rKTs


H224

(e-text produced by ACIP)

see text in transliteration
208b
།རྒྱ་གར་སྐད་དུ། ཨཱརྱ་ཏྲཱ་ཡ་སྟྲི་ངྴ་ཏྤ་རི་བརྟ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སུམ་ཅུ་རྩ་གསུམ་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་ན་ཤིང་ཡོངས་འདུའི་དྲུང་ན་ཨར་མོ་ནིག་ལྟ་བུའི་རྡོ་ལེབ་ལ་བཞུགས་ཏེ། སྐུ་སྐྲུན་པའི་ཡུམ་ལ་ཐུགས་བརྩེ་བའི་ཕྱིར་དགེ་སློང་བརྒྱད་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། རྫུ་འཕྲུལ་ཆེ་བ། དབང་ཆེ་བར་གྲགས་པ། མཐུ་ཆེན་པོ་ཤ་སྟག་དང ། བྱང་ཆུབ་སེམས་དཔའ་བདུན་ཁྲི་
209a
༄#། །ཉིས་སྟོང་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པས་མངོན་པར་ཤེས་པ། བཟོད་པ་ཐོབ་པ། སྤོབས་པ་ཐོགས་པ་མེད་པ་ཕལ་ཆེར་འཇིག་རྟེན་གྱི་ཁམས་ཐ་དད་པ་ནས་འདུས་པ་ཤ་སྟག་དང་ཐབས་ཅིག་ཏུ་དབྱར་གནས་པར་ཞལ་གྱིས་བཞེས་ནས་དེ་ན་བཅོམ་ལྡན་འདས་འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ། །དེ་ནས་དེའི་ཚེ་ལྷའི་བུ་ཟླ་བ་ཞེས་བྱ་བ་དང ། ཟླ་མཆོག་ཅེས་བྱ་བ་གཉིས་འཁོར་དེ་ཉིད་ཀྱི་ནང་དུ་འདུས་པར་གྱུར་ཏེ་འདུག་གོ་།དེ་ནས་ལྷའི་བུ་ཟླ་བ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཟླ་བ། ཁྱོད་སུའི་དོན་དུ་དེ་བཞིན་གཤེགས་པ་ལ་ཞུ་བར་འདོད། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་ཚིགས་སུ་བཅད་དེ་གསོལ་པ། གང་དག་
209b
བདག་ལ་སྨན་དང་སེམས་ཅན་གཞན་ལ་སྨན་སླད་ཞུགས། །སེམས་ཅན་ཀུན་ལ་སྙིང་རྗེ་སྙིང་བརྩེ་ལེགས་པར་བསྐྱེད་ནས་ནི། །བྱང་ཆུབ་རྡུལ་བྲལ་བདུད་རྩི་འཚལ་ཞིང་དོན་དུ་སྒྲུབ་བགྱིད་པ། །ཤཱཀྱ་སེངྒེ་བདག་ནི་དེ་དག་དོན་དུ་ཞུ་བ་ཞུ། །གང་དག་མ་ཞུམ་སེམས་ཀྱིས་བསྐལ་པ་བྱེ་བར་སྤྱོད་བགྱིད་ཅིང ། །སྡུག་བསྔལ་སྤོང་ལ་འགྲོ་བ་ཐམས་ཅད་ཀྱང་ནི་གྲོལ་བར་བགྱིད། །གང་དག་སེམས་ཅན་ཀུན་ལ་སེམས་སྙོམས་སྦྱོར་བ་སྙོམས་པར་བགྱིད། །བདག་ནི་མི་འདྲེན་དེ་དག་དོན་དུ་རྒྱལ་ལ་ཞུ་བ་ལགས། །གང་དག་སངས་རྒྱས་མཚན་མཆོག་གསུམ་ཅུ་རྩ་གཉིས་རྟགས་རྣམས་ཀྱིས། །སྐུ་སྤྲས་རྡུལ་དང་བྲལ་བ་བསོད་ནམས་ཞིང་ཆེན་མཐོང་གྱུར་ནས། །ཡོན་ཏན་རྒྱ་མཚོ་གང་ཆེན་མཚོ་རྣམས་དེ་དག་འདོད་བགྱིད་པ། །གཟི་བརྗིད་ཆེན་པོ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས། །གང་དག་རྟག་ཏུ་སྐྱེས་བུ་ཁྱུ་མཆོག་ཡེ་ཤེས་མ་གཏོགས་པར། །གཞན་དུ་བློ་གྲོས་མི་བསྐྱེད་གཞན་དུ་སེམས་པར་མི་བགྱིད་དང ། །གང་དག་ཉན་ཐོས་རང་རྒྱལ་དག་ཏུ་བློ་གྲོས་མི་སྐྱེད་པ། །རྩལ་རབ་བརྟན་པ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས། །གང་དག་རྙེད་དང་མ་རྙེད་གྲགས་དང་མ་གྲགས་མཉམ་པར་སེམས། ། སྨད་དང་བསྔགས་དང་བདེ་དང་སྡུག་བསྔལ་དག་གིས་སྐྱོ་མི་འགྱུར། །འཇིག་རྟེན་ཆོས་རྣམས་ཟིལ་གྱིས་མནན་ཏེ་གནས་ཤིང་བསྐྱོད་མ་མཆིས། །འཇིགས་དང་བྲལ་བ་དེ་དག་
210a
༄#། །དོན་དུ་བདག་ནི་ཞུ་བ་ལགས། །གང་དག་བདག་ཕངས་མཚུངས་འདྲར་གཞན་དག་ལ་ཡང་ཕངས་པར་འཛིན། །སྲིད་པ་གསུམ་ན་ཐ་དད་འབྱེད་པ་མ་མཆིས་སྦྱོར་བ་མཉམ། །གང་དག་བྱམས་པར་སེམས་ཤིང་ཚུལ་འཆོས་ཐ་བ་སྐྱོན་མ་མཆིས། །སྐྱེ་བོ་དེ་དག་རྣམས་ཀྱི་དོན་དུ་བདག་ནི་ཞུ་བ་ལགས། །གང་དག་རྟག་ཏུ་སྦྱིན་དང་ཚུལ་ཁྲིམས་དག་ཅིང་རྣམ་དག་སྤྱོད། །བདག་ཉིད་སྤོང་བར་བགྱིད་ཀྱི་ཚུལ་ཁྲིམས་ཕུང་པོ་གཏོང་མི་བགྱིད། །གང་དག་རྟག་ཏུ་ལུས་དང་ངག་དང་ཡིད་རྣམས་ལེགས་པར་བསྡམས། །བདག་ནི་དྲི་མེད་དེ་དག་དོན་དུ་རྒྱལ་ལ་ཞུ་བ་ལགས། །གང་དག་བཟོད་པ་སྨྲ་ཞིང་ལེགས་པར་བསྡམས་པའི་ཤེས་དང་ལྡན། །སྡུག་བསྔལ་དང་ནི་བསད་དང་བཅིངས་དང་བརྡེག་པ་རྣམས་ཀྱང་བཟོད། །ཀུན་གྱིས་དཀྲུགས་ཀྱང་ཁྲོ་བ་དང་ནི་བསྐྱེད་པར་མི་བགྱིད་པ། །ངེས་པར་བགྱིད་པ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས། །གང་དག་མཐུ་དང་བརྩོན་འགྲུས་སྟོབས་གནས་དམ་པའི་དོན་དང་ལྡན། །འཇིག་རྟེན་དོན་གྱི་སླད་དུ་རྒྱུ་ཞིང་བདག་གི་ཕྱིར་མ་ལགས། །དཀར་པོའི་སྤྱོད་པ་རྣམས་ཀྱིས་མི་ངོམས་རྒྱ་མཚོའི་ཆབ་དང་འདྲ། །ཡོན་ཏན་རྒྱ་མཚོ་དེ་དག་དོན་དུ་རྒྱལ་ལ་ཞུ་བ་ལགས། །གང་དག་རྣམ་པར་རྟོག་པ་སྣ་ཚོགས་ཤས་ཆེར་མི་འཇུག་པ། །གང་དག་ཉོན་མོངས་སྣ་ཚོགས་ཕམ་བགྱིས་འཕགས་པའི་ཡེ་ཤེས་
210b
ལྡན། །གང་དག་བསམ་གཏན་མངོན་ཤེས་རྣམ་བརྩོན་རྫུ་འཕྲུལ་རྐང་པར་ལྡན། །བསམ་གཏན་གནས་པ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས། །གང་དག་ཤེས་རབ་ཕ་རོལ་སོན་ཅིང་ཡེ་ཤེས་མཐའ་ཡས་ལྡན། །རྟོག་དང་ཀུན་རྟོག་བྲལ་ཞིང་སྤྲོས་པ་མ་མཆིས་ཞི་བར་གྱུར། །གང་གིས་ཆོས་འདི་དབེན་ཞིང་ཡ་མ་བརླར་ཡང་རྟོགས་གྱུར་པ། །གང་ཟག་ཆེན་པོ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས། །གང་དག་རྫུ་འཕྲུལ་ཤེས་ལ་མཁས་ཤིང་ཤིན་ཏུ་རབ་ཞི་སྤྱོད། །ཞིང་རྣམས་ཁྲག་ཁྲིག་མཆི་ལ་ཞིང་དུ་འཛིན་པའང་མ་མཆིས་དང ། ། སངས་རྒྱས་ཁྲག་ཁྲིག་ཕྱག་འཚལ་སངས་རྒྱས་འཛིན་པའང་མ་མཆིས་པ། །མཐོང་ན་དགའ་བ་དེ་དག་དོན་དུ་རྒྱལ་ལ་ཞུ་བ་ལགས། །གང་དག་ཉོན་མོངས་བདུད་དང་བྲལ་ཞིང་ཕུང་པོའི་བདུད་བཅོམ་དང ། །གང་དག་འཆི་བདག་བདུད་དང་བྲལ་ཞིང་ལྷ་ཡི་བདུད་བཅོམ་དང ། །གང་དག་བདུད་ཀུན་ངས་བཅོམ་ནས་ནི་བྱང་ཆུབ་རེག་གྱུར་པ། །མུན་དང་བྲལ་བ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས། །གང་དག་ནགས་དང་ཚལ་དུ་བཅས་པའི་ས་གཞི་བསྐྱོད་ནས་ཀྱང ། །བྱང་ཆུབ་རྡུལ་མེད་ཡེ་ཤེས་མཆོག་ནི་འཚང་རྒྱ་དང ། །གང་དག་སེམས་གཅིག་ལ་ནི་ཤེས་པ་ཅི་མཆིས་འབྱུང་འགྱུར་བ། །རྡོ་རྗེ་ལྟ་བུ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས། །གང་དག་ཡེ་ཤེས་ཀུན་མཁས་གཟི་བརྗིད་ཆེན་པོས་གཟི་བསྐྱེད་
211a
༄#། །དང། །གང་དག་རྟག་ཏུ་སངས་རྒྱས་གདུང་ཕྱིར་ཆོས་སྤྱོད་རབ་ཏུ་བརྟན། །གང་དག་འདྲེན་པ་དང་ནི་དགེ་འདུན་མཁས་རྣམས་དགྱེས་རྒུར་སྦྱོར། །དེ་དག་དོན་དུ་སྲིད་གསུམ་དག་ན་བདག་ནི་ཞུ་བ་ལགས། །བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་ཆེན་པོ་དང་ཡེ་ཤེས་ཀྱི་ཁྱད་པར་དམ་པའི་ཕ་རོལ་ཏུ་སོན་པ་རྣམས་ལགས། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཐབས་ལ་མཁས་པས་ཡོངས་སུ་བསྔོ་བ་ཤེས་པ་དང་ལྡན་པ་རྣམས་ལགས། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཚུལ་གཅིག་པ་དང ། རོ་གཅིག་པ་དང ། འཇུག་པ་གཅིག་པ་དང ། བསྟན་པ་གཅིག་པ་ཤེས་པ་རྗེས་སུ་འཐོབ་པ་རྣམས་ལགས། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟབ་མོའི་ཚུལ་ཁྲིམས་ཅན་བག་མཆིས་པར་སྤྱོད་པ་དང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་རྣམས་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཟླ་བ། ལེགས་སོ་ལེགས་སོ། །ཟླ་བ། ཁྱོད་ཀྱིས་གོ་
211b
ཆ་ཆེན་པོ་བགོས་པ་རྣམས་དང ། འགྲོན་པ་ཕལ་པོ་ཆེ་སྒྲོལ་བར་འདོད་པ་རྣམས་དང ། ཆོས་ཀྱི་སྒྲོན་མ་ཆེན་པོ་སྤར་བར་འདོད་པ་རྣམས་དང ། ཆོས་ཀྱི་གྲུ་ཆེན་པོ་སྒྲོལ་བར་འདོད་པ་རྣམས་དང ། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བར་འདོད་པ་རྣམས་དང ། ཆོས་ཀྱི་རྔ་བོ་ཆེ་ཆེན་པོ་རྡུང་བར་འདོད་པ་རྣམས་དང ། ཆོས་ཀྱི་རྒྱལ་མཚན་ཆེན་པོ་སྒྲེང་བར་འདོད་པ་རྣམས་དང ། ཆོས་ཀྱི་ཏོག་ཆེན་པོ་གཟུང་བར་འདོད་པ་རྣམས་དང ། ཤེས་རབ་ཀྱི་སྣང་བ་ཆེན་པོ་བྱ་བར་འདོད་པ་རྣམས་དང ། ཡེ་ཤེས་ཆེན་པོའི་རྗེས་སུ་འགྲོ་བར་འདོད་པ་རྣམས་དང།་ཡེ་ཤེས་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་འདོད་པ་དེ་དག་དང ། དེ་ལྟ་བུར་ཡོན་ཏན་ཚད་མེད་པ་དང་ལྡན་པའི་སེམས་ཅན་དེ་དག་གི་དོན་དུ་དེ་བཞིན་གཤེགས་པ་ལ་ཞུ་བར་བྱེད་པ་ཁྱོད་ལེགས་སོ། །ལྷའི་བུ། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཚུལ་བཞིན་དུ་ཡིད་ལ་བྱོས་ཤིག་དང ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མངོན་པར་ཤེས་པ་ཆེན་པོ་དང ། ཡེ་ཤེས་ཀྱི་ཁྱད་པར་དམ་པའི་ཕ་རོལ་ཏུ་སོན་པ་ཡིན་པ་དང ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བསམ་གྱིས་མི་ཁྱབ་པའི་ཐབས་ལ་མཁས་པས་ཡོངས་སུ་བསྔོ་བ་ཤེས་པ་དང་ལྡན་པ་ཡིན་པ་དང ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཚུལ་གཅིག་པ་དང ། རོ་གཅིག་པ་དང །
212a
༄#། །འཇུག་པ་གཅིག་པ་དང ། བཤད་པ་གཅིག་པ་ཤེས་པ་རྗེས་སུ་འཐོབ་པ་ཡིན་པ་དང ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཟབ་མོའི་ཚུལ་ཁྲིམས་ཅན་བག་ཡོད་པར་སྦྱོར་བ་དང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ཡིན་པ་ངས་ཁྱོད་ལ་བསྟན་ཏོ། །བཅོམ་ལྡན་འདས། དེ་ལྟར་འཚལ་ལོ། །ཞེས་གསོལ་ཏེ། ལྷའི་བུ་ཟླ་བས་བཅོམ་ལྡན་འདས་ཀྱི་ལྟར་མཉན་པ་དང ། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། མངོན་པར་ཤེས་པ་ཆེན་པོ་དང ། ཡེ་ཤེས་ཀྱི་ཁྱད་པར་དམ་པའི་ཕ་རོལ་ཏུ་སོན་པ་ཡིན་ཏེ།་བཞི་གང་ཞེ་ན། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆོས་ཐམས་ཅད་ཤེས་པ་ལའང་མཁས་ལ་ཆོས་ཐམས་ཅད་ལའང་མངོན་པར་ཞེན་པ་མེད་དོ། །དེ་ནི། ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པར་རིག་པ་དང ། ཤེས་པ་དང ། ཐོབ་པ་དང ། མངོན་སུམ་དུ་གྱུར་པའང་ཡིན་ལ་ཆོས་ཐམས་ཅད་ཀྱང་ཆོས་ཉིད་དང་མཐུན་པར་སྦྱོར་ཏེ། ཆོས་ཀྱི་དབྱིངས་ལ་མ་གཏོགས་པར་ཆོས་གཞན་ཅིའང་ཡང་དག་པར་མི་མཐོང་ངོ ། །ལྷའི་བུ། དེ་ལ་ཆོས་ཐམས་ཅད་ཚུལ་གཅིག་པ་གང་ཞེ་ན། སྔོན་
212b
གྱི་མཐའ་ཐམས་ཅད་ཇི་ལྟར་སྟོང་པ་དེ་ཁོ་ན་བཞིན་དུ་ཕྱི་མའི་མཐའ་ཡང་སྟོང་ལ། ད་ལྟར་བྱུང་བ་གང་ཡིན་པ་དེའང་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་སྟེ། ལྷའི་བུ་དེ་ལྟར་ན་དུས་གསུམ་སྟོང་པ་ཉིད་ལ་རྣམ་པར་མི་རྟོག་པ་གང་ཡིན་པ་དེ་ནི། ཇི་ལྟ་བ་བཞིན་ཞེས་བྱའོ། །དེ་ལ་བྱེད་པ་དང ། ཤེས་པ་དང ། སྟོན་པ་དང ། འདོགས་པ་དང ། འགྲེལ་པ་དང ། རྣམ་པར་འབྱེད་པ་དང ། གསལ་བར་བྱེད་པ་དང ། འཚད་པ་འདི་ནི། མཁས་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་ཅེ་ན། ལྷའི་བུ། ཆོས་ཐམས་ཅད་ནི། བདག་ཉིད་ཀྱི་ཀུན་ནས་སློང་བས་ཀུན་ནས་བསླང་བ་སྟེ། དེས་ཆོས་ཐམས་ཅད་དྲན་པ་ཉེ་བར་བཞག་པས་ཀུན་ནས་བསླང་པར་རིག་ནས་བདག་ལ་མངོན་པར་ཞེན་པ་མེད་དོ། །དེ་བདག་ལ་མངོན་པར་ཞེན་པ་མེད་པས་ཆོས་གཞན་རྣམས་སློང་བར་མི་བྱེད་དོ། །ཆོས་གང་ཡང་མི་ཤེས་ཤིང་མ་བསླངས་པས་ན། དེ་ལ་མངོན་པར་ཞེན་པར་མི་ནུས་སོ། །དེ་མངོན་པར་ཞེན་པ་མེད་པས་ན་ཆོས་རྣམ་པར་གཞག་པར་ཡང་བྱེད་ལ་ཆོས་གང་ལའང་མངོན་པར་ཞེན་པར་མི་འགྱུར་རོ། །ལྷའི་བུ། དེ་ལ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ནམ་མཁས་དང་འདྲ་བར་ཤེས་ཤེ་ན། ལྷའི་བུ། ཁམས་གསུམ་པ་ནི། སེམས་ཙམ་དུ་ཟད་ལ་སེམས་དེའང་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། རྣམ་པར་
213a
༄#། །རིག་པར་བྱེད་པ་མ་ཡིན་པ། སྒྱུ་མ་ལྟ་བུ་སྟེ། སེམས་དེའང་སེམས་ཀྱི་ཆོས་ཉིད་ཀྱིས་ཡོངས་སུ་བཙལ་ཀྱང་མི་རྙེད་དོ། །སེམས་གང་གིས་སེམས་ཡོངས་སུ་བཙལ་བའི་སེམས་དེའང་མི་རྙེད་དོ། །དེ་སེམས་མི་དམིགས་པས་ཆོས་ཐམས་ཅད་མི་དམིགས་སོ། །ཆོས་ཐམས་ཅད་མི་དམིགས་པས་ཆོས་གང་ཡང་མཚན་མའམ་རྗེས་སུ་ཡང་དག་པར་མི་མཐོང་སྟེ། ཆོས་ཐམས་ཅད་ལ་ཆགས་པར་མི་འགྱུར་རོ། །ཆོས་ཐམས་ཅད་ཡོངས་སུ་མ་གྲུབ་པའི་ཕྱིར་ནམ་མཁའ་དང་འདྲ་བར་ཤེས་སོ། ། ལྷའི་བུ།་དཔེར་ན། ནམ་མཁའ་མ་སྐྱེས་ཤིང་ཡོངས་སུ་མ་གྲུབ་པ་དེ་བཞིན་དུ་དེས་ཆོས་ཐམས་ཅད་ཤེས་སོ། །ཇི་ལྟར་ནམ་མཁའ་ཞེས་བྱ་བ་དེའང་དབེན་པ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མིང་ཙམ་དུ་ཟང་དེ། དེ་དག་ཀྱང་དབེན་པའོ། །ཇི་ལྟར་བྱང་ཆུབ་སེམས་དཔས་ཆོས་ཉིད་དང་མཐུན་པར་སྦྱོར་ཞེ་ན། ལྷའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལ་སོ་སོར་ཡང་དག་པར་བསླབ་ན། ཆོས་འདི་དག་ཐམས་ཅད་གཅིག་གིས་གཅིག་མི་ཤེས་ཤིང་མི་མཐོང་སྟེ། མིག་གིས་ཀྱང་རྣ་བ་མི་ཤེས་ཤིང་མི་མཐོང་ལ། རྣ་བས་ཀྱང་མིག་མི་ཤེས་ཤིང་མི་མཐོང་ངོ ། །སྣས་ཀྱང་ལྕེ་མི་ཤེས་ཤིང་མི་མཐོང་ལ། ལྕེས་ཀྱང་སྣ་མི་ཤེས་ཤིང་མི་མཐོང་ངོ ། །ལུས་ཀྱིས་ཀྱང་
213b
ཡིད་མི་ཤེས་ཤིང་མི་མཐོང་ལ། ཡིད་ཀྱིས་ཀྱང་ལུས་མི་ཤེས་ཤིང་མི་མཐོང་ངོ ། །ཆོས་འདི་དག་ཐམས་ཅད་ནི། བེམ་པོ། སྤྱོད་པ་མེད་པ། བྱེད་པ་མེད་པའོ། །དེས་དེ་ཆོས་ཀྱི་དབྱིངས་དང་འདྲ་བར་ཤེས་ཏེ། དེ་ལྟ་བུའི་ཤེས་རབ་དང་ལྡན་པ་དེ་ནི། ཡུལ་དྲུག་ལས་ཆོས་གང་སྣང་བར་གྱུར་པ་ན། དེ་འདི་སྙམ་དུ་སེམས་ཏེ། འདི་ལ་ནི། གང་ཕྱི་རོལ་རིག་པར་བྱེད་པའི་ནང་གི་ཆོས་གང་ཡང་མེད་དོ། །འདི་ལ་ནི། གང་ནང་རིག་པར་བྱེད་པའི་ཕ་རོལ་གྱི་ཆོས་གང་ཡང་མེད་དོ་སྙམ་མོ། །དེས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བས་ཆོས་གང་གིའང་སྐྱེ་བའམ།་འགག་པའམ། གནས་པ་ཡང་དག་པར་མི་མཐོང་ངོ ། །ལྷའི་བུ། གང་ལ་སྐྱེ་བའང་མེད། འགག་པའང་མེད། གནས་པའང་མེད་པ་དེ་ནི། ཆོས་ཀྱི་དབྱིངས་སོ། །ལྷའི་བུ།་གཞན་ཡང་བྱང་ཆུབ་སེམས་དཔའ་ནི། འདི་སྙམ་དུ་སེམས་ཏེ། ཆོས་ཐམས་ཅད་ནི། གནས་པ་སྟེ། གཏན་དུ་མི་སྐྱེ་བར་གནས་པའི་ཕྱིར་རོ་སྙམ་མོ། །དེ་དེ་ལྟར་ཆོས་ཐམས་ཅད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པ་དང་ལྡན་པས་ན། ཆོས་ཉིད་ལ་མ་གཏོགས་པའི་ཆོས་གང་ཡང་མི་མཐོང་ལ། ཆོས་ཐམས་ཅད་ཀྱང་ཆོས་ཉིད་དང་མཐུན་པར་སྦྱོར་ཏེ། ལྷའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། མངོན་པར་ཤེས་པ་ཆེན་པོ་དང ། ཡེ་ཤེས་ཀྱི་ཁྱད་པར་དམ་པའི་ཕ་རོལ་ཏུ་སོན་པ་
214a
༄#། །ཡིན་ནོ། །ལྷའི་བུ། དེ་ལ་མངོན་པར་ཤེས་པ་གང་ཞེ་ན། ལྷའི་བུ། མངོན་པར་ཤེས་པ་ཞེས་བྱ་བ་ནི། ཆོས་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་པའི་ཤེས་པ་གང་ཡིན་པའོ། །ལྷའི་བུ། ཡེ་ཤེས་ཞེས་བྱ་བ་ནི། ཆོས་ཐམས་ཅད་ལ་གཉིས་སུ་མི་འབྱེད་པ་གང་ཡིན་པའོ། །ལྷའི་བུ། གཉིས་སུ་མེད་པ་ཞེས་བྱ་བ་ནི། གང་ལ་མིག་དང་གཟུགས་འདོགས་པར་མི་བྱེད། རྣ་བ་དང་སྒྲ་འདོགས་པར་མི་བྱེད། སྣ་དང་དྲི་འདོགས་པར་མི་བྱེད། ལྕེ་དང་རོ་འདོགས་པར་མི་བྱེད། ལུས་དང་རེག་བྱ་འདོགས་པར་མི་བྱེད། ཡིད་དང་ཆོས་འདོགས་པར་མི་བྱེད་པའོ། །བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་ནི། མངོན་པར་ཤེས་པ་ལྔ་ཐོབ་པར་འགྱུར་ཏེ། དེའང་བསམ་པ་ཇི་ལྟ་བ་བཞིན་དུ་སྨོན་ལམ་ཡོངས་སུ་རྫོགས་ནས་ཐོབ་པར་འགྱུར་རོ། །ལྷའི་བུ། བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་ནི། ལྷའི་མིག་གིས་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པ་དག་མཐོང་ངོ ། །སངས་རྒྱས་ཀྱི་ཞིང་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་དག་བཞུགས་བ་དེ་དག་ཀྱང་མཐོང་ངོ ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཆོས་བསྟན་པ་གང་དག་ཡིན་པ་དེ་དག་ཀྱང་ལྷའི་རྣ་བའི་ཁམས་ཀྱིས་ཐམས་ཅད་ཐོས་སོ། །སངས་རྒྱས་ཀྱི་ཞིང་
214b
དེ་དག་ན་སེམས་ཅན་རྣམས་ཀྱི་བསམ་པ་དང་སྤྱོད་པ་ཐ་མ་དང ། འབྲིང་དང ། རབ་དག་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་རབ་ཏུ་ཤེས་སོ། །སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་དུའང་སྐད་ཅིག་དེ་ལ་འགྲོའོ། །དེ་བདག་ཉིད་ཀྱི་སྔོན་གྱི་གནས་ཤེས་པ་མངོན་སུམ་དུ་བྱེད་པ་ལས་ཀྱང་བརྩམས་ནས་ཆོས་སྟོན་པར་བྱེད་དེ། ལྷའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་ནི། ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་ཡང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་བྱ་བས་ཉེ་བར་གནས་པ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་མྱུར་དུ་ཡོངས་སུ་རྫོགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཐབས་ཤེས་པ་ལ་མཁས་ཤིང་གསལ་བ་ནི། །མངོན་ཤེས་ཆེན་པོ་ཡོངས་སུ་རྫོགས་པར་བྱེད། །རྟག་ཏུ་ཆོས་ཀུན་ནམ་མཁའ་ལྟ་བུར་ཤེས། །དེ་ནི་ཟབ་མོའི་ཚུལ་ཁྲིམས་ལྡན་པ་ཡིན། །ཆོས་རྣམས་ཐམས་ཅད་ཇི་བཞིན་ཤེས་པ་ཡི། །མཁས་པ་མངོན་པར་ཞེན་པ་མི་བྱེད་དེ། །རྟག་ཏུ་ཆོས་ཀུན་ནམ་མཁའ་ལྟ་བུ་དང ། །རྟག་ཏུ་སྟོང་པའི་བདག་མེད་ཤེས་པ་ཡིན། །ཆོས་དང་ཆོས་ཀྱི་དབྱིངས་ལ་མཐུན་པར་སྦྱོར། །ཆོས་ཀྱི་དབྱིངས་ལ་མ་གཏོགས་མཐོང་བ་མེད། །གང་གིས་དེ་མཐོང་དེ་ཡང་ལྷག་པར་མཐོང ། །དེ་ལྟར་མངོན་པར་བརྩོན་
215a
༄#། །པས་མངོན་ཤེས་འཐོབ། །སྔོན་གྱི་ཆོས་རྣམས་ཇི་ལྟར་སྟོང་པ་བཞིན། །མ་འོངས་པ་རྣམས་དེ་བཞིན་སྟོང་པ་དང ། །དེས་ནི་ད་ལྟར་བྱུང་བའང་དེ་བཞིན་མཐོང ། །དེ་དག་སྔོན་ཆད་ཇི་བཞིན་བརྗོད་པ་ཡིན། །ཆོས་རྣམས་ཐམས་ཅད་རྟག་ཏུ་དུས་གསུམ་སྟོང ། །མཁས་པ་མི་རྟོག་རྣམ་པར་རྟོག་མི་བྱེད། །མི་རྟོག་རྣམ་པར་རྟོག་པར་མི་བྱེད་ན། །ཇི་བཞིན་མཐོང་བ་ལ་ནི་འཇིགས་པ་མེད། །དེ་ཉིད་ཤེས་ལྡན་མཁས་ལ་གསལ་བ་སྟེ། །ཆོས་ཀྱང་སྟོན་ལ་ཆོས་ཀྱི་འདུ་ཤེས་མེད། །རློམ་སེམས་མེད་པ་ལ་ནི་རྟེན་པའང་མེད། །རྟེན་པ་མེད་པ་ལ་ནི་གཡོ་བའང་མེད། །ཆོས་འདི་ཐམས་ཅད་བདག་ལས་བྱུང་བ་སྟེ། །དེ་ནི་བདག་མེད་རང་བཞིན་བདག་མེད་དེ། །ཆོས་འདི་ཐམས་ཅད་བདག་མེད་རྟོགས་ནས་ཀྱང ། །མཁས་པ་ཆོས་གཞན་ཀུན་ནས་སློང་མི་བྱེད། །མ་སྐྱེས་གང་ཡིན་དེ་ནི་འབྱུང་མི་འགྱུར། །དེ་ནི་དེ་ལ་མངོན་པར་ཞེན་པ་མེད། །རྣམ་པར་གཞག་པས་ཆོས་ཀུན་སྟོན་པར་བྱེད། །ཆོས་རྣམས་སྟོན་ཀྱང་བདག་ལ་སེམས་པ་མེད། །སྲིད་གསུམ་ཐམས་ཅད་སེམས་ལས་འགྲུབ་པར་འགྱུར། །སེམས་དེ་ཉིད་ཀྱང་རྟག་ཏུ་བསྟན་དུ་མེད། །གཟུགས་མེད་ལུང་དུ་མ་བསྟན་སྒྱུ་མ་འདྲ། །མཁས་པ་དེ་ནི་སེམས་ཀྱི་ཆོས་ཉིད་ཚོལ། །དེ་ནི་སེམས་ཀྱི་ཆོས་ཉིད་ཚོལ་བ་ན། །སེམས་དང་སེམས་ཀྱི་ཆོས་ཉིད་མཐོང་
215b
བ་མེད། །སེམས་དེ་སེམས་གང་གིས་ནི་ཚོལ་བྱེད་པ། །སེམས་དེ་ཡང་ནི་རང་བཞིན་མཐོང་བ་མེད། །དེ་ནི་ཆོས་རྣམས་ཀུན་གྱིས་མི་གོས་ཏེ། །དེ་ཡི་མཚན་མ་འདོད་ཆགས་འཇུག་པ་མེད། །དེ་ནི་ཆོས་ཀུན་མ་གྲུབ་ཤེས་ནས་ཀྱང ། །དེ་ཡིས་རྟག་ཏུ་ནམ་མཁའ་ལྟ་བུར་ཤེས། །ཇི་ལྟར་ནམ་མཁའ་སྐྱེས་པར་མ་གྱུར་པ། །དེ་བཞིན་དེ་ཡིས་ཆོས་རྣམས་ཐམས་ཅད་ཤེས། །སྙིང་པོ་མེད་པ་ནམ་མཁའ་མིང་གིས་བྱས། །ཆོས་རྣམས་སྟོང་པ་མིག་གིས་རྣམ་པར་བརྗོད། །ནམ་ཡང་རྣ་བས་མིག་ནི་མཐོང་བ་མེད། །རྣ་བ་ཡིས་ནི་ནམ་ཡང་མིག་མ་མཐོང ། །སྣས་ཀྱང་ལྕེ་མིན་ལྕེས་ཀྱང་སྣ་མ་ཡིན། །དེ་དག་གཅིག་ལ་གཅིག་ནི་མཐོང་བ་མེད། །ལུས་ཀྱིས་ནམ་ཡང་ཡིད་ནི་མཐོང་མི་འགྱུར། །ཡིད་ཀྱིས་ནམ་ཡང་ལུས་ནི་མཐོང་བ་མེད། །འདི་དག་ཕན་ཚུན་འདོགས་པར་མི་བྱེད་དེ། །དེ་ཕྱིར་འདི་དག་རྟག་ཏུ་དབེན་པ་ཡིན། །སྤྱོད་མེད་བྱེད་པ་མེད་པ་བེམ་པོ་སྟེ། །ཆོས་ཀྱི་དབྱིངས་ལ་རྟག་ཏུ་མཚུངས་ཤིང་མཉམ། །ནང་ཡང་ཕྱི་རོལ་དག་གིས་མི་ཤེས་ལ། །ཕྱི་རོལ་དག་ཀྱང་ནང་གིས་མི་ཤེས་སོ། །དེ་ཕྱིར་ཆོས་རྣམས་འདི་དག་རབ་ཤེས་པ། །རྟག་ཏུ་དེ་ཡི་ཤེས་པ་མཐའ་ཡང་ཡས། །ཕྱོགས་བཅུར་སངས་རྒྱས་བྱེ་བ་ཉན་ཐོས་བཅས། །མཐོང་དུ་ཟིན་ཀྱང་རྟོག་བར་མི་བྱེད་དོ། །ཤེས་རབ་མཐའ་ཡས་ཚུལ་ཁྲིམས་སར་དག་པ། །དེ་དག་ཆོས་རྣམས་སྟོན་པ་གང་ཡིན་པ། །ལེགས་པར་གསུངས་པ་དེ་དག་ཐམས་ཅད་ཐོས། །བཟུང་ནས་ཀྱང་ནི་ཡང་དག་
216a
༄#། །འཛིན་པར་བྱེད། །དེས་ནི་སེམས་ཅན་ཀུན་གྱི་སེམས་ཀྱང་ཤེས། །རྫུ་འཕྲུལ་གྱིས་ནི་ཞིང་རྣམས་བྱེ་བར་འགྲོ་།བསྐལ་པ་བྱེ་བ་བསམ་གྱིས་མི་ཁྱབ་པ། ། གངྒཱའི་བྱེ་སྙེད་སྔོན་གྱི་གནས་ཀྱང་དྲན། །དེ་ཕྱིར་མངོན་ཤེས་ལྔ་པོ་འདི་བསྒོམས་ན། །བདེ་གཤེགས་ཡེ་ཤེས་དང་ཡང་ཉེ་བར་འགྱུར། །མཁས་དེ་རྟག་ཏུ་སངས་རྒྱས་བྱེ་བས་གནས། བྱང་ཆུབ་མ་ཐོབ་པར་ཡང་དོན་བྱེད་འགྱུར། །གང་ཞིག་འདི་འདྲའི་ཆོས་བསྟན་ཐོས་ནས་ཀྱང ། །དགའ་བ་རྒྱ་ཆེན་གཙོ་བོ་སྐྱེ་འགྱུར་བ། །དེ་ལ་བདུད་ཀྱིས་ཚུགས་པར་མི་འགྱུར་ཏེ། ། མྱུར་དུ་བྱང་ཆུབ་མཆོག་ཏུ་རྫོགས་འཚང་རྒྱ། །ལྷའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། བསམ་གྱིས་མི་ཁྱབ་པའི་ཐབས་ཤེས་པ་ལ་མཁས་པ་ཡིན་པར་རིག་པར་བྱའོ། །བཞི་གང་ཞེ་ན། ལྷའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཐབས་ལ་མཁས་པ་ཡིན་ཏེ། དེ་ཇི་ལྟ་ཇི་ལྟར་བདག་ཉིད་སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་ཀྱིས་གནོད་པར་གྱུར་པར་མཐོང་བ་དེ་ལྟ་དེ་ལྟར་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཞི་བར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་སྟེ། དེས་སེམས་ཅན་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས་ལ་ངེས་པར་འདོགས་ལ་ཆོས་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས་ལ་ངེས་པར་འདོགས་སོ། །དེ་སེམས་
