rKTs


H265

(e-text produced by ACIP)

see text in transliteration
235a
།།རྒྱ་གར་སྐད་དུ། ཨཱརྱ་སམྱ་ཀ་ཙཱརྱ་བྲྀཏྟ་ག་ག་ན་ཝརྞ་བི་ན་ཡ་ཀྵཱ་ནྟི་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །བམ་པོ་དང་པོ། །སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་བྱེད་པ་ཅན་ན་རྙོག་པ་སེལ་བ་ཞེས་བྱ་བའི་བྱེད་པ་ཅན་གྱི་གྲོང་རྡལ་དུ་སྣང་བ་འཕེལ་བ་ཞེས་བྱ་བའི་རི་ལ་དྲང་སྲོང་རྟ་རླུང་ཞེས་བྱ་བ་དཀའ་ཐུབ་ལ་གནས་པ་ན། དགེ་སློང་གི་དགེ་འདུན་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་
235b
སློང་གི་དགེ་འདུན་ཆེན་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་ཆགས་པ་མེད་པའི་ཡེ་ཤེས་ཀྱིས་རྣམ་པར་སྤྲུལ་པ། ཚད་མེད་པའི་བྱམས་པ་ཆེན་པོའི་བྱིན་གྱི་རླབས་ཀྱི་སྟོབས་རྗེས་སུ་ཐོབ་པ། ཚད་མེད་པའི་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་ཆུ་བོ་ཀུན་ཏུ་འཆང་བར་རྣམ་པར་སྤྲུལ་པ། ཚད་མེད་པའི་དགའ་བའི་བྱིན་གྱི་རླབས་ཀྱི་སྟོབས་ཀྱིས་སེམས་ཅན་ཐམས་ཅད་ལ་བདེ་བའི་དྲན་པའི་ཆར་རབ་ཏུ་འབབ་པས་ཀུན་ཏུ་ངོམས་པ། ཚད་མེད་པའི་བཏང་སྙོམས་ཀྱི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པར་འཇུག་པ་ལ་མཁས་པ། ཆོས་ཀྱི་སྤྲིན་དང ། ལྷག་མཐོང་དང ། རིག་པ་དང ། ཡེ་ཤེས་ཀྱི་སྟོབས་ཀྱིས་མ་རིག་པའི་མུན་པ་ཆེན་པོ་རྣམ་པར་འཇིག་པ་ལ་མཁས་པ། བསྡུ་བ་རྣམ་པ་བཞིས་སེམས་ཅན་རྣམས་ཆུ་བོ་བཞི་ལས་བསྒྲལ་བར་བྱ་བའི་ཡེ་ཤེས་དང ། སེམས་ཅན་ཐམས་ཅད་ལ་མཚུངས་པར་སེམས་པའི་ཕྱིར་བྱམས་པ་དང ། ཁོང་ཁྲོ་བ་མེད་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ལམ་ཡོངས་སུ་དག་པ།་ཆོས་ཀྱིས་ཡང་དག་པར་འཇུག་པ། ཡེ་ཤེས་ཆེན་པོ་ལ་མཁས་པ། འཇིག་རྟེན་ལ་མཆོག་གི་ལམ་ཡང་དག་པར་སྟོན་པ། སེམས་ཅན་རྣམ་པར་རྒྱས་ཤིང་དགེ་བའི་རྩ་བས་ཡོངས་སུ་སྲེག་བའི་ཆུབ་རྐམ་ཞིང་ཡེ་ཤེས་ཀྱི་ལས་ཀྱི་མཐའ་ལ་རབ་ཏུ་འཇུག་པ་།མངོན་པར་ཤེས་པ་ཆེན་པོའི་ཡེ་ཤེས་རྣམ་པར་རྩེ་བ་མངོན་པར་ཤེས་པ་ཟླ་བ་ལྟ་བུ། སེམས་ཅན་ཐམས་ཅད་ཀྱི་སེམས་
236a
༄#། །མཚུངས་པར་ཤེས་པའི་བསམ་པ་མངོན་པར་ཡང་དག་པར་མགུ་བའི་ཕྱིར་ཐབས་ལ་མཁས་པ་འཕེལ་བ་ཡང་དག་པར་སྟོན་པ། ནམ་མཁའ་དང་མཚུངས་པའི་གཟུངས་ཀྱིས་ཚད་མེད་པའི་སྣོད་ཆོས་རིན་པོ་ཆེས་ཡོངས་སུ་བཀང་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཕྱིར་སྐྱེ་བོ་ཐམས་ཅད་ཀྱི་ཉེ་བར་འཚོ་བ། འཕགས་པའི་བདེན་པ་བཞིས་རྐང་པའི་ཤུགས་ཆེན་པོས་ཆོས་ཀྱི་ཚུལ་གྱི་ལམ་ཟབ་མོའི་རྗེས་སུ་ཞུགས་པ། མཚུངས་པའི་ཆོས་ཀྱིས་གཞན་གྱི་རྒོལ་བ་ཐམས་ཅད་ཚར་གཅོད་པ། བསྐལ་པ་བརྒྱ་སྟོང་གྲངས་མེད་པའི་མཐར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐུག་པ་མེད་ཅིང་རྒྱུན་མ་བཅད་པའི་ཡོན་ཏན་ཐམས་ཅད་འབྱུང་བ། རླུང་དང་མཚུངས་པའི་སེམས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱིས་གོས་པ་མེད་པ། བག་ཆགས་ཐམས་ཅད་རྗེས་སུ་འབྲེལ་བའི་ཉོན་མོངས་པ་རབ་ཏུ་སྤངས་པ། ཚད་མེད་གྲངས་མེད་པའི་ཏིང་ངེ་འཛིན་དང ། གཟུངས་དང ། བཟོད་པས་རྣམ་པར་རྩེ་བ་ལ་མཁས་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྟ་དང་གླང་པོ་ཆེ་མི་དཀར་བ་ཞེས་བྱ་བ་དང ། བྱང་ཆུབ་སེམས་དཔའ་རི་རབ་ཀུན་ཏུ་སྣང་བ་ཞེས་བྱ་བ་དང ། བྱང་ཆུབ་སེམས་དཔའ་རི་རབ་ཟླ་བ་ཞེས་བྱ་བ་དང ། བྱང་ཆུབ་སེམས་དཔའ་རྣམ་པར་བསྒྱིངས་པ་མི་ཟད་པ་ཞེས་བྱ་བ་དང ། བྱང་ཆུབ་སེམས་དཔའ་ཡེ་ཤེས་དཔལ་ཞེས་བྱ་བ་དང ། བྱང་
236b
ཆུབ་སེམས་དཔའ་མིག་སྔོན་པོ་ཞེས་བྱ་བ་དང ། བྱང་ཆུབ་སེམས་དཔའ་དུར་སྨྲིག་སེངྒེ་སྒྲ་འབྱིན་ཅེས་བྱ་བ་དང ། བྱང་ཆུབ་སེམས་དཔའ་ནོར་གྱི་འོད་ཀྱི་ཚོགས་ཞེས་བྱ་བ་དང ། བྱང་ཆུབ་སེམས་དཔའ་རི་རབ་མཚམས་ཞེས་བྱ་བ་དང ། བྱང་ཆུབ་སེམས་དཔའ་རྒྱལ་མཚན་རྣམ་པར་སྤྲུལ་པའི་དབྱངས་ཞེས་བྱ་བ་དང ། བྱང་ཆུབ་སེམས་དཔའ་གློག་གི་ཕུང་པོ་ཞེས་བྱ་བ་དང ། བྱང་ཆུབ་སེམས་དཔའ་ཡོན་ཏན་གྱི་གཟི་བརྗིད་དྲི་མ་མེད་པའི་རྒྱལ་པོ་ཞེས་བྱ་བ་དང ། བྱང་ཆུབ་སེམས་དཔའ་རི་རབ་སྟོབས་ཀུན་ཏུ་རྒྱས་པ་ཞེས་བྱ་བ་དང ། བྱང་ཆུབ་སེམས་དཔའ་གཏོགས་འདོད་མཐུ་བོ་ཆེ་ཞེས་བྱ་བ་དང ། བྱང་ཆུབ་སེམས་དཔའ་བྱམས་པ་དང ། དེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་དང ། སྔོན་དུ་འགྲོ་བ་དྲང་སྲོང་རྟ་རླུང་དང ། དྲང་སྲོང་སྟོང་ཕྲག་སུམ་ཅུ་དང ། ལྷ་བྲན་བརྒྱ་སྟོང་ཕྲག་བཅོ་བརྒྱད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཡོངས་སུ་བསྐོར་ནས་ལྷན་ཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ལེགས་པར་འོངས་པ་ལ་བཀའ་སྩལ་པ། ལེགས་པར་འོངས་པ། དེ་བཞིན་གཤེགས་པའི་སེངྒེའི་ཁྲི་བཤམས་པ་དེ་ལ་བདག་འདུག་སྟེ། ཉན་ཐོས་རྣམས་ལ་ཉན་ཐོས་ཀྱི་གཏམ་སྨྲ་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་ནོ། །ཞེས་གསོལ་པ་དང ། ཚེ་དང་ལྡན་པ་ལེགས་པར་འོངས་པ་ཕྱིར་མཉན་ཏེ་བཅོམ་ལྡན་འདས་ཀྱི་ཕྱིར་ཕོ་བྲང་ཟླུམ་པོ་བྱས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ཐམས་
237a
༄#། །ཅད་དང་ལྡན་པ་ལ་རྣམ་པར་ཀུན་ཏུ་བལྟས་ཏེ་ཕོ་བྲང་ཟླུམ་པོར་བཤམས་པ་ཉིད་དུ་བཞུགས་སོ། །དེ་ནས་དགེ་སློང་གཞན་དག་ཀྱང་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་བཙལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་ཞེས་བགྱི་བ།་བཙུན་པ་བཅོམ་ལྡན་འདས། འཇིག་རྟེན་ཞེས་བགྱི་བ་ནི། གང་ལགས། དེ་བཞིན་གཤེགས་པས་འཇིག་རྟེན་དུ་བཏགས་པས་བཏགས་པ་ནི། ཇི་ལྟ་བུ་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་།འཇིག་རྟེན་འཇིག་རྟེན་ཞེས་བྱ་བ་དང ། དེ་བཞིན་གཤེགས་པས་འཇིག་རྟེན་དུ་བཏགས་པས་བཏགས་པ་ནི། ཇི་ཙམ་ཞེས་དགེ་སློང་ཁྱོད་དེ་སྐད་འདྲིའམ། བཅོམ་ལྡན་འདས་དེ་བཞིན་ནོ། །དེའི་ཕྱིར་དགེ་སློང་ཁྱོད་ལེགས་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ། །བཙུན་པ། དེ་བཞིན་ནོ། །ཞེས་གསོལ་ཏེ་དགེ་སློང་དེ་བཅོམ་ལྡན་འདས་ལ་ཕྱིར་ཉན་པ་དང ། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། དགེ་སློང ། འཇིག་རྟེན་ཞེས་བྱ་བ་ནི། འཇིག་རྟེན་རྣམ་པ་གཉིས་ཏེ། སྣོད་ཀྱི་འཇིག་རྟེན་དང ། འདུ་བྱེད་ཀྱི་འཇིག་རྟེན་ཡིན་ནོ། །དགེ་སློང ། དེ་ལ་སྣོད་ཀྱི་འཇིག་རྟེན་ནི། གང ། འདུ་
237b
བྱེད་ཀྱི་འཇིག་རྟེན་ནི། གང་ཞེ་ན། སའི་ཁམས་དང ། ཆུའི་ཁམས་དང ། མེའི་ཁམས་དང ། ཀླུང་གི་ཁམས་ཇི་ཙམ་པ་ནི། སྣོད་ཅེས་བྱའོ། །དགེ་སློང ། དེ་ལ་ནང་གི་སའི་ཁམས་ཡོད་དེ། དགེ་སློང ། དེ་ལ་ནང་གི་སའི་ཁམས་གང་ཞེ་ན། གང་ནང་གི་སའི་སྲ་བ་ཉིད་ཟིན་པ་ནི། འདི་ལྟ་སྟེ། རུས་པ་དང་སེན་མོ་དང ། སོའི་བར་དུ་སྟེ། འདི་དག་ནི། ནང་གི་སའི་ཁམས་ཞེས་བྱའོ། །དེ་ལ་ཕྱི་རོལ་གྱི་སའི་ཁམས་གང་ཞེ་ན། གང་ལུས་ཀྱི་ཕྱི་རོལ་གྱི་སའི་ཁམས་ནི། འདི་ལྟ་སྟེ། འགྲོན་བུ་དང ། གསེར་དང ། ནོར་བུ་དང ། མུ་ཏིག་དང ། བཻ་ཌཱུརྱ་དང ། དུང་དང ། རྡོ་དང ། བྱུ་རུ་དང ། དངུལ་དང ། ས་ལེ་སྦྲམ་དང ། གྲམ་བུ་དང ། གསེག་མ་དང ། མྱོ་མོ་དང ། ཤིང་དང ། རྩཝ་བ་དང ། སྨན་དང ། ཕྱག་དར་དང་འདི་དག་ནི། ཕྱི་རོལ་གྱི་སཱ་ཁམས་ཞེས་བྱའོ། །ཆུའི་ཁམས་གང་ཞེ་ན། ཕྱི་རོལ་གྱི་ཆུའི་ཁམས་ཡོད། ནང་གི་ཆུའི་ཁམས་ཀྱང་ཡོད་དེ། དེ་ལ་ནང་གི་ཆུའི་ཁམས་གང་ཞེ་ན། ལུས་འདི་ལ་ཆུ་དང ། ཆུའི་ཁམས་ཀྱི་མཁྲིས་པ་དང ། བད་ཀན་དང ། རྣག་དང ། ཁྲག་དང ། ཀླད་པ་དང ། ཀླད་རྒྱས་དང ། མཆི་མ་དང ། རྡུལ་དང ། ངར་སྣབས་དང ། སྣབས་དང ། རྒྱུངས་པ་དང ། ལྒང་པ་དང ། གཅིན་ཡོད་པ་ཀུན་ཏུ་ལེན་པ་འདི་ནི།་ནང་གི་ཆུའི་ཁམས་ཞེས་བྱའོ། །དེ་ལ་ཕྱི་རོལ་གྱི་ཆུའི་ཁམས་གང་ཞེ་ན། གང་ལུས་ཀྱི་ཕྱི་རོལ་གྱི་ཆུའི་ཁམས་ནི། འདི་ལྟ་སྟེ། ཆུ་དང ། ཆུའི་ཁམས་ཀྱི་སྣུམ་པ་དང ། འོ་མ་དང །
238a
༄#། །ཞོ་དང ། དར་བ་དང ། བུ་རམ་དང ། ཤིང་གི་རོ་དང ། ཆང་དང ། རྩ་བ་མོ་དང ། བུ་རམ་ཆད་དང ། མེ་ཏོག་ཆང་དང ། ལུས་\?\་ཀྱི་ཕྱི་རོལ་གྱི་ཆུའི་ཁམས་ཇི་ཙམ་པ་ཀུན་ཏུ་ལེན་པ་འདི་ནི། ཕྱི་རོལ་གྱི་ཆུའི་ཁམས་སོ། །དེ་ལ་ནང་གི་མེའི་ཁམས་གང་ཞེ་ན། ལུས་ལ་གང་སྐྱེ་བོའི་མདོག་གི་དྲོ་བ་ཀུན་ཏུ་ལེན་པ་དེས་ལུས་འདི་དྲོ་བ་ཉིད་དུ་བ་དང ། གདུངས་པ་དང ། རིམས་དང ། ཡོངས་སུ་ཚིག་པ་དང ། དེས་ཟོས་པ་དང ། འཐུངས་པ་དང ། འཆོས་པ་དང ། མྱངས་པ་དེའི་ཡང་དག་པར་ཡོངས་སུ་སྨིན་པར་འགྱུར་བ་འདི་ནི། ནང་གི་མེའི་ཁམས་ཞེས་བྱའོ། །དེ་ལ་ཕྱི་རོལ་གྱི་མེའི་ཁམས་གང་ཞེ་ན། གང་མེའི་གདུང་བ་དང ། ཉི་མའི་གདུང་བ་དང ། ནོར་བུའི་གདུང་བ་དང ། འབྲུ་དང ། སྨན་དང ། ཤིང་དང ། རྩའི་དྲོ་བ་དང ། ལྕི་བའི་དྲོ་བ་དང ། ཕྱག་དར་གྱི་དྲོ་བ་དང་འདི་དག་ནི། ཕྱི་རོལ་གྱི་མེའི་ཁམས་ཞེས་བྱའོ། །དེ་ལ་ནང་གི་རླུང་གི་ཁམས་གང་ཞེ་ན། གང་ལུས་འདི་ལ་གྱེན་དུ་རྒྱུ་བའི་རླུང་དང ། ཐུར་དུ་རྒྱུ་བའི་རླུང་དང ། མྮུ་བའི་རླུང་དང ། ཡན་ལག་དང ། ཉིང་ལག་ཏུ་རྒྱུ་བའི་རླུང་དང་འདི་ནི། ནང་གི་རླུང་རྣམས་ཞེས་བྱའོ། །དེ་ལ་ཕྱི་རོལ་གྱི་རླུང་གང་ཞེ་ན། གང་ཕྱི་རོལ་ཏུ་ཡང་དག་པར་རྒྱུ་བའི་རླུང་དང ། རྣམ་པར་རྒྱུ་བའི་རླུང་དང ། གྱེན་དུ་རྒྱུ་བ་དང ། གྲང་བ་དང ། དྲོ་བའི་དམུ་རླུང་ཕྱང་བ་མང་པོ་དང ། ས་འཛིན་པའི་རླུང་དང ། ཕྱི་རོལ་གྱི་རླུང་གི་ཁམས་གང་ཡང་རུང་བ་འདི་ནི། ཕྱི་རོལ་གྱི་རླུང་གི་
238b
ཁམས་ཞེས་བྱ་སྟེ། དེ་ལྟར་ཕྱི་དང་ནང་གི་འབྱུང་བ་ཆེན་པོ་བཞི་པོ་འདི་ནི། སྣོད་ཀྱི་འཇིག་རྟེན་ཞེས་བྱའོ། །འདི་གང་གི་སྣོད་ཅེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔའི་སྣོད་དོ། །དགེ་སློང་དག་།ཕྱི་དང་ནང་གི་འབྱུང་བ་ཆེན་པོ་བཞི་པོ་འདི་དག་ལ་གང་མོས་པའམ། དགའ་བའམ། བྱམས་པའམ། ཆགས་པའམ། རྒྱ་ཆེ་བའམ། ང་ཡིར་བྱ་བའམ། བདག་གིར་བྱ་བ་དེ་དག་ཐམས་ཅད་སྤང་བར་བྱའོ། །ཞེས་སོ་སོར་བསླབ་པར་བྱའོ། །གང་ལ་ལ་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་ཕྱི་དང་ནང་གི་འམ། ཆེ་བའམ། ཕྲ་བའམ། ངན་པ་འམ། བཟང་པོའམ། གང་རིང་བའམ། གང་ཉེ་བའམ། འབྱུང་བ་ཆེན་པོ་བཞི་པོ་དེ་ཐམས་ཅད་དེ་བཞིན་དུ་སོ་སོར་བསླབ་པར་བྱའོ། །གང་ལ་འབྱུང་བ་ཆེན་པོ་བཞི་པོ་དེ་དག་ནི། བདག་གི་མ་ཡིན། བདག་ཀྱང་དེའི་མ་ཡིན། དེའང་བདག་གི་མ་ཡིན་ནོ། །ཞེས་དེ་ལྟར་དེ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །དགེ་སློང་དག། དགེ་སློང་གང་ལ་ལ་འབྱུང་བ་ཆེན་པོ་བཞི་པོ་དེ་དག་ལ་དེ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་ཤིན་ཏུ་བརྟན་པར་བྱེད་དོ། །ཤིན་ཏུ་ཡིད་ལ་བྱས་པའི་དགེ་སློང་དེ་སྲེད་པ་དང ། རྒུད་པ་དང ། ལུས་ཀྱི་སྦྱོར་བའི་རྒྱུན་གཅོད་ཅིང་སྡུག་བསྔལ་གྱི་མཐར་བྱེད་པ་སྟེ། དགེ་སློང་དག་།འདི་ནི། སྣོད་ཀྱི་འཇིག་རྟེན་ནོ། །དགེ་སློང་དག་།དེ་ལ་འདུ་བྱེད་ཀྱི་འཇིག་རྟེན་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་ནི། འདུ་བྱེད་ཅེས་བྱའོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། གཟུགས་
239a
༄#། །ཉ་བར་ལེན་པའི་ཕུང་པོ་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོ་སྟེ། དགེ་སློང་དག། འདི་ནི། འདུ་བྱེད་ཀྱི་འཇིག་རྟེན་ནོ། །དགེ་སློང་དག།་སེམས་ཅན་ཇི་ཙམ་པ་གང་སེམས་ཅན་གྱི་བསྡུ་བས་ཡང་དག་པར་བསྡུས་པ་དེ་ཐམས་ཅད་ཕུང་པོ་འདི་དག་གིས་བསྡུས་པ་དང་ལྡན་པ་འདི་ནི། འདུ་བྱེད་ཀྱི་འཇིག་རྟེན་ཞེས་བྱའོ། །དགེ་སློང་དག། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་ལ་གནང་མོས་པའམ། དགའ་བའམ། བྱམས་པའམ། ཆགས་པའམ། རྒྱ་ཆེ་བའམ། ང་ཡིར་བྱ་བའམ། བདག་གིར་བྱ་བ་དེ་ཐམས་ཅད་སྤང་བར་བྱའོ། །ཞེས་སོ་སོར་བསླབ་པར་བྱའོ། །གང་ཅུང་ཟད་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའམ། ཕྱིའི་འམ། ནང་གིའམ། ཆེ་བའམ། ཕྲ་པའམ། ངན་པའམ། བཟང་བ་བའམ།་གང་རིང་བའམ། གང་ཉེ་བའི་གཟུགས་དེ་ཐམས་ཅད་བདག་གི་མ་ཡིན། བདག་ཀྱང་དེའི་མ་ཡིན། དེའང་བདག་མ་ཡིན་ནོ། །ཞེས་དེ་ལྟར་དེ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །གང་ལ་ལ་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའམ། ཕྱིའི་འམ། ནང་གིའམ། ཆེ་བའམ། ཕྲ་བའམ། ངན་བའམ། བཟང་བའམ། གང་རིང་བའམ། གང་ཉེ་བའི་ཚོར་བའམ། གང་ལ་ལ་འདུ་ཤེས་དང ། གང་ལ་ལ་འདུ་བྱེད་དང ། གང་ཅུང་ཟད་རྣམ་པར་ཤེས་པ་དེ་ཐམས་ཅད་ནི། བདག་གི་མ་ཡིན། བདག་ཀྱང་དེའི་མ་ཡིན། དེ་བདག་མ་ཡིན་ནོ། །ཞེས་
239b
དེ་ལྟར་དེ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་དུ་བལྟ་བར་བྱ་བ་འདི་ནི། དགེ་སློང་དག། སྣོད་ཀྱི་འཇིག་རྟེན་དང ། འདུ་བྱེད་ཀྱི་འཇིག་རྟེན་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་སྣང་པ་འཁོར་དེར་འདུས་པར་གྱུར་ཏེ་འདུག་པ་དེས་བྱང་ཆུབ་སེམས་དཔའ་ཕུང་པོ་རྣམ་པར་འཇིག་པ་ལ་སྨྲས་པ། ཚེ་དང་ལྡན་པ་ཕུང་པོ་རྣམ་པར་འཇིག་པ། བཅོམ་ལྡན་འདས་ཀྱིས་ཕུང་པོ་ལྔ་པོ་འདི་འཇིག་རྟེན་དུ་བསྟན་པ་ནི། འདི་ལྟ་སྟེ། གཟུགས་ཀྱི་ཕུང་པོ་དང ། ཚོར་བའི་ཕུང་པོ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པ་ཤེས་པའི་ཕུང་པོའོ། །ཚེ་དང་ལྡན་པ། ཕུང་པོ་ལྔ་པོ་དེ་དག་ནི། ཇི་ལྟ་བུ།་གཟུགས་ཀྱི་ཕུང་པོ་ནི། གང་འདོད་པའི་ཁམས་མིག་དང ། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ཡང་དག་པར་གཞོལ་བ་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱང་མིག་དང ། གཟུགས་ཀྱི་འགོག་པ་ཡང་དག་པར་གཞོལ་བ་ཞིག་གམ། གཟུགས་དང ། གཟུགས་མེད་པའི་ཁམས་མིག་དང ། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ཡང་དག་པར་གཞོལ་བ་དང ། དེ་བཞིན་དུ་རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱི་མིག་དང ། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ཡང་དག་པར་གཞོལ་བ་ནི། གང ། ཅི་གཟུགས་ཀྱི་ཕུང་པོ་འདོད་པའི་ཁམས་མིག་དང ། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ཡང་དག་པར་གཞོལ་བ་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱི་ཀྱང་མིག་དང་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ཡང་དག་པར་གཞོལ་བ་དང །
240a
༄#། །གཟུགས་དང ། གཟུགས་མེད་པའི་ཁམས་མིག་དང ། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ཡང་དག་པར་གཞོལ་བའམ། འོན་ཏེ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་འདོད་པའི་ཁམས་མིག་དང ། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ཡང་དག་པར་གཞོལ་བ་དང ། གཟུགས་དང ། གཟུགས་མེད་པའི་ཁམས་མིག་དང ། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ཡང་དག་པར་གཞོལ་བ་དང ། གཟུགས་དང ། གཟུགས་མེད་པའི་ཁམས་མིག་དང ། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ཡང་དག་པར་གཞོལ་བའམ། ཅི་འདས་པ་གཟུགས་ཀྱི་ཕུང་པོའམ། མིག་དང ། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ཡང་དག་པར་གཞོལ་བ་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ནས་མིག་གི་བར་དུའམ། གཟུགས་དང ། གཟུགས་མེད་པའི་ཁམས་མིག་དང ། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ཡང་དག་པར་གཞོལ་བ་ཞིག་གམ། འོན་ཏེ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་ཡང་དག་པར་གཞོལ་བ་ཞིག་གམ། འོན་ཏེ་དེ་ལྟར་བྱུང་བ་གཟུགས་ཀྱི་ཕུང་པོའམ། མིག་དང ། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱང་གཟུགས་དང ། གཟུགས་མེད་པའི་མིག་ནས་ཡིད་ཀྱི་བར་དུ་ཡང་དག་པར་གཞོལ་བ་ཞིག་གམ།
240b
