rKTs


H120

(e-text produced by ACIP)

see text in transliteration
388a
།།རྒྱ་གར་སྐད་དུ། ཨཱརྱ་རཏྣ་ཀ་རཎྜ་ནཱ་མ་མཧཱ་ཡཱ་སཱུ་ཏྲ། བོད་སྐད་དུ། འཕགས་པ་དཀོན་མཆོག་གི་ཟ་མ་ཏོག་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང ། བྱང་ཆུབ་སེམས་དཔའ་འཁྲི་དང་
388b
ཐབས་གཅིག་ཏུ་བཞུགས་ཏེ། ཡང་དེའི་ཚེ་བཅོམ་ལྡན་འདས་སྨིག་མའི་ལྡུམ་བུའི་འཁོར་གྱི་ཁྱམས་ན་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་བྱང་ཆུབ་སེམས་དཔའ་ལྔ་སྟོང་དང་ལྷན་ཅིག་ཏུ་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་པ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། སྨིག་མའི་ལྡུམ་བུའི་འཁོར་གྱི་ཁྱམས་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བཙལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བྱང་ཆུབ་སེམས་དཔའ་དེ་དག་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་རྣམས་དང་ལྷན་ཅིག་ཏུ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས། བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ད་ལྟར་ཅིའི་བཀའ་མཆིད་ཅིག་མཛད། བཅོམ་ལྡན་འདས། བཀའ་མཆིད་དེ་ཉིད་ཀྱི་རྗེས་རྒྱུན་མི་འཆད་པར་མཛད་དུ་གསོལ། དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་རབ་འབྱོར་གྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། ད་ལྟར་ནི་ཉན་ཐོས་དང་ལྡན་པའི་བཀའ་མཆིད་མཛད་ན། འཇམ་དཔལ། བདག་གིས་ཁྱོད་ལ་བསྐུལ་གྱི། བྱང་
389a
༄#། །ཆུབ་སེམས་དཔའ་དང་ལྡན་པའི་བཀའ་མཆིད་བརྩམ་པར་ཁྱོད་སྤོབས་པར་གྱིས་ཤིག་།འཇམ་དཔལ་གྱིས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་དང་ལྡན་པའི་གཏམ་གྱི་སྣོད་དུ་གྱུར་པ་མ་ཡིན་ན། བཙུན་པ་རབ་འབྱོར། བྱང་ཆུབ་སེམས་དཔའ་དང་ལྡན་པའི་གཏམ་ཅིར་དགོས། རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། འདིར་གང་སྣོད་དུ་གྱུར་པ་འབྱུང་བ་དེ་དག་ལ་ཁྱོད་ཀྱིས་ཤོད་ཅིག་།འཇམ་དཔལ་གྱིས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་འདི་ན་སྣོད་དུ་གྱུར་པ་ནི་གང་དག་ཡིན། སྣོད་དུ་མ་གྱུར་པ་ནི་གང་དག་ཡིན་ཤེས་སམ། རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། བདག་ནི་གཞན་གྱི་སྒྲའི་རྗེས་སུ་འབྲང་བ་ཡིན་པས་སྣོད་དང་སྣོད་མ་ཡིན་པ་ལྟ་ཅི་ཤེས་མོད་ཀྱི། འོན་ཀྱང་འཇམ་དཔལ་ཁྱོད་བྱང་ཆུབ་སེམས་དཔའ་དང་ལྡན་པའི་གཏམ་བརྩམ་པར་སྤོབས་པར་གྱིས་ཤིག་།འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། གང་སུ་དག་སྐྱོན་མེད་པ་ལ་ཞུགས་པ་དེ་དག་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་མ་གྱུར་པའོ། །བཙུན་པ་རབ་འབྱོར། གང་དག་སྐྱོན་མེད་པ་ལའང་རྟོག་ཅིང་སེམས་ཅན་རྣམས་ལའང་བལྟ་ལ། སྐྱོན་མེད་པར་ཡང་མི་ལྟུང་ཞིང་སྐྱོན་དང་ཡང་ལྷན་ཅིག་མི་གནས་པ་དེ་དག་ནི་སངས་རྒྱས་
389b
ཀྱི་ཆོས་རྣམས་ཀྱི་སྣོད་དུ་གྱུར་པའོ། །བཙུན་པ་རབ་འབྱོར། གཞན་ཡང་གང་དག་མཚམས་ལ་གནས་པར་གྱུར་པ། སློབ་པ་དང་མི་སློབ་པའི་ཆོས་ལ་ཞུགས་པ། སེམས་ཅན་ཐམས་ཅད་ལ་བཏང་སྙོམས་པ། སྲིད་པ་ལ་མེ་འབར་བ་ལྟ་བུར་ལྟ་བ། ཡིད་ཡོངས་སུ་སྐྱོ་བ། ཁམས་གསུམ་ཐམས་ཅད་ཀྱིས་སྐྲག་པ། སྐད་ཅིག་ཙམ་ཡང་སྲིད་པ་མངོན་པར་འགྲུབ་པར་མི་དགའ་བ་དེ་དག་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་མ་གྱུར་པའོ། །བཙུན་པ་རབ་འབྱོར། གང་དག་ཕྱི་མའི་མཐའི་བསྐལ་པ་བྱེ་བར་གོ་ཆ་བགོས་པ། སྲིད་པ་ཐམས་ཅད་ཀྱིས་མི་འཇིགས་མི་དངང་བ། ཁམས་གསུམ་སྤྱོད་ཡུལ་བ། དྲི་མ་གསུམ་དང་བྲལ་བ། འཁོར་བ་ལ་སྐྱེད་མོས་ཚལ་དང་གཞལ་མེད་ཁང་དུ་འདུ་ཤེས་པ། སྲིད་པ་འདོད་ཅིང་སྲིད་པ་ཐམས་ཅད་ལ་ཆགས་པ་དང་བྲལ་བ་དེ་དག་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་གྱུར་པའོ། །བཙུན་པ་རབ་འབྱོར། གཞན་ཡང་གང་དག་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང ། བག་ལ་ཉལ་བ་དང ། ཀུན་ཏུ་དཀྲིས་ཏེ་འདུག་པ་དང ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་སྤངས་པ་དེ་དག་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་མ་གྱུར་པའོ། །བཙུན་པ་རབ་འབྱོར། གང་དག་འདོད་ཆགས་ཀྱིས་ཆགས་པའང་མ་ཡིན་ལ་འདོད་ཆགས་སྤྱོད་པར་ཡང་སྟོན་པ། ཞེ་སྡང་གིས་སྡང་བའང་མ་ཡིན་ལ་ཞེ་སྡང་སྤྱོད་པར་ཡང་སྟོན་པ། གཏི་མུག་
390a
༄#། །གིས་རྨོངས་པའང་མ་ཡིན་ལ་གཏི་མུག་སྤྱོད་པའང་སྟོན་པ། ཉོན་མོངས་པ་དང་ཡང་བྲལ་ལ་ཁམས་གསུམ་དུའང་སྣང་བ། སེམས་ཅན་ཐམས་ཅད་ལ་བྱམས་པ། མ་ཁེངས་པ། མ་ཞུམ་པ། སེམས་ཅན་ཐམས་ཅད་ཀྱི་ཁུར་ཁྱེར་བ། དེ་བཞིན་ཉིད་ཀྱི་རྗེས་སུ་སོང་བ། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱ་བའི་ཕྱིར་ཞུགས་པ། རིག་པ་གསུམ་དང་ལྡན་པ། རིག་པ་མངོན་དུ་གྱུར་བ་དེ་དག་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་གྱུར་པའོ། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། གལ་ཏེ་ཆོས་ཀྱི་དབྱིངས་ཀྱང་གཅིག་།དེ་བཞིན་ཉིད་ཀྱང་གཅིག་།ཡང་དག་པའི་མཐའ་ཡང་གཅིག་ན་སྣོད་དམ་སྣོད་མ་ཡིན་པ་དེ་ཇི་ལྟར་མངོན། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། འདི་ལྟ་སྟེ། དཔེར་ན། རྫ་མཁན་གྱིས་འཇིམ་པའི་གོང་བུ་གཅིག་ལས་སྣོད་རྣམ་པ་སྣ་ཚོགས་བྱས་ཏེ། སྣོད་དེ་ཐམས་ཅད་སོ་གཅིག་ཏུ་བཏང་ན། དེ་ལ་ཁ་ཅིག་ནི་འབྲུ་མར་དང་མར་གྱི་སྣོད་དུ་གྱུར། ཁ་ཅིག་ནི་སྦྲང་རྩི་དང་ལི་ཁ་རའི་སྣོད་དུ་གྱུར། ཁ་ཅིག་ནི་ངན་པ་མི་གཙང་བའི་སྣོད་དུ་འགྱུར་ཏེ། འཇིམ་པའི་གོང་བུ་དེ་དང་སོ་བཏང་བ་ལ་ནི་ཐ་དད་པ་ཅུང་ཟད་ཀྱང་མེད་དོ། །བཙུན་པ་རབ་འབྱོར། དེ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱང་གཅིག་།དེ་བཞིན་ཉིད་ཀྱང་གཅིག་།ཡང་དག་པའི་མཐའ་ཡང་གཅིག་མོད་ཀྱི། ཇི་ལྟར་ལས་མངོན་
390b
པར་འདུ་བྱས་པ་བཞིན་དུ་སྣོད་ཀྱི་ཁྱད་པར་དུ་འགྱུར་རོ། །དེ་ལ་སྦྲང་རྩི་དང ། ལི་ཁ་རའི་སྣོད་ཇི་ལྟ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བལྟའོ། །འབྲུ་མར་དང་མར་གྱི་སྣོད་ཇི་ལྟ་བ་དེ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་བལྟའོ། །ངན་པ་མི་གཙང་བའི་སྣོད་ཇི་ལྟ་བ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ལ་བལྟའོ། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། རྣམ་གྲངས་གང་གིས་གང་དག་སྣོད་དུ་གྱུར་པ་དེ་དག་སྣོད་མ་ཡིན་པར་འགྱུར་པ་དང ། གང་དག་སྣོད་མ་ཡིན་པ་དེ་དག་སྣོད་དུ་གྱུར་པའི་རྣམ་གྲངས་ཡོད་དམ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། ཡོད་དོ། །རབ་འབྱོར་གྱིས་སྨྲས་པ། རྣམ་གྲངས་གང་གིས་ན་གང་དག་སྣོད་དུ་གྱུར་པ་དེ་དག་སྣོད་མ་ཡིན་པར་འགྱུར་བ་དང ། གང་དག་སྣོད་མ་ཡིན་པ་དེ་དག་སྣོད་དུ་གྱུར་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། གང་ལ་ལ་ཉོན་མོངས་པ་ཐམས་ཅད་ཀྱི་སྣོད་དུ་གྱུར་པ་བག་ཆགས་ཀྱི་མཚམས་སྦྱོར་བ་མ་བཅོམ་པ་དེ་དག་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་མ་གྱུར་པའོ། །བཙུན་པ་རབ་འབྱོར། གང་དག་ཉོན་མོངས་པ་ཐམས་ཅད་ཀྱི་སྣོད་དུ་མ་གྱུར་བ་བག་ཆགས་ཀྱི་མཚམས་སྦྱོར་བ་བཅོམ་པ་དེ་དག་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་གྱུར་པའོ། །རབ་འབྱོར་སྨྲས་པ། འཇམ་དཔལ། སྣོད་དུ་ཅི་ཞིག་གཞུག་པར་བྱ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་
391a
༄#། །འབྱོར། ཅིའང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཚེ་བྱང་ཆུབ་སེམས་དཔའ་གཞུག་པ་མེད་པ་དང ། དབྱུང་བ་མེད་པ་ལ་སྤྱོད་པ་དེའི་ཚེ་སྣོད་ཀྱི་སྙིང་པོར་རིག་པར་བྱའོ། །གང་གི་ཚེ་གཞུག་པ་དང ། དབྱུང་བ་ལ་སྤྱོད་པ་དེའི་ཚེ་སྣོད་ཆག་པར་རིག་པར་བྱའོ། །བཙུན་པ་རབ་འབྱོར། །འདི་ལྟ་སྟེ། དཔེར་ན། ནམ་མཁའ་ནི་རྩཝ་དང ། ཤིང་གེལ་པ་དང།་སྨན་དང ། ནགས་ཚལ་ཐམས་ཅད་ཀྱི་སྣོད་ཅེས་ཀྱང་བྱ་ལ། གང་གི་སྣོད་ཀྱང་མ་ཡིན་ནོ། །བཙུན་པ་རབ་འབྱོར། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྣོད་ཅེས་ཀྱང་བྱ་ལ། གང་གི་སྣོད་ཀྱང་མ་ཡིན་ནོ། །བཙུན་པ་རབ་འབྱོར། འདི་ལྟ་སྟེ། དཔེར་ན། ས་ལས་སྐྱེས་པའི་ཤིང་རྣམས་ནི་སྣོད་ནམ་མཁའ་ཡིན་པས་རྣམ་པར་སྐྱེའོ། །བཙུན་པ་རབ་འབྱོར། དེ་བཞིན་དུ་ལྷག་པའི་བསམ་པ་ལས་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་རྣམས་ཀྱང་སྣོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་རྣམ་པར་སྐྱེའོ། ། རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། ཅི་བྱང་ཆུབ་སེམས་དཔའ་རྣམ་པར་སྐྱེའམ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། གལ་ཏེ་ནམ་མཁའ་རྣམ་པར་སྐྱེ་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱང་རྣམ་པར་སྐྱེ་བ་ཞིག་ན། ནམ་མཁའ་ནི་རྣམ་པར་སྐྱེ་བའམ། ཡོངས་སུ་ཉམས་པར་མི་འགྱུར་ཏེ། བཙུན་པ་རབ་འབྱོར། དེ་བཞིན་དུ་
391b
བྱང་ཆུབ་སེམས་དཔའ་རྣམས་ཀྱང་རྣམ་པར་སྐྱེ་བར་ཡང་མི་འགྱུར། ཡོངས་སུ་ཉམས་པར་ཡང་མི་འགྱུར་རོ། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། བྱང་ཆུབ་སེམས་དཔའ་རྣམས་རྣམ་པར་སྐྱེ་བར་ཡང་མི་འགྱུར། ཡོངས་སུ་ཉམས་པར་ཡང་མི་འགྱུར་ཞེས་བྱ་བ་ཅི་ལས་བསམས་ཏེ་དེ་སྐད་སྨྲས། འཇམ་དཔལ་གྱིས་སྨྲས་པ། ཉོན་མོངས་པ་རྣམ་པར་སྐྱེ་བར་ཡང་མི་འགྱུར། སངས་རྒྱས་ཀྱི་ཆོས་རྣམས་ལས་ཡོངས་སུ་ཉམས་པར་ཡང་མི་འགྱུར་རོ། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། ཉོན་མོངས་པ་རྣམས་དང ། སངས་རྒྱས་ཀྱི་ཆོས་རྣམས་ལ་ཐ་དད་དུ་བྱ་བ་ཅི་ཡོད། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། ཉོན་མོངས་པ་རྣམས་དང ། སངས་རྒྱས་ཀྱི་ཆོས་རྣམས་ལ་ཐ་དད་པར་བྱ་བ་ནི་ཅུང་ཟད་ཀྱང་མེད་དོ། །བཙུན་པ་རབ་འབྱོར། འདི་ལྟ་སྟེ། དཔེར་ན། རིའི་རྒྱལ་པོ་རི་རབ་ཀྱི་འོད་ཀྱིས་རེག་ན་གཟུགས་ཐམས་ཅད་འདི་ལྟ་སྟེ། གསེར་གྱི་ཁ་དོག་ཏུ་ཁ་དོག་གཅིག་པར་འགྱུར་རོ། །བཙུན་པ་རབ་འབྱོར། དེ་བཞིན་དུ་ཤེས་རབ་དང་ཡེ་ཤེས་ཀྱི་སྣང་བར་བྱས་པའི་ཉོན་མོངས་པ་རྣམས་ཀྱང་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ཁ་དོག་ཏུ་ཁ་དོག་གཅིག་པར་འགྱུར་རོ། ། བཙུན་པ་རབ་འབྱོར། དེ་བས་ན་ཤེས་རབ་དང་ཡེ་ཤེས་ཀྱིས་སྣང་བར་བྱས་པའི་ཉོན་མོངས་པ་རྣམས་དང ། སངས་རྒྱས་ཀྱི་ཆོས་རྣམས་ལ་ནི་ཐ་དད་པ་ཅུང་ཟད་ཀྱང་མེད་དེ། དེ་བས་ན་
392a
༄#། །ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཞེས་བྱའོ། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། ཅིའི་ཕྱིར་ན་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཞེས་བྱ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། ཇི་ལྟ་བ་བཞིན་དུ་རྟོགས་པའི་ཕྱིར་རོ། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། ཇི་ལྟ་བ་བཞིན་ཞེས་བྱ་བས་ཅི་ཞིག་བསྟན་པར་འགྱུར། འཇམ་དཔལ་གྱིས་སྨྲས་པ། ཐོག་མ་ཇི་ལྟ་བར་ཐ་མར་ཡང་དེ་བཞིན་དུ་དེ་བཞིན་ཉིད་ལས་ཕྱིར་མི་ལྡོག་པས་དེའི་ཕྱིར་ཇི་ལྟ་བ་བཞིན་ཞེས་བྱའོ། །རབ་འབྱོར་གྱིས་སྨྲས་པ།་འཇམ་དཔལ། ཐོག་མ་དང་ཐ་མ་ཞེས་བྱ་བས་ཅི་ཞིག་བསྟན་པར་འགྱུར། འཇམ་དཔལ་གྱིས་སྨྲས་པ། ཐོག་མ་ནི་སྟོང་པ་ཉིད། ཐ་མ་ནི་དབེན་པ་ཉིད་དེ་དེ་བས་ན་ཐོག་མ་དང་ཐ་མ་ཞེས་བྱའོ། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། སྟོང་པ་ཉིད་དང ། དབེན་པ་ཉིད་ལ་ཐ་དད་དུ་བྱ་བ་ཅི་ཡོད། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། འདི་ཇི་སྙམ་དུ་སེམས། གསེར་དང་ས་ལེ་སྤྲམ་ལ་ཐ་དད་དུ་བྱ་བ་ཡོད་དམ། རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། མིང་དུ་བཏགས་པ་ལ་ནི་ཐ་དད་པ་ཡོད་དོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། དེ་བཞིན་དུ་འདི་ལྟ་སྟེ། སྟོང་པ་ཉིད་དང ། དཔེར་པ་ཉིད་འདི་ནི་མིང་དང་བརྡ་ཙམ་དུ་ཟད་དེ། མིང་དང་བརྡ་ལ་ནི་མཁས་པ་རྣམས་མངོན་པར་ཞེན་
392b
པ་མེད་ཀྱི། བྱིས་པ་རྣམས་མངོན་པར་ཞེན་ཏོ། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། བྱིས་པའི་མཚན་ཉིད་ནི་ཇི་ལྟ་བུ། མཁས་པ་ཞེས་བྱ་བའི་མཚན་ཉིད་ནི་ཇི་ལྟ་བུ་ཡིན། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། བཅོམ་ལྡན་འདས་ཀྱིས་བྱིས་པ་ནི་ལས་ཀྱི་མཚན་ཉིད་དོ། །མཁས་པ་ནི་ཆོས་ཀྱི་མཚན་ཉིད་དོ་ཞེས་གསུངས་སོ། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། ལས་ཀྱི་མཚན་ཉིད་ཇི་ལྟ་བུ་ཡིན། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་ནི་ལས་ཏེ། དེ་ལ་གང་དག་མངོན་པར་འདུ་བྱེད་པ་དེ་དག་གི་ནི་ཡོད་པར་མངོན་ནོ། །གང་དག་མངོན་པར་འདུ་མི་བྱེད་པ་དེ་དག་གི་ནི་མེད་པར་མངོན་ནོ། །དེ་ལ་བྱིས་པ་རྣམས་ནི་མངོན་པར་འདུ་བྱེད་པས་དེ་དག་གི་ནི་ཡོད་པར་མངོན་ནོ། །མཁས་པ་རྣམས་ནི་མངོན་པར་འདུ་མི་བྱེད་པས་དེ་དག་གི་ནི་མེད་པར་མངོན་ཏེ། དེ་ལ་གང་ཡོད་པ་དང ། གང་མེད་པའི་དབུས་དེ་ནི་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །འཕགས་པའི་སྤྱོད་ཡུལ་གང་ཡིན་པ་དེ་ནི་འཕགས་པ་མ་ཡིན་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། འཕགས་པ་ཞེས་བྱ་བས་ཅི་ཞིག་བསྟན་པར་འགྱུར། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། འཕགས་པ་ཞེས་བྱ་བ་དེ་ནི་རྡུལ་མེད་ཅིང་ཉོན་མོངས་པ་མེད་པ་ལ་ཡང་དག་པར་འདུ་བའི་བཞིའོ། །
393a
༄#། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། རྣམ་གྲངས་གང་གིས་ཆོས་ཐམས་ཅད་རྡུལ་མེད་ཅིང ། ཉོན་མོངས་པ་མེད་པ་ལ་ཡང་དག་པར་འདུ་བར་འགྱུར་བའི་རྣམ་གྲངས་ཡོད་དམ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། ཡོད་དོ། །རབ་འབྱོར་གྱིས་སྨྲས་པ། རྣམ་གྲངས་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོར་ཆུ་ཐམས་ཅད་ཡང་དག་པར་འདུ་སྟེ། དེའང་འདི་ལྟ་སྟེ། ལན་ཚཝའི་རོར་རོ་གཅིག་གོ་།བཙུན་པ་རབ་འབྱོར། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་རྡུལ་མེད་ཅིང་ཉོན་མོངས་པ་མེད་པ་ཡང་དག་པར་འདུ་ཞིང ། དེའང་འདི་ལྟ་སྟེ། རྣམ་པར་གྲོལ་བའི་རོར་རོ་གཅིག་གོ་།རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། གང་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་རྣམ་པར་གྲོལ་བ་སྟོན། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། འདི་ཇི་སྙམ་དུ་སེམས། གང་ཡོད་ན་འཆིང་བར་འགྱུར། རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། མི་ཤེས་པ་ཡོད་ན་འཆིང་བར་འགྱུར་རོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། དེ་བས་ན་མི་ཤེས་པ་ལས་རྣམ་པར་ཐར་པར་བྱ་བའི་ཕྱིར་རྣམ་པར་གྲོལ་བ་བསྟན་ཏོ། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། ཆོས་ཐམས་ཅད་ལ་ཐ་དད་པར་བྱ་བ་མེད་ན་ཤེས་
393b
པའམ་མི་ཤེས་པར་ཇི་ལྟར་བསྟན། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། འདི་ལྟ་སྟེ། དཔེར་ན། དཔྱིད་ཀྱིས་བསྲོས་པའི་ཆུ་ལ་ནི་དྲོ་བ་ཞེས་བསྟན་ཏོ། །ཆུ་དེ་ཉིད་གྲང་བའི་དུས་སུ་ནི་གྲང་བ་ཞེས་བསྟན་ཏོ། །ཆུ་དེ་ལ་ནི་ཐ་དད་དུ་བྱ་བ་ཅུང་ཟད་ཀྱང་མེད་དོ། །བཙུན་པ་རབ་འབྱོར། །དེ་བཞིན་དུ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པས་བསྲོས་བའི་སེམས་ལ་ནི་མི་ཤེས་པ་ཞེས་བསྟན་ཏོ། །ཚུལ་བཞིན་ཡིད་ལ་བྱེད་པ་ལ་ནི་ཤེས་པ་ཞེས་བསྟན་ཏེ། དེ་ལ་ནང་གི་བྱེད་པའི་སྐྱེས་བུ་དེའི་ཤེས་པའམ། མི་ཤེས་པར་བསྟན་པ་ནི་གང་ཡང་མེད་དོ། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། དོན་དེ་ནི་རྟོགས་པར་དཀའོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། གཉིས་ལ་སྤྱོད་པ་རྣམས་ཀྱིས་སོ། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། དོན་དེ་ནི་མཐོང་བར་དཀའོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། །ཤེས་རབ་ཀྱི་མིག་དང་བྲལ་བ་རྣམས་ཀྱིས་སོ། ། རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། དོན་དེ་ནི་གཏིང་དཔག་དཀའ་བའོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། །གཏིང་མ་རྙེད་པ་རྣམས་ཀྱིས་སོ། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། དོན་དེ་ནི་ཤེས་པར་དཀའ་བའོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། ལྷག་པའི་ང་རྒྱལ་ཅན་རྣམས་ཀྱིས་སོ། །རབ་འབྱོར་གྱིས་སྨྲས་
394a
༄#། །པ།་འཇམ་དཔལ། དོན་དེ་ནི་གོ་བར་དཀའ་བའོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། བྱང་ཆུབ་ཀྱི་ཡན་ལག་དང་བྲལ་བ་རྣམས་ཀྱིས་སོ། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། དོན་དེ་ནི་མོས་པར་དཀའ་བའོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། ཀུན་གཞི་ལ་དགའ་བ་རྣམས་ཀྱིས་སོ། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། དོན་དེ་ནི་བརྟག་མི་ནུས་པའོ། །འཇམ་དཔལ་གྱིས་སྨྲས་པ། འདི་ལྟར་དེར་མཚན་མ་ཀུན་ཏུ་མི་འབྱུང་ངོ ། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། དོན་དེ་ནི་རྟོག་གེའི་སྤྱོད་པ་ཅན་མ་ཡིན་པའོ། །འཇམ་དཔལ་གྱིས་སྨྲས་པ། འདི་ལྟར་དེ་ལ་སོ་སོར་རྣམ་པར་རིག་པ་མེད་དོ། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། དོན་དེ་ནི་མཆོག་ཏུ་འཕགས་པའོ། །འཇམ་དཔལ་གྱིས་སྨྲས་པ། འདི་ལྟར་དེ་ནི་བསྔོ་བའི་འདུ་ཤེས་དང་བྲལ་བའོ། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། དོན་དེ་ནི་མཁས་པ་དང་མཛངས་པས་རིག་པའོ། །འཇམ་དཔལ་གྱིས་སྨྲས་པ། འདི་ལྟར་དེ་ནི་བདག་ཉིད་ཀྱིས་རིག་པའོ། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། དེ་བཞིན་གཤེགས་པས་གང་དོན་དུ་ན་དོན་ནི་དོན་མ་ཡིན་པའོ་ཞེས་དེ་སྐད་བཤད་པ་ཚིག་དེའི་དགོངས་པའི་ཚིག་བཤད་པ་ཇི་ལྟ་བུ་ཡིན། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་
394b
རབ་འབྱོར། དོན་ཅེས་བྱ་བ་ནི་བརྗོད་དུ་མེད་པའི་དོན་ཏོ། །དེ་ལ་གང་དག་བརྗོད་དུ་ཡོད་པའི་དོན་ལ་སྤྱོད་པ་དེ་དག་གི་དོན་ནི་དོན་མ་ཡིན་ཏེ། དེ་བས་ན་བཅོམ་ལྡན་འདས་ཀྱིས་དོན་དུ་ན་དོན་དེ་ནི་དོན་མ་ཡིན་པའོ་ཞེས་དེ་སྐད་བཀའ་སྩལ་ཏོ། །གཞན་ཡང ། བཙུན་པ་རབ་འབྱོར། དོན་ཅེས་བྱ་བ་ནི་དཔེན་པའི་དོན་ཏོ། །དེ་ལ་གང་དག་ལུས་དང ། ངག་དང ། སེམས་དང་མཚུངས་བར་ལྡན་པའི་དོན་ལ་སྤྱོད་པ་དེ་དག་གི་དོན་ནི་དོན་མ་ཡིན་ཏེ། དེ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་དོན་དུ་ན་དོན་ནི་དོན་མ་ཡིན་པའོ་ཞེས་དེ་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། ཆོས་ཐམས་ཅད་ཆོས་མ་ཡིན་པའོ་ཞེས་བཅོམ་ལྡན་འདས་ཀྱིས་ཅི་ལས་དགོངས་ཏེ་དེ་སྐད་བཀའ་སྩལ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་གཟིངས་དང་འདྲ་བར་ཤེས་པ་རྣམས་ཀྱིས་ཆོས་ཉིད་ཀྱང་སྤང་བར་བྱ་ན་ཆོས་མ་ཡིན་པ་ལྟ་ཅི་སྨོས་ཞེས་དེ་སྐད་ཅེས་བཀའ་སྩལ་ཏེ།་གང་སྤང་བར་བྱ་བ་དེ་ནི་ཆོས་དང་ཆོས་མ་ཡིན་པ་ཞེས་མི་བྱའོ། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། ཅི་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་ཆོས་མ་ཡིན་ནམ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། སངས་རྒྱས་ཀྱི་ཆོས་རྣམས་ལ་ནི་ཡང་དག་པར་གྲུབ་པ་གང་ཡང་མེད་དོ། །གང་ཡང་དག་པར་གྲུབ་པ་མ་ཡིན་པ་དེ་ནི་ཆོས་དང་ཆོས་མ་ཡིན་པ་
395a
༄#། །ཞེས་མི་བྱའོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཐམས་ཅད་ནི་ཆོས་མ་ཡིན་པའོ་ཞེས་དེ་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་དག་བཤད་པ་འདི་ཐོས་ནས་མི་སྐྲག་མི་དངང་དངང་བར་མི་འགྱུར་བ་ནི་ངོ་མཚར་ཏོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། འདི་ཇི་སྙམ་དུ་སེམས། བརྒྱ་ལ་སེང་གེའི་ཕྲུག་གུ་སེང་གེའི་སྒྲ་ཐོས་ནས་སྐྲག་གམ། དངང་ངམ། དངང་བར་འགྱུར་རམ། ངང་པའི་རྒྱལ་པོའི་ཕྲུག་གུ་ནམ་མཁའི་དཀྱིལ་ན་འཕུར་བ་ན་ངང་པའི་སྒྲ་ཐོས་ནས་སྐྲག་གམ། དངང་ངམ། དངང་བར་འགྱུར་རམ། རབ་འབྱོར་ཀྱིས་སྨྲས་པ། འཇམ་དཔལ། དེ་ནི་མ་ཡིན་ཏེ། སེང་གེའི་ཕྲུག་གུ་རང་གི་སྒྲ་དང ། ངང་པའི་རྒྱལ་པོའི་ཕྲུག་གུ་རང་གི་སྤྱོད་ཡུལ་གྱིས་མི་སྐྲག་གོ་།འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། དེ་བཞིན་དུ་དེ་བཞིན་གཤེགས་པའི་རིགས་དང ། གདུང་ལས་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་བཞིན་ཉིད་དང ། སྟོང་པ་ཉིད་ལས་ངེས་པར་བྱུང་པ་དེ་རྣམས་ནི་ཆོས་ཐམས་ཅད་དང ། སྒྲ་ཐམས་ཅད་དང ། བཤད་པ་ཐམས་ཅད་ཀྱིས་མི་སྐྲག་མི་དངང་དངང་བར་མི་འགྱུར་མོད་ཀྱི། བཙུན་པ་རབ་འབྱོར། འོན་ཀྱང་གང་ཡོད་ན་སྐྲག་པར་འགྱུར་ཤེས\?\་སམ། རབ་འབྱོར་གྱིས་སྨྲས་
395b
པ།་འཇམ་དཔལ། འཇིག་ཚོགས་ལ་ལྟ་བ་ཡོད་ན་སྐྲག་པར་འགྱུར་རོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། འཇིག་ཚོགས་ལ་ལྟ་བ་དེ་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་ཏེ། དེ་བས་ན་ཆོས་ཐམས་ཅད་ཀྱིས་མི་སྐྲག་གོ་།དེ་སྒྲ་ཐམས་ཅད་དང ། བཤད་པ་ཐམས་ཅད་ཀྱིས་མི་སྐྲག་མི་དངང་དངང་བར་མི་འགྱུར་རོ། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། གལ་ཏེ་བྱང་ཆུབ་སེམས་དཔས་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་ན། དེ་ཇི་ལྟར་འབྲས་བུ་མ་ཐོབ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། བྱང་ཆུབ་སེམས་དཔའ་ནི་འབྲས་བུ་ཐོབ་པར་འདོད་པའི་ཕྱིར་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པ་མ་ཡིན་གྱི། འབྲས་བུ་འཐོབ་པ་ལ་བཏང་སྙོམས་སུ་བྱ་བ་དང ། སངས་རྒྱས་ཀྱི་ཆོས་ཐོབ་པར་འདོད་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་སྦྱོར་བའི་བྱང་ཆུབ་སེམས་དཔའ་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་ཏེ། དེ་བས་ན་འབྲས་བུ་མི་འཐོབ་བོ། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། བྱང་ཆུབ་སེམས་དཔའི་ཐབས་གང་གིས་བྱང་ཆུབ་སེམས་དཔས་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་ལ་འབྲས་བུའང་མི་འཐོབ་པ་དེ་ནི་ཐབས་ཆེན་པོ་ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར། འདི་ལྟར་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་དབྱིངས་ནི་ཐབས་དང་ཤེས་རབ་ཀྱིས་ཡང་དག་པར་ཟིན་པ་སྟེ། དེ་བས་ན་བྱང་
396a