216b
ཅན་ཐམས་ཅད་ཀྱི་དུས་གསུམ་དུ་ཡང་དག་པར་བསྒྲུབས་པའི་བསོད་ནམས་ཐམས་ཅད་ཀྱི་ཕུང་པོ་ལའང་རྗེས་སུ་ཡི་རང་བར་བྱེད་ལ་སངས་རྒྱས་ཐམས་ཅད་ཀྱི་དུས་གསུམ་དུ་ཡང་དག་པར་བསྒྲུབས་པའི་བསོད་ནམས་ཀྱི་ཕུང་པོ་ལ་རྗེས་སུ་ཡི་རང་བར་བྱེད་དེ། དགེ་བའི་རྩ་བ་དེའང་སེམས་ཅན་དེ་དག་ཐམས་ཅད་ཉིད་ལ་འདོར་ཞིང་ཡོངས་སུ་གཏོང་བར་བྱེད་དེ། གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མི་བསྔོ་བའི་སེམས་བསྐྱེད་པའང་མེད་ལ་སེམས་ལ་མ་གཏོགས་པའི་བྱང་ཆུབ་ཀྱང་ཡང་དག་པར་མ་མཐོང་ངོ ། །བྱང་ཆུབ་ཀྱི་མཚན་ཉིད་གང་ཡིན་པ་སེམས་ཀྱི་མཚན་ཉིད་ཀྱང་དེ་ཡིན་པར་ཤེས་ནས་འདྲ་བར་བྱེད་དོ། །སེམས་དང་བྱང་ཆུབ་ལའང་མངོན་པར་ཞེན་པ་མེད་ལ་ཐབས་ཤེས་པས་དགེ་བའི་རྩ་བའང་རྣམ་པར་འཕེལ་བར་བྱེད་དོ། །དེས་ཆོས་ཀྱི་དབྱིངས་ཀྱང་རྣམ་པར་དག་པར་ཡང་དག་པར་མི་མཐོང་ལ། བསམ་གྱིས་མི་ཁྱབ་པའི་ཆོས་རྣམས་རྟོགས་པས་དགེ་བའི་རྩ་བ་ཡང་དག་པར་སྒྲུབ་པ་ལའང་ཆོག་མི་ཤེས་སོ། །སེམས་ཀྱི་ལས་དང ། དགེ་བའི་སེམས་ལའང་མཆོག་ཏུ་འཛིན་པ་མེད་དོ། །དེ་སྦྱིན་པའང་སྦྱིན་པར་བྱེད་ལ་དེ་ལའང་རྣམ་པར་མི་རྟོག་གོ་།ཚུལ་ཁྲིམས་ཀྱང་སྲུང་ལ་དེ་ལ་མཆོག་ཏུ་འཛིན་པའང་མེད་དོ། །བཟོད་པའང་སྒོམ་ལ་དེ་ལའང་མི་གནས་སོ། །བརྩོན་འགྲུས་ཀྱང་རྩོམ་ལ་དེ་ལའང་དབེན་པར་ཤེས་སོ། །བསམ་གཏན་ལའང་སྙོམས་པར་
217a
༄#། །འཇུག་ལ་དེ་ལའང་མི་རྟེན་ཏོ། །ཤེས་རབ་ལའང་སྤྱོད་ལ་དེ་ལའང་ཀུན་ཏུ་མི་སྤྱོད་དོ། །སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་ལ་དེའང་མི་དམིགས་པར་སྤྱོད་དོ། །ཞིང་ཡང་ཡོངས་སུ་དག་པར་བྱེད་ལ་ཕན་གདགས་པའི་ཚུལ་གྱིས་བྱེད་དོ། །ཡེ་ཤེས་ཀྱང་ཡོངས་སུ་ཚོལ་ལ་དེའང་ཡོངས་སུ་ཚོལ་བ་མེད་པའི་ཚུལ་གྱིས་བྱེད་དོ། །ཆོས་ཀྱང་སྟོན་ལ་དེའང་བརྗོད་དུ་མེད་པའི་ཚུལ་གྱིས་བྱེད་དེ། ལྷའི་བུ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དགེ་བའི་རྩ་བ་ཇི་ཙམ་དུ་ཆུང་བའང་ཚད་མེད་པར་བྱེད་དོ། །ལྷའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་དགེ་བའི་རྩ་བ་ཇི་ཙམ་དུ་ཆུང་བའང་ཚད་མེད་པར་བྱེད་ཅེ་ན། ལྷའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆོས་ཐམས་ཅད་ལ་ཚད་མེད་པའི་འདུ་ཤེས་སྐྱེད་པར་བྱེད་དེ། གང་ལ་མུར་ཐུག་པ་ཡོད་པ་དེ་ལྟ་བུའི་ཆོས་ནི། གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན།་ལྷའི་བུ། ཆོས་ཐམས་ཅད་ནི། སྟོང་པ་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པ་ཡིན་ལ་སྟོང་པ་གང་ཡིན་པ་དེ་ནི། ཚད་མེད་པའི་ཕྱིར་རོ། །ཚད་མེད་པར་བྱས་པའི་སེམས་ཀྱིས་ཆོས་ཀྱི་ཕྱིར་སྦྱིན་པ་ཇི་ཙམ་དུ་ཆུང་བའང་ཐབས་ལ་མཁས་པས་ཚད་མེད་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་དུ་བྱང་ཆུབ་ཀྱི་སེམས་དེ་ཡོངས་སུ་བསྔོ་བའི་བྱང་
217b
ཆུབ་དེ་ཚད་མེད་པའི་ཕྱིར་རོ། །དེས་ཚད་མེད་པའི་སྤྱོད་པས་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ཚད་མེད་པའི་ཆོས་ཉིད་རྟོགས་པར་འགྱུར་རོ། །ལྷའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་གྱི་སྤྱོད་པ་ལ་འཇུག་སྟེ། དེ་ཐབས་ལ་མཁས་པས་ཆོས་ཇི་ལྟ་བུ་ལ་མོས་པའི་སེམས་ཅན་རྣམས་ལ་དེ་ལྟ་བུའི་མོས་པས་གནས་ཏེ། སྦྱིན་པའམ། རབ་ཏུ་སྦྱིན་པའམ། ཆོས་བསྟན་པས་གནས་སོ། །ལྷའི་བུ། གཞན་ཡང་སྦྱིན་པ་བྱིན་པའི་སྒོ་ནས་དེའི་རང་བཞིན་དུ་གནས་ཏེ། ཚུལ་ཁྲིམས་ཀྱི་རང་བཞིན་དུ་མ་ཡིན། བཟོད་པའི་རང་བཞིན་དུ་མ་ཡིན། བརྩོན་འགྲུས་ཀྱི་རང་བཞིན་དུ་མ་ཡིན། བསམ་གཏན་གྱི་རང་བཞིན་དུ་མ་ཡིན། ཤེས་རབ་ཀྱི་རང་བཞིན་དུ་མ་ཡིན་མོད་ཀྱི།་འོན་ཀྱང་སྦྱིན་པའང་སྦྱིན་པར་བྱེད་ཅིང་ཚུལ་ཁྲིམས་ཀྱང་སྲུང་ལ་དེས་ཀྱང་རློམ་སེམས་སུ་མི་བྱེད་དོ། །ཚུལ་ཁྲིམས་དང་ལྡན་ཞིང་བཟོད་པའང་ཕུན་སུམ་ཚོགས་ལ། གཞན་དག་གིས་བྱས་པ་དང་མ་བྱས་པ་རྣམས་ཀྱང་བཟོད་དོ། །དཀར་པོའི་སྤྱོད་པ་ཐམས་ཅད་ལའང་བརྩོན་འགྲུས་རྩོམ་ལ་བསམ་གཏན་ལའང་བསམ་གཏན་བྱེད་ཅིང ། ཤེས་རབ་གྱིས་ལྷག་པར་མཐོང་བ་ལའང་མཁས་སོ། །ལྷའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་ཤེས་པ་ལ་མཁས་པ་ནི། ཉན་ཐོས་རྣམས་དང་ལྷན་ཅིག་འཁོད་ནའང་དེ་དག་ལ་འདོད་པར་ཡང་མི་
218a
༄#། །བྱེད་ལ་དེའི་སྙིང་པོ་གང་ཡིན་པ་དེས་ཀྱང་ཉེ་བར་འཚོ་བར་བྱེད་དོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ཐེག་པ་པ་དག་དང་ལྷན་ཅིག་འཁོད་ནའང་དེ་དག་ལ་འདོད་པར་ཡང་མི་བྱེད་ལ། དེའི་སྙིང་པོ་གང་ཡིན་པ་དེས་ཀྱང་ཉེ་བར་འཚོ་བར་བྱེད་དེ། ལྷའི་བུ། བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། བསམ་གྱིས་མི་ཁྱབ་པའི་ཐབས་ཤེས་པ་ལ་མཁས་པ་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །བདག་ཉིད་དང་ནི་གཞན་དག་གི་།གཉིས་ཀའི་སྡུག་བསྔལ་རབ་ཤེས་ནས། །བདག་གི་སྡུག་བསྔལ་ཞི་བྱེད་ཅིང ། །གཞན་གྱི་སྡུག་བསྔལ་ཀུན་ཞི་བྱེད། །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས། །སེམས་དེ་ལ་ནི་འདོགས་པར་བྱེད། །སེམས་ལ་ཆོས་རྣམས་ཐམས་ཅད་ཀྱང ། །དོན་གཅིག་ཏུ་ནི་འདོགས་པར་བྱེད། །སེམས་ཅན་ཀུན་གྱི་བསོད་ནམས་གང ། །དུས་གསུམ་གྱིས་ན་བསྡུས་རྣམས་དང ། །སངས་རྒྱས་ཀུན་གྱི་བསོད་ནམས་གང ། །དེ་དག་ཀུན་གྱི་རྗེས་ཡི་རང ། །དགེ་བ་དེ་དག་ཐམས་ཅད་ཀྱང ། །སེམས་ཅན་ཀུན་ལ་སྦྱིན་པར་བྱེད། །སངས་རྒྱས་ཀྱི་ནི་ཡེ་ཤེས་ཕྱིར། །ལྷག་པའི་བསམ་པས་འཇུག་པར་བྱེད། །སེམས་ནི་སྐྱེས་པ་ཐམས་ཅད་ཀྱང ། །བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ། །ཆོས་ཉིད་མ་གཏོགས་སེམས་གཞན་ནམ། །བྱང་ཆུབ་དག་ཀྱང་མཐོང་བ་མེད། །དེ་ནི་
218b
སེམས་དང་བྱང་ཆུབ་ཀྱང ། །རྣམ་པ་གཉིས་སུ་མི་མཐོང་སྟེ། །བྱང་ཆུབ་དེ་ཡི་མཚན་ཉིད་གང ། །སེམས་ཀྱང་དེ་ཡི་མཚན་ཉིད་ཡིན། །མཉམ་པ་ཉིད་ཀྱི་ཆོས་རྣམས་མཉམ། །དེ་ནི་གནས་པ་ཡོང་མེད་དེ། །མཛངས་པས་ཐབས་ལ་མཁས་པ་ནི། །དཀར་པོའི་ཆོས་ཀྱིས་རྒྱས་པར་འགྱུར། །དབྱིངས་དེ་ལ་ནི་འཕེལ་བ་མེད། །ཆོས་ཀྱི་དབྱིངས་ནི་བསམ་མི་ཁྱབ། །སངས་རྒྱས་ཆོས་རྣམས་ཚོལ་བ་ལ། །རྟག་ཏུ་ཆོག་པར་འཛིན་པ་མེད། །བདག་ནི་དཀར་པོས་རྒྱས་སོ་སྙམ། །དེ་ནི་སེམས་གྱིས་བསམ་མི་བྱེད། །དེ་ནི་གང་དུ་བསྔོ་བ་ཡི། །བྱང་ཆུབ་དེ་ལའང་མཆོག་མི་འཛིན། །སྦྱིན་པའི་མི་རྟོག་སྦྱིན་པར་བྱེད། །རློམ་སེམས་མེད་པར་ཚུལ་ཁྲིམས་སྲུང ། །རྟག་ཏུ་བཟོད་པ་སྒོམ་བྱེད་ལ། །སེམས་ཅན་ལ་ཡང་གནས་པ་མེད། །སེམས་དང་ལུས་ནི་དབེན་པ་ཡིས། །རྟག་ཏུ་བརྩོན་འགྲུས་རྩོམ་པར་བྱེད། །རྟེན་མེད་བསམ་གཏན་ཕུན་སུམ་ཚོགས། །ཤེས་རབ་ཀྱི་ནི་ཕ་རོལ་སོན། །སེམས་ཅན་རྣམས་ཀྱང་སྨིན་བྱེད་ལ། །དེ་ནི་དམིགས་པས་གནས་པ་མེད། །ཞིང་ཡང་ཡོངས་སུ་སྦྱོང་བྱེད་ལ། །ལྷག་པར་འཛིན་པའང་ཡོད་མ་ཡིན། །དེ་ནི་སངས་རྒྱས་ཡེ་ཤེས་ཚོལ། །ཡི་གེ་རྣམས་ལའང་ཆགས་པ་མེད། །དེ་ལྟར་སྤྱོད་པ་དེ་ལ་ནི། །བྱང་ཆུབ་རྙེད་པར་དཀའ་བ་མེད། །ཚད་མེད་བསམ་གྱིས་མི་ཁྱབ་པའི། །སྟོང་པ་ཉིད་དང་མཚན་མེད་དང ། །སྨོན་པ་མེད་ལ་མོས་ན་ནི། །དེ་ལ་ཚད་ཀྱང་མེད་པར་འགྱུར། །མོས་པ་ཇི་བཞིན་གཟུང་
219a
༄#། །ཕྱིར་སེམས་ཅན་ལ། །སྦྱིན་པ་སྤྱོད་ཀྱང་དེ་བཞིན་གནས་པ་མེད། །སྦྱིན་པའང་སྦྱིན་བྱེད་ཡང་ན་ལེན་པར་བྱེད། །དེ་དང་མཐུན་པར་ཆོས་ཀྱང་སྟོན་པར་བྱེད། །སྦྱིན་པ་བྱས་ཀྱང་དེ་ལ་ཆགས་པ་མེད། །ཚུལ་ཁྲིམས་མཆོག་མིན་བཟོད་ལ་ཆགས་པ་མེད། །བརྩོན་འགྲུས་མཆོག་མིན་བསམ་གཏན་ཆགས་པ་མེད། །ཤེས་རབ་ཡེ་ཤེས་ལ་ནི་སེར་སྣ་མེད། །སྦྱིན་པ་སྦྱིན་ཡང་དེ་ནི་ཚུལ་ཁྲིམས་སྤྱོད། །བཟོད་པ་སྒོམ་ཡང་རྟག་ཏུ་བརྩོན་འགྲུས་ལྡན། །བསམ་གཏན་གྱིས་ནི་རྟག་ཏུ་གནས་པ་མེད། །སྦྱིན་བྱེད་དེ་ནི་ཤེས་པས་ངེས་པར་འབྱུང ། །རང་སངས་རྒྱས་དང་ཉན་ཐོས་དེ་དག་དང ། །རྟག་ཏུ་གནས་ཀྱང་བྱང་ཆུབ་སེམས་དཔའ་ནི། །རྟག་ཏུ་སྙིང་པོ་ཅི་ཡོད་འཚོ་བྱེད་ཀྱང ། །འཇིགས་མེད་དེ་དག་ལ་ནི་འདོད་པ་མེད། །ཆོས་འདི་དག་གིས་གནས་པ་རྫོགས་པ་ཡི། །བྱང་ཆུབ་སེམས་དཔའ་སྨད་དུ་མེད་པ་རྣམས། །ཐབས་ཀྱིས་ཤེས་པ་བསམ་གྱིས་མི་ཁྱབ་སྟེ། །དེ་དག་སྦྱིན་པ་ཆུང་དུའང་མཐའ་ཡས་འགྱུར། །ལྷའི་བུ། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཆོས་ཐམས་ཅད་ཚུལ་གཅིག་པ་དང ། རོ་གཅིག་པ་དང ། འཇུག་པ་གཅིག་པ་དང ། བསྟན་པ་གཅིག་པར་རབ་ཏུ་ཤེས་སོ། །བཞི་གང་ཞེ་ན། ལྷའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་ནི། ཆོས་ཀྱི་དབྱིངས་མ་འདྲེས་པའི་ཤེས་པ་ལ་མཁས་པ་དང ། ཆོས་ཐམས་
219b
ཅད་སྟོང་པའི་རྗེས་སུ་འགྲོ་བ་དང ། ཆོས་གང་ལའང་སྒྲོ་འདོགས་པར་མི་བྱེད་དེ། བདག་ཏུ་སྒྲོ་འདོགས་པའམ། གཞན་དུ་སྒྲོ་འདོགས་པར་མི་བྱེད་པ་དང ། དབེན་པའི་ཚུལ་གྱིས་ཆོས་ཐམས་ཅད་ཁོང་དུ་ཆུད་པ་སྟེ། ལྷའི་བུ། བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། ཆོས་ཐམས་ཅད་ཚུལ་གཅིག་པ་དང ། རོ་གཅིག་པ་དང ། འཇུག་པ་གཅིག་པ་དང ། བསྟན་པ་གཅིག་པར་རབ་ཏུ་ཤེས་སོ། །དེས་དེ་ལྟར་ཤེས་པས་འཇིག་རྟེན་པ་དང ། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱིས་རྣམ་པ་གཉིས་སུ་མི་འཇུག་སྟེ། ཁ་ན་མ་ཐོ་བ་དང་བཅས་པ་དང ། ཁ་ན་མ་ཐོ་བ་མེད་པ་རྣམས་དང ། ཟག་པ་དང་བཅས་པ་དང ། ཟག་པ་མེད་པ་རྣམས་དང ། འདུས་བྱས་དང ། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་རྣམ་པ་གཉིས་སུ་མི་འཇུག་གོ་།དེས་ནི། ཆོས་གང་ལའང་མཆོག་གམ། ཐ་མར་ཡང་དག་པར་མི་མཐོང་ངོ ། །སོ་སོའི་སྐྱེ་བོའི་ཆོས་རྣམས་དང ། དགྲ་བཅོམ་པའི་ཆོས་རྣམས་ཐ་དད་པར་ཡང་དག་པར་མི་མཐོང་སྟེ། སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་ཉིད་དགྲ་བཅོམ་པའི་ཆོས་རྣམས་ཀྱི་རང་བཞིན་ཡིན་ནོ། །དབྲིར་ཡང་མེད་ལ་བསྣན་དུ་ཡང་མེད་དོ། །ཚུལ་གཅིག་པའང་ཤེས་ཏེ། འདི་ལྟ་སྟེ། དབེན་པའི་ཚུལ་ལོ། །ཆོས་ཐམས་ཅད་ཀྱི་རབ་ཏུ་དབྱེ་བའང་སྟོན་ལ་ཆོས་ཀྱི་དབྱིངས་ཆད་པར་ཡང་ཡང་དག་པར་མི་མཐོང་ངོ ། །བཟོད་པ་གཅིག་དང་ཡང་
220a
༄#། །ལྡན་ཏེ།་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་བཟོད་པའོ། །སྟོང་པ་ཉིད་དང་བཟོད་པའང་རྣམ་པ་གཉིས་སུ་མི་འབྱེད་དོ། །འཇུག་པ་གཅིག་གིས་ཆོས་ཐམས་ཅད་ལ་འཇུག་སྟེ།་འདི་ལྟ་སྟེ། མི་སྐྱེ་བའི་འཇུག་པས་སོ། །ལྷའི་བུ། བྱང་ཆུབ་སེམས་དཔའ་དེ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བ་ཡིན་ཏེ། དེ་འདི་སྙམ་དུ་བདག་ཉེ་བར་གྱུར་ཏམ། འོན་ཏེ་ཉེ་བར་མ་གྱུར་ཅིག་གུ་སྙམ་དུའང་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། དེས་ཚུལ་གཅིག་པ་ལས་སེམས་ཅན་རྣམས་ཀྱང་གཞན་ལ་བྱང་ཆུབ་ཀྱང་གཞན་པར་ཡང་དག་པར་མི་མཐོང་བའི་ཕྱིར་རོ། །གཞན་ཡང་འདི་ལ་སེམས་ཅན་མི་དམིགས་པ་གང་ཡིན་པ་དེ་ཉིད་བྱང་ཆུབ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཐུགས་སུ་ཆུད་ནས་ཡང་རྒྱས་པར་དཔྱད་དེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཆོས་ཀྱི་དབྱིངས་ནི་འབྱེད་པར་མི་བྱེད་དེ། །ཆོས་ཀྱི་དབྱིངས་ལ་ཡང་དག་དམིགས་པ་མེད། །ཆོས་དབྱིངས་ཇི་བཞིན་ཆོས་ཀུན་དེ་དང་འདྲ། །འཛིན་པ་མེད་ཅིང་རྫས་ཀྱང་ཅི་ཡང་མེད། །ཆོས་ཀུན་སྟོང་པ་ཉིད་ཀྱི་རྗེས་སུ་འགྲོ། །ནང་དང་ཕྱི་རོལ་འདུས་བྱས་གང་ཡིན་པའི། །ཆོས་ཀུན་ཡ་མ་བྲལ་སྟེ་བྱེད་པ་མེད། །ཆོས་རྣམས་ཐམས་ཅད་ཚུལ་གཅིག་ཡིན་པར་ཤེས། །ཆོས་རྣམས་གང་ལའང་སྒྲོ་ནི་འདོགས་མི་བྱེད། །བདག་གམ་གཞན་ལའང་རྟེན་
220b
པར་མི་བྱེད་དེ། །བདག་དང་བདག་གི་སྙམ་པ་བསལ་བྱས་པ། །དེ་ལ་ནམ་ཡང་ཐ་དད་དབྱེ་བ་མེད། །དབེན་པ་སྤྱོད་ཅིང་རབ་ཏུ་དབེན་ལ་གུས། །ཆོས་ཀུན་སྟོང་པ་ཉིད་དུ་ལྟ་བར་བྱེད། །དེ་ནི་ཆོས་རྣམས་ཀུན་ལ་ལྟ་བ་ན། །དབེན་པ་ལ་ཡང་རྟོག་པར་མི་བྱེད་དོ། །འཇིག་རྟེན་འཇིག་རྟེན་འདས་པའི་ཆོས་བསྟན་ལ། །དེ་ནི་ཤས་ཆེར་གཉིས་སུ་མི་འཇུག་སྟེ། །ཁ་ན་མ་ཐོ་ཁ་ན་མ་ཐོ་མེད། ། ཟག་བཅས་ཟག་མེད་ཆོས་ལ་དེ་མི་རློམ། །འདུས་བྱས་རྣམས་དང་འདུས་མ་བྱས་རྣམས་ལ། །གཉིས་སུ་མི་འབྱེད་རྟག་ཏུ་གཅིག་པར་ལྟ། །སོ་སོའི་སྐྱེ་བོའམ་དགྲ་བཅོམ་གང་ཡིན་པ། ། ཕན་གདགས་འོས་སུ་གྱུར་པའི་ཆོས་མ་མཐོང ། །སོ་སོའི་སྐྱེ་བོའི་རང་བཞིན་གང་བསྟན་པ། །དེ་དག་ཉིད་ནི་དགྲ་བཅོམ་ཆོས་རྣམས་ཡིན། །དབྲིར་ཡང་མེད་ལ་བསྣན་དུའང་ཅི་ཡང་མེད། ། དབེན་པའི་སྒོ་ནས་ཚུལ་གཅིག་ཁོང་དུ་ཚུད། །དེ་ནི་ཆོས་ཀུན་རབ་དབྱེ་ཤེས་མོད་ཀྱི། །ཆོས་ཀྱི་དབྱིངས་ལ་འབྱེད་པར་ཡོང་མི་བྱེད། །ཆོས་འདི་ཐམས་ཅད་སྟོང་པ་མ་གཏོགས་པ། །བཟོད་པའང་གཞན་ལ་འདོད་པའང་གཞན་མ་ཡིན། །སྟོང་པ་ཉིད་ལ་མི་རློམ་སོམ་ཉི་མེད། །འདི་དག་སྐྱེ་མེད་རང་བཞིན་འབྱུང་བ་མེད། །དེས་ནི་འཇུག་པ་གཅིག་པར་ཐམས་ཅད་ཤེས། །དེ་ལྟར་སྤྱོད་པ་དེ་ལ་བྱང་ཆུབ་སླ། །བྱང་ཆུབ་མཚུངས་མེད་ལ་ནི་ཉེ་བར་གྱུར། །བདག་དང་བྱང་ཆུབ་ལ་ཡང་སེམས་དཔའ་མེད། །ཆོས་རྣམས་འདི་དག་ཐམས་ཅད་བདག་ནི་དམིགས། །དེས་ནི་དམིགས་
221a
༄#། །སུ་མེད་པར་བྱང་ཆུབ་རྟོགས། །ལྷའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། ཟབ་མོའི་ཚུལ་ཁྲིམས་ཅན་བག་ཡོད་པར་གནས་པ་ཞེས་བྱའོ། །བཞི་གང་ཞེ་ན། ལྷའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། འདི་སྙམ་དུ་སེམས་ཏེ། ཚུལ་ཁྲིམས་ཞེས་བྱ་བ་འདི་གང་ཡིན་སྙམ་མོ། །དེ་དེ་ལྟར་ཚུལ་བཞིན་དུ་སོ་སོར་རྟོག་པ་ན་འདི་སྙམ་དུ་སེམས་ཏེ། ལུས་ཀྱིས་ལེགས་པར་སྤྱོད་པ་དང ། ངག་གིས་ལེགས་པར་སྤྱོད་པ་དང ། ཡིད་ཀྱིས་ལེགས་པར་སྤྱོད་པ་གང་ཡིན་པ་དེ་ནི། ཚུལ་ཁྲིམས་ཞེས་བྱ་བ་ཡིན་ནོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། དེ་ལ་ལུས་ཀྱིས་ལེགས་པར་སྤྱོད་པ་གང་ཞེ་ན། ལུས་ཀྱིས་སྲོག་གཅོད་པའམ། མ་བྱིན་པར་ལེན་པའམ། འདོད་པ་ལ་ལོག་པར་གཡེམ་པའི་ལས་མ་བྱས་པ་གང་ཡིན་པ་དེ་ནི། ལུས་ཀྱིས་ལེགས་པར་སྤྱོད་པ་ཡིན་ནོ། །དེ་ལ་ངག་གིས་ལེགས་པར་སྤྱོད་པ་གང་ཞེ་ན། ངག་གིས་རྫུན་དུ་སྨྲ་བའམ། ཕྲ་མའམ། ངག་རྩུབ་པོའམ། ཚིག་ཀྱལ་པའི་ལས་མ་བྱས་པ་གང་ཡིན་པ་དེ་ནི། ངག་གིས་ལེགས་པར་སྤྱོད་པ་ཡིན་ནོ། །དེ་ལ་ཡིད་ཀྱིས་ལེགས་པར་སྤྱོད་པ་གང་ཞེ་ན། ཡིད་ཀྱིས་བརྣབ་སེམས་སམ། གནོད་སེམས་སམ། ལོག་པར་ལྟ་བའི་ལས་མ་བྱས་པ་གང་ཡིན་པ་དེ་ནི། ཡིད་ཀྱིས་ལེགས་པར་སྤྱོད་པ་ཡིན་ནོ་སྙམ་
221b
མོ། །དེ་དེ་ལྟར་ཚུལ་བཞིན་དུ་སོ་སོར་རྟོག་པ་ན་དེ་འདི་སྙམ་དུ་སེམས་ཏེ། ལུས་སམ། ངག་གམ། ཡིད་ཀྱི་ལས་བྱས་པ་གང་ཡིན་པ་དེ་ནི། སྔོན་པོ་ཞེས་བྱ་བའམ། སེར་པོ་ཞེས་བྱ་བའམ། དམར་པོ་ཞེས་བྱ་བའམ། དཀར་པོ་ཞེས་བྱ་བའམ། བཙོད་ཀའམ། ཤེལ་གྱི་ཁ་དོག་ལྟ་བུ་ཞེས་བྱ་བར་གདགས་པར་མི་ནུས་ལ། དེ་ནི། མིག་གིས་རྣམ་པར་ཤེས་པར་བྱ་བའམ། རྣ་བས་རྣམ་པར་ཤེས་པར་བྱ་བའམ། རྣས་རྣམ་པར་ཤེས་པར་བྱ་བའམ། ལྕེས་རྣམ་པར་ཤེས་པར་བྱ་བའམ། ལུས་ཀྱིས་རྣམ་པར་ཤེས་པར་བྱ་བའམ། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི། མ་སྐྱེས་པ་དང ། མ་བསྐྱེད་པ་དང ། མ་བསྐྲུན་པ་དང ། མ་བཀག་པའི་ཕྱིར་རོ། །གང་མ་སྐྱེས་པ་དང ། མ་བསྐྱེད་པ་དང ། མ་བསྐྲུན་པ་དང ། མ་བཀག་པ་དེ་ནི། ཆོས་གང་གིས་ཀྱང་རྣམ་པར་ཤེས་པར་བྱ་བ་མ་ཡིན་པའི་ཕྱིར་རོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། གང་འདུས་མ་བྱས་པ་དེ་ནི། ཚུལ་ཁྲིམས་ཡིན་ཏེ། དེ་ལ་ནི། གདགས་པ་ཅིའང་མེད་དོ། །གང་གདགས་སུ་མེད་པ་དེ་ལ་ནི། བདག་གིས་ཀྱང་མངོན་པར་ཞེན་པར་བྱར་མེད་དོ་སྙམ་སྟེ། དེ་དེ་ལྟར་སྤྱོད་པ་ནི། ཚུལ་ཁྲིམས་དེ་ཡང་དག་པར་མི་མཐོང་ངོ ། །གང་དུ་ཚུལ་ཁྲིམས་དེ་ཡོངས་སུ་བསྔོས་པ་དེ་ཡང་དག་པར་མ་མཐོང་སྟེ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་ཟབ་མོའི་ཚུལ་ཁྲིམས་ཅན་
222a
༄#། །ཞེས་བྱའོ། །ལྷའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པའི་ཤེས་པ་དང་ལྡན་པ་ཡིན་ཏེ། ལྟ་བ་གང་གིས་ཚུལ་ཁྲིམས་དང་ལྡན་པའམ། ཚུལ་ཁྲིམས་འཆལ་པ་ཞེས་སྤྲོས་པར་འགྱུར་བའི་འཇིག་ཚོགས་ལ་ལྟ་བ་སློང་བར་མི་བྱེད་དོ། །ལྷའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཟབ་མོའི་ཚུལ་ལ་ཞུགས་པ་ཡིན་ཏེ། དེ་ནི། ལུས་དང ། ངག་གི་སྤྱོད་པ་དང ། སྤྱོད་ཡུལ་ཤེས་པ་བཞིན་དུ་སྤྱོད་པས་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱའོ། །དེའང་བདག་ལ་དམིགས་པ་དང ། གཞན་ལ་དམིགས་པར་སྤྱོད་པར་མི་བྱེད་དེ། དེས་ན་ཟབ་མོའི་ཚུལ་ཁྲིམས་ཅན་ཞེས་བྱའོ། །ལྷའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཚུལ་ཁྲིམས་མ་ཉམས་པ་དང ། ཚུལ་ཁྲིམས་མ་ཞིག་པ་ཡིན་ནོ། །ལྷའི་བུ། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་མ་ཉམས་པ་དང ། ཚུལ་ཁྲིམས་མ་ཞིག་པ་ཡིན་ཞེ་ན། ལྷའི་བུ། བདག་ལ་དམིགས་པ་ནི། ཚུལ་ཁྲིམས་ལ་དམིགས་པར་འགྱུར་རོ། །ལྷའི་བུ། གང་དག་བདག་ལ་མི་དམིགས་པ་དེ་ནི། ཚུལ་ཁྲིམས་ལ་མི་དམིགས་སོ། །གང་ཚུལ་ཁྲིམས་ལ་མི་དམིགས་པ་དེ་ནི། ཚུལ་ཁྲིམས་ཉམས་པར་མི་བྱེད་ཅིང ། དེ་ནི། ཚུལ་ཁྲིམས་འཇིག་
222b
བར་མི་བྱེད་དོ། །ཅིའི་ཕྱིར་ཉམས་པར་མི་བྱེད། འཇིག་པར་མི་བྱེད་ཅེ་ན། དེ་ནི། གཞན་ལས་ཆོས་ཐམས་ཅད་ཤེས་པ་ཡིན་ཏེ། གང་གཞན་ལས་འགྱུར་བ་དེ་ལ་ནི། བདག་ཀྱང་མེད། བདག་གི་བའང་མེད་དོ། །གང་ལ་བདག་མེད་པ་དེ་ལ་ནི། འཇིག་པར་འགྱུར་བ་ཅིའང་མེད་དེ། ལྷའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། ཟབ་མོའི་ཚུལ་ཁྲིམས་ཅན་བག་ཡོད་པར་གནས་པ་ཞེས་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ལུས་དག་ངག་དག་ཡིད་ཀྱང་དག་པ་གང ། །དེ་ནི་རྟག་ཏུ་དག་པར་སྤྱོད་པ་སྟེ། །རྟག་ཏུ་ལེགས་པར་བསྡམས་ཤིང་གནས་པ་དེ། །བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ལྡན་ཞེས་བྱ། །ལས་ལམ་བཅུ་པོ་རབ་དགེ་འདི་དག་རྣམས། །བྱང་ཆུབ་སེམས་དཔའ་མཁས་པ་གང་སྲུང་ཞིང ། །ལུས་དང་ངག་དང་ཡིད་ཀྱིས་གང་བྱས་པ། །དེ་ནི་མཁས་རྣམས་ཚུལ་ཁྲིམས་ཡིན་ཞེས་བརྗོད། །མ་བྱས་མ་བསྐྱེད་མ་སྐྱེས་གང་ཡིན་པ། །དེ་ལ་བསྔགས་པ་མེད་ཅིང་གནས་པའང་མེད། །གང་ལ་བསྔགས་པ་མེད་ཅིང་གནས་པའང་མེད། །དེ་ལ་ནམ་ཡང་གདགས་པ་རྙེད་མི་འགྱུར། །རྟག་ཏུ་ཚུལ་ཁྲིམས་མ་ཉམས་མ་ཞིག་གང ། །དེ་ནི་མིག་གིས་ཤེས་པར་མི་ནུས་ལ། །རྣ་བས་མི་ཤེས་སྣ་དང་ལྕེས་མ་ཡིན། །ལུས་དང་ཡིད་ཀྱིས་རྣམ་པར་མི་ཤེས་སོ། །དབང་པོ་དྲུག་གིས་མི་ཤེས་གང་
223a
༄#། །ཡིན་པ། །དེ་ལ་གནས་པར་བྱ་བར་མི་ནུས་ཏེ། །དེ་ཉིད་ཚུལ་ཁྲིམས་ཡོངས་སུ་དག་པར་མཐོང ། །ནམ་ཡང་ཚུལ་ཁྲིམས་དམིགས་ཏེ་གནས་པ་མེད། །དེ་ནི་ཚུལ་ཁྲིམས་ཙམ་དེས་རློམ་པ་མེད། །དེ་ནི་བདག་ཏུ་འདུ་ཤེས་ཁྲིམས་མི་སྲུང ། །ཚུལ་ཁྲིམས་སྲུང་ཡང་ཚུལ་ཁྲིམས་འདུ་ཤེས་མེད། །དྲན་ལྡན་ཟབ་མོའི་ཚུལ་ཁྲིམས་ལྡན་པ་ཡིན། །འཇིག་ཚོགས་ལྟ་བ་རྣམས་པར་གསལ་བྱས་པ། །དེ་ལ་ལྟར་བྱས་པས་འབྱུང་མི་འགྱུར། །གང་ལ་ལྟ་མེད་ལྟ་བའི་གནས་མེད་པ། །དེ་ནི་ཚུལ་ཁྲིམས་ཚུལ་ཁྲིམས་འཆལ་མི་རློམ། །ཟབ་མོའི་ཆོས་ཀྱི་ཚུལ་ལ་ཞུགས་པ་སྟེ། །དེ་ཡི་ཆོ་ག་བརྟགས་པ་མ་ཡིན་ལ། ཤིན་ཏུ་ཤེས་བཞིན་ལྡན་ཞིང་ལེགས་པར་གསུངས། །ཚུལ་ཁྲིམས་སྒོ་ནས་གཞན་གྱིས་བརྙས་མི་འགྱུར། ། བདག་ཏུ་དམིགས་པས་ཚུལ་ཁྲིམས་དམིགས་པར་འགྱུར། །གང་ལ་བདག་མང་དེ་ལ་ཚུལ་ཁྲིམས་མེད། བདག་གམ་ཡང་ཚུལ་ཁྲིམས་རློམ་པ་དེ། །མཐའ་ཞེས་བྱ་སྟེ་གཉིས་ཀ་འཇིགས་མ་ཡིན། །བདག་མེད་སྨྲ་བ་ཚུལ་ཁྲིམས་རློམ་པ་མེད། །བདག་མེད་སྨྲ་བ་ཚུལ་ཁྲིམས་རྟེན་པ་མེད། །བདག་མེད་སྨྲ་ལ་ཚུལ་ཁྲིམས་རློམ་པ་མེད། །བདག་མེད་སྨྲ་ལ་ཚུལ་ཁྲིམས་སེམས་པ་མེད། །ཚུལ་ཁྲིམས་མ་ཉམས་ཚུལ་ཁྲིམས་མ་རྨོངས་པ། །བདག་ནི་ཚུལ་ཁྲིམས་ལྡན་ཞེས་བདག་མི་རློམ་།གང་ལ་བདག་དང་ཚུལ་ཁྲིམས་འདུ་ཤེས་
223b
མེད། །དེ་འདྲ་འདི་ནི་ཟབ་པ་ཞེས་ཀྱང་བརྗོད། །གང་གི་ཚུལ་ཁྲིམས་དེ་འདྲར་འཇིགས་མེད་པ། །དེ་ལ་ནམ་ཡང་འཆལ་པའི་ཁྲིམས་མི་འབྱུང ། །ཆོས་ཀུན་དམིགས་སུ་མེད་པ་གང་ཡིན་པ། །དེ་འདྲའི་ཚུལ་ཁྲིམས་འཕགས་པ་རྣམས་ཀྱིས་བསྔགས། །བྱིས་པ་གང་དག་བདག་ཏུ་ལྟ་ལ་གནས། །ཚུལ་ཁྲིམས་སྲུང་ཞིང་བདག་ནི་ཁྲིམས་ལྡན་སྙམ། །ཚུལ་ཁྲིམས་བདེ་བ་མ་ལུས་ཟད་གྱུར་ནས། །དེ་དག་ངན་འགྲོ་གསུམ་ལས་ཐར་མི་འགྱུར། །གང་དག་བདག་ཏུ་ལྟ་བ་མཐའ་དག་བསལ། །དེ་དག་འདིར་ནི་བདག་དང་བདག་གི་མེད། །བདག་ཏུ་ལྟ་མེད་གང་དེ་ཚུལ་ཁྲིམས་ལྡན། །དེ་ལ་ཕྱིན་ཆད་ལོག་པར་ལྟུང་འཇིགས་མེད། །གང་ཞིག་ཚུལ་ཁྲིམས་རྣམ་པ་འདི་འདྲར་ཤེས། །དེ་ལ་འཆལ་པའི་ཚུལ་ཁྲིམས་ལྟ་མི་ནུས། །བདག་དང་དེ་བཞིན་རྣམ་གསུམ་མི་མཐོང་ན། །ཚུལ་ཁྲིམས་ཚུལ་ཁྲིམས་འཆལ་ལྟ་ཅི་ཞིག་སྨོས། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ཇི་ཙམ་དུ་ཟབ་པ་ནི། ངོ་མཚར་ལགས་སོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་མི་གནས་པ་དང ། ལེན་པ་མ་མཆིས་པས་ཆོས་ཇི་ལྟ་བ་བཞིན་དུ་གནས་ལ། རྣམ་པར་རྟོག་པ་ཐམས་ཅད་ཀྱི་ཡང་དག་པར་ཆད་པ་དང ། བདག་ཏུ་འདུ་