འོན་ཏེ་ཚོར་བ་ནས་ཡིད་ཀྱི་བར་དུའམ། འོན་ཏེ་མ་འོངས་པ་དང ། གཟུགས་ཀྱི་ཕུང་པོའམ། མིག་དང ། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་དང ། དེ་རྣ་བ་ནས་ཡིད་ཀྱི་བར་དུ་ཡང་དག་པར་གཞོལ་བ་ཞིག་གམ།་འོན་ཏེ་ཚོར་བ་ནས་ཡིད་ཀྱི་བར་དུའམ། དེ་ནས་བྱང་ཆུབ་སེམས་དཔའ་ཕུང་པོ་རྣམ་པར་འཇིག་པས་བྱང་ཆུབ་སེམས་དཔའ་ཀུན་ཏུ་སྣང་བ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་འགོད་པའི་ཆོས་ལྟོས། མིག་གི་བུ་གར་གཟུགས་ཀྱི་ཕུང་པོ་དང ། འདོད་ཆགས་དང་བྲལ་བ་འཕོས་པའང་མ་ཡིན། མིག་གི་བུ་གར་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའི་ཕུང་པོ་དང ། འདོད་ཆགས་དང་བྲལ་བ་འཕོས་པའང་མ་ཡིན། སྐྱེ་མཆེད་ནི་མི་རྟོག་རྣམ་པར་མི་རྟོག་ཅིང་ལྡང་བའང་མ་ཡིན། ཕུང་པོ་ནི་ངག་གི་ལམ་དང ། དབྱངས་དང ། སྒྲ་དང ། བརྗོད་པ་ལས་ཡང་དག་པར་ཤིན་ཏུ་འདས་པའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཆོས་ཐམས་ཅད་ནི་སྐད་ཅིག་མ་སྟེ། དངོས་པོ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་དབྱངས་མེད་པའོ། །དབྱངས་དང་བྲལ་བའོ། །ཆོས་ཐམས་ཅད་ནི་ནམ་མཁའི་ལམ་སྟེ། མཚན་མ་མེད་པའོ། །ཆོས་ཐམས་ཅད་ནི་ཡི་གེ་མེད་པའོ། །སྨོན་པ་མེད་པའོ། །ཆོས་ཐམས་ཅད་ནི་སྐྱེ་བ་མེད་པའོ། །སྟོང་པའོ། །ཆོས་ཐམས་ཅད་ནི་ཐོབ་པ་མེད་པའོ། །ཚིག་མེད་པའོ། །ཆོས་ཐམས་ཅད་ནི་རྟོག་པ་དང་བྲལ་བའོ། །མི་འཁོམ་པའོ། །ཆོས་ཐམས་ཅད་ནི་ཆགས་པ་དང་བྲལ་བའོ། །རྐྱེན་མེད་པའོ། །ཆོས་ཐམས་ཅད་ནི་སྦྱོར་
241a
༄#། །བ་དང་བྲལ་བའོ། །དམིགས་པ་མེད་པའོ། །ཆོས་ཐམས་ཅད་ནི། ལྟ་བ་དང་བྲལ་བའོ། །མཚན་ཉིད་དབེན་པའོ། །ཆོས་ཐམས་ཅད་ནི། དམིགས་པ་དང་བྲལ་པའོ། ། བདག་མེད་པའོ། །ཆོས་ཐམས་ཅད་ནི། བདག་དང་བྲལ་བའོ། །བརྗོད་དུ་མེད་པའོ། །ཆོས་ཐམས་ཅད་ནི། ཡི་གེ་དང་བྲལ་བའོ། །རབ་ཏུ་ཞི་བའོ། །ཆོས་ཐམས་ཅད་ནི། ཆོས་ཉིད་མི་འཐོབ་པའོ།། མི་སྣང་བ་ཐོབ་པའོ། །ཆོས་ཐམས་ཅད་ནི། སྣང་བ་དང་བྲལ་བའོ། །ཤིན་ཏུ་ཡུལ་མེད་པའོ། །ཆོས་ཐམས་ཅད་ནི། ཡུལ་དང་བྲལ་བའོ། །ཤིན་ཏུ་རྩ་བ་མེད་པའོ། །ཆོས་ཐམས་ཅད་ནི། དབང་པོ་མེད་པའོ། །ཤིན་ཏུ་རང་བཞིན་མེད་པའོ། །ཆོས་ཐམས་ཅད་ནི། སྤྱོད་པ་རྣམ་པར་དག་པའོ། །གཉེན་པོ་མེད་པའོ། །ཆོས་ཐམས་ཅད་ནི། སེམས་མེད་པའོ། །ཆགས་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི། ཤིན་ཏུ་འཕོས་པའོ། །ཕུན་སུམ་ཚོགས་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི། འཇུངས་པ་མེད་པའོ། །སྤྲོས་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི། ཤིན་ཏུ་བསམ་གཏན་དང་ལྡན་པའོ། །གཡོ་བ་དང་བྲལ་བའོ། །ཆོས་ཐམས་ཅད་ནི། ཤིན་ཏུ་སྒྲིབ་པ་མེད་པའོ། །རྡུལ་དང་བྲལ་བའོ། །ཤིན་ཏུ་བྲལ་བའོ། །ཆོས་ཐམས་ཅད་ནི། ཉོན་མོངས་པ་དང་བྲལ་བའོ། །སྟོབས་ཆུང་པའོ། །ཆོས་ཐམས་ཅད་ནི། རྩོད་པ་དང་བྲལ་བའོ། །དངོས་པོ་མེད་པའོ། །ཆོས་ཐམས་ཅད་ནི། དངོས་པོ་དང་བྲལ་བའོ། །བྱེད་པ་མེད་པའོ། །ཆོས་
241b
ཐམས་ཅད་ནི། ལས་མི་སྟོན་པའོ། །ཚོར་བ་མེད་པའོ། །ཆོས་ཐམས་ཅད་ནི། ནམ་མཁའ་དང་ལྡན་པའོ། །ཐོས་པ་མེད་པའོ། །ཆོས་ཐམས་ཅད་ནི། དབྱངས་དབང་བྲལ་བའོ། །གཟུང་དུ་མེད་པའོ། ། ཆོས་ཐམས་ཅད་ནི། རང་བཞིན་གྱིས་སྡུག་པའོ། །ཤེས་པ་མེད་པའོ། །ཆོས་ཐམས་ཅད་ནི། ཚོར་བ་ཆགས་པ་མེད་པའོ། །སྨིག་རྒྱུ་ལྟ་བུའོ། །ཆོས་ཐམས་ཅད་ནི། འདི་ཤེས་དང་བྲལ་བའོ། ། བྲག་ཅ་ལྟ་བུའོ། །ཆོས་ཐམས་ཅད་ནི། ངོ་བོ་ཉིད་མེད་པའོ། །གཟུགས་བརྙན་ལྟ་བུའོ། །ཆོས་ཐམས་ཅད་ནི། རབ་ཏུ་སྣང་བའི་འོད་རྣམ་པར་དག་པ་ཆུ་ཟླ་ལྟ་བུའོ། །ཆོས་ཐམས་ཅད་ནི ། གཟུགས་བརྙན་དང་བྲལ་བའོ། །གཟུགས་བརྙན་ལ་བརྟེན་པའོ། །ཆོས་ཐམས་ཅད་ནི། སྤྲིན་མི་དམིགས་པའོ། །ནམ་མཁའ་དང་མཉམ་པའོ། །ཆོས་ཐམས་ཅད་ནི། གཟུགས་བརྙན་ནོ། ། བསྟན་དུ་མེད་པའོ། །དངོས་པོ་མེད་པའོ། །དངོས་པོ་དང་བྲལ་བའོ། །མཚན་ཉིད་མེད་པ་ནམ་མཚན་ཉིད་མེད་པ་དང ། མཚན་ཉིད་དང་བྲལ་བ་དང ། མཉམ་པའི་མཚན་ཉིད་དང ། མཚན་ཉིད་གཅིག་པ་དང ། མཚན་ཉིད་མེད་པའི་བར་དུའོ། །ཆོས་ཐམས་ཅད་ནི། བདག་མེད་པའོ། །ཆོས་ཐམས་ཅད་ནི། བདག་ཏུ་མི་དམིགས་པའོ། །ངར་སེམས་པ་མེད་པའོ། །རྟེན་མེད་པའོ། །བརྗོད་དུ་མེད་པའོ། །ཆོས་ཐམས་ཅད་ནི། ཡི་གེ་མེད་པའོ། །རིགས་ཀྱི་བུ། འདུ་བྱེད་ཐམས་ཅད་ནི། སྐད་ཅིག་མ་ཟད་བ་དང་བྲལ་བའོ། །ཞེས་ཉོན་མོངས་པ་དང་འཁྲུག་པ་མེད་པར་བྱ་བའི་ཕྱིར་བདག་
242a
༄#། །དང་གཞན་ལ་གནོད་པ་མེད་པ་སྤྲོས་པ་མེད་པའི་བཟོད་པ་བསྒོམ་པར་བྱའོ། །འདི་ལ་རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་དེའི་དབང་གི་བཟོད་པ་སྒོམ་པ་ན་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་ཞེས་བྱ་བ་ཐོབ་པོ། །བཟོད་པ་འདི་ཐོབ་པའི་བྱང་ཆུབ་སེམས་དཔའ་སྐད་ཅིག་མ་གཅིག་དང་ཡང་དག་པར་ལྡན་པ་ཙམ་གྱིས་སངས་རྒྱས་ཀྱི་ཞིང་རྡུལ་ཤིན་ཏུ་ཕྲ་བསྙེད་ལས་ལྷག་པར་ལུས་ཡོངས་སུ་སྤྲུལ་ཏོ། །སངས་རྒྱས་ཀྱི་ཞིང་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཕྱོགས་བཅུ་སྟོང་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་སོང་སྟེ་སངས་རྒྱས་ཀྱི་ཞིང་རེ་རེར་ཡང་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་རྣམ་པ་སྣ་ཚོགས་ཀྱི་ཆར་གཏོང་བའི། འདི་ལྟ་སྟེ། ཟས་ཀྱི་ཆར་རམ། སྐོམ་གྱི་ཆར་རམ། གོས་སམ། ལྟབ་ལྷུབ་བམ། དྲིའམ། མེ་ཏོག་གམ། རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་ཡང་རབ་ཏུ་འོང་ངོ ། །གང་སེམས་ཅན་ཟས་དང ། ཀོམ་དེ་ཡོངས་སུ་ཟོས་པས་ཟང་ཟིང་མེད་པའི་དགའ་བ་དང ། བདེ་བ་ཐོབ་པའི་སེམས་ཅན་དེ་འདུ་བྱེད་ཐམས་ཅད་ནི།་མི་རྟག་པ། སྡུག་བསྔལ་བ། བདག་མེད་པ། སྟོང་པ་ཉིད་ཀྱི་དྲན་པ་དང ། ཚུལ་ཁྲིམས་ཐོབ་བོ། །ཁྱིམ་གྱི་བཅིངས་པ་ཐམས་ཅད་དང ། འདོད་པའི་ཡོན་ཏན་ལྔ་སྤངས་ཏེ་བྱུང་ནས་རིའི་སུལ་དང ། ཁྱིམ་མེད་པ་སྟོང་པའི་ནགས་ཚལ་སྟུག་པོར་གནས་པར་གྱུར་ཏོ། །དྲང་སྲོང་གི་ཆ་བྱད་ཀྱིས་རྩཝ་དང ། རྩ་བ་དང ། འབྲས་བུའི་ཟས་ལ་གནས་པར་འགྱུར་རོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་ལ་
242b
མི་ཟད་པར་མོས་ཤིག། བརྩོན་འགྲུས་རྩོམ་པ་ལ་སྦྱོར་བར་བྱེད་དོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་ནད་དང ། ཤུ་བ་དང ། ཟུག་རྡུ་དང ། མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པར་ཡིད་ལ་བྱེད་དོ། །མངོན་པར་ཤེས་པ་ལྔ་ཐོབ་བོ། །ཚངས་པ་དང ། འཇིག་རྟེན་ལ་གཞོལ་བར་འགྱུར་རོ། །དེ་བཞིན་དུ་གོ་ས་ནས་རིན་པོ་ཆེ་ཡོངས་སུ་སྦྱང་བའི་བར་དུ་ཡོངས་སུ་སྤྱོད་པར་བྱེད་དོ། །དེ་ཤེས་པས་ཟང་ཟིང་མེད་པའི་དགའ་བ་དང ། བདེ་བ་ཐོབ་པ་ནས་ཚངས་པ་དང ། འཇིག་རྟེན་གྱི་བར་དུ་གཞོལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེ་ལྟར་དེ་བཞིན་དུ་གང་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདི་དག་ཐོབ་པ་དེ་སྙིམ་པས་མེ་ཏོག་ནམ་མཁའ་ལ་གཏོར་བའི་མེ་ཏོག་དེ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་སྟོང་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་སྐད་ཅིག་མ་གཅིག་གིས་སོང་བའི་མེ་ཏོག་རེ་རེ་ལའང་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ཆོས་ཀྱི་སྒོ་བརྗོད་པའི་དབྱངས་འབྱུང་བ་ནི། འདི་ལྟ་སྟེ། ཆོས་ཐམས་ཅད་དབྱངས་མེད་པའོ། །བདུད་བཞིའི་ཡུལ་ལས་འདས་པའོ། །ཆོས་ཐམས་ཅད་ནི། ནམ་མཁའི་ལམ་མོ། །གནས་ཡང་དག་པར་སྤོང་བའོ། །ཡི་གེ་མེད་པའོ། །ཆོས་ཐམས་ཅད་ནི། ཆགས་པ་ཡང་དག་པར་གཞོལ་བའོ། །མི་སྐྱེ་བའོ། །ཆོས་ཐམས་ཅད་ནི། ཉོན་མོངས་པ་ཡང་དག་པར་གཞོལ་བའོ། །མ་འགག་པའོ། །ཆོས་
243a
༄#། །ཐམས་ཅད་ཀྱི་སྔོན་གྱི་དམ་ཚིག་མི་གཏོང་བའོ། །མཚན་ཉིད་མེད་པའོ། །ཆོས་ཐམས་ཅད་ནི། ཆགས་པ་ཡང་དག་པར་གཏོང་བའོ། །རྐྱེན་མེད་པའོ། །ཆོས་ཐམས་ཅད་ནི། ཀུན་ཏུ་སྦྱོར་བ་ཡང་དག་པར་གཏོང་བའི་གནས་མེད་པའོ། །ཆོས་ཐམས་ཅད་ནི། རྩོམ་པ་མེད་པའོ། །ཆོས་ཐམས་ཅད་ནི། བདག་གིར་བྱ་བ་དང ། ང་ཡིར་བྱ་བ་ཡང་དག་པར་གཏོང་བའོ། །ཆོས་ཐམས་ཅད་ནི། དབེན་པའོ། །འདུ་འཛི་ཡང་དག་པར་གཏོང་བའོ། །བདག་མེད་པའོ། །ཆོས་ཐམས་ཅད་ནི། བདག་དང་བྲལ་བ་ནས་བརྗོད་དུ་མེད་པའི་བར་དུའོ། །རབ་ཏུ་ཞི་བའོ། །མི་སྣང་བ་ཐོབ་པའོ། །མི་གནས་པའོ། །ཤིན་ཏུ་ཡུལ་མེད་པའོ། །ཤིན་ཏུ་རྩ་བ་མེད་པའོ། །ཤིན་ཏུ་རང་བཞིན་མེད་པའོ། །གཉེན་པོ་མེད་པའོ། ། ཁ་ཟས་མེད་པའོ། །ཤིན་ཏུ་འཐོར་བ་མེད་པའོ། །འཇུངས་པ་མེད་པའོ། །ཤིན་ཏུ་བསམ་གཏན་བྱེད་པའོ། །ཤིན་ཏུ་བསྒྲིབས་པ་མེད་པའོ། །ཤིན་ཏུ་འོད་བ་མེད་པའོ། །ཉམ་ཆུང་བའོ། །དངོས་པོ་མེད་པའོ། །བྱེད་པ་མེད་པའོ། །ཚོར་བ་མེད་པའོ། །ཟག་པ་མེད་པའོ། །འཛིན་པ་མེད་པའོ། །རྣམ་པར་ཤེས་པ་མེད་པའོ། །སྨིག་རྒྱུ་བ་ལྟ་བུའོ། །བྲག་ཅ་ལྟ་བུའོ། ། མིག་ཡོར་ལྟ་བུའོ། །ཆུ་ཟླ་ལྟ་བུའོ། །གཟུགས་བརྙན་ལྟ་བུའོ། །ནམ་མཁའ་དང་མཉམ་པའོ། །དངོས་པོ་མེད་པའོ། །མཚན་ཉིད་མེད་པ་ནས་མཚན་ཉིད་མེད་པ་དང ། མཚན་ཉིད་
243b
དང་བྲལ་བ་དང ། མཉམ་པའི་མཚན་ཉིད་དང ། མཚན་ཉིད་གཅིག་པ་དང ། མཚན་ཉིད་མེད་པའི་བར་དུའོ། །ཆོས་ཐམས་ཅད་ནི། བདག་མེད་པའོ། །ངར་སེམས་པ་མེད་པའོ། །གཟུང་དུ་མེད་པའོ། །བརྗོད་དུ་མེད་པའོ། །ཆོས་ཐམས་ཅད་ནི། སྐད་ཅིག་མའོ། །འདུ་བྱེད་ཟད་པ་དང་བྲལ་བའོ། །ཞེས་བཟོད་པའི་སེམས་བསྒོམ་པར་བྱའོ། །ཆོས་ཐམས་ཅད་ནི། སྐད་ཅིག་མ་ཞེས་ཞི་བའི་སེམས་བསྒོམ་པར་བྱའོ། །མཉམ་པའི་སེམས་དང ། རྣམ་པར་ཞི་བའི་སེམས་དང ། འཛིན་པ་མེད་པའི་སེམས་དང ། འབྱུང་བ་མེད་པའི་སེམས་དང ། སྒྲིབ་པ་མེད་པའི་སེམས་དང ། ཆོད་པ་མེད་པའི་སེམས་དང ། ཕྱིན་ཅི་མ་ལོག་པའི་སེམས་དང ། རྟེན་མེད་པའི་སེམས་དང ། མཉམ་པར་བཞག་པའི་སེམས་དང ། སྡུག་བསྔལ་གྱི་སེམས་བསྒོམ་པར་བྱའོ། །དེ་བཞིན་དུ་ཉེ་བར་ཞི་བའི་སྟོང་པ་ཕྱི་དང་ནང་གི་འཇིག་པ་བརྗོད་པའི་ཆོས་ཀྱི་སྒོ་དང ། ཚད་མེད་གྲངས་མེད་པའི་ཆོས་ཀྱི་སྒོ་མེ་ཏོག་དེ་དག་ལ་འབྱུང་བར་འགྱུར་རོ། །སེམས་ཅན་དེའང་ཆོས་ཀྱི་སྒོ་དེ་ཐོས་ནས་ཟང་ཟིང་མེད་པའི་དགའ་བ་དང ། བདེ་བ་ཐོབ་པ་དེ་འདུ་བྱེད་ཐམས་ཅད་ནི། མི་རྟག་པ། སྡུག་བསྔལ་བ། བདག་མེད་པ། སྟོང་པ་ཉིད་ཀྱི་དྲན་པ་དང ། ཚུལ་ཁྲིམས་ཐོབ་བོ། །ཁྱིམ་གྱི་བཅིངས་པ་ཐམས་ཅད་དང ། འདོད་པའི་ཡོན་ཏན་ལྔ་ཡང་དག་པར་སྤངས་ཏེ་བྱུང་ནས་རིའི་སུལ་དང ། ཁྱིམ་མེད་པ་སྟོང་པའི་ནགས་ཚལ་སྟུག་པོར་གནས་པར་འགྱུར་རོ། །དྲང་སྲོང་གི་ཆ་བྱད་ཀྱིས་འབྲས་བུ་དང ། རྩ་བ་དང །
244a
༄#། །རྩཝའི་ཟས་ལ་གནས་པར་འགྱུར་རོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་ལ་མི་ཟད་པར་མོས་ཤིང་བརྩོན་འགྲུས་རྩོམ་པ་ལ་སྤྲོ་བར་བྱེད་དོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་ནད་དང ། ཤུ་བ་དང ། ཟུག་རྡུ་དང ། མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པར་ཡིད་ལ་བྱེད་དོ། །མངོན་པར་ཤེས་པ་ལྔ་ཐོབ་བོ། །ཚངས་པའི་འཇིག་རྟེན་ལ་གཞོལ་བར་འགྱུར་རོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་འདི་འདྲ་བའི་བཟོད་པ་སྒོམ་པ་དེ་ནི། མིང་མི་དམིགས། སེམས་ཅན་མི་དམིགས། སྲོག་མི་དམིགས། གསོབ་མི་དམིགས། གང་ཟག་མི་དམིགས། གཟུགས་མི་དམིགས། ཚོར་བ་མ་ཡིན། འདུ་ཤེས་མ་ཡིན། འདུ་བྱེད་མ་ཡིན། རྣམ་པར་ཤེས་པའང་མི་དམིགས། མིག་མི་དམིགས། རྣ་བའང་མ་ཡིན། སྣའང་མ་ཡིན། ལྕེའང་མ་ཡིན། ལུས་ཀྱང་མི་དམིགས། ཡིད་ཀྱང་མི་དམིགས། གཟུགས་མི་དམིགས། སྒྲ་མི་དམིགས། དྲི་མི་དམིགས། རོ་མི་དམིགས། རེག་བྱ་མི་དམིགས། ཆོས་མི་དམིགས། ཡིད་མི་དམིགས། ལུས་མི་དམིགས། ཚིག་མི་དམིགས། སེམས་མི་དམིགས་སོ། །སྟོང་པ་ཉིད་མི་གསོག་པ། མཚན་མ་མེད་པ། ཐུབ་པ། ཁམས་གསུམ་གཏོང་པ་མེད་པ། མངོན་པར་འདུ་མི་བྱེད་པ། མ་སྐྱེས་པ། མ་བསྒོམས་པ། མ་བྱང་བའི་བཟོད་པ་འདི་སྨྲས་སོ། །མ་བྱས་པ། བྱ་བ་མེད་པ་དེ་སྔོན་གྱི་མཐའ་ལ་བྱ་བ་མེད་པ། ཕྱི་
244b
མའི་མཐའ་ལ་འདས་པ་མེད་པ། དབུས་ཀྱི་མཐའ་ལ་ཡང་དག་པར་མེད་པ། མི་གནས་པ། མི་དམིགས་པ། ཡིད་ལ་མི་བྱེད་པའི་བཟོད་པ་འདི་སྒོམ་པ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བ་ཞེས་བྱ་བའི་བཟོད་པ་ཐོབ་བོ། །བྱང་ཆུབ་སེམས་དཔའ་བཟོད་པ་འདི་ཐོབ་པས་ཇི་ལྟ་བུར་གོང་དུ་བཤད་པའི་རྩལ་འདི་འདྲ་བ་བྱ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཕུང་པོ་རྣམ་པར་འཇིག་པ་འདི་བསྟན་པ་སྟོན་ཅིང་བརྗོད་པ་ན་བྱང་ཆུབ་སེམས་དཔའ་རྣམ་པར་མི་རྟོག་པ་ཞེས་བྱ་བས་ལེགས་སོ། །ཞེས་བྱ་བ་བྱས་ཏེ་བྱང་ཆུབ་སེམས་དཔའ་མང་པོ་དག་ཅང་མི་སྨྲ་བར་གྱུར་ནས་བཅོམ་ལྡན་འདས་ཅང་མི་གསུང་བས་ཞལ་གྱིས་བཞེས་པར་གྱུར་པ་དང ། དེ་ནས་དགེ་སློང་དྲུག་ཅུ་ཙམ་འདི་སྙམ་དུ་སེམས་ཏེ། རིགས་ཀྱི་བུ་ཕུང་པོ་རྣམ་པར་འཇིག་པ་ཅི་ལ་བསམ་སྟེ་རྣམ་པ་འདི་ལྟ་བུའི་སྒྱུ་མ་འདྲ་བའི་འདུ་བྱེད་ཐམས་ཅད་སྟོན། གལ་ཏེ་གཟུགས་བདག་མེད་པ། མི་སྣང་བ། ཀུན་ནས་ལྡང་བ་མེད་པ། ཡིད་ལ་མི་བྱེད་པ། མི་རྟོག་པ། རྣམ་པར་མི་རྟོག་པ། དམིགས་པ་མེད་པ། རྒྱུ་བ་མེད་པའམ། འོན་ཏེ་འདི་ལྟ་ཅི། སེམས་ཅན་ནམ། སྲོག་གམ། སྐྱེ་བའམ། གསོ་བའམ། གང་ཟག་གམ། ཤེད་ལས་སྐྱེད་པའམ། ཤེད་ཅན་ནམ། བྱེད་པ་པོའམ།་ཚོར་བ་པོའམ། ཚོར་བ་གཞན་ནམ། སྐྱེ་བའམ། ཡང་དག་པར་སྐྱེ་བའམ། གང་མི་དགའ་བ་དང ། མི་འབྱུང་བ་མེད་པར་མི་འགྱུར་བའམ། དེ་བཞིན་གཤེགས་པ་ནི། གང་དུ་བྱུང ། སྙིང་རྗེ་
245a
༄#། །ཆེན་པོ་ནི། གང་ན། ཆོས་འཆང་བ་ནི། སུ་ཞིག། ཆོས་ཀུན་ཤེས་པ་ནི། གང་ཞིག། བསླབ་པ་སྡོམ་པ་ནི། གང་ན་གནས། གལ་ཏེ་ཕུང་པོར་མི་འགྱུར་ན། དེ་ལྟར་ཁམས་དང ། སྐྱེ་མཆེད་རྣམས་ཀྱང་དགེ་བ་རྣམས་ཀྱི་ཆོས་ཀྱི་འབྲས་བུ་རྣམ་པར་སྨིན་པར་མི་འགྱུར་ན། ལེགས་པར་བྱས་པ་དང ། ཉེས་པར་སྤྱོད་པའི་ལས་ཀྱི་འབྲས་བུ་ནི། གང་དུ་སྨིན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། གང་དུ་འབྱུང ། ཉན་ཐོས་དང ། རང་རྒྱལ་བ་རྣམས་དང ། ལྷ་དང ། མི་རྣམས་དང ། གང་གཞན་ཡང་སེམས་ཅན་གྱི་ལུས་སྐྱེ་མཆེད་དྲུག་གིས་བཟུང་བ་ནི། གང་དུ་བྱུང ། བདག་ནི། སྟན་ལས་ལངས་ཏེ་འགྲོ་བར་བྱ་སྙམ་མོ། །དེ་ནས་དགེ་སློང་དྲུག་ཅུ་རྩམ་སྟན་ལས་ལངས་ཏེ་དོང་ནས་དགེ་སློང་གཞན་དག་ཀྱང་ཅང་མི་སྨྲ་བར་གྱུར་པ་དང ། དེ་ནས་བྱང་ཆུབ་སེམས་དཔའ་ཕུང་པོ་རྣམ་པར་འཇིག་པ་བཅོམ་ལྡན་འདས་ལ་ངོ་ཚ་ཞིང་མི་སྤོབས་པ་དང་གནོད་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་མར་མེ་འཁོར་དེ་ཉིད་དུ་འདུས་པར་གྱུར་བ་དེས་བྱང་ཆུབ་སེམས་དཔའ་ཕུང་པོ་རྣམ་པར་འཇིག་པ་ལ་འདི་སྐད་ཅེས་སྨྲས་སོ། །དོན་གྱི་དབང་གང་མཐོང་ན། འཁོར་སྨྲ་བ་དང་བཅས་པ་ལ་ཆོས་ཀྱི་ཚུལ་རྣམ་པ་འདི་ལྟ་བུ་ཟབ་མོ་ཡང་དག་པར་སྟོན། རིགས་ཀྱི་བུ། བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཞན་ལས་གང་ཟག་ལྔ་རྣམས་ལ་ཆོས་ཀྱི་གཏམ་དང ། གཏམ་ངན་པ་དང ། དད་པ་མེད་པ་ལ་དད་པའི་གཏམ་དང ། གཏམ་ངན་པ་དང ། འཇུངས་པ་ལ་
245b
གཏོང་བའི་གཏམ་དང ། གཏམ་ངན་པ་དང ། ཚུལ་ཁྲིམས་ངན་པ་ལ་ཚུལ་ཁྲིམས་ཀྱི་གཏམ་དང ། གཏམ་ངན་པ་དང ། ལེ་ལོ་ལ་བརྩོན་འགྲུས་ཀྱི་གཏམ་དང ། གཏམ་ངན་པ་དང ། འཆལ་པའི་ཤེས་རབ་ལ་ཤེས་རབ་ཀྱི་གཏམ་དང ། གཏམ་ངན་པའོ། །ཞེས་འདི་ལྟར་གསུངས་སོ། །ཡང་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཞན་ལས་བསྟན་པ། མཚམས་མེད་པ་བྱེད་པ་རྣམས་ལ་སྟོང་པའི་གཏམ་མི་སྨྲ་བར་བྱའོ། །ལོག་པར་ལྟ་བའི་ལུས་རྣམས་ལ་ལུས་དྲན་པ་ཉེ་བར་གཞག་པ་མི་སྨྲ་བར་བྱའོ། །བརྐམ་པ་རྣམས་ལ་ཚོར་བ་དྲན་པ་ཉེ་བར་གཞག་པ་མི་སྨྲ་བར་བྱའོ། །ང་རྒྱལ་དང ། དྲེགས་པ་དང ། ཁ་ཟས་ལ་ཆགས་པ་རྣམས་ལ་སེམས་དྲན་པ་ཉེ་བར་གཞག་པ་མི་སྨྲ་བར་བྱའོ། །ངོ་ཚ་བའི་ཆོས་ཀྱི་རྩ་བ་སྤོང་བ་རྣམས་ལ་ཆོས་དྲན་པ་ཉེ་བར་གཞག་པ་མི་སྨྲ་བར་བྱའོ། །མི་ཐོབ་པར་འདོད་པ་རྣམས་ལ་ལྷར་སྐྱེ་བའི་ཡོན་ཏན་མི་སྨྲ་བར་བྱའོ། །འདོད་པ་སྤྱོད་པའི་ལྷར་སྐྱེ་བ་ཡང་དག་པར་ཞུགས་པ་རྣམས་ལ་མདངས་འཕྲོག་པའི་གནོད་སྦྱིན་སྐྱེ་བའི་ཡོན་ཏན་མི་སྨྲ་བར་བྱའོ། །གཟུགས་ལ་སྤྱོད་པའི་ལྷར་སྐྱེ་བ་བཟུང་བ་རྣམས་ལ་འདོད་པ་སྤྱོད་པའི་ལྷ་དང་དཔལ་མི་སྨྲ་བར་བྱའོ། །གཟུགས་མེད་པའི་ཁམས་སུ་སྐྱེ་བ་ཡང་དག་པར་ཞུགས་པ་རྣམས་ལ་གཟུགས་ལ་སྤྱོད་པའི་སྐྱེ་བའི་ཡོན་ཏན་མི་སྨྲ་བར་བྱའོ། །གཟུགས་ལ་སྤྱོད་པའི་ལྷར་སྐྱེ་བ་བཟུང་བ་རྣམས་ལ་འདོད་པ་སྤྱོད་པའི་ལྷའི་བདེ་བ་མི་སྨྲ་བར་བྱའོ། །ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་རང་སངས་རྒྱས་ཀྱི་ཡོན་ཏན་མི་སྨྲ་བར་བྱའོ། །རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་
246a
