rKTs


D79

(e-text produced by ADARSHA)

see text in transliteration
43-1-266b
།།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་སུམ་ཅུ་རྩ་ལྔ་པ་སྟེ། སངས་རྒྱས་ཀྱི་ཡུལ་ བསམ་གྱིས་མི་ཁྱབ་པ་ལུང་བསྟན་པ།བམ་པོ་དང་པོ། །རྒྱ་གར་སྐད་དུ། ཨཱརྱ་ཨ་ཙིན་ཏྱ་བུད་དྷ་བི་ཥ་ཡ་ནི་ར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པ་ཞེས་བྱ་བ་ཐེག
43-1-267a
པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ ཀུན་དགའ་ར་བ་ན། དགེ་སློང་སྟོང་དུ་ཚང་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང ། བྱང་ཆུབ་སེམས་དཔའ་ཁྲི་དང་ཐབས་ཅིག་ཏུ་བཞུགས་ཏེ། འདོད་པ་ན་སྤྱོད་པ་དང ། གཟུགས་ན་སྤྱོད་པ་ལྷའི་བུ་རྣམས་དང ། གནས་གཙང་མའི་ལྷའི་བུ་རྣམས་དང་ཡང་ ཐབས་ཅིག་གོ་།དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཏེ་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །ཡང་དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ་།ལྷའི་བུ་དཔལ་བཟངས་ཀྱང་འཁོར་དེ་ ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ངས་ཁྱོད་ལ་བསྐུལ་གྱིས། ཁྱོད་ཀྱིས་ཆོས་དང་ལྡན་པའི་གཏམ་ལས་བརྩམས་ཏེ། ལྷའི་འཁོར་འདི་དང་བྱང་ཆུབ་ སེམས་དཔའ་འདི་དག་ལ་སྤོབས་པར་གྱིས་ཤིག་།འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་ཅི་ལས་བརྩམས་ཏེ་སྤོབས་པར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་སངས་རྒྱས་ཀྱི་ཡུལ་ ལས་བརྩམས་ཏེ་སྤོབས་པར་གྱིས་ཤིག་།གསོལ་པ། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཡུལ་ནི་གང་མིག་གི་ཡུལ་མ་ལགས་པ་དང ། གཟུགས་ཀྱི་ཡུལ་མ་ལགས་པ་དང ། རྣ་བའི་ཡུལ་མ་ལགས་པ་དང ། སྒྲའི་ཡུལ་མ་ལགས་པ་དང ། སྣའི་ཡུལ་མ་ལགས་ པ་དང ། དྲིའི་ཡུལ་མ་ལགས་པ་དང ། ལྕེའི་ཡུལ་མ་ལགས་པ་དང ། རོའི་ཡུལ་མ་ལགས་པ་དང ། ལུས་ཀྱི་ཡུལ་མ་ལགས་པ་དང ། རེག་བྱའི་ཡུལ་མ་ལགས་པ་དང ། ཡིད་ཀྱི་ཡུལ་མ་ལགས་པ་དང ། ཆོས་ཀྱི་ཡུལ་མ་ལགས་པ་སྟེ། དེ་སངས་རྒྱས་ཀྱི་ཡུལ་ཞེས་བགྱིའོ། །བཅོམ་ལྡན་འདས་ཡུལ
43-1-267b
ཁྱད་པར་མ་མཆིས་པ་ནི་སངས་རྒྱས་ཀྱི་ཡུལ་ལགས་ཏེ། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་སངས་རྒྱས་ཀྱི་ཡུལ་ཁོང་དུ་ཆུད་པར་འཚལ་བས། ཁོང་དུ་ཆུད་པ་མ་མཆིས་པའི་ཚུལ་དུ་སངས་རྒྱས་ཀྱི་ཡུལ་དེ་ལྟར་ཁོང་དུ་ཆུད་པར་བགྱིའི། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བྱང་ཆུབ་བརྙེས་པའི་ ཡུལ་ཅི་ལགས། བཀའ་སྩལ་པ། འཇམ་དཔལ་ལྟ་བར་གྱུར་པ་མཉམ་པ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་ནི་ངས་བྱང་ཆུབ་ཐོབ་པའི་ཡུལ་ལོ། །མཚན་མ་མཉམ་པ་ཉིད་ཀྱི་ཕྱིར་མཚན་མ་མེད་པ་ནི་ཡུལ་ལོ། །ཁམས་གསུམ་པ་མཉམ་པ་ཉིད་ཀྱི་ཕྱིར་སྨོན་པ་མེད་པ་ནི་ཡུལ་ལོ། །འདུ་བྱེད་མཉམ་པ་ཉིད་ཀྱི་ཕྱིར་མངོན་པར་འདུ་བྱ་བ་ མེད་པ་ནི་ཡུལ་ལོ། །འདུས་བྱས་མཉམ་པ་ཉིད་ཀྱི་ཕྱིར་སྐྱེ་བ་མེད་པ་དང ། འབྱུང་བ་མེད་པ་དང ། འདུ་བྱེད་པ་མེད་པ་ནི་ཡུལ་ལོ། །གསོལ་པ། བཅོམ་ལྡན་འདས་འདུས་མ་བགྱིས་ཀྱི་ཡུལ་གང་ལགས། བཀའ་སྩལ་པ། འཇམ་དཔལ་སེམས་མེད་པ་ནི་འདུས་མ་བྱས་ཀྱི་ཡུལ་ལོ། །གསོལ་པ། བཅོམ་ལྡན་འདས་སེམས་མ་མཆིས་པ་ནི་སངས་རྒྱས་ཀྱི་ཡུལ་ལགས་ཏེ། དེ་ལ་བརྗོད་པ་མ་མཆིས་ལགས་སོ། །བརྗོད་པ་མ་མཆིས་པ་ལ་བསྟན་པ་མ་མཆིས་ལགས་སོ། །བསྟན་པ་མ་མཆིས་པ་ལ་མངོན་པར་བརྗོད་པ་མ་མཆིས་ལགས་སོ། །བཅོམ་ལྡན་འདས་མངོན་པར་བརྗོད་པ་མ་མཆིས་པའི་ཡུལ་ནི་སངས་རྒྱས་ ཀྱི་ཡུལ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་སངས་རྒྱས་ཀྱི་ཡུལ་གང་དུ་བཙལ་བར་བྱ། གསོལ་པ་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཡུལ་ནི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྣམས་ལས་ཡོངས་སུ་བཙལ་བར་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟ་སྟེ། སེམས་ ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཡོངས་སུ་རྟོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཡུལ་མ་ལགས་ཀྱི། གང་འདི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཡོངས་སུ་རྟོགས་པ་དེ་ནི་སངས་རྒྱས་ཀྱི་ཡུལ་ལགས་པའི་སླད་དུའོ། །བཀའ་སྩལ་པ། འཇམ་དཔལ་སངས་རྒྱས་ཀྱི་ཡུལ་ལ་ འཇུག་པའམ་ལྡོག་པ་ཡོད་དམ་ཅི་ན། འདི་ལྟར་སངས་རྒྱས་ཀྱི་ཡུལ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྣམས་ལས་ཡོངས་སུ་བཙལ། གསོལ་པ། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཡུལ་ནི་འཇུག་པ་མ་མཆིས་ལྡོག་པ་མ་མཆིས་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་གལ་ཏེ
43-1-268a
སངས་རྒྱས་ཀྱི་ཡུལ་འཇུག་པ་མེད་ཅིང་ལྡོག་པ་མེད་ན་སངས་རྒྱས་ཀྱི་ཡུལ་ཇི་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྣམས་ལས་ཡོངས་སུ་ཤེས། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་སངས་རྒྱས་ཀྱི་ཡུལ་འཇུག་པ་མ་མཆིས་ཤིང་ལྡོག་པ་མ་མཆིས་པ་དེ་བཞིན་དུ་ཉོན་མོངས་པ་དེ་དག་གི་རང་བཞིན་ གང་ལགས་པ་དེ་ཡང་འཇུག་པ་མ་མཆིས་ཤིང་ལྡོག་པ་མ་མཆིས་པ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་ཉོན་མོངས་པ་རྣམས་ཀྱི་རང་བཞིན་ཇི་ལྟ་བུ། གསོལ་པ། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཡུལ་གྱི་རང་བཞིན་གང་ལགས་པ་དེ་ཉིད་ཉོན་མོངས་པ་ཐམས་ཅད་ཀྱི་རང་བཞིན་ལགས་སོ། །བཅོམ་ ལྡན་འདས་གལ་ཏེ་ཉོན་མོངས་པ་རྣམས་ཀྱི་རང་བཞིན་ཀྱང་གཞན་དུ་གྱུར་ལ། སངས་རྒྱས་ཀྱི་ཡུལ་གྱི་རང་བཞིན་ཀྱང་གཞན་ཞིག་ལགས་ན་ནི་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ཀྱང་བསྟན་པར་མི་འགྱུར་བ་ཞིག་ན། བཅོམ་ལྡན་འདས་འདི་ལྟར་ཉོན་མོངས་ པ་རྣམས་ཀྱི་རང་བཞིན་གང་ལགས་པ་དེ་ཉིད་སངས་རྒྱས་ཀྱི་ཡུལ་གྱི་རང་བཞིན་ལགས་ཏེ། དེའི་སླད་དུ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་སྟོན་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་མཉམ་པ་ཉིད་དུ་གང་གིས་ གནས་པ་ཤེས་སམ། གསོལ་པ། བཅོམ་ལྡན་འདས་འཚལ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་དེ་བཞིན་གཤེགས་པ་མཉམ་པ་ཉིད་གང་གིས་གནས། གསོལ་པ། བཅོམ་ལྡན་འདས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མཉམ་པ་ཉིད་གང་ལ་གནས་ནས། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ཀུན་ ཏུ་འབྱུང་བའི་མཉམ་པ་ཉིད་དེས་དེ་བཞིན་གཤེགས་པ་གནས་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མཉམ་པ་ཉིད་གང་ལ་གནས་ཏེ་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ཀུན་ཏུ་འབྱུང ། གསོལ་པ། སྟོང་པ་ཉིད་དང ། མཚན་མ་མ་མཆིས་པ་དང ། སྨོན་པ་མ་ མཆིས་པ་མཉམ་པ་ཉིད་ལ་གནས་པ་རྣམས་ཀྱི་མཉམ་པ་ཉིད་དེས་དེ་བཞིན་གཤེགས་པ་གནས་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་ཅི་སྟོང་པ་ཉིད་ལ་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ཡོད་དམ། གསོལ་པ། བཅོམ་ལྡན་འདས་མཆིས་པ་གང་གིས་སྟོང་པ་ཉིད་མཆིས་པའི་མཆིས
43-1-268b
པ་དེས་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་རྣམས་མཆིས་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་ཡོད་པ་གང་གིས་སྟོང་པ་ཉིད་ཡོད་ཅིང་ཡོད་པ་གང་གིས་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་རྣམས་ཡོད། གསོལ་པ། བཅོམ་ལྡན་འདས་ཡི་གེ་དང ། སྐད་དང ། སྒྲ་དང ། བརྗོད་པའི་ མཆིས་པས་སྟོང་པ་ཉིད་མཆིས་ལགས་སོ། །ཡི་གེ་དང ། སྐད་དང ། སྒྲ་དང ། བརྗོད་པའི་མཆིས་པས་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་རྣམས་མཆིས་ལགས་སོ། །གསོལ་པ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་དགེ་སློང་དག་མ་སྐྱེས་པ་དང ། མ་བྱུང་བ་དང ། མ་བྱས་པ་དང ། མངོན་པར་ འདུས་མ་བྱས་པ་དང ། མངོན་པར་འདུ་མི་བྱེད་པ་ནི་ཡོད་དེ། དགེ་སློང་དག་མ་སྐྱེས་པ་དང ། མ་བྱུང་བ་དང ། མ་བྱས་པ་དང ། མངོན་པར་འདུས་མ་བྱས་པ་དང ། མངོན་པར་འདུ་མི་བྱེད་པ་ནི་མེད་པ་མ་ཡིན་ནོ། །དགེ་སློང་དག་གལ་ཏེ་མ་སྐྱེས་པ་དང ། མ་བྱུང་བ་དང ། མ་བྱས་པ་དང ། མངོན་པར་འདུས་ མ་བྱས་པ་དང ། མངོན་པར་འདུ་མི་བྱེད་པ་མེད་དུ་ཟིན་ན། སྐྱེས་པ་དང ། བྱུང་བ་དང ། བྱས་པ་དང ། མངོན་པར་འདུས་བྱས་པ་དང ། མངོན་པར་འདུ་བྱེད་པ་འདི་དག་ལས་འབྱུང་བར་གདགས་པར་མི་འགྱུར་བ་ཞིག་ན་དགེ་སློང་དག་འདི་ལྟར་མ་སྐྱེས་པ་དང ། མ་བྱུང་བ་དང ། མ་བྱས་པ་དང ། མངོན་པར་འདུས་ མ་བྱས་པ་དང ། མངོན་པར་འདུ་མི་བྱེད་པ་ནི་ཡོད་དེ། དེའི་ཕྱིར་སྐྱེས་པ་དང ། བྱུང་བ་དང ། བྱས་པ་དང ། མངོན་པར་འདུས་བྱས་པ་དང ། མངོན་པར་འདུ་བྱེད་པ་འདི་དག་ལས་འབྱུང་བར་གདགས་སོ་ཞེས་བཀའ་སྩལ་པ་དེ་བཞིན་དུ། བཅོམ་ལྡན་འདས་གལ་ཏེ་སྟོང་པ་ཉིད་མ་མཆིས་སུ་ལགས་ན། འདོད་ ཆགས་དང ། ཞེ་སྡང་དང ། གཏི་མུག་གི་ཉོན་མོངས་པ་འདི་དག་ལས་འབྱུང་བར་གདགས་པར་མི་འགྱུར་བ་ཞིག་ན། བཅོམ་ལྡན་འདས་འདི་ལྟར་སྟོང་པ་ཉིད་ནི་མཆིས་ཏེ། དེའི་སླད་དུ་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་ཉོན་མོངས་པ་རྣམས་ལས་འབྱུང་བར་གདགས་ལགས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་ཇི་སྐད་བསྟན་པ་དེ་དེ་ལྟ་ཡིན་དུ་ཟིན་ན། གང་སུ་དག་སྟོང་པ་ཉིད་ལ་གནས་པ་དེ་དག་ཐམས་ཅད་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ལ་གནས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་རྣལ་འབྱོར་སྤྱོད་པ་གང་འདོད་ཆགས
43-1-269a