224a
༄#། །ཤེས་པ་དང་བྲལ་བ་དང ། བསྐལ་པ་གྲངས་མ་མཆིས་པར་ཡང་སྤྱོད་པ་དང ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་མ་རྫོགས་ཀྱི་བར་དུ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་ལ་བར་མ་དོར་རྣམ་པར་བྱང་བར་ཡང་མི་འགྱུར་བའང་ངོ་མཚར་ཆེ་ལགས་སོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དུ་དང་ལྡན་ན། ཆོས་ཟབ་མོ་རྣམས་ལའང་སྤྱོད་ལ། ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བགྱིད་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། ཆོས་ཟབ་མོ་རྣམས་ལའང་སྤྱོད་ལ། ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བྱེད་དོ། །བཞི་གང་ཞེ་ན། ལྷའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་བསྒྲུབ་པའི་ཕྱིར་དམ་བཅས་པ་ལ་བརྟེན་པས་སྙིང་པོ་ལ་གནས་པ་དང ། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བར་གནས་པའི་ཕྱིར་ཞུམ་པ་མེད་པའི་བརྩོན་འགྲུས་དང་ལྡན་པ་དང་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པ་ལ་ཞུགས་པའི་ཕྱིར་སྙིང་རྗེ་ཆེན་པོ་དང་ལྡན་པ་དང ། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྔོ་བ་ལ་མཁས་པའི་ཕྱིར་ཐབས་ལ་མཁས་
224b
པ་སྟེ།་ལྷའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། ཆོས་ཟབ་མོ་རྣམས་ལའང་སྤྱོད་ལ། བར་མ་དོར་ཡང་དག་པའི་མཐའ་མངོན་སུམ་དུའང་མི་བྱེད་དོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །མཁས་པ་རྟག་ཏུ་ཡི་དམ་བཅས་ལ་བརྟེན། །སྔོན་ཆད་ཡི་དམ་བཅས་པ་སྤོང་མི་བྱེད། །དཔའ་བོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཕྱིར། །ཐེག་པ་གཞན་ལ་འདོད་པ་སྐྱེད་མི་བྱེད། །རྟག་ཏུ་བག་དང་ལྡན་ཞིང་བརྩོན་འགྲུས་རྩོམ། །ཞུམ་པ་མེད་པའི་སེམས་ཀྱིས་རྟག་ཏུ་སྤྱོད། །དེ་ཡིས་སེམས་ཅན་གང་ཡང་བཏང་བ་མེད། །དེ་ཡི་སེམས་ནི་སེམས་ཅན་ཀུན་ལ་སྙོམས། །འཇིག་རྟེན་འདི་དག་ཀུན་ཏུ་སྙིང་རྗེ་བས། །སྡུག་བསྔལ་བཟོད་ཅིང་སེམས་ཀྱང་ཞུམ་པ་མེད། །ཅི་ནས་སངས་རྒྱས་གདུང་ནི་མི་འཆད་པ། །དེ་ཕྱིར་དཀོན་མཆོག་མང་པོ་འབྱུང་བར་བྱེད། །མཁས་རྣམས་ཐབས་ཤེས་པ་ལ་ལེགས་པར་བསླབས། །ལེ་ལོ་མེད་པར་དགེ་བ་ཡོངས་སུ་བསྔོ། །འཁོར་བའི་ཆུ་བོ་ལ་ནི་ཕན་ཕྱིར་བརྩོན། །བར་མ་དོར་ནི་ཟག་རྣམས་ཟད་མི་བྱེད། །བྱང་ཆུབ་སེམས་དཔའ་འཇིགས་མེད་གང་དག་གིས། །ཆོས་རྣམས་འདི་དག་ལེགས་པར་བསྡུས་པར་གྱུར། །དེ་དག་ཟབ་མོའི་ཆོས་རྣམས་སྤྱོད་པ་སྟེ། །ནམ་ཡང་ཡང་དག་མཐའ་ལ་རེག་མི་འགྱུར། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་འདི་སྐད་ཅེས་
225a
༄#། །གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟབ་མོ་ལ་སྤྱོད་པ་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སོ་སོའི་སྐྱེ་བོའི་ཆོས་བསྟན་པའི་ཕྱིར་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྒྲུབ་པའང་ཡོངས་སུ་ཚོལ་བར་མི་བྱེད་ལ། སོ་སོའི་སྐྱེ་བོའི་ཆོས་རྣམས་གསལ་བར་ཡང་མི་བྱེད། སངས་རྒྱས་ཀྱི་ཆོས་ཀྱང་རྣམ་པར་དག་པར་མི་མཐོང་སྟེ། སོ་སོའི་སྐྱེ་བོའི་ཆོས་མ་གཏོགས་པར་སངས་རྒྱས་ཀྱི་ཆོས་འཐོབ་པ་ཡོངས་སུ་མི་ཚོལ་ལོ། །སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་གཞན་ལ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་གཞན་ནོ། །ཞེས་དེ་ལྟར་མི་སྤྱོད་དེ། །སོ་སོའི་སྐྱེ་བོའི་ཆོས་རྣམས་ནི། ཆུང་ལ། སངས་རྒྱས་ཀྱི་ཆོས་རྣམས་ནི། རྒྱ་ཆེའོ། །ཞེས་དེ་ལྟར་མི་སྤྱོད་དོ། །སོ་སོའི་སྐྱེ་བོའི་ཆོས་རྣམས་ནི། ཟག་པ་དང་བཅས་པ་ཡིན་ལ། སངས་རྒྱས་ཀྱི་ཆོས་རྣམས་ནི། ཟག་པ་མེད་པའོ། །ཞེས་དེ་ལྟར་མི་སྤྱོད་དོ། །གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། སོ་སོའི་སྐྱེ་བོའི་ཆོས་གང་དག་ཡིན་པ་རྣམས་དང ། སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་རྣམས་ནི། ཤེས་པའམ། མཐོང་བའམ། ཉེ་བར་བརྟག་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི། སྟོང་པ་ཡིན་ལ། སྟོང་པ་ཉིད་ལ་ནི། ཤེས་
225b
པའམ།་མཐོང་བའམ། ཉེ་བར་རྟོག་པ་མེད་དེ། འདི་ལྟ་སྟེ། རང་བཞིན་གྱིས་བེམ་པོ་ཡིན་པའི་ཕྱིར་རོ་སྙམ་མོ། །ལྷའི་བུ། འདི་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་དང ། ཆོས་ཀྱི་ངོ་བོ་ཉིད་དང ། ཆོས་གནས་པ་ཉིད་དང ། ཆོས་ཇི་ལྟ་བ་བཞིན་པ་གང་ཡིན་པ་དེ་ལ་ནི། གཉིས་པོ་གང་གིས་སོ་སོའི་སྐྱེ་བོ་ཞེས་བྱ་བའམ། ཉན་ཐོས་ཞེས་བྱ་བའམ། རང་སངས་རྒྱས་ཞེས་བྱ་བའམ། ཡང་དག་པར་རྫོགས་པར་སངས་རྒྱས་ཞེས་བྱ་བར་གཉིས་སུ་དབྱེ་བའི་གཉིས་པ་ཅིའང་མེད་དོ། །ལྷའི་བུ། ཟབ་མོ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི། གང་སངས་རྒྱས་ཀྱི་ཆོས་མ་ཡིན་པ་དེ་ལྟ་བུའི་ཆོས་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ། ཆོས་རྣམས་ཀྱི་ཆོས་སྨྲ་བར་བྱ་བ་གང་ཡིན་པ་དེ་ནི། སྨྲར་མེད་པ་གང་ཡིན་པ་དེ་ནི། བརྗོད་དུ་མེད་པའོ། །བརྗོད་དུ་མེད་པ་གང་ཡིན་པ་དེ་ལ་ནི། ཡོད་པ་མེད་དོ། གང་ལ་ཡོད་པ་མེད་པ་དེ་ལ་ནི། འབྱུང་བ་མེད་དོ། །གང་ལ་འབྱུང་བ་མེད་པ་དེ་ལ་ནི། དངོས་པོའི་རྣམ་པར་རིག་པར་མེད་དོ། །ལྷའི་བུ། ཆོས་ཐམས་ཅད་ནི། དངོས་པོ་མེད་པའང་ཡིན་ཏེ། གང་ན་ཆོས་ཐམས་ཅད་ཀྱི་བགྲང་བ་དེ་ལས་གྲོལ་བ་ནི། སངས་རྒྱས་ཀྱི་ཆོས་རྣམས་ཡིན་ཏེ། ལྷའི་བུ། དེ་བས་ན། རྣམ་གྲངས་འདིས་ཀྱང་ཆོས་ཐམས་ཅད་ནི། རྣམ་པར་མི་རྟོག་པའི་སྤྱོད་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཆོས་རྣམས་ཡིན་ནོ། །ཞེས་དེ་ལྟར་རིག་པར་བྱའོ། །གང་རྣམ་པར་རྟོག་པ་ལ་སྤྱོད་པ་དེ་དག་ལ་ནི། གཉིས་
226a
༄#། །སུ་འཇུག་པའི་རྣམ་པར་ཤེས་པ་འབྱུང་བ་ཡོད་དེ། དེ་དག་ནི། རྣམ་པར་ཤེས་པའི་སྤྱོད་ཡུལ་ལ་སྤྱོད་པའོ། གང་དག་སངས་རྒྱས་ཀྱི་ཆོས་ཟག་པ་མེད་པ་གང་དག་ཡིན་པ་དེ་དག་ལའང་རྟོག་ལ། དེ་དག་ལ་བརྟགས་ནས་ཀྱང་ཟག་པ་རྣམས་སློང་བར་བྱེད་པ་དེ་དག་གིས་ནི། ཆོས་ཀྱི་དབྱིངས་ལ་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་མེད་པར་མི་ཤེས་སོ། །ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་ཤེས་པ་གང་ཡིན་པ་དེ་དག་ནི། ཆོས་གང་ལའང་ཀུན་ནས་ཉོན་མོངས་པའི་ཆོས་སམ། རྣམ་པར་བྱང་བའི་ཆོས་སུ་འཛིན་པའང་མེད་ན། ཀུན་ནས་ཉོན་མོངས་པའི་ཆོས་སམ། རྣམ་པར་བྱང་བའི་ཆོས་སུ་དམིགས་པ་ལྟ་ག་ལ་ཡོད་དེ། དེ་ནི། གནས་མེད་དོ། །ལྷའི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟབ་མོ་ལ་སྤྱོད་པ་ཡིན་ཏེ། གང་སངས་རྒྱས་ཀྱི་ཆོས་མ་ཡིན་པའི་ཆོས་གང་ཡང་མེད་པར་མཐོང་ལ། གང་གིས་མཐོང་བ་དེའང་ལྷག་པར་མཐོང་བ་དང ། ཇི་ལྟར་མི་མཐོང་བ་དེ་ལྟ་བུར་མཐོང་སྟེ། དེ་ལྟར་མཐོང་བའི་བྱང་ཆུབ་སེམས་དཔའ་ནི། བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་མི་ཚུགས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་འདི་ལྟ་
226b
བུའི་ཆོས་རྣམས་ལའང་ཉེ་བར་རྟོག་ལ་སྐྱེ་བའང་རྩོམ་པར་བགྱིད་དེ། སྐྱེ་བ་དང ། འགུམ་པ་དང ། གུམ་ནས་ཀྱང་སྐྱེ་བར་འགྱུར་བ་ནི། ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ། དཔེར་ན། སྒྱུ་མ་མཁན་གྱིས་སྤྲུལ་པ་ནི། འོང་བ་དང ། འགྲོ་བ་དང ། འདུག་པ་དང ། ཉལ་བ་དང ། སྨྲ་བར་ཡང་བྱེད་ལ། དེའང་རྣམ་པར་མི་རྟོག་པ་དེ་བཞིན་དུ་ལྷའི་བུ། གང་གིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པ་དེ་ནི། འགྲོ་བ་དང ། སྐྱེ་བ་ཐམས་ཅད་ཀྱང་སྟོན་ལ་དེའང་རྣམ་པར་མི་རྟོག་གོ་།ལྷའི་བུ། བྱང་ཆུབ་སེམས་དཔའ་ནི། སྐྱེ་བ་དང ། འབྱུང་བའང་རློམ་སེམས་སུ་མི་བྱེད་ལ་སྔོན་གྱི་བར་དུ་བྱིན་གྱི་རླབས་ཀྱིས་སྐྱེ་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་འདི་སྐད་ཅེས་གསོལ་ཏེ། །བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་ནི། སྐྱེ་བ་དང ། འབྱུང་བའང་རློམ་སེམས་སུམ་བྱེད་ཅེས་བཀའ་སྩལ་པ་དེ་ལ། བཅོམ་ལྡན་འདས།་དེ་བཞིན་གཤེགས་པ་ནི། ལྷ་མོ་སྒྱུ་འཕྲུལ་ལས་འཁྲུངས་ཏེ། སྐུ་སྐྲུན་པའི་ཡུམ་ལ་ཐུགས་བརྩེ་བའི་སླད་དུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་དབྱར་གནས་པར་ཞལ་གྱིས་བཞེས་ན། ཇི་ལྟར་དེ་བཞིན་གཤེགས་པ་རློམ་སེམས་སུ་མི་མཛད་ལགས། བཀའ་སྩལ་པ། ལྷའི་བུ། དེ་བཞིན་གཤེགས་པ་ནི། ལྷ་མོ་སྒྱུ་འཕྲུལ་ལས་མ་སྐྱེས་
227a
༄#། །སོ། །གསོལ་པ། འོ་ན་དེ་བཞིན་གཤེགས་པ་གང་ལས་འཁྲུངས་ལགས། བཀའ་སྩལ་པ། ལྷའི་བུ། དེ་བཞིན་གཤེགས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་ཏེ། ལྷའི་བུ། གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་སྐྱེད་པའི་ཡུལ་ཡིན་ནོ། །ཞེས་སྨྲ་བ་ནི། ཡང་དག་པར་སྨྲ་བ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་སྐྱེད་པའི་ཡུམ་ཡིན་ནོ། །ཞེས་སྨྲས་པ་ནི། ཡང་དག་པར་སྨྲ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི། ལྷ་མོ་སྒྱུ་འཕྲུལ་ལས་སྐྱེས་པ་མ་ཡིན་གྱི། ལྷའི་བུ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་པས་མངོན་པར་གྲུབ་པ་ཡིན་ནོ། །ལྷའི་བུ། དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་འདི་དག་ནི། ལྷ་མོ་སྒྱུ་འཕྲུལ་ལས་སྐྱེས་པ་མ་ཡིན་གྱི། དེ་བཞིན་གཤེགས་པའི་སྟོབས་བཅུ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་པས་མངོན་པར་གྲུབ་པ་ཡིན་ནོ། །ལྷའི་བུ། དེ་བཞིན་གཤེགས་པའི་མི་འཇིགས་པས་བཞི་པོ་འདི་དང ། ལྷ་མོ་སྒྱུ་འཕྲུལ་ལས་སྐྱེས་པ་མ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང ། བྱམས་པ་ཆེན་པ་དང ། སྙིང་རྗེ་
227b
ཆེན་པོ་དང ། དགའ་བ་ཆེན་པོ་དང ། བཏང་སྙོམས་ཆེན་པོ་དང ། སྤྱི་གཙུག་བལྟར་མི་མཐོང་བ་དང ། གཤེགས་པ་དོན་ཡོད་པ་དང ། སངས་རྒྱས་ཀྱི་སྤྱན་དང ། སངས་རྒྱས་ཀྱི་ཡེ་ཤེས་དང ། སངས་རྒྱས་ཀྱི་སོ་སོ་ཡང་དག་པ་རིག་པ་དང ། ཕ་རོལ་གྱི་སེམས་ཤེས་པ་དང ། ལྷའི་བུ། མདོར་བསྡུ་ན་གང་དག་གིས་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བའི་སངས་རྒྱས་ཀྱི་ཆོས་དེ་ལྟ་བུ་གང་དག་ཡིན་པ་དེ་དག་ནི། ལྷ་མོ་སྒྱུ་འཕྲུལ་ལས་སྐྱེས་པ་མ་ཡིན་ཏེ། ལྷའི་བུ། དེ་ལྟར་ན་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་གང་དག་གིས་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དེ་ལྟ་བུ་དེ་དག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ཅིང ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་པས་མངོན་པར་གྲུབ་པ་ཡིན་ཏེ། ལྷའི་བུ། ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་ཅི་ནས་དེ་བཞིན་གཤེགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་ཀྱི། ལྷ་མོ་སྒྱུ་འཕྲུལ་ལས་མ་ཡིན་པ་དེ་ལྟར་རིག་པར་བྱའོ། །བམ་པོ་གཉིས་པ། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་གིའང་སྐྱེད་པ་མ་ལགས། སྐྲུན་པ་མ་ལགས། འགག་པར་བགྱིད་པ་མ་ལགས་ན། བཅོམ་ལྡན་འདས། ཇི་ལྟར་ཤེས་
228a
༄#། །རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྲུན་པ་ལགས། བཀའ་སྩལ་པ། ལྷའི་བུ། ཆོས་གང་དག་གིས་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བའི་ཆོས་དེ་དག་ནི། སྐྱེ་བའང་མེད། འཆི་འཕོ་བའང་མེད། འབྱུང་བའང་མེད་དོ། །ལྷའི་བུ། གང་སྐྱེ་བའང་མེད། འཆི་འཕོ་བའང་མེད། འབྱུང་བའང་མེད་པ་དེ་ལྟ་བུའི་ཡེ་ཤེས་དེ་བསྐྱེད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ནི། གང་སྐྱེ་བ་མེད་པ་དང ། འཆི་འཕོ་བ་མེད་པ་དང ། འབྱུང་བ་མེད་པའི་དེ་བཞིན་གཤེགས་པ་སྐྱེས་སོ། །ལྷའི་བུ། གང་ལ་སྐྱེ་བའང་མེད། འཆི་འཕོ་བའང་མེད། འབྱུང་བའང་མེད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་ལས་ཡང་དག་པར་ངེས་པར་འབྱུང་བ་ཡོད་མོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པ་ལས་ནི། ངེས་པར་འབྱུང་བ་མེད་དོ། །གསོལ་པ། བཅོམ་ལྡན་འདས། དེ་ལྟར་ཤེས་རབ་མཆིས་ན་ངེས་པར་འབྱུང་བ་མཆིས་པ་ལགས་ན། ཅི་ཤེས་རབ་ལ་སེམས་པའམ། འཚལ་བ་མ་མཆིས་སམ། དཀའ་སྩལ་པ། ལྷའི་བུ། ཤེས་རབ་ལ་ནི། སེམས་པའམ་ཤེས་པའང་མེད་དོ། །ལྷའི་བུ། གལ་ཏེ་ཤེས་རབ་སེམས་པའམ། ཤེས་པ་ཞིག་ཡིན་པར་གྱུར་ན། ཤེས་རབ་ལ་རྟག་ཏུ་ངེས་པར་འབྱུང་བ་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།
228b
ལྷའི་བུ།་གང་ལ་སེམས་ས་མ་ཚོར་བ་ཡོད་ན། དེ་ལ་ངེས་པར་འབྱུང་བ་ཅིའང་མེད་པའི་ཕྱིར་རོ། །ལྷའི་བུ། གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སེམས་པ་མེད་ཅིང་ཤེས་པ་མེད་པ་དེའི་ཕྱིར་ཤེས་རབ་རྟག་ཏུ་ངེས་པར་འབྱུང་བ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། ངེས་པར་འབྱུང་བ་ཞེས་བགྱི་བ་དེ་གང་གི་ཚིག་བླ་དྭགས་ལགས། བཀའ་སྩལ་པ། ལྷའི་བུ། སྤྲོས་པ་མེད་པའི་ཚིག་བླ་དྭགས་སོ། །གསོལ་པ། བཅོམ་ལྡན་འདས། སྤྲོས་པ་མ་མཆིས་པས་ཅི་ཞིག་ངེས་པར་འབྱིན་པར་བགྱིད་ལགས། བཀའ་སྩལ་པ། ལྷའི་བུ། གང་དག་སྤྲོས་པ་ལ་སྤྱོད་པ་དེ་དག་ནི། ཁམས་གསུམ་དུ་སྐྱེ་བ་མི་འདོར་རོ། །གང་དག་སྤྲོས་པར་མི་བྱེད་པ་དེ་དག་ནི། ཁམས་གསུམ་དུ་སྐྱེ་བ་འདོར་བར་བྱེད་དོ། །ལྷའི་བུ། དེ་ལྟ་བས་ན། གང་ཁྱོད་སྤྲོས་པ་མེད་པར་ངེས་པར་འབྱུང་བས་ཅི་ཞིག་ངེས་པར་འབྱིན་ཅེས་ཟེར་བ་ནི། ཁམས་གསུམ་དུ་སྐྱེ་བས་ངེས་པར་འབྱིན་པར་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་ཀྱིས་ཁམས་གསུམ་ལས་ཡང་དག་པར་འདའ་བར་བགྱི་བའི་སླད་དུ་ཉན་ཐོས་རྣམས་ལ་ཆོས་བསྟན་ལགས་སམ། བཀའ་སྩལ་པ། ལྷའི་བུ། ང་ནི། འདོད་པའི་ཁམས་ལས་ཀྱང་བརྩམས་ཏེ་ཉན་ཐོས་རྣམས་ལ་ཆོས་སྟོན་ལ། དེ་བཞིན་གཤེགས་པས་འདོད་པའི་ཁམས་ཀྱང་མ་དམིགས་སོ། །ལྷའི་བུ། ང་ནི། གཟུགས་ཀྱི་ཁམས་ལས་ཀྱང་བརྩམས་ཏེ་ཉན་ཐོས་རྣམས་ལ་ཆོས་
229a
༄#། །སྟོན་ལ།་དེ་བཞིན་གཤེགས་པས་གཟུགས་ཀྱི་ཁམས་ཀྱང་མ་དམིགས་སོ། །ལྷའི་བུ། ང་ནི། གཟུགས་མེད་པའི་ཁམས་ལས་ཀྱང་བརྩམས་ཏེ་ཉན་ཐོས་རྣམས་ལ་ཆོས་སྟོན་ལ། དེ་བཞིན་གཤེགས་པ་གཟུགས་མེད་པའི་ཁམས་ཀྱང་མ་དམིགས་སོ། །ལྷའི་བུ། ང་ནི། ཡང་དག་པར་འདའ་བར་བྱ་བའི་ཕྱིར་ཆོས་སྟོན་ལ།་དེ་བཞིན་གཤེགས་པས་གང་ཡང་དག་པར་འདའ་བའི་ཆོས་དེ་ཡང་དག་པར་མ་མཐོང་ངོ ། །ལྷའི་བུ། ངའི་ཉན་ཐོས་རྣམས་ནི། འདོད་པའི་ཁམས་ལ་དམིགས་ནས་འདོད་པའི་ཁམས་ལས་ཡང་དག་པར་འདའ་བར་མི་བྱེད་དོ། །ངའི་ཉན་ཐོས་རྣམས་ནི། གཟུགས་ཀྱི་ཁམས་ལ་དམིགས་ནས་གཟུགས་ཀྱི་ཁམས་ལས་ཡང་དག་པར་འདའ་བར་མི་བྱེད་དོ། །ངའི་ཉན་ཐོས་རྣམས་ནི། གཟུགས་མེད་པའི་ཁམས་ལ་དམིགས་ནས་གཟུགས་མེད་པའི་ཁམས་ལས་ཡང་དག་པར་འདའ་བར་མི་བྱེད་དོ། །ལྷའི་བུ། གཞན་ཡང་ངའི་ཉན་ཐོས་རྣམས་ནི། ཁམས་གསུམ་པ་མི་དམིགས་པས་ཁམས་གསུམ་པ་ལ་མི་རྟེན་ཏེ། ཆོས་རྣམས་སྟོང་པ་ཉིད་དུ་དམིགས་པས་འདོད་པའི་ཁམས་སུ་སྨོན་ལམ་མི་འདེབས་སོ། །གཟུགས་ཀྱི་ཁམས་སུ་སྨོན་ལམ་མི་འདེབས་སོ། །གཟུགས་མེད་པའི་ཁམས་སུ་སྨོན་ལམ་མི་འདེབས་སོ། །ཁམས་གསུམ་པར་སྨོན་ལམ་མི་འདེབས་པས་ན།
229b
ཁམས་གསུམ་པར་མི་སྐྱེའོ། །མ་སྐྱེས་པ་དེ་དག་གི་འགྲོ་བ་ནི། གདགས་སུ་མེད་དོ། །ཀྱེ་ལྷའི་བུ། འོན་ཀྱང་འཕགས་པ་རྣམས་ནི། ཡང་དག་པར་འདའ་བ་ཞེས་དེ་སྐད་རྗོད་པར་མཛད་དོ། །འོན་ཀྱང་དོན་དམ་པར་ན་འདི་ལ་སུ་ཡང་དག་པར་འདའ་བའང་མེད། འོང་བའང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ། ཆོས་ཐམས་ཅད་ནི། ཡང་དག་པར་འདའ་བར་མེད་པ་ལས་བལྟ་བར་བྱའོ། །ལྷའི་བུ། དཔེར་ན། ནམ་མཁའ་ནི། མ་སྐྱེས་པ། མ་བྱས་པ། མངོན་པར་མ་གྲུབ་པ། འཕོ་བ་མེད་པ། འོང་བ་མེད་པ་སྟེ། ཆོས་ཐམས་ཅད་ཀྱང་དེ་བཞིན་དུ་བལྟ་བར་བྱའོ། །གཏམ་འདི་བསྟན་པ་ན་ལྷའི་འཁོར་དེའི་ནང་ནས་ལྷའི་བུ་བདུན་ཁྲི་ཉིས་སྟོང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །སྔོན་དགེ་བའི་རྩ་བ་བསྐྱེད་བའི་ལྷའི་བུ་ཁྲི་དྲུག་སྟོང་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །དགེ་བའི་རྩ་བ་ཡོངས་སུ་སྨིན་པའི་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་ནི། མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་སྐྱེས་སོ། །དེ་དག་གི་ལག་ཏུ་བཅོམ་ལྡན་འདས་ཀྱི་མཐུས་སྔོན་མ་མཐོང་བའི་མེ་ཏོག་གི་སྣོད་བྱུང་བར་གྱུར་ཏེ། མེ་ཏོག་གི་སྣོད་དེ་དག་ནས་དེ་བཞིན་གཤེགས་པ་ལ་གཏོར་ཏོ། །མེ་ཏོག་དེ་དག་གིས་ཀྱང་སུམ་ཅུ་རྩ་གསུམ་པའི་གནས་འཁོར་ཁོར་ཡུག་ཏུ་ཁེབས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་
230a
༄#། །ཅེས་གསོལ་ཏོ། །བཅོམ་ལྡན་འདས། ལྷའི་བུ་འདི་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་མེ་ཏོག་གཏོར་བ་གང་དག་ལགས་པ་འདི་དག་ནི། སྔོན་མ་མཐོང་ལགས་སོ། །དེ་ནས་ལྷའི་བུ་ཟླ་བས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་།ད་ལྟར་གང་ལ་མེ་ཏོག་དག་གིས་གཏོར་བའི་དེ་བཞིན་གཤེགས་པ་འདིའང་སྔོན་མ་མཐོང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ། སེམས་གང་གིས་དེ་བཞིན་གཤེགས་པ་མཐོང་བའི་སེམས་དེ་ནི། འགགས་ཤིང་མེད་པར་གྱུར་ཏེ་མཐོང་བར་མི་ནུས་སོ། །ཀཽ་ཤི་ཀ་།དེ་བས་ནི། གང་ཅི་མཐོང་ཡང་རུང་སྟེ། དེ་དག་ཐམས་ཅད་ནི། སྔོན་མ་མཐོང་བའོ། །གང་ཅི་ཐོས་ཀྱང་རུང་སྟེ། དེ་དག་ཐམས་ཅད་ནི། སྔོན་མ་ཐོས་པའོ། ། སྨྲས་པ། ལྷའི་བུ། ཁྱོད་ཀྱིས་དེ་བཞིན་གཤེགས་པ་མཐོང་ངམ། སྨྲས་པ། ཀཽ་ཤི་ཀ་།གལ་ཏེ་དེ་བཞིན་གཤེགས་པ་གཟུགས་ཞེས་བྱ་བ་ཡིན་ན་ནི། བདག་གིས་དེ་བཞིན་གཤེགས་པ་མཐོང་ངོ ། །ཀཽ་ཤི་ཀ་།གལ་ཏེ་དེ་བཞིན་གཤེགས་པ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ཞེས་བྱ་བ་ཡིན་ན་ནི། བདག་གིས་དེ་བཞིན་གཤེགས་པ་མཐོང་ན། ཀཽ་ཤི་ཀ་།དེ་བཞིན་གཤེགས་པ་ནི། གཟུགས་ཞེས་བྱ་བའམ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ཞེས་
230b
བྱ་བ་མ་ཡིན་ནོ། །ཀཽ་ཤི་ཀ་།དེ་བཞིན་གཤེགས་པ་ནི། ཕུང་པོ་ལྔའི་ཆོས་ཀྱི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་ཏེ། དེ་ནི། མཐོང་བར་སླ་བ་མ་ཡིན་ནོ། ཀཽ་ཤི་ཀ་།གཞན་ཡང་གང་ཁྱོད་འདི་སྐད་དུ་ལྷའི་བུ། ཁྱོད་ཀྱིས་དེ་བཞིན་གཤེགས་པ་མཐོང་ངམ་ཞེས་ཟེར་བ་ནི། ཇི་ལྟར་དེ་བཞིན་གཤེགས་པས་བདག་གཟིགས་པ་དེ་བཞིན་དུ་བདག་གིས་དེ་བཞིན་གཤེགས་པ་མཐོང་ངོ ། །སྨྲས་པ། ལྷའི་བུ། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཇི་ལྟར་མཐོང ། སྨྲས་པ། ཀཽ་ཤི་ཀ་།དེ་བཞིན་གཤེགས་པ་མདུན་ན་བཞུགས་པ་འདི་ལ་ཞུས་ཤིག་།དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ལྷའི་བུ་ཟླ་བ་ཇི་ལྟར་གཟིགས་པ་ལགས། བཀའ་སྩལ་པ། ཀཽ་ཤི་ཀ་།གཟུགས་སུ་མི་མཐོང་ངོ ། །ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པར་མི་མཐོང་ངོ ། །སྔོན་གྱི་མཐའ་དང ། ཕྱི་མའི་མཐའ་དང ། ད་ལྟར་བྱུང་བར་མི་མཐོང་ངོ ། །ལངས་པ་དང ། འདུག་པ་དང ། འགྲོ་བ་དང ། འོང་བ་དང ། རྒྱབ་དང ། གློ་དང ། མདུན་དང ། ཆོས་ལ་མ་གཏོགས་པར་མི་མཐོང་ངོ ། །སློབ་པར་མི་མཐོང་ངོ ། །མི་སློབ་པར་མི་མཐོང་ངོ ། །མི་སློབ་པའི་ཆོས་དང་ལྡན་པར་མི་མཐོང་ངོ ། །དགྲ་བཅོམ་པར་མི་མཐོང་ངོ ། །དགྲ་བཅོམ་པའི་ཆོས་དང་ལྡན་པར་མི་མཐོང་ངོ ། །ཉན་ཐོས་ཀྱི་ས་དང ། རང་སངས་རྒྱས་ཀྱི་ས་དང ། སངས་རྒྱས་
231a