༄#། །ཞུགས་པ་རྣམས་ལ་ཉན་ཐོས་ཀྱི་ཡོན་ཏན་དག་མི་སྨྲ་བར་བྱའོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སངས་རྒྱས་ཀྱི་ཡོན་ཏན་མི་སྨྲ་བར་བྱའོ། །བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པ་རྣམས་ལ་བསྡུ་བའི་དངོས་པོ་རྣམ་པ་བཞི་མི་སྨྲ་བར་བྱའོ། །བྱང་ཆུབ་སེམས་དཔའ་ཚངས་པའི་རྣམ་པར་སྤྱོད་པ་ལ་མངོན་པར་བརྩོན་པ་རྣམས་ལ་ཐ་དད་པ་ཡང་དག་པར་ཤེས་པ་བཞི་མི་སྨྲ་བར་བྱའོ། །བྱང་ཆུབ་སེམས་དཔའ་འཁོར་སྨྲ་བ་མེད་པ་ལ་རྣམ་པ་འདི་ལྟ་བུ་ཟབ་མོ་ཞི་བ་སྟོང་པ་ཉིད་ཀྱི་གཏམ་སྨྲ་བར་མི་བྱའོ། །ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཐེག་པ་པའི་འཁོར་རྣམ་པ་འདི་ལྟ་བུའི་སྨྲ་བ་དང་བཅས་པའི་མདུན་དུ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་ཟབ་མོ་འདི་མི་སྨྲ་བར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་འཁོར་མང་པོ་དེ་ཐམས་ཅད་དང་ལྡན་པས་མགྲིན་གཅིག་ཏུ་ལེགས་སོ། །ཞེས་བྱ་བ་བྱས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་ལ་ག་ན་མ་རེ་མེ་ལ་ལེགས་སོ། །ཞེས་བྱ་བའི་ཚིག་གིས་སྤྲོ་བ་ཡང་དག་པར་བསྐྱེད་དོ། །ལེགས་སོ་ལེགས་སོ་ཤེས་རབ་ཆེ། །རྣམ་པར་ཤེས་པས་མཆོག་གཅོད་པ། །མཚན་ཉིད་ཐམས་ཅད་ཆོས་རྣམས་ཀྱི། །དུས་ནི་ཁྱོད་ཀྱིས་རབ་ཏུ་ཤེས། །འཁོར་རྣམས་ཤེས་པ་ཅི་འདྲ་བ། །དེ་འདྲའི་ཚུལ་དུ་སྟོན་པར་བྱེད། །ཉན་ཐོས་རང་རྒྱལ་ཐེག་
246b
པ་ལ། །ཆོས་འདི་རྗོད་པར་མི་བྱེད་དོ། །ནམ་མཁའ་མཚུངས་ཤིང་མཉམ་པ་ཡི། །བྱང་ཆུབ་སེམས་དཔའི་མདུན་དག་ཏུ། །ཆོས་འདི་རབ་ཏུ་བསྟན་པས་ན། །ཚུལ་འདི་ཀུན་ཏུ་ཤེས་པར་འགྱུར། །ནམ་མཁའ་ཇི་ལྟར་མཐོ་བྱེད་ལ། །དམའ་བ་མེད་ཅིང་གཟུགས་མེད་པ། །ཤེས་རབ་ཕ་རོལ་ཕྱིན་སྤྱོད་པའི། །བྱང་ཆུབ་སེམས་དཔའི་མཚན་ཉིད་མེད། །བསྐལ་པ་གྲངས་མེད་པ་དག་གི་།འདས་པའི་རྒྱལ་བའི་སྤྱན་སྔར་ནི། །སྨྲ་བ་མེད་པའི་འཁོར་རྣམས་ལ། །ཁྱོད་ཀྱིས་ཆོས་འདི་ཐོས་པ་དང ། །ཇི་ལྟར་རྒྱལ་བ་དེས་བསྟན་པའི། །གྲགས་པ་ཆེན་པོའི་བཟོད་པ་འདི། ། བརྩོན་འགྲུས་བརྟན་པའི་སེམས་ཅན་ལ། །འཇིགས་མེད་པ་འདི་རབ་ཏུ་བསྟན། །བྱང་ཆུབ་སེམས་དཔའ་རབ་དག་ཅིང ། །ཡོན་ཏན་རྒྱ་མཚོ་མཐའ་མེད་པ། །སྐལ་པ་ལྡན་པའི་མདུན་དུ་ནི། །ཆོས་འདི་ཡང་ནི་རབ་ཏུ་བསྟན། །ཉན་ཐོས་ཐེག་པ་མངོན་བརྩོན་དང ། །རང་རྒྱལ་དག་གི་མངོན་དགའ་ལ། །ཆོས་འདི་རབ་ཏུ་བསྟན་པས་ན། །དེ་ཉིད་འཚང་རྒྱར་མི་འགྱུར་རོ། །མི་ཤེས་པས་ནི་སྤོང་བ་དང ། །མོས་པ་མེད་པར་སྐྱེས་པས་ན། །བསོད་ནམས་མང་པོ་འབྱུང་མེད་ཅིང ། །ངན་འགྲོར་ཡང་ནི་མྱུར་དུ་འགྲོ། ཏིང་ངེ་འཛིན་བཟོད་པའི་གཟུངས་ཀྱིས་ནི། །གལ་ཏེ་དེ་ལུས་སྦྱངས་བྱས་ཏེ། །བྱང་ཆུབ་ལམ་ལ་བརྩོན་བྱ་ཕྱིར། །ལ་ལ་ཐས་དང་དེ་བྲལ་བ། །འཁོར་དང་གང་ཟག་རྣམས་ཀྱིས་ཀྱང ། །སེམས་ཀྱི་རྟོག་པར་མི་བྱེད་དོ། །འཆལ་པའི་ཤེས་རབ་སྣོད་མིན་
247a
༄#། །ལ། །སྟོང་པ་ཞི་བ་སྨྲ་བར་བྱེད། །དེ་ཡང་མྱུར་དུ་སྤངས་པས་ན། །མུན་པའི་ཕུང་པོས་བསྒྲིབས་པ་དག་།གཞན་དག་གི་ནི་གནས་བཅུ་ལ། །མྱུར་དུ་ཡང་ནི་འགྲོ་བར་འགྱུར། །དམྱལ་བ་ཡི་དྭགས་བྱོལ་སོང་དུ། །ལྷ་མ་ཡིན་དང་ལུས་སྲུལ་པོ། །གནོད་སྦྱིན་སྲིན་པོ་གཏུམ་པ་ཡང ། །ཡང་དང་ཡང་ནི་འདིར་སྐྱེའོ། །མིར་གྱུར་དཀའ་བྱེད་ཐོབ་པ་དག་།གལ་ཏེ་ཇི་ལྟར་ཐོབ་ན་ཡང ། །སྨད་པའི་གདོལ་པ་རྣམས་དང་ནི། །འོན་པ་ལོང་བ་ཞར་པ་དང ། །རྟག་ཏུ་ནད་དང་ཉམ་ཆུང་བ། །སྐུར་པ་འདེབས་ཤིང་མཆོད་པ་བྱེད། །ཟས་དང་སྐོམ་དང་བྲལ་པ་སྟེ། །མཁས་པ་རྣམས་ཀྱིས་སྨད་པར་འགྱུར། །ཕ་དང་མ་ལ་བཀུར་སྟི་མེད། །ཉེས་པར་བྱས་པ་རྟག་ཏུ་སྤྱོད། །སེམས་ཅན་རྣམས་ལ་སྙིང་རྗེ་མེད། །ངན་འགྲོ་ཡང་ནི་འགྲོ་བར་འགྱུར། །འདིར་ནི་རབ་ཏུ་སོང་བ་ཡི། །དགེ་སློང་དྲུག་ཅུ་ཙམ་འདི་དག་།ཡིད་ཀྱིས་རྟོག་པ་ཞེ་སྡང་བ། །ངན་འགྲོར་ཡང་ནི་མྱུར་དུ་འགྲོ་།ལུས་དབང་བྱས་པའི་སེམས་ཅན་འདི། །གང་གིས་བཟོད་པ་འདི་བསྟེན་ཅིང ། །ཐབས་ལ་མངོན་སུམ་མ་ཡིན་པ། །དེས་ནི་དགེ་སློང་དེ་སོང་ངོ ། །ཡེ་ཤེས་ཐབས་དང་ལྡན་པ་དང ། །ཕ་རོལ་སེམས་ལ་ལྟ་བ་ཡི། ། འཇིག་རྟེན་ལ་ནི་སྒྲོན་འཛིན་པ། །སེམས་ཅན་ཀུན་ལ་སྨན་པར་སྨྲ། །ཐམས་ཅད་དོན་གྱི་རྗེས་ཤེས་པ། །ཐོག་མར་ཡང་ནི་འཁོར་ལྟོས་ལ། །ཅི་འདྲར་འགྱུར་བའི་འཁོར་རྣམས་ལ།།
247b
དེ་འདྲ་བ་ཡི་ཆོས་ཀྱང་ཤོད། །དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་དྲིན་པོ་ཆེས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། ཇི་ལྟ་བུར་ཉན་ཐོས་ཀྱིས་བཅོམ་ལྡན་འདས་ཀྱི་སེངྒེའི་ཁྲི་བ་ཤམས་ཏེ་ཉན་ཐོས་འདུལ་བའི་ཕྱིར་སྨྲ་བར་འགྱུར་རོ། །ཞེས་བདག་གིས་ཡོངས་སུ་ཤེས་སོ། །རིགས་ཀྱི་བུ། ཡང་འདིས་སྔོན་མ་ཐོས་པ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་བསྟན་པ་ན། ཡང་བཅོམ་ལྡན་འདས་ཀྱིས་ཇི་ལྟ་བུར་བདག་ལ་ཐུགས་བརྩེ་བའི་སླད་དུ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་ཡོན་ཏན་གྱིས་དམིགས་པ་སྦྱོར་བ་རྒྱ་ཆེན་པོས་བཤད་པར་བདག་ཀྱང་བཅོམ་ལྡན་འདས་ལ་གསོལ་བ་གདབ་ཅིང ། བདག་དང་སེམས་ཅན་གཞན་ལའང་ཐུགས་བརྩེ་བའི་སླད་དུ་རྗེས་སུ་གཟུང་བར་འགྱུར་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་མར་མེས་བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། གང་གི་དུས་ལ་བབ་པར་ཤེས། དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་མར་མེ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ་བཅོམ་ལྡན་འདས་གང་ན་བདེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་བྱས་ནས་བཅོམ་ལྡན་འདས་ལ་ཚིག་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་པ། ཐུབ་པ་ཚངས་པ་རབ་ཏུ་དགའ་མཛད་པ། །ཡེ་ཤེས་ཉམས་པའི་འགྲོ་ལ་སྒྲོན་མ་འཛིན། །གྲོལ་དང་རིག་ལ་ཁྱོད་ནི་དང་བར་མཛད། །རྡུལ་དང་
248a
༄#། །བྲལ་བའི་ཆོས་ཀྱི་སྒོ་འདི་སྟོན། །རྒྱལ་བ་ཉི་མ་གྲོལ་ལ་མར་མེ་མཛད། །སེམས་ཅན་དུ་མ་ལ་ནི་སྣང་མཛད་བ། །ལམ་རྣམས་རབ་སྟོན་ལ་མ་ནི་ཁྱོད་སྟོན་པ། ། མཆོག་གི་ཆོས་ཀྱི་སྒོ་འདི་བསྟན་པར་མཛོད། །ནམ་མཁའི་རང་བཞིན་ཡོངས་སུ་དག་པའི་ཐུགས། །ཐུགས་དམ་མི་གཡོ་ཇི་ལྟར་རི་བརྟན་བཞིན། །ཐུབ་པ་འཇིག་རྟེན་ཟླ་བ་འོད་འདྲ་བ། །ཚུལ་མདོག་བཟོད་པའི་དགེ་བ་འདི་ཡང་སྟོན། །སྙིང་རྗེ་གནས་ཤིང་འགྲོ་ལ་བཟོད་མཛད་པ། །ཁྱོད་ཀྱི་ཆོག་ཤེས་པ་ནི་མཆོག་ཏུ་ཆེ། །རྒ་འཆི་ནད་གསུམ་རབ་ཏུ་ཞི་མཛད་པ། ། བཟོད་པ་མཆོག་གི་ཡོན་ཏན་འདི་ཡང་སྟོན། །ཐུབ་པ་སེངྒེ་མུ་སྟེགས་འཇིགས་པར་མཛད། །འགྲོ་བ་དགའ་མཛད་ཀ་ལ་པིངྐའི་སྐད། །མུ་སྟེགས་ཅན་གྱི་འཁོར་མང་རྣམ་འཇིག་པ། ། མར་མེའི་བཟོད་པ་འདི་ཡང་བསྟན་པར་མཛོད། །ས་དང་མཉམ་པ་བཟོད་པ་མཆོག་གི་ཐུགས། །བདེ་དང་སྡུག་བསྔལ་རེག་ལ་ཁྲོ་མི་མཛད། །མཐོན་པོ་མ་ཡིན་ད་ལྟར་མཐོ་མིན་པ། ། ཡོངས་མིན་གཟིགས་ཏེ་བཟོད་པ་འདི་ཡང་གསུངས། །ཡེ་ཤེས་མཆོག་གིས་ང་ཡི་ང་རྒྱལ་གྱི། །རླུང་ལངས་ལྟ་བུའི་ཉོན་མོངས་དགྲ་ཡང་གཏོར། །དེས་ནི་བཟོད་པའི་དམ་པ་འདི་ཐོབ་པ།། ལས་ཀྱི་མེ་ཡིས་སྲེད་པའི་ཆུ་ཡང་བསྐམས། །ཁྱོད་ཀྱིས་ལྟ་བ་ལྕུག་མ་སྲེད་ཆུ་ཚིག་།ཀླུ་ལྟ་བུ་རིན་ཆོས་ཀྱི་ཆར་གཏོང་བ། །དེས་ནི་འཁོར་འདི་དགའ་བར་གྱུར་པ་སྟེ། །ཡོངས་སུ་སྨིན་ལ་
248b
གཟིགས་ཤིང་བཟོད་འདི་གསུང ། །སེམས་ཅན་རྣམས་ལ་རྣམ་གྲོལ་ཡོན་ཏན་སྐྱེད། །བཟོད་པ་མཆོག་གི་ཡོན་ཏན་འདི་སྟོན་ཅིང ། །གང་གི་བསམ་པ་དྲི་མ་མེད་བཟོད་འགྱུར། །དེ་ཐོབ་པ་ཡི་ཡོན་ཏན་འདི་མཐའ་ཡས། །སྤྱོད་ཡུལ་ནམ་མཁའི་མདོག་གིས་འདུལ་བ་ཡི། །ཐུབ་པས་འདས་པའི་བཟོད་པ་འདི་གསུངས་དང ། །ད་ལྟར་གྱི་ཡང་བཟོད་པ་འདི་གསུངས་པ། །ཐུགས་རྗེར་དགོངས་ཁྱོད་བཟོད་པ་འདི་ཡང་གསུངས། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རིན་ཆེན་ལག་ལ་ཅང་མི་གསུང་བས་ཞལ་གྱིས་བཞེས་སོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གང་ན་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་བསྟན་པར་ང་ཡང་དགོངས་སོ་སྙམ་མོ། །ལྷ་བྲན་གྱིས་གསོལ་པ། སྤོས་ཀྱི་ངད་ལྡང་བའི་རི་ལ་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཟོད་པ་འདི་སྟན་ནས་ཇི་ལྟ་བུའི་སྤོས་ཀྱི་ངད་ལྡང་བའི་རི་ལ་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདི་བཤད་པར་འགྱུར་རོ། །ཞེས་བཅོམ་ལྡན་འདས་བདག་ཉིད་ཡེ་ཤེས་བསྟན་པ་ལ་འཇུག་གོ་།དེ་ནས་ཡང་བཅོམ་ལྡན་འདས་སྐར་མདའི་བདག་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཏིང་ངེ་འཛིན་དེས་
249a
༄#། །བཅོམ་ལྡན་འདས་དྲང་སྲོང་གི་བརྟུལ་ཞུགས་དང ། སྤྱོད་ལམ་དང ། མཚན་མ་དང ། དབྱིབས་ཀུན་ཏུ་སྣང་སྟེ། དྲང་སྲོང་དེའང་རྒན་པོ་དང ། རྒས་པ་དང ། འཁོགས་པ་དང ། སྐྲ་རིང་པོའི་རལ་པ་འཆང་བ་དང ། ག་ཚོམ་རིང་པོ་དང ། དབྱུག་པ་དང ། རིལ་བ་དང ། གཙང་མ་འཛིན་མེའི་སྦྱིན་སྲེག་ཆེན་པོ་འབར་བར་བྱེད་དོ། །དེ་ལས་ཀྱང་འོད་ཀྱི་ཕུང་པོ་ཁ་དོག་སྣ་ཚོགས་དང ། ཁ་དོག་མཐའ་ཡས་པ་དང ། ཁ་དོག་བརྒྱ་སྟོང་དུ་མ་དང ། ཁ་དོག་རྒྱ་ཆེན་པོ་ཤིན་ཏུ་ཡོངས་སུ་དག་པ་དྲི་མ་མེད་པའི་འོད་འབྱུང་ངོ ། །དེའི་འོད་སྣང་བས་ཕྱོགས་བཅུའི་ཞིང་སྟོང་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་མཐའ་ཡས་མུ་མེད་པའི་སྐར་མ་དང ། རིན་པོ་ཆེ་དང ། གློག་དང ། འོད་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་གྱི་འོད་ཀྱང་མི་མངོན་མི་སྣང་ངོ ། །སེམས་ཅན་དམྱལ་བ་དང ། བྱོལ་སོང་དང ། ཡི་དྭགས་ཀྱི་ལྟ་བའང་མི་མངོན་མི་སྣང་ངོ ། །དེའི་ཚེ་དྲང་སྲོང་ཐུབ་པ་མ་གཏོགས་པར་སེམས་ཅན་རྣམས་ཀྱི་སྒྲ་དང ། བརྗོད་པ་དང ། དབྱངས་དང ། ཚིགས་དང ། ཡི་གེ་དང ། ཆུང་ངུ་ན་ས་དང ། ཆུ་དང ། མེ་དང ། རླུང་གི་སྒྲའང་མི་གྲག་གོ་།དེའི་ཚེ་ན་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་མཐའ་ཡས་མུ་མེད་པ་ན་སེམས་ཅན་གང་ལ་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དེ་ཐམས་ཅད་དྲང་སྲོང་གི་བརྟུལ་ཞུགས་དང ། ལུས་དང ། མཚན་མ་དང ། དབྱིབས་ཀུན་ཏུ་
249b
སྣང་ངོ ། །ཡང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་དྲང་སྲོང་མ་གཏོགས་པར་ཉན་ཐོས་སམ། རང་རྒྱལ་པའི་ཐེག་པ་པའི་དྲང་སྲོང་ནི། ཀུན་ཏུ་མི་སྣང་ངོ ། །ཡང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་དྲང་སྲོང་དེས་ཉན་ཐོས་དང ། རང་སངས་རྒྱས་མ་མཐོང་ཞིང་ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཐེག་པ་པའང་མ་མཐོང་ངོ ། །དེའི་ཚེ་ན་གང་ཡང་ཉན་ཐོས་འཁོར་དེར་འདུག་པ་དེ་དེ་བཞིན་གཤེགས་པ་མི་མཐོང་ཞིང ། དེ་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །གང་ཡང་འདིར་འདུག་པ་འདུས་པར་གྱུར་པ་གཞན་དུ་ན་ཅུང་ཟད་གཟུགས་སྣང་བའང་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །སྣང་བ་རྒྱ་ཆེན་པོས་ནི། འཇིག་རྟེན་ཐམས་ཅད་ཁྱབ་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །དེ་ནས་ཉན་ཐོས་ཆེན་པོ་དེས་ཀུན་ཤེས་ཀཽ་ཌི་ནྱ་ལ་སྨྲས་པ། གནས་བརྟན་ཀཽ་ཌི་ནྱ། བཅོམ་ལྡན་འདས་གང་ན། ཀཽ་ཌི་ནྱ་ས་སྨྲས་པ། བཅོམ་ལྡན་འདས་ད་ལྟར་གང་ན་བ་ཞེས་བྱ་བ་ནི། མི་ཤེས་སོ། །མི་མཐོང་ངོ ། །དེ་ནས་ཉན་ཐོས་ཆེན་པོ་དེས་འོད་སྲུང་ཆེན་པོ་ལ་སྨྲས་པ། སྦྱངས་པ་སྨྲ་བའི་ནང་ན་བཅོམ་ལྡན་འདས་ཀྱིས་ཁྱོད་མཆོག་ཏུ་བསྟན་ན། བཅོམ་ལྡན་འདས་ད་ལྟར་གང་ན་བ་སོམས་ཤིག་།འོད་སྲུང་ཆེན་པོས་སྨྲས་པ། བཅོམ་ལྡན་འདས་ད་ལྟར་གང་ན་བཞེས་བྱ་བ་མི་ཤེས་སོ། །མི་མཐོང་ངོ ། །དེ་ནས་ཉན་ཐོས་ཆེན་པོ་དེས་ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུ་ལ་སྨྲས་པ། གནས་བརྟན་ཤཱ་རིའི་བུ། ཤེས་རབ་དང་ལྡན་པའི་ནང་ན་བཅོམ་ལྡན་
250a
༄#། །གྱིས་ཁྱོད་མཆོག་ཏུ་བསྟན་ན། བཅོམ་ལྡན་འདས་གང་ན་བ་སོམས་ཤིག། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ། སངས་རྒྱས་ཀྱི་ཞིང་མཐའ་མེད་པས་བཅོམ་ལྡན་འདས་ད་ལྟར་གང་ན་ཞེས་བྱ་བ་མི་ཤེས་སོ། །མི་མཐོང་ངོ ། །དེ་ནས་ཉན་ཐོས་ཆེན་པོ་དེས་མཽངྒལ་ཡ་ན་ལ་སྨྲས་པ། ཚེ་དང་ལྡན་པ་མཽངྒལ་ཡ་ན། རྫུ་འཕྲུལ་དང་ལྡན་པའི་ནང་ན་བཅོམ་ལྡན་འདས་ཀྱིས་ཁྱོད་ཀྱང་མཆོག་ཏུ་བསྟན་ན། བཅོམ་ལྡན་འདས་ད་ལྟར་གང་ན་བ་སོམས་ཤིག་།མཽངྒལ་ཡ་ནས་སྨྲས་པ། གང་གི་ཚེ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་སྨྲས་པ་དེ་ཉིད་ན་བདག་གིས་སྟོང་གསུམ་གྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི། རྫུ་འཕྲུལ་གྱི་སྟོབས་ཀྱིས་རྗེས་སུ་ཤེས་ཀྱི། བཅོམ་ལྡན་འདས་ད་ལྟར་གནག་ན་བཞུགས་པ་གང་དུ་བཞུད་ཅེས་བྱ་བ་ནི། མི་མཐོང་ངོ ། །མི་ཤེས་སོ། །དེ་ནས་ཉན་ཐོས་ཆེན་པོ་དེས་ཚེ་དང་ལྡན་པ་མ་འགགས་པ་ལ་སྨྲས་པ། ལྷའི་མིག་གི་ནང་ན་བཅོམ་ལྡན་འདས་ཀྱིས་ཁྱོད་ཀྱང་མཆོག་ཏུ་བསྟན་ན། བཅོམ་ལྡན་འདས་ད་ལྟར་གང་དུ་བཞུད། གང་ན་གནས། སྤྱོད་པ་ནི། ཅི་འདྲར་སྤྱོད། ཁྱོད་ཀྱི་ལྷའི་མིག་གིས་ལྟོས། མ་འགགས་པས་སྨྲས་པ། ཁོ་བོས་འཕགས་པའི་ཤེས་རབ་ཀྱི་མིག་གིས་མཐའ་ཡས་མུ་མེད་པའི་སངས་རྒྱས་ཀྱི་ཞིང་རྣམ་པར་བལྟས་ན། བཅོམ་ལྡན་འདས་ད་ལྟར་གང་ན་བཞུགས། གང་དུ་བཞུད་ཅེས་བྱ་བ་དག་ཀྱང་མི་ཤེས་སོ།།
250b
མི་མཐོང་ངོ ། །དེས་སྨྲས་པ། ཡང་ཐ་དད་པར་ཡང་དག་པར་ཤེས་པ་ཐོབ་པའི་ཉན་ཐོས་ཀྱི་ཡེ་ཤེས་གང་ལའང་མི་འཇུག་གི། བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ནི། དེ་ལ་འཇུག་གོ་།བདག་གིས་བཅོམ་ལྡན་འདས་ད་ལྟར་གང་དུ་བཞུད། གང་ན་བཞུགས་ཞེས་བྱང་ཆུབ་སེམས་དཔའ་ལ་དྲི་སྙམ་པ་དང ། དེ་ནས་ཉན་ཐོས་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་གཅིག་ཀྱང་ཡང་དག་པར་རྗེས་སུ་མ་མཐོང་ངོ ། །ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཚ་དང་ལྡན་པ། འདི་ལ་རིགས་ཀྱི་བུ་གཞན་ཞིག་གིས་ཕུང་པོ་བཤད་པར་བྱས་པ་དེ་ན་དགེ་སློང་དྲུག་ཅུ་ཙམ་པོ་སྟན་ལས་ལངས་ཏེ་དོང་པས། ཚེ་དང་ལྡན་པ། བཅོམ་ལྡན་འདས་ཐུགས་མི་དགྱེས་ནས་བཏང་སྙོམས་ཤིང་འཕགས་པ་སངས་རྒྱས་ཀྱི་སྤྱོད་པས་རིགས་ཀྱི་བུ་དང་ཐབས་ཅིག་ཏུ་སྤྱོད་དོ། །བདག་ཅག་ནི།་རང་རང་གི་སྤྱིལ་པོར་ཞུགས་ཤིང་བསམ་གཏན་བྱ་སྙམ་སྟེ། དེ་ནས་ཉན་ཐོས་ཆེན་པོ་དེ་དག་རང་རང་གི་སྤྱིལ་པོར་ཞུགས་ནས་བསམ་གཏན་བྱེད་དོ། །བམ་པོ་གཉིས་པ།་དེ་ནས་དེའི་ཚེ་དེའི་དུས་ན་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པ་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་དེ་བདག་དྲང་སྲོང་གི་ཆ་བྱད་དུ་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་ཅག་དྲང་སྲོང་དུ་གྱུར་པ་ན་གང་དྲང་སྲོང་ལས་ཤིན་ཏུ་ཁྱད་པར་དུ་འཕགས་པ་དེ་བདག་ཅག་གི་མཁན་པོར་གཟུང་ངོ ། །ཞེས་བདག་ཅག་རྣམ་པར་
251a
༄#། །བལྟ་བར་བྱའོ་སྙམ་པ་དེ་ཐམས་ཅད་རྙོག་པ་སེལ་བ་ཞེས་བྱ་བ་བྱེད་པ་ཅན་གྱི་གྲོང་རྡལ་ན་དྲང་སྲོང་ཆེན་པོ་ཤཱཀྱ་ཐུབ་པ་རྒས་པ། འཁོགས་པ། བདུག་པ་རྣམས་དང ། མེ་ཏོག་དང ། འབྲས་བུ་དང ། སྨན་དང ། ཟས་དང ། སྐོམ་རྣམ་པ་སྣ་ཚོགས་ཀྱིས་མེ་ལ་གཏོར་བ་ཐག་མི་རིང་བར་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། དྲང་སྲོང་ཆེན་པོ་འདི་ནུས་པ་ཆེན་པོ་མཐུ་ཆེན་པོ་འདིའི་མཐུས་སྣང་བ་ཆེན་པོ་འབྱུང་ངོ ། །དྲང་སྲོང་འདི་གང་ན་བ་དེ་ལོགས་སུ་ཉེ་བར་འགྲོ་ཞིང་དྲང་སྲོང་གི་བརྟུལ་ཞུགས་དང་སྤྱོད་པའི་རྗེས་སུ་བསླབ་པར་བྱ་སྙམ་མོ། །དེ་ནས་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་དྲང་སྲོང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བཅོམ་ལྡན་འདས་ཀྱི་ཐད་དུ་ཉེ་བར་དོད་ངོ ། །དེ་ནས་བྱང་ཆུབ་སེམས་དཔའ་དྲང་སྲོང་ཏིང་ངེ་འཛིན་དང ། བཟོད་པ་དང ། གཟུངས་དབང་དུ་བྱས་པ་དེ་སེམས་རྩེ་གཅིག་པའི་སྟོབས་ཀྱིས་བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར་བརྩོན་པ་དེ་ཉིད་ཀྱི་ཚེ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་གང་ལྷ་དང ། ཀླུ་དང ། གནོད་སྤྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང ། མི་ཡིན་པ་ལ་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དེ་ཐམས་ཅད་དྲང་སྲོང་གི་ཆ་བྱད་ཀྱིས་དྲང་སྲོང་གི་ཚ་བྱད་ཀྱིས་དྲང་སྲོང་ཤཱཀྱ་ཐུབ་པའི་ཐད་དུ་དེར་ཉེ་བར་དོད་དོ། །འཁོར་ཐམས་ཅད་དང་ལྡན་པ་དེ་བཅོམ་ལྡན་འདས་ཇི་ལྟ་བུར་སྤོས་ཀྱི་ངད་