དང ། ཞེ་སྡང་དང ། གཏི་མུག་ལས་གུད་དུ་སྟོང་པ་ཉིད་ཚོལ་བ་དེ་ནི་རྣལ་འབྱོར་ལ་མི་སྤྱོད་པ་ལགས་ཏེ། རྣལ་འབྱོར་མ་ལགས་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ལས་གུད་དུ་སྟོང་པ་ཉིད་བཙལ་བར་བགྱི་བ་མ་མཆིས་ཏེ། བཅོམ་ལྡན་ འདས་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ཉིད་སྟོང་པ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་ཁྱོད་ཅི་འདོད་ཆགས་དང་བཅས། ཞེ་སྡང་དང་བཅས། གཏི་མུག་དང་བཅས་པ་ཡིན་ནམ། འོན་ཏེ་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ་ཡིན། གསོལ་ པ། །བཅོམ་ལྡན་འདས་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་དང་བདག་མཉམ་སྟེ། གང་མཉམ་པ་ཉིད་དེ་ཐོབ་པ་དེ་ནི་འདོད་ཆགས་དང་བཅས་པ་ཡང་མ་ལགས། འདོད་ཆགས་དང་བྲལ་བ་ཡང་མ་ལགས། ཞེ་སྡང་དང་བཅས་པ་ཡང་མ་ལགས། ཞེ་སྡང་ དང་བྲལ་བ་ཡང་མ་ལགས། གཏི་མུག་དང་བཅས་པ་ཡང་མ་ལགས། གཏི་མུག་དང་བྲལ་བ་ཡང་མ་ལགས་སོ། །བཅོམ་ལྡན་འདས་དགེ་སྦྱོང་དང ། བྲམ་ཟེ་གང་དག་བདག་ལ་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བར་ཡང་དག་པར་རྗེས་སུ་ལྟ་ཞིང་ཕ་རོལ་ལ་འདོད་ ཆགས་དང་བཅས་པ་དང ། ཞེ་སྡང་དང་བཅས་པ་དང ། གཏི་མུག་དང་བཅས་པར་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི་ལྟ་བར་གྱུར་པ་གཉིས་ལ་ཆགས་པ་ལགས་སོ། །གཉིས་གང་ལགས་ཤེ་ན། ཆད་པར་ལྟ་བ་དང ། རྟག་པར་ལྟ་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་བདག་ལ་འདོད་ཆགས་ དང་བྲལ་བ་དང ། ཞེ་སྡང་དང་བྲལ་བ་དང ། གཏི་མུག་དང་བྲལ་བར་ཡང་དག་པར་རྗེས་སུ་ལྟ་བ་དེ་ནི་དེ་དག་གི་ཆད་པར་ལྟ་བ་ལགས་སོ། །གང་ཕ་རོལ་ལ་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པར་ཡང་དག་པར་རྗེས་སུ་ལྟ་བ་དེ་ནི་དེ་དག་གི་རྟག་པར་ལྟ་བ་ལགས་སོ། ། ཡང་བཅོམ་ལྡན་འདས་ཡང་དག་པར་ཞུགས་པའི་དགེ་སློང་ནི་ཕ་རོལ་དམན་པ་དང ། བདག་ཁྱད་པར་དུ་འཕགས་པར་ཡང་དག་པར་རྗེས་སུ་མི་ལྟ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་གང་ཡང་དག་པར་ཞུགས་པ་དེ་གང་དུ་ཞུགས་པ་ཡིན། གསོལ་པ། བཅོམ་ལྡན་འདས་གང་ཡང་དག
43-1-269b
པར་ཞུགས་པ་དེ་ནི་གང་དུ་ཡང་ཞུགས་པ་མ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་གང་ཡང་དག་པར་ཞུགས་པ་དེ་ལམ་ལ་ཞུགས་པ་མ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་གང་ལམ་ལ་ཞུགས་པ་དེ་ནི་འདུས་བགྱིས་ལ་ཞུགས་པ་ལགས་ཏེ། གང་འདུས་བགྱིས་ལ་ཞུགས་པ་དེ་མཉམ་པ་ཉིད་དུ་ ག་ལ་འགྱུར་ལགས། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདུས་བགྱིས་ན་སྐྱེ་བ་དང ། འཇིག་པ་དང ། གནས་པ་དང་ལྡན་པའི་སླད་དུའོ། །བཀའ་སྩལ་པ། འཇམ་དཔལ་འདུས་མ་བྱས་ལ་གྲངས་གང་ཡང་ཡོད་དམ། གསོལ་པ། བཅོམ་ལྡན་འདས་འདུས་མ་བགྱིས་ལ་གྲངས་གང་ཡང་མ་ མཆིས་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་འདུས་མ་བགྱིས་ལ། གྲངས་མཆིས་པར་གྱུར་ན་དེ་འདུས་བགྱིས་ཉིད་དུ་འགྱུར་གྱི་འདུས་མ་བགྱིས་མ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་གང་འདུས་མ་བྱས་ཐོབ་པའི་འཕགས་པ་ཐམས་ཅད་ལ་གྲངས་གང་ཡང་ཡོད་པར་འགྱུར་བའི་རྣམ་ གྲངས་ཡོད་དམ། གསོལ་པ། བཅོམ་ལྡན་འདས་འཕགས་པ་རྣམས་ལ་གྲངས་གང་ཡང་མ་མཆིས་ཏེ། བཅོམ་ལྡན་འདས་འཕགས་པ་རྣམས་ནི་གྲངས་མ་མཆིས་པ། གྲངས་དང་བྲལ་བ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་ཅི་ཁྱོད་འཕགས་པའི་ཆོས་དང་ལྡན་པ་ཡིན་ནམ། འོན་ཏེ་འཕགས་ པ་མ་ཡིན་པའི་ཆོས་དང་ལྡན་པ་ཡིན། གསོལ་པ། བཅོམ་ལྡན་འདས་བདག་ནི་འཕགས་པའི་ཆོས་དང་ལྡན་པ་ཡང་མ་ལགས། འཕགས་པ་མ་ལགས་པའི་ཆོས་དང་ལྡན་པ་ཡང་མ་ལགས་སོ། །ཅི་ལགས་གང་བཅོམ་ལྡན་འདས་ཀྱི་སྤྲུལ་པ་དེ་འཕགས་པའི་ཆོས་དང་ལྡན་པ་ལགས་སམ། འཕགས་ པ་མ་ལགས་པའི་ཆོས་དང་ལྡན་པ་ལགས། བཀའ་སྩལ་པ། འཇམ་དཔལ་སྤྲུལ་པ་ནི་འཕགས་པའི་ཆོས་དང་ལྡན་པ་ཡང་མ་ཡིན། འཕགས་པ་མ་ཡིན་པའི་ཆོས་དང་ལྡན་པ་ཡང་མ་ཡིན་ནོ། །གསོལ་པ། ཆོས་ཐམས་ཅད་སྤྲུལ་པ་ལྟ་བུའོ་ཞེས་བཅོམ་ལྡན་འདས་ཀྱིས་མ་བསྟན་པ་ལགས་སམ། བཀའ་སྩལ་པ། འཇམ་དཔལ་དེ་ལྟའོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་སྤྲུལ་པའི་རང་བཞིན་གྱིས་མཚན་ཉིད་ལགས་ན་བདག་ཀྱང་དེའི་རང་བཞིན་གྱི་མཚན་ཉིད་ལགས་ཏེ། དེའི་སླད་དུ་བདག་འཕགས་པའི་ཆོས་དང་ལྡན་པ་ཡང་མ་ལགས། འཕགས་པ་མ་ལགས་པའི་ཆོས
43-1-270a
དང་ལྡན་པ་ཡང་མ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་ཁྱོད་ཅི་དང་ལྡན། གསོལ་པ། བཅོམ་ལྡན་འདས་བདག་ནི་སངས་རྒྱས་ཀྱི་ཡུལ་མཉམ་པ་ཉིད་དང་མི་འགལ་བ་དང་ལྡན་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་སངས་རྒྱས་ཀྱི་ཡུལ་རྙེད་དམ། གསོལ་པ། བཅོམ་ལྡན་ འདས་གལ་ཏེ་བཅོམ་ལྡན་འདས་ཀྱིས་བརྙེས་ན་བདག་གིས་ཀྱང་རྙེད་ལགས་སོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཡུལ་མ་བརྙེས་སམ། སྨྲས་པ། གནས་བརྟན་གྱིས་ཉན་ཐོས་ཀྱི་ ཡུལ་གང་ཡང་རྙེད་དམ། སྨྲས་པ། འཇམ་དཔལ་འཕགས་པའི་རྣམ་པར་གྲོལ་བའི་ཡུལ་ཡང་མེད། ཡུལ་རྙེད་པ་ཡང་མེད་དོ། །སྨྲས་པ། བཙུན་པ་རབ་འབྱོར་དེ་བཞིན་དུ་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་ཡུལ་ཡང་མེད། ཡུལ་བརྙེས་པ་ཡང་མེད་དོ། །སྨྲས་པ། འཇམ་དཔལ་ཁྱོད་ནི་རྗེས་སུ་ བསྲུང་བ་མེད་པར་ཆོས་སྟོན་ཏེ། ཁྱོད་ནི་ལས་དང་པོ་པ་རྣམས་རྗེས་སུ་མི་སྲུང་ངོ ། །སྨྲས་པ། དེ་བས་ན་གནས་བརྟན་ཉིད་ལ་ཡོངས་སུ་དྲིས་ཁྱོད་ཀྱིས་ཇི་ལྟར་བཟོད་པ་བཞིན་དུ་ལན་ཐོབ་ཤིག་།བཙུན་པ་རབ་འབྱོར་འདི་ཇི་སྙམ་དུ་སེམས། གང་སྨན་པ་མཁས་པས་ནད་པ་ཡོངས་སུ་སྲུང་ཞིང་ཁ་བ་དང ། སྐྱུར་བ་ དང ། ཚ་བའི་སྨན་མ་བྱིན་ན་ཅི་དེས་ནད་པ་དེ་ལ་ནད་མེད་པའི་བདེ་བ་བྱིན་པ་ཡིན་ནམ། །སྨྲས་པ། འཇམ་དཔལ་དེ་ནི་མ་ཡིན་ནོ། །སྨྲས་པ། བཙུན་པ་རབ་འབྱོར་དེ་བཞིན་དུ་གང་ཆོས་སྨྲ་བས་ལས་དང་པོ་པ་ཡོངས་སུ་སྲུང་ཞིང་ཟབ་མོའི་གཏམ་བཅབས་ཏེ། གཏམ་སྣ་ཚོགས་བསྟན་ན་དེས་དེ་ཡང་དང་ཡང་ འཆི་བ་ལས་ཐར་བར་བྱས་པར་མི་འགྱུར། ཤིན་ཏུ་བདེ་བ་མྱ་ངན་ལས་འདས་པ་ལ་རབ་ཏུ་བཞག་པར་མི་འགྱུར་རོ། །བསྟན་པ་འདི་བཤད་པ་ན་དགེ་སློང་ལྔ་བརྒྱ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །ལྷའི་བུ་བརྒྱད་བརྒྱ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་ བྲལ་བ་རྣམ་པར་དག་གོ་།ལྷའི་བུ་བདུན་བརྒྱས་འཇམ་དཔལ་གཞོན་ནུར་གྱུར་པའི་སྤོབས་པ་ཐོབ་ནས་འདོད་ཅིང་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཡང་ཚེ་དང་ལྡན་པ་རབ་འབྱོར་གྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །
43-1-270b
འཇམ་དཔལ་ཁྱོད་ཉན་ཐོས་ཀྱི་ཐེག་པས་སེམས་ཅན་འདུལ་ན། ཅི་ཁྱོད་ཉན་ཐོས་ཀྱི་ཐེག་པས་རྣམ་པར་གྲོལ་བ་ཡིན་ནམ། སྨྲས་པ། བཙུན་པ་རབ་འབྱོར་ཁོ་བོ་ནི་ཐེག་པ་ཐམས་ཅད་ཀྱིས་རྣམ་པར་གྲོལ་ཏེ། བཙུན་པ་རབ་འབྱོར་ཁོ་བོ་ནི་ཉན་ཐོས་ཀྱི་ཐེག་པས་རྣམ་པར་གྲོལ་བ་ཡང་ཡིན། ཁོ་བོ་ནི་རང་སངས་རྒྱས་ ཀྱི་ཐེག་པས་རྣམ་པར་གྲོལ་བའང་ཡིན། བཙུན་པ་རབ་འབྱོར་ཁོ་བོ་ནི་ཐེག་པ་ཆེན་པོས་རྣམ་པར་གྲོལ་བའང་ཡིན་ནོ། །སྨྲས་པ། འཇམ་དཔལ་ཁྱོད་ཅི་ཉན་ཐོས་སམ། འོན་ཏེ་རང་སངས་རྒྱས་སམ། འོན་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན། སྨྲས་པ། བཙུན་པ་རབ་འབྱོར་ཁོ་བོ་ནི་ཉན་ཐོས་ཡིན་ ཏེ། ཕ་རོལ་ལས་མཉན་པའི་སྒྲ་ལ་སྦྱོར་བར་བརྩོན་པ་ནི་མ་ཡིན་ནོ། །ཁོ་བོ་ནི་རང་སངས་རྒྱས་ཡིན་ཏེ། སྙིང་རྗེ་ཆེན་པོ་དང ། མི་འཇིགས་པ་དང་བྲལ་བ་ནི་མ་ཡིན་ནོ། །ཁོ་བོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ཏེ་བྱ་བའི་རྒྱུན་བཅད་པ་ནི་མ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཁྱོད་ཇི་ལྟར་ཉན་ཐོས་ ཡིན། སྨྲས་པ། ཆོས་མ་ཐོས་པ་མཉན་པ། སེམས་ཅན་ཐམས་ཅད་ལ་ཐོས་པར་བྱེད་དེ། དེས་ན་ཁོ་བོ་ཉན་ཐོས་ཡིན་ནོ། །སྨྲས་པ། འཇམ་དཔལ་ཁྱོད་ཇི་ལྟར་རང་སངས་རྒྱས་ཡིན། སྨྲས་པ། ཁོ་བོས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བར་རྟོགས་ཏེ། དེས་ན་ཁོ་བོ་རང་སངས་ རྒྱས་སོ། །སྨྲས་པ། འཇམ་དཔལ་ཁྱོད་ཇི་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན། སྨྲས་པ། ཁོ་བོས་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་མཉམ་པ་ཉིད་ཀྱིས་མཉམ་པར་ཁོང་དུ་ཆུད་དེ། དེས་ན་ཁོ་བོ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །སྨྲས་པ། འཇམ་དཔལ་ཁྱོད་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་འམ། འོན་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་འམ། ས་གང་ལ་ངེས་པ་ཡིན་པ་གཟུང་བར་བྱ། སྨྲས་པ། བཙུན་པ་རབ་འབྱོར་ཁོ་བོ་ནི་ས་ཐམས་ཅད་ལ་ངེས་པ་ཡིན་པར་ཟུང་ཤིག་།སྨྲས་པ། འཇམ་དཔལ་ཁྱོད་སོ་སོའི་སྐྱེ་བོའི་ས་ལ་ཡང་ངེས་པར་གཟུང་བར་བྱ་ འམ། སྨྲས་པ། བཙུན་པ་རབ་འབྱོར་དེ་དེ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་རབ་འབྱོར་ཆོས་ཐམས་ཅད་ནི་ཡང་དག་པ་ཉིད་དུ་ངེས་པར་ངེས་པའོ། །ངེས་པ་དེར་སེམས་ཅན་ཐམས་ཅད་ཀྱང་ངེས་པ་སྟེ། ཁོ་བོ་ཡང་ངེས་པ་དེར་ངེས་པ་ཉིད་དོ། །དེས་ན་ཁོ་བོ་སོ་སོའི་སྐྱེ་བོའི་ས་ལ་ཡང་ངེས་པར
43-1-271a
གཟུང་བར་བྱའོ། །སྨྲས་པ། འཇམ་དཔལ་གལ་ཏེ་ཆོས་ཐམས་ཅད་ཡང་དག་པ་ཉིད་དུ་ངེས་པར་ངེས་པ་ཡིན་ན་འདི་ནི་སོ་སོའི་སྐྱེ་བོའི་སའོ། །འདི་ནི་ཉན་ཐོས་ཀྱི་སའོ། །འདི་ནི་རང་སངས་རྒྱས་ཀྱི་སའོ། །འདི་ནི་བྱང་ཆུབ་སེམས་དཔའི་སའོ། །འདི་ནི་སངས་རྒྱས་ཀྱི་སའོ་ཞེས་ས་རྣམ་པར་གཞག་ པ་གདགས་པར་ག་ལ་འགྱུར། སྨྲས་པ། བཙུན་པ་རབ་འབྱོར་འདི་ལྟ་སྟེ། དཔེར་ན། ཕྱོགས་བཅུའི་ནམ་མཁའ་ལ་འདི་ནི་ཤར་ཕྱོགས་ཀྱི་ནམ་མཁའོ། །འདི་ནི་ལྷོ་ཕྱོགས་ཀྱིའོ། །འདི་ནི་ནུབ་ཕྱོགས་ཀྱིའོ། །འདི་ནི་བྱང་ཕྱོགས་ཀྱིའོ། །འདི་ནི་ཤར་ལྷོ་ཡིའོ། །འདི་ནི་ལྷོ་ནུབ་ཀྱིའོ། །འདི་ནི་ ནུབ་བྱང་གིའོ། །འདི་ནི་བྱང་ཤར་གྱིའོ། །འདི་ནི་འོག་གིའོ། །འདི་ནི་སྟེང་གི་ཕྱོགས་ཀྱི་ནམ་མཁའོ་ཞེས་བརྗོད་ཀྱང་ཕྱོགས་ཆ་ལ་ཐ་དད་པ་ཡོད་ཀྱི། ནམ་མཁའ་ལ་ནི་ཐ་དད་པ་མེད་དོ། །བཙུན་པ་རབ་འབྱོར་དེ་བཞིན་དུ་ཆོས་ཐམས་ཅད་ཡང་དག་པ་ཉིད་དུ་ངེས་པར་ངེས་པ་ལ། དེ་བཞིན་གཤེགས་པ་ཐབས་ ལ་མཁས་པས་འདི་ནི་སོ་སོའི་སྐྱེ་བོའི་སའོ། །འདི་ནི་ཉན་ཐོས་ཀྱི་སའོ། །འདི་ནི་རང་སངས་རྒྱས་ཀྱི་སའོ། །འདི་ནི་བྱང་ཆུབ་སེམས་དཔའི་སའོ། །འདི་ནི་སངས་རྒྱས་ཀྱི་སའོ། །ཞེས་ས་རྣམ་པར་འཇོག་ཀྱང་ས་རྣམ་པར་གཞག་པ་ལ་ཐ་དད་པ་ཡོད་ཀྱི་ཡང་དག་པ་ཉིད་དུ་ངེས་པ་ལ་ནི་ཐ་དད་པ་མེད་དོ། ། སྨྲས་པ། འཇམ་དཔལ་ཁྱོད་ཡང་དག་པ་ཉིད་དུ་ངེས་པ་ལ་ཞུགས་སམ། །སྨྲས་པ། ཞུགས་པ་ཡང་ཡིན་ལ། བྱུང་བ་ཡང་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་ཁྱོད་ཞུགས་པ་ཡང་ཡིན་ལ། བྱུང་བ་ཡང་ཡིན། སྨྲས་པ། བཙུན་པ་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་རྣམས་ ཀྱི་ཐབས་དང ། ཤེས་རབ་དང ། ཡེ་ཤེས་བལྟ་བར་བྱ་སྟེ། བཙུན་པ་རབ་འབྱོར་འདི་ན་སྐྱེས་བུ་མཁས་པ་ཁ་ཅིག་བཤད་པའི་དོན་དཔེས་ཤེས་པར་འགྱུར་བ་ཡོད་དེ། དེའི་ཕྱིར་ཁྱོད་ལ་དཔེ་བསྟན་པར་བྱའོ། །བཙུན་པ་རབ་འབྱོར་འདི་ལྟ་སྟེ་དཔེར་ན་འཕོང་གི་སློབ་དཔོན་ཆེན་པོ་ཞིག་ལ་སྡུག་པ། མཛེས་པ། ཡིད་དུ་འོང་བ། བལྟ་ན་སྡུག་ པའི་བུ་གཅིག་པ་ཞིག་ཀྱང་ཡོད། དེ་ལ་མི་སྡུག་པ། ཡིད་དུ་མི་འོང་བ། ཕྱིར་རྒོལ་བ་ཞིག་ཀྱང་ཡོད་པ་ལས། དེས་བུ་གཅིག་པ་དེ་ཐག་རིང་པོ་ལམ་གོལ་བའི་ཕྱོགས་ཤིག་ན་འདུག་པ་མཐོང་ནས་དེ་འདི་སྙམ་དུ་དེ་ནི་བདག་ལ་ཕྱིར་རྒོལ་བ་ཡིན་ནོ་སྙམ་དུ་སེམས་སྐྱེས་ཏེ། དེས་དེ་གསད་པའི་ཕྱིར་མདའ་འཕངས་ནས