༄#། །ཀྱི་སར་མི་མཐོང་སྟེ། ཀཽ་ཤི་ཀ་།དེ་ལྟར་མཐོང་ངོ ། །ཀཽ་ཤི་ཀ་།སུས་དེ་ལྟར་མཐོང་བ་དེས་ནི། ཡང་དག་པར་མཐོང་སྟེ། ལོག་པ་དེ་མཐོང་བ་མ་ཡིན་ནོ། ། སུ་ཡང་དག་པ་མཐོང་བ་དེས་ནི། ཅིའང་མི་མཐོང་ངོ ། །སུ་ཅིའང་མི་མཐོང་བ་དེས་ནི། མཉམ་པར་མཐོང་སྟེ། མི་མཉམ་པར་མི་མཐོང་ངོ ། །ཀཽ་ཤི་ཀ་།དེ་ལྟར་གཟིགས་པའི་དེ་བཞིན་གཤེགས་པ་ནི། ཐམས་ཅད་གཟིགས་པ་ཞེས་བྱའོ། །ཀཽ་ཤི་ཀ་།དེ་ལྟར་གཟིགས་པའི་དེ་བཞིན་གཤེགས་པ་ནི། དེ་བཞིན་གཤེགས་པ་ཞེས་བྱ་སྟེ། འོན་ཀྱང་དེ་བཞིན་གཤེགས་པ་ནི། ཆོས་ཀྱི་དབྱིངས་འདྲེས་པར་ཡང་མི་མཛད་དོ། །ཀཽ་ཤི་ཀ་།འདི་ཇི་སྙམ་དུ་སེམས། དེ་ལྟར་གཟིགས་པའི་དེ་བཞིན་གཤེགས་པས་ཅི་ཞིག་གཟིགས་པར་འགྱུར། གསོལ་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པས་ནི། མིང་གཟིགས་པ་མ་ལགས། གཟུགས་གཟིགས་པ་མ་ལགས་ཏེ། བཅོམ་ལྡན་འདས། འདི་ལ་ནི།་ཆོས་འགའ་ཙམ་ཡང་གྲངས་སུ་བགྱིས་པ་མ་མཆིས་སོ། །བཅོམ་ལྡན་འདས། ཅི་དེ་བཞིན་གཤེགས་པས་ཇི་ལྟར་གཟིགས་པ་དེ་བཞིན་དུ་ལྷའི་བུ་ཟླ་བས་ཀྱང་དེ་ལྟར་མཐོང་ལགས་སམ། བཀའ་སྩལ་པ། ཀཽ་ཤི་ཀ་།མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སུའང་རུང་བ་དེ་དག་ཐམས་ཅད་ཀྱིས་ནི། ཆོས་ཀྱི་དབྱིངས་
231b
ཀྱི་ལུས་ཀྱིས་ཆོས་འགའ་ཙམ་ཡང་གཟུང་བའི་ཕྱིར་ཆོས་གང་ཡང་མི་མཐོང་ངོ ། །གསོལ་པ། བཅོམ་ལྡན་འདས། ཅི་ལྷའི་བུ་ཟླ་བ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོ་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་།ཁྱོད་ཀྱིས་ལྷའི་བུ་ཟླ་བ་འདི་ཉིད་ལ་དྲིས་ཤིག་དང ། འདི་ཉིད་ཁྱོད་ལ་ལན་ལྡོན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་ཟླ་པ་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ། ཁྱོད་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་སྐྱེས་སམ། སྨྲས་པ། ཀཽ་ཤི་ཀ་།ཅི་མི་སྐྱེ་བ་སྐྱེའམ། སྨྲས་པ། ལྷའི་བུ། དེ་ནི། མ་ཡིན་ནོ། །སྨྲས་པ། ཀཽ་ཤི་ཀ་།གལ་ཏེ་མི་སྐྱེ་བ་སྐྱེ་བར་གྱུར་པ་ན་མི་སྐྱེ་བའི་ཆོས་རྣམས་ལ་སུའི་བཟོད་པ་སྐྱེ་བར་འགྱུར། ཀཽ་ཤི་ཀ་།མི་སྐྱེ་བ་ཞེས་བྱ་བ་དེ་ནི། ཆོས་ཀྱི་དབྱིངས་ཀྱི་ཚིག་བླ་དྭགས་སོ། ། ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ལ་ནི། སྐྱེ་བའམ་འགག་པ་མི་དམིགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། ལྷའི་བུ་འདིའི་བསྟན་པ་དེ་འདྲ་བ་ལས་ན། ཀྱེ་མ་ལྷའི་བུ།་འདི་ནི། བཟོད་པ་ཐོབ་པ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེའོ་སྙམ་མོ། །དེ་ནས་ལྷའི་བུ་ཟླ་བས་ལྷའི་དབང་པོ་བརྒྱ་བྱིན་གྱི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་།བཟོད་པ་ཐོབ་པ་གང་དག་ཡིན་པ་དེ་དག་ནི། སངས་རྒྱས་ཀྱི་བྱང་ཆུབ་དང་ཉེ་བ་མ་ཡིན་ནོ། །
232a
༄#། །སྨྲས་པ།་ལྷའི་བུ། ཁྱོད་ཅི་ལས་བསམ་སྟེ་དེ་སྐད་ཟེར། སྨྲས་པ། ཀཽ་ཤི་ཀ་།ཐོབ་ཅེས་བྱ་བ་དེ་ནི། དམིགས་པའི་ཚིག་བླ་དྭགས་ཡིན་ལ་དམིགས་པས་ནི། བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །མི་སྐྱེ་བའི་བཟོད་པ་ཞེས་བྱ་བ་དེ་ནི། མི་སྐྱེ་བའི་ཚིག་བླ་དྭགས་སོ། །མི་སྐྱེ་བ་གང་ཡིན་པ་དེ་ཉིད་ནི། བྱང་ཆུབ་བོ། །སྨྲས་པ། ལྷའི་བུ་ཟླ་བ།་བྱང་ཆུབ་ཉིད་གང་ལས་བཙལ་བར་བྱ། སྨྲས་པ། ཀཽ་ཤི་ཀ་།བྱང་ཆུབ་ནི། བདག་གི་ངོ་བོ་ཉིད་ལས་བཙལ་བར་བྱའོ། །སྨྲས་པ། བདག་གི་ངོ་བོ་ཉིད་གང་ལས་བཙལ་བར་བྱ།་སྨྲས་པ། ཆོས་གང་མ་སྐྱེས། མི་སྐྱེ། སྐྱེ་བར་མི་འགྱུར་བ་དེ་ལས་བཙལ་བར་བྱའོ། །ཅི་ནས་ཀྱང་ཚོལ་བ་ན་གང་བཙལ་བ་དང ། གང་གིས་བཙལ་བ་དེའང་སློང་བར་མི་བྱེད་པ་དེ་ལྟར་བཙལ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ལྷའི་བུ་ཟླ་བ་འདི་དེ་ལྟར་ཟབ་མོའི་ཤེས་རབ་དང་ལྡན་པ་ངོ་མཚར་ལགས་སོ། །བཅོམ་ལྡན་འདས། ལྷའི་བུ་ཟླ་བ་འདི་གང་ནས་ཤི་འཕོས་ཏེ་འདིར་མཆིས་པ་ལགས། དེ་ནས་ལྷའི་བུ་ཟླ་བས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ། སྒྱུ་མ་མཁན་གྱིས་སྐྱེས་པའམ། བུད་མེད་སྤྲུལ་པ་གང་ཡིན་པ་དེ་གང་ནས་ཤི་འཕོས་ཏེ་འདིར་འོངས། འདི་ནས་ཤི་འཕོས་ནས་གང་དུ་འགྲོ་
232b
བར་འགྱུར། སྨྲས་པ། ལྷའི་བུ། སྒྱུ་མ་སྤྲུལ་པ་ལ་ནི། ཤི་འཕོའམ་སྐྱེ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི། རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །སྨྲས་པ། ཀཽ་ཤི་ཀ་།ཁྱོད་འདི་སྐད་དུ་སྤྲུལ་པ་འདི་གང་ནས་ཤི་འཕོས་ཏེ་འདིར་འོངས། འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར་ཞེས་ཟེར་བ་དེ་ཅི་མཁས་པ་རྣམས་ཀྱིས་སྨད་པར་མི་འགྱུར་རམ། སྨྲས་པ། ལྷའི་བུ། དེ་དེ་བཞིན་ནོ། །སྨྲས་པ། ཀཽ་ཤི་ཀ་།བདག་ནི། ཁྱོད་ཀྱི་དྲི་བ་དེ་ལ་འདི་སྙམ་དུ་བྱེད་དེ། གང་ཁྱོད་ཀྱིས་ལྷའི་བུ་འདི་གང་ནས་ཤི་འཕོས་ཏེ་འདིར་མཆིས། འདི་ནས་ཤི་འཕོས་ནས་གར་སྐྱེ་བར་འགྱུར་ཞེས་ཞུས་པ་ནི། སྒྱུ་མ་ལྟ་བུའི་ཆོས་རྣམས་ལ་དེ་སྐད་འདྲི་བར་ཟད་དོ་སྙམ་མོ། །ཀཽ་ཤི་ཀ། འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་སྤྲུལ་པ་སྤྲུལ་པར་མཛད་པ་གང་ཡིན་པ་དེ་འོང་ངམ། འཆི་འཕོའམ། སྐྱེའམ། སྨྲས་པ། ལྷའི་བུ། དེ་ནི། མ་ཡིན་ནོ། །སྨྲས་པ། ཅི་བྱ་བ་གང་གི་ཕྱིར་སྤྲུལ་པའི་བྱ་བ་དེ་བྱེད་དམ། སྨྲས་པ། ལྷའི་བུ། བྱེད་དོ། །སྨྲས་པ། ཀཽ་ཤི་ཀ་།དེ་བཞིན་དུ་གང་གིས་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་དང ། སྒྱུ་མ་ལྟ་བུའི་རྟོགས་པ་དེ་ནི། འགྲོ་བ་དང ། འོང་བ་དང ། འཆི་འཕོ་དང ། སྐྱེ་བའང་སྟོན་ལ་དེ་ནི། ཅི་ལའང་རྣམ་པར་མི་རྟོག་སྟེ། བྱ་བ་དེའང་བྱེད་དོ། །ཀཽ་ཤི་ཀ། འདི་ཇི་སྙམ་དུ་སེམས། གང་རྨི་ལམ་དུ་གཟུགས་མཐོང་བའམ། སྒྲ་ཐོས་པའམ། དྲི་སྣོམ་པའམ། རོ་མྱོང་བའམ། རེག་བྱ་ལ་
233a
༄#། །རེག་པའམ། ཆོས་རྣམ་པར་ཤེས་པ་དེ་དག་ཅི་དེ་ན་ཅིའང་ཡོད་དམ། །སྨྲས་པ། ལྷའི་བུ། དེ་ནི། མེད་དོ། །སྨྲས་པ། ཀཽ་ཤི་ཀ་།དེ་བཞིན་དུ་གང་གིས་ཆོས་ཐམས་ཅད་རྨི་ལམ་གྱི་ངོ་བོ་ཉིད་དུ་རྟོགས་པ་དེ་ནི། མཐོང་བ་དང ། ཐོས་པ་དང ། དྲན་པ་དང ། བྱེ་བྲག་ཕྱེད་པ་དང ། རྣམ་པར་ཤེས་པའི་ཆོས་རྣམས་ལ་ཆགས་པར་མི་འགྱུར། རྗེས་སུ་ཆགས་པར་མི་འགྱུར། ཁོང་ཁྲོ་བར་མི་འགྱུར་རོ། །མཐོང་བ་དང ། ཐོས་པ་དང ། དྲན་པ་དང ། བྱེ་བྲག་ཕྱེད་པ་དང ། རྣམ་པར་ཤེས་པའི་ཆོས་རྣམས་ཀྱང་གཞན་དག་ལ་རྗོད་པར་བྱེད་ལ། རྗོད་པ་དེ་ལའང་མངོན་པར་ཞེན་པ་མེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ལྷའི་བུ་ཟླ་བ་འདི་སྐྱེ་བའང་མི་དམིགས། འཆི་འཕོའང་མི་དམིགས་ལགས་ན། བཅོམ་ལྡན་འདས། འདིས་ཇི་ལྟར་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱི་བ་རྟོགས་ཤིང་བགྱིད་པར་འགྱུར་ལགས། གང་ལ་སྐྱེ་བའང་མ་མཆིས། འཆི་འཕོའང་མ་མཆིས་པ་དེ་ནི། ཉན་ཐོས་ཀྱི་ས་ལགས་ཏེ། དེ་ནི། བྱང་ཆུབ་སེམས་དཔའི་ས་མ་ལགས་སོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔས་ནི། བསྐལ་པ་སྟོང་ཕྲག་མང་པོར་འཁོར་བར་བགྱི་འཚལ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་
233b
བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ། བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་སྐྱེས་པ་ནི། སུའང་རུང་སྟེ། དེ་ནི། སྐྱེ་བ་ལའང་རློམ་སེམས་མེད་ལ་འཆི་འཕོ་ལའང་རློམ་སེམས་མེད་དེ། དེ་ནི། དགྲ་བཅོམ་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ཇི་ལྟ་བ་དེ་བཞིན་དུ་གཟུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་ནི། བདག་ཏུ་འདུ་ཤེས་དང།་གཞན་དུ་འདུ་ཤེས་མི་འཇུག་པའི་ཕྱིར་རོ། །ཀཽ་ཤི་ཀ་།གཞན་ཡང་བྱང་ཆུབ་སེམས་དཔའ་གང་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་རྣམས་ལ་དེ་ལྟར་སྐྱེ་བ་ལའང་རློམ་སེམས་མི་བྱེད། འཆི་འཕོ་ལའང་རློམ་སེམས་མི་བྱེད་པ་དང ། བདག་ཏུ་འདུ་ཤེས་པར་ཡང་མི་བྱེད། གཞན་དུ་འདུ་ཤེས་པར་ཡང་མི་བྱེད་ལ་སེམས་ཅན་གང་ཆོས་ཀྱི་ཚུལ་གྱི་བཟོད་པ་འདི་མི་ཤེས་པ་དེ་དག་ལ་བརྡ་སྤྲད་པའི་ཕྱིར་སྙིང་རྗེ་ཆེན་པོས་ཆེད་དུ་བསྐལ་པ་བྱེ་བ་འབུམ་ཕྲག་གྲངས་མེད་པར་འཁོར་ཡང་སྐྱེ་བ་མེད་པ་ནི། མཆོག་ཏུ་དཀའ་བ་བྱེད་པ་ཡིན་ནོ། །ཀཽ་ཤི་ཀ་།དཔེར་ན། མི་ལ་ལ་ཞིག་མེ་མ་དག་གི་དོང་དུ་ལྷུང་ནས་ཚིག་ཅིང་འདུག་པ་དེ་ལ་མི་སྙིང་རྗེ་ཆེན་པོ་དང་ལྡན་པ་འགའ་ཞིག་གིས་ལུས་དང་སྲོག་ལའང་མ་བལྟས་ཏེ། འདོད་པའི་ཡོན་ཏན་ལྔ་ལ་དགའ་ཞིང་འདུག་པ་ལས། དགའ་ཞིང་རྩེ་བ་བོར་ནས་མེའི་ཕུང་པོ་དེའི་ནང་ནས་མི་དེ་ཕྱུང་སྟེ། བདག་ཉིད་ཚིག་པ་ནི་དང་དུ་བླངས་ན། ཀཽ་ཤི་ཀ་།འདི་ཇི་སྙམ་དུ་
234a
༄#། །སེམས།་མི་དེ་དཀའ་བ་བྱེད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། དཀའ་བ་བགྱིད་པ་ལགས་སོ། །བཀའ་སྩལ་པ། ཀཽ་ཤི་ཀ། བྱང་ཆུབ་སེམས་དཔའ་གང་ཉོན་མོངས་པ་ཐམས་ཅད་ལས་གྲོལ་ལ་སྲིད་པ་ལེན་པར་བྱེད་པ་ནི། དེ་བས་ཀྱང་ཆེས་དཀའ་བ་བྱེད་པ་ཡིན་ན། །ཀཽ་ཤི་ཀ་།དེ་བས་ན། རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཅི་ནས་ཀྱང་ཉན་ཐོས་དང ། རང་སངས་རྒྱས་རྣམས་ཟིལ་གྱིས་མནན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་།ཁྱོད་འདི་སྐད་དུ་ལྷའི་བུ་འདི་གང་ནས་ཤི་འཕོས་ཏེ་འདིར་འོངས་ཞེས་ཟེར་བ་དེ་ངས་བཤད་ཀྱི། ཉོན་ཅིག་།ཀཽ་ཤི་ཀ་།སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་ཁྲག་ཁྲིག་འབུམ་ཕྲག་བདུན་ཅུ་རྩ་གཉིས་འདས་པ་ན་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་ཕུང་པོ་བཀྲམ་པ་ཞེས་བྱ་བ་ཞིག་ཡོད་དེ། འཇིག་རྟེན་གྱི་ཁམས་དེ་ནི། རིན་པོ་ཆེ་དུ་མས་བརྒྱན་པའི་ཤིང་ལྗོན་པ་རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ཏོག་རྒྱས་པ་དག་དང་འཆག་སའི་སྐྱེད་མོས་ཚལ་གྱི་ཁང་པ་བརྩེགས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཟམ་པ་དང་ལྡན་པ་དག་ཡོད་དོ། །ས་གཞི་ཆེན་པོ་དེའང་བཻ་ཌཱུརྱ་ལས་གྲུབ་
234b
པ་སྟེ།་རིན་པོ་ཆེ་འབུམ་ཕྲག་མང་པོས་སྤྲས་སོ། །ཀཽ་ཤི་ཀ་།འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་ཕུང་པོ་བཀྲམ་པ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་ན་རིན་ཆེན་གཟི་བརྗིད་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ་ཆོས་སྟོན་ཏོ། །དེ་ན་ཐེག་པ་གཉིས་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་གཞག་པ་མེད་དེ། སངས་རྒྱས་ཀྱི་ཞིང་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབའ་ཞིག་གིས་ཡོངས་སུ་གང་ངོ ། །ཀཽ་ཤི་ཀ་།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་ན་རིན་ཆེན་གཟི་བརྗིད་མངོན་པར་འཕགས་པའི་རྒྱལ་པོ་དེའི་ཆོས་བསྟན་པ་རེ་རེ་ལ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ཕྲག་སུམ་ཅུ་རྩ་དྲུག་གིས་བཟོད་པ་ཐོབ་པར་འགྱུར་ཏེ། བཟོད་པ་ཐོབ་པའི་མོད་ལ་བྱང་ཆུབ་སེམས་དཔའ་དེ་དག་ཏ་ལ་བདུན་སྲིད་ཙམ་གྱི་ནམ་མཁའ་ལ་འཕགས་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་རབ་ཏུ་གཡོས་པར་བྱས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རིན་པོ་ཆེའི་པདྨ་འདབ་མ་འབུམ་ཡོད་པ་ཤ་སྟག་གིས་པུས་མོ་ནུབ་ཙམ་དུ་ཁེབས་པར་བྱས་ནས་དེ་ལྟར་འཁོད་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་དག་ལ་བལྟ་བ་དང ། ཕྱག་འཚལ་བ་དང ། བསྙེན་བཀུར་བྱ་བ་དང །
235a
༄#། །ཆོས་མཉན་པའི་ཕྱིར་བར་སྣང་ལས་སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་འདོད་པར་བྱེད་དོ། །ཀཽ་ཤི་ཀ་།སངས་རྒྱས་ཀྱི་ཞིང་དེར་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སུའང་མི་གནས་ཏེ། བཟོད་པ་ཐོབ་པའི་མོད་ལ་སངས་རྒྱས་ཀྱི་ཞིང་གཞན་དུ་འདོང་ངོ ། །ཀཽ་ཤི་ཀ་།དེ་བཞིན་གཤེགས་པ་དེ་བྱུང་ནས་བསྐལ་པ་བཅུ་གཉིས་ཀྱི་བར་དུ་ཉིན་གཅིག་བཞིན་དུ་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཆོས་བསྟན་པ་འབྱུང་སྟེ། ཆོས་བསྟན་པ་རེ་རེ་ལ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ཕྲག་སུམ་ཅུ་རྩ་དྲུག་གིས་བཟོད་པ་ཐོབ་པར་འགྱུར་ཏེ། བཟོད་པ་ཐོབ་པའི་མོད་ལ་སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་འདོང་ངོ ། །ཀཽ་ཤི་ཀ་།བྱང་ཆུབ་སེམས་དཔའ་ཇི་སྙེད་བཟོད་པ་ཐོབ་ནས་སངས་རྒྱས་ཀྱི་ཞིང་གཞན་དུ་འདོང་བ་དེ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་དག་སངས་རྒྱས་ཀྱི་ཞིང་གཞན་དག་ནས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་ཏེ།་ཀཽ་ཤི་ཀ་།དེ་ལྟ་བུའི་ཚུལ་གྱིས་སངས་རྒྱས་ཀྱི་ཞིང་དེ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་གིས་མི་སྟོངས་སོ། །ཀཽ་ཤི་ཀ། འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་ཕུང་པོ་བཀྲམ་པ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་ན་རིན་ཆེན་གཟི་བརྗིད་
235b
མངོན་པར་འཕགས་པའི་རྒྱལ་པོ་དེའི་ཐད་ནས་ལྷའི་བུ་ཟླ་བ་འདི་མི་སྣང་བར་གྱུར་ཏེ་ང་ལ་བལྟ་བ་དང ། ཕྱག་འཚལ་བ་དང ། བསྙེན་བཀུར་བྱ་བ་དང ། ཞུ་བ་དང ། དྲི་བར་བྱ་བ་དང ། ཆོས་ཀྱི་རྣམ་གྲངས་འདིའང་སྐྱེ་བོ་མང་པོ་ལ་རྒྱས་པར་བྱ་བ་དང ། བྱང་ཆུབ་སེམས་དཔའ་གཞན་དག་གིའང་ཆོས་ཀྱི་བཟོད་པ་འདི་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སུམ་ཅུ་རྩ་གསུམ་གྱི་གནས་འདིར་གནས་པར་གྱུར་ཏོ། །ཀཽ་ཤི་ཀ་།ལྷའི་བུ་ཟླ་བ་འདི་ནི། ངའི་ཚེ་མཐས་གཏུགས་པའི་བར་དུ་དམ་པའི་ཆོས་ཡོངས་སུ་བཟུང་ནས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཕྱི་མའི་ཚེ་ཕྱི་མའི་དུས་དམ་པའི་ཆོས་ནུབ་པའི་དུས་ལ་བབ་པ་ན་འདི་ནས་ཤི་འཕོས་ནས་ཛམྦུའི་གླིང་དུ་མི་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་འགྱུར་ཏེ། འདི་ལྟ་བུའི་ཆོས་ཀྱི་རྣམ་གྲངས་ཟབ་མོ་ཟབ་པར་སྣང་བ་འདི་དག་ཡོངས་སུ་འཛིན་པ་ལ་བརྩོན་པར་འགྱུར་རོ། །སེམས་ཅན་འབུམ་ཕྲག་མང་པོ་དག་ཀྱང་ཆོས་ཀྱི་བཟོད་པ་འདི་ལ་འདོད་པ་བསྐྱེད་པར་འགྱུར་རོ། །དེ་ཕྱི་མའི་ཚེ་ཕྱི་མའི་དུས་དམ་པའི་ཆོས་ནུབ་པ་ན་མིའི་འཇིག་རྟེན་ནས་ཤི་འཕོས་ནས་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་ཏེ། དགའ་ལྡན་གྱི་གནས་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ལྷན་ཅིག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་
236a
༄#། །འདི་འཛིན་དུ་འཇུག་པར་འགྱུར་རོ། །ལྷའི་བུ་འབུམ་ཕྲག་དཔག་ཏུ་མེད་པ་སྔོན་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དག་ཀྱང་བསྐྱེད་དུ་འཇུག་པར་འགྱུར་རོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེའི་ཚེ་ལྷའི་བུ་འདི་ཛམྦུའི་གླིང་འདིར་གནས་ནས་ལོ་བཅུའི་བར་དུ་ཁྱིམ་པར་འདུག་ཅིང་དེ་བཞིན་གཤེགས་པ་བྱམས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བཀུར་སྟི་བྱེད། བླ་མར་བྱེད་པར་འགྱུར་རོ། །དེ་དེའི་འོག་ཏུ་མི་ཁྲི་བཞི་སྟོང་དང་ལྷན་ཅིག་ཏུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་འགྱུར་ཏེ། རབ་ཏུ་བྱུང་ནས་ཀྱང་དེ་བཞིན་གཤེགས་པ་བྱམས་པའི་ཚེའི་མཐས་གཏུགས་པའི་བར་དུ་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་རོ། །ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ཇི་སྲིད་གནས་པ་དེ་སྲིད་དུ་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་རོ། །བསྐལ་པ་བཟང་པོའི་སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དྲུག་འབྱུང་བར་འགྱུར་བ་གང་དག་ཡིན་པ་དེ་དག་ཐམས་ཅད་མ་ཉེས་པར་བྱེད་པར་འགྱུར་རོ། །མཉེས་པར་བྱས་ནས་ཀྱང་བཀུར་སྟི་བྱེད་པར་འགྱུར་ཏེ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱི་ཐད་དུ་ཚངས་པར་སྤྱད་པ་སྤྱོད་པར་འགྱུར་རོ། །དེ་
236b
དེའི་འོག་ཏུ་བསྐལ་པ་གངྒཱའི་ཀླུང་བདུན་ཅུའི་བྱེ་མ་སྙེད་འདས་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་འོད་ཅེས་བྱ་བར་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་ནས་ལྷའི་བུ་ཟླ་བ་མཆོག་གིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ། ཁྱོད་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །ཅི་ཁྱོད་དེ་བཞིན་གཤེགས་པ་ལ་ལྷག་པར་དགའ་བ་དང ། དད་པ་དང ། གུས་པ་སྐྱེའམ། དེ་སྐད་ཅེས་སྨྲས་པ་དང ། ལྷའི་བུ་ཟླ་བས་ལྷའི་བུ་ཟླ་མཆོག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ། དེ་བཞིན་གཤེགས་པ་ནི། འདུན་པའི་དབང་དུ་འགྲོ་བའམ། འཇིགས་པའི་དབང་དུ་འགྲོ་བས་ལུང་སྟོན་པ་ཅུང་ཟད་ཀྱང་མེད་དེ། ལྷའི་བུ། དེ་བཞིན་གཤེགས་པ་ནི། བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པ་ལུང་སྟོན་པར་ཟད་ན། བདག་གིས་དེ་བཞིན་གཤེགས་པ་ལ་ལྷག་པར་དགའ་བའམ། དད་པའམ། གུས་པ་བསྐྱེད་དུ་ཅི་ཞིག་ཡོད། སྨྲས་པ། ལྷའི་བུ། དང་བ་གང་ལས་ཡོངས་སུ་བཙལ་བར་བྱ། སྨྲས་པ། དང་བ་སེམས་ལས་ཡོངས་སུ་བཙལ་བར་བྱའོ། །སྨྲས་པ། གང་སེམས་ལ་སེམས་སུ་འདུ་ཤེས་པ་དེས་དང་བ་གང་ལས་བཙལ་
237a
༄#། །བར་བྱ།་སྨྲས་པ། གང་ལ་འཛིན་པ་མེད་པ་དེ་ལ་དང་བ་ཡོད་དོ། །སྨྲས་པ། གང་ལ་འཛིན་པ་མེད་པ་དེ་ལ་མཆོག་ཏུ་དང་བ་ཡོད་དམ། སྨྲས་པ། ལྷའི་བུ།་དེ་ནི། དང་བ་ཡིན་ཏེ། གང་ལ་སྡང་བའང་མེད། རབ་ཏུ་སྡང་བའང་མེད། དང་བའང་མེད་པ་དང ། གང་ལ་སོ་སོའི་སྐྱེ་བོའི་དང་བ་མེད་པ་དེ་ལ་ནི། དང་བ་ཡོད་དོ། །དེ་ལྟར་དང་བར་གྱུར་པས་དེ་ལ་རང་བཞིན་གྱིས་དང་བའང་མེད་ལ། དེ་ནི། དེ་ཕྱིན་ཆད་ཀྱང་སྡང་བར་མི་འགྱུར་རོ། །ལྷའི་བུ། དེ་ལྟ་བས་ན། དང་བ་ཐོབ་པར་འདོད་པས་མྱུར་དུ་ཆོས་ལྔ་ལ་སྦྱོར་བར་བྱ་སྟེ། ཅི་ནས་སྦྱོར་བའང་མེད། འབྲལ་བའང་མེད་པ་དེ་ལྟར་སྦྱོར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ལ་ནི། སྦྱོར་བ་ཡང་མེད། འབྲལ་བའང་མེད་པའི་ཕྱིར་རོ། །དེ་ནས་ལྷའི་བུ་ཟླ་མཆོག་གིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ། བྱང་ཆུབ་སེམས་དཔའི་བསླབ་པ་ཞེས་བྱ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་རྣམས་གང་ཡིན། སྨྲས་པ། ལྷའི་བུ། གང་ལ་ལུས་ཀྱང་མེད། ལུས་ཀྱི་སྡོམ་པའང་མེད། ངག་ཀྱང་མེད། ངག་གི་སྡོམ་པའང་མེད། ཡིད་ཀྱང་མེད། ཡིད་ཀྱི་སྡོམ་པའང་མེད་པ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡོམ་པའི་མཆོག་ཡིན་ནོ། །གང་ལ་ཡིད་ཀྱང་མེད། འཛིན་པའང་མེད། གསོག་པའང་མེད། འབྲི་བའང་མེད་པ་དེ་ནི། ལྷའི་བུ།
237b
བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ཡིན་ནོ། །དེ་ནས་ལྷའི་བུ་ཟླ་མཆོག་གིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ། ཁྱོད་བསླབ་པ་འདི་ལ་བསླབས་པས་དེ་བཞིན་གཤེགས་པས་ལུང་བསྟན་ཏམ། སྨྲས་པ། ལྷའི་བུ། བདག་ནི། བསླབ་པ་འདི་ལ་བསླབས་པས་དེ་བཞིན་གཤེགས་པས་ལུང་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ། བསླབ་པ་འདི་ལ་ནི། གང་གིས་ཤེས་པར་འགྱུར་བའི་བདག་གམ། བདག་གི་ཞེས་བྱ་བའམ། བདག་གི་སློབ་བོ་སྙམ་དུ་འཛིན་པ་མེད་དེ། ཡང་དག་པར་ཞུགས་པ་དེ་ནི། བདག་སློབ་བོ་སྙམ་དུ་དེ་ལྟར་མི་སེམས་སོ། །སྨྲས་པ། ཇི་ཙམ་གྱིས་ན་ཡང་དག་པར་ཞུགས་པར་འགྱུར། སྨྲས་པ། གང་མཉམ་པ་ཉིད་ལ་སྣོན་པར་ཡང་མི་བྱེད། འབྲི་བར་ཡང་མི་བྱེད། ལེན་པར་ཡང་མི་བྱེད། འདོར་བར་ཡང་མི་བྱེད་པ་དང ། གང་མཉམ་པ་ཉིད་ལ་ཆོས་འདི་དག་ནི། མཆོག་གོ་།ཆོས་འདི་དག་ནི། ངན་པའོ། །ཞེས་གཉིས་སུ་མི་འབྱེད་ཅིང་ཆོས་འདི་ལ་ཡང་དག་པར་སོ་སོར་ཤེས་ཏེ། དེ་ལྟར་ཞུགས་པ་གང་ཡིན་པ་དེ་ནི། ཡང་དག་པར་ཞུགས་པ་ཞེས་བྱའོ། །དེ་ནས་ལྷའི་བུ་ཟླ་མཆོག་གིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ། ཁྱོད་ཀྱིས་ཆོས་གང་དག་ཐོབ་པ་དང ། ཆོས་གང་དག་སྤངས་པའི་ཕྱིར་དེ་བཞིན་གཤེགས་པས་ལུང་བསྟན། སྨྲས་པ། ལྷའི་བུ། བདག་ནི། སོ་སོའི་སྐྱེ་བོའི་ཆོས་
238a
༄#། །རྣམས་སྤངས་པ་དང ། སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པའི་ཕྱིར་དེ་བཞིན་གཤེགས་པས་ལུང་བསྟན་པ་མ་ཡིན་གྱི། ལྷའི་བུ། བདག་ནི། ཆོས་འདི་དག་མ་སྤངས་མ་ཐོབ་པའི་ཕྱིར་དེ་བཞིན་གཤེགས་པས་ལུང་བསྟན་ཏོ། །སྨྲས་པ། དེ་ལྟ་ན་ནི། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་ལུང་བསྟན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སོ་སོའི་སྐྱེ་བོ་རྣམས་ནི། སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་མ་སྤངས་ལ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མ་ཐོབ་པའི་ཕྱིར་རོ། །སྨྲས་པ། ལྷའི་བུ། སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱིས་ཅི་ཞིག་སྤྲོས་པར་བྱེད། སྨྲས་པ། སྟོང་པ་ཉིད་དང ། ཆོས་ཉིད་སྤྲོས་པར་བྱེད་དོ། །སྨྲས་པ། སངས་རྒྱས་ཀྱི་ཆོས་དེ་དག་གིས་ཅི་ཞིག་སྤྲོས་པར་བྱེད། སྨྲས་པ། དེ་བཞིན་ཉིད་དང ། ཡང་དག་པའི་མཐའ་སྤྲོས་པར་བྱེད་དོ། །སྨྲས་པ། སྟོང་པ་ཉིད་དང ། ཆོས་ཉིད་སྤྲོས་པར་ནུས་སམ། སྨྲས་པ། ལྷའི་བུ། དེ་ནི། མ་ཡིན་ནོ། །སྨྲས་པ། དེ་བཞིན་ཉིད་དང ། ཡང་དག་པའི་མཐའ་སྤྲོས་པར་ནུས་སམ། སྨྲས་པ། དེ་ནི། མ་ཡིན་ནོ། །སྨྲས་པ། ལྷའི་བུ། བདག་གིས་དེ་ལས་བསམ་སྟེ་སོ་སོའི་སྐྱེ་བོའི་ཆོས་རྣམས་མ་སྤངས་པ་དང ། སངས་རྒྱས་ཀྱི་ཆོས་རྣམས་མ་ཐོབ་པའི་ཕྱིར་དེ་བཞིན་གཤེགས་པས་བདག་ལུང་བསྟན་ཏོ། །ཞེས་སྨྲའོ། །སྨྲས་པ། ཅི་སྟོང་པ་ཉིད་དང ། ཆོས་ཀྱི་དབྱིངས་དང ། དེ་བཞིན་