༄#། །ཆུབ་སེམས་དཔའ་དེ་འཇིག་ཚོགས་ལ་ལྟ་བའང་ཡོངས་སུ་ཤེས་ལ་འབྲས་བུའང་མི་ཐོབ་བོ། །བཙུན་པ་རབ་འབྱོར། འདི་ལྟ་སྟེ། དཔེར་ན། སྐྱེས་བུ་ཚན་པོ་ཆེ་ཞིག་གིས་མཚོན་ཆ་རྣོན་པོས་ཤིང་སཱ་ལ་ཆེན་པོ་བཅད་ན། དེ་རིལ་གྱིས་ཆད་བཞིན་དུ་དེ་ཉིད་ན་འདུག་སྟེ་མི་འགྱེལ་ལོ། །བཙུན་པ་རབ་འབྱོར། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་དབྱིངས་ཀྱང་ཐབས་དང་ཤེས་རབ་ཀྱིས་ཡང་དག་པར་ཟིན་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་དེ་འཇིག་ཚོགས་ལ་ལྟ་བའང་ཡོངས་སུ་ཤེས་ལ་འབྲས་བུའང་མི་འཐོབ་བོ། །བཙུན་པ་རབ་འབྱོར། གང་ཤིང་སཱ་ལ་ཆེན་པོ་དེ་ཆར་པ་ཆེན་པོ་བབ་སྟེ་གཤེར་ཅིང་བརླན་པར་གྱུར་ན་སླར་ཡང་སྐྱེ་ཞིང་ཡལ་ག་དང ། ལོ་མ་དང ། མེ་ཏོག་དང ། འབྲས་བུ་དག་ཀྱང་འབྱུང་ལ། གང་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་འགྱུར་བ་དེ་ལྟ་བུའི་དུས་དང ། དེ་ལྟ་བུའི་སྐབས་ཀྱང་ཡོད་དོ། །བཙུན་པ་རབ་འབྱོར།་དེ་བཞིན་དུ་བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོས་གཤེར་ཅིང་བརླན་པའི་བྱང་ཆུབ་སེམས་དཔའ་ཡང་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་ལ་ཁམས་གསུམ་དུའང་སྐྱེ་ཞིང་གང་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་འགྱུར་བ་ཚེ་དང ། རིགས་དང ། སྐྱེ་བའང་སྟོན་པར་བྱེད་དོ། །བཙུན་པ་རབ་འབྱོར། གང་ཤིང་སཱ་ལ་ཆེན་པོ་དེ་
396b
རླུང་ཆེན་པོའི་ཤུགས་ཀྱིས་ཕུལ་ནས་ལ་ལྟུང་བར་འགྱུར་བ་དེ་ལྟ་བུའི་དུས་དང ། དེ་ལྟ་བུའི་སྐབས་ཀྱང་ཡོད་དོ། །བཙུན་པ་རབ་འབྱོར། དེ་བཞིན་དུ་ཡེ་ཤེས་ཆེན་པོའི་རླུང་གི་ཤུགས་ཀྱིས་ཕུལ་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་འགོག་པར་ལྟུང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་དང་ཤེས་རབ་ཀྱིས་ཡང་དག་པར་ཟིན་པའི་ཡེ་ཤེས་ཀྱི་དབྱིངས་དང ། བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཆོས་བསྟན་པ་དེ་ནི་ལེགས་པར་བཤད་དེ། ལེགས་སོ། །ལེགས་སོ། །འཇམ་དཔལ། འོན་ཀྱང་དཔེ་གང་དག་བསྟན་པས་བྱང་ཆུབ་སེམས་དཔའི་ཐབས་དང་ཤེས་རབ་ཤེས་པར་འགྱུར་པའི་དཔེ་ངས་ཀྱང་བསྟན་གྱི། ཉོན་ཅིག་།འཇམ་དཔལ། འདི་ལྟ་སྟེ། དཔེར་ན། ཀླུའི་རྒྱལ་པོ་མཐུ་དང་ལྡན་པས་སེམས་དཔའི་དབང་གིས་སྤྲིན་གྱི་ཕུང་པོ་གཅིག་ལས་ཆར་པའི་བདག་ཉིད་དང ། གློག་གི་ཕྲེང་བའང་གཏོང་ངོ ། །སྐྱེ་བར་བྱེད་པའི་བདག་ཉིད་ཆུའི་རྒྱུན་ཀྱང་གཏོང་ངོ ། །འཇམ་དཔལ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཐབས་དང་ཤེས་རབ་དང ། ཡེ་ཤེས་ཀྱི་སྤྲིན་གཅིག་ལས་སེམས་ཅན་སོ་སོའི་སྐྱེ་བོ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་སྤྱོད་པའང་སྟོན་ཏོ། །གདུལ་བར་བྱ་བའི་སེམས་ཅན་རྣམས་
397a
༄#། །གདུལ་བའི་ཕྱིར་འཕགས་པ་ཐམས་ཅད་ཀྱི་སྤྱོད་པའང་སྟོན་ཏོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། རིའི་རྒྱལ་པོ་གངས་རི་ལ་དྲིའི་ཤིང་ཞིག་ཡོད་དེ། དེའི་རྩ་བའི་དྲིའང་གཞན། སྡོང་པོའི་དྲིའང་གཞན། ཡལ་གའི་དྲིའང་གཞན། ལོ་མའི་དྲིའང་གཞན། མེ་ཏོག་གི་དྲིའང་གཞན། འབྲས་བུའི་དྲིའང་གཞན་ནོ། །འཇམ་དཔལ། དེ་བཞིན་དུ་དྲིའི་ཤིང་ལྟ་བུའི་བྱང་ཆུབ་སེམས་དཔའི་ལུས་དེའང་སེམས་ཅན་རྣམས་ཇི་ལྟར་མོས་པ་བཞིན་དུ་སོ་སོ་ཅི་རིགས་པར་ཆོས་ཀྱི་དྲི་གཏོང་སྟེ། སྙིང་རྗེ་ཆེན་པོའི་རྩ་བའི་དྲི་དེ་ལས་ཀྱང་མི་གཡོའོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། བརྒྱ་བྱིན་ཐོགས་པའི་ནོར་བུ་རིན་པོ་ཆེ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་མགུལ་དུ་ཐོགས་ན། དེ་ལ་སུམ་ཅུ་རྩ་གསུམ་གྱི་གནས་ཐམས་ཅད་དང ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་དགའ་བ་དང ། རྩེ་བའི་ཚོགས་ཐམས་ཅད་སྣང་ཡང་ནོར་བུ་རིན་པོ་ཆེ་དེ་ནི་རྣམ་པར་མི་རྟོག་གོ་།འཇམ་དཔལ། དེ་བཞིན་དུ་ནོར་བུ་རིན་པོ་ཆེ་དག་པ་ལྟ་བུའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་དབྱིངས་དེའང་བྱ་བ་ཐམས་ཅད་ཀྱང་སྟོན་ལ། ཐམས་ཅད་དུའང་རྣམ་པར་མི་རྟོག་གོ་།འཇམ་དཔལ། འདི་ལྟ་སྟེ། དཔེར་ན།་ནོར་བུ་རིན་པོ་ཆེ་ཡིད་བཞིན་དུ་འགྲོ་བ་ཞེས་བྱ་བ་ཞིག་ཡོད་དེ། དེ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་ཀྱང་ནོར་བུ་རིན་པོ་ཆེ་དེ་ནི་
397b
རྣམ་པར་མི་རྟོག་གོ་།འཇམ་དཔལ། དེ་བཞིན་དུ་ནོར་བུ་རིན་པོ་ཆེ་ལྟ་བུར་ལྷག་པའི་བསམ་པ་དག་པའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་ཡོངས་སུ་རྫོགས་པར་བྱེད་ཀྱང་བྱང་ཆུབ་སེམས་དཔའ་དེ་ནི་རྣམ་པར་མི་རྟོག་གོ་།འཇམ་དཔལ། འདི་ལྟ་སྟེ། དཔེར་ན། ནམ་མཁའ་ལ་མེའང་འབར་ཞིང་ཆར་པའང་འབབ་མོད་ཀྱི། ནམ་མཁའ་ལ་ནི་ཚ་བའང་མེད། གྲང་བར་འགྱུར་བའང་མེད་དོ། །འཇམ་དཔལ། དེ་བཞིན་དུ་ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་ཡང་ཀུན་ཏུ་འབར་བའི་ཁམས་གསུམ་ནའང་གནས་ཤིང་མྱ་ངན་ལས་འདས་པའི་ཞི་བ་ལའང་སྤྱོད་མོད་ཀྱི། ཚ་བའང་མེད། གྲང་བར་འགྱུར་བའང་མེད་དོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། ནམ་མཁའ་ལ་དུག་གི་ཤིང་ཡང་སྐྱེ། སྨན་གྱི་ཤིང་ཡང་སྐྱེ་མོད་ཀྱི། ནམ་མཁའ་ལ་ནི་དུག་གི་ཤིང་གིས་ཉོན་མོངས་པར་ཡང་མི་འགྱུར། སྨན་གྱི་ཤིང་གིས་རྣམ་པར་བྱང་བར་ཡང་མི་འགྱུར་རོ། །འཇམ་དཔལ། དེ་བཞིན་དུ་ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་ཡང་དུག་གི་ཤིང་ལྟ་བུའི་ཕུང་པོའང་འཆང ། སྨན་གྱི་ཤིང་ལྟ་བུའི་དབང་པོའང་འཆང་མོད་ཀྱི། ཕུང་པོའི་ཉོན་མོངས་པས་ཉོན་མོངས་པར་ཡང་མི་འགྱུར། རྣམ་པར་དག་པའི་དབང་པོས་རྣམ་པར་བྱང་བར་ཡང་མི་འགྱུར་ལ། གཉིས་ཀའི་བྱ་བའང་བྱེད་དོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། ཆུའི་སྣོད་བུ་གུ་བརྒྱ་ཡོད་པ་ལ།
398a
༄#། །བུ་གུ་གཅིག་བཀག་ན་ཐམས་ཅད་ནས་མི་འཛག་གོ་།བུ་གུ་གཅིག་བྱེ་ན་ཐམས་ཅད་ནས་ཀྱང་འཛག་གོ་།འཇམ་དཔལ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མཉམ་པར་བཞག་པའི་ཚེ་མངོན་པར་ཤེས་པ་ཆེན་པོ་ལ་ཡོངས་སུ་རྫོགས་པར་བྱེད་ཀྱི་ཡུལ་ལ་མི་འཛག་གོ་།ཡང་ལངས་པ་ན་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་སོ་སོ་ཇི་ལྟར་འོས་པ་ཆོས་བསྟན་པའི་ཕྱིར་ཡུལ་ཐམས་ཅད་དུ་ཟག་གོ་།འཇམ་དཔལ། འདི་ལྟ་སྟེ། དཔེར་ན། མཆོག་ཏུ་མཐུ་དང་ལྡན་པའི་རྟ་ཅང་ཤེས་ནི་རྟ་ཞོན་པ་ལ་སྲུང་བར་བྱེད་དེ། བདག་ལ་ནི་དེ་ལྟ་མ་ཡིན་ནོ། །འཇམ་དཔལ། དེ་བཞིན་དུ་སྙིང་རྗེ་ཆེན་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་མཆོག་ཏུ་མཐུ་དང་ལྡན་པ་དག་ནི་སེམས་ཅན་རྣམས་ལ་སྲུང་བར་བྱེད་དེ། བདག་ལ་ནི་དེ་ལྟ་མ་ཡིན་ནོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། རི་དྭགས་ཀྱི་རྒྱལ་པོ་སེང་གེ་ནི་མེ་འབར་བ་མ་གཏོགས་པར་ཅིས་ཀྱང་མི་འཇིགས་སོ། །འཇམ་དཔལ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཉན་ཐོས་དང ། རང་སངས་རྒྱས་ཀྱི་སར་ལྟུང་བ་མ་གཏོགས་པར་ཅིས་ཀྱང་མི་འཇིགས་སོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། བལ་གླང་གི་རྒྱལ་པོས་སྲུང་གི་བུ་ནི་དུད་འགྲོའི་སྐྱེ་གནས་སུ་གཏོགས་མོད་ཀྱི། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་བསོད་ནམས་བསགས་པའི་ཕྱིར་དགའ་བ་དང་རྩེ་བའི་ཚོགས་
398b
ཐམས་ཅད་སོ་སོ་ཅི་རིགས་པར་སྟོན་ཏོ། །འཇམ་དཔལ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དུད་འགྲོའི་སྐྱེ་གནས་སུ་སོང་ཡང་འདི་ལྟ་སྟེ། སེམས་ཅན་རྣམས་སོ་སོ་ཅི་རིགས་པར་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཆོས་ཀྱི་ཚོགས་ཐམས་ཅད་སྟོན་ཏོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། གང་གཙུབ\?\་སྟན་ལས་བྱུང་བ་དང ། གང་ནོར་བུ་རིན་པོ་ཆེ་ལས་བྱུང་བའི་མེ་དེ་གཉིས་ཀའང་ཚ་བའི་བདག་ཉིད་དོ། །འཇམ་དཔལ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་སེམས་དང་པོ་བསྐྱེད་པ་དང ། གང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་སེམས་ཐ་མ་བསྐྱེ་པ་དེ་གཉིས་ཀའང་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་སྲེག་པའི་བདག་ཉིད་དོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། དྲིའི་ཤིང་སྣ་ཚོགས་རྣམས་ནི་དེ་དག་ཐམས་ཅད་ཁམས་བཞིས་ཡོངས་སུ་བཟུང་སྟེ་སྐྱེའོ། །འཇམ་དཔལ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་སྣ་ཚོགས་ཀྱི་ཚོགས་བསགས་པ་དེ་དག་ཐམས་ཅད་ཀྱང ། བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་བཟུང་ཞིང་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་ན་སྐྱེའོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་གང་དུ་འགྲོ་བ་དེར་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་དཔུང་གི་ཚོགས་ཐམས་ཅད་འདོང་ངོ ། །འཇམ་དཔལ། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐབས་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་
399a
༄#། །ཕྱིན་པ་གང་དུ་འགྲོ་བ་དེར་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་འདོང་ངོ ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། བྱའི་རྒྱལ་པོ་ཀ་ལ་པིངྐའི་ཕྲུག་གུ་སྒོ་ངའི་སྦུབས་ན་འདུག་པ་སྒོ་ང་མི་ཆག་ཅིང་སྦུབས་ནས་མ་བྱུང་ཡང་འདི་ལྟ་སྟེ། སྒྲ་ཡིད་དུ་འོང་བ་ཀ་ལ་པིངྐའི་སྒྲ་ཉིད་སྒྲོགས་སོ། །འཇམ་དཔལ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མ་རིག་པའི་སྒོ་ངའི་སྦུབས་སུ་ཞུགས་པ། འཇིག་ཚོགས་ལ་ལྟ་བ་མ་བཅོམ་པ། ཁམས་གསུམ་ནས་མངོན་པར་མ་བྱུང་ཡང་འདི་ལྟ་སྟེ། སྒྲ་སྟོང་པ་ཉིད་དང།་མཚན་མ་མེད་པ་དང ། སྨོན་པ་མེད་པ་དང ། མངོན་པར་འདུ་བྱ་བ་མེད་པ་དང ། སངས་རྒྱས་ཀྱི་ཆོས་ཀྱི་སྒྲ་ཉིད་སྒྲོགས་སོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། ཀ་ལ་པིངྐ་རྨ་བྱའི་ནང་དུ་སོང་ན་ཀ་ལ་པིངྐའི་སྒྲ་མི་སྒྲོགས་སོ། །ཀ་ལ་པིངྐའི་ནང་དུ་སོང་ན་ནི་ཀ་ལ་པིངྐའི་སྒྲ་སྒྲོགས་སོ། །འཇམ་དཔལ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཉན་ཐོས་དང ། རང་སངས་རྒྱས་ཀྱི་ནང་དུ་སོང་ན་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པའི་སྒྲ་མི་སྒྲོགས་སོ། །བྱང་ཆུབ་སེམས་དཔའི་ནང་དུ་སོང་ན་ནི་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པའི་སྒྲ་སྒྲོགས་སོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། རྣམ་པར་འཐོར་རླུང་ནི་ཛམྦུའི་གླིང་གི་ཤིང་ངམ། ཁང་པའམ། གཞལ་མེད་ཁང་ངམ། ས་
399b
ཕྱོགས་རྣམས་ཀྱིས་བཟོད་པར་མི་ནུས་སོ། །འཇམ་དཔལ། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་སྒྲོགས་པ་ན་སངས་རྒྱས་ཀྱི་བྱིན་ཀྱི་རླབས་ཀྱིས་བྱིན་གྱིས་མ་བརླབས་པའི་ཉན་ཐོས་དང ། རང་སངས་རྒྱས་རྣམས་ཀྱིས་མོས་པའམ། དད་པར་མི་ནུས་ཏེ། གང་དག་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་དེ་དག་ནི་མོས་ཤིང་ཡིད་ཆེས་སོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། ཉི་མའི་འོད་ནི་གཙང་བ་དང ། མི་གཙང་བ་གཉིས་ཀ་ལ་འཆར་མོད་ཀྱི། གཙང་བ་ལའང་རྗེས་སུ་ཆགས་པར་མི་བྱེད། མི་གཙང་བ་ལའང་ཁོང་ཁྲོ་བར་མི་བྱེད་དེ། ཉི་མའི་དཀྱིལ་འཁོར་ནི་གང་དུའང་བརྗོད་པར་བྱ་བ་མ་ཡིན་ནོ། །འཇམ་དཔལ། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་འོད་ཟེར་ཀྱང་ཉན་ཐོས་དང ། སོ་སོའི་སྐྱེ་བོ་ལ་འཆར་མོད་ཀྱི། ཉན་ཐོས་རྣམས་ལ་རྗེས་སུ་ཆགས་པར་ཡང་མི་བྱེད། སོ་སོའི་སྐྱེ་བོ་རྣམས་ལ་ཁོང་ཁྲོ་བར་ཡང་མི་བྱེད། བྱང་ཆུབ་སེམས་དཔའ་ནི་གང་དུའང་བརྗོད་པར་བྱ་བ་མ་ཡིན་ནོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། ནམ་ཤིང་ཡོངས་འདུས་བརྟོལ་གྱི་ལོ་མ་ལྷགས་པར་གྱུར་པ་དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་རིང་པོར་མི་ཐོགས་པར་ཤིང་ཡོངས་འདུ་ས་བརྟོལ་འདི་མེ་ཏོག་དང ། འབྲས་བུ་དང་ལྡན་པར་འགྱུར་རོ་སྙམ་ནས་ཡིད་དགའ་བར་འགྱུར་རོ། །འཇམ་དཔལ། དེ་བཞིན་དུ་ནམ་བྱང་ཆུབ་སེམས་
400a
༄#། །དཔའ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་གྱུར་པ་དེའི་ཚེ་རིང་པོར་མི་ཐོགས་པར་བྱང་ཆུབ་སེམས་དཔའ་འདི་ནི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་ཀྱི་མེ་ཏོག་དང ། འབྲས་བུ་སྦྱིན་པར་འགྱུར་རོ་ཞེས་སངས་རྒྱས་བཅོམ་ལྡན་འདས་རྣམས་བསྟོད་པར་འགྱུར་རོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། ཤིང་གང་དག་རླུང་གིས་བཏུད། ཀུན་ཏུ་བཏུད། རབ་ཏུ་བཏུད་པ་དེ་དག་འགྱེལ་བར་འཇིགས་པ་མེད་དོ། །འཇམ་དཔལ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་དག་སེམས་ཅན་ཐམས་ཅད་ལ་འདུད། ཀུན་ཏུ་འདུད། རབ་ཏུ་འདུད་པ་དེ་དག་ཉན་ཐོས་དང ། རང་སངས་རྒྱས་ཀྱི་སར་ལྟུང་བར་འཇིགས་པ་མེད་དོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། ཆུ་ནི་གང་དུ་དམའ་བ་དེར་འབབ་བོ། །འཇམ་དཔལ། དེ་བཞིན་དུ་ང་རྒྱལ་མེད་པའི་བྱང་ཆུབ་སེམས་དཔའ་ཡང་ཐམས་ཅད་མཁྱེན་པ་ཉིད་ག་ལ་བ་དེར་འགྲོའོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། ནམ་རྒྱ་མཚོ་ཆེན་པོ་དང་པོ་གནས་པ་དེའི་ཚེ་ས་ཆེན་པོ་ཐམས་ཅད་ཀྱི་ནང་ན་དམའ་བའི་ས་ཕྱོགས་དེར་དང་པོར་གནས་ཏེ། དེ་ནས་འབབ་ཆུའི་རྒྱུན་ཐམས་ཅད་ཚེགས་ཆུང་དུས་དེར་མངོན་དུ་འབབ་པར་འགྱུར་རོ། །འཇམ་དཔལ། དེ་བཞིན་དུ་ང་རྒྱལ་མེད་པའི་བྱང་ཆུབ་སེམས་དཔའ་དེ་ལ་ཚེགས་ཆུང་ངུས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐམས་
400b
ཅད་དུ་མངོན་སུམ་དུ་འགྱུར་རོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། ནོར་བུ་རིན་པོ་ཆེ་རྡོ་རྗེས་ནོར་བུ་རིན་པོ་ཆེ་ཐམས་ཅད་འབིགས་མོད་ཀྱི། ནོར་བུ་རིན་པོ་ཆེ་རྡོ་རྗེ་དེ་ནི་དེ་དག་གིས་མི་ཕིགས་སོ། །འཇམ་དཔལ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཉན་ཐོས་དང ། རང་སངས་རྒྱས་རྣམས་འདུལ་མོད་ཀྱི། དེ་དག་གི་འདུལ་བ་དེར་ཡང་མི་ལྟུང་ངོ ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། མེ་ཏོག་མནྡཱ་ར་བ་རླུང་གིས་བསྐྱོད་ན་དཔག་ཚད་བརྒྱ་ཁོ་ར་ཁོར་ཡུག་ཏུ་དྲིས་ཁྱབ་བོ། །འཇམ་དཔལ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འཕགས་པའི་ཡེ་ཤེས་ཀྱིས་བསྐྱོད་པའང་སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོའི་དྲིས་ཁྱབ་པར་བྱེད་དོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། གང་དག་མེ་ཏོག་མནྡཱ་ར་བའི་དྲི་སྣོམ་པ་དེ་དག་ནི་ནད་ཐམས་ཅད་ཀྱིས་མི་འདེབས་སོ། །འཇམ་དཔལ། དེ་བཞིན་དུ་གང་དག་བྱང་ཆུབ་སེམས་དཔའི་བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོའི་དྲི་སྣོམ་པ་དེ་དག་ཉོན་མོངས་པའི་ནད་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། སངས་རྒྱས་འབྱུང་བ་མེད་ན་ཨུ་དུམྦཱ་རའི་མེ་ཏོག་མི་འབྱུང་ངོ ། །འཇམ་དཔལ། དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་མེད་ན་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་མེ་ཏོག་ཀྱང་མི་འབྱུང་ངོ ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། ནམ་ཀླུའི་རྒྱལ་པོ་མ་དྲོས་པ་ཆར་འབེབ་པ་དེའི་
401a
༄#། །ཚེ། ཛམྦུའི་གླིང་ཐམས་ཅད་ཁྱབ་པར་ཆར་འབེབས་སོ། །འཇམ་དཔལ། དེ་བཞིན་དུ་ནམ་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཀྱི་ཆར་འབེབས་པ་དེའི་ཚེ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་མཉམ་པར་འབེབས་སོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། མཚོ་ཆེན་པོ་མ་དྲོས་པ་ལས་ཀླུང་གི་རྒྱུན་བཞི་འབབ་སྟེ། རྒྱ་མཚོ་ཆེན་པོ་བཞི་ཡོངས་སུ་འགེངས་སོ། །འཇམ་དཔལ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་བསྡུ་བའི་དངོས་པོ་བཞི་འབབ་པས་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། ། འཇམ་དཔལ། འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོ་མེད་ན་ཛམྦུའི་གླིང་གི་མི་རྣམས་ནོར་བུ་རིན་པོ་ཆེ་ལ་སྤྱོད་པར་མི་འགྱུར་རོ། །འཇམ་དཔལ། དེ་བཞིན་དུ་སངས་རྒྱས་འབྱུང་བ་མེད་ན་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་རྣམ་པར་གྲོལ་བའི་ཆོས་རིན་པོ་ཆེ་ལ་སྤྱོད་པར་མི་འགྱུར་རོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། གཟུགས་གང་ཅིའང་རུང་སྟེ། དེ་དག་ཐམས་ཅད་འབྱུང་བ་ཆེན་པོ་བཞིས་ཡོངས་སུ་བཟུང་ངོ ། །འཇམ་དཔལ། དེ་བཞིན་དུ་གང་བྱང་ཆུབ་སེམས་དཔའི་ཆོས་གང་ཅིའང་རུང་སྟེ། དེ་དག་ཐམས་ཅད་བྱིན་གྱིས་རླབས་བཞིས་ཡོངས་སུ་བཟུང་ངོ ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། གཡང་ས་ཉམ་ང་བ་ན་འདུག་པའི་སྨན་གྱི་ཤིང་སྐྱེ་བོ་མང་པོའི་ཉེ་བར་འཚོ་བར་མི་
401b
འགྱུར་རོ། །འཇམ་དཔལ། དེ་བཞིན་དུ་ཉན་ཐོས་འཁོར་བས་འཇིགས་པའི་གཡང་ས་ཉམ་ང་བར་གནས་པ་རྣམས་ཀྱི་ནི་སྐྱེ་བོ་མང་པོས་ཉེ་བར་འཚོ་བར་མི་འགྱུར་རོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། གྲོང་ཁྱེར་གྱི་ནང་ན་འདུག་པའི་སྨན་གྱི་ཤིང་ནི་སྐྱེ་བོ་མང་པོའི་ཉེ་བར་འཚོ་བར་འགྱུར་རོ། །འཇམ་དཔལ། དེ་བཞིན་དུ་བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོའི་ནང་དུ་སོང་བའི་བྱང་ཆུབ་སེམས་དཔའ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བསྐྱེད་པས་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་འགྱུར་རོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། གང་དབྱར་བྱུང་བའི་ཆུ་མིག་དེ་དག་ནི་ཡུན་རིང་དུ་གནས་པར་མི་འགྱུར་རོ། །འཇམ་དཔལ། དེ་བཞིན་དུ་གང་ཉན་ཐོས་རྣམས་ཀྱིས་ཆོས་བསྟན་པ་དེ་ནི་ཡུན་རིང་དུ་གནས་པར་མི་འགྱུར་རོ། ། འཇམ་དཔལ། འདི་ལྟ་སྟེ། དཔེར་ན། གང་དཔྱིད་བྱུང་བའི་ཆུ་མིག་དེ་ནི་ཡུན་རིང་དུ་གནས་པར་འགྱུར་རོ། །འཇམ་དཔལ། དེ་བཞིན་དུ་གང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་བསྟན་པ་དེ་ནི་ཡུན་རིང་དུ་གནས་པར་འགྱུར་རོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། རིའི་རྒྱལ་པོ་གངས་རིའི་ཤིང་གང་དག་བཅད་པ་དེ་དག་ནི་སླར་ཡང་མྱུར་དུ་སྐྱེའོ། །འཇམ་དཔལ། དེ་བཞིན་དུ་ནམ་དེ་བཞིན་གཤེགས་པས་བྱ་བ་བྱས་ཏེ་ཡོངས་སུ་མྱ་ངན་ལས་འདས་ཀྱང་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་
402a
༄#། །འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་ལྟར་བྱང་ཆུབ་སེམས་དཔའི་ཡོན་ཏན་བསྔགས་པ་ཚད་མ་མཆིས་པ་དང་ལྡན་པ་དེ་དག་གི་ཡང་དག་པའི་ཡོན་ཏན་བསྔགས་པ་འདི་ལྟ་བུ་འདི་དག་དེ་བཞིན་གཤེགས་པས་གསུངས་པ་ངོ་མཚར་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་དེ་དག་ཡང་དག་པའི་ཡོན་ཏན་བསྔགས་པ་དེ་ལྟ་བུ་དེ་དག་ཐོས་ནས་དགའ་བར་མི་འགྱུར། རྒྱགས་པར་མི་འགྱུར་བ་དེའང་མཆོག་ཏུ་ངོ་མཚར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ནི་རྩ་བ་དག་པ་སྟེ། ཡང་དག་པའི་ཡོན་ཏན་དང་བསྔགས་པ་བརྗོད་པས་དགའ་བར་ཡང་མི་འགྱུར། རྒྱགས་པར་ཡང་མི་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་རྣམས་རྩ་བ་གང་ལས་དག་པ་ལགས། བཀའ་སྩལ་པ། རབ་འབྱོར། བྱང་ཆུབ་སེམས་དཔའ་རྣམས་ནི་བདག་མེད་པའི་རྩ་བ་དང ། སེམས་ཅན་མེད་པ་དང ། སྲོག་མེད་པ་དང ། གསོ་བ་མེད་པ་དང ། གང་ཟག་མེད་པའི་རྩ་བ་དང ། འཇིག་ཚོགས་ལ་ལྟ་བའི་རྩ་བ་དང ། མ་རིག་པ་དང་སྲིད་པའི་སྲེད་པའི་རྩ་བ་དང ། ང་དང་ངའི་ཞེས་བྱ་བའི་རྩ་བ་ལས་དག་གོ་།གསོལ་པ། བཅོམ་ལྡན་འདས། དག་པ་ཞེས་
402b
བགྱི་བས་ཅི་ཞིག་བསྟན་པ་ལགས། བཀའ་སྩལ་པ། མ་བཟུང ། མ་བཏང་བ་སྟེ། དེ་བས་ན་དག་པ་ཞེས་བྱའོ། །མ་སྐྱེས། མ་འགགས། མ་བརྟགས། རྣམ་པར་མ་བརྟགས། མ་ཕྱུང ། མ་བཅུག་།མ་བྱས། རྣམ་པར་མ་བྱས། མུན་པ་མ་ཡིན། སྣང་བ་མ་ཡིན། ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན། བཅིངས་པ་མ་ཡིན། ཐར་པ་མ་ཡིན། འཁོར་བ་མ་ཡིན། མྱ་ངན་ལས་འདས་པ་མ་ཡིན་ཏེ། དེ་བས་ན་དག་པ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས། གལ་ཏེ་འཁོར་བའང་མ་ལགས། མྱ་ངན་ལས་འདས་པའང་མ་ལགས་ན་དེ་ལ་དག་པ་དེ་གང་ལགས། བཀའ་སྩལ་པ། རབ་འབྱོར། གང་མྱ་ངན་ལས་འདས་པར་ཡང་རློམ་སེམས་མེད་ལ་འཁོར་བ་ལ་མངོན་པར་ཞེན་པའང་མེད་པ་དེ་ཉིད་འདིར་དག་པའོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། ནམ་མཁའ་དག་པ་ཞེས་བྱའང་ནམ་མཁའ་ནི་དག་པའང་མ་ཡིན། ཀུན་ནས་ཉོན་མོངས་པའང་མ་ཡིན་ཏེ། འོན་ཀྱང་ནམ་མཁའ་ནི་དག་པ་ཞེས་བྱའོ། །རབ་འབྱོར། དེ་བཞིན་དུ་མྱ་ངན་ལས་འདས་པ་དག་པ་ཞེས་བྱའང་མྱ་ངན་ལས་འདས་པ་ནི་དག་པའང་མ་ཡིན། ཀུན་ནས་ཉོན་མོངས་པའང་མ་ཡིན་ཏེ། འོན་ཀྱང་མྱ་ངན་ལས་འདས་པ་དག་པ་ཞེས་བྱའོ། །རབ་འབྱོར། འདི་ཅི་སྙམ་དུ་སེམས། ཁྱོད་ཅི་དག་པ་ཡིན་མམ། གསོལ་པ། བཅོམ་ལྡན་འདས། ནམ་ཀུན་ནས་ཉོན་མོངས་པ་མ་
403a
༄#། །མཆིས་པ་དེའི་ཚེ་བདག་དག་པའོ། །བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱི་ཀུན་ནས་ཉོན་མོངས་པ་མེད་པའི་རྣམ་པར་དག་པ་གང་ཡིན། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཆོས་ཀྱི་དབྱིངས་ནི་རང་བཞིན་གྱིས་ཡོངས་སུ་དག་པ་སྟེ། བདག་གིས་དེ་ཡོངས་སུ་རྟོགས་པས་དེའི་སླད་དུ་ཡོངས་སུ་དག་གོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཆོས་ཀྱི་དབྱིངས་ཡོངས་སུ་ཤེས་པར་ནུས་སམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་ཆོས་ཀྱི་དབྱིངས་མ་གཏོགས་པར་ཆོས་གཞན་འགའ་ཞིག་མཆིས་ན་ནི་དེས་ཆོས་ཀྱི་དབྱིངས་ཡོངས་སུ་འཚལ་བར་འགྱུར་གྱི། ཆོས་ཀྱི་དབྱིངས་ཉིད་ཀྱིས་ནི་ཆོས་ཀྱི་དབྱིངས་ཡོངས་སུ་མི་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། གལ་ཏེ་ཆོས་ཀྱི་དབྱིངས་མ་གཏོགས་པར་གང་ཆོས་ཀྱི་དབྱིངས་ཡོངས་སུ་ཤེས་པའི་ཆོས་དེའང་མེད་ན་ཆོས་ཀྱི་དབྱིངས་དེ་ཁྱོད་ཀྱིས་ཇི་ལྟར་ཡོངས་སུ་ཤེས། དེ་སྐད་ཅེས་བཀའ་སྩལ་པ་དང ། ཚེ་དང་ལྡན་པ་རབ་འབྱོར་ཅང་མི་སྨྲ་བར་གྱུར་ཏོ།། །།བམ་པོ་གཉིས་པ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཚེ་དང་ལྡན་པ་རབ་འབྱོར་ཅང་མི་སྨྲ་བར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་ཁྱོད་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྨྲས་པའི་ལན་གླན་པ་ལས་
403b