43-1-271b
འཕངས་མ་ཐག་ཏུ་བུ་གཅིག་པ་ཡིན་པའི་འདུ་ཤེས་སྐྱེས་ཏེ། དེ་སྔོན་གོམས་པ་བྱས་པས་ཤིན་ཏུ་བརྒྱུགས་ཏེ། མདའ་དེ་བུ་གཅིག་པའི་ལུས་ལ་མ་ཕོག་པ་ཉིད་དུ་ལག་གིས་འཛིན་པ་འདི་ནི་དོན་རྣམ་པར་ཤེས་པར་བྱ་བའི་ཕྱིར་དཔེར་བྱས་པའོ། །འདི་ལ་དོན་དུ་བལྟ་བ་གང་ཞེ་ན། བཙུན་པ་རབ་འབྱོར་འཕོང་གི་ སློབ་དཔོན་ཞེས་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའི་ཚིག་བླ་དགས་སོ། །བཙུན་པ་རབ་འབྱོར་བུ་གཅིག་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་བུ་གཅིག་པའི་འདུ་ཤེས་ཉེ་བར་འཇོག་པ་ཡིན་ནོ། །གསོད་པའི་ཕྱིར་རྒོལ་བ་ཞེས་བྱ་བ་འདི་ནི་ཉོན་མོངས་པ་ཐམས་ཅད་ཀྱི་ཚིག་བླ་དགས་སོ། ། བཙུན་པ་རབ་འབྱོར་མདའ་ཞེས་བྱ་བ་འདི་ནི་འཕགས་པའི་ཤེས་རབ་ཀྱི་དབང་པོའི་ཚིག་བླ་དགས་སོ། །བཙུན་པ་རབ་འབྱོར་འདི་ལྟ་སྟེ་དཔེར་ན་འཕོང་གི་སློབ་དཔོན་གྱིས་མདའ་འཕངས་ལ་བུ་གཅིག་པའི་ལུས་ལ་མ་ཕོག་པར་ཤིན་ཏུ་བརྒྱུགས་ཏེ་འཛིན་པ་དེ་བཞིན་དུ། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་བསྐྱེད་པས་འདུ་བྱེད་ཐམས་ཅད་སྐྱེ་བ་མེད་པར་སོ་སོར་རྟོག་གོ་།ཡང་དག་པ་ཉིད་དུ་ངེས་པ་ལ་རྣམ་པར་བལྟས་ནས་སྙིང་རྗེ་ཆེན་པོ་དང ། ཐབས་ལ་མཁས་པའི་སྟོབས་བསྐྱེད་པས་ཡང་དག་པའི་མཐའ་མངོན་སུམ་དུ་བྱེད་ཀྱང་ཉན་ཐོས་དང ། རང་སངས་རྒྱས་ཀྱི་ས་ལ་མི་ གནས་ཀྱི། བྱང་ཆུབ་སེམས་དཔའི་ས་ལ་གནས་སོ། །སངས་རྒྱས་ཀྱི་ས་ལ་ཡང་འཛུད་དོ། །སྨྲས་པ། འཇམ་དཔལ་འདི་བྱང་ཆུབ་སེམས་དཔའ་གང་དག་གི་ཡུལ་ཡིན། སྨྲས་པ། བཙུན་པ་རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་གང་དག་འཇིག་རྟེན་ན་ཡང་སྤྱོད་ལ་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་ ཀྱང་མི་གོས་ཤིང་འཇིག་རྟེན་ན་ཡང་སྣང་ལ་ཆོས་ཐམས་ཅད་ལ་སྣང་བ་མེད་པས་རབ་ཏུ་ཕྱེ་བའི་བྱང་ཆུབ་སེམས་དཔའ་དེ་དག་གི་ཡུལ་ལོ། །བཙུན་པ་རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་གང་དག་ས་ཐམས་ཅད་ལ་ཡང་སྣང་ལས་ངན་པ་ལ་ཡང་མི་གནས་པ་དང ། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་ གང་དག་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤང་བའི་ཕྱིར་ཡང་བརྩོན་ལ། ཆོས་ཀྱི་དབྱིངས་ཟད་པར་ནི་ཡང་དག་པར་རྗེས་སུ་མི་ལྟ་བ་དང ། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་གང་དག་འདུས་བྱས་ལས་ཀྱང་བསྐྱོད་ལ་འདུས་མ་བྱས་ཀྱང་ཡང་དག་པར་མ་རྙེད་པ་དང ། བཙུན་པ་རབ་འབྱོར
43-1-272a
བྱང་ཆུབ་སེམས་དཔའ་གང་དག་འཁོར་བ་ལ་སྐྱེད་མོས་ཚལ་དང་གཞལ་མེད་ཁང་དུ་ཡང་འདུ་ཤེས་ལ་མྱ་ངན་ལས་འདས་པ་ཡང་དོན་དུ་གཉེར་ཞིང་བསམ་པ་ཡོངས་སུ་མ་རྫོགས་པ་དང ། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་གང་དག་བདག་མེད་པའི་བཟོད་པ་ཡང་ཐོབ་ལ་སེམས་ཅན་ཡོངས་ སུ་སྨིན་པར་བྱ་བའི་ཕྱིར་ཡང་བརྩོན་པ་དང ། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་གང་དག་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་མཁའི་རང་བཞིན་དུ་ཡང་ཤེས་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་ཡང་བརྩོན་པ་དང ། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་གང་དག་སངས་རྒྱས་ཐམས་ ཅད་ཆོས་ཀྱི་དབྱིངས་དང་མཚུངས་པར་ཡང་མཐོང་ལ། སངས་རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྒྱན་གྱི་ཕྱིར་བརྩོན་འགྲུས་ཀྱང་མི་གཏོང་བའི་བྱང་ཆུབ་སེམས་དཔའ་དེ་དག་གི་ཡུལ་ལོ། །སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་དག་ནི་འཇིག་རྟེན་ཐམས་ཅད་དང་མི་འཐུན་པའོ། ། སྨྲས་པ། བཙུན་པ་རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་གྱི་ཆོས་ཡོངས་སུ་ཤེས་པ་དང་ལྡན་ཡང་འཇིག་རྟེན་གྱི་ཆོས་ལས་ཡང་དག་པར་འདའ་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སྨྲས་པ། འཇམ་དཔལ་ཁྱོད་འཇིག་རྟེན་གྱི་ཆོས་ལས་ཡང་དག་པར་འདའ་བ་ལས་ རྩོམས་ཏེ་སྤོབས་པར་གྱིས་ཤིག་།ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་གྱི་ཆོས་ལས་ཡང་དག་པར་འདའ། སྨྲས་པ། བཙུན་པ་རབ་འབྱོར་འཇིག་རྟེན་ཞེས་བྱ་བ་ནི་ཕུང་པོ་ལྔའོ། །ལྔ་གང་ཞེ་ན། གཟུགས་ཀྱི་ཕུང་པོ་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ ཤེས་པའི་ཕུང་པོའོ། །དེ་ལ་གཟུགས་ནི་དབུ་བ་རྡོས་པ་ལྟ་བུའོ། །ཚོར་བ་ནི་ཆུའི་ཆུ་བུར་ལྟ་བུའོ། །འདུ་ཤེས་ནི་སྨིག་རྒྱུ་ལྟ་བུའོ། །འདུ་བྱེད་ཐམས་ཅད་ནི་ཆུ་ཤིང་ལྟ་བུའོ། །རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུའོ། །དབུ་བ་དང ། ཆུའི་ཆུ་བུར་དང ། སྨིག་རྒྱུ་དང ། ཆུ་ཤིང་དང ། སྒྱུ་མ་གང་ཡིན་པ་དེ་ ལ་འཇིག་རྟེན་ཡང་མེད། འཇིག་རྟེན་དུ་གདགས་པ་ཡང་མེད། ཕུང་པོ་རྣམས་ཀྱང་མེད། ཕུང་པོར་གདགས་པ་ཡང་མེད་པར་གང་ཕུང་པོའི་རང་བཞིན་ལ་དེ་ལྟར་མོས་པ་དེ་ནི་ཡང་དག་པར་ཞུགས་པའོ། །གང་ཡང་དག་པར་ཞུགས་པ་དེ་འཇིག་རྟེན་གྱི་ཆོས་རྣམས་དང་མ་འདྲེས་པའོ། །གང
43-1-272b
འཇིག་རྟེན་གྱི་ཆོས་རྣམས་དང་མ་འདྲེས་པ་དེ་འཇིག་རྟེན་གྱི་ཆོས་རྣམས་ལས་ཡང་དག་པར་འདའོ། །བཙུན་པ་རབ་འབྱོར་གཞན་ཡང་ཕུང་པོ་ལྔ་ནི་རང་བཞིན་གྱིས་སྟོང་ངོ ། །གང་རང་བཞིན་གྱིས་སྟོང་པ་དེ་ལ་གཉིས་སུ་མེད་དོ། །གང་གཉིས་སུ་མེད་པ་དེ་ལ་ངར་འཛིན་པ་མེད། ང་ཡིར་འཛིན་པ་མེད་དོ། །གང་ལ་ངར་ འཛིན་པ་མེད་པ་དང ། ང་ཡིར་འཛིན་པ་མེད་པ་དེ་ལ་ཆགས་པ་མེད་དེ། ཆགས་པ་མེད་པ་རྙེད་པ་ནི་འཇིག་རྟེན་ལས་ཡང་དག་པར་འདའོ། །བཙུན་པ་རབ་འབྱོར་གཞན་ཡང་ཕུང་པོ་ལྔ་ནི་རྐྱེན་ལ་རག་ལུས་པའོ། །གང་དག་རྐྱེན་ལ་རག་ལུས་པ་དེ་དག་རག་ལུས་པ་མེད་པའོ། །གང་དག་རག་ལུས་པ་ མེད་པ་དེ་དག་བདག་པོ་མེད་པའོ། །གང་དག་བདག་པོ་མེད་པ་དེ་དག་བདག་གི་བ་མེད་པའོ་གང་དག་བདག་གི་བ་མེད་པ་དེ་དག་ཡོངས་སུ་འཛིན་པ་མེད་པའོ། །གང་དག་ཡོངས་སུ་འཛིན་པ་མེད་པ་དེ་ལ་འཐབ་པ་མེད་དོ། །གང་ལ་འཐབ་པ་མེད་པ་དེ་ལ་རྩོད་པ་མེད་དོ། །གང་ལ་རྩོད་པ་མེད་པ་དེ་དག་དགེ་ སྦྱོང་གི་ཆོས་རྩོད་པ་མེད་པའོ། །གང་དག་དགེ་སྦྱོང་གི་ཆོས་མི་རྩོད་པ་དེ་དག་ནམ་མཁའ་ལ་ལག་པ་དང་མཚུངས་ཏེ། ཆོས་ཐམས་ཅད་ཀྱང་ནམ་མཁའ་ལ་ལག་པ་དང་མཚུངས་པར་ཤེས་ནས་འཇིག་རྟེན་ལས་ཡང་དག་པར་འདའོ། །བཙུན་པ་རབ་འབྱོར་གཞན་ཡང་ཕུང་པོ་ལྔ་ནི་ཆོས་ཀྱི་དབྱིངས་དང་མཉམ་ པའོ། །ཆོས་ཀྱི་དབྱིངས་ཀྱང་དབྱིངས་མེད་པ་སྟེ། གང་དབྱིངས་མེད་པ་དེ་ལ་མིག་གི་ཁམས་མེད་དོ། །གཟུགས་ཀྱི་ཁམས་མེད་དོ། །མིག་གི་རྣམ་པར་ཤེས་པའི་ཁམས་མེད་དོ། །རྣ་བའི་ཁམས་མེད་དོ། །སྒྲའི་ཁམས་མེད་དོ། །རྣ་བའི་རྣམ་པར་ཤེས་པའི་ཁམས་མེད་དོ། །སྣའི་ ཁམས་མེད་དོ། །དྲིའི་ཁམས་མེད་དོ། །སྣའི་རྣམ་པར་ཤེས་པའི་ཁམས་མེད་དོ། །ལྕེའི་ཁམས་མེད་དོ། །རོའི་ཁམས་མེད་དོ། །ལྕེའི་རྣམ་པར་ཤེས་པའི་ཁམས་མེད་དོ། །ལུས་ཀྱི་ཁམས་མེད་དོ། །རེག་པའི་ཁམས་མེད་དོ། །ལུས་ཀྱི་རྣམ་པར་ཤེས་པའི་ཁམས་མེད་དོ། །ཡིད་ཀྱི་ ཁམས་མེད་དོ། །ཆོས་ཀྱི་ཁམས་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མེད་དོ། །གང་ཁམས་མེད་པ་དེ་ལ་སའི་ཁམས་མེད་དོ། །ཆུའི་ཁམས་མེད་དོ། །མེའི་ཁམས་མེད་དོ། །རླུང་གི་ཁམས་མེད་དོ། །ནམ་མཁའི་ཁམས་མེད་དོ། །རྣམ་པར་ཤེས་པའི་ཁམས་མེད་དོ། །
43-1-273a
འདོད་པའི་ཁམས་མེད་དོ། །གཟུགས་ཀྱི་ཁམས་མེད་དོ། །གཟུགས་མེད་པའི་ཁམས་མེད་དོ། །འདུས་བྱས་ཀྱི་ཁམས་མེད་དོ། །འདུས་མ་བྱས་ཀྱི་ཁམས་མེད་དོ། །གང་ཁམས་མེད་པ་དེ་ལ་བདག་མེད། སེམས་ཅན་མེད། སྲོག་མེད། གསོ་བ་མེད། གང་ཟག་མེད། ཤེད་ལས་སྐྱེས་མེད། ཤེད་བུ་མེད་དེ། གང་གིས་དེ་དག་རྗེས་སུ་རྟོགས་པ་མེད་པའི་ཚུལ་གྱིས་མཉམ་པ་ཉིད་དུ་རྟོགས་པ་དེ་འཇིག་རྟེན་ལས་ཡང་དག་པར་འདའོ། །བསྟན་པ་འདི་བཤད་པ་ན་འཁོར་དེ་ལས་དགེ་སློང་སྟོང་ཉིས་བརྒྱ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དེ་དག་སེམས་རྣམ་པར་གྲོལ་ནས་རང་རང་གི་བླ་ གོས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀབ་སྟེ། ཚིག་འདི་སྐད་དུ་གང་དག་ཆོས་ཟབ་མོ་བསྟན་པ་འདི་ལ་མོས་པ་མེད་པའི་སེམས་ཅན་དེ་དག་ནི་ཐོབ་པ་ཡང་མེད། མངོན་པར་རྟོགས་པ་ཡང་མེད་དོ་ཞེས་འཛེར་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་དགེ་སློང་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། ། ཚེ་དང་ལྡན་པ་དག་གིས་ཅི་ཞིག་ཐོབ་ཅིང་ཅི་ཞིག་མངོན་པར་རྟོགས། དགེ་སློང་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་དགེ་སྦྱོང་ནི་ཐོབ་པ་མེད་པ། མངོན་པར་རྟོགས་པ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཐོབ་པ་ཞེས་བྱ་བ་དེ་ནི་གཡོ་བ་ཉིད་དོ། །མངོན་པར་རྟོགས་པ་ཞེས་བྱ་བ་དེ་ནི་ རློམ་སེམས་ཉིད་དོ། །གཡོ་བ་དང་རློམ་སེམས་གང་ཡིན་པ་དེ་ནི་བདུད་ཀྱི་ལས་སོ། །ལྷག་པའི་ང་རྒྱལ་ཅན་དག་ནི་བདག་གིས་ཐོབ་བོ། །བདག་གིས་མངོན་པར་རྟོགས་སོ་ཞེས་འདི་ལྟ་བུ་འདི་དག་གི་ཚུལ་དུ་རྣམ་པར་རྟོག་པར་འགྱུར་རོ། །སྨྲས་པ། ཚེ་དང་ལྡན་པ་དག་གིས་ལྷག་པའི་ང་རྒྱལ་ཅན་རྣམས་ ཤེས་སམ། སྨྲས་པ། བཅོམ་ལྡན་འདས་མཁྱེན་པ་དང་ལྡན་པས་མཁྱེན་ཏེ། བདག་ཅག་ནི་ཇི་ལྟར་སྡུག་བསྔལ་གྱི་མཚན་ཉིད་མི་ཤེས་པར་བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་སོ་ཞེས་སྨྲ་བ་ལྷག་པའི་ང་རྒྱལ་ཅན་དུ་རིག་པར་བྱ་ཞིང་ཀུན་འབྱུང་བའི་མཚན་ཉིད་དང ། འགོག་པའི་མཚན་ཉིད་ དང ། ལམ་གྱི་མཚན་ཉིད་མི་ཤེས་པ་བདག་གིས་ལམ་བསྒོམས་སོ་ཞེས་སྨྲ་བ་ལྷག་པའི་ང་རྒྱལ་ཅན་དུ་རིག་པར་བྱའོ་སྙམ་མོ། །དེ་ཅིའི་ཕྱིར་ཞེ་ན། སྡུག་བསྔལ་གྱི་མཚན་ཉིད་དང ། ཀུན་འབྱུང་བའི་མཚན་ཉིད་དང ། འགོག་པའི་མཚན་ཉིད་དང ། ལམ་གྱི་མཚན་ཉིད་གང་ཡིན་པ་དེ་ནི་སྐྱེ
43-1-273b