238b
ཉིད་དང ། ཡང་དག་པའི་མཐའ་བྱང་ཆུབ་ཏུ་ཇི་ལྟར་ལུང་བསྟན་པ་དེ་བཞིན་དུ་ཁྱོད་དེ་བཞིན་གཤེགས་པས་བྱང་ཆུབ་ཏུ་ལུང་བསྟན་ཏམ། སྨྲས་པ། བདག་ནི། སྟོང་པ་ཉིད་དང ། ཆོས་ཀྱི་དབྱིངས་དང ། དེ་བཞིན་ཉིད་དང ། ཡང་དག་པའི་མཐའ་ཇི་ལྟ་བ་བཞིན་དུ་ལུང་བསྟན་ཏོ། །ལྷའི་བུ། ཆོས་འདི་དག་གི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་ལུང་བསྟན་པའང་དེ་བཞིན་ཏེ།་གང་ལུང་བསྟན་ཟིན་པའང་དེ་བཞིན་ནོ། །གང་ལུང་སྟོན་པའང་དེ་བཞིན་ནོ། །གང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའམ། མངོན་པར་རྫོགས་པར་འཚང་རྒྱ་བའང་དེ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་མཆོག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ལྷའི་བུ་ཟླ་བ་འདི་ནི། ཟབ་མོའི་ཤེས་རབ་དང་ལྡན་པ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ། བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཉིད་ནི། དེ་ཡིན་ཏེ། ལན་ཅི་དང་ཅི་འདེབས་པ་དེ་དག་ཐམས་ཅད་ཆོས་ཀྱི་དབྱིངས་ཁོ་ནས་འདེབས་ལ་ཆོས་ཀྱི་དབྱིངས་ནི། བསྟན་པའམ། ལན་གདབ་པའམ། བརྗོད་པར་ཡང་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ནི། བརྗོད་དུ་མེད་ཅིང་བསྙད་དུ་མེད་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་ཁམས་ཀྱང་དེ་དང་འདྲའོ། །སེམས་ཅན་གྱི་ཁམས་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཡུལ་ཡང་
239a
༄#། །དེ་དང་འདྲའོ། །ཆོས་ཐམས་ཅད་ཀྱང་དེ་དང་འདྲའོ། །ལྷའི་བུ། བྱང་ཆུབ་སེམས་དཔའ་གང་དག་དེ་ལྟར་ཆོས་ཀྱི་དབྱིངས་ཀྱི་རྗེས་སུ་འགྲོ་བ་དེ་དག་ནི། གཞན་གྱི་དྲིང་མི་འཇོག་པ་ཞེས་བྱའོ། །གཏམ་འདི་བརྗོད་པ་ན་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་ཁང་བཟང་རྣམ་པར་རྒྱལ་བྱེད་ན་འདུག་སྟེ། འཁོར་ཆེན་པོ་ལ་ཆོས་སྟོན་ཅིང་འདུག་གོ་།དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་སྟན་ལས་ལངས་ཏེ་འཆག་པར་བྱེད་དོ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་ཛམྦུའི་གླིང་འདི་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྟོངས་སོ། །སེམས་ཅན་དགེ་བའི་བསམ་པ་ཅན་དག་ཀྱང་མང་ན། དེ་དག་ཆོས་མི་ཐོས་པས་ཡོངས་སུ་ཉམས་པར་འགྱུར་རོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་དེ་ཉིད་ཀྱི་ཕྱིར་ལྷའི་མིག་གིས་ཛམྦུ་གླིང་འདིར་རྣམ་པར་བལྟས་ན། དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཁང་པ་ན་བཤོས་གསོལ་པ་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། འདི་ན་བདག་དང་འདྲ་བའི་དགེ་སློང་འགའ་
239b
ལྟ་ཡོད་དམ་སྙམ་པ་དང ། དེས་བདག་དང་འདྲ་བའི་དགེ་སློང་ཞིག་བཅོམ་ལྡན་འདས་ཀྱི་གཡོན་ལོགས་ན་ཟན་ཟ་ཞིང་འདུག་པ་མཐོང་ནས་དེས་བདག་གི་ལུས་ལ་བརྟགས་སོ། །དེ་བརྟགས་ན་དེ་དེ་ལ་ཅུང་ཟད་ཀྱང་ཐ་དད་པར་མ་མཐོང་སྟེ། བདག་ཉིད་ཀྱི་ཆུ་ཞེང་ཅི་འདྲ་བ་དེའི་ཆུ་ཞེང་ཡང་དེ་ཁོ་ན་དང་འདྲ་ལ་ལྷག་ཆད་མེད་དེ། ཁ་དོག་དེ་དང ། རྟགས་དེ་དང ། དབྱིབས་དེ་ཐ་དད་པ་མེད་པར་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་ཛམྦུའི་གླིང་དུ་མ་གཤེགས་སམ་སྙམ་མོ། །དེས་ཤིང་ཡོངས་སུ་འདུའི་དྲུང་དུ་བལྟས་ན་དེ་ནའང་དེ་བཞིན་གཤེགས་པ་ལྷའི་ཚོགས་ཀྱིས་བསྐོར་ཏེ་ཆོས་སྟོན་ཅིང་བཞུགས་ལ་ཤཱ་རིའི་བུའང་གཡས་ལོགས་ན་འདུག་པ་དང ། མཽངྒལ་གྱི་བུ་འདྲ་བའི་དགེ་སློང་ཡང་གཡོན་ལོགས་ན་འདུག་པ་དང ། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་དེ་ན་འཁོད་པར་མཐོང་ངོ ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་འདི་ལྟར་ངོ་མཚར་ཆེ་བར་གྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ངོ་མཚར་ཆེའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། རྫུ་འཕྲུལ་ཆེའོ། །ཆེ་བར་ཡང་གྲགས་སོ། །མཐུའང་ཆེ་སྟེ། འདི་ལྟར་ཛམྦུའི་གླིང་ནའང་ཆོས་སྟོན་པའི་རྒྱུན་མི་འཆད་ལ། སུམ་ཅུ་རྩ་གསུམ་གྱི་གནས་ནའང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་ཆོས་སྟོན་ཏོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་རྒྱ་ཆེར་ངོ་མཚར་
240a
༄#། །དུ་གྱུར་ནས་ཛམྦུའི་གླིང་དུ་རྣམ་པར་བལྟས་ན། དེས་དེ་བཞིན་གཤེགས་པ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཅིང་བཞུགས་པ་མཐོང་ངོ ། །དེ་ནའང་བདག་ཁོ་ན་དང་འདྲ་བའི་དགེ་སློང་ཁ་དོག་ཀྱང་དེ་དང་འདྲ། རྟགས་ཀྱང་དེ་དང་འདྲ། དབྱིབས་ཀྱང་དེ་དང་འདྲ་བ་ཞིག་མཐོང་ངོ ། །ཤཱ་རིའི་བུ་དང ། འོད་སྲུང་ཆེན་པོ་དང ། ཀ་ཏྱའི་བུ་ཆེན་པོ་དང ། གང་པོ་དང ། རབ་འབྱོར་དང ། ནམ་གྲུ་དང ། རྟ་ཐུལ་དང་ཀ་པི་ན་དང ། ཉན་ཐོས་ཆེན་པོ་ཐམས་ཅད་ཀྱང་ཆུ་ཞེང་དེ་ཁོ་ན་བཞིན་དུ་མཐོང་ངོ ། །རྒྱལ་པོའི་ཁབ་ན་ཇི་ལྟ་བ་བཞིན་དུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནའང་དེ་དང་འདྲའོ། །རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་ཇི་ལྟ་བ་བཞིན་དུ་སུམ་ཅུ་རྩ་གསུམ་པའི་གནས་ནའང་དེ་དང་འདྲའོ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་རྒྱ་ཆེར་ངོ་མཚར་དུ་གྱུར་ནས་ཛམྦུའི་གླིང་དུ་རྣམ་པར་བལྟས་ན། དེས་བཅོམ་ལྡན་འདས་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་པ་དང ། སེར་སྐྱའི་གྲོང་ཁྱེར་ཆེན་པོ་ན་བསོད་སྙོམས་ལ་གཤེགས་པ་མཐོང་སྟེ། དེར་ཡང་མཽངྒལ་གྱི་བུ་དང་འདྲ་བའི་དགེ་སློང་དང ། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཡངས་པའི་
240b
གྲོང་ཁྱེར་ཆེན་པོ་ན་ལི་ཙ་བཱི་གཞོན་ན་དྲི་མ་མེད་པའི་ཟླ་བའི་ཁྱིམ་ན་བཤོས་གསོལ་ཞིང་བཞུགས་པ་མཐོང་སྟེ། དེར་ཡང་བདག་ཁོ་ན་དང་འདྲ་བའི་དགེ་སློང་ཁ་དོག་དེ་འདྲ་བ་དང ། རྟགས་དེ་འདྲ་བ་དང ། དབྱིབས་དེ་འདྲ་བ་དང ། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་དེ་བཞིན་གཤེགས་པ་ཝཱ་ར་ཎཱ་སིའི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་གཤེགས་ནས་སླར་གཤེགས་པ་མཐོང་སྟེ། དེར་ཡང་བདག་དང་འདྲ་བའི་དགེ་སློང་ཁ་དོག་ཀྱང་དེ་འདྲ། རྟགས་ཀྱང་དེ་འདྲ། དབྱིབས་ཀྱང་དེ་འདྲ་བ་དང ། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་ཛམྦུའི་གླིང་འདིར་རྣམ་པར་བལྟས་ན། དེ་བཞིན་གཤེགས་པ་བཞུགས་བཞུགས་པ་གང་ཡང་རུང་སྟེ། གཙུག་ལག་ཁང་ངམ། འཆག་སའམ། ཤིང་དྲུང་ངམ། རྡོ་ལེབ་བམ། ས་ཕྱོགས་གང་ཡང་རུང་བའི་ས་ཕྱོགས་ཇི་སྙེད་པ་དེ་དག་ཐམས་ཅད་དུ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་འདུན་གཉིས་བལྟས་པ་སྤྱོད་ལམ་སྣ་ཚོགས་ཀྱིས་བཞུགས་པ་མཐོང་ངོ ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་རྒྱ་ཆེར་ངོ་མཚར་དུ་གྱུར་ནས་བྱང་གི་སྒྲ་མི་སྙན་གྱི་གླིང་དུ་རྣམ་པར་བལྟས་ན་དེའང་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བྱང་གི་སྒྲ་
241a
༄#། །མི་སྙན་གྱི་གླིང་ན་བསོད་སྙོམས་ལ་གཤེགས་པ་དང ། བསོད་སྙོམས་བཞེས་ནས་བཤོས་གསོལ་ཞིང་བཞུགས་པ་མཐོང་སྟེ། དེ་ནའང་བདག་ཉིད་དང་འདྲ་བའི་དགེ་སློང་དང ། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་ཤར་གྱི་ལུས་འཕགས་ཀྱི་གླིང་དུ་རྣམ་པར་བལྟས་ན། དེས་དེར་ཡང་དེ་བཞིན་གཤེགས་པ་སྐྱེ་བོའི་ཚོགས་ཆེན་པོའི་དབུས་ན་ཆོས་སྟོན་ཅིང་བཞུགས་པ་མཐོང་སྟེ། དེ་ནའང་བདག་ཉིད་དང་འདྲ་བའི་དགེ་སློང་དང ། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ ། །དེ་བཞིན་དུ་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ནའང་དེ་བཞིན་གཤེགས་པ་བསམ་གཏན་ནང་དུ་ཡང་དག་འཇོག་ལ་བཞུགས་ཏེ། སྲོག་ཆགས་སྟོང་ཕྲག་དུ་མ་ཕྱག་འཚལ་ཞིང་འདུག་པ་དང ། ཉན་ཐོས་ཆེན་པོ་ཐམས་ཅད་མེའི་ཁམས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དག་ཀྱང་མཐོང་སྟེ། དེ་ནའང་བདག་ཉིད་དང་འདྲ་བའི་དགེ་སློང་ཞིག་མཐོང་ངོ ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་རྒྱ་ཆེར་ངོ་མཚར་དུ་གྱུར་ནས་ས་བླའི་ལྷ་རྣམས་ཀྱི་གནས་སུ་རྣམ་པར་བལྟས་ན། དེ་ནའང་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ཆོས་སྟོན་པ་མཐོང་སྟེ། དེ་ནའང་བདག་ཉིད་དང་འདྲ་བའི་དགེ་སློང་དང ། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ ། །དེ་
241b
བཞིན་དུ་བར་སྣང་གི་ལྷ་རྣམས་ཀྱི་གནས་སུ་རྣམ་པར་བལྟས་ན། དེ་ནའང་དེ་བཞིན་གཤེགས་པ་འཁོར་བརྒྱ་ཕྲག་དུ་མ་ལ་ཆོས་སྟོན་པ་མཐོང་སྟེ། དེ་ནའང་བདག་ཉིད་དང་འདྲ་བའི་དགེ་སློང་དང ། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ ། །དེ་བཞིན་དུ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང ། སུམ་ཅུ་རྩ་གསུམ་པ་དང ། འཐབ་བྲལ་དང ། དགའ་ལྡན་དང ། འཕྲུལ་དགའ་དང ། གཞན་འཕྲུལ་དབང་བྱེད་རྣམས་སུའང་དེ་དང་འདྲའོ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་ཚངས་པའི་འཇིག་རྟེན་གྱི་བར་དུ་རྣམ་པར་བལྟས་ན། ཚངས་པའི་འཇིག་རྟེན་ནའང་དེ་བཞིན་གཤེགས་པ་ཚངས་པ་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་པ་མཐོང་སྟེ། དེ་ནའང་བདག་ཉིད་དང་འདྲ་བའི་དགེ་སློང་ཁ་དོག་ཀྱང་དེ་འདྲ། རྟགས་ཀྱང་དེ་འདྲ། དབྱིབས་ཀྱང་དེ་འདྲ། ཆུ་ཞེང་ཡང་དེ་ཁོ་ན་དང་འདྲ་བ་མཐོང་ངོ ། །མཽངྒལ་གྱི་བུ་འདྲ་བའི་དགེ་སློང་དེ་དག་ཐམས་ཅད་ཀྱང་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་ཆོས་སྟོན་ཏེ། ཐམས་ཅད་ཀྱང་མཽངྒལ་གྱི་བུ་ཞེས་བྱ་བར་ཤེས་སོ། །ཤཱ་རིའི་བུ་འདྲ་བའི་དགེ་སློང་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་སྣང་བ་ཆེན་པོས་འཁོར་གྱི་མདུན་ན་སེངྒེའི་སྒྲ་སྒྲོག་སྟེ། དེ་དག་ཐམས་ཅད་ཀྱང་ཤཱ་རིའི་བུ་ཞེས་གྲགས་ཏེ། དེ་ལྟར་ཉན་ཐོས་ཆེན་པོ་དེ་དག་རང་རང་གི་སྟོབས་བསྐྱེད་
242a
༄#། །བས་ཆོས་སྟོན་ཏོ། །དེ་ནས་མཽངྒལ་གྱི་བུ་ཆེན་པོ་དགའ་ཞིང་མགུ་ལ་སྤུ་ཟིང་ཞེས་བྱེད་ནས་ངོ་མཚར་དུ་གྱུར་ཏེ་དགའ་བ་དང ། མཆོག་ཏུ་དགའ་བ་སྐྱེས་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ངོ་མཚར་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མཆོག་ཏུ་ངོ་མཚར་ཏོ། །ཞེས་ལན་གསུམ་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་མཽངྒལ་གྱི་བུ་ཆེན་པོ་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །ཞེས་ཚིག་ཏུ་སྨྲ་ཞིང་ཁང་བཟང་རྣམ་པར་རྒྱལ་བྱེད་ནས་ཤུགས་ཆེན་པོས་ཡན་ལག་ལྔས་ཕྱག་བྱས་སོ། །དེའི་ཚེ་ཅ་ཅོའི་སྒྲ་ཆེན་པོ་འཇིག་རྟེན་དུ་གྲགས་ཏེ། སུམ་ཅུ་རྩ་གསུམ་པའི་གནས་ཐམས་ཅད་གཡོས་སོ། །དེ་ནས་ལྷའི་བུ་འབུམ་ཕྲག་དུ་མ་མི་དགའ་བར་གྱུར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས། རྒྱུ་གང་དང་རྐྱེན་གང་གིས་ཅ་ཅོའི་སྒྲ་ཆེན་པོ་དང ། ས་ཆེན་པོ་གཡོ་བ་འཇིག་རྟེན་དུ་བྱུང་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་དག་།དགེ་སློང་མཽངྒལ་གྱི་བུ་འདི་སངས་རྒྱས་ལ་གཅེས་པར་འཛིན་པའི་ཕྱིར་ས་ཆེན་པོའི་སྟེང་དུ་ཕྱག་བྱས་ཏེ། འདི་ནི། དེའི་མཐུ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ་དགེ་སློང་མཽངྒལ་གྱི་བུ་ཆེན་
242b
པོ་ས་ཆེན་པོའི་སྟེང་དུ་ཕྱག་འཚལ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་།དགེ་སློང་མཽངྒལ་གྱི་བུ་དེ་འོང་གི་།དེ་ལ་དྲིས་ཤིག་།དེ་ནས་གནས་བརྟན་མཽངྒལ་གྱི་བུ་ཆེན་པོ་ཁང་བཟང་རྣམ་པར་རྒྱལ་བྱེད་ནས་ལངས་ཏེ་ཤིན་ཏུ་མྱུར་བ་དང ། ཤིན་ཏུ་རིངས་པར་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་པོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ་སོར་མོ་བཅུའི་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་བསྟོད་པ། མགོན་པོ་མཚུངས་མེད་མི་ཡི་དབང་པོ་ཁྱད་པར་བརྙེས། །དྲི་མ་གསུམ་གྱི་ཐ་བ་སྤངས་པ་སེམས་དུལ་བ། །མི་མཆོག་ལྷ་དང་མི་ཡི་མཆོད་པའི་གནས་གྱུར་པ། །རྒྱལ་པའི་བློ་ཡི་སྤྱོད་པ་བསམ་གྱིས་ཡོངས་སུ་མི་ཁྱབ། །ཉི་མ་འབུམ་ཕྲག་མང་པོ་དག་ནི་ཤར་བ་ན། །སེམས་ཅན་ལོང་བ་ཀུན་གྱིས་མཐོང་བར་མི་འགྱུར་བ། །དེ་བཞིན་སྟོབས་བཅུ་མངའ་བ་ཀུན་ཏུ་འོད་ཟེར་ལྡན། །ཉན་ཐོས་ཀུན་གྱིས་ཤེས་པར་སླ་བ་མ་ལགས་སོ། །ཉན་ཐོས་འདི་དག་ཐམས་ཅད་དམུས་ལོང་འདྲ་པ་སྟེ། །སངས་རྒྱས་ཐེག་པ་ཞེས་ནི་འཛིན་པར་ཡོང་མི་བགྱིད། །དེ་བཞིན་གཤེགས་པ་ལ་ནི་དད་པས་མཆི་མོད་ཀྱི། །རྒྱལ་བ་དག་གིས་ཆོས་ཉི་ཀྱང་ནི་ཡོང་མ་འཚལ། །རྒྱ་མཚོ་
243a
༄#། །ཆེན་པོའི་དྲུང་ན་བ་རྗེས་ལྟ་བུ་དང ། །རི་རབ་རྒྱལ་པོ་དང་ནི་ཡུངས་འབྲུ་གཅིག་བུ་དང ། །ཉི་མའི་འོད་དང་སྲིན་བུ་མེ་ཁྱེར་འདྲ་བ་སྟེ། །སངས་རྒྱས་སྤྱན་སྔར་ཉན་ཐོས་འཁོད་རྣམས་དེ་དང་འདྲ། །ལྷུན་པོ་རྣམས་ཀྱང་ཡུངས་འབྲུ་དག་ལ་འདོད་མི་བགྱིད། །མཁའ་ལ་ཉི་མ་གནས་པ་མེ་ཁྱེར་འདོད་མི་བགྱིད། །རྒྱ་མཚོ་ཆེན་པོ་པ་རྗེས་ཆུ་ལ་འདོད་མི་བགྱིད། །བྱང་ཆུབ་སེམས་དཔའ་ཉན་ཐོས་རྣམས་ལ་འདོད་མི་བགྱིད། །དམུས་ལོང་མི་དང་ལྷ་ཡི་མིག་ལྡན་ཅི་འདྲ་དང ། །ཕལ་པའི་མི་དང་འཁོར་ལོས་བསྒྱུར་བ་ཅི་འདྲ་དང ། །ཟླ་བའི་འོད་ཀྱིས་སྐར་མ་རྣམས་ནི་ཟིལ་གནོན་པ། །སངས་རྒྱས་སྤྱན་སྔར་ཉན་ཐོས་འཁོར་རྣམས་དེ་དང་འདྲ། །ལྷ་མོ་སྒྱུར་འཕྲུལ་ལ་ནི་ཐུགས་བརྩེ་དོན་སླད་དུ། །ལྷུན་པོའི་རྩེ་མོ་འདི་ན་རྒྱལ་བ་བཞུགས་པ་ན། །སངས་རྒྱས་དང་ནི་དགེ་སློང་དགེ་འདུན་མི་བཞུགས་པས། །བདག་ནི་ཛམྦུའི་གླིང་འདི་སྟོང་སྙམ་ཡིད་ལ་བགྱིད། ། བཅོམ་ལྡན་བདག་ནི་རྣམ་པར་རྒྱལ་བྱེད་ནང་ན་མཆིས། །ལྷ་ཡི་བུ་མོ་རྣམས་ལ་ཆོས་ནི་སྟོན་པ་ན། །བདག་གིས་ལྷ་ཡི་མིག་གིས་ཛམྦུའི་གླིང་དུ་བལྟས། །གྲོང་ཁྱེར་དང་ནི་ཚོང་འདུས་བརྒྱ་ཕྲག་བརྟག་པ་བགྱིད། །བརྟགས་པའི་ཚེ་ན་བདག་གིས་དེར་ནི་རྒྱལ་བ་མཐོང ། །རྒྱལ་པོའི་ཁབ་དང་མཐུ་ཆེན་གཟུགས་ཅན་སྙིང་པོའི་ཁང ། །གྲོང་རྡལ་མི་དང་
243b
འཁོར་གྱིས་མདུན་གྱིས་བལྟས་པ་ན། །ཉན་ཐོས་རྣམས་དང་ཐབས་ཅིག་ཏུ་ནི་བཤོས་ཀྱང་གསོལ། །གཡོན་ལོགས་ན་ནི་བདག་གི་ཁ་དོག་འདྲ་བ་ཡི། །མཽངྒལ་གྱི་ནི་བུ་མཆིས་པ་ཡང་བདག་གིས་མཐོང ། །གཡས་ལོགས་ན་ནི་ཤཱ་རིའི་བུ་མཆིས་གཞན་དག་ཀྱང ། །རྒྱལ་བ་ཡི་ནི་ཉན་ཐོས་ཐམས་ཅད་འཁོད་པ་མཐོང ། །ལྷུན་པོ་ཡི་ནི་སྟེང་དུ་རྒྱལ་བ་གཤེགས་སྙམ་བགྱིད། །བདག་གིས་བརྟགས་ན་ལྷུན་པོའི་ཟོམ་ན་བཞུགས་པ་མཐོང ། །བདག་ཉིད་ཀྱང་ནི་རྒྱལ་པོའི་ཁབ་ན་མཆིས་པ་དང ། །ལྷུན་པོའི་རྩེ་མོ་དེ་ཉིད་ན་ཡང་མཆིས་པ་མཐོང ། ། གྲོང་ཁྱེར་མཉན་ཡོད་ན་ཡང་འཇིག་རྟེན་མགོན་པོ་ནི། །སྲོག་ཆགས་བྱེ་བ་མང་པོ་དག་ལ་ཆོས་སྟོན་མཐོང ། །དེ་དག་ན་ཡང་བདག་དང་ཤཱ་རིའི་བུ་དང་ནི། །ཉན་ཐོས་གཞན་རྣམས་གང་ལགས་དེ་དག་མཐོང་བར་གྱུར། །ཤཱཀྱ་དག་གི་ནང་དུ་བསོད་སྙོམས་གཤེགས་པ་མཐོང ། །ཡངས་པ་ནས་ནི་སླར་གཤེགས་པའང་མཐོང་བར་གྱུར། །ཝཱ་ར་ཎཱ་སིར་ཡང་ནི་དེ་བཞིན་མཐོང་བར་གྱུར། །ཐམས་ཅད་དུ་ཡང་བདག་ཉིད་ཀྱི་ནི་ལུས་ཀྱང་མཐོང ། །བྱང་གི་སྒྲ་མི་སྙན་གྱི་གླིང་ན་དེ་བཞིན་དུ། །ཚོགས་དང་ལྷན་ཅིག་བསོད་སྙོམས་དག་ལ་རྒྱུ་བ་མཐོང ། །མ་དྲོས་མཚོ་ཡི་ནང་དག་ན་ཡང་ཉན་ཐོས་བཅས། །བསོད་སྙོམས་ཞལ་ཟས་གསོལ་བ་བདག་གིས་མཐོང་བར་གྱུར། །དེ་བཞིན་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་དག་ན། །སེམས་ཅན་བྱེ་བ་ཁྲག་
244a
༄#། །ཁྲིག་མང་པོའི་དོན་མཛད་མཐོང ། །ཐམས་ཅད་དུ་ནི་མཽངྒལ་བུ་ཡང་རྫུ་འཕྲུལ་གྱི། །སྟོབས་ཀྱིས་འགྲོ་བ་རྣམས་ནི་འདུལ་བར་བགྱིད་པ་མཐོང ། །དེ་བཞིན་དུ་ཡང་ཤར་གྱི་ལུས་འཕགས་གླིང་དག་ན། །མི་རྣམས་ལ་ནི་ཆོས་རྣམས་སྣ་ཚོགས་སྟོན་པ་མཐོང ། །དེ་ན་ཡང་ནི་བདག་དང་ཤཱ་རིའི་བུ་དག་དང ། །གཞན་ཡང་ཉན་ཐོས་གང་ལགས་དེ་དག་བདག་གིས་མཐོང ། །དེ་བཞིན་ས་བླ་བ་ཡི་ལྷ་ཡི་གནས་རྣམས་དང ། །བར་སྣང་དག་ན་ཆོས་ནི་སྟོན་ཅིང་བཞུགས་པ་མཐོང ། །ཆོས་ཀྱི་མངའ་བདག་དམ་པ་ཁྱོད་ནི་འཇིག་རྟེན་སྐྱོང ། །བཞི་པོ་དག་ལ་ཆོས་རྣམས་སྟོན་ཅིང་བཞུགས་པ་མཐོང ། །དེ་བཞིན་དུ་ཡང་འཐབ་བྲལ་ལྷ་རྣམས་ནང་དུ་མཐོང ། །དེ་ནས་ཤཱཀྱ་སེངྒེ་དགའ་ལྡན་དག་ཏུ་མཐོང ། །རབ་འཕྲུལ་དག་དང་གཞན་འཕྲུལ་དབང་བྱེད་དག་ན་ཡང ། །མགོན་པོ་ཉན་ཐོས་རྣམས་དང་བཅས་པ་བདག་གིས་མཐོང ། །ཚངས་པའི་འཇིག་རྟེན་དག་ན་ཚངས་པ་བྱེ་བ་ལ། །ཆོས་རྣམས་སྟོན་ཅིང་བཞུགས་པ་བདག་གིས་མཐོང་བར་གྱུར། །ཐམས་ཅད་དུ་ཡང་བདག་གི་ལུས་དང་དེ་བཞིན་དུ། །གཞན་ཡང་རྒྱལ་བའི་ཉན་ཐོས་རྣམས་ནི་བདག་གིས་མཐོང ། །གཙུག་ལག་ཁང་དང་འཆག་ས་ཤིང་གི་གནས་རྣམས་དང ། །ཕུག་རྣམས་གང་ན་སྔོན་ཆད་སངས་རྒྱས་བཞུགས་བཞུགས་པ། །ཐམས་ཅད་དུའང་ཤཱཀྱ་སེངྒེ་ཅི་འདྲ་བ། །དེ་འདྲའི་ཆོས་ཀྱི་
244b
རྒྱལ་པོ་བདག་གིས་མཐོང་བར་གྱུར། །དཔའ་བོ་ཁྱོད་ཀྱི་ཆོས་ཉིད་འདི་ནི་བདག་གིས་སུ། །མཐོང་ནས་བདག་ནི་ངོ་མཚར་རྨད་དུ་འཛིན་པར་གྱུར། །སངས་རྒྱས་འོད་མཛད་དེ་དག་རྣམས་ཀྱི་རྫུ་འཕྲུལ་མཆོག་།འདི་འདྲ་དེ་དག་ངོ་མཚར་རབ་ཏུ་ཆེ་བ་ལགས། །རྣམ་འདྲེན་སུམ་ཅུ་གསུམ་ན་བཞུགས་པར་མ་བས་ཀྱི། །ཛམྦུའི་གླིང་ན་ཐམས་ཅད་དུ་ཡང་སྣང་ཞིང་བཞུགས། ། གྲོང་རྣམས་དང་ནི་ཡུལ་འཁོར་གྲོང་ཁྱེར་དག་ན་ཡང ། །ཁ་དོག་མཐུན་པ་ཡིས་ནི་ཆོས་རྣམས་སྟོན་ཅིང་བཞུགས། །འཇིག་རྟེན་མགོན་པོ་ཁྱོད་ནི་ཇི་ལྟར་མཐོང་བ་བཞིན། །དེ་སྙེད་ཀྱི་ནི་ཤཱ་རིའི་བུ་དང་གསུས་པོ་ཆེ། །ཀ་པི་ན་དང་ནམ་གྲུ་ཀཱ་ཏྱ་ནའི་བུ། །གང་པོ་དང་ནི་རབ་འབྱོར་འོད་སྲུང་མཐོང་བར་གྱུར། །ཐོས་པ་རྒྱ་མཚོ་ལྟ་བུས་དགེ་བ་ཀུན་དགའ་བོ། །ཀུན་ཏུ་སངས་རྒྱས་རྣམས་ལ་ཞུ་བ་བདག་གིས་མཐོང ། །ཐམས་ཅད་དུ་ཡང་བདག་གི་ལུས་ནི་མདོག་དང་རྟགས། །མཚུངས་ཤིང་ལྷག་པ་མ་མཆིས་བདག་གིས་མཐོང་བར་གྱུར། །སངས་རྒྱས་བསམ་གྱིས་མི་ཁྱབ་རྣམས་ལ་ཕྱག་འཚལ་ཞེས། །བདག་གིས་ལྷུན་པོའི་ཟོམ་ལ་ཆེད་དུ་བརྗོད་པ་བརྗོད། །བདག་གི་སྤུ་ཡང་ཟིང་ཞེས་བགྱིད་དེ་གུས་པས་གནས། །ཡན་ལག་ལྔ་པོ་རྣམས་ཀྱིས་ཀྱང་ནི་ཕྱག་བགྱིས་ལགས། །སྒྲ་སྐད་ཆེན་པོ་དག་ཀྱང་ཡོངས་སུ་གྲགས་པར་གྱུར། །སྟོང་གསུམ་ས་གཞི་དག་ཀྱང་རབ་ཏུ་གཡོས་པར་གྱུར། །ལྷུན་པོའི་རྩེ་མོ་འདི་ཡང་ཀུན་དུ་སྣང་
245a
༄#། །བར་གྱུར། །རྒྱལ་བ་དེས་པ་དག་གི་མཐུ་ནི་མཐོང་གྱུར་ནས། །དེ་ལྟར་བདག་ནི་ཤིན་ཏུ་རིངས་པའི་ཚུལ་གྱིས་སུ། །མི་མཆོག་ག་ལ་བཞུགས་པ་དེར་ནི་བདག་མཆིས་ཏེ། །ཆོས་ཀྱི་རྣམ་པར་དབྱེ་བ་མཁས་པ་ཁྱོད་ལ་ཞུ། །རྒྱལ་པ་དེ་བཞིན་གཤེགས་རྣམས་ཇི་ལྟར་རྣམ་པར་འཕྲུལ། །ཛམྦུའི་གླིང་དང་ལྷ་ཡི་འཇིག་རྟེན་དག་དང་ནི། །ལྷོ་ཕྱོགས་དང་ནི་ཤར་ཕྱོགས་བྱང་གི་ཕྱོགས་རྣམས་དང ། །ཚངས་པའི་འཇིག་རྟེན་དང་ནི་བར་སྣང་གནས་བཞུགས་པ། །རྒྱལ་བ་རྣམས་ཀྱི་དེ་ཉིད་གང་ལགས་བདག་ལ་གསུངས། །སྟོན་པ་ཆེན་པོ་རྫུ་འཕྲུལ་ཆེ་བ་འདི་མཐོང་བས། །དེང་ནི་བདག་གིས་རྙེད་པ་ལེགས་པར་རྙེད་པར་གྱུར། །དེ་ཡི་འོག་ཏུ་སངས་རྒྱས་ཐེག་པ་འདི་དག་ལགས། །བདག་ཉིད་དམན་པར་གྱུར་པ་དེང་དུ་མྱ་ངན་བགྱིད། །གལ་ཏེ་བདག་སེམས་རྣམ་པར་གྲོལ་བར་མ་གྱུར་ན། །བྱང་ཆུབ་ཏུ་ནི་ད་ལྟར་སེམས་ཀྱང་བསྐྱེད་པ་ཞིག་།བཅོམ་ལྡན་བདག་གི་ཟག་པ་ཟད་པས་བགྱིར་མ་མཆིས། །བདག་ནི་སངས་རྒྱས་ཡེ་ཤེས་འདི་ཡི་སྣོད་མ་ལགས། །ཇི་ལྟར་རྒྱ་མཚོར་རིན་ཆེན་དོན་དུ་སོང་སོང་ན། །ཀྱི་ཧུད་ནོར་བུ་རིན་ཆེན་པོར་ཏེ་མཆིང་བུ་བླངས། །བྱང་ཆུབ་བོར་ནས་ཉན་ཐོས་གྱུར་པ་གང་ལགས་པའི། །སེམས་ཅན་རྣམས་ཀྱང་ང་ནི་དེ་འདྲར་མཁྱེན་པར་མཛོད། །སེམས་ཅན་དམན་པ་ངན་པའི་ལྟ་བ་ཅན་དག་ནི། །
245b
