rKTs


D857

(e-text produced by ADARSHA)

see text in transliteration
101-1-77b
༄#། །རྒྱ་གར་སྐད་དུ། ཨཱརྱ་ཙནྡན་ཨངྒ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ཙནྡན་གྱི་ཡན་ལག་ཅེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
101-1-78a
ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དགེ་སློང་ཁྲི་ཉིས་སྟོང་ལྔ་བརྒྱའི་དགེ་སློང་གི་དགེ་འདུན་ཆེན་པོ་དང ། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རབ་ཏུ་མང་པོ་དང ། གཞན་ཡང་ལྷ་ཁྱད་པར་ཅན་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་གདན་བཤམས་པ་ལ་དེ་བཞིན་གཤེགས་པའི་ཆོ་འཕྲུལ་གྱིས་ལྷམ་མེ། ལྷན་ནེ། ལྷང་ངེར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ འཁོར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང ། ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་འདིའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གང་གཱའི་ ཀླུང་གྲངས་མེད་པའི་བྱེ་མ་སྙེད་འདས་པ་ན། ཙནྡན་གྱི་དཔལ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཙནྡན་གྱི་ཡན་ལག་ཅེས་བྱ་བ་ད་ལྟར་ཡང་བཞུགས་ཏེ། འཚོ་ཞིང་གཞེས་ལ་ ཆོས་ཀྱང་སྟོན་ཏོ། །གང་འཇིག་རྟེན་གྱི་ཁམས་དེའི་སེམས་ཅན་དེ་དག་ཐམས་ཅད་ནི་ཕྱིར་མི་ལྡོག་པར་གྱུར་པ་ཤ་སྟག་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཙནྡན་གྱི་ཡན་ལག་དེས་སེམས་ཅན་ཐམས་ཅད་ ཀྱི་དོན་གྱི་ཕྱིར་ཙནྡན་གྱི་ཡན་ལག་ཅེས་བྱ་བའི་གཟུངས་ཀྱི་རིག་པའི་གསང་སྔགས་ཀྱི་གཞི་གསུངས་པ་འདི་ཐོས་ནས་ཕྱིར་མི་ལྡོག་པ་དེ་དག་སྡིག་པ་དང་བྲལ་ཞིང་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་དང ། དེ་ བཞིན་གཤེགས་པ་མར་མེ་མཛད་དང ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང ། གཞན་ཡང་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་སྔོན་ཆད་གསུངས་ཏེ། ངས་ཀྱང་ཁྱེད་རྣམས་ལ་བཤད་ཀྱིས། སེམས་ཅན་ཐམས་ཅད་རྗེས་སུ་གཟུང་
101-1-78b
བའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང ། ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་པའི་ཚེ། ཐམས་ཅད་ཆོས་དང་མི་ལྡན་པ། མཚམས་མེད་པ་བྱེད་པ་དང་དམ་པའི་ཆོས་ལ་སྨོད་པ་དང ། མཆོད་རྟེན་འདྲལ་བ། དགེ་ འདུན་གྱི་རྫས་ལ་རྐུ་འཕྲོག་བྱེད་པ་དང ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ། སློབ་དཔོན་དང་མཁན་པོ་སྤང་བ་དག་འབྱུང་སྟེ། དེ་དག་རྗེས་སུ་གཟུང་བའི་ཕྱིར་ཙནྡན་གྱི་ཡན་ལག་གི་གཟུངས་ཀྱི་གསང་སྔགས་གཞི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་ བརླབས་པ་འདི་བཤད་ཀྱིས། བྱང་ཆུབ་སེམས་དཔའ་རྣམས་ང་ལ་ཉོན་ཅིག་།དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང ། ཟླ་འོད་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་བསྐུལ་བ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་རྣམས་དང ། གཞན་ཡང་སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་རྣམས་ལ་ཐུགས་བརྩེ་བ་དང ། སྡིག་པ་བྱང་བར་བགྱི་བའི་སླད་དུ་བཅོམ་ལྡན་འདས་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། དེ་བཞིན་གཤེགས་པ་ བཤད་དུ་གསོལ། བདག་ཅག་གིས་ཀྱང་གཟུངས་ཀྱི་གསང་སྔགས་གཞི་དེ་དག་གཟུང་བར་བགྱི་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྒྱ་ཆེར་ཡང་དག་པར་བཤད་པར་བགྱིའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཙི་རཱ་ཏེ། མ་རཱི་ཙཱི་ཀི། དུཪྡ་མེ། དུར་དཱནྟེ། དུ་ར་ནུ་པྲ་བིཥྚེ།ཙནྡ་ནཱཾ་ག་ཛེ། ས་མནྟ་པ་རི་ཤོ་དྷ་ནི། བི་ཤུདྡྷ་ཤཱི་ལེ། ཙ་རི་ཏྲ་བ་ཏི། ཨན་ཙེ་དྱ་པྲ་ཏི་བྷཱ་ནེ། སརྦ་བུདྡྷ་ཨ་དྷིཥྛི་ཏེ། བྷ་ག་བ་ཏེ། པཱ་པཀྵ་ཡེ། ཨཱ་ཤཱ་མེ་པ་རི་པཱུ་ར་ཡ་སཝཱ་ཧཱ། རིགས་ ཀྱི་བུ་ཕོ་དང་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གཟུངས་ཆེན་པོའི་གསང་སྔགས་གཞི་འདི་དག་འཛིན་ཏམ། ཀློག་གམ། སྟོན་ཏམ། ཀུན་ཆུབ་པར་བྱེད་ན། དེ་ཚེ་འདི་ཉིད་ལ་མིག་རྣམ་པར་དག་པར་འགྱུར་རོ། །ཐོས་མ་ཐག་ཏུ་སྡིག་པ་ལས་རབ་ཏུ་གྲོལ་བར་འགྱུར།
101-1-79a
བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱང་མཐོང་བར་འགྱུར། ཟླ་བ་ཕྱེད་ཀྱི་བར་དུ་བཟླས་པ་བྱས་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང ། ཟླ་འོད་གཞོན་ནུར་གྱུར་ པ་མཐོང་བར་འགྱུར། མཚམས་མེད་པ་ལྔའི་སྡིག་བྱས་པ་ཡང་འབྱང་བར་འགྱུར། སྐྱེ་བ་དྲན་པར་འགྱུར། ཚེ་བརྗེས་ནས་ཀྱང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར། ཁྱིམ་བདག་ཆེན་པོ་སྐྱིད་པ་དག་གི་ནང་དུ་སྐྱེ་པར་འགྱུར། སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། ། འདི་ལྟར་ས་ཆེན་པོ་མ་ལུས་པ་འདི་ནི་གྲུམ་པར་འགྱུར་ཡང་སྲིད། རྒྱ་མཚོ་ནི་སྐམས་ཀྱང་སྲིད། དེ་བཞིན་དུ་རིའི་རྒྱལ་པོ་རི་རབ་ནི་འཇིག་པར་འགྱུར་ཡང་སྲིད། རླུང་ནི་ཞགས་པས་བཅིང་དུ་རུང་ཡང་སྲིད། ཟླ་བ་དང་ཉི་མ་ནི་སའི་སྟེང་དུ་ལྷུང་ཡང་སྲིད། ནམ་མཁའ་ ནི་ལག་པ་གཉིས་ཀྱིས་མནན་དུ་རུང་ཡང་སྲིད། མེ་ནི་ཆུར་འགྱུར་ཡང་སྲིད། འབྱུང་བ་ཆེན་པོ་བཞི་ནི་གཞན་དུ་འགྱུར་ཡང་སྲིད། སེམས་ཅན་ཐམས་ཅད་ཀྱི་སེམས་ནི་གཅིག་ཏུ་འགྱུར་ཡང་སྲིད་ཀྱི། དེ་བཞིན་གཤེགས་པས་གསུངས་ཤིང་བྱིན་གྱིས་བརླབས་པ་ ནི་གཞན་དུ་འགྱུར་མི་སྲིད་དེ། སུས་ཀྱང་བསྐྱོད་པའམ། བསྒུལ་བར་མི་ནུས་སོ། །འདི་ལ་ནི་བདུད་སྡིག་ཅན་གྱིས་གླགས་རྙེད་པར་མི་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས། བཅོམ་ལྡན་ འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་གཟུངས་འདིའི་ཆོ་ག་བཤད་པར་བགྱིའོ། །ཆོས་ཀྱི་རྒྱལ་པོའི་མཆོད་རྟེན་རིང་བསྲེལ་དང་བཅས་པའམ། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་ཙནྡན་དཀར་པོའི་དཀྱིལ་འཁོར་ བགྱིས་ཏེ། མེ་ཏོག་སིལ་མ་གཏོར་ལ་ཙནྡན་གྱི་བདུག་པས་བདུགས་ཏེ། ཟླ་བ་ཚེས་པ་ནས་བརྩམས་ནས་ཚེས་བཅཝ་ལྔའི་བར་དུ་དུས་གསུམ་དུ་ཁྲུས་བགྱི་ཞིང་གོས་ཀྱང་ལན་གསུམ་དུ་བརྗེས་ཏེ། ཁ་ཟས་བསྲེག་བྱ་འཚལ་ཞིང་གསོ་སྦྱོང་དང་ལྡན་པ། སེམས་ཅན་
101-1-79b
ཐམས་ཅད་ལ་སེམས་སྙོམས་པས་ཟླ་བ་ཉའི་ཉིན་པར་ཞག་གཅིག་སྨྱུང་བ་བགྱིས་ཏེ། རྩཝ་བམ་གྱི་སྟེང་ན་མཆིས་ཤིང་རྩཝ་བམ་བཏིང་བའི་སྟེང་དུ་ཉལ་ནས་སེམས་རྩེ་གཅིག་ཏུ་བཟླས་པ་བགྱིད་ཅིང་མེ་ཏོག་དྲི་ཞིམ་པོས་ལན་བརྒྱ་སྟོང་དུ་གཏོར་ནས་གཡོ་བར་འགྱུར། བདག་ ཉིད་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་དང ། སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་འགྱུར། གཟུངས་ཆེན་པོ་ཐོས་མ་ཐག་ཏུ་ཅི་འདོད་པ་དེ་ཐོབ་པར་འགྱུར། ཐོས་པ་འཛིན་པར་ཡང་འགྱུར། ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་བྱང་བར་ འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་བྱང་ཆུབ་སེམས་དཔའ་དེ་དག་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཙནྡན་གྱི་ཡན་ལག་ཅེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། ་་