251b
ལྡང་བའི་རི་ལ་བཞུད་ནས་དེ་ན་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདི་བསྟན་པའི་ཕྱིར་ཆོས་ཀྱི་འཁོར་ལོ་གཉིས་པ་ལའང་འཇུག་པར་བཞེད་པའི་བཅོམ་ལྡན་འདས་ཀྱི་ཐུགས་སམས་ཀྱིས་ཤེས་སོ། །བདག་ཅག་ནི། བཅོམ་ལྡན་འདས་ཀྱི་དོན་གྱི་ཕྱིར་ལམ་བརྒྱན་པ་སྦྱང་བར་བྱ་ཞིང་ལམ་དེར་དྲང་སྲོང་གི་མཆོག་སྤོས་ཀྱི་ངད་ལྡང་བའི་རིལ་ཉེ་བར་འགྲོ་བར་བྱའོ་སྙམ་སྟེ། དེ་ནས་ཀླུའི་རྒྱལ་པོ་དགའ་བོ་དང ། བསྙེན་དགའ་བོ་དང ། རྒྱ་མཚོ་དང ། ནོར་བདག་དང ། འཇོག་པོ་དང ། ཡིད་ཡོད་ལ་སོགས་པ་ཀླུའི་རྒྱལ་པོ་བྱེ་བ་ཕྲག་དྲུག་ཅུ་ཙམ་ལྷན་ཅིག་ཏུ་དྲང་སྲོང་གི་ཆ་བྱད་ཀྱིས་ལྷ་རྫས་ཀྱི་རིན་པོ་ཆེ་གསེར་དང ། དངུལ་དང ། བཻ་ཌཱུརྱ་དང ། ཤེས་དང ། བྱུ་རུ་དང ། ་སྨ་གརྦྷ་དང ། མུ་སཱ་ར་གལ་པ་ལ་སོགས་པ་རིན་པོ་ཆེ་སྣ་བདུན་གྱི་ཤིང་ཏ་ལའི་ཕྲེང་བ་གསེར་གྱི་ཤིང་ལ་དངུལ་གྱི་ལོ་མ་དང ། མེ་ཏོག་དང ། འབྲས་བུ་དང ། དངུལ་གྱི་ཤིང་ལ་གསེར་གྱི་ལོ་མ་དང ། མེ་ཏོག་དང ། འབྲས་བུ་ནས་མུ་སཱ་ར་གལ་པའི་ཤིང་གི་བར་དུ་རིན་པོ་ཆེ་སྣ་བདུན་གྱི་ལོ་མ་དང ། མེ་ཏོག་དང ། འབྲས་བུའི་ཕྲེང་བའི་རྒྱན་གྱིས་ལམ་དེ་བརྒྱན་པར་སྤྲུལ་ཏོ། །ཤིང་ཏ་ལའི་ཕྲེང་བ་དེ་ལ་ལྷ་རྫས་ཀྱི་གོས་སྟོང་ཕྲག་བྱེ་བ་རྣམ་པ་དུ་མ་རྣམ་པ་སྣ་ཚོགས་མངོན་པར་རབ་ཏུ་འཕྱང་ངོ ། །ལྷ་དེ་དག་ཀྱང་དྲང་སྲོང་གི་ཆ་བྱད་ཀྱིས་དཀའ་ཐུབ་ཀྱི་གནས་ནས་སྤོས་ཀྱི་ངད་ལྡང་བའི་རིའི་བར་དུ་ལམ་གྱི་ཞིང་དཔག་ཚད་བཅུ་པ་
252a
༄#། །དབྱངས་སོ། །ལམ་གྱི་མུ་གཉིས་སུ་ལྷ་རྫས་ཀྱི་གསེར་ནས་མུ་སཱ་ར་གལ་པའི་བར་དུ་རིན་པོ་ཆེ་སྣ་བདུན་གྱི་སྟེགས་བུར་སྤྲུལ་ཏོ། །གསེར་གྱི་ཤིང་ཏ་ལ་དངུལ་གྱི་སྙིང་པོ་འཕྱང་བ་ནས་མུ་སཱ་ར་གལ་པའི་བར་དུ་སྨྲ་བར་བྱའོ། །འོག་ལོགས་སུ་བཻ་ཌཱུརྱ་བཟང་པོ་ནས་གོང་ལོགས་ཀྱི་གནས་སུ་ཤེལ་གྱི་བར་དུ་རྒྱ་ཆེན་པོས་སྤ་བར་བྱའོ། །སྤྲིན་གྱི་ལྷའི་བུ་དྲང་སྲོང་གི་ཆ་བྱད་ཀྱིས་ལམ་གྱི་མུ་གཉིས་སུ་རྫིང་རྙོག་པ་མེད་པ་རིན་པོ་ཆེ་སྣ་བདུན་གྱི་ཐེམ་སྐས་ཅན་གྱི་རྫིང་དེ་དག་ལ་གསེར་གྱི་བྱེ་མ་བརྡལ་བ། རྫིང་དེ་དག་ལའང་ལྷ་རྫས་ཀྱི་མེ་ཏོག་ཨུཏྤལ་དང ། པདྨ་དང ། ཀུ་མུ་ད་དང ། པུཎྜ་རཱི་ཀ་དང ། ་ཏི་མུཀྟ་ཀ་དང ། ཙམྤ་ཀ་དང ། ་ཤོ་ཀ་དང ། མུ་ཙུ་ཀུ་ད་དང ། མཉྫུ་ཤ་ཀ་དང ། པ་ཏ་ལི་དང ། པ་རི་ཤ་ཀ་དང ། གནྡྷ་དྷ་ནུ་སྐ་རི་དང ། སུ་མ་དང ། ་མྲ་དང ། ཛམྦུ་དང ། མྲི་ན་ལ་དང ། མཆོག་ཏུ་དྲི་ཞིམ་པ་རྣམ་པ་སྣ་ཚོགས་སུ་མངོན་པར་སྤྲུལ་ཏོ། །ས་བླ་ན་གནམ་གྱི་གནོད་སྦྱིན་དྲང་སྲོང་གི་ཆ་བྱད་ཀྱིས་ལམ་སྦྱོང་བར་བྱེད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུའང་དྲང་སྲོང་གི་ཆ་བྱད་ཀྱིས་ལམ་གྱི་མ་གཉིས་ལ་ལྷ་རྫས་ཀྱི་རིན་པོ་ཆེ་སྣ་བདུན་གྱི་རྒྱལ་མཚན་མཆོག་འཛིན་ཏོ། ། རྒྱལ་མཚན་གྱི་མཆོག་དེ་དག་ལ་ལྷ་རྫས་ཀྱི་གོས་དང ། དོ་ཤལ་དང ། རྒྱན་རབ་ཏུ་འབྱང་ངོ ། །འཕྲུལ་དགའི་ལྷའི་བུའང་དྲང་སྲོང་གི་ཆ་བྱད་ཀྱིས་ལྷ་རྫས་ཀྱི་རིན་པོ་ཆེ་སྣ་བདུན་གྱི་
252b
ཁང་བུ་བརྩེགས་མ་མངོན་པར་སྤྲུལ་ཏོ། །ཁང་བུ་བརྩེགས་མ་དེ་དག་གི་ཕྱོགས་བཞི་ཀུན་ཏུ་རིན་པོ་ཆེ་སྣ་བདུན་གྱིས་བྱས་སོ། །ཁང་བུ་བརྩེགས་མ་དེ་ལའང་ལྷ་རྫས་ཀྱི་དོ་ཤལ་སྣ་ཚོགས་དང ། གོས་སྣ་ཚོགས་དང ། རྒྱན་སྣ་ཚོགས་མངོན་པར་རབ་ཏུ་འཕྱང་ངོ ། །མེ་ཏོག་སྣ་ཚོགས་ཀྱི་ཀུན་ཏུ་གཏོར་ཏོ། །ཁང་བུ་བརྩེགས་མ་དེ་ལ་ལྷ་རྫས་ཀྱི་རོལ་མོ་རྒྱ་ཆེན་པོ་ཡིད་དུ་འོང་བ་སྣ་ཚོགས་བྱུང་ངོ ། །སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱི་རོལ་མོ་དཀྲོལ་བ་དང ། ཀླུའི་སྒྲ་བསྒྲགས་པ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་སྒྲས་ཁྱབ་པར་གྱུར་ཏོ། །ཀླུའི་བུ་མོ་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ལམ་མཛེས་པས་བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར་དྲང་སྲོང་གི་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་ཕབ་བོ། །དགའ་ལྡན་གྱི་ལྷའི་བུ་བརྒྱ་སྟོང་དུ་མའང་དྲང་སྲོང་གི་ཆ་བྱད་ཀྱིས་འདི་ལྟ་སྟེ། ལྷ་རྫས་ཀྱི་མེ་ཏོག་མནྡཱ་ར་བ་དང ། མནྡཱ་ར་བ་ཆེན་པོ་དང ། ཙམྤ་ཀ་དང ། བ་རི་ཡ་ཏྲ་དང ། འཛོ་ཤ་དང ། འཛོ་ཤ་ཀ་ཆེན་པོ་དང ། རོ་ཙ་དང ། རོ་ཙ་ཀ་ཆེན་པོ་དང ། བལ་ལ་དང ། བལླ་ཆེན་པོ་དང ། ཙཀྲ་དང ། ཙཀྲ་ཆེན་པོ་འོད་དྲི་མ་མེད་པ། འདབ་མ་བརྒྱ་པ། འདབ་མ་སྟོང་པ། འདབ་མ་བརྒྱ་སྟོང་པ། ཀུན་ནས་འོད། ཀུན་ནས་དྲི། ཀུན་ནས་རྣམ་པར་རྒྱུ་བའི་དྲི། རྟག་ཏུ་མེ་ཏོག་འོད་སྣང་བ། ཁ་དོག་མཐའ་མེད་པ། བལྟར་འོས་པ། མིག་གིས་མངོན་པར་དགའ་བ་རྣམ་པ་སྣ་
253a
༄#། །ཚོགས་ཀྱིས་བཅོམ་ལྡན་འདས་ཀྱི་དོན་དང ། བཅོམ་ལྡན་འདས་ཀྱི་མཆོད་པའི་ལས་ཀྱི་ཕྱིར་ལམ་དེ་མཛེས་པར་བྱས་སོ། །ཆར་བའི་སྤྲིན་གྱི་ལྷའི་བུ་བརྒྱ་སྟོང་དུ་མདག་ཀྱང་དྲང་སྲོང་གི་ཆ་བྱད་ཀྱིས་ཆུ་ལས་སྐྱེས་པ་དང ། ཐང་ལས་སྐྱེས་པའི་མེ་ཏོག་གི་ཆར་རབ་ཏུ་ཕབ་བོ། །ཀླུའི་གླང་པོ་བརྒྱ་སྟོང་དུ་མའང་དྲང་སྲོང་གི་ཆ་བྱད་ཀྱིས་ཡང་དག་པར་གནས་ཤིང་འདི་ལྟ་སྟེ།་མུ་ཏིག་སྔོན་པོའི་ཆར་དང ། གོ་ཤིཪྴའི་སྙིང་པོའི་ཆར་ལ་སོགས་ཏེ་ཆར་སྣ་ཚོགས་རབ་ཏུ་ཕབ་བོ། །གང་ལ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ལྷའམ། ལྷའི་དབང་པོའམ། ཀླུའམ། ཀླུའི་དབང་པོའམ། གནོད་སྦྱིན་དང ། སྲིན་པོ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། ཡི་དྭགས་དང ། ཤ་ཟ་དང ། གྲུལ་བུམ་དང ། གྲུལ་བུམ་གྱི་དབང་པོ་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བའི་བར་དུ་དེ་ཐམས་ཅད་དྲང་སྲོང་གི་ཆ་བྱད་ཀྱིས་མེ་ཏོག་སྣ་ཚོགས་དང ། ཕྲེང་བ་སྣ་ཚོགས་དང ། དྲི་སྣ་ཚོགས་དང ། བྱུག་པ་སྣ་ཚོགས་དང ། རོལ་མོ་དཀྲོལ་བ་སྣ་ཚོགས་དང ། བརྡུང་བ་དང ། གླུ་སྣ་ཚོགས་ཡོངས་སུ་བཟུང་ནས་བཅོམ་ལྡན་འདས་སྤྱན་མི་འཛུམ་པའི་ཞལ་ལ་རྣམ་པར་བལྟ་བའི་ཕྱིར་འཁོད་དོ། །གང་ལ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་ལྷའི་བུ་མོའམ།
253b
གནོད་སྦྱིན་གྱི་བུ་མོའམ། ནམ་མཁའ་ལྡིང་གི་བུ་མོའམ། ལྷ་མ་ཡིན་གྱི་བུ་མོའམ། མི་འམ་ཅིའི་བུ་མོའམ། ལྟོ་འཕྱེ་ཆེན་པོའི་བུ་མོ་དེ་ཐམས་ཅད་དྲང་སྲོང་གི་ཆ་བྱད་ཀྱིས་བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར་རོལ་མོ་བརྡུང་བ་དང ། དཀྲོལ་བ་དང ། ཀླུ་ཡོངས་སུ་བཟུང་སྟེ། དམར་པོ་དང ། དཀར་པོ་དང ། ལེ་བརྒན་དང ། ཤེལ་གྱི་ཁ་དོག་གི་གོས་ཀྱི་ཆར་ཁད་ཀྱིས་ཁད་ཀྱིས་རབ་ཏུ་ཕབ་བོ། །མིའམ་ཅིའི་བུ་མོ་བརྒྱ་སྟོང་དུ་མའང་དྲང་སྲོང་གི་ཆ་བྱད་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་སྣ་ཚོགས་ཀྱི་ལས་ཀྱི་ཕྱིར་བརྩོན་ནོ། །ཚངས་པའི་དབང་པོ་སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་པ་བྱེད་པ་ཁྲག་ཁྲིག་བརྒྱ་སྟོང་དུ་མའང་དྲང་སྲོང་གི་ཆ་བྱད་ཀྱིས་བཅོམ་ལྡན་འདས་ལ་བསྟོད་ཅིང་སྤྱན་སྔར་འཁོད་དོ། །བརྒྱ་བྱིན་གྱི་དབང་པོ་བརྒྱ་སྟོང་དུ་མའང་དྲང་སྲོང་གི་ཆ་བྱད་ཀྱིས་ཕྱག་འཚལ་བར་བྱེད་ཅིང ། མི་འམ་ཅིའི་དབང་པོ་བརྒྱ་སྟོང་དུ་མའང་དྲང་སྲོང་གི་ཆ་བྱད་ཀྱིས་བསྟོད་ཅིང་ཕྱག་འཚལ་ལོ། །དྲི་ཟའི་དབང་པོ་བརྒྱ་སྟོང་དུ་མའང་དྲང་སྲོང་གི་ཆ་བྱད་ཀྱིས་རབ་ཏུ་གསལ་པའི་སེམས་ཀྱིས་ཞལ་ལ་རྣམ་པར་ལྟའོ། །ཀླུའི་དབང་པོ་བརྒྱ་སྟོང་དུ་མའང་དྲང་སྲོང་གི་ཆ་བྱད་ཀྱིས་དུས་དང་མཐུན་པའི་ཙནྡན་གྱི་ཕྱེ་མའི་ཆར་ཆེན་པོ་རབ་ཏུ་འབེབས་སོ། །ལྷ་མ་ཡིན་གྱི་དབང་པོ་བརྒྱ་སྟོང་དུ་མའང་དྲང་སྲོང་གི་ཆ་བྱད་ཀྱིས་ཕྱོགས་བཞིར་རླུང་མཆོག་ཏུ་འཇམ་པས་ཀུན་ཏུ་རེག་པ། མཆོག་ཏུ་དྲི་ཞིམ་པ། མཆོག་ཏུ་འཇམ་པ་གཏོང་ངོ ། །གནོད་སྦྱིན་གྱི་
254a
༄#། །དབང་པོ་བརྒྱ་སྟོང་དུ་མའང་དྲང་སྲོང་གི་ཆ་བྱད་ཀྱིས་མེ་ཏོག་གི་གདུགས་འཛིན་ཏོ། །གནོད་སྦྱིན་གྱི་དབང་པོ་བརྒྱ་སྟོང་དུ་མའང་དྲང་སྲོང་རྒན་པོར་གྱུར་པ་གསེར་གྱི་དབྱུག་པའི་གདུགས་འཛིན་ཅིང་བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ་འཁོད་དེ་བཅོམ་ལྡན་འདས་ལ་དེ་བཞིན་དུ་ལྟའོ། །གྲུལ་བུམ་བརྒྱ་སྟོང་དུ་མའང་དྲང་སྲོང་རྒན་པོའི་ཆ་བྱད་ཀྱིས་གསེར་གྱི་དབྱུག་པའི་གདུགས་འཆང་ཞིང་བཅོམ་ལྡན་འདས་ཀྱི་གཡོན་ལོགས་སུ་འཁོད་དེ། བཅོམ་ལྡན་འདས་ལ་དེ་བཞིན་དུ་ལྟའོ། །ནམ་མཁའ་ལྡིང་གི་དབང་པོ་བརྒྱ་སྟོང་དུ་མའང་དྲང་སྲོང་གི་ཆ་བྱད་ཀྱིས་ནམ་མཁའི་དཀྱིལ་དུ་གསེར་གྱི་ཕྲེང་བ་འཕྱང་བར་གྱུར་ཏོ། །ལྷའི་བུ་མོ་བརྒྱ་སྟོང་དུ་མའང་དྲང་སྲོང་གི་ཆ་བྱད་ཀྱིས་མེ་ཏོག་གི་ཆུན་པོའི་ཆར་ཆེན་པོ་མངོན་པར་རབ་ཏུ་འབེབས་སོ། །ཀླུའི་བུ་མོ་བརྒྱ་སྟོང་དུ་མའང་དྲང་སྲོང་གི་ཆ་བྱད་ཀྱིས་མུ་ཏིག་དམར་པོའི་ཆར་མངོན་པར་རབ་ཏུ་འབེབས་སོ། །དྲི་ཟའི་བུ་མོ་བརྒྱ་སྟོང་དུ་མའང་དྲང་སྲོང་གི་ཆ་བྱད་ཀྱིས་མུ་ཏིག་དམར་པོའི་ཆར་མངོན་པར་རབ་ཏུ་འབེབས་སོ། །གནོད་སྦྱིན་གྱི་བུ་མོ་བརྒྱ་སྟོང་དུ་མའང་དྲང་སྲོང་གི་ཆ་བྱད་ཀྱིས་ཙནྡན་གྱི་ཕྱེ་མའི་ཆར་མངོན་པར་རབ་ཏུ་འབེབས་སོ། །ལྷ་མ་ཡིན་གྱི་བུ་མོ་བརྒྱ་སྟོང་དུ་མའང་དྲང་སྲོང་གི་ཆ་བྱད་ཀྱིས་རྒྱན་གྱི་ཆར་མངོན་པར་རབ་ཏུ་འབེབས་སོ། །ནམ་མཁའ་ལྡིང་གི་བུ་མོ་བརྒྱ་སྟོང་དུ་མའང་དྲང་སྲོང་གི་ཆ་བྱད་ཀྱིས་
254b
ཛམྦུ་ཆུ་ཀླུང་གི་གསེར་གྱི་ཆར་མངོན་པར་རབ་ཏུ་འབེབས་སོ། །ལྟོ་འཕྱེ་ཆེན་པོའི་བུ་མོ་བརྒྱ་སྟོང་དུ་མའང་དྲང་སྲོང་གི་ཆ་བྱད་ཀྱིས་ནམ་མཁའི་དཀྱིལ་བརྒྱན་པར་བྱེད་དོ། །སའི་གནོད་སྦྱིན་བརྒྱ་སྟོང་དུ་མའང་དྲང་སྲོང་གི་ཆ་བྱད་ཀྱིས་དབྱངས་གཏོང་བར་བྱེད་དོ། །བར་སྣང་གི་གནོད་སྦྱིན་བརྒྱ་སྟོང་དུ་མའང་དྲང་སྲོང་གི་ཆ་བྱད་ཀྱིས་ནམ་མཁའ་ལ་འཕྱེན་ཏོ། །བདུད་བརྒྱ་སྟོང་དུ་མའང་དྲང་སྲོང་གི་ཆ་བྱད་ཀྱིས་ལྷུང་ལྷུང་ལྡེགས་ཀྱི་སྒྲ་འབྱིན་པ་ལ་འཇུག་གོ། དྲང་སྲོང་ལྷ་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རང་བཞིན་གྱིས་བརྟན་པའི་བརྟུལ་ཞུགས་ཡང་དག་པར་སྤྱོད་པ་དང ། དྲང་སྲོང་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རང་བཞིན་གྱིས་བརྟན་པའི་བརྟུལ་ཞུགས་ཡང་དག་པར་སྤྱོད་པ་དག་ལྷ་རྫས་ཀྱི་མེ་ཏོག་མནྡཱ་ར་བ་ཆེན་པོ་བླངས་ཏེ་བཅོམ་ལྡན་འདས་ཀྱི་དོན་གྱི་ཕྱིར་རྙོག་པ་སེལ་བ་ནས་སྤོས་ཀྱི་ངད་ལྡང་བའི་རིའི་བར་དུ་མཆམས་སྦྱོར་བའི་ཆར་རབ་ཏུ་འབྱིན་ཏོ། །དེ་ནས་བཅོམ་ལྡན་འདས་བཞུད་པའི་ཞབས་ཀྱིས་མེ་ཏོག་གི་སྙིང་པོ་ཀུན་ཏུ་གནོན་པར་གྱུར་ཏོ། །ལྷའི་བུ་ཉི་མ་དང་ཟླ་བ་བརྒྱ་སྟོང་དུ་མའང་དྲང་སྲོང་གི་ཆ་བྱད་ཀྱིས་མེ་ཏོག་གི་ཆུན་པོའི་ཆར་མངོན་པར་རབ་ཏུ་འབེབས་སོ། །དྲི་ཟ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའང་དྲང་སྲོང་གི་ཆ་བྱད་ཀྱིས་རོལ་མོ་དཀྲོལ་བས་དྲང་སྲོང་ཐུབ་པའི་སྐུ་ལ་འོད་ཟེར་བྱེ་བ་བརྒྱ་སྟོང་འབྱུང་ངོ ། །དེ་ནས་ལྷ་ཡོན་ཏན་ཅན་ཞེས་བྱ་བ་སྤོས་ཀྱི་ངད་ལྡང་བའི་རི་ལ་གནས་པ་
255a
༄#། །ལྷ་བྲན་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་དང་ལྷན་ཅིག་ཏུ་དྲང་སྲོང་གི་ཆ་བྱད་ཀྱིས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་བཙལ་ནས་བཅོམ་ལྡན་འདས་ལ་མགྲིན་གཅིག་ཏུ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །སེམས་ཅན་མི་སྲུན་གྲོལ་བྱེད་རྐང་གཉིས་མཆོག་།མཉེས་དཀའ་རྒྱལ་བ་གཟུངས་ངན་འདྲེན་མཛད་ཅིང ། །སྡུག་བསྔལ་གཟིར་ལ་བདེ་བའི་མཆོག་སྦྱིན་པ། །རྒྱལ་བ་རྐང་གཉིས་དམ་པ་འདིར་གཤེགས་གསོལ། །སྲེད་པ་རབ་སྤངས་རྣམ་ཐར་གསུམ་སྟོན་ཅིང ། ། འགྲོ་ལ་དུས་གསུམ་ནང་ན་ཡེ་ཤེས་ཀྱིས། །བསླབ་པ་གསུམ་སྟོན་དྲི་མ་གསུམ་སྤངས་པ། །ཁམས་གསུམ་ལས་འདས་ཐུབ་པ་འདིར་གཤེགས་གསོལ། །འགྲོ་ལ་ཕྱིན་ཅི་ལོག་བཞི་རྣམ་པར་གྲོལ། །འཁོར་བཞི་དག་གིས་ཞབས་ལ་བསྙེན་བཀུར་ཞིང ། །འགྲོ་ལ་འཕགས་པའི་བདེན་བཞི་རབ་སྟོན་པ། །ཟླ་བ་བས་ཀྱང་ལྷག་པ་འདིར་གཤེགས་གསོལ། ། ཐུབ་པ་ཕུང་པོ་ལྔ་འདིར་བ་སྟོན་པ། །འདོད་པ་ལྔ་ལས་སྐྱེ་བོ་རྣམ་གྲོལ་ཞིང ། །འཕགས་པའི་ཤེས་རབ་ཡན་ལག་ལྔ་སྟོན་པ། །འགྲོ་བ་ལྔ་ཡི་བཙོན་ར་རྣམ་པར་བཀྲོལ། །དབང་པོ་དྲུག་འདུལ་གནས་པ་སྐྱོན་མེད་ཅིང ། །སྲེད་ལུས་དྲུག་ལ་ཤིན་ཏུ་རྣམ་གྲོལ་ཤེས། །སུམ་ཅུ་རྩ་དྲུག་དྲན་སྟོན་སེམས་ཅན་མཆོག་།སྤོས་ཀྱི་ངད་ལྡན་རི་འདིར་གཤེགས་སུ་གསོལ། །
255b
རྒྱལ་བ་མཉམ་གཞག་རབ་ཏུ་དུལ་བའི་ཐུགས། །ཤིན་ཏུ་བསྒོམས་པ་བྱང་ཆུབ་དམ་པ་མཆོག་།ཡེ་ཤེས་སེམས་ཅན་བྱེ་བ་རབ་དུལ་མཛད། །ཁ་ལོ་རབ་སྒྱུར་སྤོས་ངད་རི་འདིར་སྤྱོན། ། རྒྱལ་བ་ཡེ་ཤེས་སེམས་ཅན་རབ་སྟོན་པ། །ཡེ་ཤེས་ཀྱིས་ནི་འཇིག་རྟེན་སྣང་མཛད་ནས། །ཁྱོད་ནི་མུན་པས་བསྒྲིབས་པ་ལ་ཡེ་ཤེས་སྟོན། །ཐུབ་པ་དགོན་པའི་གནས་འདིར་གཤེགས་སུ་གསོལ། །ཛམྦུའི་གླིང་འདིར་སངས་རྒྱས་འབྱུང་བ་དག་།འདི་ལ་སྔོན་གྱུར་ལ་ལ་ཐར་འདོད་ཅིང ། །མི་ཡི་དབང་པོ་བྱང་ཆུབ་འདིར་ཐོབ་པ། །མི་ཡི་འདྲེན་མཁན་ཁྱོད་ནི་འདིར་གཤེགས་གསོལ། ། སྦྱིན་དང་འདུལ་བ་གཏོང་ཞིང་དུལ་བའི་ཐུགས། །སེམས་ཅན་ནང་ན་གཙོ་བོ་སྟོབས་བཅུའི་མཆོག་།སེམས་ཅན་དབུལ་ལ་གཉེན་པ་འཕགས་པ་ཁྱོད། །སྤོས་ཀྱི་ངད་ལྡང་རི་འདིར་གཤེགས་སུ་གསོལ། །བར་འགའ་ཁྱོད་ཀྱིས་ལོ་དྲུག་དཀའ་མཛད་ཅིང ། །བར་འགར་རྒྱལ་བ་བདུད་ཕྱིར་ཤིང་ལ་བཞུགས། །དཔའ་བོ་ཚུལ་གཅིག་ཏུ་ནི་ལམ་སྟོན་པ། །ཐུབ་པ་འདིར་གཤེགས་བཟོད་པ་རབ་ཏུ་སྟོན། །ཝཱ་ར་ཎཱ་སིར་འཁོར་ལོ་དམ་པ་བསྐོར། །ཤེས་རབ་དམ་པ་དག་གི་མཛོད་གཅིག་གསུངས། །འཇིག་རྟེན་ཐམས་ཅད་འདི་ལ་ཁུར་བོར་བ། །སྤོས་ཀྱི་ངད་ལྡང་རི་འདིར་བཟོད་པ་གསུངས། །དེ་ནས་བཅོམ་ལྡན་འདས་ལ་ལྷ་དུ་མས་མདུན་དུ་བདར་ཅིང་བྱང་ཆུབ་སེམས་དཔའ་དུ་མས་བསྐོར་ནས་གདན་ལས་བཞེངས་པ་དང ། དེ་ཉིད་ཀྱི་ཚེ་ན་སྟོང་གསུམ་གྱི་སྟོང་
256a
༄#། །ཆེན་པོའི་འཇིག་རྟེན་གྱི་ཁམས་ལན་དྲུག་ཏུ་རབ་ཏུ་གཡོས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་གང་སེམས་ཅན་ཉན་ཐོས་སམ། ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་སམ། རང་སངས་རྒྱས་ཀྱི་ཐེག་པ་པའམ། གང་ཡང་སེམས་ཅན་གཞན་ཐམས་ཅད་གང་ནམ་མཁའ་ལ་རྒྱུ་བའམ། གང་ས་ལ་རྒྱུ་བའམ། གང་ཆུ་ལ་རྒྱུ་བ་དེ་ཐམས་ཅད་དྲན་པ་རྒྱ་ཆེན་པོ་སོ་སོར་ཐོབ་བོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལག་མཐིལ་དུ་སྐྱེས་པ་སྣང་བ་རྒྱ་ཆེན་པོས་ཁྱབ་པར་མཐོང་ངོ ། ། མིག་གིས་གཟུགས་ལ་ནི་ཅུང་ཟད་ཀྱང་སྣང་བར་མི་འགྱུར་རོ། །གང་ཡང་སེམས་ཅན་དཀའ་ཐུབ་ངན་པའི་རྣལ་འབྱོར་དང་ལྡན་པ་དེའང་ངོ་མཚར་ཆེན་པོ་ཐོབ་བོ། །འདི་ལྟ་སྟེ། མིའི་བརྟུལ་ཞུགས་ཅན་དང ། ཟླ་བའི་བརྟུལ་ཞུགས་ཅན་དང ། ཉི་མའི་བརྟུལ་ཞུགས་ཅན་དང ། འཇིག་རྟེན་གསུམ་གྱི་བརྟུལ་ཞུགས་ཅན་དང ། དེ་ལ་སོགས་པའི་སེམས་ཅན་གང་ལ་ལ་ལྟ་བ་ཉམ་ང་བ་རྣམ་པ་སྣ་ཚོགས་ཐོབ་པ། ལོག་པ་ལ་ལྟ་བ་ཅན་དེ་ཐམས་ཅད་དཀའ་ཐུབ་ངན་པ་སྤངས་ནས་ཕྱོགས་དང་ཕྱོགས་མཚམས་སུ་བལྟས་སོ། །ཅིའི་རྒྱུ་ཅིའི་རྐྱེན་གྱིས་ན། རྣམ་པ་དེ་ལྟ་བུའི་ས་གཡོས་པ་འདི་དང ། སྣང་བ་ཆེན་པོ་འདི་འཇིག་རྟེན་དུ་བྱུང་བར་གྱུར། དེ་ནས་བཅོམ་ལྡན་འདས་དྲང་སྲོང་ཆེན་པོའི་སྤྱན་སྔར་གང་མེའི་ཕུང་པོ་ཆེན་པོ་འདུག་
256b
པ་དེ་ཡུངས་ཀར་གྱི་འབྲུ་ཙམ་དུ་མངོན་པར་སྤྲུལ་ཏེ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་དང ། མ་དག་པ་ཚད་མེད་གྲངས་མེད་པ་རྣམས་སུ་གཏོར་ཏོ། །སངས་རྒྱས་ཀྱི་ཞིང་འདིར་གང་སངས་རྒྱས་བཅོམ་ལྡན་འདས་དག་བཞུགས་ཏེ་འཚོ་སྐྱོང་བའི་སངས་རྒྱས་དེ་དག་གི་སྤྱན་སྔར་མེར་སྣང་བ་དེ་མེ་ཏོག་མནྡཱ་ར་བ་ཆེན་པོར་ཀུན་ཏུ་གནས་པར་འདུག་པར་གྱུར་ཏོ། །འཁོར་ཇི་ཙམ་པ་འདུས་པ་དང ། གང་སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ཐམས་ཅད་དྲང་སྲོང་གི་ཆ་བྱད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སྤྱན་སྔར་འཁོད་དོ། །ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་ཆུ་བོ་གངྒཱ་གཉིས་ཀྱི་བྱེ་མ་སྙེད་ལས་ཤིན་ཏུ་འདས་ཏེ། དེ་ན་རྒྱལ་མཚན་དང་ལྡན་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་དར་དེ་བཞིན་གཤེགས་པ་དབང་གི་རྒྱལ་མཚན་གྱི་དཔལ་ཞེས་བྱ་བ་བཞུགས་ཏེ་འཚོ་སྐྱོང་བ་ཆོས་ཀྱང་སྟོན་ཏོ། །དེ་ན་དེ་བཞིན་གཤེགས་པ་དབང་གི་རྒྱལ་མཚན་གྱི་འཁོར་དེ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དཔལ་ཞེས་བྱ་བ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟའ་ཤིང་གི་ར་བའི་དཔལ་ཞེས་བྱ་བ་དེ་དྲང་སྲོང་གི་གཟུགས་དང ། ལུས་དང ། དབྱིངས་ཀྱིས་བདག་མཐོང་ངོ ། །གཞན་ཡང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུ་ཐམས་ཅད་དྲང་སྲོང་གི་གཟུགས་དང ། ལུས་དང ། དབྱིབས་ཀྱིས་མཐོང་ངོ ། །མཐོང་