རྒྱ་ཆེན་བྱང་ཆུབ་ཏུ་ནི་སེམས་ཀྱང་སྐྱེ་མི་འགྱུར། །བརྩོན་འགྲུས་ལྡན་ཞིང་མཐུ་རྩལ་བརྟན་པ་གང་ལགས་པ། །དེ་དག་སངས་རྒྱས་ཡེ་ཤེས་ལ་ནི་འདུན་པ་སྐྱེད། །མགོན་པོ་བདག་ནི་ཐལ་མོ་སྦྱར་ནས་སངས་རྒྱས་ཀྱི། །ཡེ་ཤེས་མཆོག་ཞུགས་གང་ལགས་པ་ལ་ཕྱག་ཀྱང་འཚལ། །ཤཱཀྱ་སེངྒེ་བཞིན་དུ་དེ་དག་རྣམ་པར་འཕྲུལ། །བདག་ནི་འདི་ལ་ཡིད་གཉིས་མི་འཚལ་དོགས་མ་མཆིས།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽངྒལ་གྱི་བུ། ཁྱོད་ཀྱི་ཡུལ་ཇི་ལྟ་བ་དེ་བཞིན་དུ་ཁྱོད་ཀྱིས་མཐོང་ཞིང་ལྟ་བར་ཟད་ཀྱི། མཽངྒལ་གྱི་བུ།་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་གང་ཡིན་པ་ནི། སེམས་ཅན་ཐམས་ཅད་རང་སངས་རྒྱས་སུ་གྱུར་པས་ཀྱང་ཀུན་ཤེས་པའམ། རྣམ་པར་ཤེས་པར་མི་ནུས་ན། ཉན་ཐོས་ཕྱོགས་གཅིག་པ་ལ་སྤྱོད་ཅིང་ཕྱོགས་གཅིག་གི་ཤེས་པ་དང་ལྡན་པ་ཁྱོད་ཀྱིས་ལྟ་ག་ལ་ཤེས། མཽངྒལ་གྱི་བུ། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་སྟོན་གྱི། དེའི་བར་དུ་འཁོར་མ་འོངས་པ་རྣམས་ནི། འདུས་ཤིག་།འཁོར་འདུས་པ་རྣམས་ནི། འཁོད་དུ་ཆུག་ཅིག་།བཅོམ་ལྡན་འདས། དེ་ལྟར་འཚལ་ལོ། །ཞེས་གསོལ་ཏེ། ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་བཅོམ་
246a
༄#། །ལྡན་འདས་ཀྱི་ལྟར་མཉན་ནས་ལུས་འབར་ཞིང་འོད་ཟེར་དག་འགྱེད་བཞིན་དུ་དེའི་ཚེ་ཚངས་པའི་འཇིག་རྟེན་དུ་འདུག་ནས་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་སུ་སྐད་ཀྱིས་བསྒོ་སྟེ་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བསྐལ་པ་བྱེ་བ་ཁྲག་ཁྲིག་རྣམས་སུ་ཡང ། །དེ་བཞིན་གཤེགས་རྣམས་འབྱུང་བ་ཤིན་ཏུ་དཀོན། །ུ་དུམྦ་རའི་མེ་ཏོག་ཇི་ལྟ་བ། །འདྲེན་པ་རྣམས་མཐོང་བ་ཡང་དེ་དང་འདྲ། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྫུ་འཕྲུལ་ཆེ། །བསོད་ནམས་སྟོབས་དང་ལྡན་ཞིང་བུ་སྟོང་དང་།། རིན་ཆེན་བདུན་ལྡན་འདོད་པ་གང་ཡིན་པ། །དེ་ནི་སོང་ལ་སངས་རྒྱས་ཆོས་ཉོན་ཅིག་།བརྒྱ་བྱིན་ཚངས་པར་འགྱུར་བར་སུ་འདོད་དང ། །འདིར་ནི་ལྷ་མིའི་བདེ་བ་གཞན་དག་གིས།། དགའ་ཞིང་རྩེ་ལ་རྟག་ཏུ་བདེ་ལྡན་འདོད། །དེ་ནི་ཆོས་ཀྱི་རྒྱལ་པོ་ལྟར་སོང་ཞིག་།ཉོན་མོངས་ཀུན་བསྐམས་ཞི་བ་མྱ་ངན་འདས། །བདུད་རྩི་རེག་དང་རྫུ་འཕྲུལ་སྟོབས་གནས་ནས།། རྣམ་པར་འཕྲུལ་པར་འདོད་པ་གང་ཡིན་པ། །དེ་ནི་སོང་ལ་རྒྱལ་བའི་ཆོས་ཉོན་ཅིག་།རང་སངས་རྒྱས་སམ་ཉན་ཐོས་འགྱུར་བ་འམ། །ཡང་ན་སྟོབས་བཅས་དཔུང་བཅས་བདུད་བཏུལ་ནས། །སངས་རྒྱས་རྐང་གཉིས་མཆོག་འགྱུར་འདོད་པ་གང ། །དེ་ནི་ཆོས་ཀྱི་མངའ་བདག་བལྟར་སོང་ཞིག་།དེ་ནས་གནས་བརྟན་མཽངྒལ་གྱི་བུས་བསྐུལ་བའི་ལྷ་བྱེ་བ་ཁྲག་ཁྲིག་
246b
འབུམ་ཕྲག་དུ་མ་དང ། འདོད་པ་ན་སྤྱོད་པ་དང ། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་མྱུར་བ་མྱུར་བར་ཤིན་ཏུ་རིངས་པར་མེ་ཏོག་དང ། མེ་ཏོག་ཕྲེང་དང ། སྤོས་དང ། ཕྱེ་མ་ཁྱེར་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། ། དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུས་རྫུ་འཕྲུལ་དེ་བཏང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་ཏེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽངྒལ་གྱི་བུ། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང ། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་བའི་ཆོ་འཕྲུལ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ངས་བཤད་དོ། །བཅོམ་ལྡན་འདས། དེ་ལྟར་འཚལ་ལོ། །ཞེས་གསོལ་ཏེ། ཚེ་དང་ལྡན་པ་མཽངྒལ་གྱི་བུ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང ། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽངྒལ་གྱི་བུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི། ཟླ་བ་བྱེ་བ་ཕྲག་བརྒྱ་དང ། ཉི་མ་བྱེ་བ་ཕྲག་བརྒྱ་དང ། རྒྱ་མཚོ་ཆེན་པོ་བྱེ་བ་ཕྲག་བརྒྱ་དང ། རིའི་རྒྱལ་པོ་རི་རབ་བྱེ་བ་ཕྲག་བརྒྱ་དང ། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་
247a
༄#། །བྱེ་བ་ཕྲག་བརྒྱ་ཡོད་དེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ཡིན་ནོ། །མཽངྒལ་གྱི་བུ། འདི་ཇི་སྙམ་དུ་སེམས། གླིང་ཆེན་པོ་བཞི་པ་འདི་འབའ་ཞིག་ཏུ་ང་མངོན་པར་རྫོགས་པར་སངས་རྒྱས་ཀྱི། གླིང་གཞན་དུ་ནི། མ་ཡིན་ནོ་སྙམ་དུ་སེམས་ན། མཽངྒལ་གྱི་བུ། ཁྱོད་ཀྱིས་དེ་ལྟར་བལྟ་བར་མི་བྱ་སྟེ། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་རྣམས་ཇི་ལྟར་ཡོངས་སུ་སྨིན་པ་བཞིན་དུ་ང་ཆོས་སྟོན་ཏེ། ཁ་ཅིག་ཏུ་ནི། མངོན་པར་རྫོགས་པར་སངས་རྒྱས། ཁ་ཅིག་ཏུ་ནི། ད་དུང་མའི་མངལ་ན་གནས། ཁ་ཅིག་ཏུ་ནི། དགའ་ལྡན་གྱི་གནས་ན་འདུག་།ཁ་ཅིག་ཏུ་ནི། ཡོངས་སུ་མྱ་ངན་ལས་འདས་པར་ངས་ཡང་དག་པར་ཤེས་སོ། །བམ་པོ་གསུམ་པ་སྟེ་ཐ་མ། མཽངྒལ་གྱི་བུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འདི་ཉིད་ཀྱི་ཤར་ཕྱོགས་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཁྲི་ཉིས་སྟོང་འདས་པ་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་རྡུལ་མེད་ཅེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡུལ་བྲལ་བློ་གྲོས་ཞེས་བྱ་བ་ད་ལྟར་ཆོས་སྟོན་ཏོ། །མཽངྒལ་གྱི་བུ། གླིང་ཆེན་པོ་
247b
བཞི་པའི་འཇིག་རྟེན་གྱི་ཁམས་དེ་ན་འཁོད་པའི་སེམས་ཅན་དེ་དག་ནི། འདོད་ཆགས་ཆུང་བ་དང ། ཞེ་སྡང་ཆུང་བ་དང ། གཏི་མུག་ཆུང་བ་དང ། བྱང་བཟང་བ་དང ། ལེགས་པར་བཤད་ཀྱིས་བྱང་བར་བྱེད་པ་ཡིན་ནོ། །དེ་ན་བྱང་ཆུབ་སེམས་དཔའི་ཐེག་པ་པ་ནི། ཉུང་བ་སྟེ། ཕལ་ཆེར་ཉན་ཐོས་ཀྱི་ཐེག་པ་པ་ཡིན་ནོ། །མཽངྒལ་གྱི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡུལ་བྲལ་བློ་གྲོས་དེས་ཆོས་བསྟན་པ་རེ་རེ་ལ་ཉན་ཐོས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དག་འདུལ་བར་བྱེད་དེ། ད་ལྟར་འདི་ན་རྒྱུན་དུ་ཞུགས་པ་ཞེས་བྱ་བ་དང ། ལན་གཅིག་ཕྱིར་འོང་བ་ཞེས་བྱ་བ་དང ། ཕྱིར་མི་འོང་བ་ཞེས་བྱ་བ་བསྟན་པ་དེ་ལྟ་བུའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞི་རྣམ་པར་གཞག་པ་ནི། དེ་ན་མེད་ཀྱི། དེ་དག་ཐམས་ཅད་ནི། སྟན་གཅིག་ལ་འདུག་པ་ཤ་སྟག་སྟེ། ཁ་ཅིག་ནི། མངོན་པར་ཤེས་པ་མངོན་སུམ་དུ་བྱེད་ཅིང་རྣམ་པར་ཐར་པ་བརྒྱད་རྗེས་སུ་ཐོབ་པ་དང ། ཡེ་ཤེས་ཆེན་པོ་ཐོབ་ནས་ཏ་ལ་བདུན་སྲིད་ཙམ་གྱི་ནམ་མཁའ་ལ་མངོན་པར་འཕགས་ནས་རང་གི་མེའི་ཁམས་ཀྱིས་རང་གི་ལུས་མེས་སྲེག་པར་བྱེད་དེ། ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་གི་ཐལ་བའི་བག་ཙམ་ཡང་མེད་དོ། །མཽངྒལ་གྱི་བུ། དེ་ལྟར་ན་དེ་བཞིན་གཤེགས་པ་དེ་རྒྱུན་མི་འཆད་པར་ཆོས་སྟོན་ཅིང་སེམས་ཅན་རྣམས་རྣམ་པར་གྲོལ་བར་བྱེད་ལ་རྒྱུན་མི་འཆད་
248a
༄#། །པར་ཉན་ཐོས་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བར་བྱེད་དོ། །དེ་ན་སྦྱིན་པའང་མེད། ལེན་པའང་མེད་དོ། །བཟའ་བ་དང ། བཏུང་བ་དང ། གོས་རྣམས་བསམ་པ་ཙམ་གྱིས་འབྱུང་བར་འགྱུར་ཏེ། དཔེར་ན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་དང་འདྲའོ། །དེ་ན་སེམས་ཅན་རྣམས་མངལ་ན་གནས་པ་མེད་དེ། རྫུས་ཏེ་སྐྱེའོ། །ས་གཞི་ཆེན་པོ་དེའང་གསེར་ལས་གྲུབ་པ་ཡིན་ནོ། །མཽངྒལ་གྱི་བུ། དེ་བཞིན་གཤེགས་པ་རྡུལ་བྲལ་བློ་གྲོས་དེའི་འཇིག་རྟེན་གྱི་ཁམས་དེ་ན་མི་དེ་དག་གི་ཚེའི་ཚད་ནི། ལོ་ལྔ་བརྒྱ་ཐུབ་སྟེ། བར་མ་དོར་འཆི་བ་མེད་དོ། །མཽངྒལ་གྱི་བུ། འདི་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་དེ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྡུལ་བྲལ་བློ་གྲོས་ཞེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། མཽངྒལ་གྱི་བུ། ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་དེ་སྐད་ཅེས་བྱ་བས་ཆོས་སྟོན་ཏོ། །མཽངྒལ་གྱི་བུ། འདིའང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། དེ་ལ་ནི། ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ། །མཽངྒལ་གྱི་བུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན་ལྷོ་ཕྱོགས་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཁྲི་བརྒྱད་སྟོང་འདས་པ་
248b
ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་རིན་ཆེན་འབྱུང་ཞེས་བྱ་བ་རིན་པོ་ཆེ་སྣ་བཞི་འདི་ལྟ་སྟེ། གསེར་དང ། དངུལ་དང ། ཤེལ་དང ། རྡོའི་སྙིང་པོ་ལས་གྲུབ་པ་ཞིག་ཡོད་དེ།་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་ཕུང་པོ་ཞེས་བྱ་བ་ད་ལྟར་ཆོས་སྟོན་ཏེ། མཽངྒལ་གྱི་བུ། དེ་བཞིན་གཤེགས་པ་དེ་ནི། ཤས་ཆེར་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ལས་བརྩམས་ནས་ཆོས་སྟོན་ཏེ། དེ་ན་ནི། ཉན་ཐོས་ཀྱི་ཐེག་པ་པ་དག་ཀྱང་ཉུང་ངོ ། །བྱང་ཆུབ་སེམས་དཔའི་ཐེག་པ་པ་དག་ཀྱང་ཉུང་ངོ ། །རང་སངས་རྒྱས་ཀྱི་ཐེག་པ་པའི་སེམས་ཅན་གང་དག་ཡིན་པ་དེ་དག་འཇིག་རྟེན་གྱི་ཁམས་དེ་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་གཞན་སངས་རྒྱས་ཀྱི་ཞིང་སྟོང་པ་དག་ཏུ་སྐྱེ་བར་འགྱུར་ཏེ། དེ་དག་རྐྱེན་གཉིས་ཀྱིས་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་རོ། །མཽངྒལ་གྱི་བུ། འདི་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་དེ་ན་བཞུགས་པའི་དེ་བཞིན་བཞིན་གཤེགས་པ་རིན་ཆེན་ཕུང་པོ་ཞེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། མཽངྒལ་གྱི་བུ། ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་དེ་སྐད་ཅེས་བྱ་བས་ཆོས་སྟོན་ཏོ། །མཽངྒལ་གྱི་བུ། འདིའང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། དེ་ལ་ནི། ཉན་ཐོས་དང ། རང་སངས་རྒྱས་
249a
༄#། །ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ། །མཽངྒལ་གྱི་བུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ནས་ནུབ་ཕྱོགས་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཉི་ཁྲི་ཉིས་སྟོང་འདས་པ་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་རིན་ཆེན་སྣ་ཚོགས་ཅན་ཞེས་བྱ་བ་རིན་པོ་ཆེ་སྣ་བདུན་གསེར་དང ། དངུལ་དང ། བཻ་ཌཱུརྱ་དང ། ཤེལ་དང ། རྡོའི་སྙིང་པོ་དང ། མུ་ཏིག་དམར་པོ་དང ། སྤུག་ལས་གྲུབ་པ་ཞིག་ཡོད་དེ། མཽངྒལ་གྱི་བུ། འཇིག་རྟེན་གྱི་ཁམས་དེ་ན་རིན་པོ་ཆེ་ལས་བྱས་པའི་འཆགས་དག་དང ། རིན་པོ་ཆེ་ལས་བྱས་པའི་ཁང་པ་བརྩེགས་པ་དག་དང ། རིན་པོ་ཆེའི་སྟེགས་བུས་བརྒྱན་པའི་རྫིང་བུ་དག་ཀྱང་ཡོད་དོ། །བཟའ་བ་དང ། བཏུང་བ་དང ། གོས་ཀྱང་བསམ་པ་ཙམ་གྱིས་འབྱུང་བར་འགྱུར་ཏེ། དཔེར་ན། དགའ་ལྡན་གྱི་ལྷ་རྣམས་ཀྱི་ཉེ་བར་སྤྱོད་པ་དང ། ལོངས་སྤྱོད་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་ན་འཁོད་པའི་མི་དེ་དག་གི་ཉེ་བར་སྤྱོད་པ་དང ། ལོངས་སྤྱོད་ཀྱང་དེ་དང་འདྲའོ། །དེ་ན་བུད་མེད་ཀྱི་མིང་ཡང་མི་གྲག་གོ་།དེ་ན་བུད་མེད་སྐྱེ་བའང་མེད་དོ། །དེ་ན་སེམས་ཅན་དེ་དག་འཁྲིག་པའི་ཆོས་ཀུན་ཏུ་སྤྱོད་པའང་མེད་དོ། །སེམས་ཅན་དེ་དག་འདོད་པའི་རྟོག་པའང་མི་བྱེད། གནོད་སེམས་ཀྱི་རྟོག་པའང་མི་བྱེད། རྣམ་པར་འཚེ་བའི་རྟོག་པའང་མི་བྱེད་དོ། །དེ་ན་སུའང་མངལ་
249b
ན་གནས་པ་མེད་དེ། སེམས་ཅན་དེ་དག་བརྫུས་ཏེ་སྐྱེ་ཞིང་སྐྱིལ་མོ་ཀྲུང་བཅས་བཞིན་དུ་འབྱུང་ངོ ། །མཽངྒལ་གྱི་བུ། རིན་ཆེན་སྣ་ཚོགས་ཅན་གྱི་འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་ཞེས་བྱ་བ་ད་ལྟར་ཆོས་སྟོན་ཏེ། བྱང་ཆུབ་སེམས་དཔའི་སྟེ་སྣོད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་གཟུངས་ཀྱི་རྡོ་རྗེའི་ཚིག་འཁོར་གསུམ་ཡོངས་སུ་ཆད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་མ་གཏོགས་པར་གཏམ་གཞན་མི་གསུང་ངོ ། །དེ་ན་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་དོ། །སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། ། སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ། །དེ་ན་ཐེག་པ་གཉིས་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང ། རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་གཞག་པ་ཡང་མེད་དེ། བྱང་ཆུབ་སེམས་དཔའ་ཉེས་པའི་དྲི་ང་བ་མེད་ཅིང་འཁྲིག་པ་དང་བྲལ་བ་འབའ་ཞིག་གིས་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ཡོངས་སུ་གང་ངོ ། །དེ་བཞིན་གཤེགས་པ་དེའི་ཚེ་ཚད་ནི། ལོ་བརྒྱད་ཁྲི་བཞི་སྟོང་ཐུབ་བོ། །མི་དེ་དག་ནི། བར་མ་དོར་འཆི་འཕོ་བ་ཡོད་དེ། སེམས་ཅན་
250a
༄#། །སུའང་དེ་ནས་ཤི་འཕོས་ནས་སེམས་ཅན་དམྱལ་བའམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། མི་ཁོམ་པ་རྣམས་སུ་སྐྱེ་བ་མེད་དོ། །བྱང་ཆུབ་སེམས་དཔའ་དེ་དག་ཕལ་ཆེར་དེ་ནས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གཞན་དག་ཏུ་སྐྱེ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་རྣམས་མངོན་སུམ་དུ་འགྱུར་རོ། །གླིང་དེ་དག་ན་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་འཁོད་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ནི། འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང ། བློ་གྲོས་སུ་བློ་གྲོས་གཅིག་གོ་།ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དེ་དག་སངས་རྒྱས་ཀྱི་ཆོས་ལ་དགའ་བ་མ་གཏོགས་པར་གཞན་ལ་དགའ་བ་མི་སྐྱེད་དོ། །ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། མི་དེ་དག་ཀྱང་ལྷ་ཞེས་བྱ་བའམ། ཀླུ་ཞེས་བྱ་བའམ། དྲི་ཟ་ཞེས་བྱ་བའམ། མི་ཞེས་བྱ་བར་མིང་དུ་གདགས་པ་ཙམ་ཡོད་པ་མ་གཏོགས་པར་ཐ་དད་དུ་དབྱེར་མེད་དོ། །མཽངྒལ་གྱི་བུ། འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་འཇིག་རྟེན་གྱི་ཁམས་དེ་ན་ཆོས་སྟོན་པ་གང་ཡིན་པ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། མཽངྒལ་གྱི་བུ། ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་
250b
ཁམས་དེ་ན་མིང་དེ་སྐད་ཅེས་བྱ་བས་ཆོས་སྟོན་ཏོ། །མཽངྒལ་གྱི་བུ། འདིའང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། དེ་ནི། ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱིས་ཀུན་ཤེས་པར་སླ་བ་མ་ཡིན་ནོ། །མཽངྒལ་གྱི་བུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ནས་བྱང་ཕྱོགས་སུ་གླིང་ཆེན་པོ་བཞི་བའི་འཇིག་རྟེན་གྱི་ཁམས་སུམ་ཁྲི་དྲུག་སྟོང་འདས་པ་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འཇིགས་མེད་ཅེས་བྱ་བ་རིན་པོ་ཆེ་སྣ་གཉིས་ཏེ། གསེར་དང ། དངུལ་ལས་གྲུབ་པ་ཞིག་ཡོད་དེ། དེ་ན་སེམས་ཅན་དམྱལ་བའི་འཇིགས་པའང་མེད། དུད་འགྲོའི་སྐྱེ་གནས་ཀྱི་འཇིགས་པའང་མེད། གཤིན་རྗེའི་འཇིག་རྟེན་གྱི་འཇིགས་པའང་མེད། མི་ཁོམ་པའི་འཇིགས་པའང་མེད། ངན་འགྲོའི་འཇིགས་པའང་མེད་དོ། །དེ་ན་སེམས་ཅན་སུའང་ཚུལ་ཁྲིམས་ཉམས་པའམ། ལྟ་བ་ཉམས་པའམ། ཆོ་ག་ཉམས་པ་མེད་དོ། །དེ་ན་གཞན་དུ་མུ་སྟེགས་ཅན་སྤྱོད་པ་བ་དང ། ཀུན་ཏུ་རྒྱུ་རྣམས་ཀྱི་མིང་དུ་གདགས་པ་ཡང་མེད་དོ། །མཽངྒལ་གྱི་བུ། འཇིག་རྟེན་གྱི་ཁམས་འཇིགས་མེད་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིགས་མེད་སྦྱིན་ཞེས་བྱ་བ་ད་ལྟར་ཆོས་སྟོན་ཏེ། མཽངྒལ་གྱི་བུ། དེ་བཞིན་གཤེགས་པ་དེ་ནི། འདི་ལྟ་སྟེ། ཉན་ཐོས་སུ་འགྱུར་བ་
251a
༄#། །དང།་རང་སངས་རྒྱས་སུ་འགྱུར་བ་དང ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བའི་ཐེག་པ་གསུམ་ལས་བརྩམས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །མཽངྒལ་གྱི་བུ། དེ་བཞིན་གཤེགས་པ་དེ་གང་གི་ཚེ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་ཤིང་དྲུང་དུ་འགྲོ་བར་འདོད་པ་དང ། བྱང་ཆུབ་ཀྱི་ཤིང་དྲུང་ན་འདུག་པ་དེ་ལ་བདུད་བློ་གྲོས་བཟང་པོ་ཞེས་བྱ་བ་ལ་སོགས་པ་བདུད་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་གཉིས་འོང་བར་འགྱུར་རོ། །དེའི་ཚེ་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔར་གྱུར་པ་ད་དུང་ཐམས་ཅད་མཁྱེན་པ་མ་ཐོབ་པ་དེས་བདུད་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་བྱང་ཆུབ་ཀྱི་ཤིང་སྤྲུལ་པར་བྱེད་དོ།། བྱང་ཆུབ་ཀྱི་ཤིང་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་རང་རང་གི་བྱང་ཆུབ་ཀྱི་ཤིང་དྲུང་ན་འདུག་པ་དག་སྤྲུལ་ཏེ། དེར་བདུད་དེ་དག་ངོ་མཚར་དུ་གྱུར་ནས་ཡང་དག་པའི་བྱང་ཆུབ་སེམས་དཔའ་འདི་གང་ཡིན། བདག་ཅག་གིས་གང་གི་བར་ཆད་བྱ་སྙམ་མོ། །དེ་ནས་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་བདུད་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་།ཆོས་ཐམས་ཅད་ནི། སྒྱུ་མ་ལྟ་བུ་ཡིན་ན་འདི་ཇི་ལྟར་ཁྱོད་ཀྱིས་བར་ཆད་བྱ། གཞན་ཡང་ཁྱེད་ཀུན་གྱིས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
251b
བྱང་ཆུབ་ཏུ་སེམས་བསྐྱེད་པའམ། གང་ཡང་དག་པར་འཛུད་པ་དེའི་བསོད་ནམས་ཇི་སྙེད་འཕེལ་བར་འགྱུར་བ་ཤེས་སམ། ཁྱོད་ཀྱིས་ནི། དེའང་མི་རྟོགས་སོ། །གལ་ཏེ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པའི་བར་ཆད་བྱེད་པའི་བསོད་ནམས་མ་ཡིན་པ་ཇི་སྙེད་འཕེལ་བར་འགྱུར་བ་ཤེས་ན་ནི། ཁྱེད་པར་ཆད་བྱེད་པའི་ཕྱིར་བརྟུལ་བར་མ་བྱེད་ཅིག་།དེ་ནས་བདུད་རྣམས་ཀྱིས་སྨྲས་པ། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའམ། གང་གཞན་ལ་ཁོང་དུ་ཆུད་པར་བགྱིས་ཏེ་ཡང་དག་པར་འཛིན་དུ་འཇུག་པ་དེ་བསོད་ནམས་ཇི་སྙེད་ཅིག་སྐྱེད་པར་བགྱིད། སྨྲས་པ། གྲོགས་པོ་དག་།གང་གིས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེས་ཡོངས་སུ་བཀང་སྟེ་སྦྱིན་པ་བྱིན་པ་བས། གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེ་ནི། དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ། །གྲོགས་པོ་དག་།གང་གིས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་དེ་དག་ཐམས་ཅད་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྐལ་པ་འབུམ་གྱི་བར་དུ་བཀུར་སྟི་བྱས་པ་\?\་བས།་གང་གིས་གཞན་ལ་ཁོང་དུ་ཆུད་པར་བྱས་ཏེ་ཡང་དག་པར་འཛིན་དུ་གཙུག་ན། དེ་ནི། དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ། །དེ་དག་གིས་སྨྲས་པ། གང་
252a
༄#། །གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བྱང་ཆུབ་སེམས་དཔའི་བར་ཆད་བགྱིས་ན། དེ་བསོད་ནམས་མ་ལགས་པ་ཇི་སྙེད་ཅིག་བསྐྱེད་པར་འགྱུར། སྤྲུལ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨྲས་པ། སེམས་ཅན་དེ་དག་གི་མིག་ཕྱུང་ན། དེ་བསོད་ནམས་མ་ཡིན་པ་ཇི་ཙམ་ཞིག་སྐྱེས་པར་འགྱུར། དེ་དག་གིས་སྨྲས་པ། མང་ངོ ། །སྨྲས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བྱང་ཆུབ་སེམས་དཔའི་བར་ཆད་བྱས་པ་ནི་དེ་བས་ཆེས་བསོད་ནམས་མ་ཡིན་པ་མང་དུ་བསྐྱེད་པར་འགྱུར་རོ། །དེ་ནས་བདུད་མང་པོ་དེ་དག་གདམས་ངག་འདི་དག་བསྟན་པ་དང ། ཆོ་འཕྲུལ་འདི་ལྟ་བུ་མཐོང་ནས་ཐམས་ཅད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལའང་ལྷའི་མེ་ཏོག་དང ། མེ་ཏོག་ཕྲེང་དང ། བྱུག་པ་རྣམས་ཀྱིས་མངོན་པར་གཏོར་ཏོ། །སིལ་སྙན་བརྒྱ་སྟོང་དག་ཀྱང་ཀུན་ཏུ་དཀྲོལ་ཏེ་ཚིག་འདི་སྐད་དུ་དེད་དཔོན་ཆེན་པོ་ཁྱོད་མྱུར་བ་མྱུར་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དེའི་འོག་ཏུ་བདག་ཅག་ཀྱང་བྱང་ཆུབ་ལ་དགོད་དུ་གསོལ་ཞེས་ཀྱང་འཛེར་ཏོ། །དེར་ལྷ་གཞན་དག་གིས་ཀྱང་སྒྲ་ཕྱུང་སྟེ། ཀྱེ་མ་བདུད་འདི་དག་གིས་
252b
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་འདི་རྣམས་ནི། ངན་འགྲོའི་འཇིགས་པ་ཐམས་ཅད་ལས་རབ་ཏུ་གྲོལ་ལོ། །ཀྱེ་མ་དེ་བཞིན་གཤེགས་པ་འདི་ནི།་འཇིགས་པ་མེད་པ་སྦྱིན་པ་སྟེ། དེ་བས་ན། དེ་བཞིན་གཤེགས་པ་འདིའི་མཚན་ནི། འཇིགས་མེད་སྦྱིན་འཇིགས་མེད་སྦྱིན་ཞེས་བྱའོ། །ཞེས་འཛེར་ཏོ། །མཽངྒལ་གྱི་བུ ། འདི་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་དེ་དག་ལ་ཆོས་སྟོན་པའི་དེ་བཞིན་གཤེགས་པ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། མཽངྒལ་གྱི་བུ། ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་དེ་སྐད་ཅེས་བྱ་བས་ཆོས་སྟོན་ཏོ། །མཽངྒལ་གྱི་བུ། འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། དེ་ལ་ནི། ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ། །མཽངྒལ་གྱི་བུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན་ཤར་དང་ལྷོའི་ཕྱོགས་མཚམས་སུ་གླིང་ཆེན་པོ་བཞིའི་འཇིག་རྟེན་གྱི་ཁམས་བརྒྱད་ཁྲི་བཞི་སྟོང་འདས་པ་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀུན་ནས་སྣ་ཚོགས་ཅན་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་སྣ་ཚོགས་ཅན་ཞེས་བྱ་བ་ཆོས་སྟོན་ཏོ། །མཽངྒལ་གྱི་