འདུག་པར་འགྱུར། རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། གང་གི་ཚེ་སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་ཞུགས་པ་དེའི་ཚེ་ཁོ་བོ་འདུག་གོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་རྣམས་ཀྱི་སྤོབས་པ་ནི་ཐོགས་པ་དང་བཅས་པ། བར་ཆད་དང་བཅས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ནི་ཐོགས་པ་མེད་པ། བར་ཆད་མེད་པའོ། ། འཇམ་དཔལ་གྱིས་སྨྲས་པ། ཅི་བཙུན་པ་རབ་འབྱོར། ཆོས་ཀྱི་དབྱིངས་ལ་ཐོགས་པའམ། བར་ཆད་པ་གང་ཡང་དམིགས་སམ། སྨྲས་པ། འཇམ་དཔལ། དེ་ནི་མ་ཡིན་ཏེ། ཆོས་ཀྱི་དབྱིངས་ལ་ནི་ཐོགས་པའམ། བར་ཆད་པ་མི་དམིགས་སོ། །སྨྲས་པ། འོན་ཅིའི་ཕྱིར། ཚེ་དང་ལྡན་པ་རབ་འབྱོར་འཆད་པ་ལས་བར་ཆད་དུ་གྱུར། སྨྲས་པ། འཇམ་དཔལ། གང་གིས་ཆོས་ཀྱི་དབྱིངས་ལ་ཡོངས་སུ་ཆད་པའི་ཚུལ་གྱིས་ཡོངས་སུ་ཤེས་པ་དེ་དག་ནི་འཆད་པ་བར་ཆད་པ་ཡིན་གྱི། གང་ཡང་ཆོས་ཀྱི་དབྱིངས་ལ་ཚད་མེད་པའི་ཚུལ་གྱིས་ཡོངས་སུ་ཤེས་པ་དེ་དག་ནི་ཆད་པར་མི་འཆད་དོ། །སྨྲས་པ། བཙུན་པ་རབ་འབྱོར། ཅི་ཆོས་ཀྱི་དབྱིངས་ལ་ཡོངས་སུ་ཆད་པ་གང་ཡང་ཡོད་དམ། སྨྲས་པ། འཇམ་དཔལ། དེ་ནི་མ་ཡིན་ཏེ། ཆོས་ཀྱི་དབྱིངས་ནི་ཀུན་གྱི་སྒོ་སྟེ། ཆོས་ཀྱི་དབྱིངས་ལ་ཡོངས་སུ་ཆད་པ་གང་ཡང་མེད་དེ། སྨྲས་པ། འོན་ཅིའི་ཕྱིར། བཙུན་པ་རབ་འབྱོར། ཆོས་ཀྱི་དབྱིངས་ལ་
404a
༄#། །ཡོངས་སུ་ཆད་པར་སྟོན། སྨྲས་པ། འཇམ་དཔལ། ཉན་ཐོས་ཀྱི་ཡུལ་ཚད་མར་བྱས་ཏེ་ཆོས་ཀྱི་དབྱིངས་ཡོངས་སུ་ཆད་པར་སྟོན་ཏོ། །སངས་རྒྱས་ཀྱི་ཡུལ་ཚད་མར་བྱས་ཏེ། དེ་ནི་ཆོས་ཀྱི་དབྱིངས་ཚད་མེད་པར་སྟོན་ཏོ། །འཇམ་དཔལ་གྱིས་སྨྲས་པ། ཅི་བཙུན་པ་རབ་འབྱོར། ཆོས་ཀྱི་དབྱིངས་ཡུལ་ལས་བྱུང་ངམ། རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། ཆོས་ཀྱི་དབྱིངས་ཡུལ་ལས་བྱུང་བ་མ་ཡིན་ཏེ། འཇམ་དཔལ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ནི་ཡུལ་མེད་པ། ཡུལ་དང་བྲལ་བའོ། །འཇམ་དཔལ་གྱིས་སྨྲས་པ། འོ་ན་ཅིའི་ཕྱིར། ཚེ་དང་ལྡན་པ་རབ་འབྱོར། ཡུལ་ཐ་དད་པར་སྟོན། རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། ཉན་ཐོས་རྣམས་ཀྱི་སྤོབས་པ་ནི་ཐོགས་པ་དང་བཅས་པ། བར་ཆད་དང་བཅས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ནི་ཐོགས་པ་མེད་པ། བར་ཆད་མེད་པའོ་ཞེས་དང་པོ་ཉིད་དུ་ཁོ་བོས་མ་སྨྲས་སམ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར་ཁྱོད་ཀྱིས་སོ་སོ་ཡང་དག་པར་རིག་པ་མ་ཐོབ་བམ། རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། ཁོ་བོས་སོ་སོ་ཡང་དག་པར་རིག་པ་ཐོབ་བོ། །འཇམ་དཔལ་གྱིས་སྨྲས་པ། འོ་ན་ཅིའི་ཕྱིར། ཚེ་དང་ལྡན་པ་རབ་འབྱོར། འཆད་བ་བར་ཆད། རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། ཉན་ཐོས་རྣམས་ཀྱི་སོ་སོ་ཡང་དག་པར་རིག་པ་
404b
ནི་སེམས་ཅན་གྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་དང་བྲལ་བ་སྟེ། དེ་བས་ན་འཆད་པ་བར་ཆད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་ཡང་དག་པར་རིག་པ་ནི། སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པས་བསྐྱེད་པ་སྟེ། དེ་བས་ན་འཆད་པ་བར་མི་འཆད་དོ། །འཇམ་དཔལ་གྱིས་སྨྲས་པ། ཅི་ཡེ་ཤེས་ཀྱི་དབྱིངས་གང་གིས་ཚེ་དང་ལྡན་པ་རབ་འབྱོར་གྱི་སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་བསྐྱེད་པའི་ཡེ་ཤེས་ཀྱི་དབྱིངས་དེ་བར་ཆད་པའི་མཚན་ཉིད་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། དེ་ནི་མ་ཡིན་ཏེ། ཡེ་ཤེས་ཀྱི་དབྱིངས་ནི་ཐོགས་པ་མེད་པའི་མཚན་ཉིད་བར་ཆད་པ་མེད་པའི་རང་བཞིན་ཅན་ནོ། །འཇམ་དཔལ་གྱིས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། གལ་ཏེ་ཡེ་ཤེས་ཀྱི་དབྱིངས་ཐོགས་པ་མེད་པའི་མཚན་ཉིད་བར་ཆད་པ་མེད་པའི་རང་བཞིན་ཅན་ཡིན་ན། འོ་ན་ཅིའི་ཕྱིར། འཆད་པ་བར་ཆད། རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ཉན་ཐོས་རྣམས་ཀྱི་ནང་ན་ཤེས་རབ་ཆེ་བའི་མཆོག་ཏུ་བཅོམ་ལྡན་འདས་ཀྱིས་གསུངས་ཀྱི། འདི་ལ་དྲིས་ཤིག་དང ། འདི་ཉིད་ཁྱོད་ལ་འཆད་པར་འགྱུར་རོ། ། ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཉིད་ཀྱིས་ཤོད་ཅིག་།ཁོ་བོ་ནི་འཇམ་དཔལ་གཞོན་ནུར་གྱུར་པས་ཆོས་བསྟན་པ་ཉན་པར་འདོད་ཀྱི། འཆད་པར་ནི་མི་འདོད་
405a
༄#། །དོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་གཞོན་ནུར་གྱུར་པ་འདི་སྔོན་སངས་རྒྱས་བརྒྱ་སྟོང་ཕྲག་མང་པོའི་སྤྱན་སྔ་ན་ཆོས་འཆད་ཅིང ། ཉན་ཐོས་ཆེན་པོ་དག་ཀྱང་ཅང་མི་སྨྲ་བར་གཞོག་པ་ཁོ་བོས་མཐོང་ངོ ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར། ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ཕྲག་མང་པོ་འདས་པ་ན་འཇིག་རྟེན་གྱི་ཁམས་དང་བ་ཅན་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཀྱི་ཏོག་ཅེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །དེ་ན་ཉན་ཐོས་ཆེན་པོ་ཤེས་རབ་སྒྲོན་མ་ཞེས་བྱ་བ་ཉན་ཐོས་རྣམས་ཀྱི་ནང་ན་ཤེས་རབ་ཆེ་བའི་མཆོག་ཏུ་བཅོམ་ལྡན་འདས་དེས་གསུངས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཀྱི་ཏོག་དེ་ནམ་ནང་དུ་ཡང་དག་འཇོག་པར་གྱུར་པ་དེའི་ཚེ་ཉན་ཐོས་ཆེན་པོ་ཤེས་རབ་སྒྲོན་མ་དེ་ཚངས་པའི་འཇིག་རྟེན་མན་ཆད་དུ་མངོན་པར་སོང་སྟེ། ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདུན་པར་བྱས་ནས་ཆོས་སྟོན་ཏོ། །ཁོ་བོ་པོ་དང ། འཇམ་དཔལ་གཞོན་ནུར་གྱུར་པའང་འཇིག་རྟེན་གྱི་ཁམས་དེར་ཕྱིན་ཏེ། གཞན་ཡང་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་མང་པོ་དང ། ལྷའི་བུ་བརྒྱ་ཕྲག་སྟོང་ཡང་ཆོས་
405b
ཉན་པར་འདོད་པའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པའི་ཕྱིར་འབྲང་བར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་འོད་གསལ་གྱི་ལྷའི་རིགས་སུ་འདུག་སྟེ། མགུལ་བསལ་བའི་སྒྲ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྒྲས་གོ་བར་འགྱུར་བ་དང ། བདུད་ཀྱི་གནས་ཐམས་ཅད་སྤ་གོང་བར་འགྱུར་བ་དེ་ལྟ་བུའི་མགུལ་བསལ་བའི་སྒྲ་ཕྱུང་ངོ ། །དེ་ནས་ཉན་ཐོས་ཆེན་པོ་དེས་མགུལ་བསལ་བའི་སྒྲ་དེ་ཐོས་པ་དང ། མགུལ་བསལ་བའི་སྒྲ་དེའི་ཤུགས་མ་བཟོད་པས་རྣམ་པར་འཐོར་རླུང་གིས་བུས་པའི་བྱ་བཞིན་དུ་ས་ལ་ལྷུང་སྟེ། དེ་དངངས་ཏེ་སྤུ་ཟིང་ཞེས་བྱེད་པར་གྱུར་ནས། ངོ་མ་ཚར་དུ་བཟུང་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཀྱི་ཏོག་དེ་ག་ལ་བ་དེར་སོང་ནས་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས། མགུལ་བསལ་བའི་སྒྲ་གང་ཐོས་པས་བདག་མགུལ་བསལ་བའི་སྒྲའི་ཤུགས་དེ་མ་བཟོད་པས་རྣམ་པར་འཐོར་རླུང་གིས་བུས་པའི་བྱ་བཞིན་དུ་དོགས་ལ་ལྷུང་བར་གྱུར་པའི་མགུལ་བསལ་བའི་སྒྲ་ཟབ་མོ་འདི་ལྟ་བུ་འདི་སུས་བགྱིས། བཅོམ་ལྡན་འདས་དེས་བཀའ་སྩལ་པ། དགེ་སློང་འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བྱ་བ་ཕྱིར་
406a
༄#། །མི་ལྡོག་པ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་དེ་ང་ལ་བལྟ་བ་དང ། ཕྱག་བྱ་བ་དང ། བསྙེན་བཀུར་བྱ་བ་དང ། ཡོངས་སུ་ཞུ་བ་དང ། ཡོངས་སུ་ལེགས་པར་ཞུ་བར་བྱ་བའི་ཕྱིར་ཆགས་པ་མེད་པའི་རྫུ་འཕྲུལ་གྱི་སྟོབས་ཀྱིས་རྣམ་པར་རྩེ་ཞིང་འཇིག་རྟེན་གྱི་ཁམས་འདིར་འོངས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་དེ་འོད་གསལ་གྱི་ལྷའི་རིས་སུ་འདུག་ནས་མགུལ་བསལ་བའི་སྒྲ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྒྲས་གོ་བར་འགྱུར་བ་དང ། བདུད་ཀྱི་གནས་ཐམས་ཅད་སྤ་གོང་བར་འགྱུར་བ་དེ་ལྟ་བུའི་མགུལ་བསལ་བའི་སྒྲ་ཕྱུང་ངོ ། །དེས་གསོལ་པ། བཅོམ་ལྡན་འདས། སྐྱེས་བུ་དམ་པ་དེ་ལྟ་བུ་དག་མཐོང་ན་ལེགས་པར་འགྱུར་གྱི། འཇམ་དཔལ་གཞོན་ནུར་གྱུར་པ་དེ་བདག་ཅག་གིས་ཀྱང་བལྟ་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཀྱི་ཏོག་གིས་འཇམ་དཔལ་གཞོན་ནུར་གྱུར་པ་འོང་བར་བྱ་བའི་ཕྱིར་མཚན་མ་མཛད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་བྱང་ཆུབ་སེམས་དཔའ་དེ་དག་དང ། ལྷའི་བུ་དེ་དག་དང་ལྷན་ཅིག་ཏུ་བར་སྣང་དེ་ལས་བབས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཀྱི་
406b
ཏོག་ག་ལ་བ་དེར་དོང་སྟེ་ལྷགས་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་ནས་འཁོར་དང་བཅས་ཏེ་ཇི་ལྟར་རང་གི་སྨོན་ལམ་དང ། རྫུ་འཕྲུལ་གྱི་མཐུས་སྤྲུལ་པའི་སྟན་ལ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཀྱི་ཏོག་གིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཁྱོད་དོན་གྱི་དབང་ཅི་ཞིག་མཐོང་ནས་འཇིག་རྟེན་གྱི་ཁམས་དང་བ་ཅན་འདིར་འོངས། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ལ་བལྟ་བ་དང ། ཕྱག་བགྱི་བ་དང ། བསྙེན་བཀུར་བགྱི་བ་དང ། ཡོངས་སུ་ཞུ་བ་དང ། ཡོངས་སུ་ལེགས་པར་ཞུ་བའི་སླད་དུའོ། །བཅོམ་ལྡན་འདས་དེས་བཀའ་སྩལ་པ། འཇམ་དཔལ། ཇི་ལྟར་ན་དེ་བཞིན་གཤེགས་པ་བལྟ་བ་ཤིན་ཏུ་རྣམ་པར་དག་པར་འགྱུར། ཇི་ལྟར་ན་དེ་བཞིན་གཤེགས་པ་ལ་ཕྱག་བྱས་པར་འགྱུར། ཇི་ལྟར་ན་བསྙེན་བཀུར་བྱས་པར་འགྱུར། ཇི་ལྟར་ན་ཡོངས་སུ་ཞུས་པར་འགྱུར། ཇི་ལྟར་ན་ཡོངས་སུ་ལེགས་པར་ཞུས་པར་འགྱུར། འཇམ་དཔལ་གྱིས་གསོལ་བ།་བཅོམ་ལྡན་འདས། ནམ་ཆོས་མཐོང་བ་ཤིན་ཏུ་རྣམ་པར་དག་པ་དེ་ལྟ་བུ་ནི་དེ་བཞིན་གཤེགས་པ་མཐོང་བ་ཤིན་ཏུ་རྣམ་པར་དག་པ་ལགས་སོ། །བཅོམ་ལྡན་འདས། ནམ་ལུས་
407a
༄#། །དང་སེམས་ཀྱིས་འདུད་པར་མི་བགྱིད། རབ་ཏུ་འདུད་པར་མི་བགྱིད་ཅིང་བགྱིད་པ་མ་མཆིས། ཞུམ་པ་མ་མཆིས་པར་གནས་པ། མི་གཡོ་བ་ཐོབ་པ། སེམས་དབེན་པའི་ངང་ཚུལ་དུ་སྤྱོད་པ། དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བགྱིད་པ་དེ་ལྟ་བུས་ནི་དེ་བཞིན་གཤེགས་པ་ལ་ཕྱག་བགྱིས་པར་འགྱུར་རོ། །བཅོམ་ལྡན་འདས། ནམ་བདག་ཏུ་སྒྲོ་འདོགས་པར་མི་བགྱིད། གཞན་དུ་སྒྲོ་འདོགས་པར་མི་བགྱིད། མཉམ་པ་ཉིད་ལ་མཉམ་པར་མི་བགྱིད། མི་མཉམ་པ་ཉིད་ལ་མི་མཉམ་པར་མི་བགྱིད་ཅིང ། བགྱིད་པ་མ་མཆིས། རྣམ་པར་བགྱིད་པ་མ་མཆིས། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཡང་སྤྱོད་པ་གཅིག་ཏུ་གྱུར་པ། སངས་རྒྱས་ཀྱི་སྐུ་དང ། ཆོས་ཀྱི་སྐུའི་རྗེས་སུ་འཇུག་པ། གང་གི་ལུས་ཀྱང་ཆོས་ཀྱི་དབྱིངས་ཀྱི་རྗེས་སུ་ཞུགས་པར་མཐོང་བ། མཐོང་བ་ལ་མཐོང་བར་མི་མཐོང་བ། ལོག་པར་མི་མཐོང་བ། གང་ལའང་རིང་པོར་མི་འགྱུར་བ། ཉེ་བར་མི་འགྱུར་བ་དེ་ལྟ་བུ་ནི་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བགྱིས་པར་འགྱུར་རོ། །བཅོམ་ལྡན་འདས། ནམ་ཚུལ་བཞིན་མ་ལགས་པར་ནི་མ་ལགས་ཀྱི། ནམ་ཚུལ་བཞིན་དུ་ཞུ་བ། ཚུལ་བཞིན་མ་ལགས་པ། ཅིའང་མི་མཐོང་བ། བདག་གི་ཚུལ་བཞིན་གྱིས་ཆོས་ཐམས་ཅད་ཀྱི་ཚུལ་བཞིན་གྱི་རྗེས་སུ་མཆི་བ་གཡེངས་པའི་སེམས་ཀྱིས་མ་ལགས་ཀྱི། མཉམ་
407b
པར་བཞག་པས་ཞུ་བ། གང་ཞུ་བ་དང ། གང་གི་སླད་དུ་ཞུ་བ་དང ། གང་ལ་ཞུ་བ་དེ་དུས་གསུམ་ཡོངས་སུ་འཚོལ་ཞིང ། འཁོར་གསུམ་ཡོངས་སུ་དག་པས་ཞུ་བ་དེ་ལྟ་བུ་ནི་དེ་བཞིན་གཤེགས་པ་ལ་ཡོངས་སུ་ཞུས་པར་འགྱུར་རོ། །བཅོམ་ལྡན་འདས། ནམ་ཞུ་བ་མཆིས་པ་ལ་རྟོགས་པར་མི་བགྱིད་པ། ཇི་སྐད་གསུངས་པའི་རྗེས་སུ་མཐུན་པར་བགྱིད་པ། དེ་བཞིན་གཤེགས་པ་མཉེས་པར་བགྱིད་པ། འཁོར་ཐམས་ཅད་མགུ་བར་བགྱིད་པ། ཡོངས་སུ་ཞུ་བ་ལ་མི་ཆགས་པ། ཡོངས་སུ་ཞུ་བ་དེས་ཀྱང་སེམས་ཅན་ཚད་མ་མཆིས་པ་རྣམས་བྱང་ཆུབ་ཏུ་གོ་ཆ་སྐོན་ཞིང ། གོ་ཆ་དེའང་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་མི་འདོར་བ་དེ་ལྟ་བུ་ནི་དེ་བཞིན་གཤེགས་པ་ལ་ཡོངས་སུ་ལེགས་པར་ཞུ་བ་བགྱིད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཀྱི་ཏོག་དེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་དེ་བཞིན་གཤེགས་པ་ལ་དེ་ལྟར་བལྟ་བར་བྱའོ། །དེ་ལྟར་ཕྱག་བྱའོ། །དེ་ལྟར་བསྙེན་བཀུར་བྱའོ། །དེ་ལྟར་ཡོངས་སུ་ཞུ་བར་བྱའོ། །དེ་ལྟར་ཡོངས་སུ་ལེགས་པར་ཞུ་བ་བྱའོ་ཞེས་སྨྲས་པ་དེ་ནི་ཁྱོད་ཀྱིས་ལེགས་པར་བཤད་དེ། ལེགས་སོ། །ལེགས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཉན་ཐོས་ཆེན་པོ་ཤེས་རབ་སྒྲོན་མ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་
408a
༄#། །ལྡན་པས་དེ་བཞིན་གཤེགས་པ་ལ་ཇི་ལྟར་མཐོང ། ཇི་ལྟར་ཕྱག་འཚལ། ཇི་ལྟར་བསྙེན་བཀུར་བྱེད། ཇི་ལྟར་ཡོངས་སུ་ཞུ། ཇི་ལྟར་ཡོངས་སུ་ལེགས་པར་ཞུ། དེས་སྨྲས་པ། འཇམ་དཔལ། བསྟན་པ་འདི་ལྟ་བུ་ནི་ཁོ་བོ་ཅག་ལྟ་བུ་ཉན་ཐོས་གཞན་གྱི་སྒྲའི་རྗེས་སུ་མོས་པ་རྣམས་ཀྱི་ཡུལ་མ་ཡིན་ནོ། །སྨྲས་པ། འོ་ན་གང ། མངོན་པར་རྟོགས་པས་ཚེ་དང་ལྡན་པ་ཤེས་རབ་སྒྲོན་མའི་སེམས་རྣམ་པར་གྲོལ། སྨྲས་པ། འཇམ་དཔལ། བདེན་པ་མངོན་པར་རྟོགས་པས་སེམས་རྣམ་པར་གྲོལ་ལོ། །སྨྲས་པ། ཚེ་དང་ལྡན་པ། བདེན་པ་ཞེས་བྱ་བས་ཅི་བསྟན་པར་འགྱུར། དེས་སྨྲས་པ། འཇམ་དཔལ། གཉེན་པོ་མེད་པས་རབ་ཏུ་ཕྱེ་བ་ནི་བདེན་པའོ། །སྨྲས་པ། འོ་ན་ཇི་ལྟར་བདེན་པ་མངོན་པར་རྟོགས་པས་ཚེ་དང་ལྡན་པའི་སེམས་རྣམ་པར་གྲོལ། སྨྲས་པ། འཇམ་དཔལ། ཀུན་རྫོབ་ཉེ་བར་བཟུང་སྟེ། དེ་སྐད་ཅེས་སྟོན་གྱི་དོན་དམ་པར་ནི་མ་ཡིན་ནོ། །སྨྲས་པ། ཅི་ཀུན་རྫོབ་དོན་དམ་པར་འདུའམ། སྨྲས་པ། གལ་ཏེ་མི་འདུན་དོན་དམ་པ་མེད་པར་འགྱུར་རོ། །སྨྲས་པ། འོ་ན་ཇི་ལྟར་ཀུན་རྫོབ་ཉེ་བར་བཟུང་སྟེ་སྟོན་གྱི། དོན་དམ་པར་ནི་མ་ཡིན། གལ་ཏེ་ཀུན་རྫོབ་དོན་དམ་པར་འདུ་ན་ནི་འདི་ལྟ་སྟེ། དོན་དམ་པའི་བདེན་པ་བདེན་པ་གཅིག་པུར་མི་འགྱུར་རམ། སྨྲས་པ། འཇམ་དཔལ། བཤད་པ་འདི་ཐོས་ན་ལས་དང་པོ་པའི་བྱང་
408b
ཆུབ་སེམས་དཔའ་རྣམས་སྐྲག་པར་འགྱུར་རོ། །སྨྲས་པ། བཙུན་པ་ཉིད་ཀྱང་སྐྲག་ན་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ལྟ་ཅི་སྨོས། སྨྲས་པ། འཇམ་དཔལ། ཁོ་པོ་སྐྲག་པར་བྱེད་མི་ནུས་སོ། །སྨྲས་པ། ཚེ་དང་ལྡན་པ། ཅི་སྐྲག་པ་མེད་པ་དང ། སྐྱོ་བ་མེད་པས་ཉེ་བར་ལེན་པ་མེད་པར་ཟག\?\་པ་རྣམས་ལས་སེམས་རྣམ་པར་གྲོལ་ལམ། སྨྲས་པ། འཇམ་དཔལ། ཉན་ཐོས་རྣམས་ནི་སྐྲག་པ་མེད་པ་དང ། སྐྱོ་བ་མེད་པར་རྣམ་པར་མི་གྲོལ་ལོ། །སྨྲས་པ། ཚེ་དང་ལྡན་པ། དེ་བས་ན་སྔོན་སྐྲག\?\་པ་དེ་ཉིད་ལ་བསམས་ནས་བཙུན་པ་ཉིད་ཀྱང་སྐྲག་ན་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ལྟ་ཅི་སྨོས་ཞེས་དེ་སྐད་སྨྲས་སོ། །སྨྲས་པ། འཇམ་དཔལ། བྱང་ཆུབ་སེམས་དཔའ་ཇི་ལྟར་རྣམ་པར་གྲོལ། སྨྲས་པ། བཙུན་པ།་བྱང་ཆུབ་སེམས་དཔའ་ནི་སྐྲག་པ་མེད་པ་དང ། སྐྱོ་བ་མེད་པས་རྣམ་པར་གྲོལ་ལོ། །སྨྲས་པ། འཇམ་དཔལ། ཇི་ལ་བསམས་ཏེ་དེ་སྐད་སྨྲ། སྨྲས་པ། བདུད་ཀྱི་སྡེ་བྱེ་བ་ཕྲག་བརྒྱས་མི་སྐྲག་ཅིང་སེམས་ཅན་རྣམས་ལ་ཆོས་བཤད་པས་མི་སྐྱོ་ལ། བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསགས་པས་མི་སྐྲག་ཅིང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་བསགས་པས་མི་སྐྱེའོ། །དེ་ནས་འཁོར་དེར་ལྷའི་བུ་གང་དག་འདུས་པར་གྱུར་པ་དེ་དག་གིས་མེ་ཏོག་སྣ་ཚོགས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་གཏོར་ཏོ། །གང་ན་འཇམ་དཔལ་གཞོན་ནུར་
409a
༄#། །གྱུར་པ་སྣང་བ་དེར་ནི་དེ་བཞིན་གཤེགས་པ་མངོན་སུམ་དུ་མཐོང་བ་ཡིན་ནོ། །འཇམ་དཔལ་གཞོན་ནུར་གྱུར་པ་གང་དུ་གནས་པའི་ས་ཕྱོགས་དེའང་མཆོད་རྟེན་དུ་འགྱུར་རོ། །གང་གིས་འཇམ་དཔལ་གཞོན་ནུར་གྱུར་པའི་ཆོས་བསྟན་པ་ཀུན་དུ་ཤེས་སམ། ཀུན་དུ་ཤེས་པར་འགྱུར་བའི་སེམས་ཅན་དེ་དག་གིས་ཀྱང་བསོད་ནམས་ཐམས་ཅད་ཡོངས་སུ་བཟུང་བ་ཡིན་ནོ་ཞེས་དེ་སྐད་ཀྱི་ཚིག་སྨྲས་སོ། །དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་ཉན་ཐོས་ཆེན་པོ་ཤེས་རབ་སྒྲོན་མ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ། ཉན་ཐོས་རྣམས་ཀྱི་ནང་ན་ཤེས་རབ་ཆེ་བའི་མཆོག་ཏུ་བཅོམ་ལྡན་འདས་ཀྱིས་གསུངས་ན། ཅི་ཤེས་རབ་དེ་འདུས་བྱས་ཀྱི་མཚན་ཉིད་དམ། འོན་ཏེ་འདུས་མ་བྱས་ཀྱི་མཚན་ཉིད། གལ་ཏེ་དེ་འདུས་བྱས་ཀྱི་མཚན་ཉིད་ཡིན་ན་ནི་སྐྱེ་ཞིང་འཇིག་པ་དང་ལྡན་པར་འགྱུར་རོ། །ཇི་སྟེ་འདུས་མ་བྱས་པའི་མཚན་ཉིད་ཡིན་ན་ནི་མཚན་ཉིད་གསུམ་ལས་ལྡོག་པར་འགྱུར་རོ། །སྨྲས་པ། འཇམ་དཔལ། འཕགས་པ་རྣམས་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བར་སྟོན་ཏོ། །སྨྲས་པ། ཚེ་དང་ལྡན་པ། འདུས་མ་བྱས་པ་གདགས་པར་ནུས་སམ། སྨྲས་པ། འཇམ་དཔལ། དེ་ནི་མ་ཡིན་ཏེ། འདུས་མ་བྱས་ལ་གདགས་པ་གང་ཡང་མེད་དོ། །སྨྲས་པ། འོ་ན་ཇི་ལྟར་འཕགས་པ་རྣམས་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་
409b
བ་སྟོན། དེ་སྐད་སྨྲས་པ་དང ། ཉན་ཐོས་ཆེན་པོ་ཤེས་རབ་སྒྲོན་མ་དེ་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཀྱི་ཏོག་དེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ། ཆོས་གང་ཐོས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བའི་ཆོས་ཀྱི་སྒོ་འགའ་ཞིག་རྩོམས་ཏེ། འཁོར་འདིར་ཁྱོད་ཀྱིས་སྟོན་ཅིག་།འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། ཆོས་ཐམས་ཅད་ཀྱི་སྒོ་རྣམས་ཀྱི་བསྟན་པ་ཐམས་ཅད་ཀྱང་དབེན་པའི་སྒོ་སྟེ། དབེན་པའི་སྒོ་དེ་དག་དབེན་པ་ཉིད་དུ་སྟོན་ཏོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་བློ་གྲོས་ཞེས་བྱ་བ་འཁོར་དེར་འདུས་པར་གྱུར་ཏེ་འདུག་པ་དེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། གང་དེ་བཞིན་གཤེགས་པས་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་བསྟན་པ་དེ་དག་ཅི་དབེན་པའི་སྒོ་སྟེ། དབེན་པའི་སྒོ་ཉིད་དུ་སྟོན་པ་ཡིན་ནམ། སྨྲས་པ། རིགས་ཀྱི་བུ། འདི་ཇི་སྙམ་དུ་སེམས། འདོད་ཆགས་དང།་ཞེ་སྡང་དང ། གཏི་མུག་གང་ནས་བྱུང ། སྨྲས་པ། འཇམ་དཔལ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ནི་རྟོག་པ་དང ། རྣམ་པར་རྟོག་པ་ལས་བྱུང་ངོ ། །སྨྲས་པ། རིགས་
410a
༄#། །ཀྱི་བུ། རྟོག་པ་དང ། རྣམ་པར་རྟོག་པ་དེའང་གང་ནས་བྱུང ། སྨྲས་པ། འཇམ་དཔལ། རྟོག་པ་དང ། རྣམ་པར་རྟོག་པ་ནི་ཕྱིན་ཅི་ལོག་ལས་བྱུང་ངོ ། །སྨྲས་པ།་རིགས་ཀྱི་བུ། ཕྱིན་ཅི་ལོག་ཀྱང་གང་ནས་བྱུང ། སྨྲས་པ། འཇམ་དཔལ། ཕྱིན་ཅི་ལོག་ནི་ངར་འཛིན་པ་དང ། ང་ཡིར་འཛིན་པ་ལས་བྱུང་ངོ ། །སྨྲས་པ། རིགས་ཀྱི་བུ། ངར་འཛིན་པ་དང ། ང་ཡིར་འཛིན་པའང་གང་ནས་བྱུང ། སྨྲས་པ། འཇམ་དཔལ། ངར་འཛིན་པ་དང ། ང་ཡིར་འཛིན་པ་ནི་འཇིག་ཚོགས་ལ་ལྟ་བ་ལས་བྱུང་ངོ ། །སྨྲས་པ། རིགས་ཀྱི་བུ། འཇིག་ཚོགས་ལ་ལྟ་བའང་གང་ནས་བྱུང ། སྨྲས་པ། འཇམ་དཔལ། འཇིག་ཚོགས་ལ་ལྟ་བ་ནི་བདག་ལས་བྱུང་ངོ ། །སྨྲས་པ། རིགས་ཀྱི་བུ། བདག་ཀྱང་གང་ནས་བྱུང ། སྨྲས་པ། འཇམ་དཔལ། བདག་ནི་གང་ནས་ཀྱང་མ་བྱུང་སྟེ། འབྱུང་བ་མེད་པ་ནི་བདག་འབྱུང་བའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བདག་ནི་ཕྱོགས་བཅུར་ཡོངས་སུ་བཙལ་ཀྱང་མི་དམིགས་སོ། །སྨྲས་པ། རིགས་ཀྱི་བུ། ཆོས་གང་དག་ཕྱོགས་བཅུར་ཡོངས་སུ་བཙལ་ཀྱང་མི་དམིགས་པ་དེའི་སྒོ་ཅི་ཞིག་ཡོད། སྨྲས་པ། འཇམ་དཔལ། དབེན་པ་ཉིད་དེའི་སྒོའོ། ། སྨྲས་པ། རིགས་ཀྱི་བུ། དབེན་པའི་སྒོ་ཅི་ཡིན། སྨྲས་པ། འཇམ་དཔལ། སྒོ་མེད་པ་ཉིད་དབེན་པའི་སྒོའོ། །སྨྲས་པ། རིགས་ཀྱི་བུ། ཁོ་བོས་དེ་ལས་བསམས་ཏེ། ཆོས་ཐམས་
410b
ཅད་ཀྱི་སྒོ་རྣམས་ཀྱི་བསྟན་པ་ཐམས་ཅད་ཀྱང་དབེན་པའི་སྒོ་སྟེ། དེ་དག་དབེན་པའི་སྒོ་ཉིད་དུ་སྟོན་ཏོ་ཞེས་དེ་སྐད་སྨྲས་སོ། །བསྟན་པ་འདི་བཤད་པའི་ཚེ་བྱང་ཆུབ་སེམས་དཔའ་བརྒྱད་བརྒྱས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དེར་རྒྱ་ཆེར་ཆོས་བསྟན་པ་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ ། །ཚེ་དང་ལྡན་པ་རབ་འབྱོར་རྣམ་གྲངས་དེས་ཀྱང་ཉན་ཐོས་སམ། རང་སངས་རྒྱས་གང་གིས་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པ་དེའི་སྤོབས་པའི་རྒྱུན་གཅོད་ནུས་པ་མེད་ན། སྐབས་མ་ཕྱེ་བར་བདག་ཅག་ལྟ་བུས་འཇམ་དཔལ་གཞོན་ནུར་གྱུར་པ་དང་ལྷན་ཅིག་ཏུ་སྨྲ་བར་ག་ལ་ནུས། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་སངས་རྒྱས་ཀྱི་ཞིང་དུ་སྤྱད་པ་སྤྱོད་པ་ན་རྫུ་འཕྲུལ་གྱི་སྟོབས་དང ། ཆོ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཇི་སྙེད་ཅིག་མཐོང ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། ཁོ་བོས་མངོན་པར་ཤེས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་དང་ལྷན་ཅིག་སངས་རྒྱས་ཀྱི་ཞིང་དུ་སྤྱད་པ་སྤྱོད་པ་ན་སངས་རྒྱས་ཀྱི་ཞིང་གང་ཚིག་པ་དེ་དག་ནི་འཇམ་དཔལ་གཞོན་ནུར་གྱུར་པ་སོང་བ་དང་ཆུས་ཡོངས་སུ་གང་ཞིང ། པདྨ་མང་པོས་ཡོག་པར་གནས་པར་གྱུར་ཏོ། །གང་དག་ཆུས་ཡོངས་སུ་གང་བ་དེ་དག་ནི་
411a
༄#། །མེས་ཡོངས་སུ་གང་བར་གནས་པར་གྱུར་ཏེ། མེ་དེའང་རེག་ན་འདི་ལྟ་སྟེ། དཔེར་ན། ཙནྡན་སྦྲུལ་གྱི་སྙིང་པོའམ། ཀ་ཙ་ལིནདའི་གོས་ལྟ་བུར་གྱུར་ཏོ། །གང་དག་སྟོང་པ་ནམ་མཁར་གྱུར་པ་དེ་དག་ནི་ཚངས་པའི་གཞལ་མེད་ཁང་གིས་བརྒྱན་ཅིང་བསམ་གཏན་ལ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་དཔས་ཡོངས་སུ་གང་བར་གནས་པར་གྱུར་ཏོ། །གང་དག་འཆགས་པ་དེ་དག་ནི་འཇིག་པར་སྣང་ངོ ། །གང་དག་ངན་སོང་གིས་ཡོངས་སུ་གང་བ་དེ་དག་ནི་ངན་སོང་ཐམས་ཅད་དང་བྲལ་བར་སྣང་སྟེ། སེམས་ཅན་དེ་དག་ཀྱང་བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པས་བསྐྱེད་པའི་བྱམས་པ་ཐོབ་པར་གྱུར་ཏོ། །བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པས་བསྐྱེད་པའི་བྱམས་པ་གང་ཞེ་ན། གང་ལ་སྙོམས་པར་ཞུགས་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སེམས་ཅན་གང་དག་ཉོན་མོངས་པ་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གིས་གཟིར་བ་དེ་དག་གི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ཤིན་ཏུ་སྤང་བར་བྱ་བའི་ཕྱིར་ཆོས་བསྟན་ཏོ་སྙམ་སེམས་པ་སྟེ། གང་དེ་ལྟར་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དེ་ནི་བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པས་བསྐྱེད་པའི་བྱམས་པ་ཞེས་བྱའོ། །ཚེ་དང་ལྡན་པར་བ་འབྱོར། དེའི་ཚེ་དེའི་དུས་ན་ཁོ་
411b
བོའི་སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ་འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་གང་ཡིན་པ་དང ། བདག་གི་གང་ཡིན་པ་དེ་གཉིས་ནི་མཉམ་མོ་སྙམ་དུ་གྱུར་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པའི་སེམས་ཀྱིས་ཁོ་བོའི་སེམས་ཀྱི་རྣམ་པར་རྟོག་པ་དེ་ཤེས་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་མེ་འབར་བ་ན་འཇིག་རྟེན་གྱི་བར་དུ་འདུག་སྟེ་ཁོ་བོ་ལ་འདི་སྐད་ཅེས་ཟེར་རོ། །ཅི་ཚེ་དང་ལྡན་པ་ཤཱ་རིའི་བུའི་རྫུ་འཕྲུལ་གྱི་མཐུས་འཇིག་རྟེན་གྱི་ཁམས་འདི་ལས་བརྒལ་བར་བྱའམ། འོན་ཏེ་ཁོ་བོའི་རྫུ་འཕྲུལ་གྱི་མཐུས་བརྒལ་བར་བྱ། ཁོ་བོས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁོ་བོའི་རྫུ་འཕྲུལ་གྱི་མཐུའི་མགྱོགས་པས་འཇིག་རྟེན་གྱི་ཁམས་འདི་ལས་བརྒལ་བར་བྱའོ་ཞེས། ཚེ་དང་ལྡན་པ་རབ་འབྱོར། ཁོ་བོས་རྫུ་འཕྲུལ་གྱི་མཐུའི་མགྱོགས་པའི་ཆོ་འཕྲུལ་ཐམས་ཅད་བསྟན་ཏེ། འདོམ་གང་ཙམ་ཁོར་ཡུག་ཏུ་མེ་དེ་ཞི་བར་བྱས་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དང་ལྷན་ཅིག་ཏུ་ཉིན་ཞག་བདུན་གྱིས་འཇིག་རྟེན་གྱི་ཁམས་དེ་བརྒལ་ཏོ། །དེ་ནས་དུས་གཞན་ཞིག་ན་དེ་བས་ཀྱང་ཤིན་ཏུ་རྒྱ་ཆེ་ཞིང་ཡངས་པའི་འཇིག་རྟེན་གྱི་ཁམས་སུ་མེ་འབར་བ་ན་འཇིག་རྟེན་གྱི་བར་དུ་འཇམ་དཔལ་གཞོན་ནུར་གྱུར་པ་འདུག་སྟེ། ཁོ་བོ་ལ་འདི་སྐད་ཅེས་ཟེར་རོ། །བཙུན་པ་ཤཱ་རིའི་བུ། སུའི་རྫུ་འཕྲུལ་གྱི་མཐུས་འཇིག་རྟེན་གྱི་ཁམས་འདི་ལས་བརྒལ་བར་བྱ། ཁོ་བོས་དེ་ལ་