བ་མེད་པའི་མཚན་ཉིད་དེ། སྐྱེ་བ་མེད་པའི་མཚན་ཉིད་ནི་མཚན་ཉིད་མེད་པའོ། །མཚན་ཉིད་མེད་པ་ནི་འཕགས་པ་རྣམས་ཀྱི་རྣམ་པར་གྲོལ་བའོ། །ཆོས་ཐམས་ཅད་ཀྱང་རྣམ་པར་གྲོལ་བའི་མཚན་ཉིད་དེ། དེ་ལ་ནི་གང་སྡུག་བསྔལ་ཡོངས་སུ་ཤེས་སོ། །གང་ཀུན་འབྱུང་བ་སྤོང་ངོ ། །གང་འགོག་པ་མངོན་ དུ་བྱེད་དོ། །གང་ལམ་སྒོམ་མོ་ཞེས་བྱ་བ་གང་ཡང་མི་དམིགས་ཏེ། ཆོས་ཐམས་ཅད་མཉམ་པ་ཉིད་འདི་ཐོས་ནས་སྐྲག་པ་དེ་ལྷག་པའི་ང་རྒྱལ་ཅན་ཡིན་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། གནས་བརྟན་རབ་འབྱོར་ལ་བཀའ་སྩལ་ པ། རབ་འབྱོར་དགེ་སློང་འདི་དག་གིས་ཇི་སྐད་བསྟན་པ་དེ་དེ་བཞིན་ནོ། །རབ་འབྱོར་དགེ་སློང་འདི་དག་གིས་དེ་བཞིན་གཤེགས་པ་འོད་སྲུང་གི་གསུང་རབ་ལ་འཇམ་དཔལ་གཞོན་ནུར་གྱུར་པ་ཉིད་ལས་ཟབ་མོའི་ཆོས་བསྟན་པ་འདི་ལྟ་བུ་འདི་ཐོས་ཏེ། ཆོས་ཟབ་མོ་མཉན་པ་དེ་ཉིད་ཀྱི་རྒྱུས་འདི་ལྟར་མངོན་ པར་ཤེས་པ་མྱུར་བར་གྱུར་ཏོ། །ཟབ་མོའི་ཆོས་བསྟན་པ་འདི་ལ་ཡང་རྗེས་སུ་འཐུན་པར་གྱུར་ཏེ་མི་འཐུན་པ་མ་ཡིན་ནོ། །རབ་འབྱོར་རྣམ་གྲངས་དེས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་མ་གཏོགས་པར་གང་དག་པའི་གསུང་རབ་འདི་ལ་ཆོས་ཟབ་མོ་བསྟན་པ་འདི་ཉན་ཅིང་ ཐོས་ནས་ཀྱང་ལྷག་པར་མོས་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་བྱམས་པའི་གསུང་རབ་ལ་འདུས་པ་གསུམ་གྱི་གྲངས་སུ་གཏོགས་པར་རིག་པར་བྱའོ། །གང་ཡང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དེ་ནི་བཟོད་པ་གང་ཡང་རུང་བ་འཐོབ་པར་འགྱུར་རོ། །དེ་ནས་ལྷའི་བུ་དཔལ་ བཟངས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་རྒྱུན་ཏུ་འཛམ་བུའི་གླིང་ན་ཆོས་སྟོན་ཏམ། འཇམ་དཔལ་དགའ་ལྡན་གྱི་གནས་སུ་བཞུད་དོ། །དེར་དགའ་ལྡན་གྱི་རིས་ཀྱི་ལྷ་རྣམས་ལ་ཆོས་བསྟན་དུ་གསོལ། དེ་ན་ལྷའི་བུ་སྔོན་གྱི་རྒྱལ་བ་ལ་ལྷག་ པར་བྱ་བ་བྱས་པ་དགེ་བའི་རྩ་བ་བསྐྱེད་པ་དག་ཡོད་དེ། དེ་དག་ཡུལ་ཕུན་སུམ་ཚོགས་པས་བག་མེད་པའི་དབང་གིས་བཅོམ་ལྡན་འདས་དང ། ཁྱོད་ལ་ཆོས་ཉན་དུ་མི་འོང་བས་ན་དེ་དག་ཆོས་མི་ཉན་པས་ཡོངས་སུ་ཉམས་པར་འགྱུར་ཏེ། དེ་དག་ཁྱོད་ལས་ཆོས་ཐོས་ནས་དགེ་བའི
43-1-274a
རྩ་བ་ཆེན་པོ་འཕེལ་བར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དེའི་ཚེ་གང་གིས་ལྷའི་བུ་དཔལ་བཟངས་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དགའ་ལྡན་གྱི་གནས་སུ་བཞུགས་པར་བདག་ཉིད་ཀྱིས་ཤེས་པ་དང ། ཉམས་དགའ་བའི་ཀུན་དགའ་ར་བ་དང ། ཉམས་དགའ་བའི་ཚལ་དང ། ཉམས་དགའ་བའི་རྫིང་དང ། ཉམས་དགའ་བའི་སྐྱེད་མོས་ཚལ་དང ། རིམ་པ་བདུན་དང ། བརྒྱད་དང ། བཅུ་དང ། ཉི་ཤུ་པའི་ཁང་པ་བརྩེགས་པ་བསིལ་ཁང་དང ། བ་གམ་དང ། སྟེགས་བུ་དང ། རྟ་བབས་དང ། སྐར་ཁུང་དང་ལྡན་པ་དེ་དག་ཀྱང་སྣང་བ་དང ། ལྷའི་བུ་མོ་རྐང་ལག་འཇམ་ཞིང་མཉེན་པ། གསེར་གྱི་དྲ་བ་ལྟར་ འོད་རྣམ་པར་དག་པ། སྨིན་མ་ལེགས་པ། འཕྲལ་བ་ལེགས་པ། བཞིན་ལེགས་པ། མིག་པད་མ་འདབ་མ་བརྒྱད་པ་སྔོན་པོ་ལྟ་བུར་མཛེས་ཤིང་དྲི་མ་མེད་པ་ཤིན་དུ་ཡངས་པ། འདོད་པའི་སེམས་བསྐྱེད་པ། ཟླ་བ་ཚེས་པ་ལྟར་མངོན་པར་དགའ་བ། བཞིན་འཛུམ་པ་དང་བཅས་པ་དེ་དག་རྒྱུད་གཅིག་པ་དང ། པི་བང་ དང ། སྒྲ་སྙན་དང ། ཁར་བའི་སིལ་ཁྲོལ་དང ། ཕེག་དང ། རྔ་ཟླུམ་དང ། རྫ་རྔ་དང ། རྔ་སྙན་པ་དང ། གླིང་བུ་དང ། གླུ་དབྱངས་དང ། རོལ་མོའི་དབྱངས་སྒྲ་དང ། གར་དང ། བཞད་གད་དང ། འཇོ་བ་དང ། སྒེག་པ་དང ། རྩེ་བས་རྒྱགས་ཤིང་དགའ་བ་དང ། རྩེ་བ་དང ། དགའ་མགུར་སྤྱོད་པ་དག་ཀྱང་སྣང་བ་དེ་ལྟ་བུའི་རྫུ་ འཕྲུལ་མངོན་པར་བྱ་བ་མངོན་པར་བྱས་སོ། །དེ་འདྲ་བའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་རླབས་སོ། །དེ་ནས་ལྷའི་བུ་དཔལ་བཟངས་ཀྱིས་རང་གི་གནས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཡང་མཐོང ། རང་གི་གཡོག་འཁོར་རྣམས་ཀྱང་མཐོང་ངོ ། །མཐོང་ནས་ཀྱང་ངོ་མཚར་དུ་གྱུར་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་ སོ། །འཇམ་དཔལ་བདག་ཅག་འདི་ལྟར་མྱུར་དུ་དགའ་ལྡན་གྱི་གནས་སུ་ཕྱིན་ཏེ། ཉམས་དགའ་བའི་ཀུན་དགའི་ར་བ་འདི་དག་དང་ཞེས་བྱ་བ་ནས། དགའ་བ་དང ། རྩེ་བ་དང ། དགའ་མགུར་སྤྱོད་པ་དང ། བདག་གི་རང་གི་གནས་འདི་དང་རང་གི་གཡོག་ཅེས་བྱ་བའི་བར་དུ་སྦྱར་ཏེ། འདི་དག་སྣང་བ་ངོ་མཚར་ཏོ། །དེ་ ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དཔལ་བཟངས་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་ཁྱོད་ནི་འཁོར་གྱི་དཀྱིལ་འཁོར་འདི་ནས་གང་དུ་ཡང་མ་གཡོས་ལ། དགའ་ལྡན་གྱི་གནས་སུ་ཡང་མ་ཕྱིན་ཏེ། ལྷའི་བུ་འོན་ཀྱང་ཐམས་ཅད་དང་ལྡན་པའི་འཁོར་འདི་དགའ་ལྡན་གྱི་གནས་སུ་ཞུགས་པར་བདག་ཉིད་ཀྱིས
43-1-274b
ཤེས་པ་དང ། ལྷའི་བུ་ཁོ་བོ་ཅག་ཀྱང་དགའ་ལྡན་གྱི་གནས་སུ་ཞུགས་པར་བདག་ཉིད་ཀྱིས་ཤེས་པ་དེ་ནི་འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་རྣམ་པར་འཕྲུལ་བའི་ཆོ་འཕྲུལ་དང ། ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་ཀྱི་སྟོབས་སོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་དཔལ་བཟངས་ཀྱིས་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་རྣམ་པར་འཕྲུལ་བའི་སྟོབས་དང ། ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་ཀྱི་སྟོབས་འདི་ནི་བསམ་གྱིས་མི་ཁྱབ་སྟེ། འདི་ལྟར་ཐམས་ཅད་དང་ལྡན་པའི་འཁོར་འདི་ས་ཕྱོགས་འདི་ནས་གང་དུ་ཡང་མ་གཡོས་པར་འདི་སྙམ་དུ་བདག་ཅག་དགའ་ ལྡན་གྱི་གནས་སུ་ཕྱིན་ཏོ་སྙམ་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་རྣམ་པར་འཕྲུལ་པ་ཇི་སྙེད་ཅིག་ངས་ཤེས་པ་ལས་ཁྱོད་ཀྱིས་ཇི་ཙམ་ཞིག་ཤེས་ཏེ། ལྷའི་བུ་འཇམ་དཔལ་གཞོན་ནུར་གྱུར་པ་འདོད་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་ པ་གང་གཱའི་ཀླུང་གི་བྱེ་མ་སྙེད་གང་དག་ཡོད་པ་དེ་དག་ཐམས་ཅད་ཞིང་གཅིག་ཏུ་ཡང་དག་པར་སྟོན་ཏོ། །སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་གང་དག་ཡོད་པ། དེ་དག་གཙུག་ཕུད་ཀྱིས་ཕུག་སྟེ། སྟིང་གི་བར་སྣང་གི་ནམ་མཁའ་ལ་འཇོག་གོ་།སངས་རྒྱས་ཀྱི་ཞིང་དེ་དག་ན་རྒྱ་མཚོ་ཆེན་པོར་གྱུར་པའི་ ཆུའི་ཕུང་པོ་གང་དག་ཡོད་པ་དེ་དག་ཐམས་ཅད་སྤུའི་ཁུང་བུ་གཅིག་ཏུ་བླུགས་ཀྱང་ཆུའི་སེམས་ཅན་རྣམས་ལ་གནོད་པ་མེད་དེ། ཐམས་ཅད་ཀྱང་རང་རང་གི་རྒྱ་མཚོ་ཆེན་པོ་ན་གནས་པར་བདག་ཉིད་ཀྱིས་ཤེས་སོ། །སངས་རྒྱས་ཀྱི་ཞིང་དེ་དག་ན་རིའི་རྒྱལ་པོ་རི་རབ་གང་དག་ཡོད་པ་དེ་དག་ཐམས་ཅད་རི་གཅིག་ཏུ་བྱིན་གྱིས་ བརླབས་ཏེ། རི་དེ་དག་ཡུངས་ཀར་གྱི་འབྲུའི་ནང་དུ་བཅུག་ཀྱང་རི་རབ་ལ་གནས་པའི་ལྷ་དེ་དག་ལ་ཡང་གནོད་པ་མེད་དེ། ཐམས་ཅད་ཀྱང་རང་རང་གི་གནས་ན་འཁོད་པར་བདག་ཉིད་ཀྱིས་ཤེས་སོ། །སངས་རྒྱས་ཀྱི་ཞིང་དེ་དག་ན་འགྲོ་བ་ལྔར་སྐྱེས་པའི་སེམས་ཅན་གང་དག་ཡོད་པ་དེ་དག་ཐམས་ཅད་ལག་པ་གཡས་ པའི་མཐིལ་དུ་བཞག་སྟེ། འཇིག་རྟེན་གྱི་ཁམས་བདེ་བ་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པའི་སེམས་ཅན་རྣམས་ཀྱི་བདེ་བར་སྦྱར་བ་ཅི་འདྲ་བ་དེ་ལྟ་བུ་དག་དེ་དག་ལ་སྒྲུབ་པོ། །གང་ཡང་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་སྲེག་པར་བྱེད་པའི་མེ་དེ་དག་ཐམས་ཅད་མར་མེའི་སྙིང་པོ་གཅིག་གི་མེ་ལྕེ
43-1-275a
ཙམ་གྱི་མེར་བྱིན་གྱིས་རློབ་སྟེ། དེས་བྱ་བ་བྱེད་པ་གང་ཡིན་པ་དེ་བྱེད་དོ། །སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན་ཉི་མ་དང་ཟླ་བའི་འོད་གང་དག་ཡོད་པ་དེ་དག་ཐམས་ཅད་སྤུའི་ཁུང་བུ་གཅིག་གི་འོད་ཀྱིས་ཟིལ་དུ་རླག་པར་བྱེད་དོ། །ལྷའི་བུ་འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་རྣམ་པར་ འཕྲུལ་པའི་ཆོ་འཕྲུལ་ལས་བརྩམས་ནས་ང་བསྐལ་པའམ། བསྐལ་པ་ལས་ལྷག་པར་ཡང་ཆོས་སྟོན་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ནི་རྫུ་འཕྲུལ་དང་བྱིན་གྱི་རླབས་ཀྱི་སྟོབས་བསམ་གྱིས་མི་ཁྱབ་པ་འདི་ལྟ་བུ་དང་ལྡན་ནོ།། །།བམ་པོ་གཉིས་པ་སྟེ་ཐ་མ། དེ་ནས་བདུད་སྡིག་ཅན་འཁོར་དེ་ཉིད་ དུ་འདུས་པར་གྱུར་ནས་འདུག་སྟེ། དེས་བདག་ཉིད་དགེ་སློང་གི་གཟུགས་སུ་བྱིན་གྱིས་བརླབས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་དེ་བདག་གིས་བལྟ་བར་བགྱིའོ། །བཅོམ་ལྡན་འདས་ཚིག་ཙམ་དུ་གསུངས་ པས་ཅི་སྨན་གྱིས་བདག་ལ་མངོན་སུམ་དུ་གྱུར་ཅིག་།དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཅན་དུ་མཁྱེན་བཞིན་དུ་སེམས་ཅན་ཚད་མེད་པ་དེ་དག་གི་དགེ་བའི་རྩ་བ་རྣམ་པར་སྤེལ་བའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ངས་ཁྱོད་ལ་བསྐུལ་གྱིས་ཁྱོད་ཀྱིས་ འཁོར་འདི་དག་ལ་རང་གི་རྫུ་འཕྲུལ་གྱི་སྟོབས་དང་ཆོ་འཕྲུལ་སྟོན་ཅིག་དང ། སེམས་ཅན་ཚད་མེད་པ་རྣམས་ཀྱི་དགེ་བའི་རྩ་བ་རྣམ་པར་འཕེལ་བར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་བཅོམ་ལྡན་འདས་ཀྱིས་བསྐུལ་བར་ཤེས་ནས་ཆོས་ཐམས་ཅད་སེམས་ཀྱིས་དབང་སྒྱུར་བ་རྣམ་པར་འཕྲུལ་པ་ཞེས་བྱ་ བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །འཇམ་དཔལ་གཞོན་ནུར་གྱུར་པས་ཆོས་ཐམས་ཅད་སེམས་ཀྱིས་དབང་སྒྱུར་བ་རྣམ་པར་འཕྲུལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་དེའི་མོད་ལ་ཐམས་ཅད་དང་ལྡན་པའི་འཁོར་དེས་འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་རྣམ་པར་འཕྲུལ་པའི་ཆོ་ འཕྲུལ་བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ་དེ་བཞིན་དུ་མ་ཆད་པ་དང ། མ་ལྷག་པ་དང ། མི་མང་བར་མཐོང་ངོ ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་གྱིས་ཆོ་འཕྲུལ་དེ་མཐོང་ནས་ངོ་མཚར་དུ་གྱུར་ཏེ། སངས་རྒྱས་བྱུང་བ་ལེགས་སོ་ལེགས་སོ། །སངས་རྒྱས་བྱུང་བ་ནི་སེམས་ཅན་རྣམས་ལ་དོན
43-1-275b
ཆེན་པོར་ཉེ་བར་གནས་སོ། །དེ་བྱུང་བས་སྐྱེས་བུ་དམ་པ་འདི་ལྟ་བུ་འདི་དག་ཀྱང་འཇིག་རྟེན་དུ་བྱུང་བ་ཡིན་ནོ། །ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་འདི་ལྟ་བུ་ཡང་འཇིག་རྟེན་ན་སྣང་བ་ཡིན་ནོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་བདུད་སྡིག་ཅན་གྱིས་ཆོ་འཕྲུལ་དེ་མཐོང་སྟེ། ངོ་མཚར་དུ་གྱུར་ནས་ཐལ་མོ་སྦྱར་ཏེ་འཇམ་དཔལ་གཞོན་ ནུར་གྱུར་པ་ལ་ཕྱག་འཚལ་ཞིང་ཚིག་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་སྟེ་ངོ་མཚར་ཏོ། །སེམས་ཅན་གང་དག་ཆོ་འཕྲུལ་བཤད་པ་འདི་ཐོས་ནས་མོས་པ་དེ་དག་ངོ་མཚར་ཆེ་བར་བདག་གིས་བསམས་སོ། །བཅོམ་ལྡན་འདས་གལ་ཏེ་བདུད་ སྡིག་ཅན་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གྱུར་ཀྱང་དེ་ལྟར་མོས་པའི་སེམས་ཅན་དེ་ལ་བར་ཆད་བགྱི་བའི་རྔོ་མི་ཐོག་ལགས་སོ། །བཅོམ་ལྡན་འདས་བདུད་སྡིག་ཅན་བདག་ནི་རྟག་ཏུ་རྒྱུན་མི་འཆད་པར་དེ་བཞིན་གཤེགས་པ་ལ་གླགས་ལྟ་ཞིང་སྐབས་ཚོལ་བ་དང ། སེམས་ཅན་རྣམས་ལ་ཡང་གཙེ་བར་སེམས་པ་ དང ། བརྩོན་པའི་གང་ཟག་རྣམས་ཀྱི་དགེ་བའི་རྩ་བའི་བར་ཆད་བགྱི་བའི་སླད་དུ་ཡང་ཞུགས་པ་ལགས་ཏེ། བཅོམ་ལྡན་འདས་དེང་སླན་ཆད་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཡུལ་འཁོར་དང ། ཕོ་བྲང་འཁོར་གང་ན་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྤྱོད་པ་དེར་ཁོ་ར་ཁོར་ཡུག་ཏུ་དཔག་ ཚད་བརྒྱ་ཚུན་ཆད་དུ་མིག་གིས་མི་རྩོལ་བར་བགྱི་བའི་སླད་དུ་བདག་མི་མཆི་བར་བདག་ཡི་དམ་དེ་ལྟ་བུ་བླང་བར་བགྱིའོ། །གང་དག་འཆང་བ་དང ། འཆད་པ་དང ། སྟོན་པ་དང ། སོ་སོར་རྟོག་པ་དང ། བསྒྲུབ་པ་དེ་ལ་སྟོན་པ་ལ་བགྱི་བ་ལྟར་གུས་པ་བསྐྱེད་པར་བགྱིའོ། །བཅོམ་ལྡན་འདས་ལགས་ཀྱང་བདག་གི་འཁོར་གང་དེ་བཞིན་གཤེགས་པའི་བསྟན་པའི་བར་ཆད་བགྱི་བ་དང ། བརྩོན་པ་རྣམས་གཡེངས་པར་བགྱི་བའི་སླད་དུ་ཞུགས་པ་དག་མཆིས་ཏེ་དེ་དག་ཆད་པས་དགུམ་པའི་སླད་དུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་གསང་སྔགས་ཀྱི་ཚིག་འདི་དག་དྲན་པར་བགྱིའོ། །ཏདྱ་ཐཱ། ཨ་མ་ལེ། བི་མ་ལེ། སྠི་ཏ་ཏྭེ། ཨ་ག་ལ་མ་ནི་རྫི་ཏ་ཤ་ཏྲུ། ཛ་ཡེ་ཛ་ཡ་བ་ཏི། བྷཱུ་ཏ་མ་ཏི། ཤ་མེ། ཤཱན་ཏི། ཨ་ཕུ་མེ། ཕུ་ཕུ་མེ། དྷི་རེ། ཨ་ཁེ། མ་ཁེ། ཁ་ཁེ། མི་སི་ལེ། ཨ་ག་མེ། ཕུ་ལ་ཏེ། ཕུ་ལ། ཕུ་ལེ། ཕ་ཤུ་མེ། ཤུ་ཤུ་མེ། དྷི་དྷེ་རེ། ཨ་ན་བ་ན་ཏེ། སྠི་ཏ་ཏྭེ། ཀྲྀ་ཏཱ་ར་ཐེ། ཀྲི་ཏཱ་བཱིརྱ། བཻ་རོ་ཙ་ནསད་དྷརྨ་བྷ་ཎ་ཀོ