253a
༄#། །བུ།་གླིང་ཆེན་པོ་བཞི་བའི་འཇིག་རྟེན་གྱི་ཁམས་དེ་ཡང་བཀྲ་ཞིང་བལྟ་ན་སྡུག་ལ་མིག་མང་རིས་སུ་འདུག་ཅིང་རིན་པོ་ཆེའི་དྲ་བས་ཁེབས་ལ། ཀ་ཙ་ལིནྡི་ཀ་ལྟར་རེག་ན་བདེ་བའི་རྩཝ་སྔོན་པོ་ཁྲུན་དུ་སོར་བཞི་ཙམ་གྱིས་ཀུན་ཏུ་ཁྱབ་པར་འདུག་གོ་།ས་ཆེན་པོ་དེ་ཡང་རྐང་པ་བཏེག་ན་ནི། བར་ཅེས་བྱེད་ལ། རྐང་པ་བཞག་ན་ནི། ནེམ་ཞེས་བྱེད་དེ། ས་ཆེན་པོ་དེ་ལག་མཐིལ་ལྟར་མཉམ་པར་འདུག་གོ་།མཽངྒལ་གྱི་བུ། ཀུན་ནས་སྣ་ཚོགས་ཅན་གྱི་འཇིག་རྟེན་གྱི་ཁམས་དེ་ན་གྲོང་ཁྱེར་ཆེན་པོ་བཟང་མཆོག་ཅེས་བྱ་བ་འབྱོར་ཅིང་རྒྱས་ལ་བདེ་བ་དང ། ལོ་ལེགས་པ་དང ། ཉམས་དགའ་བ་དང ། སྐྱེ་བོ་དང ། མི་མང་པོས་གང་བ་ཞིག་ཡོད་དེ། གྲོང་ཁྱེར་དེའི་ཤར་ཕྱོགས་ནས་ནུབ་ཕྱོགས་ཀྱི་ཆུར་ནི། དཔག་ཚད་སུམ་ཅུ་རྩ་གཉིས་ཡོད་དོ། །ལྷོ་ཕྱོགས་ནས་བྱང་ཕྱོགས་ཀྱི་ཞེང་དུ་ནི། དཔག་ཚད་བཅུ་གཉིས་ཡོད་དོ། །མཽངྒལ་གྱི་བུ། གྲོང་ཁྱེར་ཆེན་པོ་བཟང་མཆོག་དའི་ནང་ན་སེམས་ཅན་ཆེས་མང་པོ་དག་གནས་ཀྱི། ཡུལ་ཨངྒ་དང ། མ་ག་ངྷ་དང ། ཀུ་རུ་འདི་དག་ན་ནི། དེ་ལྟ་མ་ཡིན་ནོ། །མཽངྒལ་གྱི་བུ། དེ་ལྟར་ན་དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་ཅན་ནི། གྲོང་ཁྱེར་ཆེན་པོ་བཟང་མཆོག་ན་གནས་ཤིང་བཞུགས་ཏེ། དེའི་ཆོས་བསྟན་པ་གཅིག་གིས་སེམས་ཅན་ཁྲག་ཁྲིག་ཕྲག་སུམ་ཅུ་ནི། དགྲ་བཅོམ་པ་
253b
ཉིད་དུ་བཏུལ་ཏོ། །ཁྲག་ཁྲིག་ཕྲག་སུམ་ཅུ་ནི། ཕྱིར་མི་འོང་བའི་འབྲས་བུ་ལ་བཏུལ་ལོ། །ཁྲག་ཁྲིག་ཕྲག་སུམ་ཅུ་ནི། ལན་གཅིག་ཕྱིར་འོང་བའི་འབྲས་བུ་ལ་བཏུལ་ཏོ། །ཁྲག་ཁྲིག་ཕྲག་སུམ་ཅུ་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཏུལ་ཏོ། །ཁྲག་ཁྲིག་ཕྲག་སུམ་ཅུ་ནི། རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །དེའི་ཉིས་འགྱུར་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །གཞན་ཡང་སེམས་ཅན་དཔག་ཏུ་མེད་པ་དག་གི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱས་སོ། །མཽངྒལ་གྱི་བུ། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ན་སྦྲང་རྩི་འབྱུང་ཞེས་བྱ་བའི་ཤིང་ལྗོན་པ་རྟག་ཏུ་མེ་ཏོག་དང་ལྡན་པ་དང ། རྟག་ཏུ་འབྲས་བུ་དང་ལྡན་པ་དག་ཡོད་དེ། མེ་ཏོག་དང ། འབྲས་བུ་དེ་དག་གི་རོ་ནི། དཔེར་ན། རོ་བརྒྱ་དང་སྦྱར་བའི་འབྲས་ཆན་དང་འདྲ་སྟེ། དེ་ལས་སྐྱེས་པའམ། བུད་མེད་དག་གིས་མེ་ཏོག་གཅིག་གམ། འབྲས་བུ་གཅིག་ཟོས་ན། དེ་ཉིན་མཚན་བདུན་གྱི་བར་དུ་དེས་འཚོ་བར་འགྱུར་ཏེ། སྤྲོ་བ་དང ། མདོག་ཀྱང་ཉམས་པར་མི་འགྱུར་ལ། ལུས་གཟི་བྱིན་དང་ཁ་དོག་དང་ལྡན་པར་ཡང་ཉམས་སུ་ཚོར་བར་འགྱུར་བ་དང ། ཟོ་མདོག་ཡང་བར་འགྱུར་རོ། །ཟོས་ནས་ཀྱང་ཕྱི་ས་དང་གཅི་བ་མེད་ལ། ངར་སྣབས་དང་སྣབས་ཀྱང་མེད་དོ། །འཇིག་རྟེན་གྱི་ཁམས་དེ་ན་ཞིང་རྨོད་པའང་མེད། ཚོང་བྱེད་པའང་མེད།
254a
༄#། །རྩིས་བྱེད་པའང་མེད། ལས་སུ་བྱ་བའང་མེད་དེ། སེམས་ཅན་དེ་དག་ནི་མེ་ཏོག་དང ། འབྲས་བུ་ཟའོ། །དེ་ན་ཕྱུག་པོའང་མེད། དབུལ་པོའང་མེད་དེ། སེམས་ཅན་དེ་དག་ལོངས་སྤྱོད་མཉམ་མོ། །མཽངྒལ་གྱི་བུ་དེ་བཞིན་གཤེགས་པ་དེའི་ཉན་ཐོས་ཀྱི་དགེ་འདུན་ནི་འབུམ་ཕྲག་དགུ་བཅུ་རྩ་དྲུག་ཡོད་དོ། །དེ་བཞིན་གཤེགས་པ་དེའང་མེ་ཏོག་ཀུན་ཏུ་རྒྱས་པ་ཞེས་བྱ་བའི་སྐྱེད་མོས་ཚལ་དེ་ན་བཞུགས་ཏེ། བཅོམ་ལྡན་འདས་དེ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་བཞུགས་ནས་གདུགས་ཚོད་ལ་བབ་པ་ན་ཤིང་ལྗོན་པ་རྣམས་དེར་འདུད་པར་འགྱུར་ཏེ། མེ་ཏོག་དང་འབྲས་བུ་དེ་དག་བཅོམ་ལྡན་འདས་དང ། དགེ་སློང་རྣམས་ཀྱི་ལྷུང་བཟེད་ཀྱི་ནང་དུ་འབྲུལ་བར་འགྱུར་ལ།་བཤོས་གསོལ་ཟིན་བར་རིག་ནས་ཤིང་ལྗོན་པ་དེ་དག་ཕྱིར་རངས་ཏེ་སྔ་མཁོ་བཞིན་དུ་འདུག་གོ་།མཽངྒལ་གྱི་བུ་འཇིག་རྟེན་གྱི་ཁམས་དེའི་ཡོན་ཏན་ནི་དེ་དག་ཡིན་ཏེ།་དེ་བས་ཀྱང་ལྷག་པར་ཡོད་དོ། །མཽངྒལ་གྱི་བུ་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་དེ་དག་ལ་ཆོས་སྟོན་པ་དེ་གཞན་ཞིག་ཡིན་པར་ཁྱོད་སོམ་ཉིའམ། ཡིད་གཉིས་སམ། ཐེ་ཚོམ་ཟ་ན། ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མེ་ཏོག་
254b
སྣ་ཚོགས་ཅན་ཞེས་བྱ་བའི་མིང་གིས་ཆོས་སྟོན་ཏོ། །མཽངྒལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། དེ་ལ་ནི་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ། །མཽངྒལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན་ལྷོ་དང་ནུབ་ཀྱི་ཕྱོགས་མཚམས་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བདུན་ཁྲི་འདས་པ་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་རྣམ་པར་ཕྱེ་བའི་བློ་གྲོས་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་གླིང་གཅིག་ནའང་རྒྱལ་པོ་བརྒྱད་ཁྲི་ཡོད་དོ། །གླིང་གཅིག་ལའང་གྲོང་ཁྱེར་བརྒྱད་ཁྲི་དང ། ཚོང་འདུས་བརྒྱད་ཁྲི་ཡོད་དོ། །གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ཡུལ་འཁོར་དང ། ཚོང་འདུས་དེ་དག་ཐམས་ཅད་ནའང་མི་བྱེ་བ་ཕྲག་འབུམ་དག་གིས་ཡོངས་སུ་གང་ངོ ། །རྒྱལ་པོ་དེ་དག་ཐམས་ཅད་ཀྱང་རང་རང་གི་རྒྱལ་སྲིད་ཀྱིས་ཆོག་པར་འཛིན་ཏོ། །རྒྱལ་པོ་དེ་དག་ཐམས་ཅད་ཀྱང་ཆོས་དང་ལྡན་པའི་རྒྱལ་པོ་སྟེ། ཆོས་མ་ཡིན་པ་སྤངས་པ་ཤ་སྟག་གོ་།རྒྱལ་པོ་དེ་དག་ཐམས་ཅད་ལའང་བཙུན་མོ་བུད་མེད་བརྒྱད་ཁྲི་བཞི་སྟོང་བརྒྱད་ཁྲི་བཞི་སྟོང་ཡོད་དེ། བུད་མེད་དེ་དག་ཐམས་ཅད་ཀྱང་ཡུལ་གྱི་བཟང་མོ་ཤ་སྟག་གོ་།རྒྱལ་པོ་རེ་རེ་ལའང་བུ་ལྔ་བརྒྱ་ལྔ་བརྒྱ་ཡོད་དོ། །རྒྱལ་པོ་རེ་རེ་ལའང་བུ་མོ་ཁྲི་ཉིས་སྟོང་ཉིས་སྟོང་ཡོད་དེ། དེ་དག་ཐམས་ཅད་ཀྱང་ཡུལ་གྱི་བཟང་མོ་ཤ་སྟག་
255a
༄#། །གོ་།རྒྱལ་པོ་དེ་དག་ཐམས་ཅད་ཀྱང་ཆད་པ་མེད་པ་དང ། མཚོན་ཆ་མེད་པར་རང་རང་གི་འོག་ཏུ་གཏོགས་པ་འདུལ་བར་བྱེད་དོ། །མཽངྒལ་གྱི་བུ། འཇིག་རྟེན་གྱི་ཁམས་རྣམ་པར་ཕྱེ་བའི་བློ་གྲོས་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བ་ཆོས་སྟོན་ཏེ། མཽངྒལ་གྱི་བུ། དེ་བཞིན་གཤེགས་པ་དེ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེར་ཏ་ལ་བདུན་སྲིད་ཙམ་གྱི་ནམ་མཁའ་ལ་མངོན་པར་འཕགས་ནས་སྐྱིལ་མོ་ཀྲུང་བཅས་ཏེ་སྐྱིལ་མོ་ཀྲུང་གཅིག་གིས་གླིང་ཆེན་པོ་བཞི་བའི་འཇིག་རྟེན་གྱི་ཁམས་ཁྱབ་པར་བྱས་ནས་འོད་ཟེར་དག་རབ་ཏུ་འགྱེད་པ་དང ། མེ་ཏོག་གི་ཆར་འབེབས་པ་དང ། སིལ་སྙན་བརྒྱ་སྟོང་དག་དཀྲོལ་བཞིན་དུ་ས་ཆེན་པོ་རྣམ་པ་དྲུག་ཏུ་རབ་ཏུ་བསྐྱོད་ནས་ཚངས་པའི་སྒྲ་སྐད་ལྟ་བུ་དགེ་བའི་རྩ་བ་འབུམ་ཕྲག་དུ་མས་ཡང་དག་པར་བསྒྲུབས་པའི་གསུང་གིས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། འདི་ལྟ་སྟེ། ཉོན་མོངས་པ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་རྡུལ་མེད་པ་མྱ་ངན་ལས་འདས་པ་ཡང་དག་པར་སྟོན་ཏེ། བྱང་ཆུབ་སེམས་དཔའ་རྣམས་བསྡུ་བའི་ཕྱིར་ཆོས་སྟོན་ཏོ། །དེས་དེ་
255b
ལྟ་དེ་ལྟར་ཆོས་བསྟན་པས་གླིང་བཞི་པའི་རྒྱལ་པོ་བརྒྱད་ཁྲི་བུ་དང་བཅས། ཆུང་མ་དང་བཅས། བུ་མོ་དང་བཅས་པ་དེ་དག་མ་གཏོགས་པའི་སྐྱེས་པ་དང ། བུད་མེད་དང ། ཁྱེའུ་དང ། བུ་མོ་དེ་དག་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ་།རྒྱལ་པོ་དེ་དག་བུ་དང་བཅས། ཆུང་མ་དང་བཅས། བུ་མོ་དང་བཅས་པས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཐམས་ཅད་ཀྱིས་ཚིག་མཐུན་པར་དེ་བཞིན་གཤེགས་པ་ལ་རབ་ཏུ་འབྱུང་བར་གསོལ་བ་འདེབས་སོ། །དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པས་དགེ་སློང་ཚུར་ཤོག་ཅེས་གསུངས་པས་རབ་ཏུ་དབྱུང་ངོ ། །དེ་ལྟར་ཐམས་ཅད་རབ་ཏུ་བྱུང་ནས་སོ་སོའི་གྲོང་ཁྱེར་དང ། གྲོང་རྡལ་དང ། ཡུལ་འཁོར་དང ། ཚོང་འདུས་དང ། རྒྱལ་པོའི་ཕོ་བྲང་དག་ཏུ་གནས་པའི་ལོངས་སྤྱོད་ཀྱིས་གནས་སོ། །མ་རྨོས་མ་བཏབ་པའི་འབྲས་སཱ་ལུའང་འབྱུང་ངོ ། །ལྷ་རྣམས་ཀྱང་དེ་དག་ལ་བསྙེན་བཀུར་བྱེད་དོ། །དེ་ནས་དེ་བཞིན་གཤེགས་པ་དེའི་ཆོས་བསྟན་པ་གཉིས་པ་ལ་ཉན་ཐོས་ཀྱི་ཐེག་པ་པ་ཐམས་ཅད་ནི། ལན་གཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་དོ། །བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ནི། ཆོས་རྣམས་མི་སྐྱེ་བ་དང་མཐུན་པའི་བཟོད་པ་ལ་འགོད་དོ། །ཆོས་བསྟན་པ་གསུམ་པ་ལ་ནི། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ནི། ཕྱིར་མི་
256a
༄#། །འོང་བའི་འབྲས་བུ་ལ་འགོད་དོ། །བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ནི། མངོན་པར་ཤེས་པ་ལྔ་འཐོབ་བོ། །ཆོས་བསྟན་པ་བཞི་པ་ལ་ནི། ཉན་ཐོས་ཀྱི་ཐེག་པ་པ་ཐམས་ཅད་ནི། དགྲ་བཅོམ་པ་ཉིད་ལ་འགོད་དོ། །བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ནི། ཆོས་རྣམས་ལ་མི་སྐྱེ་བར་བཟོད་པ་འཐོབ་བོ། །རྒྱལ་པོའི་བཙུན་མོ་དེ་དག་དང ། སྲས་དེ་དག་དང ། རྒྱལ་པོའི་བུ་མོ་དེ་དག་ནི། ལུས་དེ་ཉིད་ཀྱིས་བུད་མེད་ཀྱི་ལུས་ལས་གྱུར་ཏེ་སྐྱེས་པའི་ལུས་ཐོབ་པར་གྱུར་ནས་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །མཽངྒལ་གྱི་བུ། འདི་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་ཆོས་སྟོན་པ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། མཽངྒལ་གྱི་བུ། ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་དེ་སྐད་ཅེས་བྱ་བས་ཆོས་སྟོན་ཏོ། །མཽངྒལ་གྱི་བུ། འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། དེ་ལ་ནི། ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ། །མཽངྒལ་གྱི་བུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན་ནུབ་དང་བྱང་གི་ཕྱོགས་མཚམས་སུ་གླིང་ཆེན་པོ་
256b
བཞི་བའི་འཇིག་རྟེན་གྱི་ཁམས་ལྔ་ཁྲི་ལྔ་སྟོང་འདས་པ་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་སྤོས་ལྡན་ཞེས་བྱ་བ་ཞིག་ཡོད་དེ། ཙནྡན་སྤྲུལ་གྱི་སྙིང་པོ་འབའ་ཞིག་ཡོད་ལ་སྤོས་དེ་སྲང་གཅིག་ལ་ནི། ཛམྦུ་གླིང་འདི་རིའོ། །དེ་ན་ཤིང་ལྗོན་པ་སྤོས་ཀྱི་ངད་ཀུན་ནས་ལྡང་བ་ཞེས་བྱ་བ་དག་ཀྱང་ཡོད་དེ། ཤིང་གཅིག་ལས་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བཅུར་སྤོས་ཀྱི་ངད་ལྡང་ངོ ། །དེ་ན་ས་ཆེན་པོ་ལས་པདྨ་ཤིང་རྟའི་ཕང་ལོ་ཙམ་ལ་འདབ་མ་འབུམ་ཕྲག་དུ་མ་དང ། ཁ་དོག་འབུམ་ཕྲག་དུ་མ་དང་ལྡན་པ། འཇམ་ཞིང་ཀ་ཙ་ལིནྡི་ཀ་ལྟར་རེག་ན་བདེ་བ། འཕང་དུ་ཁྲུ་བཅུ་པ་ཙམ་དག་སྐྱེས་ཏེ། པདྨ་རེ་རེའི་དྲིས་ཀྱང་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དེ་དྲི་བསུང་ཞིམ་པར་བྱེད་དོ། །གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ན་ཙནྡན་གྱི་ཁང་པ་བརྩེགས་པ་དང ། ཙནྡན་གྱི་འཆགས་པདྨ་དང་མེ་ཏོག་གིས་གང་བར་འདུག་གོ། ཁང་པ་བརྩེགས་པ་ཤ་སྟག་འབུམ་ཕྲག་དུ་མས་འཇིག་རྟེན་གྱི་ཁམས་དེ་ཁྱབ་པར་འདུག་གོ་།དེ་ན་གྲོང་དང་གྲོང་ཁྱེར་གྱི་ཡོངས་སུ་འཛིན་པ་མེད་དེ། དཔེར་ན། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཉེ་བར་སྤྱད་པ་དང ། ལོངས་སྤྱོད་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་ན་མི་དེ་དག་གི་ཉེ་བར་སྤྱད་པ་དང ། ལོངས་སྤྱོད་ཀྱང་དེ་དང་འདྲའོ། །མཽངྒལ་གྱི་བུ། འཇིག་རྟེན་གྱི་ཁམས་སྤོས་ལྡན་དེ་ན་དེ་བཞིན་གཤེགས་པ་སྤོས་འགྱེད་
257a
༄#། །འོད་ཟེར་ཅན་ཞེས་བྱ་བ་ད་ལྟར་ཆོས་སྟོན་ཏེ། དེ་བཞིན་གཤེགས་པ་དེ་ནི། ཉན་ཐོས་དང ། རང་སངས་རྒྱས་ཀྱི་གཏམ་ཡོངས་སུ་སྤངས་པ་བྱང་ཆུབ་སེམས་དཔའ་གཏམ་འབའ་ཞིག་གསུང་ངོ ། །གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱང་རྫུ་འཕྲུལ་ཐོབ་པ་ཤ་སྟག་གིས་ཡོངས་སུ་གང་ངོ ། །བྱང་ཆུབ་སེམས་དཔའི་འཁོར་དེ་ན་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བ་བསམ་གྱིས་མི་ཁྱབ་པའི་འཇུག་པ་དང་ལྡན་པ། བཟོད་པ་གཉིས་པ་ཐོབ་པ། མངོན་པར་ཤེས་པ་རྣམས་ལ་མཁས་པ། སྤོབས་པས་རྟོགས་པར་ཁོང་དུ་ཆུད་པ། སངས་རྒྱས་འབུམ་ཕྲག་དུ་མ་མང་པོ་ལ་བསྙེན་བཀུར་བྱས་པ་འདུག་སྟེ། མཽངྒལ་གྱི་བུ། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་རྣམ་པར་འཕྲུལ་བའི་རྒྱལ་པོ་དེ་ལ་དེ་བཞིན་གཤེགས་པ་དེས་བསྐུལ་ཏེ་སྐབས་ཕྱེ་ནས་ཆོས་སྟོན་ཏེ། བཅོམ་ལྡན་འདས་དེའི་སྤྱན་སྔར་སྟན་ལས་ལངས་ནས་དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་བཙལ་ཏེ། དེ་བཞིན་གཤེགས་པ་ལ་ལན་གསུམ་བསྐོར་བ་བྱས་ནས་སྟེང་གི་བར་སྣང་ལ་མངོན་པར་འཕགས་ཏེ་སྐྱིལ་མོ་ཀྲུང་གིས་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བཅུར་ཁྱབ་པར་བྱས་ནས་སྤུའི་ཁུང་བུ་
257b
ཐམས་ཅད་ནས་འོད་ཟེར་དག་བཀྱེ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱིས་ཁྱབ་པར་བྱས་ནས་མེ་ཏོག་ཁ་དོག་སྣ་ཚོགས་འབུམ་དང་ལྡན་པ། ཤིང་རྟའི་ཕང་ལོ་ཙམ་དག་གིས་ས་ཆེན་པོ་དེ་དག་ལ་མི་འགྲེང་ཙམ་དུ་བཀྲམ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལྷ་དང་མིའི་སིལ་སྙན་དག་གི་སྒྲ་འབྱིན་ཏོ། །སིལ་སྙན་དེ་དག་ལས་ཀྱང་ཆོས་ཀྱི་ཕྱག་རྒྱའི་སྒྲ་བརྒྱད་བརྒྱ་འབྱུང་ངོ ། །ཆོས་ཀྱི་ཕྱག་རྒྱ་རེ་རེ་ལའང་མདོ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་བསྡུས་སོ། །མདོ་རེ་རེའང་ཚིགས་སུ་བཅད་པ་བདུན་ཁྲི་ཉིས་སྟོང་གིས་བརྗོད་དོ། །དེས་སྐྱིལ་མོ་ཀྲུང་དེ་ལས་མ་ལངས་པར་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དྲུག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་བཀོད་དེ་ཐམས་ཅད་ཀྱང་ཆོས་རྣམས་མི་སྐྱེ་བར་བཟོད་པ་ཐོབ་པར་བྱས་སོ། །མཽངྒལ་གྱི་བུ། འཇིག་རྟེན་གྱི་ཁམས་དེ་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་དག་གིས་ཡོངས་སུ་གང་ངོ ། །དེ་ན་སེམས་ཅན་ཞར་བའམ།་འཐེང་པོའམ། གྱོལ་པོའམ། འོན་པའམ། དབུལ་པོའམ། མདོག་ངན་པ་འགའ་ཡང་མེད་དེ། སེམས་ཅན་དེ་དག་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་གོ། སེམས་ཅན་དེ་དག་ནི། ཆོས་ཀྱི་དགའ་བའི་དགའ་བ་མ་གཏོགས་པར་གཞན་ཅི་ལའང་དགའ་བ་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་
258a
༄#། །དཔའ་ཆེན་པོ་དེ་དག་ལ་ནི། བསམ་གཏན་གྱི་དགའ་བའི་ཟས་མ་གཏོགས་པར་ཟས་གཞན་ཅིའང་མེད་དོ། །དེ་ན་མི་ཁོམ་པར་ལྟུང་ཞིང་སྐྱེ་བའང་མེད་དོ། ། དེ་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པའི་འགྲོ་བ་མ་གཏོགས་པར་འགྲོ་བ་གཞན་དུ་འགྲོ་བ་མེད་དོ། །མཽངྒལ་གྱི་བུ། འདི་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་དེ་ན་བཞུགས་པའི་དེ་བཞིན་གཤེགས་པ་སྤོས་འགྱེད་འོད་ཟེར་ཅན་ཞེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། མཽངྒལ་གྱི་བུ། ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་འདི་སྐད་ཅེས་བྱ་བས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །མཽངྒལ་གྱི་བུ། འདིའང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་བའི་ཆོ་འཕྲུལ་ཡིན་ཏེ། དེ་ལ་ནི། ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་འཇུག་པར་མི་ནུས་སོ། །མཽངྒལ་གྱི་བུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན་བྱང་དང་ཤར་གྱི་ཕྱོགས་མཚམས་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བཞི་ཁྲི་ཉིས་སྟོང་འདས་པ་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་མྱ་ངན་གྱིས་འཇོམས་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་སེམས་ཅན་འཁོད་པ་རྣམས་ནི། འདོད་ཆགས་ཀྱིས་ཆགས་པ་དང ། ཞེ་སྡང་གིས་སྡང་བ་དང ། གཏི་མུག་གིས་རྨོངས་པ་དང ། བརྐམ་པ་དང །
258b
བརླང་བ་དང ། རྒོད་པ་དང ། མུ་ཅོར་སྨྲ་བ་དང ། དབང་པོ་ཞན་པ་དང ། སེར་སྣ་ཅན་དང ། ཚུལ་ཁྲིམས་འཆལ་བ་དང ། གནོད་སེམས་ཆེ་བ་དང ། ལེ་ལོ་ཅན་དང ། སྙོམ་ལས་ཅན་དང ། བརྗེད་ངས་པ་དང ། ཤེས་བཞིན་མེད་པ་དང ། བདག་ཏུ་ལྟ་བ་དང ། སེམས་ཅན་དང ། སྲོག་དང ། གང་ཟག་ཏུ་ལྟ་བ་དང ། ཤེས་རབ་འཆལ་བ་དང ། ལུག་ལྟར་ལྐུག་པ་དང ། ངོ་ཚ་མི་ཤེས་པ་དང ། ཁྲེལ་མེད་པ་དང ། གུས་པ་མེད་པ་དང ། སེམས་འཁྲུལ་པ་ཤ་སྟག་གོ་།སེམས་ཅན་དེ་དག་ནི། ཁ་དོག་ངན་པ་དང ། ཆུང་བར་གྲགས་པ་དང ། བྱད་ངན་པ་དང ། དཀའ་བས་འཚོ་བ་དང ། གཅིག་ལ་གཅིག་འདྲིད་པས་གནས་པ་ཤ་སྟག་གོ་།དེ་ན་ཟླ་བ་དྲུག་ཏུ་ཆར་མི་འབབ་སྟེ། ལོ་ཏོག་ལེགས་པར་མི་སྨིན་ཏོ། །ས་ཆེན་པོ་དེ་ནི། རྩུབ་པ་དང ། མཁྲང་བ་དང ། ཚེར་མ་སྣ་ཚོགས་ཅན་དང ། གཡང་ས་དང ། རི་བྲག་གིས་གང་ངོ ། །འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་དེ་དག་གི་ཆུ་ནི། འབྲུ་མར་གྱི་སྙིགས་མ་དང ། དྲི་མ་དང་འདྲའོ། །སེམས་ཅན་དེ་དག་ནི། གོས་དང ། ཆོས་གོས་དང ། ལོངས་སྤྱོད་དག་གིས་དབུལ་བ་དང ། བཀྲེན་པ་དང ། གཞན་གྱི་ནོར་འཕྲོག་པ་ཤ་སྟག་གོ་།འཇིག་རྟེན་གྱི་ཁམས་དེ་ན་རྒྱལ་པོ་སྡང་ཆགས་ཞེས་བྱ་བ་ཞིག་ཡོད་དེ། སེམས་ཅན་དེ་དག་ལ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དེ། སེམས་ཅན་དེ་དག་གི་ནོར་དང ། འབྲུ་བྱུང་ངོ་ཅོག་རྒྱལ་པོའི་མཛོད་དུ་འབྲུབ་པར་བྱེད་དོ། །སེམས་ཅན་དེ་དག་ནི། ཆད་པ་དང ། བརྡེག་པ་འབའ་ཞིག་གིས་
259a
༄#། །གཟིར་བ་ཤ་སྟག་གོ་།མཽངྒལ་གྱི་བུ། དེ་དག་ནི། འཇིག་རྟེན་གྱི་ཁམས་དེ་ན་ཚེ་དེའི་སྡུག་བསྔལ་ཡིན་ནོ། །གང་འཆི་བ་དེ་དག་ཀྱང་ཤི་ནས་ཕལ་ཆེར་སེམས་ཅན་དམྱལ་བ་རྣམས་དང ། དུད་འགྲོའི་སྐྱེ་གནས་རྣམས་དང ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །མཽངྒལ་གྱི་བུ། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྙིང་བརྩེ་བ་དང ། སྙིང་རྗེའི་སེམས་ཡིད་ལ་བྱེད་པ་ཞེས་བྱ་བ་ཆོས་སྟོན་ཏེ། མཽངྒལ་གྱི་བུ། དེ་བཞིན་གཤེགས་པ་དེ་ནི། ཆོ་འཕྲུལ་རྣམ་པ་བཅོ་བརྒྱད་ཀྱིས་ཆོས་སྟོན་ཏོ། །དེས་ལོ་བདུན་བརྒྱའི་བར་དུ་ཆོས་བསྟན་ཀྱང་སེམས་ཅན་གཅིག་གིས་ཀྱང་ཆོས་མངོན་པར་རྟོགས་པར་མ་གྱུར་ལ། དེ་བཞིན་གཤེགས་པ་དེའང་སྐྱོ་བ་མེད་པའི་སྟེང་དུ་སྙིང་རྗེ་ཆེན་པོས་ཆོས་ཀྱང་སྟོན་ཏོ། །མཽངྒལ་གྱི་བུ། དེ་ལྟར་ན། དེ་བཞིན་གཤེགས་པ་དེ་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་དུ་གནས་ཤིང་བཞུགས་ལ་སེམས་ཅན་དེ་དག་གིས་སྤྱོས་ཤིང་བརྒྱད་བཀག་སྟེ་སྨོད་ཅིང་གཤུང་བར་བྱེད་ཀྱང་དེར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོས་དེ་དག་བཟོད་པར་མཛད་དོ། །མཽངྒལ་གྱི་བུ། དེ་བཞིན་གཤེགས་པ་དེས་ལོ་བདུན་བརྒྱ་བས་ཀྱང་ལྷག་པས་སེམས་ཅན་ཁ་ཅིག་ཡོངས་སུ་སྨིན་པར་མཛད་དེ་ཆོས་བསྟན་པ་ལན་གཅིག་ལ་སེམས་
259b
ཅན་ཁྲག་ཁྲིག་ཕྲག་བརྒྱད་ཅུ་རྩ་བཞིས་ནི། དགྲ་བཅོམ་པ་ཉིད་ཐོབ་བོ། །ཁྲག་ཁྲིག་ཕྲག་བརྒྱད་ཅུ་རྩ་བཞིས་ནི། ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ། །ཁྲག་ཁྲིག་ཕྲག་བརྒྱད་ཅུ་རྩ་བཞིས་ནི། ལན་གཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་བོ། །ཁྲག་ཁྲིག་ཕྲག་བརྒྱད་ཅུ་རྩ་བཞིས་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེ་དག་ཀྱང་ཉི་མ་གཅིག་ལ་རབ་ཏུ་བྱུང་བ་བསྙེན་པར་རྫོགས་སོ། །སློབ་པ་དང་མི་སློབ་པ་དེ་དག་ཐམས་ཅད་ཀྱང་གཅིག་ལ་གཅིག་ལུང་བསྟན་པས་ཉི་མ་གཅིག་གིས་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་བཞིན་གཤེགས་པ་དེ་ནི། བྱང་ཆུབ་སེམས་དཔའ་ལྔ་ལས་ཀྱི་སྒྲིབ་པས་དེར་སྐྱེས་ཏེ་སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བ་དེ་དག་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་ད་དུང་ཡང་བཞུགས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ལས་ཀྱི་སྒྲིབ་པ་གང་གིས་ན་བྱང་ཆུབ་སེམས་དཔའ་རྣམས་རེ་ཞིག་འཇིག་རྟེན་གྱི་ཁམས་ཉོན་མོངས་པར་སྐྱེ་བར་འགྱུར་ལགས། བཀའ་སྩལ་པ། མཽངྒལ་གྱི་བུ། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། རེ་ཞིག་སྐྱེ་བ་ངན་པ་ལེན་པར་འགྱུར་རོ། །བཞི་གང་ཞེ་ན། མཽངྒལ་གྱི་བུ། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་མིང་གིས་རྙེད་པས་འཚོ་བར་བྱེད་ལ་བྱང་ཆུབ་སེམས་དཔའི་བསླབ་པ་ལ་མི་སློབ་པ་དང ། མཽངྒལ་གྱི་བུ།