412a
༄#། །འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཀྱི་རྫུ་འཕྲུལ་གྱི་མཐུས་འཇིག་རྟེན་གྱི་ཁམས་འདི་ལས་བརྒལ་བར་བྱའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་མངོན་པར་འདུ་བྱེད་པའི་མངོན་སུམ་གྱི་རྫུ་འཕྲུལ་སེམས་བསྐྱེད་པ་གཅིག་གིས་འཇིག་རྟེན་གྱི་ཁམས་དེ་པདྨའི་དྲ་བས་གཡོགས་ཏེ་བརྒལ་བར་གྱུར་ཏོ། །བརྒལ་ནས་ཁོ་བོ་ལ་འདི་སྐད་ཅེས་ཟེར་རོ། །བཙུན་པ་ཤཱ་རིའི་བུ། བདག་ཅག་གཉིས་ལས་སུའི་མཐུ་དང་ལྡན་པའི་རྫུ་འཕྲུལ་གྱི་ཤུགས་མགྱོགས། ཁོ་བོས་དེ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། འདི་ཇི་སྙམ་དུ་སེམས། བྱ་ལང་གུ་ལི་དང ། བྱའི་རྒྱལ་པོ་ནམ་མཁའ་ལྡིང་གཉིས་གང་གི་མཐུ་ཤིན་ཏུ་མགྱོགས། སྨྲས་པ། བཙུན་པ་ཤཱ་རིའི་བུ། བྱའི་རྒྱལ་པོ་ནམ་མཁའ་ལྡིང་གི་མཐུའི་མགྱོགས་པ་ནི་ཚད་མེད་པ་སྟེ། དཔེ་བླང་དུ་སླ་བ་མ་ཡིན་ནོ། །དེ་ལ་ཁོ་བོས་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། བྱ་ལང་གུ་ལེའི་མགྱོགས་པ་ལྟ་བུར་ནི་ཁོ་བོའི་རྫུ་འཕྲུལ་གྱི་མགྱོགས་པ་བལྟ་བར་བྱའོ། །ཇི་ལྟར་བྱའི་རྒྱལ་པོ་ནམ་མཁའ་ལྡིང་གི་མཐུའི་མགྱོགས་པ་དེ་བས་ཀྱང་བརྒྱ་སྟོང་གིས་ཤིན་ཏུ་ལྷག་པར་ཁྱོད་ཀྱི་རྫུ་འཕྲུལ་མགྱོགས་པར་བལྟའོ། །དེས་སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་ཀྱི་སེམས་ཀྱི་རྣམ་པར་རྟོག་པར་འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་གང་ཡིན་པ་དང ། བདག་གི་གང་ཡིན་པ་དེ་གཉིས་
412b
ནི་མཉམ་མོ་སྙམ་དུ་མ་གྱུར་ཏམ། ཁོ་བོས་དེ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། ཇི་སྐད་སྨྲས་པ་བཞིན་ཏེ། ཁོ་བོ་དེ་སྙམ་དུ་གྱུར་ཏོ། །དེས་སྨྲས་པ། དེ་ཅིའི་ཕྱིར་དེ་སྙམ་དུ་གྱུར། ཁོ་བོས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཉན་ཐོས་རྣམས་ནི་བག་ཆགས་ཀྱི་མཚམས་སྦྱོར་བ་མ་བཅད་པའི་ཕྱིར་མི་མཉམ་དུ་ཟིན་ཀྱང་མཉམ་དུ་བདག་ཉིད་ཀྱིས་ཤེས་སོ། །དེས་སྨྲས་པ། བཙུན་པ་ཤཱ་རིའི་བུ། ལེགས་སོ། །ལེགས་སོ། །ཇི་སྐད་སྨྲས་པ་དེ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་ཤཱ་རིའི་བུ། སྔོན་བྱུང་བ་འདས་པའི་དུས་ན་རྒྱ་མཚོ་ཆེན་པོའི་འགྲམ་ན་དྲང་སྲོང་ཆོས་འདོད་ཅེས་བྱ་བ་དང ། ཀུན་བྱིན་ཞེས་བྱ་བ་གཉིས་ཤིག་འཁོད་དེ། དེ་ལ་ཆོས་འདོད་ནི་ལྔ་མངོན་པར་ཤེས་ཤིང་མངོན་པར་ཤེས་པས་རྣམ་པར་རྩེ་བར་གྱུར་ཏོ། །ཀུན་བྱིན་ནི་རིག་པ་དང་སྔགས་ཀྱི་མཐུས་སྟེང་གི་བར་སྣང་ལ་འགྲོ་བར་གྱུར་ཏོ། །དེ་ནས་དེ་གཉིས་དུས་དུས་སུ་སྤྱོད་པའི་ཕྱིར་རྒྱ་མཚོའི་ཚུ་རོལ་ནས་ཕ་རོལ་ཏུ་འདོང་ངོ ། །དོང་ནས་སླར་ལོག་ཅིང་རང་རང་གི་གནས་སུ་འཁོད་དོ། །དེ་ནས་དྲང་སྲོང་ཀུན་བྱིན་དེ་ཁོ་བོའི་རྫུ་འཕྲུལ་གང་ཡིན་པ་དང ། ཆོས་འདོད་ཀྱི་གང་ཡིན་པ་དེ་གཉིས་ནི་མཉམ་མོ་སྙམ་དུ་གྱུར་ཏོ། །དེ་ནས་དུས་གཞན་ཞིག་ན་རྒྱ་མཚོའི་ཚུ་རོ་ནས་ཕ་རོལ་ཏུ་དོང་སྟེ། སྲིན་མོའི་གླིང་དུ་ཕྱིན་པ་དང ། དེར་སྲིན་མོ་དེ་དག་གིས་ཡིད་དུ་འོང་བའི་རོལ་མོའི་སྒྲ་བྱས་པར་གྱུར་པའང་དྲང་སྲོང་ཀུན་གྱིས་ཐོས།
413a
༄#། །སྲིན་མོ་དེ་དག་ཀྱང་མཐོང་ནས། ནམ་མཁའི་དཀྱིལ་ནས་སའི་སྟེང་དུ་ལྷུང་ངོ\?\། དེའི་རིག་པ་དང་སྔགས་ཀྱང་མ་རུང་བར་གྱུར་ཏོ། །དེ་ནས་དྲང་སྲོང་ཆོས་འདོད་སྙིང་རྗེ་བའི་སེམས་སྐྱེས་ནས་ལག་པ་གཡས་པས་བཟུང་སྟེ། སླར་རང་གི་གནས་སུ་ཁྲིད་ནས་བཞག་གོ་།བཙུན་པ་ཤཱ་རིའི་བུ། དེའི་ཚེ་དེའི་དུས་ན་དྲང་སྲོང་ཆོས་འདོད་ཅེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་ཐེ་ཚོམ་མམ། ཡིད་གཉིས་སུ་གྱུར་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཁོ་བོ་ཉིད་དེའི་ཚེ་དེའི་དུས་ན་དྲང་སྲོང་ཆོས་འདོད་ཅེས་བྱ་བར་གྱུར་ཏོ། །བཙུན་པ་ཤཱ་རིའི་བུ། དེའི་ཚེ་དེའི་དུས་ན་དྲང་སྲོང་ཀུན་བྱིན་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་ཐེ་ཚོམ་མམ། ཡིད་གཉིས་སུ་གྱུར་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཉིད་དེའི་ཚེ་དེའི་དུས་ན་དྲང་སྲོང་ཀུན་བྱིན་ཞེས་བྱ་བར་གྱུར་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེའི་ཚེའང་མི་མཉམ་པར་བདག་དང་མཉམ་པ་ཉིད་དུ་བཞག་གོ་།དེ་ལྟར་དེ་ཕྱོགས་གཅིག་པའི་ཡེ་ཤེས་དང་ལྡན་པའི་ཕྱིར། ད་ལྟར་ཡང་མི་མཉམ་བཞིན་དུ་བདག་དང་མཉམ་པར་བཞག་གོ་།ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་ཡང་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར། ཁོ་བོས་མངོན་པར་ཤེས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་དང་ལྷན་ཅིག་ཏུ་ལྷོ་ཕྱོགས་སུ་སངས་རྒྱས་ཀྱི་
413b
ཞིང་དུ་སྤྱད་པ་སྤྱོད་པའི་ཚེ། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་འདས་པ་ན་འཇིག་རྟེན་གྱི་ཁམས་རྒྱན་ཐམས་ཅད་ཀྱིས་ཀླུབས་པ་ཞེས་བྱ་བ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་སྲོག་ཤིང་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང་དུ་བཅོམ་ལྡན་འདས་དེ་ལ་བལྟ་བ་དང ། ཕྱག་བྱ་བ་དང ། བསྙེན་བཀུར་བྱ་བའི་ཕྱིར་ཕྱིན་ཏེ། དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་ཁོ་བོ་ལ་འདི་སྐད་ཅེས་ཟེར་རོ། །བཙུན་པ་ཤཱ་རིའི་བུ་ཁྱོད་ཀྱིས་གང་བདག་ཅག་བརྒལ་བའི་སངས་རྒྱས་ཀྱི་ཞིང་དེ་དག་མཐོང་ངམ། ཁོ་བོས་དེ་ལ་འདི་སྐད་ཅེས་སྨྲས་སོ། ། འཇམ་དཔལ། མཐོང་ངོ ། །དེས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུ། སངས་རྒྱས་ཀྱི་ཞིང་དེ་དག་ཅི་འདྲ་བར་མཐོང ། དེ་ལ་ཁོ་བོས་འདི་སྐད་ཅེས་སྨྲས་སོ། །ཁ་ཅིག་ནི་མེས་ཡོངས་སུ་གང་བའོ། །ཁ་ཅིག་ནི་ཆུས་ཡོངས་སུ་གང་བའོ། །ཁ་ཅིག་ནི་ནམ་མཁར་གྱུར་པའོ། །ཁ་ཅིག་ནི་འབྱོར་ཅིང་རྒྱས་པའོ། །ཁ་ཅིག་ནི་འཇིག་པའོ། །ཁ་ཅིག་ནི་འཆགས་པའོ། །ཁ་ཅིག་ནི་ངན་སོང་གིས་ཡོངས་སུ་གང་བའོ། །ཁ་ཅིག་ནི་ངན་སོང་དང་བྲལ་བའོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུ། སངས་རྒྱས་ཀྱི་ཞིང་དེ་དག་ཇི་ལྟར་བལྟ་བར་བྱ། །དེ་ལ་ཁོ་བོས་འདི་སྐད་ཅེས་སྨྲས་སོ། །གང་དག་མེས་ཡོངས་སུ་གང་བ་དེ་དག་ནི་མེས་ཡོངས་སུ་གང་བ་ཉིད་དུ་བལྟ་བར་བྱའོ། །གང་དག་ཆུས་ཡོངས་སུ་གང་བ་དེ་དག་ནི་ཆུས་ཡོངས་སུ་གང་བ་
414a
༄#། །ཉིད་དུ་བལྟ་བར་བྱའོ། །གང་དག་ནམ་མཁར་གྱུར་པ་དེ་དག་ནི་ནམ་མཁར་གྱུར་པ་ཉིད་དུ་བལྟ་བར་བྱའོ། །གང་དག་འབྱོར་ཅིང་རྒྱས་པ་དེ་དག་ནི་འབྱོར་ཅིང་རྒྱས་པ་ཉིད་དུ་བལྟ་བར་བྱའོ། །གང་དག་འཇིག་པ་དེ་དག་ནི་འཇིག་པ་ཉིད་དུ་བལྟ་བར་བྱའོ། །གང་དག་ཆགས་པ་དེ་དག་ནི་འཆགས་པ་ཉིད་དུ་བལྟ་བར་བྱའོ། །གང་དག་ངན་སོང་གིས་ཡོངས་སུ་གང་བ་དེ་དག་ནི་ངན་སོང་གིས་ཡོངས་སུ་གང་བ་ཉིད་དུ་བལྟ་བར་བྱའོ། །གང་དག་ངན་སོང་དང་བྲལ་བ་དེ་དག་ནི་ངན་སོང་དང་བྲལ་བ་ཉིད་དུ་བལྟ་བར་བྱའོ། །དེས་སྨྲས་པ།་ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུའི་ཡེ་ཤེས་ཀྱི་ཡུལ་ཇི་ལྟ་བ་བཤད་པའང་དེ་བཞིན་ནོ། །དེ་ལ་ཁོ་བོས་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཀྱི་སངས་རྒྱས་ཀྱི་ཞིང་དེ་དག་ཇི་ལྟར་མཐོང ། དེས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ནི་ནམ་མཁའི་ཞིང་དུ་མཐོང་ངོ ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། མེས་ཡོངས་སུ་གང་བའམ། ཆུས་ཡོངས་སུ་གང་བའམ། འབྱོར་པ་རྒྱས་པའམ། འཇིག་པའམ། འཆགས་པའམ། ངན་སོང་གིས་ཡོངས་སུ་གང་བའམ། ངན་སོང་དང་བྲལ་བ་དེ་དག་ནི་ཡང་དག་པ་མ་ཡིན་པའོ། །རྐྱེན་དེ་དག་ནི་གློ་བུར་དུ་བྱུང་བ་སྟེ། སྐྱེ་ཞིང་འཇིག་པ་དང་ལྡན་པའོ། །ནམ་མཁའ་ནི་རྐྱེན་གྱིས་བྱུང་བ་མ་ཡིན་ཏེ། རང་བཞིན་དུ་གནས་པ་ཉིད་དོ། །དེ་བཞིན་
414b
དུ་གློ་བུར་གྱི་ཉེ་བར་ཉོན་མོངས་པས་སེམས་ཉོན་མོངས་པར་གྱུར་པ་ཞེས་བྱ་སྟེ། སེམས་ཀྱི་རང་བཞིན་ནི་ནམ་ཡང་ཉོན་མོངས་པར་གྱུར་པ་མེད་དོ། །ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། འདས་པའི་དུས་ན་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པས་བསྲེག་པ་བྱུང་ཡང་ནམ་མཁའ་ལ་སྔོན་ནམ་ཡང་ཚིག་པ་མེད་དོ། །ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུ། དེ་བཞིན་དུ་སེམས་ཅན་རེ་རེས་ཀྱང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མི་དགེ་བའི་ལས་མངོན་པར་འདུ་བྱས་ཀྱང་སེམས་ཀྱི་རང་བཞིན་ནི་ནམ་ཡང་དེ་བཞིན་དུ་ཉོན་མོངས་པར་གྱུར་པ་མེད་དོ། །ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུ། རིགས་ཀྱི་བུ་དང ། རིགས་ཀྱི་བུ་མོ་གང་ལ་ལ་རང་བཞིན་གྱིས་ཡོངས་སུ་དག་པའི་ཆོས་ཀྱི་དབྱིངས་དེ་ལྟ་བུ་ལ་འཇུག་པ་དེ་དག་ནི་ཀུན་ནས་ལྡང་བའམ། སྒྲིབ་པའམ། མངོན་པར་འདུ་བྱེད་པས་ཀུན་ནས་ལྡང་བར་འགྱུར་བ་ཅུང་ཟད་ཀྱང་མེད་དེ། འདི་ནི་ཀུན་ནས་ལྡང་བ་མེད་པའི་ཆོས་ཀྱི་སྒོའོ། །ཆོས་ཀྱི་སྒོ་དེ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་དག་པར་ཞུགས་ནས། ཉེས་པ་ལས་འབྱུང་བ་ལ་མཁས་པར་ཤེས་ཤིང ། དེའི་སེམས་ཅན་ནམ་ཡང་སྒྲིབ་པའི་ཆོས་རྣམས་ཀྱིས་བསྒྲིགས་པར་མི་འགྱུར་རོ། །ཚེ་དང་ལྡན་པ་རབ་འབྱོར། འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་རྣམ་པར་འཕྲུལ་པ་དང ། ཆོས་བསྟན་པ་རྣམ་པར་འཕྲུལ་པ་ལས་གང་
415a
༄#། །ཁོ་བོས་ཕྱོགས་ཙམ་ཞིག་མངོན་སུམ་དུ་གྱུར་པ་ནི་དེ་ལྟ་བུ་དེ་དག་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ། ཁོ་བོས་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཁ་ཅིག་མངོན་སུམ་དུ་གྱུར་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུ། ཁོ་བོས་མངོན་པར་ཤེས་ཏེ། དུས་གཅིག་ཅིག་ན་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་འདི་ཉིད་ན་དགེ་སློང་བརྒྱད་བརྒྱའི་དགེ་སློང་གི་དགེ་འདུན་ཆེན་པོ་དང ། བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་ན་མཉན་ཡོད་དུ་དུས་མ་ཡིན་པའི་སྤྲིན་ཆེན་པོ་ཞིག་བྱུང་སྟེ། དེ་ལ་ཉིན་ཞག་བདུན་དུ་རྒྱུན་མ་ཆད་པར་དུས་མ་ཡིན་པའི་ཆར་ཆེན་པོ་བབ་བོ། །དེ་ན་དགེ་སློང་གང་དག་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ། བསམ་གཏན་དང ། རྣམ་པར་ཐར་པ་དང ། ཏིང་ངེ་འཛིན་དང ། སྙོམས་པར་འཇུག་པ་ཐོབ་པ་དེ་དག་ནི་བསམ་གཏན་དང ། རྣམ་པར་ཐར་པ་དང ། ཏིང་ངེ་འཛིན་དང ། སྙོམས་པར་འཇུག་པས་དུས་འདའ་བར་བྱས་ཀྱི། གང་དག་མ་ཐོབ་པ་དེ་དག་ནི་ཉིན་ཞག་བདུན་དུ་ཟས་ཆད་པར་གྱུར་ཏོ། །དེ་ནས་དགེ་སློང་དེ་དག་ཉམ་ཆུང་བ་དང་ལྡན་ཏེ། བཅོམ་ལྡན་འདས་བལྟ་བའི་ཕྱིར་འདོང་ཡང་མ་ནུས་ནས་དེ་ལ་ཁོ་
415b
བོ་འདི་སྙམ་དུ་གྱུར་ཏེ། ཨེ་མའོ། །དགེ་སློང་འདི་དག་ནི་རྗུད་པར་གྱུར་ན་བདག་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་སྟེ། ཚུལ་དེ་དག་བཅོམ་ལྡན་འདས་ལ་གསོལ་ལོ་སྙམ་དུ་གྱུར་ནས། ཁོ་བོས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བཙལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཨེ་མའོ། །དགེ་སློང་འདི་དག་ཉིན་ཞག་བདུན་དུ་འཚལ་མ་ཆད་དེ་བཀྲེས་པས་ཉམ་ཆུང་བ་དང་ལྡན་ནས་རྗུད་དེ། ཁྲི་དང་ཁྲིའུ་ལས་ལྡང་བ་དང ། བཅོམ་ལྡན་འདས་བལྟ་བའི་སླད་དུ་མཆི་བའི་རྡོའང་མི་ཐོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁོ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་སོང་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཚུལ་དེ་དག་སྨྲོས་ཤིག་དང ། དེས་དགེ་སློང་གི་དགེ་འདུན་རྟས་པར་བྱེད་པར་འགྱུར་རོ། །ཁོ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། འཇམ་དཔལ་གཞོན་ནུར་གྱུར་པའི་གནས་ཁང་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང ། དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པ་རང་གི་གནས་ཁང་ན་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་རྣམས་ལ་ཆོས་སྟོན་པ་མཐོང་ངོ ། །འཇམ་དཔལ་གཞོན་ནུར་གྱུར་པ་དེས་ཀྱང་ཁོ་བོས་གནས་ཁང་གི་ནང་དུ་འོངས་པ་མཐོང་སྟེ། མཐོང་ནས་འདི་སྐད་ཅེས་ཟེར་རོ། །བཙུན་པ་ཀུན་དགའ་བོ་ཁྱོད་ཅིའི་ཕྱིར་རླུང་དང་ཆར་གྱི་ནང་ན་འདིར་
416a
༄#། །འོངས། ཁོ་བོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཚུལ་དེ་དག་སྨྲས་སོ། །དེ་ཁོ་བོ་ལ་ཀུན་དགའ་བོ་སོང་སྟེ་སྟན་ཐིང་ལ། གདུགས་ཚོད་བབ་ན་གཎྜི་རྡུངས་ཤིག་ཅེས་དེ་སྐད་ཅེས་ཟེར་ནས། ཁོ་བོ་འཇམ་དཔལ་གཞོན་ནུར་གྱུར་པའི་གནས་ཁང་ནས་བྱུང་སྟེ། དགེ་འདུན་གྱི་ཀུན་དགའ་ར་བར་སོང་ནས་སྟན་བཏིང་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་ཅི་གནས་ཁང་ནས་བྱུང་ངམ་ཞེས་འཇམ་དཔལ་གཞོན་ནུར་གྱུར་པའི་གནས་ཁང་དུ་བལྟ་ཞིང་ཕྱོགས་གཅིག་ཏུ་འདུག་གོ་།དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ལུས་ཐམས་ཅད་རྣམ་པར་འཇིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྤྲུལ་པ་གཞན་ཞིག་སྤྲུལ་ཏེ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དེ་དག་ལ་ཆོས་སྟོན་ཏོ། །དེ་གནས་ཁང་ནས་བྱུང་སྟེ་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་ཞུགས་ན་ཁོ་བོས་ནི་མ་མཐོང་ངོ ། །དེ་ནས་བདུད་སྡིག་ཅན་འདི་སྙམ་དུ་གྱུར་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་འདིས་སེང་གེའི་སྒྲ་བསྒྲགས་ནས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་ཞུགས་ན་བདག་གིས་འདི་མིག་གིས་མི་རྩོལ་བར་བྱའོ་སྙམ་དུ་བསམས་ནས། དེས་དེ་ཉིད་ཀྱི་ཚེ་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོའི་བྲམ་ཟེ་དང ། ཁྱིམ་བདག་དང ། གྲོང་འདབ་དང ། ཡུལ་མི་གང་གིས་ཀྱང་འཇམ་དཔལ་
416b
གཞོན་ནུར་གྱུར་པ་མི་མཐོང་བ་དང ། གང་ཡང་བསུར་མི་འོང་བ་དང ། སུའང་བསོད་སྙོམས་མི་འབུལ་བ་དེ་ལྟ་དེ་ལྟར་བྱིན་གྱིས་བརླབས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་གང་དང་གང་དུ་སོང་བ་དེ་དག་ཐམས་ཅད་ན་སྒོ་དག་ཀྱང་བཅད་པར་སྣང་སྟེ། གང་ཡང་མི་བསུ་བར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བསམས་ན། ཨེ་མའོ། །བྲམ་ཟེ་དང ། ཁྱིམ་བདག་འདི་དག་ནི་ཅི་ནས་ཀྱང་བདག་མི་མཐོང་བ་དང ། གཏམ་མི་བྱ་བར་བདུད་ཀྱིས་བྱིན་གྱིས་བརླབས་སོ་སྙམ་དུ་བསམས་ནས། དེས་དེའི་ཚེ་གང་བདེན་པ་དང ། བདེན་པའི་ཚིག་དང ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གང་དག་གིས་བདག་གི་སྤུའི་ཁུང་བུ་གཅིག་ལུས་ལ་སྐྱེས་པའི་བསོད་ནམས་ཀྱི་ཕུང་པོ་དེའང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་བདུད་སྡིག་ཅན་རྣམས་ལ་མེད་པའི་བདེན་པ་དང ། བདེན་པའི་ཚིག་དེས་བདུད་ཀྱི་བྱིན་གྱི་རླབས་འདི་དག་མེད་པར་གྱུར་ཅིག་།བདུད་སྡིག་ཅན་ཉིད་ཀྱང་ཁྱིམ་བདག་གི་ཚུལ་དུ་སྲང་དང ། སུམ་མདོ་དང ། བཞི་མདོ་དག་ན་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བསོད་སྙོམས་ཕུལ་ཅིག་།ཕུལ་ཅིག་།འདི་ལ་ཕུལ་ན་འབྲས་བུ་ཆེ་བར་འགྱུར་རོ། །གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ལ་ལོ་འབུམ་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས། གུས་པར་བྱས། ཕུ་དུད་དུ་བྱས་
417a
༄#། །པ་བས། གང་གིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བསོད་སྙོམས་སེན་མོའི་རྩེ་མོ་གང་ཙམ་ཕུལ་ན་དེའི་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་བསྐྱེད་པར་འགྱུར་རོ་ཞེས་སྒྲོགས་པར་གྱུར་ཅིག་ཅེས་བདེན་པའི་བྱིན་གྱི་རླབས་བྱས་སོ། །འཇམ་དཔལ་གཞོན་ནུར་གྱུར་པས་བྱིན་གྱི་རླབས་དེ་བྱས་མ་ཐག་ཏུ་དེ་ནས་དེ་ཉིད་ཀྱི་ཚེ་སྒོ་ཐམས་ཅད་ཀྱང་བྱེ་བར་གྱུར་ཏོ། །སྐྱེ་བོ་མང་པོ་ཐམས་ཅད་ཀྱང་བསུ་ཞིང ། འཇམ་དཔལ་གཞོན་ནུར་གྱུར་པ། བདེ་བར་འོངས་སོ་ཞེས་ཀྱང་བརྗོད་དོ། །བདུད་སྡིག་ཅན་ཉིད་ཀྱང་ཁྱིམ་བདག་གི་ཚུལ་དུ་སྲང་དང ། སུམ་མདོ་དང ། བཞི་མདོ་དག་ན་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བསོད་སྙོམས་ཕུལ་ཅིག་།ཕུལ་ཅིག་།འདི་ལ་ཕུལ་ན་འབྲས་བུ་ཆེ་བར་འགྱུར་རོ། །གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ལ་ལོ་འབུམ་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས། གུས་པར་བྱས། ཕུ་དུད་དུ་བྱས་པ་བས། གང་གིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བསོད་སྙོམས་སེན་མོ་གང་ཙམ་ཕུལ་ན་དེའི་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་བསྐྱེད་པར་འགྱུར་རོ་ཞེས་སྒྲོགས་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཅི་ནས་ཀྱང་ལྷུང་བཟེད་དེར་བསོད་པའི་བཟའ་བ་དང ། བཅའ་བ་དང ། མྱང་བ་ཕལ་ཆེར་བཅུག་པ་དེ་དག་ཐམས་ཅད་
417b
ཇི་ལྟར་སྣོད་སོ་སོར་བཅུག་པ་བཞིན་དུ་བཞིན་དུ་མ་འདྲེས་པར་འདུག་པ་དང ། གང་དགེ་སློང་བརྒྱད་བརྒྱ་པོ་དེ་དག་དང ། བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་པོ་དེ་དག་ལ་ཁ་ཟས་ཇི་ཙམ་གྱིས་ཆོག་པ་ལྷུང་བཟེད་དེས་བླངས་པར་འགྱུར་བ་དེ་ལྟ་དེ་ལྟར་རང་གི་ལྷུང་བཟེད་དེ་བྱིན་གྱིས་བརླབས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ཀྱི་ཕྱིར་སྤྱད་ནས་མཉན་ཡོད་ཀྱི་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་བྱུང་སྟེ། ལམ་ལས་བྱོལ་ནས་ལྷུང་བཟེད་དེ་སའི་སྟེང་དུ་བཞག་སྟེ་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན། ལྷུང་བཟེད་འདི་ཁྱེར་ལ་མདུན་དུ་སོང་ཞིག་།དེ་ནས་བདུད་སྡིག་ཅན་གྱིས་ལྷུང་བཟེད་དེ་ས་དེ་ལས་གདེགས་པར་བྱས་ན་གདེགས་མ་ནུས་ནས། དེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། ལྷུང་བཟེད་འདི་སའི་སྟེང་ནས་གདེག་པར་མ་ནུས་སོ། །སྨྲས་པ། སྡིག་ཅན་ཁྱོད་ཀྱང་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེན་པོ་དང་ལྡན་པ་ཡིན་ན་རྫུ་འཕྲུལ་གྱི་སྟོབས་ཀྱིས་ལྷུང་བཟེད་འདི་སའི་སྟེང་ནས་གདེག་པར་གྱིས་ཤིག་།དེ་ནས་བདུད་སྡིག་ཅན་གྱིས་རྫུ་འཕྲུལ་གྱི་སྟོབས་ཀྱི་ཆོ་འཕྲུལ་ཐམས་ཅད་བསྟན་ཀྱང་ལྷུང་བཟེད་དེ་ས་དེ་ལས་ཐ་ན་སྐྲའི་རྩེ་མོའི་ཆ་ཙམ་ཡང་གདེགས་པར་མ་ནུས་ནས། དེ་ངོ་མཚར་དུ་གྱུར་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། ཁོ་བོ་ནི་འདོད་ན་རི་
418a
༄#། །གཤོལ་མདའ་འཛིན་ཀྱང་ལག་མཐིལ་དུ་བླངས་ཏེ་ནམ་མཁའ་ལ་འདོར་ན་ཁོ་བོས་ལྷུང་བཟེད་ཆུང་དུ་འདི་ལྟ་བུ་འདི་ས་འདིའི་སྟེང་ནས་གདེག་པར་མ་ནུས་ན།་དེ་ཅིའི་ཕྱིར་དེ་ལྟར་གྱུར། འཇམ་དཔལ་གྱིས་སྨྲས་པ། སེམས་ཅན་ཆེན་པོ་རྣམས་དང ། གང་ཟག་ཆེན་པོ་རྣམས་ཀྱི་སྟོབས་དྲངས་པ་ལྷུང་བཟེད་འདིར་བཅུག་སྟེ། དེའི་ཕྱིར་ཁྱོད་ཀྱིས་གདེག་པར་མ་ནུས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ཉིད་ཀྱིས་ལྷུང་བཟེད་དེ་ས་ལས་བླངས་ནས་བདུད་སྡིག་ཅན་ལ་བྱིན་ཏེ་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན། ལྷུང་བཟེད་འདི་ཁྱེར་ལ་མདུན་དུ་སོང་ཞིག་།དེ་ནས་བདུད་སྡིག་ཅན་དེ་སློབ་མ་བཞིན་དུ་ལྷུང་བཟེད་ཁྱེར་ཏེ་འཇམ་དཔལ་གཞོན་ནུར་གྱུར་པའི་མདུན་དུ་སོང་ངོ ། །དེ་ནས་ལྷའི་བུ་དབང་སྒྱུར་ལྷའི་བུ་ཁྲི་ཉིས་སྟོང་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ་འཇམ་དཔལ་གཞོན་ནུར་གྱུར་པ་ག་ལ་བ་དེར་དོང་ནས་ལྷགས་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པའི་རྐང་པ་གཉིས་ལ་མགོ་བོས་ཕྱག་བཙལ་ནས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན། བྲན་བཞིན་དུ་འཇམ་དཔལ་གཞོན་ནུར་གྱུར་པའི་ལྷུང་བཟེད་ཁྱེར་ཏེ་མདུན་དུ་འགྲོ་བ་འདི་ཅི་ཞིག་།བདུད་ཀྱིས་སྨྲས་པ། ལྷའི་བུ་མཐུ་དང་ལྡན་པ་རྣམས་དང་འགྲན་པ་ཅིའང་མེད་དོ། །ལྷའི་བུས་སྨྲས་སོ། །སྡིག་ཅན་ཁྱོད་ཀྱང་རྫུ་འཕྲུལ་ཆེ་བ་མཐུ་ཆེན་
418b
བོ་དང་ལྡན་པའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པའི་བྱིན་གྱི་རླབས་ཀྱིས་བདུད་སྡིག་ཅན་གྱིས་ལྷའི་བུ་དབང་སྒྱུར་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ། འདི་ལྟ་སྟེ། བདུད་ཀྱི་སྟོབས་ནི་གཏི་མུག་གི་སྟོབས་སོ། །བྱང་ཆུབ་སེམས་དཔའི་སྟོབས་ནི་ཤེས་རབ་ཀྱི་སྟོབས་སོ། །བདུད་ཀྱི་སྟོབས་ནི་ང་རྒྱལ་གྱི་སྟོབས་སོ། །བྱང་ཆུབ་སེམས་དཔའི་སྟོབས་ནི་ཡེ་ཤེས་ཀྱི་སྟོབས་སོ། ། བདུད་ཀྱི་སྟོབས་ནི་ལྟ་བ་འབྱུང་བའི་སྟོབས་སོ། །བྱང་ཆུབ་སེམས་དཔའི་སྟོབས་ནི་སྟོང་པ་ཉིད་ཀྱི་སྟོབས་སོ། །བདུད་ཀྱི་སྟོབས་ནི་ཕྱིན་ཅི་ལོག་གི་སྟོབས་སོ། །བྱང་ཆུབ་སེམས་དཔའི་སྟོབས་ནི་བདེན་པའི་སྟོབས་སོ། །བདུན་གྱི་སྟོབས་ནི་ང་དང་ངའི་ཞེས་བྱ་བའི་སྟོབས་སོ། །བྱང་ཆུབ་སེམས་དཔའ་སྟོབས་ནི་བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོའི་སྟོབས་སོ། །བདུད་ཀྱི་སྟོབས་ནི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་སྟོབས་སོ། །བྱང་ཆུབ་སེམས་དཔའི་སྟོབས་ནི་རྣམ་པར་ཐར་པའི་སྒོ་གསུམ་གྱི་སྟོབས་སོ། །བདུད་ཀྱི་སྟོབས་ནི་སྐྱེ་བ་དང ། འཆི་བ་དང ། འབྱུང་བའི་སྟོབས་སོ། །བྱང་ཆུབ་སེམས་དཔའི་སྟོབས་ནི་སྐྱེ་བ་མེད་པ་དང ། འབྱུང་བ་མེད་པའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པའི་སྟོབས་སོ། །བདུད་སྡིག་ཅན་གྱིས་བསྟན་པ་འདི་བཤད་པའི་ཚེ་ལྷའི་བུའི་འཁོར་དེ་ལས་ལྷའི་བུ་ལྔ་བརྒྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་ཉིས་བརྒྱས་མི་སྐྱེ་བའི་
419a
༄#། །ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། །།བམ་པོ་གསུམ་པ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་བདུད་སྡིག་ཅན་དང་ལྷན་ཅིག་ཏུ་ལྷུང་བཟེད་དེ་འཁོར་གྱི་ཁྱམས་སུ་བཞག་སྟེ་སོང་ཡང་ཁོ་བོས་མ་མཐོང་མ་ཐོས་ནས། གདུགས་ཚོད་ལ་བབ་པར་གྱུར་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པ་གནས་ཁང་དེ་ནས་བྱུང་བའམ་ཞུགས་པར་ཡང་མ་མཐོང་ནས། དེ་ལ་ཁོ་བོ་འདི་སྙམ་དུ་གྱུར་ཏེ། འཇམ་དཔལ་གཞོན་ནུར་གྱུར་པས་དགེ་སློང་གི་དགེ་འདུན་མ་བསླུས་སམ། བདག་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་སྟེ་ཚུལ་དེ་དག་གསོལ་ལོ་སྙམ་དུ་གྱུར་ནས། ཁོ་བོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བཙལ་ནས།་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གདུགས་ཚོད་ལ་བབ་ན་འཇམ་དཔལ་གཞོན་ནུར་གྱུར་པ་ནི་གནས་ཁང་དེ་ནས་མ་བྱུང་ངོ ། །བཅོམ་ལྡན་འདས་ཀྱིས་ཁོ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་ཀྱིས་འཁོར་གྱི་ཁྱམས་ཟླུམ་པོ་དེར་ཅིའང་མ་མཐོང་ངམ། བཅོམ་ལྡན་འདས་ལ་ཁོ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་ན་ལྷུང་བཟེད་ཟས་ཀྱིས་གང་བ་གཅིག་ཅིག་གདའོ། །བཅོམ་ལྡན་འདས་ཀྱིས་ཁོ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་སོང་ལ།