43-1-276a
སྱ་སཱུ་ཏྲ་སྱ་དྷཱ་རི་ཀ། ཨ་བྷྲ་མུ་ག་ཏ་ཨི་བ་སཱུརྱ་སཝཱ་ཧཱ། བཅོམ་ལྡན་འདས་ཆོས་སྨྲ་བ་གང་གསང་སྔགས་ཀྱི་ཚིག་འདི་རྣམས་ཀྱིས་ཀུན་དུ་བསྲུངས་པ་དེ་ལ་བདུད་ཀྱི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་བར་ཆད་བགྱི་བ་ནི་གནས་མ་ལགས་ཤིང་སྐབས་མ་ལགས་ཏེ། དེ་ནི་གནས་མ་མཆིས་ཀྱི་སྟེང་དུ་དེ་ལ་གོས་ དང ། ཟས་དང ། མལ་ཆ་དང ། ན་བའི་གསོས་སྨན་དང ། ཡོ་བྱད་རྣམས་ཉེ་བར་བསྒྲུབ་པ་དང ། སྤྲོ་བར་བགྱི་བ་དང ། སྤོབས་པར་བགྱི་བར་སྤྲོ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་གསང་སྔགས་ཀྱི་ཚིག་འདི་དག་བརྗོད་པས་གཡེང་བ་མ་མཆིས་ པའི་རྒྱུད་ཀྱིས་གདུགས་མཚན་འདས་པར་བགྱིད་པ་དེ་དག་ལྷ་རྣམས་ཀྱིས་བསྲུངས་པར་འགྱུར། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང ། མི་མ་ལགས་པ་རྣམས་ཀྱིས་བསྲུངས་པར་འགྱུར་ཏེ། དེ་ དག་ལ་སླར་རྒོལ་བའམ་མི་མཛའ་བ་གང་གིས་གླགས་བལྟས་ཀྱང་གླགས་རྙེད་པར་མི་འགྱུར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཅན་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སྡིག་ཅན་ལེགས་སོ་ལེགས་སོ། །འདིར་ཁྱོད་ཀྱིས་གསང་སྔགས་ཀྱི་ཚིག་བསྟན་པ་བརྗོད་པས་ འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་རྣམ་པ་དྲུག་ཏུ་གཡོས་ཏེ། ཁྱོད་ཀྱི་སྤོབས་པ་དེ་ཐམས་ཅད་ནི་འཇམ་དཔལ་གཞོན་ནུར་གྱུར་པའི་བྱིན་གྱིས་བརླབས་སུ་རིག་པར་བྱའོ། །འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་དང་བྱིན་གྱི་རླབས་འདི་བསྟན་ པ་དང ། བདུད་ཀྱི་གསང་སྔགས་ཀྱི་སྟོབས་དང ། རིག་སྔགས་ཀྱི་སྟོབས་བསྟན་པ་ན་སྲོག་ཆགས་ཉི་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་རྫུ་འཕྲུལ་བསྡུས་ནས་ལྷའི་བུ་དཔལ་བཟངས་ལ་འདི་སྐད་ཅེས་ སྨྲས་སོ། །ལྷའི་བུ་ཁྱོད་དགའ་ལྡན་གྱི་གནས་སུ་སོང་ལ་དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་རྣམས་སྡུས་ཤིག་དང་ཁོ་བོ་ཡང་དེར་འོང་ངོ ། །དེ་ནས་ལྷའི་བུ་དཔལ་བཟངས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པའི་ལྟར་མཉན་ཏེ། བཅོམ་ལྡན་འདས་དང་འཇམ་དཔལ་གཞོན་ནུར་གྱུར་པ་དང
43-1-276b
བྱང་ཆུབ་སེམས་དཔའི་དགེ་འདུན་ཐམས་ཅད་དང ། ཉན་ཐོས་ཀྱི་དགེ་འདུན་ལ་བསྐོར་བ་བྱས་ནས་འཁོར་དང་བཅས་པར་འཁོར་དེ་ནས་མི་སྣང་བར་གྱུར་ཏེ་དགའ་ལྡན་གྱི་གནས་སུ་ཕྱིན་ཏོ། །དེ་ནས་ལྷའི་བུ་དཔལ་བཟངས་ཀྱིས་དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་རྣམས་ལ་སྨྲས་པ། གྲོགས་པོ་དག་ཤེས་ པར་གྱིས་ཤིག་།འཇམ་དཔལ་གཞོན་ནུར་གྱུར་པའོ་བུ་ཅག་ལ་སྙིང་བརྩེ་བའི་ཕྱིར་འདིར་འོང་གིས་དེ་ལ་དགའ་ལྡན་གྱི་རིས་ཀྱི་ལྷ་ཁྱེད་དགའ་བ་དང ། རྩེ་བ་ལ་བག་མེད་པ་འོར་ཏེ་བག་ཡོད་པར་གྱིས་ལ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཆོས་ཉན་དུ་ཤེག་ཤིག་།དེ་ནས་ལྷའི་བུ་དཔལ་ བཟངས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་མཆོད་པའི་ལས་ཀྱི་ཕྱིར་དགའ་ལྡན་གྱི་གནས་ཀྱི་དབུས་སུ་ལྷའི་ཡིད་ལས་བྱུང་བ་རིན་པོ་ཆེ་ཐམས་ཅད་ལས་བྱས་པའི་འཁོར་གྱི་ཁྱམས་ཆུར་ཤར་ནུབ་ཏུ་དཔག་ཚད་སུམ་ཁྲི་ཉིས་སྟོང་ཡོད་ལ། ཞེང་ལྷོ་བྱང་དུ་དཔག་ཚད་ཁྲི་དྲུག་སྟོང་ཡོད་པ་བྱས་ཏེ། དེར་སེང་གེའི་ཁྲི་སྣ་ཚོགས་བལྟ་ན་སྡུག་པ་ལྷའི་རས་བཅོས་བུ་བརྒྱ་སྟོང་དུ་མ་བཏིང་བ་སྟོང་ཕྲག་དུ་མ་བྱས་སོ། །དེ་ནས་ལྷའི་བུ་དཔལ་བཟངས་ཀྱིས་རྣམ་པ་འདི་ལྟ་བུའི་འཁོར་གྱི་ཁྱམས་བཀོད་པ་དེ་དག་དང ། སེང་གེའི་ཁྲི་རྣམས་ཀྱང་བྱས་ནས་ཐལ་མོ་སྦྱར་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་ སྐད་ཅེས་སྨྲས་སོ། །འཇམ་དཔལ་འཁོར་གྱི་ཁྱམས་བཀོད་པ་དང ། སེང་གེའི་ཁྲི་བཀོད་པ་བགྱིས་ལགས་ན་ད་དེའི་དུས་ལ་བབ་པར་མཁྱེན་ན་གཤེགས་སུ་གསོལ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དང ། བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་དང ། ཉན་ཐོས་ཀྱི་མཆོག་ལྔ་བརྒྱ་ དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་སྟོང་ཕྲག་དུ་མ་དག་དང་ལྷན་ཅིག་ཏུ་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་ནས་མི་སྣང་བར་གྱུར་ ནས། སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་དགའ་ལྡན་གྱི་གནས་སུ་ཕྱིན་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་དེར་རང་གི་ཁྲི་ཇི་ལྟར་བཤམས་པ་ལ་འདུག་གོ་།བྱང་ཆུབ་སེམས་དཔའ་རྣམས་དང ། ཉན་ཐོས་ཆེན་པོ་རྣམས་དང ། ཐམས
43-1-277a
ཅད་དང་ལྡན་པའི་འཁོར་ཀྱང་སྟན་ཅི་རིགས་པ་ལ་འཁོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང ། སུམ་ཅུ་རྩ་གསུམ་དང ། འཐབ་བྲལ་དང ། འཕྲུལ་དགའ་དང ། གཞན་འཕྲུལ་དབང་བྱེད་དང ། བདུད་ཀྱི་རིས་རྣམས་དང ། གཟུགས་ན་སྤྱོད་པའི་ཚངས་རིས་ཀྱི་ལྷ་ནས་བཟུང་སྟེ། འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱིས་གཅིག་ནས་གཅིག་ཏུ་སྒྲ་ཐོས་པ། འདི་ལྟར་འཇམ་དཔལ་གཞོན་ནུར་གྱུར་པ་དགའ་ལྡན་གྱི་གནས་སུ་འབེལ་བའི་ཆོས་ཀྱི་གཏམ་ཆེན་པོ་སྨྲ་བར་འགྱུར་གྱིས་བདག་ཅག་ཀྱང་ཆོས་མཉན་པའི་ཕྱིར་ངེས་པར་དེར་འདོང་བར་བྱའོ། །སྐྱེས་བུ་དམ་པ་དེ་ལྟ་བུ་དག་མཐོང་བ་ནི་ ལེགས་པར་མཐོང་བའོ། །དེ་དག་ལས་ཆོས་ཐོས་པ་ནི་ལེགས་པར་ཐོས་པའོ་ཞེས་སྒྲ་ཐོས་ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་འདོད་པ་ན་སྤྱོད་པ་དང ། གཟུགས་ན་སྤྱོད་པའི་ལྷའི་བུ་ཚད་མེད་གྲངས་མེད་པ་དག་རང་རང་གི་གནས་ནས་མི་སྣང་བར་གྱུར་ཏེ། དགའ་ལྡན་གྱི་གནས་སུ་ཕྱིན་ཏོ། ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དེ་ལྟ་བུའི་བྱིན་གྱི་རླབས་ཀྱི་བྱིན་གྱིས་བརླབས་པས་དེས་ལྷའི་འཁོར་དེ་ཙམ་དུ་ཚད་མེད་པ་དག་རིན་པོ་ཆེ་བཀོད་པའི་ཁྱམས་ཀྱི་འཁོར་དེ་ཉིད་དུ་གོ་སྐབས་ཡངས་པར་གནས་པར་གྱུར་ཏོ། །དེ་ནས་ལྷའི་བུ་དཔལ་བཟངས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ལྷའི་འཁོར་ཆེན་པོ་འདི་འདུས་ལགས་ན་ཆོས་ཀྱི་བཀའ་མཆིད་ལས་བརྩམས་ཏེ་སྤོབས་པར་མཛད་དུ་གསོལ། དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པས་ལྷའི་བུ་དཔལ་བཟངས་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་ལ་འདི་སྐད་ཅེས་ སྨྲས་སོ། །གྲོགས་པོ་དག་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཆོས་ཐམས་ཅད་སྡུད་པར་འགྱུར་བ་དག་གོ་།བཞི་གང་ཞེ་ན། འདི་ལྟ་སྟེ་ཚུལ་ཁྲིམས་ལ་གནས་པའི་ཐོས་པ་དང ། བསམ་གཏན་ལ་གནས་པའི་ཤེས་རབ་དང ། མངོན་པར་ཤེས་པ་ལ་གནས་ པའི་ཡེ་ཤེས་དང ། ཐབས་ལ་གནས་པའི་བག་ཡོད་པ་སྟེ། གྲོགས་པོ་དག་ཆོས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཆོས་ཐམས་ཅད་སྡུད་པར་འགྱུར་བའོ། །གྲོགས་པོ་དག་དེ་ལ་ཡོངས་སུ་དག་པ་རྣམ་པ་བརྒྱད་ཀྱིས་ཚུལ་ཁྲིམས་ལ་འཇུག་སྟེ། ཡོངས་སུ་དག་པ
43-1-277b
རྣམ་པ་བརྒྱད་ཀྱིས་ཇི་ལྟར་འཇུག་ཅེ་ན། འདི་ལྟ་སྟེ། ལུས་དག་པའི་རྣམ་པས་འཇུག་པ་དང ། ངག་དག་པའི་རྣམ་པས་འཇུག་པ་དང ། སེམས་དག་པའི་རྣམ་པས་འཇུག་པ་དང ། བསམ་པ་དག་པའི་རྣམ་པས་འཇུག་པ་དང ། འཚོ་བ་དག་པའི་རྣམ་པས་འཇུག་པ་དང ། སྦྱངས་པའི་ཡོན་ཏན་དང་ ཡོ་བྱད་བསྙུངས་པ་དག་པའི་རྣམ་པས་འཇུག་པ་དང་།ཚུལ་འཆོས་པ་དང ། ཁ་གསག་དང ། གཞོགས་སློང་དང ། ཐོབ་ཀྱིས་འཇལ་བ་ཐམས་ཅད་རྣམ་པར་སྤོང་བའི་རྣམ་པས་འཇུག་པ་དང ། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྣམ་པས་འཇུག་པ་སྟེ། གྲོགས་པོ་དག་དེ་ལྟར་ཡོངས་སུ་དག་ པ་རྣམ་པ་བརྒྱད་ཀྱིས་ཚུལ་ཁྲིམས་ལ་འཇུག་གོ་།གྲོགས་པོ་དག་དེ་ལ་རྣམ་པ་བརྒྱད་ཀྱིས་ཐོས་པ་ཡོངས་སུ་དག་སྟེ། རྣམ་པ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། བླ་མ་ལ་གུས་པས་ཡོངས་སུ་དག་པ་དང ། ང་རྒྱལ་བཅོམ་པས་ཡོངས་སུ་དག་པ་དང ། བརྩོན་འགྲུས་དང་ཏིང་ངེ་འཛིན་ཐོབ་པས་ ཡོངས་སུ་དག་པ་དང ། དྲན་པ་མི་གཡེང་བས་ཡོངས་སུ་དག་པ་དང ། བསྟན་པ་དང་རབ་ཏུ་བཤད་པས་ཡོངས་སུ་དག་པ་དང ། བདག་ལ་མི་སྟོད་ཅིང་གཞན་ལ་མི་སྨོད་པས་ཡོངས་སུ་དག་པ་དང ། ཚུལ་བཞིན་དུ་སོ་སོར་རྟོག་པས་ཡོངས་སུ་དག་པ་དང ། ཇི་ལྟར་ཐོས་པའི་ཆོས་ སྒྲུབ་པས་ཡོངས་སུ་དག་པ་སྟེ། གྲོགས་པོ་དག་དེ་ལྟར་རྣམ་པ་བརྒྱད་ཀྱིས་ཐོས་པ་ཡོངས་སུ་དག་གོ་།གྲོགས་པོ་དག་དེ་ལ་རྣམ་པ་བརྒྱད་ཀྱིས་བསམ་གཏན་ཡོངས་སུ་དག་པ་སྟེ། རྣམ་པ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། དགོན་པ་ལ་གནས་ཤིང་དབེན་པ་ལ་དགའ་བས་ཡོངས་ སུ་དག་པ་དང ། འདུ་འཛི་སྤོང་བས་ཡོངས་སུ་དག་པ་དང ། ཡུལ་དང་མི་འདྲེ་བས་ཡོངས་སུ་དག་པ་དང ། ལུས་དང་སེམས་ལས་སུ་རུང་བས་ཡོངས་སུ་དག་པ་དང ། ཁ་ཟས་བསྙུངས་ཏེ་ལུས་འཚོ་བས་ཡོངས་སུ་དག་པ་དང ། དམིགས་པ་ལ་འཇོག་པས་ཡོངས་སུ་དག་པ་དང ། སྒྲ་དང་ མཚན་མ་ཐམས་ཅད་རྣམ་པར་འཇིག་པས་ཡོངས་སུ་དག་པ་དང ། འཕགས་པའི་བདེན་པ་དང་ཟང་ཟིང་མེད་པར་སོ་སོར་ཡང་དག་པར་བགེང་པས་ཡོངས་སུ་དག་པ་སྟེ། གྲོགས་པོ་དག་དེ་ལྟར་རྣམ་པ་བརྒྱད་ཀྱིས་བསམ་གཏན་ཡོངས་སུ་དག་གོ་།གྲོགས་པོ་དག་དེ་ལ་རྣམ་པ་བརྒྱད་ཀྱིས
43-1-278a