257a
༄#། །ནས་དེ་བཞིན་གཤེགས་པ་དབང་གི་རྒྱལ་མཚན་གྱི་དཔལ་ལ་ཡོངས་སུ་ཞུས་པ། བཅོམ་ལྡན་འདས། ཅིའི་རྒྱུ་ཅིའི་རྐྱེན་གྱིས་ན། གང་མེ་ཏོག་མེར་སྣང་བ་བཻ་ཌཱུརྱའི་དབྱིག་པ་འདི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་པར་གྱུར། ཐེག་པ་ཆེན་པོ་འདི་དག་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུ་དེ་ཐམས་ཅད་དྲང་སྲོང་གི་ཆ་བྱད་འཛིན་པར་གྲུབ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དབང་གི་རྒྱལ་མཚན་གྱི་དཔལ་གྱིས་རིགས་ཀྱི་བུ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ནུབ་ཕྱོགས་ཀྱི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་འདུག་ཅིང་རྙོག་པ་ལྔའི་འཇིག་རྟེན་དུ་འཇུག་པ་ན་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་འཁོར་བཞི་དག་ལ་ཐེག་པ་གསུམ་གྱི་ཆོས་སྟོན་པར་བྱེད་དོ། །དེ་བཞིན་གཤེགས་པ་དེ་ད་ལྟར་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་བསྟན་པར་འདོད་པས་དེ་བཞིན་གཤེགས་པ་སྒྲོན་མ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེའི་རྫུ་འཕྲུལ་རྣམ་པར་སྤྲུལ་ཏོ། །གསོལ་པ། བཟོད་པ་འདི་ཐོག་མ་དང་ཐ་མ་ཇི་ལྟ་བུ་ཞིག་།བཀའ་སྩལ་པ། བཟོད་པ་འདི་ནི། མུ་སྟེགས་ཅན་ཐམས་ཅད་ལ་འཇུག་
257b
པའོ། །ད་ལྟར་མི་མཇེད་ཀྱི་སངས་རྒྱས་ཀྱི་ཞིང་འདིར་སེམས་ཅན་ཆུ་བོ་བཞིས་ཁྱེར་བ་རྣམས་ལ་སྒྲོལ་བར་བྱེད་པའོ། །ཆུ་བོ་བཞི་གང་ཞེ་ན། འདོད་པའི་ཆུ་བོ་དང ། ལྟ་བའི་ཆུ་བོ་དང ། སྲིད་པའི་ཆུ་བོ་དང ། མ་རིག་པའི་ཆུ་བོ་དང ། དེ་དག་ལས་སེམས་ཅན་སྒྲོལ་བར་བྱེད་པའོ། །དད་པ་མི་ཕྱེད་པ་བཞི་ཡང་དག་པར་ལེན་དུ་འཇུག་པ། འཇུག་པར་བྱེད་པ། སོ་སོར་དགོད་པར་བྱེད་པའོ། །བཞི་གང་ཞེ་ན། སངས་རྒྱས་ལ་དད་པ་མི་ཕྱེད་པ། སེམས་ཅན་རྣམས་ཡང་དག་པར་ལེན་དུ་འཇུག་པ། འཇུག་པར་བྱེད་པ། སོ་སོར་དགོད་པར་བྱེད་པའོ། །བསྡུ་བའི་དངོས་པོ་རྣམ་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བར་བྱེད་པའོ། །ཚུལ་ཁྲིམས་ཀྱི་ཕུང་པོས་སེམས་ཅན་རྣམས་འདོད་པའི་ཆུ་བོ་ལས་སྒྲོལ་བར་བྱེད་པའོ། །ཏིང་ངེ་འཛིན་གྱི་ཕུང་པོས་སེམས་ཅན་རྣམས་ལྟ་བའི་ཆུ་བོ་ལས་སྒྲོལ་བར་བྱེད་པའོ། །ཤེས་རབ་ཀྱི་ཕུང་པོས་སེམས་ཅན་རྣམས་མ་རིག་པའི་ཆུ་བོ་ལས་སྒྲོལ་བར་བྱེད་པའོ། །རྣམ་པར་གྲོལ་བའི་ཕུང་པོས་སེམས་ཅན་རྣམས་སྲིད་པའི་ཆུ་བོ་ལས་སྒྲོལ་བར་བྱེད་པའོ། །སངས་རྒྱས་ལ་དད་པ་མི་ཕྱེད་པས་སེམས་ཅན་རྣམས་ཐེག་པ་ཆེན་པོས་སྒྲོལ་བར་བྱེད་པའོ། །ཆོས་ལ་དད་པ་མི་ཕྱེད་པས་སེམས་ཅན་རྣམས་རང་སངས་རྒྱས་ཀྱི་ཐེག་པས་སྒྲོལ་བར་བྱེད་པའོ། །དགེ་འདུན་ལ་དད་པ་མི་ཕྱེད་པས་སེམས་ཅན་རྣམས་ཉན་ཐོས་ཀྱི་ཐེག་པས་སྒྲོལ་བར་བྱེད་པའོ། །འཕགས་པ་ཡིད་དུ་འོང་བའི་ཚུལ་
258a
༄#། །ཁྲིམས་ཀྱིས་ལྟ་བར་སོང་བ་ཐམས་ཅད་སྤང་བ་ལ་སྟོན་པར་བྱེད་པའོ། །སྦྱིན་པས་སེམས་ཅན་རྣམས་ཚེའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པའོ། །ངག་སྙན་པས་ལྟ་བའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པའོ། །དོན་བྱེད་པས་སེམས་ཅན་རྣམས་ཉོན་མོངས་པའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པའོ། །དོན་མཐུན་པས་སེམས་ཅན་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་སྒྲོལ་བར་བྱེད་པའོ། །བྱང་ཆུབ་སེམས་དཔའ་དེ་དག་གིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་ཅག་ལ་བཀའ་སྩལ་དུ་གསོལ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ལ་བལྟ་བ་དང ། ཕྱག་འཚལ་བ་དང ། བསྙེན་བཀུར་བའི་ཕྱིར་བདག་ཅག་ཉེ་བར་མཆིའོ། །དེ་བཞིན་གཤེགས་པ་དབང་གི་རྒྱལ་མཚན་གྱི་དཔལ་དེས་ཡང་རིགས་ཀྱི་བུ་གང་གི་དུས་ལ་དབབ་པར་ཤེས་ན་ཞེས་བཀའ་སྩལ་པ་དང ། དེ་ནས་རིགས་ཀྱི་བུ་ཡེ་ཤེས་དཔལ་དང ། བཟའ་ཤིང་གི་ར་བའི་དཔལ་དེ་གཉིས་དང ། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དྲུག་ཅུ་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དབང་གི་རྒྱལ་མཚན་གྱི་དཔལ་དེ་ལ་དྲང་སྲོང་གི་ཆ་བྱད་ཀྱིས་རྐང་པ་གཉིས་དང་སྤྱི་བོས་ཕྱག་བཙལ་ནས་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ་འཁོད་དོ། །སྐད་ཅིག་མ་གཅིག་ཙམ་གྱིས་མི་མཇེད་ཀྱི་སངས་རྒྱས་ཀྱི་ཞིང་དུ་ལྷགས་ནས་བཅོམ་ལྡན་འདས་དྲང་སྲོང་ཤཱཀྱ་ཐུབ་པའི་སྤྱན་སྔར་འདུག་སྟེ་ཐལ་མོ་སྦྱར་ནས་ཕྱག་
258b
བཙལ་ཏེ་འཁོད་པར་གྱུར་ཏོ། །དེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཚད་མེད་གྲངས་མེད་པ་རྣམས་དྲང་སྲོང་གི་ཆ་བྱད་ཀྱིས་ཤར་ཕྱོགས་ཀྱི་ཞིང་རྣམ་པར་དག་པ་དང ། རྣམ་པར་མ་དག་པ་ཚད་མེད་གྲངས་མེད་པ་འདིར་སྐད་གཅིག་མ་གཅིག་གིས་ལྷགས་སོ། །དེ་བཞིན་དུ་ལྷོ་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་ཆུ་བོ་གངྒཱའི་བྱེ་མ་སྙེད་ལས་ཤིན་ཏུ་འདས་ཏེ།་དེ་ན་རི་རབ་ཀྱི་རྒྱལ་མཚན་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་དེར་དེ་བཞིན་གཤེགས་པ་རི་རབ་ཆེན་པོ་ཞེས་བྱ་བ་བཞུགས་ཏེ་འཚོ་སྐྱོང་བ་ཆོས་ཀྱང་སྟོན་ཏོ། །སངས་རྒྱས་ཀྱི་ཞིང་དེ་ནི་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་ཞེས་བྱ་བ་དང ། བྱང་ཆུབ་སེམས་དཔའ་གློག་གི་མཆོག་ཅེས་བྱ་བ་དང ། བྱང་ཆུབ་སེམས་དཔའ་དེ་གཉིས་དྲང་སྲོང་གི་ཆ་བྱད་དང ། ལུས་དང ། བཞུགས་དང ། དབྱིབས་ཀྱིས་བདག་མཐོང་ངོ ། །སྔོན་མ་བྱུང་བའི་ཐུབ་པ་ཆེན་པོ་གཞན་ཡང་དྲང་སྲོང་གི་ཆ་བྱད་ཀྱིས་མཐོང་ནས་དེ་བཞིན་གཤེགས་པ་རི་རབ་ཆེན་པོ་དེ་ལ་ཡོངས་སུ་ཞུས་པ་དེ་བཞིན་དུ་ཇི་ལྟ་བུར་གོང་དུ་བཤད་པ་ནས་དེ་བཞིན་དུ་ནུབ་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་འདི་ལས་ཤིན་ཏུ་འདས་པའི་བར་དུ་སྟེ། དེ་ན་འདུས་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་དེར་དེ་བཞིན་གཤེགས་པ་དཔལ་སྣང་བ་ཞེས་བྱ་བ་བཞུགས་ཏེ་འཚོ་སྐྱོང་བ་ཆོས་ཀྱང་སྟོན་ཏོ། །དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཡོད་པར་མཐོང་བ་དང ། ཀུ་མུ་དའི་གླང་
259a
༄#། །པོ་ཞེས་བྱ་བ་གཉིས་ཀྱང་ཇི་ལྟར་གོང་དུ་བཤད་པ་ནས་བྱང་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཆུ་བོ་གངྒཱ་གསུམ་གྱི་བྱེ་མ་སྙེད་ལས་ཤིན་ཏུ་འདས་པའི་བར་དུ་སྟེ། དེ་ན་རྒྱན་གཅིག་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་དེར་དེ་བཞིན་གཤེགས་པ་རྒྱན་པོ་ཆེ་ཞེས་བྱ་བ་བཞུགས་ཏེ་འཚོ་སྐྱོང་བ་ཆོས་ཀྱང་སྟོན་ཏོ། །དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡུལ་དང་བྲལ་བའི་འོད་དང ། ཚངས་པའི་འོད་ཅེས་བྱ་བ་གཉིས་ཀྱང་ཇི་ལྟར་གོང་དུ་བཤད་པ་ནས་འོག་གི་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་ཆུ་བོ་གངྒཱ་གཅིག་གི་བྱེ་མ་ལས་ཤིན་ཏུ་འདས་པའི་བར་དུ་སྟེ། དེ་ན་མེ་ཏོག་ཆེན་པོ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་དེར་དེ་བཞིན་གཤེགས་པ་ཡེ་ཤེས་ཀྱི་རྒྱལ་མཚན་ཆེན་པོ་ཞེས་བྱ་བ་བཞུགས་ཏེ་འཚོ་སྐྱོང་བ་ཆོས་ཀྱང་སྟོན་ཏོ། །དེ་ན་བྱང་ཆུབ་སེམས་དཔའ་ཡེ་ཤེས་དཔལ་ཞེས་བྱ་བ་དང ། བྱང་ཆུབ་སེམས་དཔའ་དཔལ་ཆེན་པོ་ཞེས་བྱ་བ་གཉིས་ཀྱང་ཇི་ལྟར་གོང་དུ་བཤད་པ་ནས་ཡང་སྟེང་གི་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་ཆུ་བོ་གངྒཱ་བདུན་གྱི་བྱེ་མ་སྙེད་ནས་ཤིན་ཏུ་འདས་པའི་བར་དུ་སྟེ། དེ་ན་འོད་སྣང་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་སྙིང་པོ་ཞེས་བྱ་བ་བཞུགས་ཏེ་འཚོ་སྐྱོང་
259b
བ་ཆོས་ཀྱང་སྟོན་ཏོ། །དེ་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱངས་དང ། བདུད་རྩི་དབྱངས་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་གཉིས་ཀྱང་ཇི་སྙེད་གོང་དུ་བཤད་པ་བཞིན་ནོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་དྲང་སྲོང་གི་ཆ་བྱད་འཛིན་པས་མི་མཇེད་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་ལྡན་པ་འདི་ཀུན་ཏུ་རྒྱས་ནས་དེ་བཞིན་གཤེགས་པ་དྲང་སྲོང་ཤཱཀྱ་ཐུབ་པ་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་བཙལ་ནས་འཁོད་དོ། །མི་མཇེད་ཀྱི་སངས་རྒྱས་ཀྱི་ཞིང་འདིར་སེམས་ཅན་གང་ལ་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་མ་ཞུགས་པ་ནི། དྲང་སྲོང་གི་ཆ་བྱད་ཀྱིས་མ་གྱུར་པའོ། །རྒྱན་དེ་དག་ལ་ཉན་ཐོས་སམ། ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་སམ། རང་སངས་རྒྱས་ཀྱི་ཐེག་པ་པས་མི་མཐོང་ན། སེམས་ཅན་གཞན་གྱིས་མཐོང་བར་མི་འགྱུར་བ་ལྟ་ཅི་སྨོས། དེ་ནས་བཅོམ་ལྡན་འདས་དྲང་སྲོང་ཆེན་པོ་གདན་དེ་ལས་བཞེངས་ཏེ་ཐུབ་པ་དབང་པོའི་འགྲོས་དང ། ཚངས་པ་དབང་པོའི་འགྲོས་དང ། ཚངས་པ་དྲང་སྲོང་གི་འགྲོས་དང ། གཉའ་ཤིང་དུ་ལྟ་བའི་འགྲོས་དང ། ཉེ་བར་ཞི་བའི་འགྲོས་དང ། རབ་ཏུ་ཞི་བའི་འགྲོས་དང ། དགེ་སློང་རྣམས་མོས་པ་ཆེན་པོའི་འགྲོས་དང ། ལྷ་དགའ་བའི་འགྲོས་དང ། གནོད་སྦྱིན་དུལ་བའི་འགྲོས་དང ། ལྷ་མ་ཡིན་དགའ་བར་བྱེད་པའི་འགྲོས་དང ། ཀླུ་འདུལ་བའི་འགྲོས་དང ། རྒྱལ་བ་ཉོན་མོངས་པ་མེད་པའི་འགྲོས་དང ། རྣམ་པར་གྲོལ་བའི་འགྲོས་ཅི་འདྲ་
260a
༄#། །བ་དེ་འདྲ་བའི་འགྲོས་སུ་བཞུད་ཅིང་སངས་རྒྱས་ཆེན་པོར་རྣམ་པར་འཕྲུལ་བའི་འགྲོས་དང ། རྒྱན་ཆེན་པོའི་འགྲོས་དང ། སངས་རྒྱས་ཀྱི་བྱིན་རླབས་ཆེན་པོའི་འགྲོས་སུ་བཅོམ་ལྡན་འདས་སྤོས་ཀྱི་ངད་ལྡང་བའི་རི་ལ་མེ་ཏོག་གི་ཟེ་བ་ལ་ཞབས་འདེགས་པ་དང་འདོར་བས་བཞུད་ནས་སྤོས་ཀྱི་ངད་ལྡང་བའི་རི་ལ་བྱོན་ཏོ། །དཀའ་ཐུབ་ཀྱི་གནས་གཙང་མ་འདི་ཐ་དད་པ་མེད་ཅིང་དྲི་མ་མེད་པའི་ཕྱོགས་སུ་འགྲོ་སེལ་གྱི་ལྷ་མོ་ཆེན་མོ་འོད་འདྲེས་པ་ཞེས་བྱ་བ་གང་ན་བ་དེ་ན་བཅོམ་ལྡན་འདས་བཞུགས་ཏེ་གླང་པོའི་རྣམ་པར་བལྟ་བའི་ཚུལ་གྱིས་རྣམ་པར་བལྟས་པར་གྱུར་པ་དེའི་དུས་ནའང་འདི་བརྗོད་དོ། །ལ་ལ་གང་འདིར་བསྟན་དང་ལྡན་པ་ལ། །བྱང་ཆུབ་དམ་པ་མཆོག་ཏུ་སེམས་བསྐྱེད་པ། །བདག་གིས་ཡང་དག་པ་སྤྱད་པ་བསྟན་པའི་ཕྱིར། །དེ་དག་ཐམས་ཅད་བདག་གི་མདུན་དུ་འོངས། །བྱང་ཆུབ་སེམས་དཔའ་ཉོན་མོངས་སྤངས་མེད་གང ། །ད་དུང་དུ་ཡང་འཁོར་བའི་བདེ་འདོད་ཅིང ། །ཆོས་ལ་བདག་མེད་རབ་ཏུ་མི་ཤེས་པ། །བདག་ནི་དེ་དག་ཐམས་ཅད་འོང་ན་སྟོན། །ཀུན་ཏུ་སྦྱོར་བ་སྤངས་མེད་གང་དག་དང ། །སྒྱུ་མའི་ཕུང་ལྟར་ཤིན་ཏུ་སྔོན་མཐོང་ཞིང ། ། ཐབས་ལ་མཁས་པར་ཡང་ནི་མི་ཤེས་པ། །དེ་དག་ཐམས་ཅད་འོང་ན་བདག་སྟོན་ཏོ། །བརྩོན་འགྲུས་ལྡན་པ་བསོད་ནམས་མཛོད་མང་པོ། །ཐབས་ལ་མཁས་པ་སེམས་ཅན་རྣམས་
260b
འདུལ་ཞིང ། །ཤེས་རབ་ཕ་རོལ་ཕྱིན་མཆོག་རྟག་སྤྱོད་པ། །བཟོད་ཉན་ཐོས་ཕྱིར་དེ་དག་ཐམས་ཅད་འོང ། །གང་གིས་སངས་རྒྱས་དུ་མ་སྔོན་བསྙེན་བཀུར། །འདུས་བྱས་ཐམས་ཅད་འདི་ལ་བརྟེན་པ་མེད། །ཆུ་ཟླ་ལྟ་བུར་རབ་ཏུ་སུ་སྟོན་པ། །རང་བཞིན་རྣམ་པར་འཇུག་པ་འདིར་ཡང་འོང ། །གང་རྣམས་ཐབས་དང་ཡང་དག་སྦྱོར་ཕྱིར་ཞུགས། །ཐམས་ཅད་དངོས་ལ་སེམས་དཔའ་རྟེན་མེད་ཅིང ། །མཚན་མ་སྤངས་ལ་རྟོག་པར་འགྱུར་མེད་པ། །དྲན་པར་བྱེད་པ་དག་ནི་འདིར་ཡང་འོང ། །བདག་གིས་བཟོད་པ་མཆོག་འདི་རབ་བསྟན་ནས། །ཇི་ལྟར་སྡུག་བསྔལ་ཀུན་ལ་མི་གནས་པ། །ཆོས་ཀྱི་འཁོར་ལོ་ལའང་ཁྱོད་མྱུར་འཇུག་།སྲིད་མཚོ་ལས་ཀྱང་སེམས་ཅན་རབ་ཐར་བྱེད། །ཕྱོགས་བཅུར་ཐུབ་པའི་དབང་པོ་གང་དག་ཀྱང ། །འགྲོ་བ་རྣམས་ལ་ཕན་ཕྱིར་འཁོར་ལོ་བསྐོར། །ད་དུང་ཐེག་པའི་དམ་ཚིག་གང་འདོད་པ། །བདག་གི་གན་དུ་བྱང་ཆུབ་སེམས་དཔའ་མཐོང ། །ལན་གཉིས་སུ་ཡང་འཁོར་ལོ་བདག་བསྐོར་ཏེ། །ཕྱིར་མི་ལྡོག་ལ་སེམས་ཅན་བྱེ་བཀོད་པ། །རྣམ་པར་གྲོལ་བའི་བློ་མཚན་རབ་ཐོགས་ཤིང ། །བདག་བདག་ཞིང་རྣམས་སུ་ཡང་འགྲོ་བར་འགྱུར། །སངས་རྒྱས་ཞིང་འདིར་འོངས་པ་གང་དག་ཀྱང ། །བྱང་ཆུབ་མཆོག་གི་སྤྱོད་ཕྱིར་བཟོད་པ་བསྟན། །ཉན་ཐོས་རང་རྒྱལ་ཐེག་པ་ཅན་མཐོང་སྟེ། །དེ་བས་མུ་སྟེགས་གཞན་ཀུན་འདིར་འདུལ་ལོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་དབྱངས་ཀྱི་
261a
༄#། །དཀྱིལ་འཁོར་དེའང་དེ་ལྟར་བཅོམ་ལྡན་འདས་ཀྱི་ཡི་གེ་དང ། དོན་དང ། ཚིག་བརྗོད་པའི་དབྱངས་ཀྱི་དཀྱིལ་འཁོར་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་མཐའ་ཡས་མུ་མེད་པར་སོང་ངོ ། །དེ་ན་སེམས་ཅན་གང་ལ་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དེ་ཐམས་ཅད་ཉན་ཅིང་དེ་ཕྱོགས་བཅུར་ཡང་ལྟ་བར་འགྱུར་རོ། །བདག་ཅག་གིས་བལྟ་བའི་སེམས་ཅན་དེ་སེམས་ཅན་གང་གི་དབྱངས་ཀྱི་དཀྱིལ་འཁོར་དེ་ལྟར་ཡིད་དུ་འོང་བ། དེ་ལྟར་དགའ་བ། དེ་ལྟར་མངོན་པར་དགའ་བ། དེ་ལྟར་ཟབ་ཅིང་སེམས་ཅན་གྱི་དབུགས་འབྱིན་པ། དེ་ལྟར་ཚིམ་པ། དེ་ལྟར་འཁོར་བའི་ཕ་རོལ་ཏུ་འགྲོ་བ། དོན་དང ། ཚིག་དང ། ཡི་གེ་བརྗོད་པའི་དབྱངས་ཀྱི་དཀྱིལ་འཁོར་དེ་བཞིན་དུ་སྨྲ་བར་བྱ་བ་ཇི་ལྟ་བ་དེར་དེ་ཕྱོགས་བཞི་ཀུན་ཏུ་བལྟས་ཏེ་སངས་རྒྱས་ཀྱི་མཐུས་སྤོས་ཀྱི་ངད་ལྡང་བའི་རི་ལ་དྲང་སྲོང་ཐུབ་པ་དབང་པོ་ཞི་ཞིང་ཐུགས་ཞི་བ། དུལ་བ་དང་ཞི་བའི་མཆོག་ཐོབ་པ། གསེར་གྱི་ཕུང་པོ་ཇི་ལྟར་འབར་བ་ལ་དྲང་སྲོང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོས་མངོན་སུམ་དུ་ཕྱག་འྩལ་ཏེ་ཧ་ཅང་ཡང་མི་རིང་བར་མཐོང་ངོ ། །མཐོང་ནས་ཀྱང་དེ་དག་འདི་སྙམ་དུ་སེམས་ཏེ། དྲང་སྲོང་འདི་ནི། མཐུ་ཆེན་པོ། དྲང་སྲོང་གི་འཁོར་ཆེན་པོ་འདི་ནི། སྙིང་རྗེ་ཆེན་པོ་དང་ལྡན་པར་འགྱུར་བ་ཞིག་སྙམ་སྟེ། གལ་ཏེ་སྙིང་རྗེ་དང་ལྡན་པར་འགྱུར་བ་དེའི་རྗེས་སུ་འགྲོའོ། །དྲང་སྲོང་གི་ཆ་བྱད་དང ། ལུས་དང ། དབྱིབས་
261b
ཀྱིས་བདག་གི་ལུས་སུ་གྱུར་པ་དེ་དག་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་ཀྱང་དྲང་སྲོང་དུ་གྱུར་ན། དྲང་སྲོང་ཆེན་པོ་དེ་ལ་བསྙེན་བཀུར་བ་དང ། ཕྱག་འཚལ་བའི་ཕྱིར་ཉེ་བར་འགྲོའོ། །དེ་དག་ཀྱང་སེམས་བསྐྱེད་མ་ཐག་པས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པ་ལས་དྲང་སྲོང་གི་ཆ་བྱད་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ། མཚུངས་པ་མེད་ཅིང་དཔག་ཏུ་མེད་པ། ཆུ་བོ་གངྒཱའི་བྱེ་མ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་འདིར་མངོན་པར་ལྷགས་སོ། །བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པའི་ཚོགས་སྣ་ཚོགས་ཀྱི་དྲང་སྲོང་ཐུབ་པ་ལ་མཆོད་པ་བྱས་ནས་དྲང་སྲོང་ཐུབ་པ་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་བཙལ་ནས་བསྟོད་དེ་འཁོད་དོ། །ལ་ལ་སྨོན་ལམ་གྱི་དབང་དང ། ལ་ལ་ངན་སོང་དུ་སྤྱོད་པའི་རྐྱེན་གྱིས་གང་ཡང་ངན་སོང་དུ་སྐྱེས་པ་དེ་དག་སངས་རྒྱས་ཀྱི་མཐུས་དྲན་པ་སོ་སོར་ཐོབ་ནས་དྲང་སྲོང་གི་ཆ་བྱད་ཀྱིས་ཀུན་ཏུ་འཁོད་དོ། །དྲང་སྲོང་ཆེན་པོ་ཐུབ་པའི་དབང་པོ་གང་ན་བ་དེ་ལོགས་སུའང་ཐལ་མོ་སྦྱར་ཏེ་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཀྱི་ཚོགས་མཐའ་ཡས་པའི་རྒྱལ་པོ་སངས་རྒྱས་ཀྱི་མཐུས་འདི་སྙམ་དུ་སེམས་ཏེ། ཤཱཀྱ་ཐུབ་པ་བཞུགས་ཤིང་ཇི་ལྟ་བུར་འཁོར་ཡང་དག་པར་འོངས་པ་ལ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདི་གང་ན་སྟོན་པར་འགྱུར། དེ་ནས་དེ་ཉིད་ཀྱི་ཚེ་ན་ཤར་ཕྱོགས་ཀྱི་ནམ་མཁའི་
262a