419b
གཎྜི་བརྡུངས་ཏེ་དགེ་སློང་གི་དགེ་འདུན་སྡུས་ཤིག་།བཅོམ་ལྡན་འདས་ལ་ཁོ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དགེ་སློང་གི་དགེ་འདུན་འདི་དག་མང་པོ་ཞིག་མཆིས་ན་ལྷུང་བཟེད་གཅིག་གང་བའི་ཟས་ཀྱིས་ཇི་ལྟར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་སྙིང་ལས་ཆུང་བར་བྱོས་ཤིག་།ཀུན་དགའ་བོ། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱིས་ལོ་འབུམ་དུ་ལྷུང་བཟེད་གཅིག་པོ་དེ་ལས་ཟོས་ཀྱང་ལྷུང་བཟེད་དེ་ནི་ཡོངས་སུ་ཟད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ལྷུང་བཟེད་དེ་ནི་འཇམ་དཔལ་གཞོན་ནུར་གྱུར་པས་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཟད་མི་ཤེས་པའི་བསོད་ནམས་ལས་བྱུང་པའོ། །བཅོམ་ལྡན་འདས་ཀྱི་ལྟར་ཁོ་བོས་མཉན་ནས་སེམས་དགའ་བས་གཎྜི་བརྡུངས་ཏེ་དགེ་སློང་གི་དགེ་འདུན་ཡང་བསགས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་གཎྜིའི་སྒྲ་ཐོས་ནས། ལྷའི་བུ་དེ་དག་དང ། བྱང་ཆུབ་སེམས་དཔའ་རྣམས་དང་འགྲོགས་ཏེ་རང་གི་གནས་ཁང་ནས་བྱུང་སྟེ། ཁྱམས་ཟླུམ་པོར་སོང་ནས་ལྷུང་བཟེད་དེ་ལས་བསོད་པའི་བཟའ་བ་དང ། བཅའ་བ་དང ། མྱང་བ་དང ། ཇི་ལྟར་སྣོད་སོ་སོ་ན་བཞག་བཞག་པ་ལྟ་བུར་ཕན་ཚུན་མ་འདྲེས་པ་ཕལ་ཆེར་ཕུང་སྟེ། དགེ་
420a
༄#། །སློང་མང་པོ་ཐམས་ཅད་ཀྱང་བརྟས་པར་བྱས་སོ། །བྱང་ཆུབ་སེམས་དཔའ་མང་པོ་ཐམས་ཅད་ཀྱང་ཚིམ་པར་བྱས་ཀྱང་ཟས་དེ་ནི་ཡོངས་སུ་ཟད་པའམ་གཏུགས་པར་མ་གྱུར་ཏོ། །དེ་ནས་བདུད་སྡིག་ཅན་གྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བར་ཆད་བྱ་བའི་ཕྱིར་ཤམ་ཐབས་ལེགས་པར་མ་བགོས་བ། བླ་གོས་ལེགས་པར་མ་གྱོན་པ། ཤ་ཚུགས་མ་ལེགས་པ། ལྷུང་བཟེད་རྡོལ་ཅིང་ཆག་པ། གོས་ངན་པ། སྣ་ལེབ་ལེབ་པོ་དང ། ཞར་བ་དང ། ཐེང་པོ་དང ། ཞ་བོ་དང ། དེ་ལས་ཁ་ཅིག་ནི་ཧ་ཅང་ཡང་རིང་བ། ཁ་ཅིག་ནི་ཧ་ཅང་ཐུང་བ། ཁ་ཅིག་ནི་ཧ་ཅང་དཀར་པ། ཁ་ཅིག་ནི་ཧ་ཅང་དཀར་བ། ཁ་ཅིག་ནི་ཧ་ཅང་སྐེམ་པ། ཁ་ཅིག་ནི་ཧ་ཅང་སྦོམ་པ། ཁ་ཅིག་ནི་སྒུར་བོ། ཁ་ཅིག་ནི་མིའུ་ཐུང་སྟེ། དེ་དག་གཞོན་པའི་མཐའ་ནས་ཕྱག་འཚལ་ཞིང་རྒན་པའི་མཐར་འདུག་སྟེ། སྐྱེ་བོ་མང་པོའི་ཚོགས་གང་གིས་མཐོང་བའི་སེམས་སྐྱོ་བར་འགྱུར་བའི་དགེ་སློང་བཞི་ཁྲི་སྤྲུལ་བར་གྱུར་ཏེ། དེ་དག་ལའང་ལྷུང་བཟེད་དེ་ནས་བསོད་པའི་བཟའ་བ་དང ། བཅའ་བ་དང ། མྱང་བ་ཕལ་ཆེར་ཕུང་སྟེ་བྱིན་ཀྱང་ལྷུང་བཟེད་དེ་ཟད་པར་མ་གྱུར་ཏོ། །དེ་ནས་བདུད་སྡིག་ཅན་གྱིས་སྦྲུལ་པའི་དགེ་སློང་དེ་དག་རེ་རེས་ཀྱང་འབྲས་ཅན་ཡུལ་མ་ག་དྷའི་བྲེ་བོ་བཅུ་བཅུ་ཟོས་ཀྱང་ཚིམ་པར་མ་གྱུར་པ་དེ་ལྟར་བྱིན་གྱིས་བརླབས་སོ། །དེ་ནས་རུང་བྱེད་
420b
རྣམས་ཐམས་ཅད་ཡོངས་སུ་སྐྱོ་བར་གྱུར་ཀྱང་དེ་དག་ཚིམ་པར་བྱེད་མ་ནུས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་གང་དགེ་སློང་དེ་དག་ལྷུང་བཟེད་རྣམས་ཀྱང་ཡོངས་སུ་གང་ལ་ལག་པ་ནའང་ཁམ་ཐོགས་ཤིང་ཁར་བཅུག་པའི་ཁམ་ཡང་མིད་མི་ནུས་ལ། དེ་དག་མགྲིན་པ་བཙིར་བ་བཞིན་དུ་མིག་ལོག་སྟེ་ས་ལ་ལྷུང་བ་དེ་ལྟར་བྱིན་གྱིས་བརླབས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན་ཁྱོད་ཀྱི་དགེ་སློང་འདི་དག་ཅིའི་ཕྱིར་ཟས་མི་ཟ། བདུད་ཀྱིས་སྨྲས་པ། འཇམ་དཔལ། བདག་གི་དགེ་སློང་འདི་དག་ནི་ཤི་ལ་ཐུག་པར་གྱུར་ན་ཁྱོད་ཀྱིས་དགུ་དང་བསྲེས་པའི་ཟས་མ་བྱིན་གྲང ། འཇམ་དཔལ་གྱིས་སྨྲས་པ། སྡིག་ཅན། དགུ་མེད་པ་རྣམས་དུག་སྦྱིན་པར་གལ་འགྱུར་གང་དག་དུག་སྲེལ་བ་དེ་དག་ནི་དུག་སྦྱིན་པར་བྱེད་ཀྱི། གང་དག་དུག་མི་སྲེལ་བ་དེ་དག་ནི་དུག་སྦྱིན་པར་མི་བྱེད་དོ། །སྡིག་ཅན། དུག་ཅེས་བྱ་བ་ནི་འདི་ལྟ་སྟེ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་སྟེ། དེ་དག་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་མེད་དོ། །དུག་ཅེས་བྱ་བ་ནི་མ་རིག་པ་དང ། སྲིད་པའི་སྲེད་པ་དང ། ང་དང་ངའི་ཞེས་བྱ་བ་དང ། རྒྱུ་དང།་ལྟ་བ་དང ། མིང་དང་གཟུགས་དང ། རྗེས་སུ་ཆགས་པ་དང ། ཁོང་ཁྲོ་བ་དང ། བདག་ཏུ་ལྟ་བ་དང ། གཞན་དུ་ལྟ་བ་དང ། སྒྲིབ་པ་དང ། ཀུན་ནས་ལྡང་བ་དང ། ཕུང་པོ་ལ་
421a
༄#། །མངོན་པར་ཞེན་པ་དང ། ཁམས་ལ་རློམ་སེམས་སུ་བྱེད་པ་དང ། སྐྱེ་མཆེད་ལ་ཡོངས་སུ་འཛིན་པ་དང ། ཡུལ་ལ་ཆགས་པ་དང ། ཁམས་གསུམ་ལ་ཞེན་པ་དང ། བསྡུས་པ་དང ། གཡེངས་པ་དང ། གཞག་པ་དང ། གདེག་པ་དང ། ཤི་འཕོ་བ་དང ། སྐྱེ་བ་དང ། འོང་བ་དང ། འགྲོ་བ་དང ། ལུས་ལ་མངོན་པར་ཆགས་པ་དང ། སྲོག་ལ་ཞེན་པ་དང ། སྡུག་པ་ཡིད་ལ་བྱེད་པ་དང ། ཕྱིན་ཅི་ལོག་ཏུ་གནས་པ་དང ། རྟེན་ཅིང་འབྲེལ་བར་འབྱུང་བ་དང་མི་མཐུན་པ་དང ། ཆད་པར་ལྟ་བ་དང ། ཐེར་ཟུག་ཏུ་ལྟ་བ་དང ། འབྱུང་བར་ལྟ་བ་དང ། འཇིག་པར་ལྟ་བ་དང ། གཡོ་བ་དང ། རློམ་སེམས་དང ། རྟོག་པ་དང ། རྣམ་པར་རྟོག་པ་དང ། གསོག་པ་དང ། མདུད་པ་དང ། ཀུན་གཞི་དང ། ངེས་པའི་གཞི་དང ། ཞེན་པ་དང ། ཁྱིམ་གྱི་གནས་ལ་དགའ་བ་དང ། ལེན་པ་དང ། འདོར་བ་དང ། སྟོང་པ་ཉིད་ཀྱིས་སྐྲག་པ་དང ། མཚན་མ་མེད་པ་ལ་གཡང་སར་འདུ་ཤེས་པ་དང ། སྨོན་པ་མེད་པ་ལ་གཤེད་མར་འདུ་ཤེས་པ་དང ། དམིགས་སུ་མེད་པ་ལ་དངོས་པོར་འདུ་ཤེས་པ་དང ། ངེས་པར་འབྱུང་བའི་ཁམས་ལ་ཁ་ན་མ་ཐོ་བར་ལྟ་བ་དང ། ཆུ་བོ་ལས་རྒལ་བར་འདུ་ཤེས་པ་དང ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་པ་དང ། ཡང་དག་པའི་ལྟ་བ་ལ་ལོག་པར་ལྟ་བར་འདུ་ཤེས་པ་དང ། ལོག་པར་ལྟ་བ་
421b
ལ་ཡང་དག་པར་ལྟ་བར་འདུ་ཤེས་པ་དང ། དགེ་བའི་བཤེས་གཉེན་ལ་སྡིག་པའི་གྲོགས་པོར་འདུ་ཤེས་པ་དང ། སྡིག་པའི་གྲོགས་པོ་ལ་དགེ་བའི་བཤེས་གཉེན་དུ་འདུ་ཤེས་པ་དང ། སངས་རྒྱས་དང་མི་མཐུན་པ་དང ། ཆོས་སྤོང་བ་དང ། དགེ་འདུན་ལ་མ་གུས་པ་དང ། དགོན་པའི་གནས་ལ་མངོན་པར་མི་དགའ་བ་དང ། ང་རྒྱལ་དང ། ལྷག་པའི་ང་རྒྱལ་དང ། ངའོ་སྙམ་པའི་ང་རྒྱལ་མ་སྤངས་པ་དང ། རབ་ཏུ་འཛིན་པ་དང ། རྩོད་པ་འབར་བར་བྱེད་པ་དང ། བདེན་པ་ལ་རྫུན་པར་འདུ་ཤེས་པ་དང ། རྫུན་པ་ལ་བདེན་པར་འདུ་ཤེས་པ་དང ། འདོད་པ་ལ་ཡོན་ཏན་དུ་འདུ་ཤེས་པ་དང ། འདུས་བྱས་ལ་བདེན་པར་འདུ་ཤེས་པ་དང ། འཁོར་བ་ལ་ཕན་ཡོན་རྣམ་པ་བཅུར་འདུ་ཤེས་པ་དང ། མྱ་ངན་ལས་འདས་པ་ལ་འཇིག་པ་རྣམ་པ་བཅུར་འདུ་ཤེས་པའི་ཆོས་དེ་ལྟ་བུ་དེ་དག་ནི་དུག་ཡིན་ཏེ། སྡིག་ཅན། དེ་དག་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་བསྟན་པ་ནི་བདུད་རྩི་བསྟན་པའོ། །སངས་རྒྱས་ཀྱི་བསྟན་པ་ནི་བདེ་བ་བསྟན་པའོ། །སངས་རྒྱས་ཀྱི་བསྟན་པ་ནི་སྤྲོས་པ་མེད་པ་བསྟན་པའོ། །སངས་རྒྱས་ཀྱི་བསྟན་པ་ནི་མ་སྨད་པ་བསྟན་པའོ། ། སངས་རྒྱས་ཀྱི་བསྟན་པ་ནི་ཀུན་ནས་ལྡང་བ་མེད་པ་བསྟན་པའོ། །སངས་རྒྱས་ཀྱི་བསྟན་པ་ནི་འབྱུང་བ་བསྟན་པའོ། །སངས་རྒྱས་ཀྱི་བསྟན་པ་ནི་འཐབ་པ་མེད་པ་བསྟན་པའོ། །སངས་
422a
༄#། །རྒྱས་ཀྱི་བསྟན་པ་ནི་རྩོད་པ་མེད་པ་བསྟན་པའོ། །སངས་རྒྱས་ཀྱི་བསྟན་པ་ནི་བདག་དང་གཞན་ལ་མི་གདུང་བ་བསྟན་པའོ། །སངས་རྒྱས་ཀྱི་བསྟན་པ་ནི་བྱམས་པ་དང་ལྡན་པའི་བསྟན་པའོ། །སངས་རྒྱས་ཀྱི་བསྟན་པ་ནི་གནས་དང ། སྐྱབས་དང ། གླིང་དང ། དཔུང་གཉེན་བསྟན་པའོ་།སངས་རྒྱས་ཀྱི་བསྟན་པ་ནི་དུལ་བ་དང ། ཞི་བ་དང ། རབ་ཏུ་ཞི་བ་དང ། ཉེ་བར་ཞི་བ་བསྟན་པའོ། །སངས་རྒྱས་ཀྱི་བསྟན་པ་ནི་དག་པ་དང ། རྣམ་པར་དག་པ་དང ། ཡོངས་སུ་དག་པ་དང ། འོད་གསལ་བ་བསྟན་པའོ། །སངས་རྒྱས་ཀྱི་བསྟན་པ་ནི་ཡང་དག་པའི་ནན་ཏན་བསྟན་པའོ། །སངས་རྒྱས་ཀྱི་བསྟན་པ་ནི་མི་དཀྲུག་པ་བསྟན་པའོ། །སངས་རྒྱས་ཀྱི་བསྟན་པ་ནི་ཤིན་ཏུ་དུལ་བ་བསྟན་པའོ། །སངས་རྒྱས་ཀྱི་བསྟན་པ་ནི་ཤིན་ཏུ་རྣམ་པར་དག་པ་བསྟན་པའོ། །སངས་རྒྱས་ཀྱི་བསྟན་པ་ནི་བསྟོད་ཅིང་བསྔགས་པ་བསྟན་པའོ། །སངས་རྒྱས་ཀྱི་བསྟན་པ་ནི་ཞི་བ་དང ། རབ་ཏུ་ཞི་བ་དང ། ཤིན་ཏུ་ངེས་པར་བསྟན་པའོ། །སངས་རྒྱས་ཀྱི་བསྟན་པ་ནི་གྲོལ་བ་དང ། རྣམ་པར་གྲོལ་བ་དང ། ཡོངས་སུ་གྲོལ་བ་བསྟན་པའོ། །སངས་རྒྱས་ཀྱི་བསྟན་པ་ནི་ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་དང་མཐུན་པས་ཚར་གཅོད་པ་བསྟན་པའོ། །སངས་རྒྱས་ཀྱི་བསྟན་པ་ནི་བདུད་ཐམས་ཅད་འཇོམས་པ་བསྟན་པའོ། །སངས་རྒྱས་ཀྱི་བསྟན་པ་ནི་སྐྱེ་བ་དང ། ཤི་འཕོ་དང ། འབྱུང་བ་
422b
ལས་ངེས་པར་འབྱུང་བ་བསྟན་པའོ། །དྲན་པ་ཉེ་བར་བཞག་པས་དྲན་པ་བསྟན་པའོ། །སྡིག་པ་ཐམས་ཅད་མི་བྱེད་པས་ཡང་དག་པར་སྤོང་བ་བསྟན་པའོ། །ལུས་དང་སེམས་ཡང་བས་རྫུ་འཕྲུལ་གྱི་རྐང་པ་བསྟན་པའོ། །དད་པ་སྔོན་དུ་འགྲོ་བས་དབང་པོ་བསྟན་པའོ། །ཉོན་མོངས་པ་ཐམས་ཅད་ཀྱིས་མི་རྫི་བས་སྟོབས་བསྟན་པའོ། །མཐུན་པར་ཁོང་དུ་ཆུད་པས་བྱང་ཆུབ་ཀྱི་ཡན་ལག་བསྟན་པའོ། །འབྱུང་བས་ལམ་བསྟན་པའོ། །སེམས་ཞི་བས་ཞི་གནས་བསྟན་པའོ། །རྣམ་པར་གྲོལ་བ་བསྐྱེད་པས་ལྷག་མཐོང་བསྟན་པའོ། །སླུ་བར་མི་བྱེད་པས་བདེན་པ་བསྟན་པའོ། །དོན་དང ། ཆོས་དང ། ངེས་པའི་ཚིག་དང ། སྤོབས་པ་དང་མི་འགལ་བས་སོ་སོ་ཡང་དག་པར་རིག་པ་བསྟན་པའོ། །འདུས་བྱས་ལ་སྨོན་པས་མི་རྟག་པ་དང ། སྡུག་བསྔལ་བ་ཡོངས་སུ་བརྗོད་པ་བསྟན་པའོ། །ཡ་མཚན་ཅན་ཐམས་ཅད་སྤོང་བས་བདག་མེད་པ་བསྟན་པའོ། །མྱ་ངན་ལས་འདའ་བར་འགྲོ་བས་ཞི་བ་བསྟན་པའོ། ། ཕ་རོལ་ཏུ་འགྲོ་བས་ཕ་རོལ་ཏུ་ཕྱིན་པ་བསྟན་པའོ། །སེམས་ཅན་ཡང་དག་པར་སྡུད་པས་ཐབས་བསྟན་པའོ། །ཞེ་འགྲས་པའི་སེམས་མེད་པས་བྱམས་པ་བསྟན་པའོ། །འཚེ་བ་མེད་པས་སྙིང་རྗེ་བསྟན་པའོ། །མི་དགའ་བ་སེལ་བས་དགའ་བ་བསྟན་པའོ། །བྱ་བ་བྱས་པས་བཏང་སྙོམས་བསྟན་པའོ། །ང་རྒྱལ་མེད་པས་ཡེ་ཤེས་བསྟན་པའོ། །བྱང་ཆུབ་ཀྱི་སེམས་
423a
༄#། །བསྐྱེད་པས་དཀོན་མཆོག་གསུམ་གྱི་གདུང་མི་འཆད་པ་བསྟན་པའོ། །ཡང་འབྱུང་བ་མེད་པས་བདེ་བ་ཐམས་ཅད་དང་མཐུན་པ་བསྟན་པའོ། །བསྟན་པའི་བཤད་པ་འདི་བསྟན་པའི་ཚེ་གང་བདུད་སྡིག་ཅན་དང་ལྷན་ཅིག་ཏུ་ལྷའི་བུ་གང་དག་ལྷགས་པ་དེ་ལས་ལྷའི་བུ་ལྔ་བརྒྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་ཏེ། དེ་དག་གིས། བཅོམ་ལྡན་འདས། བདག་ཅག་ཀྱང་སངས་རྒྱས་ཀྱི་བསྟན་པ་དེ་ལྟ་བུ་དང་མཐུན་པར་གྱུར་ཅིག་ཅེས་དེ་སྐད་ཀྱི་ཚིག་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་འཛུམ་པ་མཛད་དེ། ཁོ་བོས་འཛུམ་པའི་ཕྱིར་ཞུས་སོ། །ཞུས་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ། བདུད་ཀྱི་སྤྲུལ་པའི་དགེ་སློང་འདི་དག་ཁྱོད་ཀྱིས་མཐོང་ངམ། བཅོམ་ལྡན་འདས་ལ་ཁོ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། མཐོང་ངོ ། །བདེ་བར་གཤེགས་པ། མཐོང་ངོ ། །བཅོམ་ལྡན་འདས་ཀྱིས་ཁོ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ། ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་འཇིག་པའི་ཚེ་ངའི་བསྟན་པ་ལ་དགེ་སློང་དག་ཕལ་ཆེར་འདི་བཞིན་དུ་ཤམ་ཐབས་ལེགས་པར་མ་གྱོན་པ། བླ་གོས་ལེགས་པར་མ་བགོས་པ། གོས་བརྟུལ་ཏེ་གྱོན་པ། ལྷུང་བཟད་ཆག་པ། ཤེས་བཞིན་མེད་པ། སྤྱོད་ལམ་མི་སྡུག་པ་ལག་
423b
ན་འཁར་བ་ཐོགས་པ། སྣ་ལེབ་ལེབ་པོ་དང ། ཞར་བ་དང ། འཐེང་པོ་དང ། ཞ་བོ་དང ། ལུས་ཀྱི་ཤ་ཚུགས་མ་ལེགས་པ་དང ། ནད་སྣ་ཚོགས་ཀྱི་བཏབ་པ་དག་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ། འདི་ལྟར་དེའི་ཚེ་དགེ་སློང་དག་ཕལ་ཆེར་བསྙེན་བཀུར་ལ་ཆེད་ཆེ་བར་བྱེད་པ་རྙེད་པ་དང་བཀུར་སྟི་ལ་བརྟེན་པ་དང ། བྱ་བ་སྣ་ཚོགས་ཀྱི་མི་ཁོམ་པས་བྲེལ་བ་དང།་འདུལ་བ་བོར་བ་དང ། སོ་སོར་ཐར་པ་འདྲལ་བ་དང ། མཚམས་ལས་འདའ་བ་དང ། ཚེ་འདི་ཆེད་ཆེ་བར་བྱེད་པ་དང ། ཚེ་རབས་གཞན་ཆེད་མི་ཆེ་བར་བྱེད་པར་འགྱུར་ཏེ། དེ་དག་འདི་ལྟ་སྟེ། ཆོས་ཀྱི་ཕྱིར་ནི་མ་ཡིན་གྱི། བསྙེན་བཀུར་གྱི་ཕྱིར་ཞར་བ་དང ། འཐེང་པོ་དང ། ཞ་བོ་དང ། ལུས་ཀྱི་ཤ་ཚུགས་མ་ལེགས་པ་དང ། ནད་སྣ་ཚོགས་ཀྱིས་བཏབ་པ་འོངས་ཤིང་ལྷགས་པ་རྣམས་རབ་ཏུ་འབྱུང་བར་བྱེད་དོ། །བསྙེན་པར་རྫོགས་པར་བྱེད་དོ། །ཀུན་དགའ་བོ། དེའི་ཚེ་དེའི་དུས་ན་ངའི་བསྟན་པ་འདི་ལ་ལྟར་མི་རུང་བ་དང ། མཉན་དུ་མི་རུང་བར་འགྱུར་རོ། །ལྷ་རྣམས་ཀྱང་ཡིད་མི་དགའ་བར་འགྱུར་རོ། །བདུད་རྣམས་ཡི་རངས་ཤིང་དགའ་བ་དང ། བཏང་སྙོམས་སུ་འགྱུར་རོ། །བཅོམ་ལྡན་འདས་ལ་ཁོ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཅིའི་སླད་དུ་ན་བདུད་སྡིག་ཅན་རྣམས་ཡི་རངས་ཤིང་དགའ་བ་དང ། བཏང་སྙོམས་སུ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་
424a
༄#། །བོ།་འདི་ལྟར་སྐྱེས་བུ་བླུན་པོ་དེ་དག་བདག་ཉིད་བདུད་ཀྱི་ལས་བྱེད་པར་འགྱུར་ཏེ། དེ་ལ་བར་ཆད་བྱ་བའི་ཕྱིར་ཕྱིར་ཞིང་བདུད་སྡིག་ཅན་བརྩོན་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བདུད་སྡིག་ཅན་ནི་མི་བརྩོན་པ་རྣམས་ལ་གླགས་མི་ཚོལ་གྱི། བདུད་སྡིག་ཅན་ནི་དགེ་སློང་གང་དག་ཡང་འབྱུང་བ་མེད་པར་བྱ་བའི་ཕྱིར་མགོ་དང་གོས་ལ་མེ་འབར་བ་བཞིན་དུ་བརྩོན་པར་གནས་པ་དེ་དག་ལ་བདུད་གླགས་ཚོལ་ཏེ། ཀུན་དགའ་བོ། དེ་ལྟ་བས་ན་མ་ཐོབ་པ་ཐོབ་པར་བྱ་བ་དང ། མ་རྟོགས་པ་རྟོགས་པར་བྱ་བ་དང།་མངོན་དུ་མ་བྱས་པ་མངོན་དུ་བྱ་བའི་ཕྱིར་སྦྱོར་བར་བྱོས་ཤིག་།བརྩལ་བར་བྱོས་ཤིག་།འབད་པར་བྱོས་ཤིག་།བདུད་ཀྱི་ཕྱོགས་ཚར་ཆོད་ཅིག་།དེ་བཞིན་གཤེགས་པའི་བསྟན་པ་འབར་བར་བྱོས་ཤིག་།དམ་པའི་ཆོས་ཡོངས་སུ་གཟུང་ཞིག་།ང་ལ་ཆོས་ཀྱི་མཆོད་པས་མཆོད་ཅིག་།འདི་ནི་ཁྱོད་ལ་རྗེས་སུ་བསྟན་པ་ཡིན་ནོ། །བསྟན་པ་འདི་བཤད་པའི་ཚེ་དགེ་སློང་ལྔ་སྟོང་གིས་ཚེའི་འདུ་བྱེད་སྤངས་པར་གྱུར་ཏེ། བདག་ཅག་གིས་བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་རྣམ་པར་འཇིག་པ་མཐོང་བར་མ་གྱུར་ཅིག་ཅེས་དེ་སྐད་ཀྱི་ཚིག་སྨྲས་ནས། དེ་དག་སྟེང་གི་བར་སྣང་ལ་མངོན་པར་འཕགས་ཏེ། རང་གི་མེའི་ཁམས་ཀྱིས་བདག་ཉིད་བསྲེགས་སོ། །ལྷའི་བུ་འབུམ་གྱིས་ཀྱང་དེ་དག་ལ་མཆོད་པ་བྱས་
424b
བར་གྱུར་ཏོ། །དགེ་སློང་ཉིས་བརྒྱ་ནི་ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ་།དགེ་སློང་ཉིས་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དག་ཀྱང་འཁོར་དང་བཅས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་གིས་བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་རྣམ་པར་འཇིག་པ་མི་མཐོང་བར་བགྱི་བ་དང ། བཅོམ་ལྡན་འདས། ཆོས་ཀྱི་རྣམ་གྲངས་འདི་གང་དག་གི་རྣ་ལམ་དུ་གྲགས་པར་གྱུར་པ་དེ་དག་ནམ་ཡང་སེམས་ལེ་ལོའི་དྲི་མས་ཀུན་ནས་མི་གནས་པར་བགྱི་བ་དང ། དེ་དག་བདུད་ཀྱི་ལས་བྱུང་ཞིང་བྱུང་བ་རྣམས་ཀྱི་དབང་དུ་མི་འགྱུར་བར་བཅོམ་ལྡན་འདས་སྐུ་ཚེ་རིང་དུ་བཞུགས་ཤིང་བསྐྱང་བར་གསོལ་ཞེས་སྨྲས་སོ། ། ཚེ་དང་ལྡན་པ་ཤཱ་རིའི་བུ། འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་རྣམ་པར་འཕྲུལ་པ་དང ། ཆོས་སྟོན་པ་རྣམ་པར་འཕྲུལ་པ་ལས་གང་ཁོ་བོས་ཕྱོགས་ཙམ་ཞིག་མངོན་སུམ་དུ་གྱུར་པ་ནི་དེ་ལྟ་བུ་དེ་དག་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ། ཁོ་བོས་ཀྱང་འཇམ་
425a
༄#། །དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཁ་ཅིག་མངོན་སུམ་དུ་གྱུར་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུ། ཁོ་བོས་མངོན་པར་ཤེས་ཏེ། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པ། ཁོ་བོའང་རབ་ཏུ་བྱུང་ནས་རིང་པོ་མ་ལོན་པ་ཞིག་ན་འཇམ་དཔལ་གཞོན་ནུར་གྱུར་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་སྲོག་ཤིང་གི་སངས་རྒྱས་ཀྱི་ཞིང་ནས་བཅོམ་ལྡན་འདས་ལ་བལྟ་བ་དང ། ཕྱག་བྱ་བ་དང ། བསྙེན་བཀུར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཁམས་འདིར་དང་པོ་འོངས་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་དྲུང་ན་མཉན་ཡོད་ཀྱི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་འདིར་དབྱར་གནས་པར་དམ་བཅའ་མཛད་དོ། །འཇམ་དཔལ་གཞོན་ནུར་གྱུར་པའང་དེར་དབྱར་ཟླ་བ་གསུམ་གནས་པར་དམ་བཅས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔ་དང ། དགེ་འདུན་གྱི་ནང་དང ། བཀད་ས་དང ། གསོ་སྦྱོང་དང ། ཕྱག་འཚལ་བཱི་ལས་ལ་ཁོ་བོ་ཅག་གི་ཕྱིར་ནམ་ཡང་མ་མཐོང་བར་གྱུར་ཏོ། །དེ་ནས་དབྱར་ཟླ་བ་གསུམ་ཟད་དེ་འདས་པ་དང ། གསོ་སྦྱོང་དང ། དགག་དབྱེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པས་བཞིན་བསྟན་ཏོ། །དེ་ལ་ཁོ་བོས་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་དབྱར་གྱི་ཟླ་བ་དེ་གསུམ་གྱི་ཚེ་གང་ན་འདུག་འདུག་།དེས་སྨྲས་པ། བཙུན་པ་འོད་སྲུང་
425b
ཆེན་པོ་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་འདི་ཉིད་ན་རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོའི་ནང་ནའོ། །དེ་ལ་ཁོ་བོ་འདི་སྙམ་དུ་གྱུར་ཏེ། སེམས་དཔའ་འདི་ལྟ་བུ་ལྟུང་བ་དང་བཅས་པ་དང་ཡོངས་སུ་དག་པའི་དགེ་སློང་གི་དགེ་འདུན་དང་ལྷན་ཅིག་དགག་དབྱེ་བྱར་མི་རུང་ངོ་སྙམ་དུ་གྱུར་ནས། ཁོ་བོ་འཁོར་གྱི་ཁྱམས་དེ་ནས་བྱུང་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་བསྐྲད་པའི་ཕྱིར་གཎྜི་བརྡུངས་སོ། །དེར་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ། གནས་བརྟན་འོད་སྲུང་ཆེན་པོ་ཅིའི་ཕྱིར་གཎྜི་བརྡུངས་པ་སོམས་ཤིག་།དེས་གསོལ་པ། བཅོམ་ལྡན་འདས། བསམས་ན་བདག་བསྐྲད་པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་ལ་མ་དད་པ་ཆེན་པོ་བྱེད་པར་མི་འགྱུར་པར་བདག་ཉིད་ཚངས་པར་བྱོས་ཤིག་།རང་གི་སྤྱོད་ཡུལ་སྟོན་ཅིག་།ཉན་ཐོས་ཆེན་པོ་རྣམས་མགུ་བར་བྱོས་ཤིག་།དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དེའི་ཚེ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡང་དག་པར་སྟོན་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །འཇམ་དཔལ་གཞོན་ནུར་གྱུར་པས་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་དེའི་ཚེ་ཕྱོགས་བཅུ་ན་སངས་རྒྱས་ཀྱི་ཞིང་སྒངྒཱའི་ཀླུང་གི་བྱེ་མ་སྙེད་ན་སྦྱངས་པའི་ཡོན་ཏན་སྨྲ་བའི་དགེ་སློང་
426a
༄#། །འོད་སྲུང་ཆེན་པོ་འདྲ་བ་ཤ་སྟག་འཇམ་དཔལ་གཞོན་ནུར་གྱུར་པ་བསྐྲད་པའི་ཕྱིར་གཎྜི་བརྡུང་བར་སྣང་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཁོ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང ། ཅིའི་ཕྱིར་གཎྜི་བརྡུང ། བཅོམ་ལྡན་འདས་ལ་ཁོ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འཇམ་དཔལ་གཞོན་ནུར་གྱུར་པ་དེ་དབྱར་ཟླ་གསུམ་དུ་བཙུན་མོའི་འཁོར་དུ་གནས་ནས་ཡོངས་སུ་དག་པའི་དགེ་སློང་གི་དགེ་འདུན་དང་ལྷན་ཅིག་དགག་དབྱེ་བགྱིད་པར་འཚལ་ཏེ། དེ་བསྐྲད་པའི་སླད་དུ་བདག་གཎྜི་བརྡུང་ངོ ། ། དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་ཐམས་ཅད་ལས་འོད་ཕྱུང་སྟེ། ཁོ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང ། ཕྱོགས་བཅུ་ན་ཅི་སྣང་བ་ཇེ་ལྟོས་ཤིག་།ཁོ་བོས་དེའི་ཚེ་བལྟས་ན་ཕྱོགས་བཅུ་ན་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ན། གནས་བརྟན་བདག་འདྲ་བ་ཤ་སྟག་འཇམ་དཔལ་གཞོན་ནུར་གྱུར་པ་བསྐྲད་པའི་ཕྱིར་གཎྜི་བརྡུང་བར་མཐོང་ངོ ། །འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་ནའང་འཇམ་དཔལ་གཞོན་ནུར་གྱུར་པ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཞབས་ཀྱི་དྲུང་ན་འདུག་པར་མཐོང་ངོ ། །བཅོམ་ལྡན་འདས་ཀྱིས་ཁོ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་ཆེན་པོ་ཁྱོད་ཅི་འཇམ་དཔལ་གཞོན་ནུར་གྱུར་པ་གང་ངའི་མདུན་ན་འདུག་པ་འདི་འམ།
426b
འོན་ཏེ་གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་ཚད་མེད་པ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་དྲུང་ན་འདུག་པའམ་གང་བསྐྲད་པར་འདོད། དེའི་ཚེ་ཁོ་བོ་ངོ་ཚ་བའི་ཚུལ་གྱིས་གཎྜི་དེ་ས་ལ་དོར་རོ་སྙམ་ན། དོར་ཡང་མ་ནུས་ནས་རྒྱུན་མ་ཆད་པར་སྒྲ་བྱུང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་ཇི་ལྟ་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནའང་ཆད་པ་མེད། ལྷག་པ་མེད། སྐྱེས་པ་མེད་པར་དེ་བཞིན་དུ་བྱེད་པར་སྣང་ངོ ། །ཁོ་བོས་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་བཙལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ནི་ཤེས་པ་ཕྱོགས་གཅིག་པ་དང་ལྡན་པ་སྟེ། བྱང་ཆུབ་སེམས་དཔའ་ཡུལ་ཚད་མ་མཆིས་པ་རྣམས་ཀྱི་སྤྱོད་ཡུལ་མ་འཚལ་ནས་གཎྜི་བརྡུངས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཟོད་པ་གསོལ་ལོ། །བཅོམ་ལྡན་འདས་ཀྱིས་ཁོ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་ཆེན་པོ་ཁྱོད་ཀྱིས་སངས་རྒྱས་ཀྱི་ཞིང་ན་འཇམ་དཔལ་གཞོན་ནུར་གྱུར་པ་འདི་སྙེད་མཐོང་བ་ཐམས་ཅད་དུ་ཁྱིམ་པའི་ཁྱིམ་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དབྱར་ཟླ་གསུམ་དུ་གནས་སོ། །འོད་སྲུང་ཆེན་པོ། འཇམ་དཔལ་གཞོན་ནུར་གྱུར་པ་འདི་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་འདིར་བཙུན་མོའི་འཁོར་དུ་དབྱར་གནས་པར་དམ་པའི་བཅས་པས་ཀྱང་རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོའི་འཁོར་ལས་བུད་
427a
༄#། །མེད་ལྔ་བརྒྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ཡོངས་སུ་སྨིན་པར་བྱས་སོ། །སྐྱེས་པ་ལྔ་བརྒྱ་དང ། ཁྱེའུ་ལྔ་བརྒྱ་དང ། བུ་མོ་ལྔ་བརྒྱ་དང ། སྨད་འཚོང་མ་ལྔ་བརྒྱའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བཞག་གོ་།སེམས་ཅན་མང་པོ་དག་ཀྱང་ཉན་ཐོས་ཀྱི་ཐེག་པར་བརྟུལ་ཏེ་མཐོ་རིས་སུ་འགྲོ་བར་བྱས་སོ། །བཅོམ་ལྡན་འདས་ལ་ཁོ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཆོས་ཇི་ལྟ་བུ་ཞིག་བཤད་པས་འཇམ་དཔལ་གཞོན་ནུར་གྱུར་བས་སེམས་ཅན་དེ་སྙེད་ཅིག་ཡོངས་སུ་སྨིན་པར་བགྱིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཆེན་པོ། འཇམ་དཔལ་གཞོན་ནུར་གྱུར་པ་དེ་ཉིད་ལ་ཆོས་ཇི་ལྟ་བུ་ཞིག་བཤད་པས་སེམས་ཅན་དེ་སྙེད་ཡོངས་སུ་སྨིན་པར་བྱས་ཞེས་ཁྱོད་ཀྱིས་བྲིས་ཤིག་དང ། དེ་ཉིད་ཁྱོད་ལ་ལན་ལྡོན་པར་འགྱུར་རོ། །ཁོ་བོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཀྱིས་ཆོས་ཀྱི་ཇི་ལྟ་བུ་ཞིག་བཤད་པས་སེམས་ཅན་དེ་སྙེད་ཡོངས་སུ་སྨིན་པར་བྱས། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ། སེམས་ཅན་དེ་ལྟ་བུ་དེ་དག་ནི་ཆོས་བཤད་པས་ཡོངས་སུ་སྨིན་པར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། བཙུན་པ་འོད་སྲུང་ཆེན་པོ། སེམས་ཅན་གང་དག་དགའ་
427b