ཤེས་རབ་ཡོངས་སུ་དག་སྟེ། རྣམ་པ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་ལ་མཁས་པའི་རྣམ་པས་ཡོངས་སུ་དག་པ་དང ། ཁམས་ལ་མཁས་པའི་རྣམ་པས་ཡོངས་སུ་དག་པ་དང ། སྐྱེ་མཆེད་ལ་མཁས་པའི་རྣམ་པས་ཡོངས་སུ་དག་པ་དང ། རྟེན་ཅིང་འབྲེལ་བར་ འབྱུང་བ་ལ་མཁས་པའི་རྣམ་པས་ཡོངས་སུ་དག་པ་དང ། བདེན་པ་ལ་མཁས་པའི་རྣམ་པས་ཡོངས་སུ་དག་པ་དང ། དབང་པོ་ལ་མཁས་པའི་རྣམ་པས་ཡོངས་སུ་དག་པ་དང ། རྣམ་པར་ཐར་པའི་སྒོ་གསུམ་ལ་མཁས་པའི་རྣམ་པས་ཡོངས་སུ་དག་པ་དང ། བག་ལ་ཉལ་དང ། ཀུན་ནས་ དཀྲིས་པ་དང ། ལྟ་བ་ཐམས་ཅད་ཡང་དག་པར་འཇོམས་པ་ལ་མཁས་པའི་རྣམ་པས་ཡོངས་སུ་དག་པ་སྟེ། གྲོགས་པོ་དག་དེ་ལྟར་རྣམ་པ་བརྒྱད་ཀྱིས་ཤེས་རབ་ཡོངས་སུ་དག་གོ་།གྲོགས་པོ་དག་དེ་ལ་རྣམ་པ་བརྒྱད་ཀྱིས་མངོན་པར་ཤེས་པ་ཡོངས་སུ་དག་སྟེ། རྣམ་པ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། སྒྲིབ་པ་མེད་པར་གཟུགས་ཐམས་ཅད་མཐོང་བས་ལྷའི་མིག་ཡོངས་སུ་དག་པ་དང ། སྒྲིབ་པ་མེད་པར་སྒྲ་ཐམས་ཅད་ཐོས་པས་ལྷའི་རྣ་བ་ཡོངས་སུ་དག་པ་དང ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་རྣམ་པར་ལྟ་བས་ཕ་རོལ་གྱི་སེམས་ཤེས་པ་ཡོངས་སུ་དག་པ་དང ། སྒྲིབ་པ་མེད་ཅིང་ཆགས་པ་མེད་པར་སྔོན་གྱི་མཐའ་རྗེས་སུ་དྲན་པས་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་ཡོངས་སུ་དག་པ་དང ། སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་འགྲོ་བས་རྫུ་འཕྲུལ་གྱི་བྱ་བ་ཡོངས་སུ་དག་པ་དང ། ཟག་པ་ཐམས་ཅད་ཟད་པ་ཤེས་པས་བསལ་ཅིང་དུས་མ་ཡིན་པ་ ཡོངས་སུ་སྤངས་པས་ཟག་པ་ཟད་པ་ཡོངས་སུ་དག་པ་དང་།གཡོ་བ་དང ། རློམ་སེམས་ཐམས་ཅད་དང་བྲལ་བས་དགེ་བའི་རྩ་བ་མངོན་པར་ཤེས་པ་ཡོངས་སུ་དག་པ་དང ། ཇི་ལྟར་སྔོན་དམ་བཅས་པ་ཉམས་འོག་ཏུ་ཆུད་པར་བྱེད་པས་ཤེས་པ་བསྟན་པ་ཡོངས་སུ་དག་པ་སྟེ། གྲོགས་པོ་དག་ དེ་ལྟར་རྣམ་པ་བརྒྱད་ཀྱིས་མངོན་པར་ཤེས་པ་ཡོངས་སུ་དག་གོ་།གྲོགས་པོ་དག་དེ་ལ་རྣམ་པ་བརྒྱད་ཀྱིས་ཡེ་ཤེས་ཡོངས་སུ་དག་སྟེ། རྣམ་པ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་ལྔ་ཡོངས་སུ་ཤེས་པས་སྡུག་བསྔལ་ཤེས་པ་ཡོངས་སུ་དག་པ་དང ། སྲེད་པ་ཤིན་ཏུ་སྤོང་བས་ཀུན་འབྱུང་བ
43-1-278b
ཤེས་པ་ཡོངས་སུ་དག་པ་དང ། བརྟེན་ནས་སྐྱེས་པ་ལ་སྐྱེ་བ་མེད་པར་སོ་སོར་རྟོག་པས་འགོག་པ་ཤེས་པ་ཡོངས་སུ་དག་པ་དང ། འདུས་བྱས་དང ། འདུས་མ་བྱས་མཉམ་པ་ཉིད་དུ་འཇུག་པས་ལམ་ཤེས་པ་ཡོངས་སུ་དག་པ་དང ། ལས་དང་བྱ་བ་དང་མི་འགལ་བས་རྒྱུ་ཤེས་པ་ཡོངས་སུ་ དག་པ་དང ། བདག་མེད་པ་དང ། སེམས་ཅན་མེད་པ་དང ། སྲོག་མེད་པ་དང ། གསོ་བ་མེད་པས་རྐྱེན་ཤེས་པ་ཡོངས་སུ་དག་པ་དང ། འཁོར་གསུམ་ཡོངས་སུ་གཅོད་པས་དུས་གསུམ་ཤེས་པ་ཡོངས་སུ་དག་པ་དང ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡེ་ཤེས་ཐམས་ཅད་ལ་འཇུག་ པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་དག་པ་སྟེ། གྲོགས་པོ་དག་དེ་ལྟར་རྣམ་པ་བརྒྱད་ཀྱིས་ཡེ་ཤེས་ཡོངས་སུ་དག་གོ་།གྲོགས་པོ་དག་དེ་ལ་རྣམ་པ་བརྒྱད་ཀྱིས་ངེས་པར་སེམས་པ་ཡོངས་སུ་དག་སྟེ། རྣམ་པ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། ནང་ཉེ་བར་ཞི་བས་ཡོངས་སུ་དག་པ་ དང ། ཕྱི་རོལ་དུ་མི་རྒྱུ་བས་ཡོངས་སུ་དག་པ་དང ། ཁམས་གསུམ་ལ་མི་གནས་པས་ཡོངས་སུ་དག་པ་དང ། རྟེན་ཅིང་འབྲེལ་པར་འབྱུང་བ་དང་འཐུན་པས་ཡོངས་སུ་དག་པ་དང ། སྐྱེ་བ་མེད་པ་དང་འབྱུང་བ་མེད་པས་ཡོངས་སུ་དག་པ་དང ། མངོན་པར་འདུ་བྱེད་པ་མེད་པར་སོ་སོར་རྟོག་ པས་ཡོངས་སུ་དག་པ་དང ། ཆོས་ཐམས་ཅད་བདག་མེད་པར་སོ་སོར་རྟོག་པས་ཡོངས་སུ་དག་པ་དང ། ཉོན་མོངས་པ་ཐམས་ཅད་ཀྱིས་ཤིན་ཏུ་མི་འཁྲུགས་པས་ཡོངས་སུ་དག་པ་སྟེ། གྲོགས་པོ་དག་འདི་ནི་རྣམ་པ་བརྒྱད་ཀྱིས་ངེས་པར་སེམས་པ་ཡོངས་སུ་དག་པའོ། །གྲོགས་པོ་དག་དེ་ལ་ རྣམ་པ་བརྒྱད་ཀྱིས་བག་ཡོད་པ་ཡོངས་སུ་དག་སྟེ། རྣམ་པ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་མཆོག་ཏུ་འཛིན་པ་མེད་པས་ཡོངས་སུ་དག་པ་དང ། ཐོས་པ་ཡོངས་སུ་བྱང་བས་ཡོངས་སུ་དག་པ་དང ། བསམ་གཏན་དེ་ལ་མ་ཆགས་པས་ཡོངས་སུ་དག་པ་དང ། ཤེས་རབ་དང་གསུང་རབ་ ཀྱིས་ཡོངས་སུ་དག་པ་དང ། མངོན་པར་ཤེས་པ་ལས་མ་ཉམས་པས་ཡོངས་སུ་དག་པ་དང ། ཡེ་ཤེས་ཀྱིས་རློམ་སེམས་མེད་པས་ཡོངས་སུ་དག་པ་དང ། ངེས་པར་སེམས་པས་རྩོད་པ་མེད་པས་ཡོངས་སུ་དག་པ་དང ། དགེ་བའི་ཆོས་ཆུད་མི་ཟ་བས་ཡོངས་སུ་དག་པ་སྟེ། གྲོགས་པོ་དག
43-1-279a
རྣམ་པ་བརྒྱད་པོ་དེ་དག་གིས་བག་ཡོད་པ་ཡོངས་སུ་དག་གོ་།གྲོགས་པོ་དག་དེ་ལྟ་བས་ན་ཁྱེད་བག་ཡོད་པར་གྱིས་ཤིག་།བག་ཡོད་པ་ལ་རྟོན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བདེ་བ་གསུམ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །གསུམ་གང་ཞེ་ན། འདི་ལྟ་སྟེ། ལྷའི་བདེ་བ་དང ། བསམ་ གཏན་གྱི་བདེ་བ་དང ། མྱ་ངན་ལས་འདས་པའི་བདེ་བའོ། །ངན་སོང་གསུམ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་ཏེ་གསུམ་པོ་དེ་དག་གོ་།སྡུག་བསྔལ་གསུམ་གྱིས་འཕྲོགས་པར་མི་ འགྱུར་ཏེ། གསུམ་གང་ཞེ་ན། སྐྱེ་བའི་སྡུག་བསྔལ་དང ། རྒ་བའི་སྡུག་བསྔལ་དང ། འཆི་བའི་སྡུག་བསྔལ་ཏེ་གསུམ་པོ་དེ་དག་གོ་།འཇིགས་པ་གསུམ་ལས་ཡང་དག་པར་འདའ་བར་འགྱུར་ཏེ། གསུམ་གང་ཞེ་ན། འཚོ་བ་མེད་པའི་འཇིགས་པ་དང ། ཚིགས་སུ་བཅད་པ་མེད་པའི་འཇིགས་པ་དང ། འཁོར་ལ་བག་ཚ་བའི་འཇིགས་པ་སྟེ་གསུམ་པོ་དེ་དག་གོ་།སྲིད་པ་གསུམ་ལས་ཡང་དག་པར་འདའ་བར་འགྱུར་ཏེ། འདོད་པའི་སྲིད་པ་དང ། གཟུགས་ཀྱི་སྲིད་པ་དང ། གཟུགས་མེད་པའི་སྲིད་པའོ། དྲི་མ་གསུམ་སྦྱོང་སྟེ། འདོད་ཆགས་ཀྱི་དྲི་མ་དང ། ཞེ་སྡང་གི་དྲི་མ་དང ། གཏི་མུག་གི་དྲི་མའོ། ། བསླབ་པ་གསུམ་ཡོངས་སུ་རྫོགས་པར་བྱེད་དེ། ལྷག་པའི་ཚུལ་ཁྲིམས་དང ། ལྷག་པའི་སེམས་དང ། ལྷག་པའི་ཤེས་རབ་བོ། །ཡོངས་སུ་དག་པ་གསུམ་ཐོབ་པར་འགྱུར་ཏེ། ལུས་ཡོངས་སུ་དག་པ་དང ། ངག་ཡོངས་སུ་དག་པ་དང ། སེམས་ཡོངས་སུ་དག་པའོ། །བསོད་ནམས་བྱ་བ་ལས་བྱུང་བའི་དངོས་པོ་ གསུམ་ཡོངས་སུ་རྫོགས་པར་བྱེད་དེ། སྦྱིན་པ་ལས་བྱུང་བ་དང ། ཚུལ་ཁྲིམས་ལས་བྱུང་བ་དང ། བསྒོམས་པ་ལས་བྱུང་བའོ། །རྣམ་པར་ཐར་པའི་སྒོ་གསུམ་སྒོམ་པར་བྱེད་དེ། སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པའོ། །རིགས་གསུམ་རྒྱུན་མི་གཅོད་དེ། སངས་རྒྱས་ཀྱི་ རིགས་དང ། ཆོས་ཀྱི་རིགས་དང ། དགེ་འདུན་གྱི་རིགས་སོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་མི་འཐུན་པའི་ཕྱོགས་གསུམ་གསུམ་རབ་ཏུ་སྤོང་སྟེ། སེར་སྣའི་དྲི་མ་དང ། སེར་སྣའི་ཀུན་ཏུ་སྦྱོར་བ་དང་གཏོང་བ་དང་ལྡན་པ་རྣམས་ལ་སྡང་བ་དང ། འཆལ་བའི་ཚུལ་ཁྲིམས་དང ། ཚུལ་ཁྲིམས་ལས་ཟློག་པ་དང ། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ
43-1-279b
སྡང་བ་དང ། གནོད་སེམས་དང ། བཟོད་པ་ལས་ཟློག་པ་དང ། བཟོད་པ་དང་ལྡན་པ་རྣམས་ལ་སྡང་བ་དང ། ལེ་ལོ་དང ། བརྩོན་འགྲུས་ལས་ཟློག་པ་དང ། བརྩོན་འགྲུས་དང་ལྡན་པ་རྣམས་ལ་སྡང་བ་དང ། རྣམ་པར་གཡེང་བ་དང ། བསམ་གཏན་ལས་ཟློག་པ་དང ། བསམ་གཏན་དང་ལྡན་པ་རྣམས་ལ་སྡང་བ་ དང ། འཆལ་བའི་ཤེས་རབ་དང ། ཤེས་རབ་ལས་ཟློག་པ་དང ། ཤེས་རབ་དང་ལྡན་པ་རྣམས་ལ་སྡང་བའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྟོན་པ་གསུམ་གསུམ་གྱིས་ཉེ་བར་རྟོན་ཏེ། གསུམ་གསུམ་གང་ཞེ་ན། འདི་ལྟ་སྟེ། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང ། རྣམ་པར་སྨིན་པ་ལ་མི་རེ་བ་དང ། བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་དང ། ཚུལ་ཁྲིམས་ཡང་དག་པར་ལེན་པ་དང ། ཚུལ་ཁྲིམས་མཆོག་ཏུ་འཛིན་པ་མེད་པ་དང ། བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་དང ། བཟོད་ཅིང་དེས་པ་དང ། བདག་དང་གཞན་རྗེས་སུ་སྲུང་བ་དང ། བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་དང ། བརྩོན་འགྲུས་གཅེས་པ་མི་འདོར་བ་དང ། བླང་བ་མེད་ ཅིང་དོར་བ་མེད་པ་དང ། བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་དང ། བསམ་གཏན་ཉེ་བར་ལེན་པ་དང ། མི་གནས་པར་བསམ་གཏན་བྱེད་པ་དང ། བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་དང ། ཤེས་རབ་ཀྱིས་སྣང་བ་དང ། སྤྲོས་པ་མེད་པ་དང ། བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་སྟེ། གྲོགས་པོ་དག་བག་ཡོད་པའི་བྱང་ཆུབ་སེམས་ དཔའ་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་རྟོན་པ་འདི་གསུམ་གསུམ་གྱིས་ཉེ་བར་རྟོན་ཏོ། །གྲོགས་པོ་དག་དེ་ལྟ་བས་ན་ཁྱེད་ཅག་བག་ཡོད་པར་གྱིས་ཤིག་།སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་དང ། དེ་ལས་གཞན་པའི་དགེ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་གང་ཡིན་པ་དག་ཀྱང་བག་ཡོད་པས་འཐོབ་ བོ། །གྲོགས་པོ་དག་བག་ཡོད་པའི་བྱང་ཆུབ་སེམས་དཔའ་ནི་ཚེགས་ཆུང་ངུས་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་གང་ཞེ་ན། གང་ལ་ལུས་ཀྱི་གནས་མེད་པ་དང ། ཚོར་བའི་གནས་མེད་པ་དང ། སེམས་ཀྱི་གནས་མེད་པ་དང ། ཆོས་ཀྱི་གནས་མེད་པ་དེ། ཆོས་ཐམས་ཅད་ཀྱི་གནས་མེད་ཅིང་རྟེན་མེད་པ་འདི་ནི་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཞེས་བྱའོ། །ཚེགས་ཆུང་ངུས་ཡང་དག་པའི་སྤོང་བ་བཞི་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། ཡང་དག་པའི་སྤོང་བ་བཞི་བསྒོམ་པ་གང་ཞེ་ན། གང་ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་པ་དང ། གཟོད་མ་ཉིད
43-1-280a
ནས་མ་སྐྱེས་པ་དང ། མ་བྱུང་བ་དང ། མ་འཐོན་པ་དང ། མངོན་པར་མ་གྲུབ་པར་ཡང་སོ་སོར་རྟོག་ཅིང་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་འདུན་པ་སྐྱེད་ཅིང་འབད་ལ་བརྩོན་འགྲུས་རྩོམ་ཞིང་སེམས་རབ་ཏུ་འཛིན་ཏེ། ཡང་དག་པར་རབ་ཏུ་འཇོག་པ་དང ། ཆོས་ ཐམས་ཅད་ལ་ལས་ཀྱི་རྣམ་པར་སྨིན་པ་མེད་པར་ཡང་སོ་སོར་རྟོག་ཅིང ། སེམས་ཅན་གཞན་དག་དང ། གང་ཟག་གཞན་རྣམས་ཀྱི་མི་དགེ་བའི་ཆོས་ཐམས་ཅད་སྤང་བའི་ཕྱིར་འདུན་པ་སྐྱེད་ཅིང་འབད་ལ་བརྩོན་འགྲུས་རྩོམ་ཞིང་སེམས་རབ་ཏུ་འཛིན་ཏེ་ཡང་དག་པར་རབ་ཏུ་འཇོག་པ་དང ། སྡིག་ པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་ཅིང་འབད་ལ་བརྩོན་འགྲུས་རྩོམ་ཞིང་སེམས་རབ་ཏུ་འཛིན་ཏེ་ཡང་དག་པར་རབ་ཏུ་འཇོག་པ་དང ། ཆོས་ཐམས་ཅད་ལ་སྟོང་པ་ཉིད་དུ་ཡང་མོས་ལ་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་ཅིང་འབད་ལ་བརྩོན་འགྲུས་ རྩོམ་ཞིང་སེམས་རབ་ཏུ་འཛིན་ཏེ་ཡང་དག་པར་རབ་ཏུ་འཇོག་པ་དང ། ཆོས་ཐམས་ཅད་རྣམ་པར་གྲོལ་བར་ཡང་ཡིད་ཆེས་ལ། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པར་བྱ་བ་དང ། ཉམས་པར་མི་འགྱུར་བར་བྱ་བ་དང ། ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་འདུན་པ་སྐྱེད་ཅིང་འབད་ལ་བརྩོན་ འགྲུས་རྩོམ་ཞིང་སེམས་རབ་ཏུ་འཛིན་ཏེ་ཡང་དག་པར་རབ་ཏུ་འཇོག་ལ་ཆོས་ཐམས་ཅད་ལ་རྩོམ་པ་མེད་ཅིང་རྟུལ་བ་མེད་པར་ཡང་མཐོང་སྟེ། ཡང་མཉམ་པ་ཉིད་གང་ཡིན་པ་དེ་ལ་ཆོས་གང་གི་སྐྱེ་བ་ཡང་མེད། འགོག་པ་ཡང་མེད་པ་འདི་ནི་ཡང་དག་པའི་སྤོང་བ་བསྒོམ་པའོ། །རྫུ་འཕྲུལ་གྱི་རྐང་པ་ བཞི་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། རྫུ་འཕྲུལ་གྱི་རྐང་པ་བསྒོམ་པ་གང་ཞེ་ན། གང་ལུས་དང་སེམས་ལས་སུ་རུང་བ་སྟེ། དེ་སེམས་ལས་སུ་རུང་བས་དགེ་བའི་ཆོས་ལ་འདུན་པ་ཡང་མི་འདོར་ལ་འདོད་པའི་འདོད་ཆགས་སྤང་བའི་ཕྱིར་ཡང་མངོན་པར་བརྩོན་པ་དང ། སེམས་ཅན་ཐམས་ཅད་ ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བརྩོན་འགྲུས་ཀྱང་རྩོམ་ལ། བརྟགས་ནས་ཀྱང་ཆོས་ཐམས་ཅད་མི་དམིགས་པ་དང ། སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱང་མི་འདོར་ལ་སེམས་སྒྱུ་མ་ལྟ་བུར་ཡང་རབ་ཏུ་ཤེས་པ་དང ། ཇི་ལྟར་ཐོས