260a
༄#། །གཞན་ཡང་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་སྤོང་བ་ཡལ་བར་འདོར་ཞིང་ཟློག་པར་མི་བྱེད་པ་དང ། མཽངྒལ་གྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་གཞན་དག་གི་རྙེད་པའི་བར་ཆད་བྱེད་ཅིང་བསྔགས་པ་མ་ཡིན་པ་བརྗོད་པ་དང ། མཽངྒལ་གྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་ལུས་ཀྱི་ལས་དང་ངག་གི་ལས་དང ། ཡིད་ཀྱི་ལས་མ་བསྲུངས་པ་དང་ལྡན་པ་སྟེ། མཽངྒལ་གྱི་བུ། བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། རེ་ཞིག་འགྲོ་བ་ངན་པར་འགྲོ་བར་འགྱུར་རོ། །མཽངྒལ་གྱི་བུ། འདི་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་དེ་ན་བཞུགས་པའི་དེ་བཞིན་གཤེགས་པ་སྙིང་བརྩེ་བ་དང ། སྙིང་རྗེའི་སེམས་ཡིད་ལ་བྱེད་པ་ཞེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། མཽངྒལ་གྱི་བུ། ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་དེ་སྐད་ཅེས་བྱ་བས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །མཽངྒལ་གྱི་བུ། འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། དེ་ལ་ནི། ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ། །མཽངྒལ་གྱི་བུ། དེ་ལྟར་ན། དེ་བཞིན་གཤེགས་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་ཀྱི་འཕྲིན་ལས་མཛད་དེ། དེ་ལ་ནི། སྟོན་
260b
པས་མ་བསྟན་པའི་བར་དུ་ཁྱེད་ཉན་ཐོས་རྣམས་ཀྱིས་འཇུག་པར་མི་ནུས་སོ། །མཽངྒལ་གྱི་བུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །མཽངྒལ་གྱི་བུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་གང་ན་ང་ཚངས་པའི་གཟུགས་ཀྱིས་ཆོས་སྟོན་ཏེ། དེ་བཞིན་གཤེགས་པ་རབ་ཏུ་འབྱུང་བ་དང ། གོས་ངུར་སྨྲིག་མི་སྟོན་པའང་ཡོད་དོ། ། དེ་བཞིན་དུ་བརྒྱ་བྱིན་གྱི་གཟུགས་ཀྱིས་ཀྱང་ང་ཆོས་སྟོན་ཏོ། །དེ་བཞིན་དུ་སྐྱེ་བ་ཐམས་ཅད་ཀྱིས་ཀྱང་ང་ཆོས་སྟོན་ཏོ། །མཽངྒལ་གྱི་བུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ན་ཇི་ལྟ་བུར་མོས་པའི་སེམས་ཅན་རྣམས་ལ་ཇི་ལྟར་མོས་པ་བཞིན་དུ་ང་ཆོས་སྟོན་ཏོ། །སངས་རྒྱས་ཀྱི་ཞིང་ཚད་མེད་པ་གཞན་དང་གཞན་དག་ཏུའང་ང་ཆོས་སྟོན་ཏེ། དེ་ལ་ནི།་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ། །མཽངྒལ་གྱི་བུ། དཔེར་ན། ཟླ་བའི་དཀྱིལ་འཁོར་རམ། ཉི་མའི་དཀྱིལ་འཁོར་ནི། གཞལ་མེད་ཁང་ནས་ཀྱང་མི་གཡོ་ལ། གྲོང་དང ། གྲོང་ཁྱེར་དང ། གྲོང་རྔལ་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་ཐམས་ཅད་དུ་ཡང་དག་པར་སྣང་ངོ ། །མཽངྒལ་གྱི་བུ། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་
261a
༄#། །བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། རང་གི་སངས་རྒྱས་ཀྱི་ཞིང་ལས་ཀྱང་མ་གཡོས་ལ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་དག་ཏུ་ཡང་དག་པར་སྣང་སྟེ།་སེམས་ཅན་ཇི་ལྟར་ཡོངས་སུ་སྨིན་པར་གྱུར་པ་རྣམས་ལ་ཆོས་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས། གང་སུམ་ཅུ་རྩ་གསུམ་དག་ན་བཞུགས་པ་དང ། ཛམྦུའི་གླིང་དང ། ལྷའི་གནས་རྣམས་དང ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ན་ཆོས་སྟོན་ཅིང་བཞུགས་པ་ལ་དེ་བཞིན་གཤེགས་པ་ཡང་དག་པ་གང་ལགས། གང་ལ་ཡོན་ཕུལ་ན་མཐུ་ཆེ་བར་འགྱུར་བའི་དེ་བཞིན་གཤེགས་པ་ཡང་དག་པ་ནི། འདི་ལགས་སོ་སྙམ་དུ་བདག་གིས་ཇི་ལྟར་འཚལ་བར་བགྱི། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽངྒལ་གྱི་བུ། དེའི་ཕྱིར་ཁྱོད་ཉིད་ལ་ཕྱིར་དྲི་བར་བྱའི། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་ཐོབ་ཅིག ། མཽངྒལ་གྱི་བུ་འདི་ཇི་སྙམ་དུ་སེམས། སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེས་པའམ། བུད་མེད་གང་ཡིན་པ་དེ་ལ་ཡང་དག་པ་གང་ཡིན། གསོལ་པ། བཅོམ་ལྡན་འདས། དེ་ལ་ནི། ཡང་དག་པ་ཅིའང་
261b
མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། སྒྱུ་མ་མཁན་གྱིས་གསང་སྔགས་དང ། རིག་སྔགས་ཀྱི་སྟོབས་བསྐྱེད་དེ་སྦྲུལ་པ་སྤྲུལ་བར་བྱས་པས་ན་དེ་དག་ལ་ནི། ཁྱད་པར་མ་མཆིས་སོ། །བཀའ་སྩལ་པ།་མཽངྒལ་གྱི་བུ་ཅི་གང་གི་ཕྱིར་སྤྲུལ་པ་དེའི་བྱ་བ་བྱེད་དམ། གསོལ་བ། བཅོམ་ལྡན་འདས། བགྱིད་ལགས་སོ། །བཀའ་སྩལ་པ། མཽངྒལ་གྱི་བུ་དེ་བཞིན་དུ་སྒྱུ་མ་ལྟ་བུའི་ཆོས་ཐམས་ཅད་ལ་ནི། ཁྱད་པར་རམ་ཐ་དད་པ་དབྱེ་བ་མེད་དོ། །མཽངྒལ་གྱི་བུ། ཇི་ལྟར་སྒྱུ་མ་མཁན་གྱི་གསང་སྔགས་དང ། རིག་སྔགས་ཀྱི་སྟོབས་ཀྱིས་སྤྲུལ་པ་མང་པོ་སྤྲུལ་ལ། དེ་དག་ཀྱང་མཉམ་ཞིང་ཁྱད་པར་མེད་པ་བཞིན་དུ་མཽངྒལ་གྱི་བུ། དེ་བཞིན་གཤེགས་པའི་ཤེས་རབ་དང ། རིག་པ་དང ། ཡེ་ཤེས་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྟོན་པར་མཛད་ལ། དེ་དག་ཀྱང་མཉམ་ཞིང་ཁྱད་པར་མེད་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་འཕྲིན་ལས་ཀྱི་བྱ་བ་བྱེད་དེ། དེ་ལ་ཡོན་ཕུལ་བ་གང་ཡིན་པ་དེ་དག་གི་རྣམ་པར་སྨིན་པའང་མཉམ་པར་འགྱུར་རོ། །མཽངྒལ་གྱི་བུ།་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཅུང་ཟད་ཀྱང་ཐ་དད་དུ་དབྱེར་མེད་དོ། །མཽངྒལ་གྱི་བུ། དེ་ལྟ་བས་ན། ཡང་དག་པ་མ་ཡིན་པ་དང ། སྒྱུ་མ་ལྟ་བུར་གྱུར་པའི་ཆོས་ཐམས་ཅད་ནི།་ཆོས་ཀྱི་དབྱིངས་སུ་ཁྱད་པར་རམ་ཐ་དད་དུ་དབྱེར་མེད་དོ། །མཽངྒལ་གྱི་བུ། དེ་བཞིན་གཤེགས་པ་ནི། བཞེད་ན་འཇིག་རྟེན་གྱི་ཁམས་གཅིག་ཏུའང་མཚན་སུམ་ཅུ་རྩ་གཉིས་དང་ལྡན་
262a
༄#། །པའི་དེ་བཞིན་གཤེགས་པ་དེའི་རང་བཞིན་དང་ཆུ་ཞེང་དང་ལྡན་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་སྤྲུལ་པར་མཛད་དེ། དེ་དག་ཀྱང་རྣམ་པ་དྲུག་ཅུ་དང་ལྡན་པའི་དག་གི་ལས་ཀྱིས་སྟོན་ཏོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་མཁྱེན་ཏོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་ཇི་ལྟར་མོས་པའི་སེམས་ཅན་རྣམས་ལ་མོས་པ་དང ། དབང་པོ་ཇི་ལྟ་བ་བཞིན་དུ་འཇུག་པའི་ཤེས་པ་བསྐྱེད་པའི་ཕྱིར་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་ཆོས་བསྟན་པས་སེམས་ཅན་སྣ་ཚོགས་ངེས་པར་འབྱུང་བར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་ཡང་དག་པར་ཟད་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཆོ་འཕྲུལ་རྣམ་པ་བཞིས་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ནི། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱང་ཡང་དག་པར་སྟོན་ཏོ། །མཽངྒལ་གྱི་བུ།་འདི་ཇི་སྙམ་དུ་སེམས། དེ་དག་ལས་ཆེས་ཁྱད་པར་དུ་འཕགས་པའམ། ཆེས་གཟུགས་དང་ལྡན་པའམ། ཆེས་ཁ་དོག་དང་ལྡན་པའམ། ཆེས་སྤོབས་པ་དང་ལྡན་པའམ། ཆེས་ཡེ་ཤེས་དང་ལྡན་པའམ། ཆེས་རྫུ་འཕྲུལ་དང་ལྡན་པའམ། ཆེས་ཆོས་སྟོན་པ་དང་ལྡན་པའམ། ཆེས་སེམས་ཅན་ཡོངས་སུ་དགྲོལ་བ་དང་ལྡན་པ་གང་ཡིན། གསོལ་པ།
262b
བཅོམ་ལྡན་འདས། དེ་ལ་ནི། ཐ་དད་པར་བསྟན་པར་མི་ནུས་ལགས་སོ། །བཀའ་སྩལ་པ། མཽངྒལ་གྱི་བུ། དེ་ལྟ་བས་ན། རྣམ་གྲངས་འདིས་ཀྱང་ཆོས་ཐམས་ཅད་ནི། སྤྲུལ་པའི་ངོ་བོ་ཉིད་དེ།་ཁྱད་པར་ཡང་མེད། ཐ་དད་དུ་དབྱེར་ཡང་མེད་པ་དེ་ལྟར་རིག་པར་བྱའོ། །མཽངྒལ་གྱི་བུ། ཆོས་ཐམས་ཅད་སྤྲུལ་པའི་ངོ་བོ་ཉིད་དུ་ཤེས་པ་གང་ཡིན་པ་དེ་དག་ནི། སོ་སོའི་སྐྱེ་བོ་རྣམས་ལ་ཐ་དད་པར་དབྱེ་བར་མི་འདོད་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། མཽངྒལ་གྱི་བུ། ཆོས་ཐམས་ཅད་ནི། རང་བཞིན་གྱིས་སྟོང་པ། ཀུན་ཏུ་བརྟགས་པ་དང ། ཡོངས་སུ་བརྟགས་པ་ལས་བྱུང་བ་སྟེ། དེ་དག་ལ་ཇི་ལྟར་འདོད་པ་དེ་བཞིན་དུ་རྣམ་པར་སྒྲུབ་མོད་ཀྱི། ཆོས་ཀྱི་དབྱིངས་ནི། སྐྱེ་བའང་མེད། འཇིག་པའང་མེད་དོ། ། མཽངྒལ་གྱི་བུ། ཆོས་ཀྱི་དབྱིངས་དེ་ནི། དེ་བཞིན་གཤེགས་པས་དེ་བཞིན་དུ་ཐུགས་སུ་ཆུད་དེ། དེ་ཐུགས་སུ་ཆུད་པའི་ཕྱིར་དེ་བཞིན་གཤེགས་པས་སྤུའི་ཁུང་བུ་གཅིག་ནས་ཛམྦུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་མདུན་དུ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་ལ། དེ་དག་ཀྱང་གཅིག་གིས་གཅིག་མི་ཤེས་སོ། །མཽངྒལ་གྱི་བུ། ཛམྦུའི་གླིང་ལྟ་ཞོག་གི་།གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ལྷའམ། མིའམ། དེ་མ་ཡིན་པའི་སྐྱེ་བའི་གནས་ན་གནས་པ་ཇི་སྙེད་
263a
༄#། །པའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་མདུན་དུ་དེ་བཞིན་གཤེགས་པས་སྤུའི་ཁུང་བུ་གཅིག་ནས་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་ལ། དེ་དག་ཀྱང་གཅིག་གིས་གཅིག་མི་ཤེས་སོ། །མཽངྒལ་གྱི་བུ། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལྟ་ཞོག་གི་།མཽངྒལ་གྱི་བུ།་ནན་གྱིས་དཔེར་བྱ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དུ་བསྡུ་བར་བསྡུས་པ་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། མཽངྒལ་གྱི་བུ། སེམས་ཅན་མིར་གྱུར་པ་དེ་དག་ཐམས་ཅད་ཀྱི་མདུན་དུ་དེ་བཞིན་གཤེགས་པས་སྤུའི་ཁུང་བུ་གཅིག་ནས་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་པར་མཛད་ལ། དེ་དག་ཀྱང་གཅིག་གིས་གཅིག་མི་ཤེས་སོ། །མཽངྒལ་གྱི་བུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལྟ་ཞོག་གི་།མཽངྒལ་གྱི་བུ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་དུ་སྨོས་པ་གང་ཡིན་པའི་སེམས་ཅན་གྱི་ཁམས་ནི། ཆེས་མང་གི་།སའི་ཁམས་ནི། དེ་ལྟ་མ་ཡིན་ནོ། །དེ་བཞིན་དུ་ལྷོ་དང ། ནུབ་དང ། བྱང་གི་ཕྱོགས་དང ། ཕྱོགས་མཚམས་དང ། འོག་དང ། སྟེང་གི་ཕྱོགས་
263b
བཅུའི་ཁོ་ར་ཁོར་ཡུག་ཏུ་ཕྱོགས་རེ་རེ་ཡང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་སེམས་ཅན་དུ་སྨོས་པ་གང་ཡིན་པའི་སེམས་ཅན་གྱི་ཁམས་ནི། ཆེས་མང་གི་།སའི་ཁམས་ནི།་དེ་ལྟ་མ་ཡིན་ནོ། །མཽངྒལ་གྱི་བུ། ནན་གྱིས་དཔེར་བྱ་ན། སེམས་ཅན་དེ་དག་ཐམས་ཅད་ཀྱིས་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ཀྱང་མཽངྒལ་གྱིད་བུ། སེམས་ཅན་དེ་དག་ཐམས་ཅད་ལ་ཡང་དེ་བཞིན་གཤེགས་པས་སྤུའི་ཁུང་བུ་གཅིག་ནས་རེ་རེའི་མདུན་དུ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་ལ་སེམས་ཅན་དེ་དག་ཀྱང་གཅིག་གིས་གཅིག་མི་ཤེས་སོ། །མཽངྒལ་གྱི་བུ། ཕྱོགས་བཅུར་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དག་ན་སེམས་ཅན་འཁོད་པ་རྣམས་ལྟ་ཞོག་གི་།མཽངྒལ་གྱི་བུ། དེ་བཞིན་གཤེགས་པ་ནི། གདན་འདི་ལ་བཞུགས་བཞིན་དུ་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པ་དང ། ཐོགས་པ་མེད་པས་སངས་རྒྱས་ཀྱི་ཞིང་ཇི་སྙེད་ཡོད་པ་རྣམས་གཟིགས་ཏེ། དེ་དག་ནི།་ངས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་མ་ཉམས་པས་བསྐལ་པ་འབུམ་དུའང་དཔེར་བླང་བ་བགྲངས་པའི་ཚུལ་གྱིས་བསྟན་པར་སླ་བ་མ་ཡིན་ཏེ། སངས་རྒྱས་ཀྱི་ཞིང་དེ་དག་ནི། དེ་ཙམ་དུ་དཔག་ཏུ་མེད་དོ། །ངགས་གདན་འདི་ལ་བཞུགས་བཞིན་དུ་གང་གཟིགས་པ་དང ། དེ་བཞིན་གཤེགས་པས་དཔེར་བླང་བ་བགྲང་བ་དག་གིས་བསྟན་པ་གང་ཡིན་པ་དེ་ནི།
264a
༄#། །སེམས་ཅན་ཐམས་ཅད་རང་སངས་རྒྱས་དང་འདྲ་བར་གྱུར་པས་ཀྱང་ཤེས་པའམ། གཞལ་བའམ། བརྟག་པར་སླ་བ་མ་ཡིན་ན། ཉན་ཐོས་རྣམས་ཀྱིས་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས་པ་འབའ་ཞིག་གིས་སངས་རྒྱས་ཀྱི་ཞིང་དེ་དག་བརྒྱ་ཕྲག་ཇི་སྙེད་ཡོད་པ་དང ། སྟོང་ཕྲག་ཇི་སྙེད་ཡོད་པ་དང ། འབུམ་ཕྲག་ཇི་སྙེད་ཡོད་པ་དང ། བྱེ་བ་འབུམ་ཕྲག་ཇི་སྙེད་ཡོད་པ་དང ། གཏམས་ཕྲག་ཇི་སྙེད་ཡོད་པ་དང ། དཀྲིགས་ཕྲག་ཇི་སྙེད་ཡོད་པ་དང ། མི་འཁྲུགས་ཕྲག་ཇི་སྙེད་ཡོད་པ་དང ། གྲངས་མེད་པ་ཕྲག་ཇི་སྙེད་ཡོད་པ་དང ། དཔག་ཏུ་མེད་པ་ཕྲག་ཇི་སྙེད་ཡོད་པ་དང ། གངྒཱའི་ཀླུང་གི་བྱེ་མ་སྙེད་ཕྲག་ཇི་སྙེད་ཡོད་པ་དང ། སྟོང་གསུམ་གྱི་རྡུལ་ཕྲ་རབ་ཀྱི་རྡུལ་ཡོངས་སུ་གང་བ་ཇི་སྙེད་ཡོད་པ་མཁྱེན་ཏོ། །མཽངྒལ་གྱི་བུ། ངས་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པ་དང ། ཐོགས་པ་མེད་པས་སངས་རྒྱས་ཀྱི་ཞིང་ཇི་སྙེད་མཐོང་བའི་སངས་རྒྱས་ཀྱི་ཞིང་དེ་དག་ན་སེམས་ཅན་གང་སེམས་ཅན་དུ་བསྡུ་བས་བསྡུས་ཤིང་སྨོས་པའི་སེམས་ཅན་གྱི་ཁམས་རྣམས་ནི། ཆེས་མང་གི་།སའི་ཁམས་ནི། དེ་ལྟ་མ་ཡིན་ཏེ། སེམས་ཅན་དེ་དག་ཐམས་ཅད་ཀྱིས་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ་ཐོབ་ནས་ཀྱང་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ཏེ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རེ་རེ་ལའང་དེ་སྙེད་ཀྱི་འཁོར་ཡོད་པར་གྱུར་ཀྱང ། མཽངྒལ་གྱི་བུ། འཁོར་ལོས་བསྒྱུར་
264b
བའི་རྒྱལ་པོ་འཁོར་དང་བཅས་པ་དེ་དག་ཐམས་ཅད་ལ་དེ་བཞིན་གཤེགས་པས་སྤུའི་ཁུང་བུ་གཅིག་ནས་རེ་རེའི་མདུན་དུ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་ལ་གཅིག་གིས་གཅིག་ཀྱང་མི་ཤེས་ཏེ། རང་རང་གི་དེ་བཞིན་གཤེགས་པ་མཐོང་ངོ ། །དེ་བཞིན་དུ་སྤུའི་ཁུང་བུ་ཐམས་ཅད་ནས་ཀྱང་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་ཀྱང་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་གྱི་བརྒྱའི་ཆའམ། སྟོང་གི་ཆའམ། འབུམ་གྱི་ཆའམ། བྱེ་བ་ཕྲག་འབུམ་གྱི་ཆའམ། གྲངས་སམ། ཆའམ། བགྲང་བའམ། དཔེའམ། རྒྱུ་ཙམ་ཡང་ཡང་དག་པར་བསྟན་པར་མི་འགྱུར་ཏེ། མཽངྒལ་གྱི་བུ། དེ་ལྟར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། རྫུ་འཕྲུལ་དང་ཡེ་ཤེས་དཔག་ཏུ་མེད་པ་དང་ལྡན་ནོ། །མཽངྒལ་གྱི་བུ། འདི་ཇི་སྙམ་དུ་སེམས། སེམས་ཅན་འཁོར་ལོས་བསྒྱུར་བར་གྱུར་བ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་གང་གི་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་དང ། རིན་པོ་ཆེ་སྣ་བདུན་ཐོབ་པའི་བསོད་ནམས་ཀྱི་ཕུང་པོ་མང་ངམ། གསོལ་པ། བཅོམ་ལྡན་འདས། མང་ལགས་སོ། །བདེ་བར་གཤེགས་པ། དཔག་ཏུ་མ་མཆིས་སོ། །བཀའ་སྩལ་པ། མཽངྒལ་གྱི་བུ། ཁྱོད་མོས་པར་བྱའོ། །ཁོང་དུ་ཆུད་པར་བྱའོ། །སེམས་ཅན་འཁོར་ལོས་བསྒྱུར་བར་
265a
༄#། །གྱུར་གྱུར་པ་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་བའི་བསོད་ནམས་ཀྱི་ཕུང་པོས་དེ་བཞིན་གཤེགས་པའི་སྤུའི་ཁུང་བུ་གཅིག་ཡོངས་སུ་འགྲུབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གི་སྟོན་པ་འདི་ལྟར་རྫུ་འཕྲུལ་ཆེ་བ་དང ། འདི་ལྟར་ཆེ་བར་གྲགས་པ་དང ། འདི་ལྟར་མཐུ་ཆེ་བ་ནི། བདག་གིས་རྙེད་པ་ལེགས་པར་རྙེད་ལགས་སོ། །དེ་ལྟ་ལགས་ཀྱིས་ཀྱང་བདག་ནི། རྒྱུའི་རྗེས་སུ་འགྲོ་བའི་ཆོས་ཐམས་ཅད་ལ་ཐོགས་པ་མ་མཆིས་པའི་ཡེ་ཤེས་འདི་ལྟ་བུ་ལས་དམན་པར་གྱུར་པ་ལགས་སོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་འདི་ཐོས་ནས་ལན་གཅིག་སེམས་བསྐྱེད་པའི་སེམས་ཅན་དེ་དག་ཀྱང་རྙེད་པ་ལེགས་པར་རྙེད་པ་ལགས་ན། གང་དག་མོས་པར་བགྱིད་ལ་མོས་ཤིང་ཡིད་ཆེས་ནས་ཀྱང་རྫུ་འཕྲུལ་དང་ཡེ་ཤེས་འདི་ལྟ་བུ་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྷ་སྨོས་ཀྱང་ཅི་འཚལ་ཏེ། སེམས་ཅན་དེ་དག་ནི། ལྷ་དང་བཅས་པའི་འཇིག་རྟེན་ན་ཕྱག་བགྱི་བའི་གནས་ལགས་སོ། །བཀའ་སྩལ་པ། མཽངྒལ་གྱི་བུ། དེ་ནི། དེ་བཞིན་ཏེ།
265b
ཁྱོད་ཇི་སྐད་ཟེར་བ་བཞིན་དུ་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་ལ་ཡིད་ཆེས་པ་དེ་དག་གིས་ནི། རྙེད་པ་ལེགས་པར་རྙེད་དོ། །དེ་དག་ནི། ལོག་པར་ལྟུང་བར་དོགས་པ་མེད་པར་ཤེས་པར་བྱའོ། །དེ་ནས་ལྷ་དེ་དག་དང ། ཀླུ་དེ་དག་དང ། བརྒྱ་བྱིན་དེ་དག་དང ། ཚངས་པ་དེ་དག་གིས་བཅོམ་ལྡན་འདས་ལས་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་བའི་ཆོ་འཕྲུལ་འདི་ཐོས་ནས་ཚིག་མཐུན་པར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །སེམས་ཅན་གང་དག་གིས་ཡེ་ཤེས་འདི་ལྟ་བུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སེམས་བསྐྱེད་པའམ། སྐྱེད་པར་འགྱུར་བ་དེ་དག་ལ་ཡང་ཕྱག་འཚལ་ལོ། །ཇི་ལྟར་ད་ལྟ་ན་དེ་བཞིན་གཤེགས་པ་རྣམ་པར་འཕྲུལ་པ་དེ་བཞིན་དུ་དེ་དག་ཀྱང་རྣམ་པར་འཕྲུལ་པར་འགྱུར་ཏེ། དེ་བས་ན་བདག་ཅག་གིས་འདི་ལ་སོམ་ཉིའམ། ཡིད་གཉིས་སམ། ཐེ་ཚོམ་ཟ་བར་མི་བྱའོ། །ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དེ་དག་དང ། བརྒྱ་བྱིན་དེ་དག་དང ། ཚངས་པ་དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱ་བ་དང ། ཆོས་ཀྱི་རྣམ་གྲངས་འདི་ལ་གུས་པར་བྱ་བའི་ཕྱིར་སིལ་སྙན་འབུམ་\?\་སྒྲ་ཕྱུང་ངོ ། །ལྷའི་མེ་ཏོག་ཨུཏྤ་ལ་དང ། པདྨ་དང ། ཀུ་མུ་ད་དང ། པདྨ་དཀར་པོ་དག་གིས་སུམ་ཅུ་རྩ་གསུམ་གྱི་གནས་ཐམས་ཅད་ལ་
266a
༄#། །མངོན་པར་གཏོར་ཏོ། །ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན་སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པའི་ལྷ་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་གཉིས་ཀྱིས་སེམས་བསྐྱེད་དེ། ཚིག་འདི་སྐད་དུ་ཇི་ལྟར་ད་ལྟར་ན་དེ་བཞིན་གཤེགས་པ་སེངྒེའི་སྒྲ་སྒྲོག་པ་དེ་བཞིན་དུ་བདག་ཅག་ཀྱང་མ་འོངས་པའི་དུས་ན་ལྷ་དང་བཅས་པའི་འཇིག་རྟེན་གྱི་མདུན་དུ་བླ་ན་མེད་པའི་སེངྒེའི་སྒྲ་སྒྲོག་པར་གྱུར་ཅིག་ཅེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བ་དང ། ཟླ་མཆོག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང ། འཆང་བ་དང ། ཀློག་པ་དང ། ཀུན་ཆུབ་པར་བགྱིད་པ་དང ། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་སྟོན་པ་དེ་བསོད་ནམས་ཇི་ཙམ་སྐྱེད་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་དང ། ཟླ་མཆོག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་དག་།རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་བདག་ཉིད་ཀྱང་འཆད་ལ་གཞན་དག་ལའང་སྟོན་པ་དེ་ནི། དཀོན་མཆོག་གསུམ་རྒྱུན་མི་གཅད་པའི་ཕྱིར་ཞུགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ། འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན་ཉན་ཐོས་ཀྱི་སེམས་སམ། རང་
266b
སངས་རྒྱས་ཀྱི་སེམས་བསྐྱེད་པར་མི་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འབའ་ཞིག་ཏུ་སེམས་བསྐྱེད་པར་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ།་རྒྱ་ཆེན་པོ་ལ་མོས་པ་དབང་པོ་རྣོན་པོ་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་རྣམས་ནི། ཆོས་ཀྱི་རྣམ་གྲངས་འདི་ལ་དགའ་བ་སྐྱེ་བར་འགྱུར་གྱི། ཆུང་དུ་ལ་མོས་པ་རྣམས་ནི། དེ་ལྟ་མ་ཡིན་ནོ། །ལྷའི་བུ། རྣམ་གྲངས་འདིས་ན་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང ། ཀློག་པ་རྣམས་ནི། ཅི་ནས་དཀོན་མཆོག་གསུམ་གྱི་རྒྱུན་མི་གཅད་པའི་ཕྱིར་གནས་པ་ཡིན་པར་དེ་ལྟར་རིག་པར་བྱའོ། །ལྷའི་བུ། འདི་ཇི་སྙམ་དུ་སེམས། གང་དཀོན་མཆོག་གསུམ་རྒྱུན་མི་གཅད་པའི་ཕྱིར་གནས་པ་དེའི་བསྔགས་པའི་མཐའམ། བསོད་ནམས་ཀྱི་མཐའ་སངས་རྒྱས་འབུམ་སྐུ་ཚེའི་ཚད་བསྐལ་པར་ཞུགས་པས་ཀྱང་བསྟན་པའམ། བཤད་པར་སྤྱོད་དམ། གསོལ་པ། བཅོམ་ལྡན་འདས།་དེ་ནི། མ་ལགས་སོ། །བཀའ་སྩལ་པ། ལྷའི་བུ། རྣམ་གྲངས་འདིས་ཀྱང་གང་ཆོས་ཀྱི་རྣམ་གྲངས་འདི་འཆང་བའམ། གཞན་དག་ལ་སྟོན་པ་དེ་བསོད་ནམས་ཚད་མེད་པ་སྐྱེད་པར་འགྱུར་བར་མཁས་པས་དེ་ལྟར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་
267a
༄#། །གསོལ་ཏོ། །བཅོམ་ལྡན་འདས། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ། དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་སུམ་ཅུ་རྩ་གསུམ་པའི་ལེའུ་ཞེས་བྱ་བར་ཟུངས་ཤིག་།སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཞེས་བྱ་བར་ཡང་ཟུངས་ཤིག་།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ལྷའི་བུ་ཟླ་བ་དང ། ཟླ་མཆོག་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང ། ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་དང ། ཚངས་པ་དེ་དག་དང ། བརྒྱ་བྱིན་དེ་དག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སུམ་ཅུ་རྩ་གསུམ་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ་དང ། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།