བའི་རྩེད་མོས་ཡོངས་སུ་སྨིན་པར་འགྱུར་བའང་ཡོད། རབ་ཏུ་གཟུང་བ་དང ། ཚར་གཅད་པ་དང ། སྦྱིན་པ་རབ་ཏུ་སྦྱིན་པ་དང ། ཕོང་ཤིང་དབུལ་བ་དང ། བཀོད་པ་ཆེན་པོ་དང ། ཀུན་བརྗོད་པའི་ཆོ་འཕྲུལ་དང ། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང ། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང ། བརྒྱ་བྱིན་གྱི་གཟུགས་དང ། ཚངས་པའི་གཟུགས་དང ། འཇིག་རྟེན་སྐྱོང་བའི་གཟུགས་དང ། འཁོར་ལོས་བསྒྱུར་བའི་གཟུགས་དང ། སངས་རྒྱས་ཀྱི་སྐུ་དང ། རང་སངས་རྒྱས་ཀྱི་གཟུགས་དང ། ཉན་ཐོས་ཀྱི་གཟུགས་དང ། འཇིགས་པས་བསྡིགས་པ་དང ། ཚིག་རྩུབ་པོ་དང ། ཚིག་འཇམ་པོ་དང ། ཕན་གདགས་པས་ཡོངས་སུ་སྨིན་པར་འགྱུར་བའང་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་འོད་སྲུང་ཆེན་པོ། སེམས་ཅན་གྱི་སྤྱོད་པ་ནི་སྣ་ཚོགས་པ་སྟེ། དེ་དག་བྱ་བའང་སྣ་ཚོགས་པ་ཉིད་ཀྱིས་ཡོངས་སུ་སྨིན་པར་འགྱུར་ཏེ། བཙུན་པ་འོད་སྲུང་ཆེན་པོ། དེ་ལྟར་ཡོངས་སུ་སྨིན་པའི་སེམས་ཅན་རྣམས་ཕྱིས་ཆོས་བཤད་པས་ཤིན་ཏུ་དུལ་བར་འགྱུར་རོ། །དེ་ལ་ཁོ་བོས་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཀྱིས་སེམས་ཅན་གྱི་ཁམས་ཇི་སྙེད་ཅིག་སྤྱོད་པ་འདིས་ཡོངས་སུ་སྨིན་པར་བྱས། དེས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ། ཆོས་ཀྱི་དབྱིངས་ཇི་སྙེད་པའོ། །སྨྲས་པ། འཇམ་དཔལ་ཆོས་ཀྱི་དབྱིངས་ཀྱང་ཇི་སྙེད། སྨྲས་པ། ནམ་མཁའི་ཁམས་ཇི་ཙམ་པའོ། །སྨྲས་པ། ནམ་མཁའི་ཁམས་ཀྱང་
428a
༄#། །ཇི་ཙམ། སྨྲས་པ། སེམས་ཅན་གྱི་ཁམས་ཇི་སྙེད་པ་སྟེ། བཙུན་པ་འོད་སྲུང་ཆེན་པོ། དེ་ལྟར་ན་ཆོས་ཀྱི་དབྱིངས་དང ། ནམ་མཁའི་ཁམས་དང ། སེམས་ཅན་གྱི་ཁམས་ཀྱི་དེ་ནི་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་དོ། །དེ་ལ་ཁོ་བོས་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། འདི་ལྟར་སེམས་ཅན་གང་ཡང་ཡོངས་སུ་མྱ་ངན་ལས་འདས་པ་མེད་ན་འོ་ན་སངས་རྒྱས་འབྱུང་བ་དོན་མེད་པར་མི་འགྱུར་རམ། དེས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ། དཔེར་ན། སྐྱེས་བུ་ལ་ལ་ཞིག་མཁྲིས་པའི་རིམས་ཀྱིས་བཏབ་སྟེ། རྣམ་པ་སྣ་ཚོགས་སུ་བླ་བར་གྱུར་པ་དང ། དེ་ལ་ཁ་ཅིག་སྐྱེས་བུ་འདི་ནི་གདོན་གྱིས་བཏབ་བོ་སྙམ་དུ་གྱུར་ཏོ། །དེ་ནས་སྨན་པ་མཁས་པ་ཞིག་འོངས་ཏེ། སྐྱེས་བུ་དེ་ལ་མར་བླུད་པ་ལ་སོགས་པའི་བྱ་བས་མཁྲིས་པའི་རིམས་དེ་ཞི་བར་བྱས་ནས། དེ་ཕྱིས་རྣམ་པ་སྣ་ཚོགས་སུ་མི་བླ་བར་གྱུར་ན། བཙུན་པ་འོད་སྲུང་ཆེན་པོ། འདི་ཇི་སྙམ་དུ་སེམས། དེ་ལས་ལྷའམ། ཀླུའམ། གནོད་སྦྱིན་བྱུང་བར་གྱུར་པ་ཡོད་དམ། དེ་ལ་ཁོ་བོས་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། དེ་ནི་མ་ཡིན་ཏེ། འོན་ཀྱང་མར་བླུད་པ་ལ་སོགས་པའི་བྱ་བས་མཁྲིས་པ་དེ་ཞི་བར་གྱུར་ཏོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ། སྐྱེས་བུ་དེ་ལ་སྨན་པ་དེས་ཕན་པ་ཆེན་པོ་བྱས་པ་མ་ཡིན་ནམ།
428b
ཁོ་བོས་དེ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །དེས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ། དེ་བཞིན་དུ་འཇིག་རྟེན་གནས་པ་ཕྱིན་ཅི་ལོག་གི་རིམས་ཀྱིས་བཏབ་པ་དག་བདག་མེད་ལ་བདག་ཏུ་འདུ་ཤེས་ཤིང་བདག་མེད་པ་ལ་བདག་ཏུ་མངོན་པར་ཞེན་ནས་འཁོར་བ་ན་འཁོར་རོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་དག་འཇིག་རྟེན་དུ་བྱུང་སྟེ། དཔེ་བསྟན་པ་དེ་དང་དེ་དག་དང ། ཆོས་ལ་གཞུག་པའི་སྒོ་དེ་དང་དེ་དག་གིས་བདག་ཏུ་འདུ་ཤེས་པ་ཡོངས་སུ་ཤེས་པ་དང ། ཕྱིན་ཅི་ལོག་སྤང་བར་བྱ་པའི་ཕྱིར་སེམས་ཅན་དེ་དག་ལ་ཆོས་འཆད་དོ། །དེ་དག་ཆོས་ཐོས་ནས་འདུ་ཤེས་ཐམས་ཅད་དང་བྲལ་ཞིང་ཕྱི་ཕྱིར་ཞིང་མངོན་པར་མི་ཆགས་ཏེ། དེ་དག་བདག་ཏུ་འདུ་ཤེས་པ་སྤངས་ནས་ཆུ་བོ་ལས་བརྒལ་ཏེ། དེ་དག་བརྒལ་པ་དང ། ཕ་རོལ་ཏུ་ཕྱིན་པ་དང ། ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །བཙུན་པ་འོད་སྲུང་ཆེན་པོ། འདི་ཇི་སྙམ་དུ་སེམས། དེ་ལ་བདག་གམ། སེམས་ཅན་ནམ། སྲོག་གམ། སྐྱེ་བ་པོའམ། གང་ཟག་གང་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་ཡོད་དམ། ཁོ་བོས་དེ་ལ་སྨྲས་པ། འཇམ་དཔལ། དེ་ནི་མ་ཡིན་ཏེ། འོན་ཀྱང་མཉམ་པ་ཉིད་ཡང་དག་པར་བསྟན་པས་ཕྱིན་ཅི་ལོག་སྤོང་ངོ ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ། འདི་ལྟ་བུའི་ཕྱིར་སངས་རྒྱས་འབྱུང་
429a
༄#། །སྟེ། འདི་ལྟ་སྟེ། མཉམ་པ་ཉིད་ཡང་དག་པར་བསྟན་པའི་ཕྱིར་ཏེ། སྐྱེ་བའི་ཕྱིར་མ་ཡིན། འགག་པའི་ཕྱིར་མ་ཡིན་གྱི། ཀུན་ནས་ཉོན་མོངས་པ་མེད་པ་འབའ་ཞིག་རྟོགས་པར་བྱ་བའི་ཕྱིར་རོ། །ཁོ་བོས་དེ་ལ་འདི་སྐད་སྨྲས་སོ། །འཇམ་དཔལ། བྱང་ཆུབ་སེམས་དཔའ་གང་དག་རང་བཞིན་དེ་ལྟ་བུའི་ཆོས་ཀྱི་དབྱིངས་ལའང་རྟོག་ཅིང ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་གོ་ཆའང་མི་འདོར་ལ། ཞུམ་པར་མི་འགྱུར། རངས་པར་མི་འགྱུར་ཞིང་རང་བཞིན་གྱིས་ཡོངས་སུ་མྱ་ང་ལས་འདས་པའི་སེམས་ཅན་རྣམས་ཀྱི་ཕྱིར་གོ་ཆ་བགོས་པ་ནི་དཀའ་བ་བྱེད་པ་མ་ཡིན་ནོ། །དེས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོ་ཆ་ཆེན་པོ་བགོས་པ་ཡིན་ནོ། །དེ་ལ་ཁོ་བོས་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་བྱང་ཆུབ་སེམས་དཔའི་གོ་ཆ་བརྩམ་པར་སྤོབས་པར་གྱིས་ཤིག་།འཇམ་དཔལ་གྱིས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ། བྱང་ཆུབ་སེམས་དཔའི་གོ་ཆ་ཆེན་པོ་ནི་སུམ་ཅུ་རྩ་གཉིས་ཏེ། གོ་ཆ་དེ་དག་བགོས་པའི་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །སུམ་ཅུ་རྩ་གཉིས་གང་ཞེ་ན། བཙུན་པ་འོད་སྲུང་ཆེན་པོ། རྨི་ལམ་གྱི་རང་བཞིན་གྱི་མཚན་ཉིད་ཀྱིས་འཁོར་བ་ཚད་མེད་པ་ཡོངས་སུ་འཛིན་པ་ནི་བྱང་ཆུབ་
429b
སེམས་དཔའི་གོ་ཆའོ། །བདག་མེད་པའི་མཚན་ཉིད་ཀྱིས་སེམས་ཅན་ཚད་མེད་པ་ཡོངས་སུ་སྨིན་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །ཆོས་ཀྱི་སྐུའི་མཚན་ཉིད་ཀྱིས་སངས་རྒྱས་ཚད་མེད་པ་ལ་མཆོད་པ་དང་རིམ་གྲོ་བྱེད་པ་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །བྲག་ཅ་དང་མཉམ་པ་ཉིད་ཀྱི་མཚན་ཉིད་ཀྱིས་སངས་རྒྱས་ཀྱིས་གསུངས་པ་ཐམས་ཅད་ཉན་ཅིང་འཛིན་པ་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བའི་མཚན་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྲུང་བ་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །ཉོན་མོངས་པ་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པའི་མཚན་ཉིད་ཀྱིས་བདུད་ཐམས་ཅད་འདུལ་བ་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །ཡོད་པ་དང་མེད་པ་སེལ་བའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པའི་མཚན་ཉིད་ཀྱིས་ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་དང་མཐུན་པས་ཤིན་ཏུ་ཚར་གཅོད་པ་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །ཕུང་པོ་ཐམས་ཅད་སྤོང་བའི་མཚན་ཉིད་ཀྱིས་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །མངོན་པར་འདུ་བྱ་བ་མེད་པའི་མཚན་ཉིད་ཀྱིས་ཚུལ་ཁྲིམས་དང ། བསླབ་པ་དང ། སྦྱངས་པའི་ཡོན་ཏན་གྱིས་ཡོ་བྱད་བསྙུངས་པ་ཐམས་ཅད་ཡང་དག་པར་ལེན་པ་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །ཁོང་ཁྲོ་བ་མེད་པའི་མཚན་ཉིད་ཀྱིས་བཟོད་པ་དང ། དུལ་བ་དང ། དེས་པ་
430a
༄#། །ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །ལུས་དང་སེམས་དབེན་པའི་མཚན་ཉིད་ཀྱིས་བླང་བ་མེད་པ་དང ། དོར་བ་མེད་པའི་བརྩོན་འགྲུས་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །རྟེན་ཐམས་ཅད་དབེན་པའི་མཚན་ཉིད་ཀྱིས་བསམ་གཏན་དང ། རྣམ་པར་ཐར་པ་དང ། ཏིང་ངེ་འཛིན་དང ། སྙོམས་པར་འཇུག་པ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །མ་རིག་པའི་གཏི་མུག་གི་ལྟ་བ་ཡོངས་སུ་དག་པའི་མཚན་ཉིད་ཀྱིས་ཐོགས་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། ། བྱ་བ་ཐམས་ཅད་སྟོན་པའི་མཚན་ཉིད་ཀྱིས་ཐབས་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །ཞེ་འགྲས་པ་མེད་པའི་མཚན་ཉིད་ཀྱིས་བྱམས་པ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །སོར་མོ་ལྔ་དང་ནམ་མཁའ་མཉམ་པའི་མཚན་ཉིད་ཀྱིས་སྙིང་པོ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །ཡོངས་སུ་མི་སྐྱོ་བའི་མཚན་ཉིད་ཀྱིས་དགའ་བ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །བདེ་བ་དང་སྡུག་བསྔལ་བར་མི་བྱེད་པའི་མཚན་ཉིད་ཀྱིས་བཏང་སྙོམས་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །རྣམ་པར་གྲོལ་བ་ལག་མཐིལ་དུ་འོངས་ཀྱང་ཐོབ་པར་མི་བྱེད་པའི་མཚན་ཉིད་ཀྱིས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་མཚན་ཉིད་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །སྐྱོན་མེད་པར་མི་ལྟུང་
430b
བའི་མཚན་ཉིད་ཀྱིས་ཐམས་ཅད་ཡིད་ལ་མི་བྱེད་པ་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །སྒྱུ་མ་ལྟ་བུའི་ཆོས་ལེགས་པར་ཤེས་པའི་མཚན་ཉིད་ཀྱིས་ཕུང་པོ་ལྔ་གཤེད་མ་ལྟ་བུར་གྱུར་པ་ཡོངས་སུ་སྲུང་བ་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱིས་ཁམས་བཞི་ལ་སྦྲུལ་གདུག་པ་ལྟ་བུར་འཛིན་པ་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །ཡུལ་ཐམས་ཅད་ལ་མི་ཆགས་པའི་མཚན་ཉིད་ཀྱིས་སྐྱེ་མཆེད་དྲུག་ལ་གྲོང་སྟོང་པ་ལྟ་བུར་རྟོག་པ་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །ཀུན་གཞི་མེད་པའི་མཚན་ཉིད་ཀྱིས་ཁམས་གསུམ་དང་མི་འདྲེ་པ་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །སྲིད་པ་སེལ་བའི་མཚན་ཉིད་ཀྱིས་ཆེད་དུ་སྲིད་པ་ལེན་པ་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །ཕྱིར་མི་ལྡོག་པའི་མཚན་ཉིད་ཀྱིས་དཔའ་བ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །སེམས་ཅན་ཐམས་ཅད་ལ་སོ་སོ་ཇི་ལྟར་འོས་པར་ཆོས་ཀྱི་སྨན་སྦྱིན་པའི་མཚན་ཉིད་ཀྱིས་སྨན་པ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ།། ཐེག་པ་གསུམ་གྱི་ལམ་སྟོན་པའི་མཚན་ཉིད་ཀྱིས་དེད་དཔོན་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །སངས་རྒྱས་ཐམས་ཅད་ལ་བྱས་པ་ཤེས་ཤིང་བྱས་པ་གཟོ་བའི་མཚན་ཉིད་ཀྱིས་དཀོན་མཆོག་གསུམ་གྱི་གདུང་མི་གཅོད་པ་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་མཚན་ཉིད་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱི་སྐྱེ་བ་
431a
༄#། །མེད་པའི་མཚན་ཉིད་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱི་ས་ལས་འདའ་བའི་མཚན་ཉིད་ཀྱིས་ཕྱིར་མི་ལྡོག་པའི་ས་ཐོབ་པ་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྟོགས་པའི་མཚན་ཉིད་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་བརྒྱན་པ་ནི་བྱང་ཆུབ་སེམས་དཔའི་གོ་ཆའོ། །བཙུན་པ་འོད་སྲུང་ཆེན་པོ། བྱང་ཆུབ་སེམས་དཔའི་གོ་ཆ་ཆེན་པོ་སུམ་ཅུ་རྩ་གཉིས་ནི་དེ་དག་ཡིན་ཏེ། གོ་ཆ་དེ་དག་བགོས་ན་འབྱུང་བ་ཆེན་པོ་བཞི་ནི་གཞན་དུ་འགྱུར་ཡང་སྲིད་ཀྱི། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པའི་འཇིགས་པ་ནི་མེད་དོ། །དེ་ལ་ཁོ་བོས་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། གོ་ཆ་དེ་དག་ལས་འགའ་ཡང་ཉན་ཐོས་དང ། རང་སངས་རྒྱས་རྣམས་ལ་མེད་དོ། །དེས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ། དེ་བས་ན་ཉན་ཐོས་དང ། རང་སངས་རྒྱས་རྣམས་ནི་གོ་ཆ་ཆེན་པོ་མ་བགོས་པ་ཞེས་བྱའོ། །བཙུན་པ་འོད་སྲུང་ཆེན་པོ། འདི་ཇི་སྙམ་དུ་སེམས། གོ་ཆ་གང་མཐུ་དང་ལྡན་པའི་འཕོང་གི་སློབ་དཔོན་གྱིས་བགོ་བར་བྱ་བའི་གོ་ཆ་དེ་མི་ཕལ་གྱིས་བགོ་བར་བྱའམ། ཁོ་བོས་དེ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། དེ་ནི་མ་ཡིན་ཏེ། མི་ཕལ་
431b
གྱིས་གོ་ཆ་དེ་བགོ་བར་མི་ནུས་སོ། །སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ། དེ་བཞིན་དུ་གོ་ཆ་གང་བྱང་ཆུབ་སེམས་དཔས་བགོ་བར་བྱ་བ་དེ་དག་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་མི་གྱོན་ནོ། །བྱང་ཆུབ་སེམས་དཔའི་གོ་ཆ་འདི་བཤད་པའི་ཚེ་ལྷའི་བུ་ཁྲི་ཉིས་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ། འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་རྣམ་པར་འཕྲུལ་བ་དང ། ཆོས་སྟོན་པ་རྣམ་པར་འཕྲུལ་པ་གང་ཁོ་བོས་ཕྱོགས་ཙམ་ཞིག་མངོན་སུམ་དུ་གྱུར་པ་ནི་དེ་ལྟ་བུ་དེ་དག་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ། ཁོ་བོས་འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཁ་ཅིག་མངོན་སུམ་དུ་གྱུར་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུ། ཁོ་བོས་མངོན་པར་ཤེས་པ་དུས་གཅིག་ན་བཅོམ་ལྡན་འདས་ཡངས་པ་ཅན་གྱི་གྲོང་ཁྱེར་གྱི་ཚལ་ཆེན་པོའི་ཁང་པ་བརྩེགས་པའི་ཁང་པ་ན། དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ། །ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ། དེའི་ཚེ་གཅེར་བུ་མའི་བུ་བདེན་པ་པོ་ཞེས་བྱ་བ་གཅེར་བུ་པ་དྲུག་ཁྲིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། བསྟི་སྟང་བྱས། བླ་མར་བྱས། རི་མོ་བྱས། མཆོད་པ་བྱས་ཤིང་ཡངས་པ་ཅན་གྱི་གྲོང་ཁྱེར་ན་འདུག་གོ།
432a
༄#། །ཁོ་བོ་ཏིང་ངེ་འཛིན་ལ་སྙོམས་པར་ཞུ་།ས་ཏེ། གཞན་མུ་སྟེགས་ཅན་དེ་དག་གི་དགེ་བའི་རྩ་བ་ལ་བལྟས་ནས། དེར་ཁོ་བོས་སེམས་ཅན་མུ་སྟེགས་ཅན་གདུལ་བར་བྱ་བ་བརྒྱ་ཕྲག་མང་པོ་མཐོང་ནས། ཁོ་བོ་དེར་སོང་སྟེ་དེ་དག་ལ་ཆོས་བཤད་དོ། །དེ་དག་ཁོ་བོས་ཆོས་བཤད་པ་ལ་སྲི་ཞུ་མི་བྱེད། རྣ་བླགས་ཏེ་མི་ཉན། ཀུན་ཏུ་ཤེས་པར་བྱ་བའི་སེམས་ཀྱིས་མི་གནས་པའི་སྟེང་དུ་ཁོ་བོ་ལ་འཕྱ་སྨོད། གད་མོས་འདེབས་ཤིང ། ཚིག་རྩུབ་པོ་དག་ཀྱང་བརྗོད་དོ། །དེར་ཁོ་བོས་ཟླ་བ་གསུམ་དུ་སེམས་ཅན་དེ་དག་ལས་འགའ་ཡང་ཡོངས་སུ་སྨིན་པར་བྱ་མ་ནུས་ཏེ་སྐྱོ་བར་གྱུར་ཏོ། །ཁོ་བོ་སྐྱོ་བར་གྱུར་ནས་སླར་སོང་ངོ ། །དེ་ལ་འཇམ་དཔལ་གཞོན་ནུར་གྱུར་པས་མུ་སྟེགས་ཅན་ལྔ་བརྒྱ་སྤྲུལ་ཏེ། བདག་ཉིད་སློབ་དཔོན་དུ་བཞག་ནས་འཁོར་ལྔ་བརྒྱ་དང ། གཅེར་བུ་མའི་བུ་བདེན་པ་པོ་གང་ན་བ་དེར་དོང་སྟེ་ལྷགས་པ་དང ། གཅེར་བུ་མའི་བུ་བདེན་པ་པོའི་རྐང་པ་གཉིས་ལ་མགོ་བོས་ཕྱག་བཙལ་ནས་མདུན་དུ་འདུག་སྟེ། གཅེར་བུ་མའི་བུ་བདེན་པ་པོ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་གིས་འཕགས་པའི་གྲགས་པའི་སྒྲ་དང་ཚིགས་སུ་བཅད་པ་རྒྱ་ཆེན་པོ་ཐོས་ནས་ལྗོངས་གཞན་ནས་ཡངས་པ་ཅན་གྱི་གྲོང་ཁྱེར་འདིར་མཆིས་ཏེ། ཁྱོད་ནི་ཁོ་བོ་ཅག་གི་སྟོན་པའོ། །ཁོ་བོ་ཅག་ནི་ཁྱོད་ཀྱི་སློང་མའོ། །ཁོ་བོ་ཅག་ཁྱོད་ལས་རྗེས་སུ་བསྟན་པ་ནོད་དོ།།
432b
ཅི་ནས་ཀྱང་དགེ་སྦྱོང་གཽ་ཏ་མ་དེ་དང ། དེའི་ཉན་ཐོས་རྣམས་མི་མཐོང་བ་དང ། ཅི་ནས་ཀྱང་དེ་ལས་མི་མཐུན་པའི་ཆོས་མི་ཐོས་པ་དེ་ལྟར་ཁོ་བོ་ཅག་ལ་མཛོད་ཅིག་།གཅེར་བུ་མའི་བུ་བདེན་པ་པོས་སྨྲས་པ། སྐྱེས་བུ་དམ་པ་དང་།ལེགས་སོ། །ལེགས་སོ། །དད་པ་དང་ལྡན་པ། དད་པ་དང་ལྡན་པ་ཁྱོད་རིང་པོ་མི་ཐོགས་པར་ངའི་ཆོས་བསྟན་པ་འདི་ཤེས་པར་འགྱུར་རོ། །དེ་ནས་གཅེར་བུ་མའི་བུ་བདེན་པ་པོས་རང་གི་འཁོར་རྣམས་ལ་སྨྲས་པ། ཚུར་ཤོག་།ཁྱེད་ཅག་བྲམ་ཟེའི་བུ་ལྔ་བརྒྱ་པོ་འདི་དག་དང་ལྷན་ཅིག་ཏུ་ཀུན་ཏུ་དགའ་བ་དང ། མཐུན་པ་དང ། ཕན་ཚུན་ཆོས་ལ་དཔྱད་པ་དཔྱོད་ཅིང་ལྷན་ཅིག་ཏུ་གནས་པར་གྱིས་ཤིག་།འདི་དག་གིས་གང་ཅུང་ཟད་ཅི་སྨྲས་པ་དེང་ཁྱེད་ཀྱིས་ཤིན་ཏུ་ལེགས་པར་གཟུང་ཞིག་།དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ། འཁོར་གཅེར་བུ་པ་ལྔ་བརྒྱ་སྤྲུལ་པ་དང ། གཞན་མུ་སྟེགས་ཅན་གྱི་ཉན་ཐོས་རྣམས་དང་ལྷན་ཅིག་ཏུ་འདུག་ནས། དེ་དག་གི་དཀའ་ཐུབ་དང ། བརྟུལ་ཞུགས་དང ། སྤྱོད་ལམ་དང ། བསླབ་པའི་ཚིག་ཇི་ཙམ་དུ་རྒྱུན་མི་འཆད་པ་དེ་བས་ཀྱང་བདག་དང་འཁོར་ལ་ལྷག་པར་སྟོན་ཏོ། །སྐབས་སྐབས་སུ་དཀོན་མཆོག་གསུམ་གྱི་བསྔགས་པ་བརྗོད་དོ། ། སྐབས་སྐབས་ནི་གཅེར་བུ་མའི་བུ་བདེན་པ་པོའི་ཡང་དག་པའི་ཡོན་ཏན་བསྔགས་པ་བརྗོད་དེ། དེས་དེ་དག་ཡིད་ཆེས་པར་བྱས་ནས་དུས་གཞན་དང ། ཚོད་གཞན་ཞིག་ན་མུ་སྟེགས་
433a
༄#། །ཅན་གཞན་ཚོགས་པ་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་།བདག་ཅག་གི་བསྟན་བཅོས་པ་དང ། སྔགས་དང།་རིག་བྱེད་དང ། གཞུང་ལས་འབྱུང་བ་བཞིན་དགེ་སྦྱོང་གཽ་ཏ་མ་དེའི་ཡང་དག་པའི་ཡོན་ཏན་བསྔགས་པ་ཡང་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དགེ་སྦྱོང་གཽ་ཏ་མ་ནི་རིགས་ཕུན་སུམ་ཚོགས་པ། ཕ་དང་མ་དག་པ། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་རིགས་སུ་སྐྱེས་པ། བསོད་ནམས་བརྒྱའི་མཚན་དང་ལྡན་པ་སྟེ། བཙས་པ་ཙམ་ན་བརྒྱ་བྱིན་དང ། ཚངས་བས་ཡོངས་སུ་བླངས་ཤིང ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས། མ་བཟུང་པར་གོམ་པ་བདུན་པོར་ཏེ། ཚིག་ཀྱང་ང་ནི་འཇིག་རྟེན་གྱི་ཐུ་བོ་སྟེ། སྐྱེ་བ་དང་འཆི་བ་མཐར་བྱའོ་ཞེས་དེ་སྐད་སྨྲ་ཞིང ། ཆུའི་རྒྱུན་གཉིས་བྱུང་སྟེ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བས་ཁྲུས་བྱས། ལྷའི་དང་མིའི་རོལ་མོ་དག་ཀྱང་མ་བརྡུངས་པར་སྒྲ་བྱུང ། དེས་འོད་གང་གིས་ངན་སོང་ཐམས་ཅད་སོ་སོར་ཐར་པ་དང ། བདུད་ཀྱི་གནས་ཐམས་ཅད་ཟིལ་གྱིས་གནོན་པ་དེ་ལྟ་བུའི་འོད་ཀྱང་བཏང་སྟེ། དབང་པོ་ཉམས་པ་ཐམས་ཅད་ཀྱང་དབང་པོ་མ་ཉམས་པར་གྱུར། ཡུད་ཙམ་དེ་ལ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཐམས་ཅད་ཞི་སྟེ་མཆོག་ཏུ་བདེ་བ་ཐོབ་པར་གྱུར། བྲམ་
433b
ཟེ་རིག་བྱེད་ཀྱི་ཆོ་ག་ཤེས་པ་རྣམས་ཀྱིས་ཀྱང་དེ་སྟེ་ཁྱིམ་ན་འདུག་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ། །དེ་སྟེ་ནགས་སུ་སོང་ན་ཆོས་ཀྱི་རྒྱལ་པོ་སངས་རྒྱས་སུ་འགྱུར་རོ་ཞེས་བསྒོ་སྟེ། དེའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བོར་ནས་རབ་ཏུ་བྱུང་སྟེ། དེས་བྱང་ཆུབ་ཀྱི་སྙིང་པོར་བདུད་ཀྱི་སྡེ་བྱེ་བ་ཕྲག་བརྒྱ་པ་བཏུལ་ཏེ་བྱང་ཆུབ་ཐོབ། དེས་འཇིག་རྟེན་ན་དགེ་སྦྱོང་ངམ།་བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པར་བསྐོར་བར་མི་ནུས་པའི་ཆོས་ཀྱི་འཁོར་ལོ་བསྐོར། དེ་ཆོས་ཀྱང་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་ལ་དེའི་ཉན་ཐོས་དག་གི་ཐོག་མར་དགེ་བ་དེ་ནི་འདི་ལྟ་སྟེ། ལུས་ཀྱི་ལེགས་པར་སྤྱོད་པ་དང ། ངག་གི་ལེགས་པར་སྤྱོད་པ་དང ། ཡིད་ཀྱི་ལེགས་པར་སྤྱོད་པའོ། །བར་དུ་དགེ་བ་ནི་ལྷག་པའི་ཚུལ་ཁྲིམས་དང ། སེམས་དང ། ཤེས་རབ་ལ་བསླབ་པར་བྱའོ། །ཐ་མར་དགེ་བ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པའོ། །གཞན་ཡང་ཐོག་མར་དགེ་བ་ནི་འདུན་པ་དང ། བརྩོན་འགྲུས་དང ། བག་ཡོད་པའོ། །བར་དུ་དགེ་བ་ནི་དྲན་པ་དང ། ཏིང་ངེ་འཛིན་དང ། སེམས་རྩེ་གཅིག་
434a
༄#། །པའོ། །ཐ་མར་དགེ་བ་ནི་ཤེས་རབ་དང ། ལྷག་མཐོང་དང ། ཡེ་ཤེས་སོ། །གཞན་ཡང་ཐོགས་མར་དགེ་བ་ནི་སངས་རྒྱས་ལ་མི་ཕྱེད་པར་དད་པའོ། །བར་དུ་དགེ་བ་ནི་ཆོས་ལ་མི་ཕྱེད་པར་དད་པའོ། །ཐ་མར་དགེ་བ་ནི་དགེ་འདུན་ལ་མི་ཕྱེད་པར་དད་པས་འབྲས་བུ་ཐོབ་པའོ། །གཞན་ཡང་ཐོག་མར་དགེ་བ་ནི་གཞན་ལས་ཉན་པའོ། ། བར་དུ་དགེ་བ་ནི་ཚུལ་བཞིན་ཡིད་ལ་བྱེད་པའོ། །ཐ་མར་དགེ་བ་ནི་འཕགས་པའི་ཡང་དག་པར་ལྟ་བའོ། །གཞན་ཡང་ཐོག་མར་དགེ་བ་ནི་སྡུག་བསྔལ་ཡོངས་སུ་ཤེས་པ་དང ། ཀུན་འབྱུང་བ་སྤང་བའོ། །བར་དུ་དགེ་བ་ནི་ལམ་བསྒོམ་པའོ། །ཐ་མར་དགེ་བ་ནི་འགོག་པ་མངོན་སུམ་དུ་བྱེད་པ་སྟེ། འདི་དག་ནི་ཉན་ཐོས་རྣམས་ཀྱི་ཐོག་མར་དགེ་བ་དང ། བར་དུ་དགེ་བ་དང ། ཐ་མར་དགེ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོག་མར་དགེ་བ་དང ། བར་དུ་དགེ་བ་དང ། ཐ་མར་དགེ་བ་གང་ཞེ་ན། དེ་ལ་ཐོག་མར་དགེ་བ་ནི་བྱང་ཆུབ་ཀྱི་སེམས་མི་གཏོང་བའོ། །བར་དུ་དགེ་བ་ནི་ཐེག་པ་དམན་པ་མི་འདོད་པའོ། །ཐ་མར་དགེ་བ་ནི་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བའོ། །གཞན་ཡང་ཐོག་མར་དགེ་བ་ནི་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པས་བྱམས་པ་ཆེན་པོའོ། །བར་དུ་དགེ་བ་ནི་སེམས་ཅན་ཐམས་ཅད་ལ་བྱ་བ་ཇི་ཡོད་སྙམ་པས་སྙིང་རྗེ་ཆེན་པོའོ། །
434b
ཐ་མར་དགེ་བ་ནི་དགའ་བ་དང ། བཏང་སྙོམས་མཉམ་པའི་སེམས་ཀྱིས་ངེས་པར་སེམས་པའོ། །གཞན་ཡང་ཐོག་མར་དགེ་བ་ནི་སེར་སྣའི་སེམས་ཚར་གཅོད་པ་དང ། འཆལ་པའི་ཚུལ་ཁྲིམས་སྤོང་བ་དང ། གནོད་སེམས་སེལ་བ་དང ། ལེ་ལོ་སྤོང་བ་དང ། རྣམ་པར་གཡེང་བ་ཀུན་ཏུ་མི་སྤྱོད་པ་དང ། འཆལ་པའི་ཤེས་རབ་སྤོང་བའོ། །བར་དུ་དགེ་བ་ནི་སྦྱིན་པ་དང ། ཚུལ་ཁྲིམས་དང ། བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའོ། །ཐ་མར་དགེ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང ། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བའོ། །གཞན་ཡང་ཐོག་མར་དགེ་བ་ནི་བསྡུ་བའི་དངོས་པོ་བཞིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །བར་དུ་དགེ་བ་ནི་ལུས་དང་སྲོག་ལ་མི་ལྟ་བར་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །ཐ་མར་དགེ་བ་ནི་སྐྱོན་མེད་པར་ལྟུང་བའི་འཇིགས་པ་ལས་སྲུང་བའོ། །གཞན་ཡང་ཐོག་མར་དགེ་བ་ནི་སེམས་དང་མཚུངས་པ་མི་གཏོང་བས། བྱང་ཆུབ་སེམས་དཔའི་སྤྱོད་པའོ། །བར་དུ་དགེ་བ་ནི་འཇུག་པ་དང་ལྡོག་པའི་ཤེས་པས་ཕྱིར་མི་ལྡོག་པའི་སའོ། །ཐ་མར་དགེ་བ་ནི་དབང་ཐོབ་པས་སྐྱེ་བ་གཅིག་གིས་ཐོགས་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོག་མར་དགེ་བ་དང ། བར་དུ་དགེ་བ་དང ། ཐ་མར་དགེ་བའོ། །དེ་ལྟར་འཇམ་དཔལ་གཞོན་ནུར་གྱུར་པ་
435a
༄#། །གཞན་མུ་སྟེགས་ཅན་གྱི་འཁོར་དེ་ན། དེ་ལྟ་དེ་ལྟར་ཆོས་སྟོན་ཏེ། གཞན་མུ་སྟེགས་ཅན་ལྔ་བརྒྱ་ནི་ཆོས་ཀྱི་མིག་རྡུལ་མེད་ཅིང ། དྲི་མ་དང་བྲལ་བ་རྣམ་པར་དག་གོ་།གཞན་མུ་སྟེགས་ཅན་བརྒྱད་སྟོང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །དེ་ནས་སྤྲུལ་པ་ལྔ་བརྒྱ་པོ་དེ་དག་གིས་ཡན་ལག་ལྔ་ས་ལ་གཏུགས་ཏེ་ཕྱག་བཙལ་ནས། ཚིག་ཏུའང་སངས་རྒྱས་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་འཚལ་ལོ་ཞེས་བརྗོད་དོ། །དེ་དག་གི་རྗེས་སུ་སློབ་པའི་ཚུལ་གྱིས་གཞན་མུ་སྟེགས་ཅན་གྱི་འཁོར་དེ་དག་ཐམས་ཅད་ཀྱིས་ཀྱང་ཡན་ལག་ལྔ་ས་ལ་གཏུགས་ཏེ་ཕྱག་བཙལ་ནས། ཚིག་ཏུའང་སངས་རྒྱས་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བརྗོད་དོ། ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཀྱང་དེ་དག་ལ་ཁྱེད་འདིས་བཅོམ་ལྡན་འདས་ལ་མཆོད་པ་བྱོས་ཤིག་ཅེས་མེ་ཏོག་མནྡཱ་ར་བ་དག་བྱིན་ནོ།། །།བུམ་པོ་བཞི་པ་སྟེ་ཐ་མ།་དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་འཁོར་མང་པོས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། སྨིག་མའི་ལྡུམ་བུའི་འཁོར་གྱི་ཁྱམས་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ལྷགས་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བཙལ་ནས་ཕྱོགས་གཅིག་ཏུ་འདུག་གོ་།གཞན་མུ་སྟེགས་ཅན་གྱི་འཁོར་དེ་དག་