43-1-280b
པའི་ཆོས་ལ་ཚུལ་བཞིན་དུ་ཡང་དཔྱོད་ལ་ཆོས་རྣམས་ལ་གནས་པར་ཡང་མི་བྱེད་ཅིང་མངོན་པར་ཞེན་པ་ཡང་མེད་པའོ། །དེ་དབང་པོ་ལྔ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། དབང་པོ་དྲུག་ལ་རྟེན་པར་མི་བྱེད་ཅིང་སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཤེས་པ་ཡང་ གཏོང་ལ། གཅིག་ཏུ་གནས་པ་ཡང་ཐོབ་པར་འགྱུར་ཞིང་གཞན་གྱི་དད་པས་ཀྱང་མི་འགྲོ་བ་དང ། ཐམས་ཅད་ཀྱང་ཡོངས་སུ་ཐོབ་ལ། བླང་བ་ཡང་མེད་ཅིང་དོར་བ་ཡང་མེད་པ་དང ། ཐམས་ཅད་དུ་འགྲོ་བའི་ལམ་ལ་ཡང་རྨོངས་པ་མེད་ལ། དྲན་པ་ཡང་མེད་ཅིང་ཡིད་ལ་བྱེད་པ་ཡང་མེད་པ་དང ། ཆོས་ ཐམས་ཅད་ཀྱི་རྗེས་སུ་ཡང་སོང་ལ། རྟག་ཏུ་མཉམ་པར་ཡང་གཞག་པར་གྱུར་ཅིང་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་སྙོམས་པར་འཇུག་པ་དང ། རབ་རིབ་མེད་པའི་ཡེ་ཤེས་ཀྱི་སྣང་བ་ཡང་ཐོབ་པར་གྱུར་ལ། སྤྲོས་པ་དང་ལྟ་བ་ཡང་ཡང་དག་པར་ཆད་པ་འདི་ནི་དེའི་དབང་པོ་བསྒོམ་པ་ཡོངས་སུ་རྫོགས་ པའོ། །དེ་སྟོབས་ལྔ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། དད་པའི་སྟོབས་དང་ལྡན་པས་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་རྫི་བ་དང ། བརྩོན་འགྲུས་ཀྱི་སྟོབས་ཀྱིས་བདུད་ཐམས་ཅད་ཀྱིས་ཐུབ་པར་དཀའ་བ་དང ། དྲན་པའི་སྟོབས་ཀྱིས་ཉན་ཐོས་དང ། རང་སངས་རྒྱས་ཀྱིས་ཐམས་ཅད་ དུ་མི་འཕྲོགས་པ་དང ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྒྲིབ་པ་རྣམས་ཀྱིས་མི་ནོན་པ་དང ། ཤེས་རབ་ཀྱི་སྟོབས་དང་ལྡན་པས་ལྟ་བར་གྱུར་པ་རྣམས་ཀྱིས་མངོན་པར་ཞེན་པ་མེད་པ་སྟེ། དེ་ལྟར་སྟོབས་ལྔ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པ་ཡོངས་སུ་རྫོགས་ པར་འགྱུར་ཏེ། བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་ཆོས་ཐམས་ཅད་མི་བརྗེད་པར་བྱ་བའི་ཕྱིར་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་དང ། རྟེན་ཅིང་འབྲེལ་བར་འབྱུང་བ་དང་འཐུན་པར་བྱ་བའི་ཕྱིར་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་ པ་དང ། བྱང་ཆུབ་ཀྱི་ལམ་ལས་ཕྱིར་མི་ལྡོག་པར་བྱ་བའི་ཕྱིར་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་དང ། ཟང་ཟིང་མེད་པའི་ཆོས་ལ་དགའ་བ་རབ་ཏུ་མྱང་བར་བྱ་བའི་ཕྱིར་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་དང ། ལུས་དང་སེམས་ཀྱི་གཡོ་བ་དང་བྲལ་བའི་ཕྱིར
43-1-281a
ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་དང ། སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པ་མངོན་པར་བསྒྲུབས་པའི་ཕྱིར་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་དང ། མཐོ་དམའ་མེད་པའི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པ་སྟེ། འདི་ནི་བྱང་ ཆུབ་ཀྱི་ཡན་ལག་བསྒོམ་པ་ཞེས་བྱའོ། །གྲོགས་པོ་དག་བག་ཡོད་པའི་བྱང་ཆུབ་སེམས་དཔའ་ནི་ཚེགས་ཆུང་ངུས་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། ལམ་བསྒོམ་པ་གང་ཞེ་ན། གང་འདི་རྟག་པ་དང་ཆད་པ་དང་བྲལ་བའི་ཡང་དག་པའི་ལྟ་བ་བསྒོམ་པ་དང ། འདོད་པ་ དང་གནོད་སེམས་དང་རྣམ་པར་འཚེ་བའི་རྣམ་པར་རྟོག་པ་དང་བྲལ་བའི་ཡང་དག་པའི་རྟོག་པ་བསྒོམ་པ་དང ། བདག་དང་གཞན་ལ་གདུང་བ་མེད་པའི་ཡང་དག་པའི་ངག་བསྒོམ་པ་དང ། ཚུལ་འཆོས་པ་དང ། ཁ་གསག་དང ། གཞོགས་སློང་དང ། ཐོབ་ཀྱིས་འཇལ་བ་དང་བྲལ་བའི་ཡང་དག་པའི་འཚོ་བ་བསྒོམ་ པ་དང ། ལུས་དང་སེམས་ཉམ་ཆུང་བ་དང་བྲལ་བའི་ཡང་དག་པའི་ལས་ཀྱི་མཐའ་བསྒོམ་པ་དང ། བདག་ལ་སྟོད་པ་དང ། གཞན་ལ་སྨོད་པ་དང་བྲལ་བའི་ཡང་དག་པའི་རྩོལ་བ་བསྒོམ་པ་དང ། གཏི་མུག་དང་རྨོངས་པ་དང་བྲལ་བའི་ཡང་དག་པའི་དྲན་པ་བསྒོམ་པ་དང ། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་ བྲལ་བའི་ཡང་དག་པའི་ཏིང་ངེ་འཛིན་བསྒོམ་པ་སྟེ། འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པ་ཞེས་བྱའོ། །དེས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་དང ། དེ་ལས་གཞན་པའི་དགེ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་གང་ཡིན་པ་དག་ཀྱང་བག་ཡོད་པས་ཐོབ་ཅེས་བྱའོ། །གྲོགས་པོ་དག་དེ་ ལྟར་ན་བག་ཡོད་པའི་བྱང་ཆུབ་སེམས་དཔའ་དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་དག་ལ་འཇུག་གོ་།ཞུགས་ནས་འདུ་བྱེད་ཐམས་ཅད་ཀྱི་འདམ་ལས་རྒལ་ལོ། །རྒལ་ནས་ཀྱང་རྣམ་པར་ལྟ་སྟེ། རྣམ་པར་བལྟས་ན་མི་མཐོང་ངོ ། །མི་འབར་རོ། །ཤིན་ཏུ་ཉེ་བར་ཞི་སྟེ་རྣམ་པར་འཁྲུལ་བར་ མི་བྱེད་དོ། །ཤིན་ཏུ་ཉེ་བར་ཞི་བ་གང་ཞེ་ན། གང་ཉེ་བར་མ་བསྒྲུབས་པ་དེ་མ་བྱས་པའོ། །གང་མ་བྱས་པ་དེ་མྱོང་བ་མེད་པའོ། །གང་མྱོང་བ་མེད་པ་དེ་ལ་གདགས་པ་མེད་དོ། །གདགས་པ་མེད་པ་ནི་ཤིན་ཏུ་ཉེ་བར་ཞི་བའོ། །བསྟན་པ་འདི་བཤད་པ་ན་ལྷའི་བུ་ཁྲི་ཉིས་སྟོང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི
43-1-281b
མ་དང་བྲལ་བ་རྣམ་པར་དག་གོ་།ལྷའི་བུ་དཔལ་བཟངས་ཀྱིས་གཞན་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་ལམ་ཇི་ལྟར་སྒོམ། སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་ནི་འཁོར་བ་ཡང་མི་སྤོང་ལ། འཁོར་བའི་ཉེས་པ་རྣམས་ཀྱིས་ཀྱང་མི་གོས་ སོ། །འདུས་མ་བྱས་སུ་ཡང་མི་ལྟུང་ལ། འདུས་མ་བྱས་ཀྱི་ཡོན་ཏན་རྣམས་ཀྱང་མྱོང་ངོ ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་ལམ་ཡང་སྒོམ་ལ། ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཡུལ་ལ་ཡང་སྣང་ངོ ། །ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་སྟོང་པ་ཉིད་ཀྱིས་རྣམ་པར་དག་པ་ཡང་ཡིན་ལ། ལྟ་བར་གྱུར་པ་ལ་ཡང་མཁས་ཤིང་ལྟ་བར་གྱུར་པ་ལ་མངོན་པར་ཞེན་པ་ཡང་མེད་དོ། །མཚན་མ་མེད་པས་རྣམ་པར་དག་པ་ཡང་ཡིན་ལ། མཚན་མ་ལ་ཡང་མཁས་ཤིང་མཚན་མ་ལ་མངོན་པར་ཞེན་པ་ཡང་མེད་དོ། །སྨོན་པ་མེད་པས་རྣམ་པར་དག་པ་ཡང་ཡིན་ལ། ཁམས་གསུམ་པ་ལ་ཡང་ མཁས་ཤིང་ཁམས་གསུམ་པ་ལ་མངོན་པར་ཞེན་པ་ཡང་མེད་དོ། །སྐྱེ་བ་མེད་པ་དང ། འབྱུང་བ་མེད་པས་རྣམ་པར་དག་པ་ཡང་ཡིན་ལ། སྐྱེ་བ་དང་འཇིག་པ་ལ་ཡང་མཁས་ཤིང་སྐྱེ་བ་དང་འཇིག་པ་ལ་མངོན་པར་ཞེན་པ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་ངེས་པར་སེམས་ པ་རྣམས་ནི་སེམས་ཅན་ཆོས་ཐམས་ཅད་སྟོང་པའོ་སྙམ་པའི་ལྟ་བར་གྱུར་པར་ཞུགས་པ། ལྟ་བར་གྱུར་པ་བག་ལ་ཉལ་བར་བྱས་པ་རྣམས་ཀྱི་ལྟ་བར་གྱུར་པ་སྤང་བའི་ཕྱིར་ཆོས་ཀྱང་སྟོན་ལ། ལྟ་བར་གྱུར་པ་དེ་དག་ཀྱང་སྟོང་པ་ཉིད་དུ་མཐོང་ངོ ། །དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་སེམས་ངེས་པར་ སེམས་པ་ནི་མཚན་མ་མེད་པ་དང ། སྨོན་པ་མེད་པ་དང ། མངོན་པར་འདུ་བྱ་བ་མེད་པ་དང ། སྐྱེ་བ་མེད་པ་དང ། འབྱུང་བ་མེད་པའི་ཆོས་ཐམས་ཅད་ལ་འབྱུང་བ་དང་འཇིག་པའི་རྗེས་སུ་འཐུན་པ། འབྱུང་བ་དང་འཇིག་པ་བག་ལ་ཉལ་བར་བྱས་པ་རྣམས་ཀྱི་འབྱུང་བ་དང་འཇིག་པར་ལྟ་བ་སྤང་བའི་ཕྱིར་ཆོས་ཀྱང་ སྟོན་ལ། འབྱུང་བ་དང་འཇིག་པ་དེ་ཡང་འབྱུང་བ་དང་འཇིག་པ་མེད་པ་ཉིད་དུ་མཐོང་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་སྒོམ་པ་ཞེས་བྱའོ། །ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་འགྲོ་བ་དང་འོང་བ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས
43-1-282a
ཀྱི་འགྲོ་བ་ནི་སེམས་ཅན་གྱི་བསམ་པ་རྣམས་ལའོ། །འོང་བ་ནི་སོ་སོ་ཅི་རིགས་པར་ཆོས་སྟོན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་འགྲོ་བ་ནི་སྙོམས་པར་འཇུག་པ་སྐྱེད་པའི་ཕྱིར་རོ། །འོང་བ་ནི་འདོད་པའི་ཁམས་ཀྱི་སེམས་ཅན་གྱི་ནང་དུ་སྐྱེ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་འགྲོ་བ་ནི་ འཕགས་པའི་ལམ་དུའོ། །འོང་བ་ནི་འཕགས་པ་མ་ཡིན་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །འགྲོ་བ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་བྱེད་པའི་ཕྱིར་རོ། །འོང་བ་ནི་བཟོད་པ་དེ་སེམས་ཅན་གྱི་ཁོང་དུ་ཆུད་པར་བྱེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་འགྲོ་བ་ནི་འབྱུང་བ་ལ་མཁས་ པ་ལའོ། །འོང་བ་ནི་འབྱུང་བ་མ་ཡིན་པར་འབྱུང་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་འགྲོ་བ་ནི་མྱ་ངན་ལས་འདས་པར་འགྲོ་བའི་ཕྱིར་རོ། །འོང་བ་ནི་འཁོར་བ་ན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །འགྲོ་བ་ནི་གང་དུ་ཡང་འགྲོ་བ་དང ། འོང་བ་མེད་པར་སོ་སོར་རྟོག་པའི་ཕྱིར་རོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འོང་བ་ནི་ཆོས་ཁོང་དུ་ཆུད་པར་བྱེད་པའི་ཕྱིར་རོ། །འགྲོ་བ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པ་བསྒོམ་པའི་ཕྱིར་རོ། །འོང་བ་ནི་རྣམ་པར་རྟོག་པ་གསུམ་སྤང་བར་ཆོས་སྟོན་པའི་ཕྱིར་རོ། །འགྲོ་བ་ནི་དམ་བཅས་པ་བརྟན་པར་བྱེད་ པའི་ཕྱིར་རོ། །འོང་བ་ནི་དམ་བཅས་པ་ཉམས་འོག་ཏུ་ཆུད་པར་བྱེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་འགྲོ་བ་ནི་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་འོང་བ་ནི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཕྱིར་ཏེ། ལྷའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་འགྲོ་བ་དང་འོང་བ་ཞེས་ བྱའོ། །བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །དེ་ནས་ལྷའི་བུ་དཔལ་བཟངས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བདག་གིས་འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་ཀྱི་འོད་ཅེས་བགྱི་བ་ཞིག་ ཐོས་ན་འཇམ་དཔལ་འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་ཀྱི་འོད་དེ་ཕྱོགས་གང་ན་མཆིས། དེ་ན་དེ་བཞིན་གཤེགས་པའི་མཚན་ཇི་སྐད་ཅེས་བགྱི་བ་ཞིག་ཆོས་སྟོན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སྟེང་གི་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང
43-1-282b
བཅུ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་ཀྱི་འོད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ཞེས་བྱ་བ་ཆོས་སྟོན་ཏོ། །སྨྲས་པ། འཇམ་དཔལ་བདག་གིས་འཇིག་རྟེན་གྱི་ཁམས་ ཡོན་ཏན་ཐམས་ཅད་ཀྱི་འོད་དེ་དང ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་དེ་བལྟ་བར་བགྱིའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དེའི་ཚེ་དྲི་མ་མེད་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །འཇམ་དཔལ་ གཞོན་ནུར་གྱུར་པ་སྙོམས་པར་ཞུགས་མ་ཐག་ཏུ་ལུས་ལས་དེ་དང་འཐུན་པའི་འོད་བྱུང་སྟེ། འོད་དེས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་པོ་དེ་དག་སྣང་བར་བྱས་ནས་འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་ཀྱི་འོད་དེ་ཡང་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་ནས་བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་དེའི་སངས་རྒྱས་ཀྱི་ཞིང་དུ་བྱང་ཆུབ་སེམས་དཔའ་གང་དག་སྐྱེས་པ་དེ་དག་གིས་འོད་དེ་མཐོང་ནས་ངོ་མཚར་དུ་གྱུར་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་འོད་འདི་ལྟར་ཡོངས་སུ་དག་པ་འདི་གང་ནས་མཆིས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་དག་འོག་གི་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་སོ། །འཚོ་འོ། །གཞེས་སོ། །ཆོས་ཀྱང་སྟོན་ཏོ། །དེ་ན་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བྱ་བ་དྲི་མ་མེད་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེའི་ལུས་ཀྱི་འོད་ ཀྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པ་དག་སྣང་བ་ཆེན་པོས་ཁྱབ་བོ། །དེས་འཇིག་རྟེན་གྱི་ཁམས་འདི་ཡང་སྣང་བ་ཆེན་པོས་ཁྱབ་བོ། །གསོལ་པ། བཅོམ་ལྡན་འདས་བདག་ཅག་གིས་འཇིག་རྟེན་གྱི་ཁམས་མི་མཇེད་དེ་དང ། བཅོམ་ལྡན་འདས་དེ་བཞིན་གཤེགས
43-1-283a
པ་ཤཱཀྱ་ཐུབ་པ་དེ་དང ། འཇམ་དཔལ་གཞོན་ནུར་གྱུར་པ་བལྟ་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས་ཞབས་ཀྱི་འོག་གི་མཐིལ་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ལས་འོད་ཟེར་སྟོང་བྱུང་སྟེ། འོད་ཟེར་དེ་དག་ཀྱང་སངས་རྒྱས་ཀྱི་ཞིང་ གང་གཱའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་ལས་འདས་ཏེ། འཇིག་རྟེན་གྱི་ཁམས་མི་མཇེད་འདིར་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་འཇིག་རྟེན་གྱི་ཁམས་མི་མཇེད་འདི་མཐོང་ཞིང ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པ་དང ། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱང་མཐོང་ངོ ། །བྱང་ཆུབ་སེམས་དཔའ་འདི་དག་གིས་ཀྱང་འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་ཀྱི་འོད་དེ་མཐོང་ཞིང ། བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་དེ་དང ། བྱང་ཆུབ་སེམས་དཔའ་དེ་དག་ཀྱང་མཐོང་ངོ ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས་བྱང་ཆུབ་སེམས་དཔའ་དེ་དག་ལ་བཀའ་སྩལ་པ། རིགས་ཀྱི་ བུ་དག་དེ་ལྟར་ཆོས་ཀྱི་གཏམ་ཆེན་པོ་འབྱུང་བར་འགྱུར་ན། ཁྱེད་ཀྱི་ནང་ནས་འཇིག་རྟེན་གྱི་ཁམས་མི་མཇེད་དེར་འགྲོ་བར་སྤྲོ་བ་སུ་ཡོད། བྱང་ཆུབ་སེམས་དཔའ་ཡེ་ཤེས་སྒྲོན་མ་འཛིན་ཅེས་བྱ་བ་དེར་འདུས་ཏེ་འདུག་པར་གྱུར་པ་དེས་བཅོམ་ལྡན་འདས་དེ་ལ་གསོལ་པ། བཅོམ་ལྡན་ འདས་བདག་འཇིག་རྟེན་གྱི་ཁམས་མི་མཇེད་དེར་མཆི་བར་སྤྲོ་ལགས་སོ། །བཅོམ་ལྡན་འདས་དེས་བཀའ་སྩལ་པ། རིགས་ཀྱི་བུ་ད་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག་།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་སྒྲོན་མ་འཛིན་བྱང་ཆུབ་སེམས་དཔའ་བྱེ་བ་ ཕྲག་བཅུས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་དེ་ལ་ལན་བདུན་བསྐོར་བ་བྱས་ཏེ། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པས་ལག་པ་བསྐུམ་པ་ལས་བརྐྱང་བ་དང ། བརྐྱང་བ་ལས་བསྐུམ
43-1-283b
པ་ཙམ་གྱི་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ། སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་དགའ་ལྡན་གྱི་གནས་སུ་འཇམ་དཔལ་གཞོན་ནུར་གྱུར་པའི་མདུན་གྱི་སྟེང་གི་བར་སྣང་ལ་གནས་པའི་ཁང་པ་བརྩེགས་པར་ཕྱིན་ཏོ། །དེའི་གཡོག་འཁོར་ དེ་དག་ཀྱང་ཁང་པ་བརྩེགས་པ་ལེགས་པར་གནས་པ་རྣམས་སུ་ཕྱིན་ཏོ། །དེ་དག་རང་རང་གི་སྟན་ལས་ལངས་ནས་ཐལ་མོ་སྦྱར་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ཞིང་ཚིག་འདི་སྐད་ཅེས་ཀྱང་སྨྲས་སོ། །འཇམ་དཔལ་བདག་ཅག་ནི་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་དེས་ཁྱོད་ལ་བལྟ་བ་དང ། ཕྱག་བྱ་བ་དང ། བསྙེན་བཀུར་བྱ་བ་དང ། ཆོས་མཉན་པའི་ཕྱིར་འདིར་བཏང་ངོ ། །ཁྱོད་ཀྱིས་འོད་བཀྱེ་བ་དེ་ཡང་འཇིག་རྟེན་གྱི་ཁམས་དེར་ཕྱིན་ཏོ། །དེ་ནས་ འདོད་པ་ན་སྤྱོད་པ་དང ། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་དག་མཐོང་ནས་ངོ་མཚར་དུ་གྱུར་ཏེ། ཀྱེ་མ་ཇི་ཙམ་དུ་འདི་ལྟར་མྱུར་བར་འོད་ཟེར་འདི་འཇིག་རྟེན་གྱི་ཁམས་དེར་ཕྱིན་པ་དང ། ཇི་ལྟར་མྱུར་བར་བྱང་ཆུབ་སེམས་དཔའ་འདི་དག་འཇིག་ རྟེན་གྱི་ཁམས་མི་མཇེད་འདིར་ཕྱིན་པ་འདི་ནི་སྐྱེས་བུ་དམ་པ་དེ་དག་གི་མངོན་པར་ཤེས་པའི་རྣམ་པར་འཕྲུལ་པའི་སྟོབས་དང ། ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་ཀྱི་སྟོབས་བསམ་གྱིས་མི་ཁྱབ་པོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་ པས་ལྷའི་འཁོར་ཆེན་པོ་དེ་ལྟར་འདུས་པ་དེ་ལ་ཅི་ནས་ཀྱང་ལྷ་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་གཉིས་བསམ་པ་ཐག་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ལྟ་དེ་ལྟར་ཆོས་བསྟན་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ཇི་སྲིད་དུ་དགའ་ལྡན་གྱི་གནས་ སུ་ལྷ་རྣམས་ཀྱི་དོན་བྱ་བ་དེ་སྲིད་དུ་བྱས་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བཅུ་པོ་དེ་དག་དང་ལྷན་ཅིག་།རང་གི་འཁོར་དང་ལྷན་ཅིག་།བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་ལྷའི་བུ་དང་བཅས་པ་དང་ལྷན་ཅིག་ཏུ་དགའ་ལྡན་གྱི་གནས་ནས་མི་སྣང་བར་གྱུར་ཏེ། སེམས་ཀྱི
43-1-284a
འགྱུ་བ་ཙམ་གྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ནས། དེ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱིས་གནང་སྟེ། ཕྱོགས་གཅིག་ཏུ་རང་རང་གི་སྟན་ལ་འཁོད་ དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཡེ་ཤེས་སྒྲོན་མ་འཛིན་དང་ལྷན་ཅིག་ལྷགས་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བཅུ་པོ་དེ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ་བཅོམ་ལྡན་ འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བ་ལ་རེག་པར་གནས་སམ་ཞེས་སྙུན་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ བྱང་ཆུབ་སེམས་དཔའ་དེ་དག་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་དགའ་བར་མཛད། ཡང་དག་པར་འཛིན་དུ་བཅུག་།ཡང་དག་པར་རབ་ཏུ་གཟེངས་སྟོད་དེ་ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །ཡང་དག་པར་དགའ་བར་མཛད་ཅིང་ཡང་ དག་པར་འཛིན་དུ་བཅུག་ལ་ཡང་དག་པར་གཟེངས་སྟོད་དེ། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཀྱང་ཐམས་ཅད་དང་ལྡན་པའི་འཁོར་དེ་ལ་བཀའ་སྩལ་པ། གྲོགས་པོ་དག་སྐྱེས་བུ་དམ་པ་འདི་དག་དང ། འཇམ་དཔལ་གཞོན་ནུར་གྱུར་པ་དང ། བྱང་ཆུབ་སེམས་དཔའ་ ཡེ་ཤེས་སྒྲོན་མ་འཛིན་གྱི་མངོན་པར་ཤེས་པའི་རྣམ་པར་འཕྲུལ་པ་དང ། བྱིན་གྱིས་བརླབས་ཀྱི་སྟོབས་དང ། སེམས་ཅན་སྡུད་པ་དང ། ཡོངས་སུ་སྨིན་པར་བྱེད་པ་དང ། ཐབས་དང ། རིགས་པ་དང ། ཡེ་ཤེས་དང ། ཤེས་རབ་ཀྱི་རབ་ཏུ་དབྱེ་བ་དང་སྤོབས་པ་ལ་ལྟོས། གྲོགས་པོ་དག་བྱང་ཆུབ་སེམས་ དཔའ་འདི་དག་ནི་བསྐལ་པ་གྲངས་མེད་པ་ནས་བཟུང་སྟེ། སངས་རྒྱས་ཀྱི་མཛད་པས་སེམས་ཅན་རྣམས་ལ་ཉེ་བར་གནས་པ་དག་གོ་།སེམས་ཅན་གང་དག་གིས་དབང་པོ་དྲུག་པོ་དག་ལ་སྐྱེས་བུ་དམ་པ་འདི་དག་མངོན་པར་འགྱུར་བ་དེ་དག་ནི་ཕྱིས་བདུད་ཀྱི་ཡུལ་ལ་གནས་པར་མི་འགྱུར་རོ། །
43-1-284b
ཞེས་བརྗོད་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་གང་དག་བྱང་ཆུབ་སེམས་དཔའ་ཡེ་ཤེས་སྒྲོན་མ་འཛིན་དང་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ཕྱིན་པ་དེ་དག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལས་ཆོས་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་ དཔའ་ཡེ་ཤེས་སྒྲོན་མ་འཛིན་དང་ལྷན་ཅིག་ལྷགས་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བཅུ་པོ་དེ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རབ་ཏུ་གཡོས་པར་བྱས་ཏེ། བཅོམ་ལྡན་ འདས་ཀྱི་དྲུང་ནས་མི་སྣང་བར་གྱུར་ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་འཇིག་རྟེན་གྱི་ཁམས་དེར་ཕྱིན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག་།ཆོངས་ཤིག་།ལྷོགས་ཤིག་།ཀུན་ཆུབ་པར་གྱིས་ཤིག་། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིག་།གསོལ་པ། བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་གཟུང་ལགས་ན་འདིའི་མིང་ཇི་སྐད་བགྱི་བར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བས་ན་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་འཇམ་ དཔལ་གྱི་ལེའུ་དང ། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པ་ཞེས་བྱ་བར་ཟུང་ཤིག་།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷའི་བུ་དཔལ་བཟངས་དང ། ཚེ་དང་ལྡན་པ་ཀུན་དགའ་བོ་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་ དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པ་ཞེས་བྱ་བའི་ལེའུ་ སྟེ་སུམ་ཅུ་རྩ་ལྔ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། མུ་ནི་བར་མ་དང ། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །།