྱོད་མཛད་རེ་བ་སྐོང་ མཛད་པའི། །ཀུན་གྱི་མགོན་གྱུར་ངལ་བསོ་ཁྱོད་ཕྱག་འཚལ། །ཞེས་བསྟོད་ནས་ས་གསུམ་གྱི་རྒྱལ་པོ་ངལ་བསོ་པོ་རྒྱལ་བར་གྱུར་ཅིག་ཅེས་བསྟོད་ནས་རང་གི་གནས་སུ་ཞུགས་སོ། །ཡང་དག་ཤེས་དེས་ན་ངལ་བསོ་པོ་ཞེས་མིང་དུ་ཆགས་པར་གྱུར་ཏོ། །སྡེ་དཔོན་
96-1-83a
ཆེན་པོ་ཡང་དག་ཤེས་དེ་ནས་ལྷ་མ་ཡིན་གྱི་ས་གཉིས་པ་ལ་གནས་པ་མགུལ་ཕྲེང་གིས་སྒྲ་གཅན་ལ་སྨྲས་པ། སྒྲ་གཅན་ཁྱོད་གཡུལ་ལས་བརྟན་པ་ཐོབ་བམ། བདེ་བར་ལོག་གམ་ཞེས་དྲིས་པ་དང ། སྒྲ་གཅན་གྱིས་སྨྲས་པ། ཁོ་བོའི་ནི་ངལ་བསོ་ པོ་རྒྱལ་པོའི་གཟི་བརྗིད་ཀྱིས་བསྲེགས་སོ། །རྣམ་པར་ཚིག་སྟེ་བཟོད་པ་དཀའོ་ཞེས་སྨྲས་སོ། །དེའི་ཚེ་མགུལ་ཕྲེང་ཁྲོ་བས་ནོན་ནས་སྒྲ་གཅན་ལ་སྨྲས་པ། ཀྱེ་སྒྲ་གཅན་ཁོ་བོ་ནི་སྟོབས་དང་དམག་གི་དཔུང་ཁྱོད་བས་བཞི་འགྱུར་གྱིས་མང་བས། འུ་བུ་ཅག་འགྲོགས་ཏེ་རྒྱལ་ ཆེན་བཞིའི་གྲོང་དང་སྐྱེད་མོས་ཚལ་ཀུན་དགའ་ར་བ་རྣམས་གཞོམ་པར་བྱའོ་ཞེས་ནས་དཔུང་གི་ཚོགས་དཔག་ཏུ་མེད་པ་དང ། སྒྲ་གཅན་དང་བཅས་ཏེ་འོངས་པར་གྱུར་ཏོ། །དེའི་ཚེ་ན་རྒྱལ་པོ་རྣམ་ཐོས་ཀྱི་བུ་སེང་གེ་ལ་ཞོན་པར་གྱུར་ཅིང་གསེར་གྱི་ཡ་ལད་བགོས་ཏེ་གནས་པ་ ལས་རྒྱལ་པོ་གསུམ་དང་ལྕང་ལོ་ཅན་རྣམས་ཕྲོགས་ལ་ཐུག་པའི་ཚེ། རྣམ་ཐོས་ཉིད་ཀྱི་ཡུལ་དང་ཀུན་དགའ་རབ་ལ་སོགས་པའི་གནས་རྣམས་བསྲུངས་ཏེ། ལྷ་མ་ཡིན་རྣམས་ཕམ་པར་བྱས་སོ། དེའི་ཚེ་ལྷ་མ་ཡིན་གྱི་དབང་པོ་མགུལ་ཕྲེང་གིས། གོས་རིན་པོ་ཆེ་སྣ་ཚོགས་ ཀྱིས་གཏོར་ནས་བསྟོད་པ། དཔའ་བོ་འཇིགས་མེད་ཉོན་མོངས་གཡུལ་ལས་རྒྱལ། །ལྷ་རྣམས་གནས་ས་སྲུང་ཟིལ་གནོན་སེང་གེའི་གདན། །ཕོངས་པ་སྒྲོལ་མཛད་ཡ་ལད་རྣམ་ལྔས་བརྒྱན། །མགོན་པོ་གནས་སྲུང་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས་རང་གི་གནས་ སུ་ཞུགས་པར་གྱུར་ཏོ། །དེ་ནས་ལྷ་མ་ཡིན་ས་གཞི་གསུམ་ལ་གནས་པའི་རབ་དགོད་ཅེས་བྱ་བས་མགུལ་ཕྲེང་ལ་སྨྲས་པ། ལྷ་མ་ཡིན་གྱི་དབང་པོ་གཡུལ་ལས་རྒྱལ་ལམ། བརྟན་པ་ཐོབ་བམ་ཞེས་དྲིས་པ་དང ། མགུལ་ཕྲེང་གིས་སྨྲས་པ། ལྷ་མ་ཡིན་གྱི་བདག་པོ་ ཁོ་བོ་ཅག་སྒྲ་གཅན་དང་བཅས་པ་མགོན་པོ་གནས་སྲུང་བོས་ཤིན་ཏུ་ཡང་ཕམ་པར་བྱས་ཏེ། ཆུ་ཤིང་གི་ཚལ་བཞིན་དུ་འདར་བར་བྱས་སོ། །མེ་ཏོག་ལ་བ་མོ་ཕོག་པ་ལྟར་བརྙིངས་པར་བྱས་སོ། །ཞེས་སྨྲས་པ་དང ། རབ་དགོད་ཀྱིས་སྨྲས་པ། ཁོ་བོས་ལྷའི་
96-1-83b
དབང་པོའི་གྲོང་ཁྱེར་བལྟ་ན་སྡུག་དབྲོག་པར་བྱའོ། །རྒྱལ་ཆེན་རིས་བཞི་པ་རྣམས་འབངས་སུ་བྱའོ་ཞེས་སྨྲས་ནས། རང་གི་ཡུལ་ནས་དཔུང་གི་ཚོགས་ཆེན་པོ་སྒྲ་གཅན་དང་མགུལ་ཕྲེང་དང་བཅས་པ་སྔ་མ་བས་བརྒྱ་འགྱུར་གྱིས་ལྷག་པ་རི་རབ་ཀྱི་སྟེང་དུ་ཕྱིན་ཏོ། །དེའི་ཚེ་ལྷའི་ དབང་པོ་ནི་ཆོས་བཟང་ན་ལྷའི་བུ་རྣམས་ལ་ཆོས་སྟོན་ཏོ། །དེའི་ཚེ་ལྷ་མ་ཡིན་གྱི་བདག་པོ་གསུམ་གྱི་དམག་དང་བཅས་པས། བལྟ་ན་སྡུག་གི་གྲོང་བར་དང ། སྐྱེད་མོས་ཚལ་རྣམས་ཕྲོགས་ལ་ཐུག་གོ། །དེའི་ཚེ་ཉེ་དབང་སུམ་ཅུ་རྩ་གཉིས་ཀྱིས་བརྒྱ་བྱིན་ལ་གསོལ་བ། ལྷའི་ དབང་པོ་མཁྱེན་པར་མཛད་དུ་གསོལ། ལྷ་མ་ཡིན་རྣམས་ཀྱིས་བལྟ་ན་སྡུག་པའི་གྲོང་ཁྱེར་ཕྲོགས་ལ་ཐུག་གོ་ཞེས་གསོལ་པ་དང ། བརྒྱ་བྱིན་གྱིས་སྨྲས་པ། ལྷའི་བདག་པོ་རྣམས་སོང་ལ། བྱང་ཕྱོགས་ཀྱི་རྒྱལ་པོ་ངལ་བསོ་པོ་ལ་གསོལ་བ་ཐོབ་ཅིག་།དེས་གཡུལ་ལས་རྒྱལ་ བར་བྱེད་དོ་ཞེས་སྨྲས་སོ། །དེ་ནས་ཉེ་དབང་སུམ་ཅུ་རྩ་གཉིས་ཀྱིས་རྒྱལ་པོ་ཆེན་པོ་ཁྱོད་ལ་ལྷ་མ་ཡིན་གྱི་གཡུལ་ལས་རྒྱལ་བར་བྱ་བའི་ཕྱིར་ལྷའི་དབང་པོ་འབོད་དོ་ཞེས་སྨྲས་པ་དང ། དེའི་ཚེ་རྒྱལ་པོ་ངལ་བསོ་པོ་རི་རབ་གསེར་གྱི་མདོག་ཅན་དེའི་སྟེ་འདུ་གང་མཛེས་སྙམ་པ་དང ། བཻཌཱུརྱ་མཛེས་པར་མཐོང་སྟེ། བདག་ཉིད་བཻ་ཌཱུ་རྱའི་ལུས་སུ་གནས་ཏེ་རྟ་བཻ་ཌཱུ་རྱའི་མདོག་ཅན་ཞོན་ཏེ། གསེར་གྱི་ཡ་ལད་ཀྱིས་བརྒྱན་ཏེ་གཡུལ་དུ་འཇུག་པར་བྱེད་དོ། །དེའི་ཚེ་རབ་དགོད་པ་ལ་སོགས་པས་གཟི་བརྗིད་མ་བཟོད་དེ། རང་འཕམ་པར་གྱུར་ནས་སའི་སྒོ་དེ་ཉིད་ནས་ རང་གི་གནས་སུ་སོང་ངོ ། །དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ངོ་མཚར་སྐྱེས་ཏེ། ཀྱེ་མ་ལུས་ངན་པ་འདི་འདྲ་བས་ལྷ་མ་ཡིན་གྱི་གཡུལ་ལས་རྒྱལ་བར་བྱས་སོ། །ཞེས་ཟེར་རོ། །ཡང་དག་ཤེས་རྒྱལ་ཆེན་རིས་བཞིའི་ལྷ་རྣམས་ཀྱི་ལུས་ཀྱི་ཚད་ནི་རྒྱང་གྲགས་བཞི་ཆའོ། ། སུམ་ཅུ་རྩ་གསུམ་པའི་ལུས་ཀྱི་ཚད་ནི་རྒྱང་གྲགས་ཕྱེད་དོ། །དེ་ལྟར་ངལ་བསོ་པོའི་ལུས་ཀྱིས་སུམ་ཅུ་རྩ་གསུམ་པའི་ལུས་ཀྱི་ཕྱེད་ལས་མི་སླེབ་བོ། །དེའི་ཚེ་ཉེ་དབང་སུམ་ཅུ་རྩ་གཉིས་ཀྱིས་རིན་པོ་ཆེའི་མེ་ཏོག་དུ་མས་གཏོར་ཏེ་བསྟོད་པ། །ལྷ་ཡི་ནང་ན་རྒྱལ་པོ་ནོར་ལྷ་ཁྱོད། །
96-1-84a
ཡིད་བཞིན་རེ་བ་ཀུན་གྱི་སྐྱབས་གྱུར་པ། །ལུས་ངན་པོས་ནི་ལྷ་མིན་བྱེ་བ་བཏུལ། །ཉོན་མོངས་གཡུལ་ལས་རྒྱལ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དེ། རྒྱལ་པོ་ལུས་ངན་པོ་ནི་ཁོ་བོ་ཅག་གི་སྐྱབས་སུ་གྱུར་ཏོ་ཞེས་བརྗོད་པས་དེའི་ཕྱིར་ལུས་ངན་པོ་ཞེས་སོ། ། སྡེ་དཔོན་ཡང་དག་ཤེས་དེ་ལྟར་རྒྱལ་པོ་གནས་གསུམ་པོ་འདིའི་མིང་གི་རྣམ་གྲངས་རྣམས་ཤེས་པར་གྱིས་ཤིག་།གནོད་སྦྱིན་གར་མཁན་མཆོག་གི་བརྟག་པ་ཕྱི་མ་ལས་རྣམ་ཐོས་སྲས་ཀྱི་མིང་གི་རྣམ་གྲངས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།།།།དེ་ནས་སྡེ་དཔོན་ ཡང་དག་ཤེས། །རབ་ཏུ་དགའ་བའི་ཡིད་ཀྱིས་ནི། །གསང་བའི་བདག་ལ་འདི་སྐད་གསོལ། །མི་རྣམས་འབྱོར་པར་འདོད་པ་དང ། །ལྷ་རྣམས་དབུལ་བ་སེལ་བ་ཡི། །དེ་ཡི་སྒྲུབ་ཐབས་བཤད་པར་མཛོད། །དེ་སྐད་གསོལ་བ་གསན་ནས་ནི། །གསང་བའི་བདག་པོ་རབ་བཞད་ དེ། །གནོད་སྦྱིན་བདག་པོ་དག་ལ་གསུངས། །ལེགས་སོ་སྡེ་དཔོན་ཡང་དག་ཤེས། །བྱང་ཆུབ་སེམས་དཔའ་རིན་ཆེན་མང ། །རྣམ་སྣང་དཔལ་ཕྲེང་ཐུགས་ལས་སྤྲུལ། །དེ་སྒྲུབ་ཆོ་ག་འདི་ལྟ་སྟེ། །རབ་ཏུ་དབེན་པའི་གནས་དག་ཏུ། །བདེ་བའི་སྟན་ལ་རབ་འདུག་སྟེ། ། ཁྲུས་བྱས་གོས་གཙང་གྱོན་ནས་ནི། །མཆོད་པ་རྣམས་ཀྱིས་རབ་མཆོད་ལ། །སྙིང་ཁའི་ཕྱོགས་སུ་ཡི་གེ་ཧཱུཾ། །དེ་ལས་དཔག་མེད་འོད་སྤྲོས་ཏེ། །སངས་རྒྱས་བྱང་ཆུབ་སེམས་སོགས་དང ། །ཉན་ཐོས་རང་རྒྱལ་འགྲོ་བའི་མགོན། །དེ་རྣམས་མདུན་དུ་གསལ་བ་ལས། །ཕྱག་ འཚལ་སྐྱབས་འགྲོ་ལ་སོགས་བྱ། །དེ་ནས་བྱམས་སོགས་རྗེས་དྲན་ཏེ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ནི། །མི་གཡོ་ལས་བྱུང་བདེ་བར་འདུག་།དེ་ནས་སྨོན་ལམ་ཐུགས་རྗེ་ཡིས། །རྟ་བདུན་སྟེང་དུ་འབྲུག་སྒྲའི་དབྱངས། །རྡོ་རྗེ་རྩེ་ལྔ་དེ་ཉིད་གནས། །དེ་ལས་ཡོངས་སུ་རྫོགས་ པའི་སྐུ། །སྐུ་མདོག་ལྗང་སེར་དཱུར་བའི་མདོག་།སེམས་དཔའ་འཛུམ་ཞིང་ཡིད་ཀྱང་ཁྲོ། །སྒེག་པར་བཅས་ཤིང་རྒྱན་དང་ལྡན། །ཡེ་ཤེས་ཏིང་ངེ་འཛིན་གྱིས་མཛེས། །མདུན་དུ་རྡོ་རྗེ་གནོད་མཛེས་ནི། །སྐུ་མདོག་མཐིང་ནག་སྦྲུལ་གྱིས་བརྒྱན། །གཡས་པ་རྡོ་རྗེ་རལ་
96-1-84b
གྲི་གཡོན། །དེ་ནས་རིག་པ་སྟོབས་པོ་ཆེ། །ཁམས་གསུམ་འཇོམས་པ་སྐུ་མདོག་དམར། །རྡོ་རྗེ་དང་ནི་རྔ་ཡབ་ཕྱག་།གཡས་ཀྱི་ཕྱོགས་སུ་ཉེ་བར་གནས། །དེ་ཡི་གཡོན་གྱི་ཕྱོགས་སུ་ནི། །ཁྲོ་བོ་ཁམས་གསུམ་བདུད་ལས་རྒྱལ། །འཁོར་ལོ་དབྱུག་ཏོ་དང་འབྲེལ་དཀར། ། རྒྱབ་ཏུ་བདུད་རྩི་ཐབ་སྦྱོར་ནི། །ལྗང་ཁུ་སྣ་ཚོགས་རྡོ་རྗེ་འཛིན། གྲཝ་དང་གྲཝ་ཡི་ཕྱོགས་རྣམས་སུ། །སྒེག་མོ་ཕྲེང་བ་གར་དང་གླུ། །བདུག་པ་མེ་ཏོག་མར་མེ་རྣམས། །ཁྱམས་དང་དེ་ཡི་གྲཝ་ལའོ། །ལྕགས་ཀྱུ་ལ་སོགས་སྒོ་ཡི་བདག་།ཡེ་ཤེས་ཏིང་ངེ་འཛིན་གྱིས་ མཛེས། །ས་བོན་ཧཱུཾ་ལས་ཡང་དག་འབྱུང ། །མེ་རླུང་ཆུ་ནས་ནམ་མཁའ་ལ། །ཡོངས་སུ་གྱུར་པའི་གཞལ་ཡས་ཁང ། །ཡེ་ཤེས་རྩིག་པ་ལྔས་མཛེས་པའི། །དེ་ཡི་བདག་པོ་སེམས་དཔའི་ཚུལ། །བཅུ་དྲུག་འཁོར་གྱིས་རབ་བསྐོར་བའི། །དེ་ཡི་གསང་ སྔགས་འདི་ལྟ་སྟེ། །ོཾ་བཛྲ་ཙཎྜ་སརྦ་དུ་ཥྜཱ་ན་ཏ་ཀ་།ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་སུམ་བྷ་རཱ་ཛ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ཧ་ན་ད་ཧ་གུཔྟ་པི་དྷྭན་ས་ཡ་ཛཱ་ཊི་ལཾ་བོ་དྷ་ར་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ ལཱ་སྱེ་ཧཱུཾ། ཨོཾ་བཛྲ་མཱ་ལེ་ཏྲཱཾ། ཨོཾ་བཛྲ་གཱི་ཏཱི་ཧྲཱིཿ ། ཨོཾ་བཛྲ་ནི་ར་ཏི་ཨ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་ཕུཥྤེ་ཏྲཱཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ། ཨོཾ་བཛྲ་གན་དྷེ་ཨ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ། ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷཎྜེ་ཧོཿ ། དེ་དག་རྣམས་ཀྱིས་མཆོད་བྱས་ནས། འབུམ་ ཕྲག་གཅིག་ཏུ་ཡོངས་བཟླས་ན། །བྱང་ཆུབ་ཆེན་པོར་འགྱུར་བ་སྟེ། །རལ་གྲི་མིག་སྨན་རྐང་མགྱོགས་དང ། །རིལ་བུ་མི་སྣང་བཅུད་ཀྱིས་ལེན། །བུམ་པ་བཟང་དང་གསེར་འགྱུར་དང ། །གྲུབ་པ་བརྒྱད་ནི་ཐོབ་གྱུར་ཏེ། །ལྷ་བྲན་རྣམས་ཀྱང་གཡོག་ཏུ་བྱེད། །དེ་ལ་ སོགས་པའི་ཡོན་ཏན་རྣམས། །རིག་པ་འདི་ལས་འབྱུང་བར་འགྱུར། །གནོད་སྦྱིན་གར་མཁན་མཆོག་གི་བརྟག་པ་ཕྱི་མ་ལས། བཅུ་བདུན་པའི་ལེའུ་སྟེ་བཅུ་གཉིས་པའོ།།།།སྡེ་དཔོན་ཆེན་པོ་ཡང་དག་ཤེས། །གནས་གསུམ་པ་ཡི་རྒྱལ་པོ་ཡི། །སྒྲུབ་
96-1-85a
པ་ཡང་དག་རབ་བཤད་བྱ། རབ་ཏུ་དབེན་པའི་ས་ཕྱོགས་སུ། །བདེ་བའི་སྟན་ལ་རབ་འདུག་ནས། །རང་གི་སྙིང་ཁར་ཉི་མར་ཧཱུཾ། དེ་ཡི་འོད་ཀྱིས་འགྲོ་བ་སྦྱངས། །བླ་མ་སངས་རྒྱས་མཆོད་བྱས་བསྟོད། །ཚད་མེད་བཞི་དང་ཡང་དག་ལྡན། །སྟོང་ པ་ཉིད་ཀྱིས་བརྟན་བྱས་ཏེ། །ཚ་ཟེར་ཅན་དུ་ཡང་དག་ཧཱུཾ། །འོད་འཕྲོས་རྡ་རྗེ་ཧཱུཾ་དང་ལྡན། །དེ་གྱུར་གསང་བའི་བདག་པོ་ནི། །སྐུ་མདོག་ལྗང་སེར་ཡིད་ཙམ་ཁྲོ། །རྡོ་རྗེ་དང་ནི་ཨུཏྤལ་འཛིན། སངས་རྒྱས་དཔག་མེད་རབ་འཕྲོ་བའི། །བདག་ཉིད་དེ་ལྟར་བསམ་པར་བྱ། །དེ་ ནས་དེ་ཡི་མདུན་དུ་ནི། །བྲུཾ་ལས་བྱུང་བའི་གཞལ་ཡས་ཁང ། །ཀ་བ་བརྒྱད་ཁྲི་དག་དང་ལྡན། །རིན་ཆེན་བཞི་ལས་གྲུབ་པ་ཡི། །རྩེ་མོ་ཡང་ཐོག་ནོར་བུས་སྤྲས། །ཟུར་བཞི་རིམ་བརྩེགས་ཕོ་བྲང་དགུ། །དབུས་ཀྱིས་ཡི་ཆ་རྣམས་སུ། །རྫིང་བུ་བཟང་པོས་ཡང་ དག་སྤྲས། །དེ་དབུས་འཇིགས་བྱེད་སེང་གེའི་གདན། །བཻ་ལས་སྐྱེས་པའི་ས་གསུམ་བདག་།ལྷ་རྣམས་རྒྱལ་པོ་བསམ་པར་བྱ། །སྔར་གྱི་གཙོ་བོའི་ཐུགས་ཀ་ལས། །འོད་འཕྲོས་ཡེ་ཤེས་བཀུག་ལ་བསྟིམ། །སྐུ་གསུམ་ལྡན་ཞིང་དེ་ཉིད་ཀྱི། །གནས་དྲུག་རྡོ་རྗེའི་ བྱིན་གྱིས་བརླབ། །དེ་ལ་མཆོད་བསྟོདགསོལ་བྱ་ཞིང ། །སྙིང་པོའི་སྔགས་ཀྱིས་མཉེས་པར་བྱ། །ོཾ་བཛྲ་པཱ་ཎིཧཱུཾ་ཧཱུཾ་ཕཊ། ཨོཾ་བཻ་ཤྲ་བ་ཎཱ་ཡེ་སཝཱ་ཧཱ། འགྲོ་འདུ་མེ་ཡི་འཁོར་ལོ་བཞིན། །གསལ་བ་གསུམ་དང་ལྡན་པ་ཡིས། །དེ་ཉིད་རིག་པར་མཆོད་བྱས་ན། ། ས་གསུམ་མགོན་པོ་རབ་མཉེས་ནས། །འདོད་པའི་དོན་རྣམས་སྒྲུབ་བྱེད་ཅིང ། །འབུམ་ཕྲག་གཅིག་གིས་ས་རྣམས་གཡོ། །རི་ལ་གནས་པའི་གནོད་སྦྱིན་རྣམས། །བྲན་གཡོག་རབ་ཏུ་བྱེད་པ་ཡིན། །འབུམ་ཕྲག་གཉིས་ཀྱིས་གནས་ཁང་འབར། །བར་སྣང་ གནས་པའི་གནོད་སྦྱིན་རྣམས། །བྲན་གཡོག་རབ་ཏུ་བྱེད་པ་ཡིན། །དེས་ཅི་བསྒོ་བའི་ངག་ཉན་བྱེད། །འབུམ་ཕྲག་གསུམ་གྱིས་ཕྱོགས་རྣམས་བསྲེག་།གྲགས་པས་ཕྱོགས་བཅུར་རྒྱས་པར་ཁྱབ། །འབུམ་ཕྲག་བཞི་ཡིས་བཟའ་བཏུང་ཐོབ། །གནོད་སྦྱིན་ལྷ་
96-1-85b
ཡི་བུ་མོ་རྣམས། །བུད་མེད་གཟུགས་ཀྱིས་རིག་འཛིན་མཆོད། །འབུམ་ཕྲག་ལྔ་ཡི་ནོར་དང་ལྡན། །ས་འོག་གནས་པའི་ཀླུ་རྣམས་ཀྱིས། །ནོར་དང་འབྲུ་ཡི་ཆར་པ་འབེབས།།འབུམ་ཕྲག་དྲུག་གིས་འཁོར་བཟངས་རྙེད། །ཆོས་ལ་གནས་པའི་གནོད་སྦྱིན་རྣམས། །མི་ ཡི་བྱིས་པའི་གཟུགས་སུ་སྟོན། །འབུམ་ཕྲག་བདུན་གྱིས་རིག་རྒྱུད་འཕེལ། །ཆོས་དང་ལྡན་པའི་ལྷ་རྣམས་ནི། །སེམས་ཅན་དོན་དུ་སྐྱེ་བར་བྱེད། །འབུམ་ཕྲག་བརྒྱད་ཀྱིས་ཚེ་འཕེལ་ཞིང ། །སྟོབས་ཆེན་སུམ་ཅུ་རྩ་གཉིས་དང ། །སྡེ་དཔོན་ཆེན་པོ་ཉི་ཤུ་བརྒྱད། ། དེ་ཡི་རྗེས་འབྲང་བར་ཆད་སེལ། །དགུས་ནི་བཅུད་ལེན་སྨན་རྣམས་རྙེད། །གནོད་སྦྱིན་རིག་འཛིན་ཆེན་པོ་རྣམས། །དེ་ཡི་སྟོབས་དང་ཚེ་འཕེལ་ཕྱིར། །སྨན་པའི་གཟུགས་སུ་ཡང་དག་གནས། །བཅུས་ནི་མངོན་པར་ཤེས་པ་འཐོབ། །ཡོན་ཏན་ཀུན་གྱིས་རབ་ཏུ་གང ། ། གནོད་སྦྱིན་གར་མཁན་མཆོག་གི་བརྟག་པ་ཕྱི་མ་ལས་གདུལ་བྱའི་ཕྱག་ན་རྡོ་རྗེའི་གསང་སྔགས་ཀྱི་ཕན་ཡོན་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།།།།སྡེ་དཔོན་ཆེན་པོ་ཡང་དག་ཤེས། །རིག་པའི་ཆོ་ག་ཟབ་མོ་འདི། །བསྒྲིམ་མི་དགོས་པ་ལས་ཐམས་ཅད་ བྱེད་པ་སྟེ། སོ་ཤིང་ལ་བསྔགས་ཤིང་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །རྩ་དཱུར་བའི་ཡམ་ཤིང་ལ་འབྲས་ཐུག་པོ་ཆེ་དང ། གི་ཝང་བརྟ་དང་བསྲེགས་ན་ནོར་འཕེལ་བར་བྱེད་དོ། །ཡི་གེ་བརྒྱད་པའི་རིག་སྔགས་འདི་ཉིད་གསེར་གྱི་བྱང་བུ་ལ་མངོན་པར་བྲིས་ཏེ། ཟངས་ དང་གའུ་ལ་སྦྱོར་བ་བྱས་ལ། སྦྲང་རྩིའི་ནང་དུ་འཁོར་ལོ་བཅུག་སྟེ། བརྡ་རྒྱུད་ཕྱག་རྒྱ་བཅས་པའི་སྙིམ་པར་བཅུག་སྟེ་འབུམ་ཕྲག་བཅུ་བཟླས་ན་གོང་དུ་བསྟན་པའི་ཡོན་ཏན་རྣམས་འབྱུང་སྟེ་ཐེ་ཚོམ་མི་བྱའོ། །འཁོར་ལོ་དེའི་སྒྲུབ་པ་ནི་གཞན་ཡང་བང་མཛོད་དུ་ཁང་པ་གྲཝ་ བཞི་ཤིན་ཏུ་མཛེས་པ་ཚོན་རྩིས་ཁ་དོག་བསྒྱུར་བ། ཙནྡན་དམར་པོའི་དྲིས་ཁྱབ་པར་བྱུགས་ལ། རྒྱར་ཁྲུ་དོ་པ། དཔངས་སུ་ཁྲུ་གསུམ་པ་བྱས་ཏེ། དེའི་དབུས་སུ་བུམ་པ་ལྔ་འབྲུ་ལྔས་བཀང་བའི་སྟེང་དུ་བཞག་ལ། ཟླ་བ་འོང་ངོ་ཅོག་གི་ཚེས་བཅུའི་ཉིན་པར་མཆོད་
96-1-86a
པ་བྱ་ཞིང་གསོལ་བ་བཏབ་ན་ནོར་གྱི་ཕུང་པོ་འཕེལ་བར་བྱེད་དེ། དཀོར་མཛོད་ཀྱི་སྒྲུབ་པ་སྟེ་གཏེར་གྱི་ཕུང་པོའོ། །ཡང་སྔ་མའི་འཁོར་ལོ་དེ་ཐབ་ཀྱི་དབུས་སུ་སྣ་ཚོགས་རྡོ་རྗེའི་སྟེང་དུ་བཞག་ལ། ཐབ་ཀྱི་ལོགས་བཞི་དང ། གྲཝ་བཞིར་བུམ་པ་གང་བའི་གཟུགས་ བཞི་དང་ལོགས་བཞིར་བ་བཞི་བྲི་བར་བྱ་སྟེ། སེང་ལྡེང་གི་མེས་བསྐོལ་ན་གཡོས་པ་མི་ཟད་པར་མི་བྱེད་དོ། །ཡང་འཁོར་ལོ་དེ་གཙུག་ལག་ཁང་དུ་སྦས་ན་གང་བསྒྲུབས་པའི་གནོད་སྦྱིན་དེ་མངོན་དུ་འགྱུར་རོ། །ཡང་འཁོར་ལོ་དེ་ཕྱུག་པོའི་བང་མཛོད་དུ་མིས་ མ་ཚོར་བར་སྦས་ན། འབྲུའི་ཕུང་པོརང་གི་གནས་སུ་འཕོའོ། །ཡང་འཁོར་ལོ་དེ་བཙུན་མོའི་སྐྱེ་གནས་སུ་སྦས་ཏེ་བརྡ་རྒྱུད་ཀྱི་ཕྱག་བཅས་པ་དཔལ་ལྷ་མོའི་མདུན་དུ་གསོལ་བ་བཏབ་ན། གསོལ་བ་བཏབ་པའི་རིགས་རྒྱུད་དེ་འཕེལ་བར་བྱེད་དོ། །གནོད་སྦྱིན་གར་ མཁན་མཆོག་གི་བརྟག་པ་ཕྱི་མ་ལས་ཡི་གེ་བརྒྱད་པའི་ལས་ཚོགས་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།སྡེ་དཔོན་ཆེན་པོ་ཡང་དག་ཤེས་མི་རྣམས་འབྲུའི་ཕུང་པོ་སྤེལ་བར་འདོད་པས་དཔལ་ལྷ་མོ་བསྒྲུབ་པར་བྱ་སྟེ། ལྷའི་རྒྱལ་པོ་ལྕང་ལོ་ཅན་གྱི་ཕོ་བྲང་ བྱང་ཤར་ན། ཁང་པ་དམ་པ་གསེར་གྱི་རྒྱལ་མཚན་ཞེས་བྱ་བ་ན། དཔལ་ལྷ་མོ་བཞུགས་ཏེ། དེ་ནས་དེ་བཞིན་གཤེགས་པ་འཛམ་བུའི་གླིང་གི་རྒྱལ་མཚན་གསེར་བཟང་པོ་ལ་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ཞུས་ནས་སྦྱིན་བདག་ཆེན་པོར་གྱུར་ཏོ། །བྲུཾ་ལས་རིན་ པོ་ཆེའི་ཁང་པ་མཛེས་པའི་དབུས་སུ་པདྨ་དགུའི་སྟེང་དུ་བུམ་པ་དགུ་བསམ་པར་བྱའོ། །དབུས་ཀྱི་བུམ་པའི་སྟེང་དུ་ཤྲཱི་གྱུར་པ་ལས་ལྷ་མོ་དཱུར་བ་ལྗང་གུའི་མདོག་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ལག་པ་གཡས་ན་རིན་པོ་ཆེས་མཚན་པའི་པདྨ་འཛིན་པ། གཡོན་སྐྱབས་ སྦྱིན་པའི་ཕྱག་རྒྱ་ཅན་ནོ། །དེའི་ཕྱི་རོལ་བུམ་པ་བརྒྱད་ཀྱི་སྟེང་དུ་གྲོགས་མོ་བརྒྱད་དེ། དེ་ཡང་ནོར་རྒྱུན་མ་དང ། ཟླ་ཤེལ་ཅན་དང ། སྦྱིན་བྱེད་མ་དང ། རབ་སྦྱིན་མ་དང ། འཕགས་མ་དང ། སྦས་པ་མོ་དང ། རབ་བཟངས་མ་དང ། ལྷ་མོ་དབྱངས་ཅན་མ་རྣམས་
96-1-86b
བསམ་པར་བྱའོ། །དེ་དག་ཀྱང་ལང་ཚོ་དར་ལ་བབ་ཅིང ། སྒེག་པའི་ཉམས་དང་ལྡན་པ་གསེར་གྱི་མདོག་ཅན་བུམ་པ་དང་འབྲས་ཀྱི་སྙེ་མ་འཛིན་པ། རང་གི་མཛའ་བོའི་གྲོགས་ཀྱི་འཁོར་གྱིས་བསྐོར་བ་བསམ་པར་བྱའོ། །དེ་རྣམས་ཀྱི་སྙིང་པོ་མངོན་པར་སྒྲུབ་པ་ན། །ཏཏྱ་ཐཱ། ཛི་ནི་གྲྀ་ཎི། སརྦ་ཨ་ཀརྱ་སིད་དྷ་ནི། སི་སི་མི། སི་ལི་སི་ནི་མི་ནི་མི། ཨ་ལཀྵ་ཡཱ་མེ། ནཱ་ཤ་ཡེ་སཝཱ་ཧཱ། ཨོཾ་བཱ་སུ་དྷ་རི་ཎྱཻ་སཝཱ་ཧཱ། ཨོཾ་ཙནྡྲ་ཀཱ་ནྟྱཻ་སཝཱ་ཧཱ། ཨོཾ་དཱ་དཱ་ཡཻ་སཝཱ་ཧཱ། ཨོཾ་ཨཱ་རྱཱ་ཡཻ་སཝཱ་ཧཱ། ཨོཾ་སུ་བྷ་དྲཱ་ཡཻ་སཝཱ་ཧཱ། ཨོཾ་གུ་བྷཱ་ཡཻ་སཝཱ་ཧཱ། ཨོཾ་དེ་བྱཻ་སཝཱ་ཧཱ། ཨོཾ་ས་ར་སཝ་ཏྱཻ་སཝཱ་ཧཱ། གནོད་སྦྱིན་དེ་རྣམས་ཀྱི་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་མངོན་པར་སྒྲུབ་པ་སྟེ། སྔོན་དུ་བསྙེན་པ་འབུམ་ཕྲག་གཅིག་བྱས་ཏེ། དཔལ་ལྷ་མོའི་མདུན་དུ་འབྲས་བུ་ཅན་གྱི་ཤིང་ལ་ལས་སྣ་ཚོགས་པའི་ཐབ་ཏུ་ཧིལ་དཀར་པོའི་སྦྱིན་སྲེག་བྱས་ལ། དེའི་ཐལ་བ་ འབྲུའི་བང་བར་གཏོར་ན་འབྲུའི་ཕུང་པོ་ཆེན་པོ་འཕེལ་བར་བྱེད་དོ། །ཙནྡན་དཀར་པོས་དཔལ་ལྷ་མོའི་གཟུགས་ཚོན་གང་བ་བྱས་ཏེ། རིན་པོ་ཆེ་ལྔ་དང ། འབྲུའི་རྣམ་པ་དང ། དར་སེར་པོས་དྲིལ་ལ་སྙིམ་པར་བཅུག་སྟེ། འབུམ་ཕྲག་བཟླས་ནས་མཛོད་ཁང་དུ་འབྲུའི་ཕུང་ པོའི་སྟེང་དུ་བཞག་ནས་དུས་ཁྱད་པར་ཅན་ལ་སྦྲང་རྩི་དང ། བུ་ར་མ་དང ། འོ་མའི་མཆོད་ཡོན་ཕུལ་ལ། གསོལ་བ་བཏབ་ན་འབྲུའི་ཕུང་པོ་ཆེན་པོ་འཕེལ་ལོ། །གནོད་སྦྱིན་གར་མཁན་མཆོག་གི་བརྟག་པ་ཕྱི་མ་ལས་དཔལ་ལྷ་མོས་འབྲུའི་ཕུང་པོ་སྤེལ་བའི་ ལེའུ་སྟེ་བཅཝ་ལྔ་པའོ།།།།དེ་ནས་གཞན་ཡང་གནོད་སྦྱིན་ཆེན་པོའི་སྒྲུབ་པ་བཤད་པར་བྱ་སྟེ། དེ་ཡང་གང་ཞེ་ན། རླུང་དང ། མེ་དང ། སའི་ཁྱོན་དང ། རི་རབ་རྣམས་ཡོངས་སུ་གྱུར་པ་ལས་ལྷའི་ཕོ་བྲང་དུ་གྱུར་པ་ནི། ལྕང་ལོ་ཅན་གྱི་བཀོད་པ་ལས། རིམ་པའི་འཕར་མ་བཞི་དང་ལྡན་པ་སྟེ། དབུས་སུ་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དང་དེ་དང་བཅས་པའི་ཧཱུཾ་ཡོངས་སུ་གྱུར་པ་ལས། ཁྲོ་བོའི་རྒྱལ་པོ་གོས་སྔོན་པོ་ཅན་བསམ་པར་བྱ་བ་ནི། ཞལ་བརྒྱད་དང ། ཞབས་བརྒྱད་དང ། ཕྱག་བཅུ་དྲུག་དང་ལྡན་པ་སྟེ།
96-1-87a
མཐིང་ནག་བྱིས་པའི་གཟུགས་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ཞལ་བརྒྱད་ནི་གཡས་སེར་བ་དང ། གཡོན་ལྗང་བ་དང ། དབུས་མཐིང་བ་དང ། རྒྱབ་ཞལ་དམར་པོའོ། །དེའི་སྟེང་གི་ཞལ་གསུམ་ནི་གཡས་དཀར་བ་དང ། གཡོན་དམར་བ་ དང ། ུཏྤ་ལ་སྔོན་པོ་འདྲ་བ་ནི་དབུས་མའི་ཞལ་ལོ། །དེའི་སྟེང་ན་ཞི་བ་རྒྱན་དང་བཅས་པ་དཱུར་བའི་མདོག་ཅན་མི་བསྐྱོད་པ་དང་ལྡན་པའོ། །ཕྱག་རྣམས་ན་རྡོ་རྗེ་དང ། རྡོ་རྗེ་དབྱུག་ཏོ་དང ། གླང་པོ་ཆེའི་མཆེ་བ་དང ། ཁྱབ་འཇུག་གི་འཁོར་ལོ་དང ། ལྕགས་ཀྱུ་དང ། བྲག་རི་དང ། མེ་ཐབ་རྣམས་བསྣམས་པའོ། །དེ་དག་ནི་གཡས་པ་ནའོ། །གཡོན་པ་རྣམས་ནི་སྡིགས་མཛུབ་དང་བཅས་པའི་སྣོད་ཆེན་པོ་དང ། དུང་དང ། ཞགས་པ་དང ། གསལ་ཤིང་དང ། འཕན་ལྕེ་ལྔ་པ་དང ། རྒྱལ་མཚན་བསྣམས་པའོ། །ཆུ་ཤེལ་ཅན་ གྱི་སྟེང་དུ་གར་ཐབས་བརྒྱད་ཀྱིས་ཞབས་བརྡབས་པས་ཀླུ་ཆེན་པོ་བརྒྱད་ཀྱི་གདན་དང་བཅས་ཤིང་མ་ལུས་པར་འདར་བར་བསམ་མོ། །དེ་ཡི་མདུན་དུ་ངལ་བསོ་ནི། །བཻ་ལས་ཡང་དག་རབ་སྐྱེས་པ། སེང་གེའི་གདན་ལ་ལེགས་བཞུགས་ཤིང ། །གསེར་མདོག་རིན་ཆེན་རྒྱན་ གྱིས་སྤྲས། །གཡས་པ་རིན་ཆེན་རྒྱལ་མཚན་ཏེ། །གཡོན་པ་སྐུ་གདུང་རབ་བསྣམས་ཤིང ། །འོད་ཟེར་དཔག་མེད་རབ་འཕྲོ་བ། །གདུག་པ་སྲེག་མཛད་དབུས་ཉིད་ན། །རང་གི་རིགས་ཀྱི་བདག་པོ་དང ། །གཉིས་མེད་ཡེ་ཤེས་ལས་གྲུབ་བཞུགས། །གནོད་སྦྱིན་བྱེ་ བའི་ཚོགས་བཅས་རྣམས། །རང་གི་འཁོར་དུ་རྣམ་པར་བསམ། །མདུན་དུ་ཛམ་བྷ་ལ་གསེར་གྱི་མདོག་ཅན། ནེའུ་ལེ་དང ། རིན་པོ་ཆེ་འབར་བ་བསྣམས་པའོ། །གཡས་ཕྱོགས་སུ་གང་བ་བཟང་པོ་གསེར་གྱི་མདོག་ཅན། ནེའུ་ལེ་དང ། བུམ་པ་བསྣམས་པའོ། ། རྒྱབ་ཏུ་ནོར་བུ་བཟང་པོ་དཀར་པོ། ནེའུ་ལེ་དང་རིན་པོ་ཆེའི་སྙེ་མ་བསྣམས་པའོ། །གཡོན་དུ་རྟ་བདག་ཀུ་བེ་ར་མདོག་ནག་པོ་ནེའུ་ལེ་དང ། རལ་གྲི་བསྣམས་པའོ། །ཡང་དག་ཤེས་སེར་པོ་ནེའུ་ལེ་དང་རིན་པོ་ཆེའི་གྲི་བསྣམས་པའོ། །འབྲོག་གནས་ནག་པོ་སྟེ་ནེའུ་ལེ་དང་རིན་
96-1-87b
པོ་ཆེའི་མདུང་བསྣམས་པའོ། །པཉྩི་ཀ་སེར་སྐྱ་ལ་ནེའུ་ལེ་དང་ཁང་པ་བརྩེགས་པ་བསྣམས་པའོ། །རོལ་བ་འཁྱིལ་པ་ནི་མདོག་དཀར་པོ་སྟེ་ནེའུ་ལེ་དང་གྲི་ཕུབ་འཛིན་པའོ། །དེ་དག་རྣམས་ནི་རྟའི་སྟེང་ན་གནས་ཤིང་རིག་པ་འཛིན་པའི་དགོས་པ་སྒྲུབ་པའོ། །འཕར་མ་གསུམ་ བར་ནི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་བསམ་པ་ནི་རིང་པོ་དང ། མིག་བཟང་དང ། གང་པོ་དང ། སེར་སྐྱ་སྟེ། ཤར་ཕྱོགས་ན་གནས་པའོ། །སེང་གེ་དང ། ཉེ་བའི་སེང་གེ་དང ། དུང་ཅན་དང ། དགའ་བོ་སྟེ། ལྷོ་ཕྱོགས་ན་གནས་པའོ། །སེང་གེ་དང ། སེང་གེའི་རལ་པ་ཅན་དང ། བླ་མ་སེར་སྐྱ་སྟེ། ནུབ་ཕྱོགས་ན་གནས་པའོ། །འཛིན་པ་དང ། འཛིན་དགའ་དང ། བརྩོན་སྐྱོང་དང ། ཁྱབ་འཇུག་སྟེ། བྱང་ཕྱོགས་ན་གནས་པའོ། །བྱང་ཤར་ན་ལྔ་སྤྱོད་དང ། ཤར་ལྷོན་ཚིག་ལྔ་སེར་པོ་དང ། ལྷོ་ནུབ་ན་རི་མཉམ་དང ། བྱང་ནུབ་ན་གསེར་ཅན་ཏེ། དེ་རྣམས་ནི་ ནོར་བུའི་རིགས་སོ། །ཡང་ཤར་ཕྱོགས་ནས་པ་དང ། ལྷོ་ཕྱོགས་ན་ཤིན་ཏུ་ས་པ་དང ། ནུབ་ཕྱོགས་ན་ནག་པོ་དང ། བྱང་ཕྱོགས་ན་ཉེ་ནག་སྟེ། དེ་དག་ནི་བ་ལང་གི་རིགས་སོ། །བྱང་ཤར་ན་ཉི་མ་དང ། ཤར་ལྷོ་ན་ཟླ་བ་དང ། ལྷོ་ནུབ་ན་མེ་དང ། བྱང་ནུབ་ན་རླུང་སྟེ། དེ་དག་ནི་ བ་ལང་གི་རིགས་སོ། །སྡེ་དཔོན་ཉི་ཤུ་རྩ་བརྒྱད་པོ་དེ་དག་ནི་གྲི་དང་ཕུབ་འཛིན་པ་མདོག་དམར་ནག་ཅུང་ཟད་ཁྲོས་པའོ། །ཡང་དེའི་ཕྱི་རིམ་དུ་སྟོབས་ཅན་སུམ་ཅུ་རྩ་གཉིས་བསམ་པ། དབང་པོ་དང ། ཟླ་བ་དང ། ཆུ་ཟླ་དང ། སྐྱེ་དགུའི་བདག་པོ་དང ། བཻ་ར་དྷཱ་ཛ་ དང ། དབང་ལྡན་དང ། ཙནྡན་དང ། འདོད་པའི་གཙོ་བོ་སྟེ། ཤར་ཕྱོགས་ན་གནས་སོ། །མགྲིན་ངན་དང ། མགུལ་ངེས་དང ། བ་ཌི་དང ། ནོར་བུ་དང ། ནོར་སྤྱོད་དང ། སྒྲ་རབ་དང ། ཉེ་ལྔ་པོ་དང ། རི་མཉམ་སྟེ། ལྷོ་ཕྱོགས་ན་གནས་པའོ། །གསེར་ ཅན་དང ། གང་པོ་དང ། སེང་ལྡེང་དང ། གཡོན་ཕྱོགས་ལྷ་དང ། བ་ལང་སྐྱོང་དང ། འབྲོག་གནས་དང ། མིའི་རྒྱལ་པོ་དང ། རྒྱལ་བའི་ཁྱུ་མཆོག་དང ། ནུབ་ཕྱོགས་ན་གནས་པའོ། །ཚིག་ལྔ་སེར་པོ་དང ། བཞིན་བཟང་དང ། རིང་པོ་དང ། དྲི་ཟ་སྣ་ཚོགས་སྡེ་
96-1-88a
འབྲས་བུ་གསུམ་པ་དང ། མགུལ་གསུམ་པ་དང ། ལྕགས་མདུང་རིང་པོ་དང ། ལྷ་ལས་བྱུང་བའི་མ་ལྡན་ཏེ། བྱང་ཕྱོགས་ན་གནས་པའོ། །དེ་དག་ནི་ས་གའི་རིགས་ཏེ། ངལ་བསོ་བ་པོ་རྒྱལ་པོའི་དམག་དཔོན་ནོ། །སྟོབས་ཆེན་སུམ་ཅུ་རྩ་གཉིས་ བསམ་པ་ནི། མདོག་ལྗང་ནག་གོ་ཆ་དང་བཅས་ཤིང་མདུང་དང་རལ་གྲི་འཛིན་པའོ། །དེའི་ཕྱི་རོལ་དུ་གནོད་སྦྱིན་དང ། ལུས་སྲུལ་པོ་དང ། སྲིན་པོའི་ཚོགས་དཔག་ཏུ་མེད་པ་བསམ་པའོ། །དེ་ལྟར་གནོད་སྦྱིན་གྱི་ཚོགས་ཆེན་པོ་རྣམས་བསམས་ཏེ། རིག་པའི་སྔགས་ བརྗོད་པ་ནི། སངས་རྒྱས་གང་གཱའི་བྱེ་མ་སྙེད་ཀྱིས། རྗེས་སུ་གནང་བའི་རིག་པའི་མཆོག་།སྔར་མེད་ཕྱིས་ཀྱང་མི་འབྱུང་ལ། །འདི་མ་གཏོགས་པའི་རིག་པ་ནི། །གཞན་དག་སྙིང་པོ་མེད་རྩར་མཚུངས། །ཏདྱ་ཐཱ། ཨོཾ་བྷོ་བྷོ་པན་ནཱ་ག་ཨ་དྷི་པ་ཏ་ཡེ། ཕུ་ཕུ་ཧ་ར་ཧ་ར་ནཱ་གཱ་ནཱཾ། ཕུ་ཕུ་པྲ་ཧ་ར་ནཱ་གཱ་ནཱཾ། ཕུ་ཕུ་ཚིནྡ་ཚིནྡ་ནཱ་ག་ཧྲྀ་ད་ཡཱ་ནི། ཕུ་ཕུ་བྷིནྡ་ནཱ་ག་དཱ་མ་ནི། བི་སི་མ་མནྡྷ་ནཱ་ག་ཤ་རཱི་ར་ཎི། བི་སྥོ་ཊ་ཡ། ནཱ་ག་ན་ཡ་ནཱ་ནི། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ། ནཱ་ཤ་ཡ། སརྦ་བིགྷྣ་ན། བི་ནཱ་ཤ་ཀ་རཱ་ཡ། སརྦ་ཤ་ཏྲུཾ་སཾ་གྷ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ོཾ་ནཱི་ལཱ་མྦ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ། དེ་ལྟར་བཅོམ་ལྡན་འདས་ཡང་དག་པའི་རིག་པས་མཉེས་པར་བྱས་ལ། ཀླུ་དང ། གནོད་སྦྱིན་དང ། འབར་བའི་ཚོགས་རྣམས་ཡང་དག་པར་ཞི་བར་བྱེད་པའི་སངས་རྒྱས་རྣམས་ཀྱིས་རྗེས་སུ་གནང་བའོ། །དེ་ལྟར་རིག་པའི་ མཆོག་འདི་སྒྲུབ་པའི་རིག་པ་འཛིན་པས་ནི་ཇི་ལྟར་འདོད་པ་སྒྲུབ་བོ།། །།གསང་བའི་བདག་པོས་ཡང་གསུངས་པ། །ངལ་བསོ་དགེ་བའི་སྟོབས་པོ་ཆེ། །གསང་སྔགས་རྒྱལ་པོ་རྨད་དུ་བྱུང ། །ལྷ་རྣམས་ཀུན་གྱི་དམག་དཔོན་མཆོག་།དེ་ཡི་རིག་པའི་སྔགས་ བཤད་པ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཻ་ཤྲ་བ་ཎཱ་ཡ། མ་ཧཱ་རཱ་ཛཱ་ཡ། ཏདྱ་ཐཱ། ཨོཾ་སི་མི་སི་མི། སུ་མུ་སུ་མུ། ཙཎྜ་ཙཎྜ། ཙ་ར་ཙ་ར། ས་ར་ས་ར། ཀ་ར་ཀ་ར། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མུ་རུ་མུ་རུ། ཙུ་རུ་ཙུ་རུ། སཱ་དྷ་ཡ། ཨཱ་ཏ་མ་ན་ནི་ཏྟྱད། ཨན་
96-1-88b
དྷ་རདྷཱ་ཧུ་སཝཱ་ཧཱ། ན་མོ་བཻ་ཤྲ་པ་ཎཱ་ཡ་སཝཱ་ཧཱ། དྷ་ན་དཱ་ཡེ་སཝཱ་ཧཱ། ན་མོ་ར་ཐ་བ་རི་བཱུ་རཱ་ཡ་སཝཱ་ཧཱ། སྡེ་དཔོན་ཡང་དག་ཤེས་རིག་པའི་རྒྱལ་པོ་འདོད་པའི་དོན་ཐམས་ཅད་མ་བསྒྲིམས་པར་འབྱུང་སྟེ། སངས་རྒྱས་ཐམས་ཅད་ཀྱིས་རྗེས་སུ་གནང་བའོ། །གཞན་ཡང་བསམ་པ་རྫོགས་ བྱེད་པའི། །འགྲོ་བའི་རྒུད་པ་སེལ་མཛད་པའི། །རིན་ཆེན་གཏེར་མཛོད་ཆེན་པོ་ནི། །ང་ཡིས་རབ་ཏུ་བཤད་པར་བྱ། །ོཾ་བཻ་ཤྲ་བ་ཎཱ་ཡ་སཝཱ་ཧཱ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སཝཱ་ཧཱ། ཨོཾ་པཱུརྞ་བྷ་དྲཱ་ཡ་སཝཱ་ཧཱ། ཨོཾ་མ་ཎི་བྷ་དྲཱ་ཡ་སཝཱ་ཧཱ། ཨོཾ་ཀུ་བེ་རཱ་ཡ་སཝཱ་ཧཱ། ཨོཾ་སཾ་བྲ་ཛ་ནཱ་ཡ་སཝཱ་ཧཱ། ཨོཾ་ གུ་ཧྱ་དྷ་ནཱ་ཡ་སཝཱ་ཧཱ། ཨོཾ་བཱཉྩི་ཀཱ་ཡ་སཝཱ་ཧཱ། ཨོཾ་ཙི་པི་ཀུཎྜ་ལ་ཡེ་སཝཱ་ཧཱ། རིག་པའི་སྔགས་འདི་ནི་མཆོག་སྟེར་བ་སྟེ། ལྷ་རྒུད་པ་དང་མི་རྒུད་པ་རྣམས་ཀྱི་དོན་དུ་གསང་བའི་བདག་པོས་བཤད་པའོ། །གནོད་སྦྱིན་གར་མཁན་མཆོག་གི་བརྟག་པ་ཕྱི་མ་ལས། གནོད་སྦྱིན་གྱི་ ཚོགས་ངལ་བསོ་པོའི་དམག་གི་སྡེ་རྣམས་སྒྲུབ་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ངལ་བསོ་པོའི་མིང་གི་རྣམ་གྲངས་དང ། གཏན་ཚིགས་དང ། སྒྲུབ་པ་དང ། དཔྱད་མང་པོས་མ་འོངས་པའི་ལྷ་རྒུད་པ་དང ། མི་རྒུད་པ་རྣམས་ཀྱི་དོན་དུ་མིང་གི་རྣམ་གྲངས་བསྟན་པ་ཡང་ལེགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང ། རྡོ་རྗེ་སྙིང་པོ་ལ་སོགས་པ་ཕྱོགས་བཅུ་ནས་ ལྷགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང ། ཤཱ་རིའི་བུ་ལ་སོགས་པ་ཉན་ཐོས་ཆེན་པོ་རྣམས་དང ། ཚངས་པ་དང ། བརྒྱ་བྱིན་དང ། དགའ་བའི་དབང་པོ་ལ་སོགས་པ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གནོད་སྦྱིན་གར་མཁན་མཆོག་གི་རྒྱུད་རྫོགས་སོ།། །།ཁ་ཆེའི་མཁས་པ་དཱ་ན་གུ་པྟ་ལས། རབ་ཞི་ལོཙྪ་བས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཐོ་ལིང་རྒྱན་དུ་བསྒྱུར་བའོ།། །།