435b
གིས་ཀྱང་མེ་ཏོག་མནྡཱ་ར་བ་དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པའི་བྱིན་གྱི་རླབས་ཀྱིས་སྤྲུལ་པ་ལྔ་བརྒྱ་པོ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུ་སྟེ། བདག་ཅག་སངས་རྒྱས་ལ་བལྟ་བ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས་ཆོས་ནི་བརྗོད་དུ་མ་མཆིས་པ་སྟེ། བདག་ཅག་བཅོམ་ལྡན་འདས་ཀྱི་ཆོས་ཉན་པ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་སྟེ། བདག་ཅག་དགེ་འདུན་ལ་བསྙེན་བཀུར་བགྱིད་པ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས། ཆོས་ཀྱི་དབྱིངས་ནི་ཡོན་ཏན་དང་ཕན་ཡོན་མ་མཆིས་པ་སྟེ། བདག་ཅག་ཡོན་ཏན་དོན་དུ་མི་གཉེར་ཏེ། །བཅོམ་ལྡན་འདས། ཆོས་ཐམས་ཅད་ནི་ཤིན་ཏུ་མ་བྱུང་བ་སྟེ། བདག་ཅག་འབྱུང་བ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས། རྣམ་པར་གྲོལ་བ་ནི་ལོ་མ་དང ། མེ་ཏོག་དང ། འབྲས་བུ་དང་བྲལ་བ་སྟེ། བདག་ཅག་ཐོབ་པ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས། ཡོངས་སུ་ཤེས་པ་ནི་གཉིས་དང་བྲལ་བ་སྟེ། བདག་ཅག་སྡུག་བསྔལ་ཡོངས་སུ་འཚལ་བ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས། ཆོས་ཐམས་ཅད་ནི་ཤིན་ཏུ་མ་བྱུང་བ་སྟེ། བདག་
436a
༄#། །ཅག་ཀུན་འབྱུང་སྤོང་བ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས། ཆོས་ཐམས་ཅད་ནི་ཤིན་ཏུ་འགགས་པ་སྟེ། བདག་ཅག་འགོག་པ་མངོན་དུ་བགྱི་བ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས། ལམ་ནི་མཆིས་པ་དང ། མ་མཆིས་པ་དང་བྲལ་བ་སྟེ། བདག་ཅག་ལམ་བསྒོམ་པ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས། ཆོས་ཐམས་ཅད་ནི་གནས་ན་མི་གནས་པ་སྟེ། བདག་ཅག་དྲན་པ་ཉེ་བར་བཞག་པ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས། རྣམ་པར་གྲོལ་བ་ནི་བསོད་ནམས་དང ། བསོད་ནམས་མ་ལགས་པ་དང།་མི་གཡོ་བའི་འདུ་བྱེད་དང་བྲལ་བ་སྟེ། བདག་ཅག་ཡང་དག་པར་སྤོང་བ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས། གང་ནས་ཀྱང་མཆི་བ་མ་མཆིས་པ། གང་དུའང་མཆི་བ་མ་མཆིས་པ་ཚད་མར་བགྱིས་ཏེ། བདག་ཅག་རྫུ་འཕྲུལ་གྱི་རྐང་པ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས། དོན་ནི་དབང་པོ་དང་བྲལ་བ་སྟེ། བདག་ཅག་དབང་པོ་དོན་དུ་མི་གཉེར་རོ། ། བཅོམ་ལྡན་འདས། ཆོས་ཐམས་ཅད་ནི་སྟོབས་མ་མཆིས་ཤིང་ཉམ་ཆུང་བ་སྟེ། བདག་སྟོབས་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས། འདི་ལ་དོན་དམ་པར་ན་བྱང་ཆུབ་པ་ནི་གང་ཡང་མ་མཆིས་ཏེ། བདག་ཅག་བྱང་ཆུབ་ཀྱི་ཡན་ལག་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས། འགྲོ་བས་འཇིག་རྟེན་གྱི་མཐར་འགྲོ་བ་མ་མཆིས་ཏེ། བདག་ཅག་ལམ་དོན་དུ་མི་
436b
གཉེར་རོ། །བཅོམ་ལྡན་འདས། ཞི་བའི་དབྱིངས་ལ་གཡེང་བ་མ་མཆིས་ཏེ། བདག་ཅག་ཞི་གནས་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས། འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་ཅུང་ཟད་ཀྱང་མི་མཐོང་བ་སྟེ། བདག་ཅག་ལྷག་མཐོང་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས། དེ་ལྟར་བླང་བ་དང ། དོར་བ་ཤིན་ཏུ་མ་མཆིས་ཏེ། བདག་ཅག་རྩོལ་བ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས། ཆོས་ཀྱི་དབྱིངས་ནི་ཡང་དག་པར་སངས་མ་རྒྱས་པ་སྟེ། བདག་ཅག་རྣམ་པར་གྲོལ་བ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས། དགེ་སྦྱོང་ནི་ཆགས་པ་ཐམས་ཅད་དང་བྲལ་བ་སྟེ། བདག་ཅག་དགེ་སྦྱོང་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས། བྲམ་ཟེ་ནི་སྡིག་པ་ཐམས་ཅད་དང་བྲལ་བ་སྟེ། བདག་ཅག་བྲམ་ཟེ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས། ཆོས་ཀྱི་རང་བཞིན་ནི་ཐ་མི་དད་པ་སྟེ། བདག་ཅག་དགེ་སློང་གི་དངོས་པོ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས། འདི་ལྟར་སྐྱེ་མཆེད་དྲུག་ཉིད་འགགས་པ་སྟེ། བདག་ཅག་ཕ་རོལ་ཏུ་མཆི་བ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས། འདི་ལྟར་འཇིག་པ་ཇི་ཙམ་ཆུང་ངུ་ལའང་མི་སྟོད་པ་སྟེ། བདག་ཅག་འདོད་པ་ཆུང་བ་མ་ལགས་སོ། །བཅོམ་ལྡན་འདས། འདི་ལྟར་ཆོས་གང་ཡང་མི་འཚོལ་བ་སྟེ། བདག་ཅག་ནི་ཆོག་ཤེས་པ་མ་ལགས་སོ། །བཅོམ་ལྡན་འདས། འདི་ལྟར་ལུས་དང ། སེམས་ཀྱིས་བརྗོད་པར་མི་བགྱི་བ་སྟེ། བདག་ཅག་དབེན་པ་མ་ལགས་
437a
༄#། །སོ། །བཅོམ་ལྡན་འདས། འདི་ལྟར་ཁམས་གསུམ་དུ་མི་གནས་པ་སྟེ། བདག་ཅག་ཟག་པ་མེད་པ་མ་ལགས་སོ། །བཅོམ་ལྡན་འདས། འདི་ལྟར་གཉིས་པོ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། བདག་ཅག་མ་འདྲེས་པ་མ་ལགས་སོ། །བཅོམ་ལྡན་འདས། འདི་ལྟར་ཁམས་གསུམ་ཐམས་ཅད་ནི་རྣལ་འབྱོར་པའི་དགོན་པ་སྟེ། བདག་ཅག་དགོན་པ་དོན་དུ་མི་གཉེར་རོ། །བཅོམ་ལྡན་འདས། འདི་ལྟར་གཉེན་པོ་མ་མཆིས་པས་རྩོད་པ་མ་མཆིས་པ་སྟེ། བདག་ཅག་ཉོན་མོངས་པ་མེད་པར་གནས་པ་མ་ལགས་སོ། །བཅོམ་ལྡན་འདས། འདི་ལྟར་བསོད་སྙོམས་ཀྱི་འདུ་ཤེས་སྤངས་པ་སྟེ། བདག་ཅག་བསོད་སྙོམས་པ་མ་ལགས་སོ། །བཅོམ་ལྡན་འདས། འདི་ལྟར་འཁོར་བ་ཉིད་ཡང་དག་པར་ན་མི་མཐོང་སྟེ། བདག་ཅག་འཁོར་བས་མི་སྐྲག་གོ། །བཅོམ་ལྡན་འདས། འདི་ལྟར་རྟོག་པར་མི་བགྱིད། རྣམ་པར་རྟོག་པར་མི་བགྱིད་དེ། བདག་ཅག་འདོད་ཆགས་དང།་ཞེ་སྡང་དང ། གཏི་མུག་སྤོང་བར་མི་བགྱིད་དོ། །བཅོམ་ལྡན་འདས། འདི་ལྟར་ཆོས་རྣམས་ཀྱི་རང་བཞིན་ཉོན་མོངས་པ་མ་མཆིས་པ་སྟེ། བདག་ཅག་ཉོན་མོངས་པ་སྤོང་བ་ལ་མི་བརྩོན་ནོ། །བཅོམ་ལྡན་འདས། འདི་ལྟར་རང་གི་ལུས་ནི་ལུས་མ་ལགས་པ་སྟེ། བདག་ཅག་རང་གི་ལུས་ལས་མི་གཡེ་བར་བགྱིའོ། །བཅོམ་ལྡན་འདས། འདི་ལྟར་དེ་
437b
བཞིན་ཉིད་མི་བསྐྱོད་པའི་མཚན་ཉིད་དེ། བདག་ཅག་ལྟ་བས་བགྱིས་པ་མི་བསྐྱོད་པར་བགྱིའོ། །བཅོམ་ལྡན་འདས། འདི་ལྟར་རྣམ་པར་གྲོལ་བ་ནི་རྟག་པ་དང ། བདེ་བ་དང ། བདག་དང།་གཙང་བའི་ངོ་བོ་ཉིད་དེ། བདག་ཅག་ཕྱིན་ཅི་ལོག་སྤོང་བར་མི་བགྱིད་དོ། །བཅོམ་ལྡན་འདས། འདི་ལྟར་ཚུ་རོལ་ནས་ཕ་རོལ་རྗེས་སུ་མི་མཐོང་བས་བདག་ཅག་ཆུ་བོ་ལས་རྒལ་བར་མི་བགྱིད་དོ། །བཅོམ་ལྡན་འདས། འདི་ལྟར་རྣམ་པར་གྲོལ་བ་ནི་སྒྲིབ་པ་མ་མཆིས་ཤིང་རྣམ་པར་མ་བརྟགས་པ་སྟེ། བདག་ཅག་སྒྲིབ་པ་རྣམས་སྤོང་བར་མི་བགྱིད་དོ། །བཅོམ་ལྡན་འདས། འདི་ལྟར་ཡང་དག་པའི་མཐའ་ནི་ཀུན་ནས་ལྡང་བ་མ་མཆིས་པ་སྟེ། བདག་ཅག་ཀུན་ནས་ལྡང་བ་རྣམ་པར་གནོན་པར་མི་བགྱིད་དོ། །བཅོམ་ལྡན་འདས། འདི་ལྟར་དགེ་སྦྱོང་ནི་ནོངས་པ་མ་མཆིས་པ་སྟེ། བདག་ཅག་འགྱོད་པ་བསལ་བར་མི་བགྱིད་དོ། །བཅོམ་ལྡན་འདས། འདི་ལྟར་ཐོག་མ་ནས་མོས་ཤིང་དད་པ་སྟེ། བདག་ཅག་ཐེ་ཚོམ་སེལ་བར་མི་བགྱིད་དོ། །བཅོམ་ལྡན་འདས། འདི་ལྟར་མོས་པས་རྣམ་པར་གྲོལ་བ་རྟོགས་པ་སྟེ། བདག་ཅག་ནེམ་ནུར་སེལ་བར་མི་བགྱིད་དོ། །བཅོམ་ལྡན་འདས། འདི་ལྟར་ཆོས་ཐམས་ཅད་ནི་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། བདག་ཅག་ཡོངས་སུ་མྱ་ངན་ལས་འདས་པ་དོན་དུ་མི་གཉེར་རོ། །བསྟན་པ་འདི་བཤད་པའི་ཚེ་དགེ་སློང་ཉིས་བརྒྱ་ནི་ཉེ་བར་ལེན་
438a
༄#། །པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་བསམ་གཏན་བཞི་ཐོབ་པ་སྲིད་པ་ཐམ་པ། མ་ཐོབ་པ་ཐོབ་པའི་ང་རྒྱལ་ཅན་ཉིས་བརྒྱ་ནི་སྟན་ལས་ལངས་ཏེ། ཀྱེ་མའོ། །འདི་དག་ནི་འཇིག་རྟེན་ཐམས་ཅད་དང་འགལ་བར་ཆོས་འཆད་དེ། སྔོན་བདག་ཅག་གིས་རྗེས་སུ་མཐུན་པར་ཆོས་འཆད་པར་ཐོས་ན། ད་ལྟར་ནི་ཆོས་མ་ཡིན་པ། འདུལ་བ་མ་ཡིན་པ། སྟོན་པའི་བསྟན་པ་མ་ཡིན་པ་འཆད་དོ་ཞེས་ཚིག་དེ་སྐད་སྨྲས་ཏེ་དོང་ངོ ། །ཚེ་དང་ལྡན་པ་ཤཱ་རིའི་བུ། ཁོ་བོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། དགེ་སློང་ཉིས་བརྒྱ་པོ་འདི་དག་སྟན་ལས་ལངས་ཏེ། ཆོས་བཤད་པ་འདི་ནི་འཇིག་རྟེན་ཐམས་ཅད་དང་འགལ་བ་ཡིན་ནོ་ཞེས་ཚིག་དེ་སྐད་སྨྲས་ཏེ་དོང་ངོ ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་གང་བོ། རྣམ་གྲངས་གང་གིས་ཆོས་བཤད་པ་འདི་འཇིག་རྟེན་ཐམས་ཅད་དང་འགལ་བར་འགྱུར་བ་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་གང་པོ། འཇིག་རྟེན་ནི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ལ་མངོན་པར་ཞེན་པ་སྟེ། འཁོར་བ་སྤངས་པས་མྱ་ངན་ལས་འདས་པ་འཚོལ་ཞིང་འཁོར་བ་རང་བཞིན་གྱིས་མི་དམིགས་པ་ཉིད་མྱ་ངན་ལས་འདས་པ་ཡིན་པར་དེ་ལྟར་ནི་མི་ཤེས་སོ། །འདི་ལ་གང་འཁོར་བའམ་མྱ་ངན་ལས་འདས་པ་ནི་གང་ཡང་མེད་དེ། གང་དེ་ལྟ་བུའི་
438b
བཟོད་པ་དེ་ནི་མི་འགལ་བའོ། །བདེན་པ་བཞི་རྣམ་པར་བཞག་པ་བསྟན་པ་ལ་མངོན་པར་ཞེན་པ་དེ་ནི་འགལ་བའི་གནས་ཉིད་དོ། །དོན་དམ་པའི་བདེན་པ་ལ་ནི་བདེན་པ་བཞི་རྣམ་པར་བཞག་པའང་མེད་དེ། དེ་ནི་མི་འགལ་བའོ། །ལམ་གྱི་རྒྱུ་མཐུན་པ་དང ། འབྲས་བུ་ཐོབ་ཅེས་བྱ་བ་དེ་ནི་གཉིས་ཏེ། གཉིས་གང་ཡིན་པ་དེ་ནི་འགལ་བའོ། །ལམ་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་འདི་ནི་གཉིས་སུ་མེད་པ་སྟེ། གཉིས་སུ་མེད་པ་གང་ཡིན་པ་དེ་ནི་མི་འགལ་བའོ། །ཇི་སྲིད་དུ་ངར་འཛིན་པ་དང ། ང་ཡིར་འཛིན་པ་ལ་མངོན་པར་བརྩོན་པ་དེ་སྲིད་དུ་མངོན་པའི་ང་རྒྱལ་ལོ། །ཇི་སྲིད་དུ་མངོན་པའི་ང་རྒྱལ་བ་དེ་སྲིད་དུ་འགལ་བའོ། །གང་ཡང་ཆད་པར་མི་བྱེད། ལྷག་པར་མི་བྱེད། མཉམ་པ་ཉིད་དང་མཉམ་པར་མི་བྱེད། མི་མཉམ་པ་ཉིད་དང་མི་མཉམ་པར་མི་བྱེད་ཅིང ། བྱེད་པ་མ་ཡིན། རྣམ་པར་བྱེད་པ་མ་ཡིན་པ་དེ་ནི་མངོན་པའི་ང་རྒྱལ་མེད་པ་སྟེ། གང་ལྷག་པའི་ང་རྒྱལ་མེད་པ་དེ་ནི་མི་འགལ་བའོ། །གང་མི་འགལ་བ་དེ་ནི་གཉིས་སུ་མེད་པ་སྟེ། དེ་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཀྱང་ང་ནི་འཇིག་རྟེན་དང་ལྷན་ཅིག་ཏུ་མི་རྩོད་དོ། །འཇིག་རྟེན་ནི་ང་དང་ལྷན་ཅིག་ཏུ་རྩོད་པར་བྱེད་དོ་ཞེས་དེ་སྐད་ཅེས་གསུངས་སོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ནི་རྩོད་པའི་རྩ་བ་བཅད་དོ། །རྩོད་པའི་རྩ་བ་དེ་བཞིན་གཤེགས་པས་བཅད་པ་གང་ཞེ་ན། འདི་ལྟ་སྟེ། འདི་ནི་བདེན་པའོ། །འདི་ནི་རྫུན་པའོ་ཞེས་བྱའོ།།
439a
༄#། །དེ་ལ་བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེ། བདེན་པ་ཞེས་བྱ་བའི་ཚིག་ཀྱང་ཅི། ཅིའི་ཕྱིར་ན་རྫུན་པ་ཞེས་ཀྱང་བརྗོད། གང་ལ་མཉམ་པ་དང་མི་མཉམ་པ་མེད་ན། དེ་ལ་སུ་ཞིག་རྩོད་པ་སྦྱོར་བར་བྱེད་ཅེས་གསུངས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དགེ་སློང་དེ་དག་ལ་ལམ་གང་ནས་དོང་བ་དེ་ཐམས་ཅད་མེས་ཡོངས་སུ་གང་བར་བྱིན་གྱིས་བརླབས་ནས། དེ་དག་ཕྱོགས་གང་དང་གང་དུ་དོང་བ་དེ་དང་དེ་དག་ཐམས་ཅད་མེས་ཡོངས་སུ་གང་བར་མཐོང་སྟེ། མེའི་ཕུང་པོ་དེ་ལས་བརྒལ་བར་མ་ནུས་སོ། །དེ་དག་རྫུ་འཕྲུལ་གྱི་སྟོབས་ཀྱིས་སྟེང་གི་བར་སྣང་ལ་དོང་བ་དང ། ལྕགས་ཀྱི་དྲ་བས་ནམ་མཁའི་དཀྱིལ་ཐམས་ཅད་ཡོག་པར་མཐོང་ངོ ། །འོག་ཏུ་བལྟས་ནའང་ཆུའི་ཕུང་པོ་ཆེན་པོ་མཐོང་སྟེ། དེ་དག་ཕྱོགས་བསླད་ཅིང་སྤུའི་ཁུང་བུ་ཟིང་ཞེས་བྱེད་པར་གྱུར་ནས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་ལམ་དུ་བལྟས་ན་མེ་ཏོག་ཨུཏྤ་ལ་དང ། པདྨ་དང ། ཀུ་མུ་ད་དང ། པདྨ་དཀར་པོས་ཡོག་ཅིང ། ལམ་དེ་ནས་སྐྱེ་བོའི་ཚོགས་མང་པོ་དག་བཅོམ་ལྡན་འདས་ལས་ཆོས་མཉན་པའི་ཕྱིར་དོང་བ་མཐོང་ངོ ། །མཐོང་ནས་དེ་ནས་དེ་དག་ཀྱང་ཕྱིར་ལོག་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ག་ལ་བ་དང ། སྨིག་མའི་ལྡུམ་བུའི་འཁོར་གྱི་ཁྱམས་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་
439b
དེར་དོང་སྟེ་ལྷགས་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བཙལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་པ་དང ། དེ་དག་ལ་ཁོ་བོས་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་།གར་དོང་དོང ། གང་ནས་འོངས། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་གང་པོ། ཁོ་བོ་ཅག་ནི་དགྲ་བཅོམ་པ་ཟག་པ་ཟད་པ། བསམ་གཏན་ཐོབ་པ། རྫུ་འཕྲུལ་གྱི་རྐང་པའི་ཕ་རོལ་ཏུ་སོན་པ་སྟེ། ཁོ་བོ་ཅག་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ལས་མི་མཐུན་པའི་ཆོས་བཤད་པ་ཐོས་ནས་སྟན་ལས་ལངས་ཏེ་དོང་ན། ཁོ་བོ་ཅག་གིས་སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་མེས་ཡོངས་སུ་གང་བར་མཐོང་སྟེ། མེའི་ཕུང་པོ་དེ་ལས་བརྒལ་བར་མ་ནུས་སོ། །ཁོ་བོས་བཅོམ་ལྡན་འདས་ལ་ཞུས་པ། དགྲ་བཅོམ་པ་ཟག་པ་ཟད་པའི་ས་དེ་གང་ལགས། དེ་ལ་བཅོམ་ལྡན་འདས་ཀྱི་ཁོ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་པོ། གང་འདོད་ཆགས་དང ། ཞེ་སྡང་དང།་གཏི་མུག་གི་མེ་ལ་སྤྱོད་པས་མེའི་ཕུང་པོ་ལས་འདའ་བ་ནི་གནས་མ་ཡིན་ནོ། །ལྟ་བའི་དྲ་བས་བསྒྲིབས་པས་ལྕགས་ཀྱི་དྲ་བ་བཅད་པ་དང ། སྲེད་པའི་ཆུར་ཞུགས་པས་ཆུའི་ཕུང་པོ་ལས་བརྒལ་བ་ནི་གནས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་པོ། འདི་ལྟར་དགེ་སློང་འདི་དག་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་མེ་ལ་སྤྱོད་དེ། དེ་དག་མེའི་
440a
༄#། །ཕུང་པོ་ཆེན་པོ་ལས་འདའ་བར་མི་ནུས་སོ། །དེ་དག་ལྟ་བའི་དྲ་བས་བསྒྲིབས་ཏེ། ལྕགས་ཀྱི་དྲ་བ་གཅད་པར་མི་ནུས་སོ། །དེ་དག་སྲེད་པའི་ཆུ་བོར་ཞུགས་ཏེ། ཆུའི་ཕུང་པོ་ལས་རྒལ་བར་མི་ནུས་སོ། །གང་པོ། འདི་ལྟ་སྟེ། དཔེར་ན། མེའི་ཕུང་པོ་གང་ཡིན་པ་དང ། ལྕགས་ཀྱི་དྲ་བ་གང་ཡིན་པ་དང ། ཆུའི་ཕུང་པོ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་གང་ནས་ཀྱང་མ་འོངས། གང་དུའང་མ་སོང་སྟེ། གཞན་དུ་ན་འཇམ་དཔལ་གཞོན་ནུར་གྱུར་པའི་བྱིན་གྱི་རླབས་ཀྱིས་སྣང་ངོ ། །གང་པོ། དེ་བཞིན་དུ་འདོད་ཆགས་དང།་ཞེ་སྡང་དང ། གཏི་མུག་གང་ཡིན་པ་དང ། ལྟ་བར་བྱས་པ་གང་ཡིན་པ་དང ། སྲིད་པའི་སྲེད་པ་གང་ཡིན་པའི་ཆོས་དེ་དག་གང་ནས་ཀྱང་མ་འོངས། གང་དུའང་མ་སོང་སྟེ། གཞན་དུ་ན་ཕྱིན་ཅི་ལོག་སྔོན་དུ་འགྲོ་བའི་རྟོག་པ་དང ། རྣམ་པར་རྟོག་པ་དང ། ཡོངས་སུ་རྟོག་པ་ལས་བདག་པོ་མེད་པ། བདག་གི་མེད་པ། ཡོངས་སུ་གཟུང་བ་མེད་པའི་བདག་དང་གཞན་དུ་སྒྲོ་འདོགས་པ་འབྱུང་ངོ ། །དེ་ལ་རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པས་རྣམ་པར་གཡེངས་བའི་སེམས་རྩེ་གཅིག་ཏུ་བྱེད་དོ། །སེམས་རྩེ་གཅིག་པས་ཞི་གནས་སྒྲུབ་པར་བྱེད་དོ། །ཞི་གནས་ཀྱི་ཚོགས་ཀྱིས་བསམ་གཏན་སྐྱེད་པར་བྱེད་དོ། །བསམ་གཏན་ཐོབ་པས་ཀྱང་རློམ་སེམས་སུ་མི་བྱེད། མངོན་པར་ཞེན་པར་མི་བྱེད་དོ། །བསམ་གཏན་ལས་སུ་རུང་བར་
440b
བྱས་པའི་སེམས་ཀྱིས་ཀྱང་ཆོས་རྣམས་ལ་རྣམ་པར་ལྟ་སྟེ། ཆོས་གང་གི་རྒྱུ་དང ། རྐྱེན་དུ་འགྱུར་ཞེས་དེ་སོ་སོར་རྟོག་པ་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པར་བྱེད་དེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་།སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་ཏེ། འདི་ནི་ལོག་པར་བསྒྲུབ་པའི་འདུ་བྱེད་ཀྱི་ལམ་ཞེས་བྱའོ། །མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་།འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག་།རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག་།མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག་།སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག་།རེག་པ་འགགས་པས་ཚོར་བ་འགག་།ཚོར་བ་འགགས་པས་སྲེད་པ་འགག་།སྲེད་པ་འགགས་པས་ལེན་པ་འགག་།ལེན་པ་འགགས་པས་སྲིད་པ་འགག་།སྲིད་པ་འགགས་པས་སྐྱེ་བ་
441a
༄#། །འགག་།སྐྱེ་བ་འགགས་པས་རྒ་ཤི་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་འགག་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འགག་པར་འགྱུར་ཏེ། འདི་ནི་ཡང་དག་པར་སྒྲུབ་པ་འདུས་མ་བྱས་སུ་ངེས་པར་འཇུག་པའོ། །དེ་ལ་མ་རིག་པ་འགགས་པ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། དེ་ལྟར་བྱུང་བ་མ་ཡིན་མོད་ཀྱི། འོན་ཀྱང་གང་ཚུལ་བཞིན་མ་ཡིན་མོད་ཀྱི། འོན་ཀྱང་གང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་བྱུང་བས་མ་རིག་པ་འབྱུང་སྟེ། དེ་ཚུལ་བཞིན་ཡིད་ལ་བྱེད་པས་སོ་སོར་རྟོག་པ་ཡིད་ལ་བྱེད་ན་འབྱུང་བར་མི་འགྱུར་རོ། །མི་འབྱུང་བ་དེ་ནི་ཤིན་ཏུ་འགགས་པ་སྟེ། དེ་བས་ན་མ་རིག་པ་འགག་ཅེས་བྱའོ། །དེ་ལ་ཚུལ་བཞིན་ཡིད་ལ་བྱེད་པ་ནི་འབྱུང་བ་ཆེན་པོ་བཞི་ལས་བྱུང་བའི་ལུས་འདི་ལ་འདི་ལྟ་སྟེ། ལུས་འདི་ནི་བེམས་པོ་སྟེ། རྩཝ་དང ། ཤིང་དང ། རྩིག་པ་དང ། རྡོ་ལྟར་སྣང་བར་སོ་སོར་རྟོག་གོ་།གང་སེམས་སམ། ཡིད་དམ། རྣམ་པར་ཤེས་པ་ཞེས་བྱ་བ་དེའང་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། རྣམ་པར་མི་རིག་པ། སྒྱུ་མ་དང ། རྨི་ལམ་ལྟ་བུ་སྟེ། ནང་དང ། ཕྱི་དང།་གཉིས་ཀ་མ་ཡིན་པར་ཡང་མི་དམིགས་སོ་ཞེས་དེ་ལྟར་ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྩོན་པའི་དགེ་སློང་གིས་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པར་རྟོགས་པར་
441b
འགྱུར་ཏེ། གང་མ་སྐྱེས་པ་དེ་ནི་དོན་དམ་པའོ། །བསྟན་པ་འདི་བཤད་པའི་ཚེ་དགེ་སློང་ཉིས་བརྒྱ་པོ་དེ་དག་གིས་ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དེ་ནས་གཅེར་བུ་མའི་བུ་བདེན་པ་པོ་འཁོར་དམས་པར་གྱུར་ཏེ། གཡོག་ལྔ་བརྒྱ་ཞིག་དང་སྤ་གོང་བར་གྱུར་ཅིང ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ག་ལ་པ་དང ། སྨིག་མའི་ཚལ་ལྡུམ་བུའི་འཁོར་གྱི་ཁྱམས་ག་ལ་བ་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་པ་དང ། བཅོམ་ལྡན་འདས་དང་ལྷན་ཅིག་ཀུན་དགའ་བ་དང ། མགུ་བར་འགྱུར་བ་དང ། དགའ་བར་འགྱུར་བའི་གཏམ་སྣ་ཚོགས་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ། དགེ་སྦྱོང་གཽ་ཏ་མ་ནི་གཞན་གྱི་འཁོར་ཁ་འདྲེན་པའི་སྒྱུས་ཁ་འདྲེན་ཏེ་ཞེས་ཡང་དང་ཡང་དུ་ཐོས་ན། དེ་ད་ནི་མངོན་སུམ་དུ་གྱུར་ཏེ། འདི་ལྟར་འཇམ་དཔལ་གཞོན་ནུར་གྱུར་པས་ཁོ་བོའི་འཁོར་ཕྱེ་སྟེ། དགེ་སྦྱོང་གཽ་ཏ་མ་ལ་ཕུལ་ལོ། །དགེ་སྦྱོང་གཽ་ཏ་མས་ཀྱང་ལོག་པའི་གཟུང་བས་བཟུང་སྟེ། དེ་དག་སླར་ཁོ་བོའི་དྲུང་དུ་མི་འོང ། བསྙེན་བཀུར་མི་བྱེད། རྣམ་བླགས་ཏེ་མི་ཉན། ཀུན་ཤེས་པར་བྱ་བའི་སེམས་ཉེ་བར་མི་འཇོག་གོ་།དེའི་ཚེ་ཀུན་ཏུ་རྒྱུ་ཟླ་བ་ཅན་ཞེས་བྱ་བའི་སྣག་གི་གཉེན་མཚམས་ཀུན་ཏུ་རྒྱུ་རྒྱལ་བའི་བློ་གྲོས་ཞེས་བྱ་བ་འཁོར་དེར་འདུས་ཏེ་འདུག་པར་གྱུར་པ་དེས་གཅེར་བུ་མའི་བུ་བདེན་པ་པོ་ལ་འདི་སྐད་ཅེས་སྨྲས་སོ། །གཅེར་བུ་མའི་
442a
༄#། །བུ་བདེན་པ་པོ། བཅོམ་ལྡན་འདས་དང ། བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་དང ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་མ་དད་པར་མ་བྱེད་ཅིག་།ཁྱོད་ལ་ཡུན་རིང་པོར་དོན་མེད་པ་དང ། མི་ཕན་པ་དང ། སྡུག་བསྔལ་བ་དང ། རྣམ་པར་ལྟུང་བར་གྱུར་ཏ་རེ། གཅེར་བུ་པ། འདི་ལྟ་སྟེ། ངས་དཔེ་བྱ་བར་སྤོབས་སོ། །གཅེར་བུ་པ། འདི་ལྟ་སྟེ། དཔེར་ན། སྐྱེས་བུ་བྱིས་པའི་རང་བཞིན་ཅན། ཤེས་རབ་འཆལ་པའི་རང་བཞིན་ཅན་ལ་ལ་ཞིག་མར་གྱི་སྙིང་ཁུ་འདོད་ཅིང་མར་འཚོལ་ལ། དེས་ཆུ་བུམ་པའི་ནང་དུ་བླུགས་ཏེ་བསྲུབས་ནས་དེ་ཇི་ཙམ་ན་དོན་མེད་པ་དང ། ཆད་པའི་སྐལ་བ་ཅན་དུ་གྱུར་ཀྱང་དེའི་རྒྱུས་མར་རམ། མར་གྱི་སྙིང་ཁུ་ནི་མི་རྙེད་དོ། །གཅེར་བུ་པ། དེ་བཞིན་དུ་འདི་ལས་ཕྱི་རོལ་གྱི་ཡ་མཚན་ཅན་ཐམས་ཅད་རྣལ་འབྱོར་དང ། སྒོམ་པ་དང ། དཀའ་ཐུབ་དང ། བརྟུལ་ཞུགས་དེ་དག་ཐམས་ཅད་ནི་ལོག་པར་བཟུང་བ་སྟེ། དེ་དག་ནི་ཆུའི་བུམ་པ་བསྲུབས་པ་ལྟ་བུའོ་ཞེས་ང་སྨྲའི་སྟེང་དུ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་སེམས་གདུག་པ་བྱས་པས་སེམས་ཅན་དམྱལ་བའི་གཡང་སར་ལྷུང་བར་འགྱུར་རོ། །གཅེར་བུ་པ། འདི་ལྟ་སྟེ། དཔེར་ན། སྐྱེས་བུ་མཁས་པའི་རང་བཞིན་ཅན། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་ལ་ལ་ཞིག་མར་གྱི་སྙིང་ཁུ་འདོད་ཅིང་མར་འཚོལ་ལ། དེས་འོ་མ་བུམ་
442b
པའི་ནང་དུ་བླུགས་ཏེ་བསྲུབས་ན་དེ་ཚེགས་ཆུང་ངུས་མར་སར་འབྱིན་པར་འགྱུར་ཏེ། མར་སར་ལས་མར་རོ། །མར་ལས་མར་གྱི་སྙིང་ཁུ་འཐོབ་བོ། །གཅེར་བུ་པ། དེ་བཞིན་དུ་ཁྱིམ་ན་གནས་པར་འགྱུར་བའམ། རབ་ཏུ་བྱུང་བའང་རུང ། དེ་བཞིན་གཤེགས་པས་གསུང་པའི་ཆོས་འདུལ་བ་འདི་ལ་དད་པ་དང་ལྡན་ཞིང་མོས་པ་མང་བས་སྦྱོར་བར་བྱེད། རྩོལ་བར་བྱེད། འབད་པར་བྱེད་ན་མར་འདོད་པའི་འོ་མའི་བུམ་པ་ལས་མར་གྱི་སྙིང་ཁུ་ཐོབ་པ་བཞིན་དེ་དག་མྱུར་དུ་འཕགས་པའི་རྣམ་པར་གྲོལ་བ་ཐོབ་བོ། །གཅེར་བུ་པ། འདི་ལྟ་སྟེ། དཔེར་ན། སྐྱེས་བུ་ཞིག་གིས་སྐྱེས་བུ་གཉིས་པའི་འཇིམ་པ་ལས་བྱས་པའི་སྣོད་བརྒྱ་སྟོང་བཞག་སྟེ། དེ་ཉིད་ཀྱི་རིན་པོ་ཆེའི་སྣོད་བྱིན་ན། གཅེར་བུ་པ། འདི་ཇི་སྙམ་དུ་སེམས། ཅི་སྐྱེས་བུ་དེས་སྐྱེས་བུ་དེ་བསླུས་པ་ཡིན་ནམ། སྨྲས་པ། རྒྱལ་པའི་བློ་གྲོས། དེ་ནི་མ་ཡིན་ནོ། །སྨྲས་པ། གཅེར་བུ་པ། དེ་བཞིན་དུ་འཇིམ་པ་ལས་བྱས་པའི་སྣོད་ལྟ་བུའི་མུ་སྟེགས་ཅན་གྱི་ཉན་ཐོས་རྣམས་བཅོམ་སྟེ། དེ་བཞིན་གཤེགས་པའི་བསྟན་པ་ལ་ཆོས་རིན་པོ་ཆེའི་སྣོད་དུ་བྱེད་ན། དེས་མུ་སྟེགས་ཅན་རྣམས་གང་ཡང་བསླུས་པར་མི་འགྱུར་རོ། །གཅེར་བུ་པ། འདི་ལྟ་སྟེ། དཔེར་ན་སྐྱེས་བུ་དེད་དཔོན་ཐབས་ལ་མི་མཁས་པ་མངོན་པའི་ང་རྒྱལ་ཅན་ཞིག་གིས་འགྲོན་པ་མང་པོ་ལམ་ངན་པར་བཙུད་པ་ལས། དེད་དཔོན་ཐབས་ལ་མཁས་པ་ལམ་ཤེས་པ་ལམ་མཐོང་
443a
༄#། །བ་ཞིག་གིས་ལམ་ངན་པ་དེ་ནས་བཟློག་སྟེ། ཡང་དག་པའི་ལམ་དུ་བཙུད་པ་དེ་བཞིན་དུ། གཅེར་བུ་པ་ཁྱེད་ཀྱི་སྟོན་པ་དྲུག་པོ་ཐམས་ཅད་ཀྱང་ལམ་མི་ཤེས་པ། ལམ་མི་མཁས་པ་སྟེ། དེས་ཁྱེད་ཅག་སེམས་ཅན་མང་པོ་རྣམས་ལམ་ངན་པར་བཙུད་དོ། །དེ་བཞིན་གཤེགས་པ་ནི་ལམ་མཁྱེན་པ། ལམ་ལ་མཁས་པ་སྟེ། དེས་སེམས་ཅན་དེ་དག་ལམ་ངན་པ་དེ་ལས་བཟློག་ནས་ཡང་དག་པའི་ལམ་དུ་འཛུད་དོ། །གཅེར་བུ་པ། དེ་ལྟ་མོད་ཀྱི། ཁྱོད་ཀྱི་འཁོར་འདི་དག་ཁྲིད་དེ་སོང་ཞིག་།དེ་ནས་ཡང་གཅེར་བུ་པ་ཁྲི་ཉིས་སྟོང་གཅེར་བུ་མའི་བུ་བདེན་པ་པོ་དང་ལྷན་ཅིག་ཏུ་དོང་ངོ ། །ལྷག་མ་རྣམས་ནི་མངོན་པར་ཤེས་པ་ཐོབ་ནས་དེ་དག་།བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་།ཅེས་བྱ་བས་རབ་ཏུ་བྱུང་བར་གྱུར་ཏོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཀུན་ཏུ་རྒྱུ་རྒྱལ་བའི་བློ་གྲོས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་བའི་བློ་གྲོས་ཁྱོད་ཀྱིས་གང་དག་གཅེར་བུ་མའི་བུ་བདེན་པ་པོ་དང་ལྷན་ཅིག་ཏུ་དོང་བའི་གཅེར་བུ་ཁྲི་ཉིས་སྟོང་པོ་དེ་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས། མཐོང་ངོ ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་བའི་བློ་གྲོས། དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་བྱམས་པའི་འདུས་པ་དང་པོའི་གྲངས་སུ་གཏོགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེ་དག་གིས་ཆོས་ཟབ་མོ་
443b
འདི་བཤད་པ་ཐོས་སོ། །གཅེར་བུ་མའི་བུ་བདེན་པ་པོ་ནི་འདི་ལྟ་སྟེ། དཔེར་ན། ད་ལྟར་ངའི་དགེ་སློང་ཤཱ་རིའི་བུ་བཞིན་དུ། དེ་བཞིན་གཤེགས་པའི་བྱམས་པའི་བསྟན་པ་ལ་ཉན་ཐོས་རྣམས་ཀྱི་ནང་ན་ཤེས་རབ་ཆེ་བའི་མཆོག་ཏུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ང་ལ་མོས་པ་ཡོད་དོ། །ལྷག་པའི་ང་རྒྱལ་གྱིས་ནི་ལྟ་བ་ཡོངས་སུ་མི་གཏོང་ངོ ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཀུན་ཏུ་རྒྱུ་རྒྱལ་པའི་བློ་གྲོས་ཀྱིས་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མ་ལ་དགེ་སློང་མངོན་པའི་ང་རྒྱལ་ཅན་ཇི་སྙེད་ཅིག་འབྱུང་བར་འགྱུར། འཇམ་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ། ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མ་ལ་དགེ་སློང་མངོན་པའི་ང་རྒྱལ་ཅན་འབྱུང་བ་ནི་དཀོན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུའམ། བསམ་གཏན་བཞི་མ་བསྐྱེད་པར་མངོན་པའི་ང་རྒྱལ་དུ་ལྟུང་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེའི་ཚེ་དགེ་སློང་དེ་དག་སེམས་གནས་པའང་དཀོན་ན་གང་བསམ་གཏན་བཞི་ལ་སྙོམས་པར་འཇུག་པ་དེ་དག་ཅི་སྨོས། རིགས་ཀྱི་བུ། དེ་ལྟ་བས་ན་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མ་ལ་དགེ་སློང་མངོན་པའི་ང་རྒྱལ་ཅན་འབྱུང་བ་ནི་དཀོན་ནོ། །རིགས་ཀྱི་བུ། འོན་ཀྱང་འདི་གཉིས་ནི་མངོན་པའི་ང་རྒྱལ་ཅན་ཏེ། གཉིས་གང་ཞེ་ན། ལྟ་བ་ལ་ཆགས་པས་བསམ་གཏན་གྱི་མངོན་པའི་ང་རྒྱལ་ཅན་དང །
444a
༄#། །རྙེད་པ་དང་བཀུར་སྟིའི་ཕྱིར་འཕགས་པའི་རིགས་དང ། ཚུལ་ཁྲིམས་དང ། ཐོས་པ་དང ། སྦྱངས་པའི་ཡོན་ཏན་དང ། ཡོ་བྱད་བསྙུངས་པ་ཙམ་གྱིས་མངོན་པའི་ང་རྒྱལ་དུ་ལྟུང་བ་སྟེ། དེ་གཉིས་ནི་མངོན་པའི་ང་རྒྱལ་ཅན་ནོ། །གང་ཡང་མངོན་པའི་ང་རྒྱལ་ཅན་དུ་གྱུར་ཏེ། དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་སྤོང་བ་དེ་དག་ནི་སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འགྱུར་རོ། །སྨྲས་པ། འཇམ་དཔལ། ཕ་རོལ་གྱི་སེམས་མི་ཤེས་པར་འདི་ནི་མངོན་པའི་ང་རྒྱལ་ཅན་ནོ་ཞེས་ཇི་ལྟར་ཤེས་པར་བྱ། སྨྲས་པ། གལ་ཏེ་སོ་སོའི་སྐྱེ་བོ་རྣམས་མྱ་ངན་ལས་འདའ་བར་འགྱུར་གྱི། དགྲ་བཅོམ་པ་རྣམས་ནི་མ་ཡིན་ནོ་ཞེས་དེ་སྐད་ཐོས་ནས་སྐྲག་པར་གྱུར་ན་མངོན་པའི་ང་རྒྱལ་ཅན་དུ་རིག་པར་བྱའོ། །གལ་ཏེ་སོ་སོའི་སྐྱེ་བོ་རྣམས་ཀྱིས་དེ་བཞིན་གཤེགས་པ་མཐོང་གི་།དགྲ་བཅོམ་པ་རྣམས་ཀྱིས་ནི་མ་ཡིན་ནོ་ཞེས་དེ་སྐད་ཐོས་ནས་སྐྲག་པར་གྱུར་ན་མངོན་པའི་ང་རྒྱལ་ཅན་དུ་རིག་པར་བྱའོ། །གལ་ཏེ་སོ་སོའི་སྐྱེ་བོ་རྣམས་ཀྱིས་སྦྱིན་པ་ཡོངས་སུ་སྦྱོང་བར་བྱེད་ཀྱི། དགྲ་བཅོམ་པ་རྣམས་ཀྱིས་ནི་མ་ཡིན་ནོ་ཞེས་དེ་སྐད་ཐོས་ནས་སྐྲག་པར་འགྱུར་ན་མངོན་པའི་ང་རྒྱལ་ཅན་དུ་རིག་པར་བྱའོ། །གལ་ཏེ་སོ་སོའི་སྐྱེ་བོ་རྣམས་ཀྱིས་དེ་བཞིན་གཤེགས་པ་མཉེས་པར་བྱེད་ཀྱི། དགྲ་བཅོམ་པ་རྣམས་ཀྱིས་ནི་
444b
མ་ཡིན་ནོ་ཞེས་དེ་སྐད་ཐོས་ནས་སྐྲག་པར་འགྱུར་ན་མངོན་པའི་ང་རྒྱལ་ཅན་དུ་རིག་པར་བྱའོ། །གང་དག་ཉོན་མོངས་པ་ཐམས་ཅད་ལས་མི་གཡོ་བ་དེ་དག་ནི་མི་བརྟེན་པའོ། །གང་དག་མི་བརྟེན་པ་དེ་དག་ནི་འཇིག་རྟེན་ན་སྦྱིན་པའི་གནས་སོ། །གང་ཡང་ཉོན་མོངས་པ་ལས་གཡོ་བ་དེ་དག་ནི་བརྟེན་པའོ། །གང་དག་བརྟེན་པ་དེ་དག་ནི་འཇིག་རྟེན་ན་སྦྱིན་པའི་གནས་མ་ཡིན་ནོ། ། དེ་ལ་གང་དག་རྩོད་པར་བྱེད་པ་དེ་དག་ནི་མངོན་པའི་ང་རྒྱལ་ཅན་དུ་རིག་པར་བྱའོ། །ཆོས་ཐམས་ཅད་ནི་འབྱུང་བའོ་ཞེས་བྱ་བའི་ཆོས་ཟབ་མོའི་ཚུལ་འདི་གང་གིས་མི་རྟོགས་པ་དེ་དག་ནི་མངོན་པའི་ང་རྒྱལ་ཅན་དུ་རིག་པར་བྱའོ། །ཆོས་ཐམས་ཅད་ཡོངས་སུ་ཤེས་པར་མི་བྱའོ། །སྤང་བར་མི་བྱའོ། །བསྒོམ་པར་མི་བྱའོ། །མངོན་དུ་མི་བྱའོ་ཞེས་བྱ་བའི་བདེན་པའི་ཚུལ་འདི་ལ་གང་མི་འཇུག་པ་དེ་དག་ནི་མངོན་པའི་ང་རྒྱལ་ཅན་དུ་རིག་པར་བྱའོ། །སྨྲས་པ། འཇམ་དཔལ། མངོན་པའི་ང་རྒྱལ་མེད་པའི་ཕྱག་རྒྱ་ཇི་ལྟ་བུ་ཡིན། སྨྲས་པ། འགལ་བ་མེད་པ་དང།་རྩོད་པ་མེད་པ་ནི་མངོན་པའི་ང་རྒྱལ་མེད་པའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རི་དྭགས་ཀྱི་རྒྱལ་པོ་སེང་གེ་ནི་སྒྲ་ཐམས་ཅད་ཀྱིས་མི་སྐྲག་གོ་།དེ་བཞིན་དུ། རིགས་ཀྱི་བུ། དགེ་སློང་མངོན་པའི་ང་རྒྱལ་མེད་པ་ནི་སྒྲ་ཐམས་ཅད་ཀྱིས་མི་སྐྲག་གོ་།དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུར་རིག་སྟེ། སྒྲ་བརྙན་ལ་ནི་སེམས་མེད། ཡིད་
445a
༄#། །མེད།་རྣམ་པར་ཤེས་པ་མེད་ཀྱང་དེ་ལ་བརྟེན་ཅིང་སྒྲ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་དེས་སེམས་དང་ཡིད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཏེ། དེ་སྒྲ་ཐམས་ཅད་རྐྱེན་ལ་རག་ལས་པར་རྟོགས་ནས་དེ་སྒྲ་ཐམས་ཅད་ལ་དགའ་བའང་མི་སྐྱེད་དོ། །དེ་སངས་རྒྱས་ཀྱི་སྒྲ་ལའང་རྗེས་སུ་ཆགས་པར་མི་བྱེད། མུ་སྟེགས་ཅན་གྱི་སྒྲ་ལའང་ཁོང་ཁྲོ་བར་མི་བྱེད། རྣམ་པར་བྱང་བའི་སྒྲ་ལའང་རྗེས་སུ་ཆགས་པར་མི་བྱེད། ཉོན་མོངས་པའི་སྒྲ་ལའང་ཁོང་ཁྲོ་བར་མི་བྱེད་ཅིང་དེས་སྒྲ་ཐམས་ཅད་ཀྱི་སྔོན་གྱི་མཐའ་དང ། ཕྱི་མའི་མཐའ་རྟོགས་པར་གྱུར་པ་འདི་ནི། རིགས་ཀྱི་བུ། མངོན་པའི་ང་རྒྱལ་མེད་པའི་ཕྱག་རྒྱ་ཞེས་བྱ་སྟེ། གཞག་པ་མེད་པ་དང ། གདེག་པ་མེད་པའི་ཕྱག་རྒྱའོ། །ཇི་ལྟ་བ་བཞིན་གྱི་ཕྱག་རྒྱའོ། །ཡང་དག་པར་བསྒྲུབ་པའི་ཕྱག་རྒྱའོ། །རང་བཞིན་གྱི་མཚན་ཉིད་ཀྱི་ཕྱག་རྒྱའོ། །ཚུལ་གཅིག་ཏུ་འཇུག་པའི་ཕྱག་རྒྱའོ། །ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བའི་ཕྱག་བྱའོ། །དེ་བཞིན་ཉིད་ཐ་མི་དད་པའི་ཕྱག་རྒྱའོ། །ཡང་དག་པའི་མཐའི་གནས་ཀྱི་ཕྱག་རྒྱའོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཕྱག་རྒྱའོ། །དུས་གསུམ་མཉམ་པ་ཉིད་ཀྱི་ཕྱག་རྒྱའོ། །བཟོད་མ་ནས་མ་སྐྱེས་པའི་ཕྱག་རྒྱའོ། །རང་བཞིན་ལ་སོ་སོར་རྟོག་པའི་ཕྱག་རྒྱ་སྟེ། རིགས་ཀྱི་བུ། ཕྱག་རྒྱ་དེ་དག་གིས་བཏབ་པའི་ཆོས་ཐམས་ཅད་མངོན་པའི་ང་རྒྱལ་མེད་པའི་དགེ་སློང་
445b
གིས་ཐོས་ན་ནེམ་ནུར་དུ་མི་འགྱུར། ཐེ་ཚོམ་དུ་མི་འགྱུར་ཏེ། བདག་མི་དམིགས་པར་རྟོགས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཀུན་ཏུ་རྒྱུ་རྒྱལ་བའི་བློ་གྲོས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་སྔོན་ཡང་ཀུན་ཏུ་རྒྱུ་ལྷག་སྤྱོད་དང ། སྣག་གི་གཉེན་མཚམས་ཀུན་ཏུ་རྒྱུ་ཟླ་བ་ཅན་ལས་ཐེག་པ་ཆེན་པོ་འདིའི་ཡོན་ཏན་བསྔགས་པ་བརྗོད་པ་ཁ་ཅིག་ཐོས་པར་གྱུར་ཏོ། །བཅོམ་ལྡན་འདས། བདག་གིས་དེ་ལྟར་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་ལས་དམ་པའི་ཆོས་བཤད་པ་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ངོ ། །བཅོམ་ལྡན་འདས་ཀྱིས་ཀྱང་བདག་ལ་ཅི་ནས་ཀྱང་བདག་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསགས་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ཚད་མ་མཆིས་གྲངས་མ་མཆིས་པ་རྣམས་ཀྱི་དོན་བགྱིད་པར་འགྱུར་བ་དེ་ལྟར་ཆོས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པའི་བློ་གྲོས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་འདི་གཉིས་ནི། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ཤེས་པར་བྱེད་པའོ། །གཉིས་གང་ཞེ་ན། འདི་ལྟ་སྟེ། བརྩོན་འགྲུས་དང ། བག་ཡོད་པའོ། །དེ་ལ་བརྩོན་འགྲུས་གང་ཞེ་ན། གང་ཆོས་ཀྱིས་བཙལ་བའི་ལོངས་
446a
༄#། །སྤྱོད་པ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའོ། །བག་ཡོད་པ་གང་ཞེ་ན། གང་རྣམ་པར་སྨིན་པ་ལ་མི་རེ་བས་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། །དེ་ལ་བརྩོན་འགྲུས་ནི་གང་མི་དགེ་བའི་ཆོས་ཐམས་ཅད་སྤང་བ་དང ། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡང་དག་པར་རྩོལ་བའོ། །བག་ཡོད་པ་ནི་ཚུལ་ཁྲིམས་ཡོངས་སུ་དག་ཅིང་སྐྱེ་བ་ཐམས་ཅད་མི་འདོད་པས་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། །དེ་ལ་བརྩོན་འགྲུས་ནི་གང་ལུས་དང་སེམས་ལ་མི་ལྟ་བས་བཟོད་ཅིང་དེས་པའོ། །བག་ཡོད་པ་ནི་གང་ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཀུན་ཏུ་བསྲུང་བའོ། །དེ་ལ་བརྩོན་འགྲུས་ནི་གང་དགེ་བའི་ཆོས་ཡང་དག་པར་སྒྲུབ་པས་ཡོངས་སུ་མི་སྐྱོ་བའོ། ། བག་ཡོད་པ་ནི་དགེ་བའི་ཆོས་ཡང་དག་པར་བསྒྲུབས་པ་རྣམས་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བའོ། །དེ་ལ་བརྩོན་འགྲུས་ནི་གང་བསམ་གཏན་གྱི་ཡན་ལག་ཡང་དག་པར་བསྒྲུབས་པས་ཡོངས་སུ་མི་བསྔོ་བའོ། །བག་ཡོད་པ་ནི་གང་བསམ་གཏན་གྱི་རོ་མྱོང་བར་བྱེད་པ་ལས་ལྡོག་པའི་ཤེས་པའོ། །དེ་ལ་བརྩོན་འགྲུས་ནི་གང་མང་དུ་ཐོས་པ་འཚོལ་བས་ཆོག་མི་ཤེས་པའོ། །བག་ཡོད་པ་ནི་གང་ཚུལ་བཞིན་ཡིད་ལ་བྱེད་པ་ལ་གནས་པའི་འཕགས་པའི་ཤེས་རབ་དང་ཡེ་ཤེས་སོ། །དེ་ལ་བརྩོན་འགྲུས་ནི་གང་བསྡུ་བའི་དངོས་པོ་
446b
རྣམས་མི་འདོར་བའོ། །བག་ཡོད་པ་ནི་གང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་སོ། །དེ་ལ་བརྩོན་འགྲུས་ནི་གང་ལུས་དང་སེམས་རབ་ཏུ་འཛིན་པའོ། །བག་ཡོད་པ་ནི་གང་ལུས་དང་སེམས་དབེན་པའོ། །དེ་ལ་བརྩོན་འགྲུས་ནི་གང་སེམས་ཅན་ལ་དམིགས་པའི་བྱམས་པས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའོ། །བག་ཡོད་པ་ནི་གང་ཆོས་ལ་དམིགས་པའི་བྱམས་པས་ཆོས་ཐམས་ཅད་མི་དམིགས་པའོ། །དེ་ལ་བརྩོན་འགྲུས་ནི་གང་སེམས་ཅན་གཞན་དང་གང་ཟག་གཞན་དག་བྱང་ཆུབ་ཀྱི་སེམས་ལ་སྦྱོར་བའོ། །བག་ཡོད་པ་ནི་གང་སྒྱུ་མ་ལྟ་བུའི་ཆོས་ལ་སོ་སོར་རྟོག་པས་བྱང་ཆུབ་ཀྱི་སེམས་མི་རྗེད་པའོ། །དེ་ལ་བརྩོན་འགྲུས་ནི་གང་མངོན་པར་ཤེས་པའི་ཡེ་ཤེས་སྐྱེད་པའོ། །བག་ཡོད་པ་ནི་གང་ཟག་པ་ཟད་པར་བྱས་པས་ཀུན་ཏུ་བསྲུང་བའོ། །དེ་ལ་བརྩོན་འགྲུས་ནི་གང་མགོ་དང་གོས་ལ་མེ་འབར་བ་ལྟ་བུས་བདེན་པ་འཚོལ་བའོ། །བག་ཡོད་པ་ནི་གང་འགོག་པ་མངོན་སུམ་དུ་བྱ་བར་མི་ལྟུང་བའོ། །དེ་ལ་བརྩོན་འགྲུས་ནི་གང་མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དགེ་བའི་རྩ་བས་ཆོག་མི་ཤེས་པའོ། །བག་ཡོད་པ་ནི་གང་ཆོས་ཀྱི་སྐུ་ལ་སོ་སོར་རྟོག་པའོ། །དེ་ལ་བརྩོན་འགྲུས་ནི་གང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའོ། །བག་ཡོད་པ་ནི་གང་སེམས་ཅན་གྱི་ཞིང་ཡོངས་སུ་དག་པའོ། །དེ་ལ་བརྩོན་འགྲུས་ནི་གང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་
447a
༄#། །བདུན་ཡོངས་སུ་རྫོགས་པའོ། །བག་ཡོད་པ་ནི་གང་ཉེ་བར་ཞི་བའི་རྣམ་པར་གྲོལ་བས་རྣམ་པར་གྲོལ་བའོ། །རིགས་ཀྱི་བུ། མདོར་ན་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་ལས་ཇི་སྙེད་པ་དེ་དག་ཐམས་ཅད་ནི་བརྩོན་འགྲུས་དང་ལྡན་པར་བལྟ་བར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལས་ཇི་སྙེད་པ་དེ་དག་ཐམས་ཅད་ནི་བག་ཡོད་པ་དང་ལྡན་པར་བལྟ་སྟེ། དེ་བས་ན་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པའི་འཇིགས་པ་ཅུང་ཟད་ཀྱང་མེད་དོ་ཞེས་བྱའོ། །བསྟན་པ་འདི་བཤད་པའི་ཚེ། ཀུན་ཏུ་རྒྱུ་རྒྱལ་བའི་བློ་གྲོས་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་སེམས་དགའ་བ་དང ། མགུ་བ་དང ། རངས་པ་དེ་ཉིད་ཀྱིས་དེ་ཤིང་ཏ་ལ་བདུན་ཙམ་དུ་སྟེང་གི་བར་སྣང་ལ་མངོན་པར་འཕགས་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའང་རྣམ་པ་དྲུག་ཏུ་གཡོས་སོ། །སྣང་བ་ཆེན་པོས་ཀྱང་འཇིག་རྟེན་ཁྱབ་པར་གྱུར་ཏོ། །སྟེང་གི་བར་སྣང་ལས་མེ་ཏོག་གི་ཆར་ཆེན་པོ་ཡང་མངོན་པར་བབ་བོ། །སིལ་སྙན་དང་གླུ་དབྱངས་ཀྱི་སྒྲའང་བྱུང་བར་གྱུར་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་ཀྱིས་ནམ་འཛུམ་
447b
པ་མཛད་པ་དེའི་ཚེ། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་ཁ་དོག་སྣ་ཚོགས་པ་འདི་ལྟ་སྟེ། སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དང ། ལེ་བརྒན་དང།་ཤེལ་གྱི་ཁ་དོག་དང ། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་སྟེ། དེས་འཇིག་རྟེན་གྱི་ཁམས་མཐའ་དང་མུ་མེད་པ་དག་སྣང་བས་ཁྱབ་པར་བྱས་ནས་ཚངས་པའི་འཇིག་རྟེན་མན་ཚད་དུ་མངོན་པར་བྱུང་ཞིང་ཉི་མ་དང ། ཟླ་བའི་འོད་ཀྱང་ཟིལ་གྱིས་མནན་ནས་ཡང་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་དཔུའི་གཙུག་ཏུ་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་འཛུམ་པའི་དོན་ཡོངས་སུ་ཞུས་པ། བསོད་ནམས་ཡེ་ཤེས་སྟོབས་དཔལ་དཔེ་མེད་འདོམ་གང་འོད་ཀྱིས་བརྒྱན། །མཚན་མཆོག་སུམ་ཅུ་རྩ་གཉིས་བརྒྱན་ཅིང་དཔེ་བྱད་དག་གིས་སྤྲས། །སེང་གེ་དང་མཆོག་འགྱིང་འགྲོ་ལྟར་ནི་བརྩོན་འགྲུས་སྟོབས་ཀྱིས་བྱུང ། ། ཅི་སླད་འཛུམ་མཛད་དེ་ནི་བཅོམ་ལྡན་འདས་ཀྱིས་བསྟན་པར་གསོལ། །ཐུབ་པ་དབྱར་གྱི་སྤྲིན་དང་རྔ་སྒྲ་སེང་གེའི་སྒྲ་བས་ལྷག་།ཀ་ལ་པིངྐའི་སྒྲ་དང་དྲིལ་སྒྲ་ཚངས་པའི་སྒྲ་བས་ལྷག །
448a
༄#། །ལྷ་འམ་དེ་བཞིན་མི་ཡི་སྒྲ་གང་སྟོང་གསུམ་དག་ན་སྙན། །དེ་ཀུན་ཆར་ཡང་མི་འགྲོ་བཅོམ་ལྡན་ཐུབ་པའི་གསུང་མཆོག་གོ་།དགྲ་བཅོམ་མཆོག་རབ་རང་རྒྱལ་ཡང་དག་བྱང་ཆུབ་སེམས་དཔས་ཀྱང ། །དཔེ་མེད་ཐུབ་དབང་ཡེ་ཤེས་རྨད་བྱུང་ཡུལ་ནི་མི་རྟོགས་པ། །ལྷ་མི་ལྷ་མིན་ཀླུ་གང་ཐོས་ནས་བྱང་ཆུབ་མཆོག་འཚལ་བར། ། ཡེ་ཤེས་དེ་ཡི་སྟོབས་ཀྱིས་ཅི་ཕྱིར་འཛུམ་བསྟན་བཤད་དུ་གསོལ། །མཐར་འཛིན་ཀུན་ལས་ཐུགས་གྲོལ་བློ་བཟང་དབུས་སུ་ཁྱོད་མི་ཆགས། །ཆགས་མེད་ཉེས་མེད་སྤྱོད་པ་གནས་མེད་ནམ་མཁའ་ཚད་མེད་བཞིན། །དཔེ་མཆོག་གང་ཡང་མེད་ཅིང་འཇིག་རྟེན་མཆོག་འདྲར་བགྲང་བ་མེད། །མཁའ་འདྲའི་བློ་མངའ་སྡིག་མེད་ཁྱོད་ལ་ཅི་སླད་འཛུམ་བསྟན་ཞུའོ། །ཁྱོད་ཀྱི་ཞལ་ནས་འོད་ཟེར་སྣ་ཚོགས་སྔོ་དང་དམར་དང་དཀར། །དྲི་མེད་གསེར་ལྟར་འཚེར་ཞིང་དམར་བ་གངྒཱའི་བྱེ་སྙེད་བྱུང ། །གྲངས་མེད་ནམ་མཁའི་ཁམས་མཉམ་ཕྱོགས་ཀྱི་འཇིག་རྟེན་དེས་སྣང་བྱེད། །ཐུབ་པའི་འོད་ཀྱིས་རེག་པའི་ངན་སོང་མ་ལུས་ཞི་ཞིང་བདེ་དང་ལྡན། །གལ་ཏེ་འོད་ཟེར་པུས་མོར་ནུབ་ན་དགྲ་བཅོམ་ཁྱོད་ལུང་བསྟན། ། འོད་ཟེར་ཁྱོད་ཀྱི་དཔུང་པར་ནུབ་ན་རང་སངས་རྒྱས་སུ་བསྟན། །དེང་ནི་ཕན་མཛད་ཐུབ་ཁྱོད་གཙུག་ཏུ་དྲི་མེད་འོད་ནུབ་ཀྱི། །ཀུན་མཁྱེན་མཉམ་ཉིད་ཐོག་པར་ངེས་པར་ཁྱོད་ནི་ལུང་
448b
སྟོན་ཏོ། །དེ་བས་ལེགས་པ་ལྷ་ལྷག་ལྷས་མཆོད་འཇིག་རྟེན་གསུམ་མཆོད་འོས། །སྲོག་ཆགས་མང་པོ་གང་ཐོས་དགའ་ཞིང་སེམས་ཀྱང་མགུ་འགྱུར་བར། །ཡང་དག་བདེན་ཚིག་ངེས་པར་གསུང་དག་དེ་ནི་རྒྱལ་བས་ཤོད། །ཅི་ཕྱིར་འཛུམ་མཛད་ཐེ་ཚོམ་ཆོད་དེ་སློབ་མ་མགུ་བར་མཛོད། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ། །རིགས་ཀྱི་བུ་རྒྱལ་བའི་བློ་གྲོས་ཞེས་བྱ་བ་བཟོད་པ་ཐོབ་པ་སྟེང་གི་བར་སྣང་ལ་ཏ་ལ་བདུན་ཙམ་ན་འདུག་སྟེ། ཐལ་མོ་སྦྱར་ནས་ང་ལ་ཕྱག་འཚལ་བ་ལྷ་བརྒྱ་སྟོང་དག་གིས་མཆོད་པ་འདི་ཁྱོད་ཀྱིས་མཐོང་ངམ། གསོལ་པ། བཅོམ་ལྡན་འདས། མཐོང་ངོ ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། རིགས་ཀྱི་བུ་རྒྱལ་བའི་བློ་གྲོས་འདིས་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་པ་ན་སངས་རྒྱས་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ལས་དགེ་བའི་རྩ་བ་བསྐྱེད་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བཞུགས་པ་དང ། ཡོངས་སུ་མྱ་ངན་ལས་འདས་པ་ལ་ཡང་མཆོད་དོ། །སངས་རྒྱས་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ལས་ཚངས་པར་སྤྱོད་པ་སྤྱད་དེ། ཐམས་ཅད་དུ་ཡང་དག་པའི་ཆོས་ཡོངས་སུ་བཟུང་ངོ ། །ཀུན་དགའ་བོ། །རིགས་ཀྱི་བུ་རྒྱལ་བའི་བློ་གྲོས་འདི་ད་ཕྱིན་ཆད་ཀྱང་དེ་བཞིན་གཤེགས་པ་བགྲང་བ་ལས་འདས་པ་རྣམས་མཉེས་པར་བྱེད་པར་འགྱུར། གུས་
449a
༄#། །པར་བྱེད་པར་འགྱུར། བཙུན་པར་བྱེད་པར་འགྱུར། ཕུ་དུད་དུ་བྱེད་པར་འགྱུར། མཆོད་པ་བྱེད་པར་འགྱུར། ཚངས་པར་སྤྱད་པའང་སྤྱོད་པར་འགྱུར། སེམས་ཅན་ཚད་མེད་གྲངས་མེད་པ་དག་ཀྱང་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །དེ་ཕྱི་མའི་དུས་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡང་དག་པར་བསྒྲུབས་ནས་བསྐལ་པ་གྲངས་མེད་པ་ན་བསྐལ་པ་རིན་པོ་ཆེ་གཅིག་བཀོད་པ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་བལྟ་ན་སྡུག་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་ཕུང་པོ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཀུན་དགའ་བོ། འཇིག་རྟེན་གྱི་ཁམས་བལྟ་ན་སྡུག་པ་དེའི་ལོངས་སྤྱོད་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་དང་འདྲ་བར་འགྱུར་རོ། །སེམས་ཅན་དེ་དག་གི་མདུན་དུ་ཡུལ་དྲུག་ལས་ཡིད་དུ་མི་འོང་བའི་ཆོས་གང་ཡང་འབྱུང་བར་མི་འགྱུར་རོ། །སེམས་ཅན་དེ་དག་ཐམས་ཅད་གཅིག་གིས་གཅིག་མཐོང་ན་དགའ་བ་དང་ཡིད་བདེ་བ་སྐྱེ་བར་འགྱུར་རོ། །སེམས་ཅན་དེ་དག་ཐམས་ཅད་རྨི་ལམ་དུའང་དེ་བཞིན་གཤེགས་པ་ཡེ་ཤེས་ཕུང་པོ་དེ་མཐོང་ཞིང་དེ་དག་སངས་
449b
རྒྱས་རྗེས་སུ་དྲན་པ་དང་མི་འབྲལ་བར་འགྱུར་ཏེ། དེ་བས་ན་འཇིག་རྟེན་གྱི་ཁམས་དེ་བལྟ་ན་སྡུག་བ་ཞེས་བྱའོ། །བསྐལ་པ་དེ་ལ་དེ་བཞིན་གཤེགས་པ་དེ་གཅིག་པུ་འབྱུང་ཞིང ། དེ་བཞིན་གཤེགས་པའི་ཚེའི་ཚད་ཀྱང་བསྐལ་པར་ཐུབ་པར་འགྱུར་ཏེ། དེ་བས་ན་བསྐལ་པ་དེའང་རིན་པོ་ཆེ་གཅིག་བཀོད་པ་ཞེས་བྱ་བར་འགྱུར་རོ། །བཅོམ་ལྡན་འདས་དེའི་དགེ་འདུན་ནི་བྱང་ཆུབ་སེམས་དཔའ་འབའ་ཞིག་སྟེ། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་རྩ་གཉིས་སུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ། སྤོབས་པ་ཐོགས་པ་མེད་པ། ཚིག་དབྱེ་བ་ལ་མཁས་པ་ཤ་སྟག་གོ་།དེ་བཞིན་གཤེགས་པ་ཡེ་ཤེས་ཕུང་པོ་དེ་ནམ་ཡོངས་སུ་མྱ་ངན་ལས་འདའ་བ་དེའི་ཚེའང ། བྱང་ཆུབ་སེམས་དཔའ་སེང་གེའི་རྩལ་གྱིས་འགྲོ་བ་དེ་ལ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེང་གེའི་རྩལ་གྱིས་འགྲོ་བ་འདི་ངའི་འོག་ཏུ་དེ་བཞིན་གཤེགས་པ་སེང་གེའི་སྒྲ་སྒྲོགས་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ནས་ཡོངས་སུ་མྱ་ངན་ལས་འདའོ། །དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་ཕུང་པོ་དེ་ཡོངས་སུ་མྱ་ངན་ལས་འདས་ནས་བར་གྱི་བསྐལ་པ་བཅུར་དམ་པའི་ཆོས་གནས་པར་འགྱུར་རོ། །བཅོམ་ལྡན་འདས་དེའི་སྐུའང་མི་འཇིག་པར་འགྱུར་ཏེ། གང་ལ་སེམས་ཅན་དེ་དག་མཆོད་པར་བྱེད་པའི་མཆོད་རྟེན་རིན་པོ་ཆེ་ལས་བྱས་པ་བརྒྱར་དཔག་ཚད་དྲུག་ཅུ་རྩ་བཞི་པ། འཕང་དུ་དཔག་ཚད་བརྒྱད་ཅུ་
450a
༄#། །པ་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ་གཅིག་ཅིག་ཡོད་པར་འགྱུར་རོ། །དེ་ནས་རིགས་ཀྱི་བུ་རྒྱལ་བའི་བློ་གྲོས་བར་སྣང་དེ་ལས་བབས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བཙལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ལ་ཆོས་ཀྱི་དབྱིངས་དང་ཐ་མི་དད་པའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །བདག་གི་དབྱིངས་དང་སེམས་ཅན་དབྱིངས། །ཆོས་ཀྱི་དབྱིངས་དང་དེ་དག་མཉམ། །དེ་ཡི་དབྱིངས་ལྡན་ཡེ་ཤེས་དབྱིངས། །དེ་བས་ཁྱོད་ཀྱིས་བདག་ལུང་བསྟན། །ཆོས་ཀྱི་དབྱིངས་དང་ཉོན་མོངས་ཁམས། །སྟོང་པའི་དབྱིངས་དང་དེ་དག་མཉམ། །ཆོས་ཀུན་དེ་ཡི་དབྱིངས་ལྡན་ཏེ། །དེ་བས་ཁྱོད་ཀྱིས་བདག་ལུང་བསྟན། ། འདོད་ཆགས་ཞེ་སྡང་གཏི་མུག་དང ། །གང་གཞན་ཁམས་ཀྱང་གསུམ་པོ་དག་།ནམ་མཁའི་ཁམས་དང་མཉམ་པ་སྟེ། །དེ་བས་ཁྱོད་ཀྱིས་བདག་ལུང་བསྟན། །འཁོར་བ་དང་ནི་མྱ་ངན་འདས། །ཆོས་ཀྱི་དབྱིངས་དང་དེ་དག་མཉམ། །རླུང་གི་ཁམས་དང་ཆུ་དང་མེ། །ས་རྣམས་དེ་ཡི་ཁམས་ལྡན་ནོ། །ཕུང་པོའི་ཁམས་དང་མཉམ་པ་སྟེ། །མིག་ལ་སོགས་པའི་ཁམས་རྣམས་དང ། །ཡིད་ཀྱི་ཁམས་དང་ཆོས་ཁམས་དང ། །དེ་དག་དབྱིངས་ཀུན་མཉམ་པའོ། །འདུས་བྱས་དབྱིངས་ནི་གང་ཡིན་དང ། །འདུས་མ་བྱས་དབྱིངས་གང་ཡིན་པ། །དེ་དག་
450b
ཆོས་དབྱིངས་གཉིས་མེད་དེ། །དེ་བས་ཁྱོད་ཀྱིས་བདག་ལུང་བསྟན། །ཕུང་པོ་རྣམས་ནི་ཤེས་དང་བྲལ། །ཁམས་དང་སྐྱེ་མཆེད་རྣམས་ཀྱང་སྟེ། །མིང་ལ་མེད་ཅིང་གཟུགས་ལའང་མེད། །ནང་ན་མེད་ཅིང་ཕྱི་ནའང་མེད། །སྒྲ་གང་དག་གིས་རིག་འགྱུར་བའི། །ཐུབ་པས་བདག་ནི་ལུང་བསྟན་པ། །ཇི་ལྟ་བུར་ནི་སྒྲ་གསུངས་པ། །དེ་ལྟར་བདག་ནི་ལུང་བསྟན་ཏོ། །གང་གིས་བདག་ནི་ལུང་བསྟན་པའི། །སེམས་ནི་སངས་རྒྱས་མི་མངའ་སྟེ། །བདག་ལའང་ཡང་དག་བྱང་ཆུབ་ཏུ། །ལུང་བསྟན་རྣམས་ཤེས་མི་མཆིས་སོ། །ཇི་ལྟར་སངས་རྒྱས་བདག་དེ་བཞིན། །བདག་ལྟར་བདེ་གཤེགས་དེ་བཞིན་ཏེ། །སེམས་ཅན་ཀུན་ཀྱང་དེ་དང་འདྲ། །དེ་བས་ཁྱོད་ཀྱིས་བདག་ལུང་བསྟན། །ལུང་བསྟན་འདི་ནི་ཡང་དག་པ། །དེ་བཞིན་ཉིད་དང་ལྡན་པ་སྟེ། །ཡང་དག་མཐའ་ལ་གནས་པས་ན། །ཆོས་ཀྱི་དབྱིངས་ལ་ཐ་དད་མེད། །ཆོས་ཀྱི་དབྱིངས་ལས་ཡང་དག་བྱུང ། །ནམ་མཁའ་ལྟ་བུར་ཡེ་ཤེས་ཟབ། །ཐབས་ལ་མཁས་ཤིང་ལེགས་སྦྱངས་པ། །བཅོམ་ལྡན་ཁྱོད་ལ་བདག་ཕྱག་འཚལ། །དེ་ནས་བཅོམ་ལྡན་འདས་ལ་རིགས་ཀྱི་བུ་རྒྱལ་བའི་བློ་གྲོས་ཀྱིས་ཆོས་ཀྱི་དབྱིངས་དང་ཐ་མི་དད་པ་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བཙལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ་།ཚེ་དང་ལྡན་པ་ཤཱ་རིའི་བུ།
451a
༄#། །འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་རྣམ་པར་འཕྲུལ་བའི་ཆོས་འཕྲུལ་དང ། ཆོས་སྟོན་པ་རྣམ་པར་འཕྲུལ་བའི་ཆོ་འཕྲུལ་ལས་གང་ཁོ་བོས་ཕྱོགས་ཙམ་ཞིག་མངོན་སུམ་དུ་གྱུར་པ་ནི་དེ་ལྟ་བུ་དེ་དག་ཡིན་ནོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་རྣམ་པར་རྩེ་བའི་ཆོ་འཕྲུལ་དང་ཆོས་བསྟན་པ་རྣམ་པར་འཕྲུལ་བའི་ཆོ་འཕྲུལ་ཇི་ལྟར་མངོན་སུམ་དུ་གྱུར་པ་དག་ཕན་ཚུན་དུ་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཆོས་ཀྱི་རྣམ་གྲངས་འདི་གཟུང་ཞིག། ཆོངས་ཤིག་།ལྷོགས་ཤིག་།ཀུན་ཆུབ་པར་གྱིས་ཤིག་།གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་ཤོད་ཅིག ། གསོལ་པ། བཅོམ་ལྡན་འདས། བདག་གིས་ཆོས་ཀྱི་རྣམ་གྲངས་འདི་བཟུང་ན། བཅོམ་ལྡན་འདས། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བས་ན། ཀུན་དགའ་བོ། ཆོས་ཀྱི་རྣམ་གྲངས་འདི་འཇམ་དཔལ་གཞོན་ནུར་གྱུར་པའི་བྱིན་གྱི་རླབས་རྣམ་པར་འཕྲུལ་པ་དང ། བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་དང་མཐུན་པས་འཇོམས་ཤིང་ཚར་གཅོད་པ་དང ། དཀོན་མཆོག་འབྱུང་གནས་བསྟན་པ་དང ། དཀོན་མཆོག་གི་ཟ་མ་ཏོག་
451b
ཅེས་བྱ་བར་གཟུང་ཞིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང ། བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་དང ། ཚེ་དང་ལྡན་པ་ཀུན་དགའ་བོ་དང ། བྱང་ཆུབ་སེམས་དཔའ་དེ་དག་དང ། ཉན་ཐོས་ཆེན་པོ་དེ་དག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དཀོན་མཆོག་གི་ཟ་མ་ཏོག་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་རཏྣ་རཀྵི་ཏས་ཞུས་ཏེ་སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།།