༄#། །ལམ་ལས་ཁང་པ་བརྩེགས་པ་བལྟ་ན་སྡུག་པ། རིན་པོ་ཆེ་སྣ་བདུན་གྱིས་གང་བ་སྣ་ཚོགས་འདི་ལྟ་སྟེ། དཔེར་ན། བརྒྱ་བྱིན་ལྷའི་དབང་པོ་ཞེས་བྱ་བའི་ཁང་པ་བརྩེགས་པ་ལྟ་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་ལྷགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཀྱི་ཚོགས་མཐའ་ཡས་པའི་རྒྱལ་པོ་ཁང་པ་བརྩེག་པ་དེ་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གི་ཁང་པ་བརྩེགས་པ་འདི་ལྟ་སྟེ། དཔེར་ན། ཚངས་པ་མི་མཇེད་ཀྱི་བདག་པོའི་ཁང་པ་བརྩེགས་པ་དབྱངས་ཞི་བ་འདི་འདྲ་བར་སྤྲུལ་ཏེ། དྲང་སྲོང་ཐུབ་པ་གང་ན་བཞུགས་པ་དེར་བདག་བཟོད་པ་འདི་བསྟན་སྙམ་པ་དང ། དེ་ཉིད་ཀྱི་ཚེ་ན་ལྷོ་ཕྱོགས་ན་ནམ་མཁའི་ལམ་ལས་ཁང་པ་བརྩེགས་པ་བལྟ་ན་སྡུག་པ། རིན་པོ་ཆེ་སྣ་བདུན་གྱིས་གང་བ་སྣ་ཚོགས་འདི་ལྟ་སྟེ། དཔེར་ན། ཚངས་པ་མི་མཇེད་ཀྱི་བདག་པོའི་ཁང་པ་བརྩེགས་པ་དབྱངས་ཞི་བ་ལྟ་བུར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་ལྷགས་པ་མཐོང་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཀྱི་ཚོགས་མཐའ་ཡས་པའི་རྒྱལ་པོ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་འདི་ལྟ་སྟེ། དཔེར་ན། ཚངས་པ་ཆེན་པོ་གློག་གི་འོད་ཅེས་བྱ་བའི་ཁང་པ་བརྩེགས་པ་དེ་འདྲ་བར་མངོན་པར་སྤྲུལ་ཏེ་བཅོམ་ལྡན་འདས་དེ་ན་བཞུགས་ཤིང་ཆོས་སྟོན་ཏེ་སྙམ་པ་དང ། དེ་ནས་དེ་ཉིད་ཀྱི་ཚེ་ན་ནུབ་ཕྱོགས་ནས་ནམ་མཁའི་ལམ་ལས་འདི་ལྟ་སྟེ། དཔེར་ན།
262b
ཚངས་པ་གློག་གི་འོད་ཅེས་བྱ་བའི་ཁང་པ་བརྩེགས་པ་བལྟ་ན་སྡུག་པ་རིན་པོ་ཆེ་སྣ་བདུན་གྱིས་གང་བ་སྣ་ཚོགས་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་ལྷགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་ཀྱི་ཚོགས་མཐའ་ཡས་པའི་རྒྱལ་པོ་འདི་སྙམ་དུ་སེམས་ཏེ། བདག་གིས་ཁང་པ་བརྩེགས་པ་འདི་ལྟ་སྟེ། དཔེར་ན། ཚངས་པ་རི་རབ་ཀྱི་འོད་ཅེས་བྱ་བའི་ཁང་པ་བརྩེགས་པ་དེ་འདྲ་བར་མངོན་པར་སྤྲུལ་ཏེ་བཅོམ་ལྡན་འདས་དེ་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་པ་དང ། དེ་ནས་དེ་ཉིད་ཀྱི་ཚེ་ན་བྱང་ཕྱོགས་ནས་ནམ་མཁའི་ལམ་ལས་ཁང་པ་བརྩེགས་པ་བལྟ་ན་སྡུག་པ།་རིན་པོ་ཆེ་སྣ་བདུན་གྱིས་གང་བ་སྣ་ཚོགས་འདི་ལྟ་སྟེ། དཔེར་ན། ཚངས་པ་ཆེན་པོ་རི་རབ་ཀྱི་འོད་ཅེས་བྱ་བའི་ཁང་པ་བརྩེགས་པ་དོར་བ་མེད་པ་དང་ལྡན་པ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་ལྷགས་སོ། །དེ་ནས་ཡང་དེའི་ཚེ་ན་ཁང་པ་བརྩེགས་པ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ནམ་མཁའ་ལ་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པ་འདི་སྙམ་དུ་སེམས་ཏེ། ཁང་པ་བརྩེགས་པ་དེ་དག་ཏུ་བཅོམ་ལྡན་འདས་ཀྱི་དོན་གྱི་ཕྱིར་སེངྒེའི་ཁྲི་ལ་རྣམ་པར་བལྟས་ཏེ་བཅོམ་ལྡན་འདས་ཀྱི་དོན་གྱི་ཕྱིར་སེངྒེའི་ཁྲི་བཤམས་པའི་ཁང་པ་བརྩེགས་པ་གང་ཞིག་སྙམ་སྟེ།་དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲི་མ་མེད་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། ཁང་པ་བརྩེགས་པ་འདི་དག་གང་དུ་ལྷགས།
263a
༄#། །སུའི་བྱིན་གྱིས་བརླབས། བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲི་མ་མེད་པས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སྨྲས་པ། རིགས་ཀྱི་བུ། དེ་བས་ན། ཆོས་ཀྱི་སྒོས་ཆགས་པ་ཐམས་ཅད་རྒྱུན་བཅད་པའི་ཕྱིར་དེ་དུང་མི་སྒྲུབ་ཀྱི། འདི་གཉིས་ཀྱི་འཁོར་བ་འཁྱིལ་བའི་སྒྲུབ་པའོ། །རིགས་ཀྱི་བུ། འདི་གཉིས་ནི། འགྲོ་བ་དང ། འོང་བའོ། །འདི་གཉིས་ནི། འབྱུང་བ་དང ། འཇིག་པ་ཞེས་བྱ་སྟེ། གང་མི་སྐྱེ་མི་འབྱུང་བ་དེ། འགྲོ་བ་དང ། འོང་བའི་འདུས་ཤེས་ཀྱང་མེད་དོ། །དེ་འཇིག་པ་ཐམས་ཅད་སྤངས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། ། འཁོར་བའི་རྒྱུན་བཅད་པ་འདི་ནི། གཉིས་སུ་མེད་པའི་ཆོས་ཀྱི་སྒོའོ། །གང་འགྲོ་བ་དང ། འོང་བ་ཞེས་བྱ་བ་འདི་གཉིས་ནི། འགྲོ་བ་དང ། འོང་བའོ། །རིགས་ཀྱི་བུ། བདག་ཏུ་སྒྲོ་འདོགས་པ་མེད་པ་དང ། སྲོག་དང ། གསོ་བ་དང ། གང་ཟག་དང ། ཤེད་ལས་སྐྱེས་པ་དང ། ཤེད་ཅན་དང ། འགྲོ་བ་དང ། འོང་བའི་འདུ་ཤེས་སུ་འཇུག་པ་མེད་པ་འདི་ནི། གཉིས་སུ་མེད་པ། འདི་ནི།་གཉིས་སུ་མེད་པའི་ཆོས་ཀྱི་སྒོ་ལ་འཇུག་པའོ། །རིགས་ཀྱི་བུ། གང་སྐྱེས་པའམ། མ་སྐྱེས་པར་རྟོག་པ་འདི་ནི། གཉིས་པའོ། །གང་འབྱུང་བ་དང ། འགོག་པར་རྣམ་པར་མི་རྟོག་ཅིང་འགྲོ་བ་དང་འོང་བར་དམིགས་པ་མེད་པ་དང ། ཐ་དད་པར་བྱ་བ་མེད་པ་དང ། འགྱུར་བ་མེད་པ་དང ། རྣམ་པར་བྱང་བ་འདི་ནི། རིགས་ཀྱི་བུ། གཉིས་སུ་མེད་པའི་ཆོས་ཀྱི་སྒོ་ལ་
263b
འཇུག་པའོ། །ཉོན་མོངས་པ་དང ། རྣམ་པར་བྱང་བ་དང ། ཕུང་པོ་སྐྱེ་བ་དང ། འཇིག་པའི་མཚན་ཉིད་འདི་ནི། གཉིས་པའོ། །གང་ཕུང་པོ་ཡོངས་སུ་ཤེས་ཤིང་སྐྱོ་བ་དང ། འཇིག་པའི་མཚན་ཉིད་སྤངས་པ། རློམ་པ་སེམས་ཐམས་ཅད་བཅོམ་པ། གཟུགས་ཀྱི་འགོག་པར་འགྲོ་བའི་ལམ་འདི་ནི། གཉིས་སུ་མེད་པའི་ཆོས་ཀྱི་སྒོ་ལ་འཇུག་པའོ། །འགུལ་བ་དང ། རློམ་ཞིང་སེམས་པར་རིག་པ་འདི་ནི། གཉིས་པའོ། །གང་ཚོར་བའི་འགུལ་བ་མེད་ཅིང་རློམ་སེམས་མེད་པ། གཡོ་བ་མེད་ཅིང་ཡིད་ལ་མི་བྱེད་པ་འདི་ནི། གཉིས་སུ་མེད་པའི་ཆོས་ཀྱི་སྒོ་ལ་འཇུག་པའོ། །རིགས་ཀྱི་བུ།་གང་ཚོར་བ་ཤེས་པ་དང ། ཚོར་བ་ཀུན་འབྱུང་བར་ཤེས་པ་དང ། ཚོར་བའི་འགོག་པར་ཤེས་པ་དང ། ཚོར་བ་འགོག་པར་འགྲོ་བའི་ལམ་དུ་ཤེས་པ་འདི་ནི། གཉིས་པའོ། །རིགས་ཀྱི་བུ། གང་ཡང་ཚོར་བ་ཀུན་འབྱུང་བ་འགོག་པར་འགྲོ་བ་མི་ཤེས་པ་དང ། གཟུགས་ཀྱི་ཕུང་པོ་དང ། ཚོར་བའི་ཕུང་པོའི་མཚན་ཉིད་ཐ་དད་པར་མི་ཤེས་པ་དང ། མཉམ་པའི་མཚན་ཉིད་དང ། མཚན་ཉིད་མེད་པ་དང ། མཚན་ཉིད་ཐ་དད་པ་མཚན་ཉིད་གཅིག་པ་དང ། མཚན་ཉིད་མང་པོར་མི་ཤེས་པ་འདིའང་རིགས་ཀྱི་བུ། གཉིས་སུ་མེད་པའི་ཆོས་ཀྱི་སྒོ་ལ་འཇུག་པའོ། །ཡང་རིགས་ཀྱི་བུ། གང་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ལ་ཉན་ཐོས་དང ། རང་བྱང་ཆུབ་འདོད་པ་དང ། བླ་ན་མེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདོད་པ་འདི་ནི། གཉིས་པའོ། །རིགས་
264a
༄#། །ཀྱི་བུ།་གང་ཡང་ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཐེག་པ་དང ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང ། ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ལ་བརྟེན་པར་མི་ཤེས་པ་དང ། ཡི་གེའི་ཚིག་གི་ལམ་ཐམས་ཅད་ནི། གནས་མེད་པ། ཡི་གེ་མེད་པ། སྤྲོས་པ་མེད་པར་རབ་ཏུ་ཤེས་པ་འདིའང་རིགས་ཀྱི་བུ། གཉིས་སུ་མེད་པའི་ཆོས་ཀྱི་སྒོ་ལ་འཇུག་པའོ། །རིགས་ཀྱི་བུ།་གང་དགེ་བ་དང ། མི་དགེ་བར་འདུ་ཤེས་ཀུན་ཏུ་ཤེས་པ་དང ། ཕ་རོལ་དང ། ཚུ་རོལ་ལ་འདུ་ཤེས་པ་འདི་ནི། གཉིས་པའོ། །རིགས་ཀྱི་བུ། གང་དགེ་བ་དང ། མི་དགེ་བ་འདིའང་མཚན་མ་མེད་པ་ཀུན་ནས་ལྡང་བ་དང ། མི་ཟད་པ་ཀུན་ཏུ་རྟོག་པ་འདིའང་རིགས་ཀྱི་བུ། གཉིས་སུ་མེད་པའི་ཆོས་ཀྱི་སྒོ་ལ་འཇུག་པའོ། །རིགས་ཀྱི་བུ། གཞན་ཡང་ཚུ་རོལ་ནི། ཟག་པའོ། །ཕ་རོལ་ནི།་ཕྱིན་ཅི་ལོག་སྟེ། གང་ཚུ་རོལ་དང་ཕ་རོལ་ལ་རྟོག་པ་དང ། འཛིན་པ་དང་བཀྲོལ་བ་འདི་ནི། གཉིས་པའོ། །གང་ཡང་ཚུ་རོལ་དང་ཕ་རོལ་ལ་འཛིན་པ་མེད་པ་དང ། བཀྲོལ་བ་མེད་པ་དང ། ཅིའང་བཏགས་པ་མེད་པ་དང ། བཏང་བ་མེད་པ་འདི་ནི། གཉིས་སུ་མེད་པའི་ཆོས་ཀྱི་སྒོ་ལ་འཇུག་པའོ། །རིགས་ཀྱི་བུ། གཞན་ཡང་གང་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ལ་ཟག་པ་དང་བཅས་པའམ། ཟག་པ་མེད་པ་ཞེས་རྟོག་པ་འདི་ནི། གཉིས་པའོ། །གང་ཡང་ཁམས་དང ། སྐྱེ་མཆེད་ལ་ཟག་པ་དང་བཅས་པ་ཞེས་རྟོག་པ་མེད་པ་དང ། ཟག་པ་མེད་པའི་
264b
འདུ་ཤེས་སུ་བྱ་བའང་མེད་པ་དང ། འདུ་ཤེས་དང་འདུ་ཤེས་མེད་མིན་ཐོབ་པའང་མེད་པ་འདིའང་གཉིས་སུ་མེད་པའི་ཆོས་ཀྱི་སྒོ་ལ་འཇུག་པའོ། །རིགས་ཀྱི་བུ། གང་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ལ་འདུས་བྱས་དང ། འདུས་མ་བྱས་སུ་རྟོག་པ་འདི་ནི། གཉིས་པའོ། །གང་ཡང་འདུ་བྱེད་སྐྱེ་མཆེད་ཐམས་ཅད་ལ་མི་རྟོག་ཅིང་རྣམ་པར་མི་རྟོག་པ་དང ། ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པར་ཡང་དག་པར་རྗེས་སུ་མཐོང་བ་འདིའང་རིགས་ཀྱི་བུ། གཉིས་སུ་མེད་པའི་ཆོས་ཀྱི་སྒོ་ལ་འཇུག་པའོ། །རིགས་ཀྱི་བུ། གང་ཡང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ལ་སྙེམས་པ་འདི་ནི། གཉིས་པའོ། །གང་ལ་ལ་འཇིག་རྟེན་པ་དང ། འཇིག་རྟེན་ལས་འདས་པའི་ཆོས་ལ་མི་འཇུག་།མི་འགྲོ། རྣམ་པར་མི་འགྲོ། མི་རྒལ་ཞིང་འགྲོ་བའང་མེད། རྣམ་པར་གྲོལ་བ་མེད་པ་འདིའང་གཉིས་སུ་མེད་པའི་ཆོས་ལ་འཇུག་པའོ། །རིགས་ཀྱི་བུ། གཞན་ཡང་གང་ལ་ལ་མིང་དང་གཟུགས་ལས་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་འབྱུང་བར་རབ་ཏུ་ཤེས་པ་འདི་ནི། གཉིས་པའོ། །ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་དང ། མིང་དང་གཟུགས་བྲལ་བ་ལ་སྒྱུ་མའི་རང་བཞིན་གྱི་ལྟ་བ་ཀུན་ཏུ་འགྲོ་ཞིང་ཀུན་ཏུ་མི་འགྲོ། །ཡོངས་སུ་མྱ་ངན་ལས་འདས་པ་འདིའང་བྱང་ཆུབ་སེམས་དཔའི་གཉིས་སུ་མེད་པའི་ཆོས་ཀྱི་སྒོ་ལ་འཇུག་པའོ། །རིགས་ཀྱི་བུ། གཞན་ཡང་གང་རྣམ་པར་ཤེས་པ་འབྱུང་བར་རབ་ཏུ་ཤེས་པ་འདི་ནི། གཉིས་
265a
༄#། །པའོ། །གང་ཡང་འབྱུང་བ་མེད་པ་སྐད་ཅིག་མ་དང་སྐད་ཅིག་མ་མ་ཡིན་པ་ལ་འདུས་བྱས་ཐམས་ཅད་དུ་མྱུར་དུ་རབ་ཏུ་ཤེས་པ་འདིའང་གཉིས་སུ་མེད་པའི་ཆོས་ཀྱི་སྒོ་ལ་འཇུག་པའོ། །རིགས་ཀྱི་བུ། གཞན་ཡང་བདག་གིར་བྱ་བ་དང ། རྣམ་པར་ཤེས་པར་ཡོངས་སུ་ཤེས་པ་དང ། ང་ཡིར་བྱ་བ་དང ། སྐྱེ་མཆེད་ལ་ཆགས་པ་འདི་ནི། གཉིས་པའོ། །གང་ལ་ལ་བདག་དང་བྲལ་བའི་རྣམ་པར་ཤེས་པ་ཐོབ་པ། བདག་གི་རང་བཞིན་ལྟ་བ་གཉིས་དང་བྲལ་བ། སྐྱེ་མཆེད་ཉམས་པ་མེད་པ། བདག་གིར་བྱ་བ་དང ། ང་ཡིར་བྱ་བ་དང་བྲལ་བ ། འདིའང་གཉིས་སུ་མེད་པའི་ཆོས་ཀྱི་སྒོ་ལ་འཇུག་པའོ། །གང་ལ་ལ་རིག་པ་དང ། རྣམ་པར་གྲོལ་བར་རྟོག་པ་འདི་ནི། གཉིས་པའོ། །རིགས་ཀྱི་བུ། མ་རིག་པ་ནི། རྒྱུ་བ་མེད་ཅིང་བདག་མེད་པའོ། །མ་རིག་པ་ནི། གློག་གི་རང་བཞིན་ཅན་ནོ། །རྣམ་པར་གྲོལ་བའང་ནམ་མཁའོ། །ནམ་མཁའང་མི་རྟོག་པ། རྟོག་པར་བྱེད་པ་མེད་པ། སྤྲོས་པ་མེད་པ་འདིའང་གཉིས་སུ་མེད་པའི་ཆོས་ཀྱི་སྒོ་ལ་འཇུག་པའོ། །གང་རྣམ་པར་ཤེས་པ་དང ། གཟུགས་ཀུན་ཏུ་སྤྱོད་པ་འདི་ནི། གཉིས་པའོ། །གཟུགས་ཉིད་ཀྱང་ནམ་མཁའ་བཞིན་དུ་སྟོང་སྟེ། ནམ་མཁའང་འཇིག་པ་མེད་དོ། །གཟུགས་འཇིག་པ་སྟོང་པ་ཉིད་གཟུགས་ཀྱི་མཚན་ཉིད་རབ་ཏུ་རྒྱུ་བ་སྟོང་པ་ཉིད་ཀྱི་རང་བཞིན་ཡང་སྟོང་པ་ཉིད་དོ། །ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་
265b
ཀྱང་དེ་བཞིན་ནོ། །རྣམ་པར་ཤེས་པ་རབ་ཏུ་རྒྱུ་བ་མེད་པ་ནི། ནམ་མཁའ་ཇི་ལྟ་བུར་མུན་པ་མེད་ཅིང་སྣང་བ་མེད་པ། རྣམ་པར་ཤེས་པའང་དེ་བཞིན་ནོ། །རྣམ་པར་ཤེས་པའི་འཇིག་པ་སྟོང་པ་མ་ཡིན་ཏེ། རྣམ་པར་ཤེས་པའི་རང་བཞིན་ཉིད་ཀྱང་སྟོང་པའོ། །དེ་བཞིན་དུ་ཉེ་བར་ལེན་པའི་ཕུང་པོ་ལྔའང་ནམ་མཁའི་རང་བཞིན་ལྟར་སྟོང་ངོ ། །ནམ་མཁའ་ཇི་ལྟ་བུར་འདོད་ཆགས་མེད། ཞེ་སྡང་མེད། གཏི་མུག་མེད། མི་མཐོ་མི་དམའ། མི་རྟོག་རྣམ་པར་མི་རྟོག། མི་འགྲོ་རྣམ་པར་མི་འགྲོ་བར་དེ་ལྟར་སེམས་པའི་བྱང་ཆུབ་སེམས་དཔའ་ནི། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ལའང་འདོད་ཆགས་མེད། ཞེ་སྡང་མེད། གཏི་མུག་མེད། མི་མཐོ་མི་དམའ། མི་རྟོག་རྣམ་པར་མི་རྟོག་།མི་འགྲོ་རྣམ་པར་མི་འགྲོ་ཞིང་ཉན་ཐོས་དང ། རང་སངས་རྒྱས་དང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མི་རྟོག་རྣམ་པར་མི་རྟོག་གོ་།མི་འགྲོ་རྣམ་པར་མི་འགྲོ་བ་འདི་ནི། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་གཉིས་སུ་མེད་པའི་ཆོས་ཀྱི་སྒོ་ལ་འཇུག་པའོ། །བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲི་མ་མེད་པས་འདི་བསྟན་པ་སྟོན་པ་ན་བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཁྲག་དགུ་བཅུ་རྩ་གཉིས་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག་བཞི་བཅུ་རྩ་དྲུག་གཉིས་སུ་མེད་པའི་ཆོས་ཀྱི་སྒོ་ལ་འཇུག་པ་ཐོབ་པར་གྱུར་ཏོ། །བཅོམ་
266a
༄#། །ལྡན་འདས་ཀྱང་སྒྲོན་མ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལས་བཞེངས་ནས་བཅོམ་ལྡན་འདས་ཀྱི་དྲང་སྲོང་གི་ཆ་བྱད་ཇི་ཙམ་བ་མི་སྣང་བར་གྱུར་ཏེ། སངས་རྒྱས་ཀྱི་སྐུ་མཚན་རབ་སུམ་ཅུ་རྩ་གཉིས་ཀྱིས་སྐུ་ཡང་དག་པར་བརྒྱན་ཏེ་བཞུགས་སོ། །དེ་ལྟར་དེ་བཞིན་དུ་གང་གཞན་ལ་ལ་དག་ཀྱང་དྲང་སྲོང་གི་ཆ་བྱད་མི་སྣང་བར་གྱུར་ཏེ། སྔོན་གྱི་ལུས་ཇི་ལྟ་བ་བཞིན་དུ་འཁོད་ནས་བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲི་མ་མེད་པ་ལ་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ། ཁྱོད་ཀྱིས་ཇི་ལྟ་བུར་བསྟན་པ་དེ་བཞིན་དུ་གཉིས་སུ་མེད་པའི་སྒོ་འདི་བསྟན་པར་བྱ་བ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ། ཁྱོད་ནི། ཆོས་ཀྱི་སྒོ་འདི་ལ་ལུས་དཔང་དུ་བཙུགས་ཏེ་དེ་ལྟར་ཁྱོད་ཀྱིས་ཚད་མེད་པའི་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཀོད་དོ། །གཞན་ཡང་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། མི་དང ། མི་མ་ཡིན་པ་རྣམས་བཅོམ་ལྡན་འདས་ལ་མཆོད་པ་སྣ་ཚོགས་བྱས་སོ། །བམ་པོ་གསུམ་པ། དེ་ནས་དེའི་ཚེ་ན་འཇམ་དཔལ་གཞོན་ནུར་གྱུར་པ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་གློས་སུ་ཐལ་མོ་སྦྱར་ཏེ་ཕྱག་བཙལ་ནས་བཅོམ་ལྡན་འདས་ལ་ཆོས་བསྟན་དུ་གསོལ་བའི་ཕྱིར་ཚིགས་སུ་བཅད་པའི་ཡོན་
266b
ཏན་འདི་དག་གིས་བསྟོད་དོ། །རྒྱལ་བ་མི་མཉམ་ཞིང་མང་དག་ཁྱབ་པ། །ཉོན་མོངས་དགྲ་ཞི་འདི་ལ་མངོན་པར་གནས། །ཐུབ་པ་ཤིན་ཏུ་རྣམ་གྲོལ་འདིར་ཞུགས་ཤིང ། །ཁྱོད་ཀྱིས་འགྲོ་ལ་བཟོད་པའི་མཆོག་འདི་སྟོན། །རབ་ཏུ་ཞི་ཐུགས་བརྟུལ་ཞུགས་ཡོངས་སུ་དག་།ཐུབ་པའི་མཆོད་སྦྱིན་བགྱིས་པ་བཟོད་དགེ་གསུངས། །འགྲོ་ལ་བདེ་སྦྱིན་དྲང་སྲོང་ཤེས་རབ་འཆང ། །གཏི་མུག་འཇིག་མཛད་འདི་ལ་བདུད་རྩི་ཆར། །འདི་ལ་ལྷ་ཀླུ་སེམས་ཅན་མི་མང་པོ། །ཤིན་ཏུ་གསལ་ཡིད་མྱུར་དུ་ཞིང་གང་བ། །འགྲོ་བ་ཐམས་ཅད་ཁྱོད་ཞལ་ལྟ་ཞིང་འདུག་།ཉོན་མོངས་ཡོངས་སུ་སྤངས་ཏེ་དམ་ཆོས་སྲུངས། །སྔོན་ཆད་རྒྱལ་བ་ཁྱོད་ཀྱང་ཀུན་སྤྱོད་བསྟན། །མིག་གཉིས་རྐང་པ་ལག་པ་ལྕེ་བྱིན་ཞིང ། །ཕགས་པ་མགོ་ཁྲག་ཡན་ལག་དང་འབྲུ་ནོར། །གླང་རྟ་བུ་གྲོང་ཤིང་རྟ་རིན་ཆེན་རྣམ་མང་བྱིན། །ཟས་སྐོམ་མལ་དང་བྲན་ཕོ་བྲན་མོ་བྱིན། །གཉེན་དང་འགྲོ་ལ་སྡུག་བསྔལ་རྟག་ཐར་བྱེད། །བསམ་པ་རྫོགས་ཤིང་སེམས་ཅན་དགའ་མཛད་པ། །ཁྱོད་ཀྱིས་མཆོད་སྦྱིན་བརྒྱ་བྱས་སེམས་ཅན་ཕྱིར། །སངས་རྒྱས་མང་ལ་སྔོན་ཆད་དགེ་མཆོད་བྱས། །བྱམས་སེམས་རྟག་པས་ཐེར་ཟུག་སྦྱིན་ལ་དགའ། །བརྟུལ་ཞུགས་བརྟན་པས་རི་རབ་ཇི་བཞིན་འབར། །འགྲོ་ལ་བརྟན་ཕྱིར་བཟོད་པ་འདི་བསྟན་གསོལ། །ངན་སོང་གསུམ་སྤངས་སེམས་ཅན་མཐོ་རིས་ཁྲིད། །ཁྱོད་ཀྱིས་བསྟན་པའི་སྨོན་ལམ་སྔོན་རྟག་བྱས། །འགྲོ་བ་བྱང་ཆུབ་སྡུག་
267a
༄#། །བསྔལ་ཞི་མཆོག་རེག་།རྒྱལ་བ་སྔོན་ཆད་དྲི་བཞིན་བྱང་ཆུབ་དེ་ཐོབ་བོ། །སྙིང་རྗེ་དཔལ་ཆུས་ས་རྣམས་མ་ལུས་གང ། །ཉོན་མོངས་དྲི་གསུམ་ཐེ་ཚོམ་ཐམས་ཅད་ཞི། ལམ་གང་ཞི་བས་བྱང་ཆུབ་ཐོབ་སྟོན་པ། །ཇི་ལྟར་ཆོས་རྟོགས་འདི་ལ་ཁྱོད་ཀྱིས་དུས། །ཤིན་ཏུ་སྐོམ་ཡིད་འགྲོ་ལ་ཆོས་ཆར་ཕོབ། །བདུད་རྩིའི་རོས་ངོམས་ཡང་དག་ཡོན་ཏན་གསུངས། ལམ་གང་ཞི་དེས་འགྲོ་བ་བྱང་ཆུབ་རེག་།ཞིང་མང་འདི་ལ་སེམས་ཅན་གང་དག་འོངས། །རྒ་ཤི་དག་ལས་རྣམ་ཐར་གང་ཡོད་པ། །ཐུབ་པ་ཆེན་པོ་ཆོས་འདི་གསུང་དུ་གསོལ། །ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་སྟོན། །དེ་ནི་སྒྱུར་མ་སྨིག་རྒྱུ་སྤྲོས་པར་འགྲོ་།འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཅོམ་ལྡན་འདས་ཅང་མི་གསུང་བས་ཞལ་གྱིས་བཞེས་ནས་དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། བདག་རྣམ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་གང་གིས་ཁང་པ་བརྩེགས་པ་ཇི་སྙེད་པ་དེ་སྙེད་དུ་ལུས་མངོན་པར་སྤྲུལ་ནས་ཁང་པ་བརྩེགས་པ་ཐམས་ཅད་ན་འདུག་སྟེ། འཁོར་འདི་དག་ཀྱང་ཡང་དག་པར་དགའ་ཞིང་སྐྱོ་བར་བྱའོ་སྙམ་པ་དང ། དེ་ནས་བཅོམ་ལྡན་འདས་འོད་ཤིན་ཏུ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་མཉམ་པར་བཞག་པའི་ཐུགས་ཀྱིས་ཁང་པ་བརྩེགས་པ་ཇི་སྙེད་པ་དེ་སྙེད་དུ་སངས་
267b
རྒྱས་བཅོམ་ལྡན་འདས་རང་རང་བཞུགས་ཏེ་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ངོ་མཚར་དང་ལྡན་པས་བྱང་ཆུབ་སེམས་དཔའ་དགྲ་རྣམ་པར་འགྲེལ་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། ཁང་པ་བརྩེགས་པ་ཚད་མེད་པ་འདི་དག་ནི། གང་ན། རིགས་ཀྱི་བུ། དེ་བཞིན་གཤེགས་པ་བདག་ཁང་པ་བརྩེགས་པ་ན་བཞུགས་པ་ནི། གང ། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཁང་པ་བརྩེགས་པར་སངས་རྒྱས་ཀྱི་སྐུ་བཞུགས་པར་ཡང་དག་པར་མཐོང་བ་ནི། གང ། དེ་ནས་བྱང་ཆུབ་སེམས་དཔའ་དགྲ་རྣམ་པར་འགྲེལ་པས་བྱང་ཆུབ་སེམས་དཔའ་ངོ་མཚར་དང་ལྡན་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཞེས་བྱ་བའི་ཚིག་འདི་ནི། སྨྲ་བ་མེད་པའོ། །མ་རིག་པའང་སངས་རྒྱས་ཀྱི་ཆོས་ལ་སྤྲོས་པ་མེད་དོ། །རིགས་ཀྱི་བུ། ཅི་འདས་པའི་སེམས་ཀྱིས་བྱང་ཆུབ་ཐོབ་བམ། སྨྲས་པ། རིགས་ཀྱི་བུ། མ་ཡིན་ནོ། །སྨྲས་པ། ཅི་མ་འོངས་པའི་སེམས་ཀྱིས་བྱང་ཆུབ་ཐོབ་བམ། སྨྲས་པ། རིགས་ཀྱི་བུ།་མ་ཡིན་ནོ། །སྨྲས་པ། ཅི་ད་ལྟར་བྱུང་བའི་སེམས་དང ། བསམ་པའི་གནས་པ་ཡོད་དང ། སྨྲས་པ། རིགས་ཀྱི་བུ། མེད་དོ། །སྨྲས་པ། གལ་ཏེ་རེ་ཞིག་སེམས་དང ། བསམ་པའི་གནས་པ་མེད་ན།་རྣམ་པར་མི་གནས་པའི་དངོས་པོ་ལ་ཇི་ལྟར་བྱང་ཆུབ་ཐོབ་བམ། སྨྲས་པ། རིགས་ཀྱི་བུ། ཅི་དུས་གསུམ་གྱི་ཆོས་ཐམས་ཅད་སྤངས་ནས་དེའི་ཚེ་ཅིས་ཀྱང་ཆོས་ཁོང་དུ་ཆུད་པ་མེད་དམ།
268a
༄#། །སྨྲས་པ། རྟག་པ་དང་ཆད་པ་ཡོངས་སུ་སྤངས་པ། མི་འགྲོ་བ། མི་སྐྱེ་བ། མི་འགོག་པ། མི་རེག་པ། འདུས་བྱས་དང ། འདུས་མ་བྱས་ལ་གནས་པ་མེད་པའོ། ། དངོས་པོ་ཐམས་ཅད་ནམ་མཁའ་དང་མཉམ་པ་ལ་བྱང་ཆུབ་འགྲོ་བ་མེད་དོ། །ཇི་ལྟར་ནམ་མཁའ་ལ་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བ་མེད་ཅིང་རྙེད་པ་མེད་པ་དེ་བཞིན་དུ་བྱང་ཆུབ་ཀྱང་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བ་མེད་དོ། །ཇི་ལྟར་ནམ་མཁའ་ལ་རྟོག་པ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ་སངས་རྒྱས་ཀྱི་བྱང་ཆུབ་ཀྱང་རྟོག་པ་མེད་ཅིང་རྣམ་པར་རྟོག་པའང་མེད་དོ། །ཇི་ལྟར་ནམ་མཁའ་ལ་མུན་པ་མེད་ཅིང་སྣང་བ་མེད་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མུན་པ་མེད་ཅིང་སྣང་བའང་མེད་དོ། ། ཇི་ལྟར་ནམ་མཁའ་ལ་གཟུགས་མེད་ཅིང་བསྟན་དུ་མེད་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་གཟུགས་མེད་ཅིང་བསྟན་དུའང་མེད་དོ། །ཇི་ལྟར་ནམ་མཁའ་མ་སྐྱེས་མ་འགགས་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མ་སྐྱེས་མ་འགགས་སོ། །ཇི་ལྟར་ནམ་མཁའ་ལ་འགྲོ་བ་མེད་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་འགྲོ་བར་དམིགས་པ་མེད་དོ། །ཇི་ལྟར་ནམ་མཁའ་ལ་གནས་པ་མེད་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་གནས་པ་མེད་དོ། །ཇི་ལྟར་ནམ་མཁའ་ལ་རེག་པ་མེད་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་རྣམས་
268b
ཀྱང་རེག་པ་མེད་དོ། །ཇི་ལྟར་ནམ་མཁའ་ལ་གནས་ལ་ལམ་དུ་དམིགས་པ་མེད་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་ཅི་ལའང་ལམ་དུ་དམིགས་པ་མེད་དོ། །ཇི་ལྟར་ནམ་མཁའ་ལ་དངོས་པོ་མེད་ཅིང་མཚན་ཉིད་མེད་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་དངོས་པོ་མེད་ཅིང་མཚན་ཉིད་མེད་དོ། །ཇི་ལྟར་ནམ་མཁའ་ལ་བརྗོད་དུ་མེད་ཅིང་ཡི་གེ་མེད་པ་དེ་བཞིན་དུ་སངས་རྒྱས་ཀྱི་བྱང་ཆུབ་ཀྱང་བརྗོད་དུ་མེད་ཅིང་ཡི་གེ་མེད་དོ། །ཇི་ལྟར་ནམ་མཁའ་ལ་རྟག་པ་མེད་ཅིང་ཆད་པ་མེད་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་རྟག་པ་མེད་ཅིང་ཆད་པ་མེད་དོ། །ཇི་ལྟར་ནམ་མཁའ་ལ་ལུས་མེད་ཅིང་འབྱུང་བ་མེད་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་ལུས་མེད་ཅིང་འབྱུང་བ་མེད་དོ། །ཇི་ལྟར་ནམ་མཁའ་ལ་གཟུང་བ་མེད་ཅིང་གནས་པ་མེད་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་གཟུང་བ་མེད་ཅིང་གནས་པ་མེད་དོ། །ཇི་ལྟར་ནམ་མཁའ་ལ་རྟེན་པ་མེད་པ། གནས་པ་མེད་པ། དམིགས་པ་མེད་པ། རྣམ་པར་རྟོག་པ་མེད་པ། འདེག་པ་མེད་པ། རྣམ་པར་རིག་པ་མེད་པ། འགྲོ་བ་མེད་པ། འོང་བ་མེད་པ། རྩ་བ་མེད་པ། མཐའ་མེད་པ། འཁྲུག་པ་མེད་པ། ཡོངས་སུ་གདུངས་པ་མེད་པ། བརྟགས་པ་མེད་པ། བཀྲོལ་བ་མེད་པ། མཐོང་བ་མེད་པ། རྟོག་པ་མེད་པ། མུན་པ་མེད་པ། དངོས་པོ་མེད་པ། མཚན་མ་མེད་པ། སྤྲུལ་པ་མེད་པ་དེ་བཞིན་དུ་རིགས་ཀྱི་བུ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་
269a
༄#། །རྟེན་པ་མེད་པ་ནས་མཚན་མ་མེད་པའི་བར་དུའོ། །རིགས་ཀྱི་བུ། སངས་རྒྱས་ཀྱི་ཆོས་རྣམས་ནི། མི་སྐྱེ་བར་བསྒྲགས་པའོ། །སངས་རྒྱས་ཀྱི་ཆོས་རྣམས་ནི། གཉིས་སུ་མེད་པའི་ཆ་ཤས་སོ། །ཆོས་ཀྱི་དབྱིངས་ལ་གནས་པའོ། །སངས་རྒྱས་ཀྱི་ཆོས་རྣམས་ནི། སེམས་ཅན་གྱི་ཁམས་སུ་ཡང་དག་པར་འདུས་པའོ། །སངས་རྒྱས་ཀྱི་ཆོས་རྣམས་ནི།་ནམ་མཁའི་ཁམས་སུ་ཡང་དག་པར་འདུས་པའོ། །རིགས་ཀྱི་བུ། སངས་རྒྱས་ཀྱི་ཆོས་རྣམས་ནི། རྟོག་པ་དང་ཀུན་ཏུ་རྟོག་པ་ལ་ཡང་དག་པར་འདུས་པའོ། །སངས་རྒྱས་ཀྱི་ཆོས་རྣམས་ནི། གནས་པ་དང ། རྣམ་པའི་གནས་དང ། རབ་ཀྱི་གནས་སུ་ཡང་དག་པར་འདུས་པའོ། །སངས་རྒྱས་ཀྱི་ཆོས་རྣམས་ནི། ཤེས་པ་དང ། རབ་ཏུ་ཤེས་པ་དང ། རྣམ་པར་ཤེས་པ་དང ། ཉེ་བར་ཤེས་པ་ལ་ཡང་དག་པར་འདུས་པའོ། །སངས་རྒྱས་ཀྱི་ཆོས་རྣམས་ནི། མཚན་མ་མེད་པ་ཡང་དག་པའི་མཚན་ཉིད་དང ། རྣམ་པའི་མཚན་ཉིད་དང ། ཉེ་བའི་མཚན་ཉིད་དང ། རྗེས་སུ་མཚན་ཉིད་ལ་ཡང་དག་པར་འདུས་པའོ། །སངས་རྒྱས་ཀྱི་ཆོས་རྣམས་ནི། འདས་པ་མེད་པ་དང ། རྣམ་པར་འདས་པ་དང ། འདས་པ་དང ། རྗེས་སུ་འདས་པ་ལ་ཡང་དག་པར་འདུས་པའོ། །སངས་རྒྱས་ཀྱི་ཆོས་རྣམས་ནི། བླང་པ་དང ། དོར་བ་དང ། ཀུན་ཏུ་བླང་བ་དང ། ཉེ་བར་བླང་བ་ལ་ཡང་དག་པར་འདུས་པའོ། །སངས་རྒྱས་ཀྱི་ཆོས་རྣམས་ནི།
269b
སྣང་བ་དང ། ཀུན་ཏུ་སྣང་བ་དང ། རྗེས་སུ་སྣང་བ་དང ། ཡང་དག་པར་སྣང་བ་མེད་པ་དང ། རབ་ཏུ་སྣང་བ་མེད་པ་ལ་ཡང་དག་པར་འདུས་པའོ། །སངས་རྒྱས་ཀྱི་ཆོས་རྣམས་ནི། ཡང་དག་པ་དང ། ཤིན་ཏུ་ཡང་དག་པ་དང ། རྗེས་སུ་ཡང་དག་པ་དང ། ཀུན་ཏུ་ཡང་དག་པ་མ་ཡིན་པ་དང ། རབ་ཏུ་ཡང་དག་པ་མ་ཡིན་པ་ལ་ཡང་དག་པར་འདུས་པའོ། །སངས་རྒྱས་ཀྱི་ཆོས་རྣམས་ནི། ཀུན་ཏུ་སྨྲ་བ་དང ། རྣམ་པར་སྨྲ་བ་དང ། ཤིན་ཏུ་སྨྲ་བ་དང ། རྗེས་སུ་སྨྲ་བ་དང ། རབ་ཏུ་སྨྲ་བ་དང ། ཉེ་བར་སྨྲ་བ་ལ་ཡང་དག་པར་འདུས་པའོ། །སངས་རྒྱས་ཀྱི་ཆོས་རྣམས་ནི། ཀུན་ཏུ་རིག་པ་དང ། རྣམ་པར་རིག་པ་དང ། མཚུངས་པར་རིག་པ་དང ། རྗེས་སུ་རིག་པ་ལ་ཡང་དག་པར་འདུས་པའོ། །སངས་རྒྱས་ཀྱི་ཆོས་རྣམས་ནི། ཀུན་ཏུ་གཟུགས་དང ། རྣམ་པར་གཟུགས་དང ། མཚུངས་པར་གཟུགས་དང ། ཡང་དག་པར་གཟུགས་མེད་པ་དང ། ཉེ་བའི་གཟུགས་ལ་ཡང་དག་པར་འདུས་པའོ། །རིགས་ཀྱི་བུ། སངས་རྒྱས་ཀྱི་བྱང་ཆུབ་ནི། ཀུན་ཏུ་སྤྱོད་པ་དང ། རྣམ་པར་སྤྱོད་པ་དང ། མཚུངས་པར་སྤྱོད་པ་དང ། རྗེས་སུ་སྤྱོད་པ་དང ། ཉེ་བར་སྤྱོད་པ་ལ་ཡང་དག་པར་འདུས་པའོ། །རིགས་ཀྱི་བུ། བྱང་ཆུབ་ནི། ཀུན་ཏུ་བརྗོད་པ་དང ། རྣམ་པར་བརྗོད་པ་དང ། རྗེས་སུ་བརྗོད་པ་དང ། མཚུངས་པར་བརྗོད་པ་དང ། ཉེ་བར་བརྗོད་པ་ལ་ཡང་དག་པར་འདུས་པའོ། །རིགས་ཀྱི་བུ། བྱང་ཆུབ་ནི། བགྲང་བ་དང ། རྣམ་པར་བགྲང་བ་དང ། མཚུངས་པར་བགྲང་
270a
༄#། །བ་དང ། རྗེས་སུ་བགྲང་བ་དང ། ཉེ་བར་བགྲང་བ་ལ་ཡང་དག་པར་འདུས་པའོ། །བྱང་ཆུབ་ནི། ཀུན་ཏུ་ཡོད་པ་དང ། རྣམ་པར་ཡོད་པ་དང ། རྗེས་སུ་ཡོད་པ་དང ། ཉེ་བར་ཡོད་པ་ལ་ཡང་དག་པར་འདུས་པའོ། །རིགས་ཀྱི་བུ། བྱང་ཆུབ་ནི། སྤྲོས་པ་དང ། རྣམ་པར་སྤྲོས་པ་དང ། སྤྲོས་པ་དང་བྲལ་བ་དང ། རྗེས་སུ་སྤྲོས་པ་དང ། ཉེ་བར་སྤྲོས་པ་ལ་ཡང་དག་པར་འདུས་པའོ། །རིགས་ཀྱི་བུ། ཇི་ལྟར་ནམ་མཁའི་ཁམས་ལ་གཟུང་དུ་མེད་པ་དེ་ལྟར་སངས་རྒྱས་ཀྱི་བྱང་ཆུབ་བལྟ་བར་བྱའོ། །རིགས་ཀྱི་བུ། ལ་ལ་ནམ་མཁའ་སྤྲོས་པར་བྱ་བ་དང ། ཚད་དུ་བྱ་བ་དང ། རྣམ་པར་བགྲང་བར་བྱ་བ་དང ། བརྒྱན་པར་བྱ་བ་དང ། རི་མོར་བྱ་བར་ནུས་སམ། རིགས་ཀྱི་བུ། མི་ནུས་སོ། །སྨྲས་པ། རིགས་ཀྱི་བུ། ནམ་མཁའ་ཇི་ལྟ་བ་དེ་ལྟར་སངས་རྒྱས་ཀྱི་ཆོས་ཀྱང་དེ་བཞིན་ནོ། །ནམ་མཁའ་ཅིས་ཀྱང་སྤྲོས་པར་མི་ནུས་པ་ཇི་ལྟ་བ་དེ་ལྟར་སངས་རྒྱས་ཀྱི་ཆོས་ཀྱང་དེ་བཞིན་དུ་ཅིས་ཀྱང་སྤྲོས་པར་མི་ནུས་སོ། ། རིགས་ཀྱི་བུ། ཁང་པ་བརྩེགས་པར་བཅོམ་ལྡན་འདས་བདག་བཞུགས་པ་ནི། གང ། སངས་རྒྱས་ཀྱི་སྐུ་བཞུགས་པ་ནི། གང་ན་ཞེས་བྱ་བ་ཁྱོད་ཅིའི་ཕྱིར་དེ་སྐད་སྨྲ། དེ་ལྟར་སྤྲོས་པར་བྱེད་ཅེས་བྱང་ཆུབ་སེམས་དཔའ་དགྲ་རྣམ་པར་འགྲེལ་པས་གཉིས་སུ་མེད་པའི་ཆོས་ཀྱི་སྒོ་འདི་བསྟན་པ་ན། བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག་ལྔ་བཅུ་རྩ་བདུན་མི་སྐྱེ་
270b
བའི་ཆོས་ཀྱི་བཟོད་པ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག་བཞི་བཅུ་རྩ་གཉིས་དེ་བཞིན་གཤེགས་པའི་གསང་བའི་རྗེས་སུ་འཇུག་པ་གཉིས་སུ་མེད་པའི་ཆོས་ཀྱི་སྒོ་སོ་སོར་ཐོབ་ཅིང་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱང་རྒྱས་པར་གྱུར་ཏོ། །ས་དང་ནམ་མཁའ་ལ་གནས་པའི་སེམས་ཅན་གྱིས་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། སྐྱེས་བུ་དམ་པ་དེ་བཞིན་གཤེགས་པའི་གསང་བའི་རྗེས་སུ་འཇུག་པ་གཉིས་སུ་མེད་པའི་ཆོས་ཀྱི་སྒོ་འདི་སྟོན་པ་བསྟན་པ་ལེགས་པར་བཤད་པ་ལེགས་སོ་ལེགས་སོ། །དེ་ནས་དེ་ཉིད་ཀྱི་ཚེ་ན་བཅོམ་ལྡན་འདས་འོད་ཟེར་འབྱུང་བའི་བདག་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལས་བཞེངས་ཏེ་ཁང་པ་བརྩེགས་པ་གཅིག་ན་བཅོམ་ལྡན་འདས་བཞུགས་པར་ཡང་དག་པར་མཐོང་བ་མ་གཏོགས་པར་སངས་རྒྱས་ཀྱི་སྐུ་དེ་དག་དང ། ཁང་པ་བརྩེགས་པ་དེ་དག་ཀྱང་མི་སྣང་བར་གྱུར་ནས་འཁོར་ཐམས་ཅད་དང་ལྡན་པ་དེ་ངོ་མཚར་ཐོབ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་རྒྱལ་པོ་མང་པོའི་མཆོག་གིས་བྱང་ཆུབ་སེམས་དཔའ་དྲང་སྲོང་རྣམ་པར་འགྲེལ་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། ཁང་པ་བརྩེགས་པ་འདི་དག་ནི། གང་ནས་འོངས། ཡང་གང་དུ་འགྲོ་།དེ་ནས་བྱང་ཆུབ་སེམས་དཔའ་དྲང་སྲོང་རྣམ་པར་འགྲེལ་པས་བྱང་ཆུབ་སེམས་དཔའ་རྒྱལ་པོ་མང་པོའི་མཆོག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། ཁྱོད་ད་དུང་འགྲོ་བ་དང ། འོང་བའི་འདུ་ཤེས་
271a
༄#། །སུ་འཇུག་གོ་།བྱང་ཆུབ་སེམས་དཔའ་རྒྱལ་པོ་མང་པོའི་མཆོག་གིས་སྨྲས་པ། རིགས་ཀྱི་བུ། འདི་ལྟར་འོངས་སོ། །ཞེས་བྱ་བ་འདི་ནི། གློ་བུར་གྱི་ཚིག་གོ་།རིགས་ཀྱི་བུ།་འགྲོའོ། །ཞེས་བྱ་བ་འདི་ནི། བདག་མེད་པའི་ཚིག་གོ་།བྱང་ཆུབ་སེམས་དཔའ་དགྲ་རྣམ་པར་འགྲེལ་པས་སྨྲས་པ། རིགས་ཀྱི་བུ། གློ་བུར་གྱི་ཚིག་དང ། རིགས་ཀྱི་བུ། བདག་མེད་པའི་ཚིག་གིས་ཀྱང་རིགས་ཀྱི་བུ། ང་ཡིར་བྱ་བ་དང ། བདག་གིར་བྱ་བའི་ཚིག་གོ་།སྐྱེས་བུ་གང་ཟག་ང་ཡིར་བྱ་བ་དང ། བདག་གིར་བྱ་བ་ལ་ཆགས་པས་ཕྱིན་ཅི་ལོག་བཞི་སྟེ། མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང ། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་རྣལ་འབྱོར་གྱི་རྗེས་སུ་ལྡན་པ་དང ། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་དང ། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པར་རྣལ་འབྱོར་གྱི་རྗེས་སུ་ལྡན་པ་ལ་ཞུགས་པའོ། །སྐྱེས་བུ་གང་ཟག་སེམས་ཕྱིན་ཅི་ལོག་ལ་ཞུགས་པས་སྒྲིབ་པ་ལྔར་འགྱུར་རོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། འདོད་པའི་སྲེད་པའི་སྒྲིབ་པ་དང ། གནོད་སེམས་དང ། རྨུགས་པ་དང་གཉིད་དང ། ལེ་ལོ་དང་རྒོད་པ་དང ། ཐེ་ཚོམ་གྱི་སྒྲིབ་པ་སྤངས་པ་མེད་པར་འགྱུར་རོ། །རིགས་ཀྱི་བུ། གང་ལ་ལ་སྒྲིབ་པ་ལྔ་པོ་འདི་དག་ཏུ་འགྱུར་བ་དེ་མཚམས་མེད་པ་ལྔ་ཡང་དག་པར་སྤྱོད་དོ། །མཚམས་མེད་པ་ལྔ་མ་སྤངས་པའི་སྐྱེས་བུ་གང་ཟག་ལྷ་དང་མིའི་ནང་དུ་འགྲོ་བར་ཡང་དག་པར་རྗེས་སུ་མི་མཐོང་ན། ཉན་ཐོས་
271b
ཀྱི་བྱང་ཆུབ་ལྟ་ཅི་སྨོས། གང་ལ་ལ་ཉན་ཐོས་ཀྱི་བྱང་ཆུབ་མེད་པ་དེ་ལ་རང་སངས་རྒྱས་ཀྱི་བྱང་ཆུབ་དང ། སངས་རྒྱས་ཀྱི་བྱང་ཆུབ་ལྟའང་ཅི་སྨོས། གང་ལ་ང་ཡིར་བྱ་བ་དང ། བདག་གིར་བྱ་བ་མ་སྤངས་པ་དེ་ལ་རྟག་པ་དང ། ཆད་པ་ཡང་སྤངས་པ་མེད་དོ། །གང་ཟག་ཆད་པར་ལྟ་བ་ཅན་དུ་འགྱུར་བ་དེ་དགེ་བའི་ལས་དང ། དགེ་བ་ལ་སྤྱོད་པའི་མཚུངས་པར་སྤྱོད་པར་ལྟ་ག་ལ་འགྱུར། གང་ཡང་རྟག་པར་ལྟ་བ་ཅན་དུ་འགྱུར་བ་དེ་ཐར་པ་ལ་བསྔོས་པ་མཚུངས་པར་སྤྱོད་པ་དང ། དགེ་བ་ལ་སྤྱོད་པར་ལྟ་ག་ལ་འགྱུར། རྟག་པར་ལྟ་བ་དང ། ཆད་པར་ལྟ་བའི་སྐྱེས་བུ་གང་ཟག་ནི།་ལྷ་དང ། མིའི་ནང་དུ་སྐྱེ་བར་ཡང་དག་པར་རྗེས་སུ་མི་མཐོང་ན། ཉན་ཐོས་དང ། རང་བྱང་ཆུབ་ལྟ་ཅི་སྨོས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ག་ལ་མཐོང ། ང་ཡིར་བྱ་བ་དང ། བདག་གིར་བྱ་བ་ལྟ་བར་སོང་བ་གནས་པ་མེད་པས་ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཐེག་པས་མ་འདྲེས་པའི་འཁོར་ཇི་ལྟ་བུར་ཡང་དག་པར་འོངས་པ་སྨྲ་བ་མེད་པ་དེ་དང ། རིགས་ཀྱི་བུ། ཁྱོད་ཀྱང་སྨྲ་བ་མེད་པར་མཐོང་ངོ ། །བྱང་ཆུབ་སེམས་དཔའ་ལག་བཟང་གིས་སྨྲས་པ། རིགས་ཀྱི་བུ། ཅི་འགྲོ་བ་དང་འོང་བར་འདུ་ཤེས་པ་ཡིད་ལ་མི་བྱ་བའམ། གལ་ཏེ་ཡིད་ལ་མི་བྱ་ན།་བྱང་ཆུབ་སེམས་དཔའི་སྦྱིན་པའི་གནས་རྣམས་ལ་བྱིན་ལེན་དང་ཡོ་བྱད་ཀྱིས་ཇི་ལྟར་བསྙེན་བཀུར་བྱ། ཕ་དང་མ་རྣམས་རིམ་གྲོའི་གནས་དང ། ནད་པ་རྣམས་ལ་ཇི་ལྟར་བསྙེན་བཀུར་བྱ།
272a
༄#། །སྨྲས་པ། རིགས་ཀྱི་བུ། སྤྲོས་པ་མེད་པ་ནི། འདི་ལྟ་སྟེ། གནས་དང ། ཉེ་བའི་གནས་དང ། རབ་ཀྱི་གནས་དང ། གནས་གཞན་དང ། རིམ་གྲོའི་གནས་དང ། ཀུན་ཏུ་འགྲོ་བ་དང ། ལྷག་པར་འགྲོ་བ་དང ། ཉེ་བར་འགྲོ་བ་དང ། རྗེས་སུ་འགྲོ་བ་དང ། གཞན་དུ་འགྲོ་བ་འདིའི་ཚིག་དེ་དག་ཐམས་ཅད་ནི། སྤྲོས་པ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། རྟོག་པ་དང ། རྣམ་པར་རྟོག་པ་དང ། རྗེས་སུ་རྟོག་པ་དང ། ཉེ་བར་རྟོག་པ་དང ། རབ་ཏུ་རྟོག་པ་འདི་དག་གིས་འཁོར་བ་ན་འདྲེན་ནོ། །གཞོག་གོ་།སྒྲུབ་བོ། །མེ་ཏོག་ནི། ལྷ་དང ། མིར་སྐྱེས་པའོ། །འབྲས་བུ་ནི།་ངན་སོང་གསུམ་དུ་འགྲོ་བ་ལ་ཡང་དང་ཡང་དུ་འཆི་འཕོ་སྐྱེ་བ་དང ། སྐད་ཅིག་མའི་ཆོས་བརྒྱད་ལ་ཡང་དག་པར་གཞོལ་བ་དང ། འདི་དག་ནི། ཉེས་པའོ། །གང་སྤྱོད་པ་དང ། རྣམ་པར་སྤྱོད་པ་དང ། ཉེ་བར་སྤྱོད་པ་དང ། རྗེས་སུ་སྤྱོད་པ་འདི་དག་གི་དངོས་པོ་ཐམས་ཅད་ནི། འཕགས་པའི་བཟོད་པ་སྤོང་བའི་ཕྱིར་སྒྲུབ་བོ། །སྨྲས་པ། རིགས་ཀྱི་བུ། སངས་རྒྱས་ཀྱི་ཡོན་ཏན་བསྒྲུབ་པའི་ཕྱིར་དགེ་བ་ལ་སྤྱོད་པ་དེ་ཅི་འཕགས་པའི་བཟོད་པ་འཁྲུག་པར་འགྱུར་རམ། སྨྲས་པ། རིགས་ཀྱི་བུ། གང་དགེ་བའི་ཆོས་ལ་ཉུང་ངུ་འདོད་ཅིང་སྡིག་པ་ལ་མང་དུ་འདོད་པ་ནི། འཕགས་པའི་བཟོད་པ་ལ་འཁྲུག་པའོ། །རྣམ་པར་འཇིག་པའོ། །འཐོར་བའོ། །གཏི་མུག་པའོ། །གང་དེ་དགེ་བའི་ཆོས་ཡོངས་སུ་སྤངས་པ་དེ་འདོད་པའི་རྟོག་པ་ཞེས་སྨྲས་སོ། །གང་འདོད་
272b
པའི་རྟོག་པ་ཀུན་ཏུ་སྤྱོད་པ་ནི། བཟོད་པ་ལ་འཁྲུག་པ་དང ། འཇིག་པའོ། །དེ་བཟོད་པའི་ཚོགས་མེད་པ་འདི་ནི། ཡོངས་སུ་སྤོང་བའོ། །རིགས་ཀྱི་བུ། ངག་དང ། ཡིད་དང ། དྲུག་གི་སྐྱེ་མཆེད་ཀྱི་སྡོམ་པ་དང ། མངོན་པར་འདུ་མི་བྱེད་པ་དང ། བརྗོད་དུ་མེད་པ་དང ། རྩོལ་བ་མེད་པ་དང ། རྟོག་པ་མེད་པ་དང ། རྣམ་པར་རྟོག་པ་མེད་པ་དང ། དམིགས་པ་མེད་པ་དང ། སེམས་དང་ཡིད་ཀྱིས་དམིགས་པ་མེད་པ་སྟེ། དེ་ནི། འཕགས་པའི་བཟོད་པའི་ཚོགས་སོ། །གང་ཡང་སེམས་ཀྱི་རྣམ་པར་ལས་དང ། ལུས་ཀྱི་རྣམ་པར་ལས་དང ། ངག་གི་རྣམ་པར་ལས་དེ་ཐམས་ཅད་འཕགས་པའི་བཟོད་པ་ལ་གཏི་མུག་དང ། ཡོངས་སུ་སྤོང་པའི་ཕྱིར་སྒྲུབ་བོ། །གཞན་ཡང་ཆོས་ཀྱི་བྱ་བའམ། མི་འགུལ་བའམ། མཚན་ཉིད་དང ། རྟོག་པ་དེ་འཕགས་པའི་བཟོད་པ་ལ་གཏི་མུག་དང ། ཡོངས་སུ་སྤོང་བའི་ཕྱིར་སྒྲུབ་བོ། །གང་ཡང་ལུས་དང ། ངག་དང ། ཡིད་ཀྱི་བྱ་བ་མེད་པ་དང ། འགྱུར་བ་མེད་པ་དང ། མཚན་ཉིད་མེད་པ་དང ། རྟོག་པ་མེད་པ་དེ་འཕགས་པའི་བཟོད་པའི་ཚོགས་སྒོམ་པའོ། །གཉིས་སུ་མེད་པའི་ཆོས་ཀྱི་མཐའི་རྗེས་སུ་ཞུགས་ཤིང་ཡང་དག་པའི་མཐའ་དང་ལྡན་ནོ། །ཅུང་ཟད་དུ་ ཉོན་མོངས་པ་ཐམས་ཅད་ཀྱི་མཐའ་དང ། ཆོས་ཐམས་ཅད་ཀྱིའང་མཐའོ། །གང་དེ་ལྟར་རབ་ཏུ་ཤེས་པ་དེ་བཟོད་པ་སྒོམ་པའོ། །གང་ཡི་གེ་ལ་འཁྲུག་པ་མེད་པ་དང ། ཉོན་མོངས་པ་ཐམས་ཅད་ཐུལ་བ་དང ། བརྗོད་དུ་མེད་པ་ལ་གཡོ་བ་མེད་པ་དང ། སྨྲ་བ་
273a
༄#། །ཐམས་ཅད་ལ་ཆགས་པ་མེད་པ་དང ། གང་མི་སྐྱེ་བ་མི་འབྱུང་བར་བསྒྲགས་པའི་ཆོས་རབ་ཏུ་ཤེས་པ་དེ་བཟོད་པ་སྒོམ་པའོ། །གང་ཆོས་ཀྱི་ཁམས་ལ་གནས་པ་དང ། སེམས་ཅན་གྱི་ཁམས་ལ་ཡང་དག་པར་གཞོལ་བ་དང ། ཆོས་ཀྱི་ཁམས་དང་སེམས་ཅན་གྱི་ཁམས་ཀྱང་མཚུངས་པའི་ཁམས་སུ་བཟུང་སྟེ་ཐ་དད་པར་མི་བྱེད་པ་དང ། མཚན་ཉིད་ཀྱི་ཁམས་ཀྱང་འཁྲུག་པར་མི་བྱེད་པ་དེ་བཟོད་པ་སྒོམ་པའོ། །གང་ཆོས་ཐམས་ཅད་དམིགས་པ་མེད་ཅིང་བདག་དང་གཞན་མེད་པ་མི་སྐྱེ་བའི་ཕྱིར་སྣང་བ་མེད་པ། གཟུང་དུ་མེད་པ། ཀུན་ནས་ལྡང་བ་མེད་པ། ལུས་མེད་པ། སྒོམ་པ་མེད་པ། སྐྱེ་བ་མི་འབྱུང་བ། འཆི་འཕོ་མེད་པ། བརྟེན་པ་མེད་པ། གཡོ་བ་མེད་པ། འགྱུར་བ་མེད་པ། ཡོད་པར་རྟོག་པ་དང ། མེད་པར་རྟོག་པ་དང་བྲལ་བ། སྣོད་མ་ཡིན་པ། ཡོངས་སུ་རྟོག་པ་མེད་པ། འདོད་ཆགས་དང་བྲལ་བ། རྡུལ་དང་བྲལ་བ། རིགས་སྤངས་པ། རང་བཞིན་ཡོངས་སུ་དག་པ། དྲི་མ་མེད་པ། ཉོན་མོངས་པ་མེད་པ། སྒྲོ་བཏགས་པ་མེད་པ། ཀུན་ནས་ལངས་པ་མེད་པ། འཁྲུག་པ་མེད་པའི་ཆོས་ཐམས་ཅད་མེད་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་བཟོད་པ་སྒོམ་མོ། །གང་རྐྱེན་དང་བྲལ་བ་དང ། རབ་ཏུ་རྒྱུ་བ་ཉེ་བར་ཞི་བ་དང ། ལམ་མ་རུངས་པ་ལས་ཡང་དག་པར་ཤིན་ཏུ་འདས་པ་དང ། འབྱུང་བ་མེད་པ་དང ། འཇུག་པ་མེད་པ་དང ། རིངས་པ་མེད་པ་དང ། ཡུལ་ཐམས་ཅད་ལ་རྣམ་པར་དམིགས་པ་
273b
མེད་པ་དང ། རྣམ་པར་ཤེས་པའི་ལམ་ལས་ཡང་དག་པར་ཤིན་ཏུ་འདས་པ་དང ། བཏགས་པ་མེད་པ་དང ། བཀྲོལ་བ་མེད་པ་དང ། འོང་བ་མེད་པ་དང ། གནས་མེད་པ་དང ། ས་བོན་མེད་པ་དང ། རྩ་བ་མེད་པ་དང ། ཡིད་བརྟན་པ་ཉེ་བར་ཞི་ཞིང་རབ་ཏུ་ཞི་བ་དང ། ཡོངས་སུ་གདུངས་པ་མེད་པ་དང ། ཤིན་ཏུ་མཐར་ཐུག་པ་དང ། ཡང་སྲིད་པ་ཀུན་ནས་ལྡང་བ་མེད་པ་དང ། མྱ་ངན་ལས་འདའ་བ་ལ་མངོན་པར་དགའ་བ་དང ། འདི་འདྲ་བར་ཡིད་ལ་བྱེད་པས་བཟོད་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རྟོག་པ་དང ། རྣམ་པར་རྟོག་པ་དང ། ཀུན་ཏུ་རྟོག་པ་དང ། ཡང་དག་པར་རྟོག་པ་དང ། ཉེ་བར་རྟོག་པ་དང ། འགྲོ་བ་དང ། ཀུན་ཏུ་འགྲོ་བ་དང ། མངོན་པར་འགྲོ་བ་དང ། ཉེ་བར་འགྲོ་བར་ཡིད་ལ་བྱེད་པས་བཟོད་པ་སྒོམ་པར་མི་འགྱུར་རོ། །རིགས་ཀྱི་བུ། འོང་བ་ཞེས་བྱ་བ་འདི་ནི།་ཡང་དག་པར་འདྲེན་པའི་ཚིག་གོ་།རིགས་ཀྱི་བུ། གང་ལ་འདྲེན་པ་མེད་ཅིང་ཡང་དག་པར་འདྲེན་པ་མེད་པ་དེ་ལ་འགྲོ་བ་མེད་ཅིང་འོང་བའང་མེད་དོ། །འགྲོ་བ་མེད་པ་དང་འོང་བ་མེད་པའི་ཀུན་གཞི་ཀུན་ཏུ་གཞོམ་པའི་ཕྱིར་གཉིས་སུ་མེད་པའི་ཆོས་ཀྱི་སྒོའི་བཟོད་པ་བསྒོམ་མོ། །རིགས་ཀྱི་བུ། འོང་ངོ ། །ཞེས་བྱ་བ་ལས་ཀྱི་མཚན་ཉིད་ལ་དམིགས་པ་འདི་ནི། བཟོད་པ་སྒོམ་པ་ཡོངས་སུ་སྤོང་བའི་ཕྱིར་ཡང་དག་པར་སྒྲུབ་པའོ། །རིགས་ཀྱི་བུ། འགྲོའོ། །ཞེས་བྱ་བའི་ལས་ཀྱི་མཚན་ཉིད་ཀྱི་རྒྱུ་འདི་ནི། མཚན་ཉིད་མེད་པ། མཚན་ཉིད་དང་བྲལ་བའི་བཟོད་པ་སྒོམ་པ་ཞེས་
274a
༄#། །བྱའོ། །འོང་ངོ ། །ཞེས་བྱ་བའི་སྨོན་ལམ་མཚན་ཉིད་ཀྱི་རྒྱུ་འདི་ནི། བཟོད་པ་འགོག་པའི་ཕྱིར་ཡང་དག་པར་སྒྲུབ་ཀྱི། འདི་ནི། བཟོད་པ་སྒོམ་པ་མ་ཡིན་ནོ། །རིགས་ཀྱི་བུ། འགྲོའོ། །ཞེས་བྱ་བ་འདི་ནི། སྨོན་ལམ་ཟད་པ་དང ། མེད་པ་དང ། ཞི་བའི་བཟོད་པ་སྒོམ་པ་ཞེས་བྱའོ། །རིགས་ཀྱི་བུ། འོང་ངོ ། །ཞེས་བྱ་བ་འབྱུང་བའི་མཚན་ཉིད་འདི་ནི། བཟོད་པ་ལས་གཏི་མུག་པ་ཡིན་གྱི་\?\། བཟོད་པ་སྒོམ་པ་མ་ཡིན་ནོ། །རིགས་ཀྱི་བུ། འགྲོའོ། །ཞེས་བྱ་བ་དམིགས་པ་མེད་པ་དང ། འགལ་བའི་མཚན་ཉིད་ནི། བཟོད་པ་སྒོམ་པ་ཞེས་སྨྲས་སོ། །རིགས་ཀྱི་བུ། འོང་ངོ ། །ཞེས་བྱ་བ་རྣམ་པར་དམིགས་པའི་སྒོའི་མཚན་ཉིད་འདི་ནི། བཟོད་པ་ལ་སྒོམ་པ་མ་ཡིན་གྱི། བཟོད་པ་ལ་འཁྲུག་པ་ཡིན་ནོ། །འགྲོའོ། །ཞེས་བྱ་བ་རྣམ་པར་དམིགས་པ་ཟད་པའི་མཚན་ཉིད་དང ། ཉེ་བར་ཞི་བ་འདི་ནི། བཟོད་པ་སྒོམ་པ་ཞེས་སྨྲས་སོ། །རིགས་ཀྱི་བུ། འོང་ངོ ། །ཞེས་བྱ་བའི་ཀུན་གཞིའི་མཚན་ཉིད་འདི་ནི། བཟོད་པ་ལ་འཇུག་པ་ཡིན་གྱི། བཟོད་པ་སྒོམ་པ་ནི། མ་ཡིན་ནོ། །རིགས་ཀྱི་བུ། འོང་ངོ ། །ཞེས་བྱ་བ་ནི། ཀུན་གཞི་ནུབ་པ་དང་ཞི་བ་འདི་ནི། བཟོད་པ་སྒོམ་པ་ཞེས་སྨྲས་སོ། །རིགས་ཀྱི་བུ། འོང་ངོ ། །ཞེས་བྱ་བ་འབྱུང་བའི་མཚན་ཉིད་འདི་ནི། བཟོད་པ་ཡོངས་སུ་སྤངས་པ་ཡིན་གྱི། བཟོད་པ་སྒོམ་པ་ནི། མ་ཡིན་ནོ། །འགྲོ་ཞེས་བྱ་བ་རྒྱུ་ཟད་པའི་མཚན་ཉིད་འདི་དང ། རྣམ་པར་ཞི་
274b
པ་འདི་ནི། བཟོད་པ་སྒོམ་པ་ཞེས་སྨྲས་སོ། །རིགས་ཀྱི་བུ། འོང་ངོ ། །ཞེས་བྱ་བ་བརྡ་དང ། ཐ་སྙད་ཀྱི་ཚིག་གི་མཚན་ཉིད་འདི་ནི། བཟོད་པ་སྒོམ་པ་མ་ཡིན་ནོ། །འགྲོའོ། །ཞེས་བྱ་བ་ཐ་སྙད་རྣམ་པར་ཞི་བའི་གནས་འདི་ནི། བཟོད་པ་སྒོམ་པའོ། །ཞེས་སྨྲས་སོ། །རིགས་ཀྱི་བུ། འོང་ངོ ། །ཞེས་བྱ་བ་སྔོན་གྱི་མཐའ་དང ། ཕྱི་མའི་མཐའ་མི་ཤེས་པའི་ཆུ་བོར་བྱིང་བ་འདི་ནི། བཟོད་པ་ལ་གཏི་མུག་པ་ཡིན་གྱི། བཟོད་པ་སྒོམ་པ་ནི། མ་ཡིན་ནོ། །འགྲོའོ། །ཞེས་བྱ་བ་ནི། སྔོན་གྱི་མཐའ་དང ། ཕྱི་མའི་མཐའ་ཤེས་པ་དང ། མི་ཤེས་པ་རབ་ཏུ་སྤངས་ཏེ་རྒྱ་ཆེན་པོ་ཉེ་བར་ཞི་བ་འདི་ནི།་བཟོད་པ་སྒོམ་པའོ། །ཞེས་སྨྲས་སོ། །རིགས་ཀྱི་བུ། འོང་ངོ ། །ཞེས་བྱ་བ་ལུས་དང ། ངག་དང ། ཡིད་ཀུན་སྤྱོད་པའི་མཚན་ཉིད་འདི་ནི། བཟོད་པ་སྒོམ་པ་མ་ཡིན་ནོ། །འགྲོའོ། །ཞེས་བྱ་བ་སྲེད་པའི་འདུ་བྱེད་ཉེ་བར་ཞི་བ་འདི་ནི། བཟོད་པ་སྒོམ་པའོ། །ཞེས་སྨྲས་སོ། །རིགས་ཀྱི་བུ། འོང་ངོ ། །ཞེས་བྱ་བ་རྣམ་པར་ཤེས་པ་ཉེ་བར་ཞི་བ་དང ། རྣམ་པར་སྤྱོད་པ་ཆགས་པ་མེད་པའི་ཚིག་གི་མཚན་ཉིད་འདི་ནི། བཟོད་པ་སྒོམ་པ་མ་ཡིན་ནོ། །འགྲོའོ། །ཞེས་བྱ་བ་རྣམ་པར་ཤེས་པ་རྣམ་པར་དམིགས་པ་དང ། རྣམ་པར་སྤྱོད་པ་ནུབ་པ་འདི་ནི། བཟོད་པ་སྒོམ་པའོ། །ཞེས་སྨྲས་སོ། །འོང་ངོ ། །ཞེས་བྱ་བ་མིང་དང་གཟུགས་ཀུན་ནས་ལྡང་བའི་ཚིག་གི་མཚན་ཉིད་འདི་ནི། བཟོད་པ་སྒོམ་པ་མ་ཡིན་ནོ། །འགྲོའོ། །ཞེས་བྱ་བ་མིང་གཟུགས་ཉེ་བར་ཞི་བ་འདི་ནི། བཟོད་
275a
༄#། །པ་སྒོམ་པའོ། །ཞེས་སྨྲས་སོ། །འོང་ངོ ། །ཞེས་བྱ་བ་འདུལ་བ་དང ། ཀུན་ནས་ལྡང་ཞིང་འདོད་པའི་ཡོན་ཏན་གྱི་གནས་ཀྱི་མཚན་ཉིད་འདི་ནི། བཟོད་པ་སྒོམ་པ་མ་ཡིན་ནོ། །འགྲོའོ། །ཞེས་བྱ་བ་དབང་པོ་དྲུག་ཉེ་བར་ཞི་ཞིང་ནུབ་པ་འདི་ནི། བཟོད་པ་སྒོམ་པའོ། །ཞེས་སྨྲས་སོ། །འགྲོའོ། །ཞེས་བྱ་བ་རིག་པའི་ཆུ་བོ་སྒོམ་པ་གཞན་གྱི་ཚིག་གི་མཚན་ཉིད་འདི་ནི། བཟོད་པ་སྒོམ་པ་མ་ཡིན་ནོ། །འགྲོའོ། །ཞེས་བྱ་བ་རེག་པའི་ཆུ་བོ་ཉེ་བར་འགྲོ་བ་འདི་ནི། བཟོད་པ་སྒོམ་པའོ། །ཞེས་སྨྲས་སོ། །འགྲོའོ། །ཞེས་བྱ་བ་ཚོར་བ་གསུམ་གྱི་རྒྱུན་གཅོད་པ་འདི་ནི། བཟོད་པ་སྒོམ་པའོ། །ཞེས་སྨྲས་སོ། །འོང་ངོ ། །ཞེས་བྱ་བ་སྲེད་པའི་ཀུན་གཞི་ལ་འཇུག་པ་འདི་ནི། བཟོད་པ་སྒོམ་པ་མ་ཡིན་ནོ། །འགྲོའོ། །ཞེས་བྱ་བ་སྲེད་པ་གཏོང་བ་དང ། ནུབ་པ་འདི་ནི། བཟོད་པ་སྒོམ་པའོ། །ཞེས་སྨྲས་སོ། །རིགས་ཀྱི་བུ། འོང་ངོ ། །ཞེས་བྱ་བ་ཉེ་བར་ལེན་པ་ལ་འཇུག་པའི་ཚིག་གི་མཚན་ཉིད་འདི་ནི། བཟོད་པ་སྒོམ་པ་མ་ཡིན་ནོ། ། འགྲོའོ། །ཞེས་བྱ་བ་ཉེ་བར་ལེན་པ་སེལ་བ་འདི་ནི། བཟོད་པ་སྒོམ་པའོ། །ཞེས་སྨྲས་སོ། །འོང་ངོ ། །ཞེས་བྱ་བ་སྒོམ་པ་མངོན་པར་འཇུག་པའི་ཚིག་གི་མཚན་ཉིད་འདི་ནི། བཟོད་པ་སྒོམ་པ་མ་ཡིན་ནོ། །འགྲོའོ། །ཞེས་བྱ་བ་ཁོང་དུ་ཆུད་པ་ཆགས་པའི་ལམ་འདི་ནི། བཟོད་པ་སྒོམ་པའོ། །ཞེས་སྨྲས་སོ། །རིགས་ཀྱི་བུ། འོང་ངོ ། །ཞེས་བྱ་བ་ཡང་དང་ཡང་སྙིང་པོར་འཇུག་པའི་
275b
ཚིག་གི་མཚན་ཉིད་འདི་ནི། བཟོད་པ་སྒོམ་པ་མ་ཡིན་ནོ། །འགྲོའོ། །ཞེས་བྱ་བ་སྐྱེ་བ་ཟད་པ་འདི་ནི། བཟོད་པ་སྒོམ་པའོ། །ཞེས་སྨྲས་སོ། །འོང་ངོ ། །ཞེས་བྱ་བ་ཡང་དང་ཡང་དགའ་བར་འཇུག་པའི་ཚིག་གི་མཚན་ཉིད་འདི་ནི། བཟོད་པ་སྒོམ་པ་མ་ཡིན་ནོ། །འགྲོའོ། །ཞེས་བྱ་བ་རྒ་བ་ཟད་པ་སྤང་བའི་ཕྱིར་བཟོད་པ་སྒོམ་པའོ། །ཞེས་སྨྲས་སོ། །རིགས་ཀྱི་བུ། འོང་ངོ ། །ཞེས་བྱ་བ་ཡང་དང་ཡང་ཤིན་བའི་ཆུའི་ཆུ་བོར་ལྷུང་བའི་གནས་ཀྱི་མཚན་ཉིད་འདི་ནི། བཟོད་པ་སྒོམ་པ་མ་ཡིན་ནོ། །འགྲོའོ། །ཞེས་བྱ་བ་ཤི་བའི་ཆུ་བོ་ལས་རྒལ་བ་འདི་ནི། བཟོད་པ་སྒོམ་པའོ། ། ཞེས་སྨྲས་སོ། །རིགས་ཀྱི་བུ། འོང་ངོ ། །ཞེས་བྱ་བ་མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། ཡིད་མི་བདེ་བ་དང ། འཁྲུག་པར་འཇུག་པའི་གནས་ཀྱི་མཚན་ཉིད་འདི་ནི། བཟོད་པ་སྒོམ་པ་མ་ཡིན་ནོ། །འགྲོའོ། །ཞེས་བྱ་བ་སྡུག་བསྔལ་བ་དང ། འཁྲུག་པ་ཐམས་ཅད་ཉེ་བར་ཞི་བ་འདི་ནི། བཟོད་པ་སྒོམ་པའོ། །ཞེས་སྨྲས་སོ། །རིགས་ཀྱི་བུ། འོང་ངོ ། །ཞེས་བྱ་བ་འདུ་བྱེད་ཀྱི་སྡུག་བསྔལ་ཐམས་ཅད་སྐྱེ་བ་དང ། རྒ་ཤི་དང ། འཆི་འཕོ་སྐྱེ་བ་དང ། ཕྲད་པ་དང ། འབྲལ་བའི་སྡུག་བསྔལ་སྐྱེ་བའི་གནས་ཀྱི་མཚན་ཉིད་འདི་ནི། བཟོད་པ་སྒོམ་པ་མ་ཡིན་ནོ། །འགྲོའོ། །ཞེས་བྱ་བ་འདུ་བྱེད་ཀྱི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བ་འདི་ནི། བཟོད་པ་སྒོམ་པའོ། །རིགས་ཀྱི་བུ། འོང་ངོ ། །ཞེས་བྱ་བ་ནི། སྡུག་བསྔལ་ཐམས་ཅད་སྐྱེ་ཞིང་ཕྱིན་ཅི་ལོག་བཞི་ཀུན་ནས་ལྡང་
276a
༄#། །བའི་རང་བཞིན་ཏེ། དགེ་བ་ཐམས་ཅད་སྒོམ་པ་ལ་བགེགས་བྱེད་པའོ། །རིགས་ཀྱི་བུ། འགྲོའོ། །ཞེས་བྱ་བ་ནི། ཐམས་ཅད་ཉེ་བར་ཞི་བའོ། །སྡུག་བསྔལ་གྱི་ཕྱིན་ཅི་ལོག་གི་གཉེན་པོའོ། །རིགས་ཀྱི་བུ། དེ་བས་ན། འོང་ངོ ། །ཞེས་བྱ་བའི་ཚིག་ནི། ཉོན་མོངས་པ་ཐམས་ཅད་ཀུན་ཏུ་འདྲེན་པའོ། །ཞེས་སྨྲས་པ་ཡིན་ནོ། །འགྲོའོ། །ཞེས་བྱ་བ་ནི། ཉོན་མོངས་པའི་བག་ཆགས་ཀྱི་རྗེས་སུ་འབྲེལ་བ་ཐམས་ཅད་འདྲེན་པ་མེད་པའོ། །ཞེས་སྨྲས་པ་ཡིན་ནོ། །རིགས་ཀྱི་བུ། དེ་བས་ན། བརྗོད་དུ་མེད་པ་ལ་གཡོ་བ་མེད་དོ། །བརྗོད་པ་ཐམས་ཅད་ལའང་ཆགས་པ་མེད་དོ། །ཡི་གེའི་ཆོས་ཀྱི་དབྱིངས་ལ་འཁྲུག་པ་མེད་དོ། །གཟུང་བ་མེད་པ་དང ། ཀུན་ནས་ལྡང་བ་མེད་པ་དང ། ལུས་པ་མེད་པ་དང ། འབྱུང་བ་མེད་པ་དང ། འདུ་བྱེད་ཐམས་ཅད་ལ་དམིགས་པའི་རྒྱུན་ཆད་པ་དང ། ཡོད་པར་རྟོག་པ་དང ། མེད་པར་རྟོག་པ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་བཟོད་པ་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་དགྲ་རྣམ་པར་འགྲེལ་བས་འདི་སྟོན་པ་བསྟན་པ་ན་སྔོན་དུ་འགྲོ་བ་ལག་བཟང་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཐོབ་བོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་ལྡན་པའི་ས་དང་ནམ་མཁའ་ཁྱབ་པ་འདི་ལ་གནས་པས་མགྲིན་གཅིག་ཏུ་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་
276b
བུ།་ཇི་ལྟ་བུར་ཁྱོད་ཀྱང་ཆོས་ཟབ་མོའི་ཚུལ་གྱི་རྗེས་སུ་ཞུགས་ཤིང་བྱང་ཆུབ་སེམས་དཔའི་ཀུན་ནས་ཡོན་ཏན་རྣམ་པར་རོལ་པ་མངོན་པར་ཤེས་པ་ཆགས་པ་མེད་པའི་སྤོབས་པ་དང་ལྡན་པ་གང་གི་ཕྱིར་ཁྱོད་ཀྱིས་བདག་ཅག་ལ་འདི་འདྲ་བའི་ཆོས་ཀྱི་ཆར་རབ་ཏུ་ཕབ་པ་ལེགས་སོ་ལེགས་སོ། །དེ་ཉིད་ཀྱི་ཚེ་ན་ཕྱོགས་བཅུ་ནས་འདུས་པའི་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་མང་པོ་ལྷ་རྣམས་ཀྱི་མེ་ཏོག་དང ། ཕྲེང་བ་དང ། དྲི་དང ། བྱུག་པས་བྱང་ཆུབ་སེམས་དཔའ་དགྲ་རྣམ་པར་འགྲེལ་པ་ལ་མཆོད་པའི་ལས་ཀྱི་ཕྱིར་འདུན་ཅིང་བརྩོན་ནོ། །དེའི་ལུས་ལ་མེ་ཏོག་དང ། ཕྲེང་བ་དང ། དྲི་དང ། བྱུག་པས་གཏོར་བས་རིགས་ཀྱི་བུ་ཡང་དེ་ལྟར་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རིན་པོ་ཆེ་སྣ་ཚོགས་སུ་བྱིན་གྱིས་བརླབས་ཏེ་ཕུང་པོ་གཅིག་ཏུ་བཞག་ནས་བཅོམ་ལྡན་འདས་ཀྱི་སླད་དུ་རིན་པོ་ཆེ་སྣ་བདུན་གྱི་སེངྒེའི་ཁྲི་འཕང་དུ་དཔག་ཚད་སྟོང ། ཞེང་དུ་དཔག་ཚད་བཅུ་པ། ལྷ་རྫས་ཀྱི་གོས་ཀྱིས་བཏིང་བ་བལྟ་ན་སྡུག་པ་རྣམ་པ་སྣ་ཚོགས་བྱུང་ངོ ། །སངས་རྒྱས་ཀྱི་ཞིང་འདིར་མུ་སྟེགས་ཅན་གཞན་དཀའ་ཐུབ་དང ། བརྟུལ་ཞུགས་དང ། སྤྱོད་པ་དང ། སྤྱོད་ལམ་ལ་བརྩོན་པར་བྱིན་གྱིས་བརླབས་པ་ཇི་སྙེད་པ་དང ། གང་ཡང་ཕྱོགས་བཅུའི་ཞིང་སྟོང་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་མཐའ་ཡས་མུ་མེད་པ་ན་མུ་སྟེགས་གཞན་དཀའ་ཐུབ་དང ། བརྟུལ་ཞུགས་དང ། སྤྱོད་པ་དང ། སྤྱོད་
277a
༄#། །ལམ་ལ་བརྩོན་པར་བྱིན་གྱིས་བརླབས་པ། དཀའ་ཐུབ་ངན་པ་དེ་དག་ཐམས་ཅད་ཀྱིས་རིན་པོ་ཆེ་སྣ་བདུན་གྱི་སེངྒེའི་ཁྲི་ཡང་དག་པར་མཐོང་ངོ ། །ལ་ལ་དཀའ་ཐུབ་ལྔ་པ་དག་ཉི་མ་དང་ཟླ་བ་ལ་ཕྱག་འཚལ་བར་ཡང་དག་པར་མཐོང་ངོ ། །ལ་ལ་ཆུ་འཛིན་པ་དང ། འདམ་འཛིན་པ་དང ། ཆུ་དང་འདམ་འཛིན་པ་དང ། ལ་ལ་སྐྲ་འཛིན་པ་དང ། ག་ཚོམ་འཛིན་པ་དང ། སྐྲ་དང་ཨག་ཚོམ་འཛིན་པ་དང ། ལ་ལ་རྐང་པ་འདེག་པ་དང ། ལག་པ་འདེག་པ་དང ། ལ་ལ་ནགས་ཚལ་གྱི་རྩ་བ་དང ། འདབ་མ་ཟ་བ་དང ། ཚེར་མའི་སྟེང་དུ་ཉལ་བ་དང ། ལ་ལ་རུས་པའི་ཕྱེ་མས་ལུས་བསྐུས་པ་དང ། མིའི་མགོ་བོའི་ཕྲེང་བ་དང ། མགོ་ལག་མཐིལ་ན་འཆང་བ་ཡང་དག་པར་མཐོང་ངོ ། །ལ་ལ་ཕྱུགས་ཀྱི་བརྟུལ་ཞུགས་ཅན་དང ། ཁྱིའི་བརྟུལ་ཞུགས་ཅན་དང ། ཕག་གི་བརྟུལ་ཞུགས་ཅན་དང ། རི་དྭགས་ཀྱི་བརྟུལ་ཞུགས་ཅན་དང ། བྱའི་བརྟུལ་ཞུགས་ཅན་དང ། མེའི་བརྟུལ་ཞུགས་ཅན་དང ། ཟླ་བའི་བརྟུལ་ཞུགས་ཅན་དང ། ཉི་མའི་བརྟུལ་ཞུགས་ཅན་དང ། ཆུའི་བརྟུལ་ཞུགས་ཅན་དང ། འཛེག་པའི་བརྟུལ་ཞུགས་ཅན་དང ། དཀའ་ཐུབ་རྣམ་པ་སྣ་ཚོགས་ཀྱི་ནད་གསོས། དེ་ལ་སོགས་པའི་མུ་སྟེགས་ཅན་གཞན་ལ་ལ་དཀའ་ཐུབ་དང ། བརྟུལ་ཞུགས་དང ། སྤྱོད་པ་དང ། སྤྱོད་ལམ་ལ་བརྩོན་པར་བྱིན་གྱིས་བརླབས་པ། དཀའ་ཐུབ་ངན་པ་སྣ་ཚོགས་དེ་
277b
དག་ཐམས་ཅད་དེའི་ཆེ་ན་དེར་སེངྒེའི་ཁྲི་ཡང་དག་པར་མཐོང་ངོ ། །སེངྒེའི་ཁྲི་དེའི་སྟེང་གི་བར་སྣང་ན་རིན་པོ་ཆེ་སྣ་བདུན་གྱི་གདུགས་ཞེང་དུ་དཔག་ཚད་སྟོང་ཕྲག་བཅུ་པར་བྱིན་གྱིས་བརླབས་སོ། །གདུགས་དེ་ལ་ལྷ་རྫས་ཀྱི་རིན་པོ་ཆེའི་རྒྱན་སྣ་ཚོགས་སུ་ཡང་དག་པར་མཐོང་ངོ ། །རྒྱན་དེ་དག་ལས་ལོག་པའི་ཚིག་གི་ཐ་སྙད་སྣ་ཚོགས་བྱུང་བ་ནི། འདི་ལྟ་སྟེ། ཚད་པར་ལྟ་བ་དང ། རྟག་པར་ལྟ་བ་དང ། འཇིག་ཚོགས་ཀྱི་ལྟ་བ་དང ། མཐར་འཛིན་པའི་ལྟ་བ་དང ། ཚུལ་ཁྲིམས་དང་བརྟུལ་ཞུགས་སྙེམས་པའི་ལྟ་བ་དང ། འདོད་པ་ལ་བདེ་བ་སྐྱེ་བའི་ལྟ་བ་བྱུང་ངོ ། ། འཐབ་ཅིང་གཅིག་ལ་གཅིག་འཚོག་པ་དང ། མགོ་གཅོད་པ་དང ། མིག་འབྱིན་པའི་ལྟ་བ་དང ། དགེ་བ་བཅུའི་ལས་ཀྱི་ལམ་དུ་ལྟ་བ་སྤྲོས་པས་ལྟ་བར་སོང་བ་དྲུག་ཅུ་རྩ་གཉིས་ཀྱི་ལྟ་བའི་ཚིག་གི་ཐ་སྙད་ཀྱི་དབྱངས་བྱུང་ངོ ། །གང་ཡང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཚད་མེད་གྲངས་མེད་པ་དག་ནས་སངས་རྒྱས་ཀྱི་ཞིང་འདིར་ལྷགས་པའི་བྱང་ཆུབ་སེམས་དཔའ་དེ་དག་སྒྲ་དེ་ཉན་ཏོ། །སེངྒེའི་ཁྲི་ལ་སེམས་ཅན་ཚུལ་ཁྲིམས་དང ། བརྟུལ་ཞུགས་ངན་པ་སྣ་ཚོགས་སྦྱོར་བའི་རྗེས་སུ་ལྡན་པ་དེ་དག་ཀྱང་ལྟའོ། །ཀྱེ་མ་ཀྱི་ཧུད་ལྟ་བ་ཉོན་མོངས་པ་ཐོབ་པ་འདི་དག་རྙོག་པ་ལྔའི་མི་མཇེད་ཀྱི་སངས་རྒྱས་ཀྱི་ཞིང་དུ་ཡང་དག་པར་མཐོང་བ་གང་ཞིག་ཅེས་དེ་མཆོག་ཏུ་སྐྱོ་བའི་ཡིད་ཀྱིས་འདི་སྙམ་དུ་སེམས་པར་གྱུར་ཏོ། །བདག་ཅག་རང་རང་གི་སངས་
278a
༄#། །རྒྱས་ཀྱི་ཞིང་དུ་འགྲོའོ་སྙམ་སྟེ། དེ་དག་སངས་རྒྱས་ཀྱི་ཞིང་འདི་ལས་འགྲོ་བར་འདོད་ཀྱང་དེ་དག་རང་རང་གི་ཕྱོགས་གང་དུ་འགྲོ་བར་མི་ཤེས་ནས་དེ་དག་གིས་བྱང་ཆུབ་སེམས་དཔའ་དག་རྣམ་པར་འགྲེལ་བ་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་བཙལ་ནས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། བདག་ཅག་ནི། སངས་རྒྱས་ཀྱི་ཞིང་འདི་ནས་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འདོད་པ་ནི། རིགས་ཀྱི་བུ། སངས་རྒྱས་ཀྱི་ཞིང་ཤིན་ཏུ་ལྟ་བ་སྟུག་པོས་བསྒྲིབས་ཤིང་དོག་པ་ཐོབ་པས་བདག་ཅག་ཀྱང་ཅུང་ཟད་ལུས་དང ། ངག་དང ། ཡིད་ཀྱིས་འཁྲུལ་བར་འགྱུར་བ་དེའི་ཕྱིར་བདག་ཅག་མྱུར་དུ་འགྲོ་བར་འདོང་ངོ ། །བདག་ཅག་ཀྱང་ཕྱོགས་ཐམས་ཅད་མགོ་འཁོར་བར་གྱུར་ནས་ཡང་བདག་ཅག་རང་རང་གི་ཕྱོགས་གང་དུ་འགྲོ་བ་མི་ཤེས་ན། དེའི་ཕྱིར་རིགས་ཀྱི་བུ། ཁྱོད་བདག་ཅག་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་ནུས་པ་ཉམས་སུ་ལོངས་ཤིག་།དེ་ནས་བྱང་ཆུབ་སེམས་དཔའ་དགྲ་རྣམ་པར་འགྲེལ་བས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དུ་བྱང་ཆུབ་སེམས་དཔའ་ཡང་དག་པར་ལྷགས་པ་དེ་དག་ལ་སྨྲས་པ། རིགས་ཀྱི་བུ། ཅི་ཁྱེད་ཅག་ཐེག་པ་ཆེན་པོ་ལ་ཡང་དག་པར་མ་ཞུགས་སམ། སྨྲས་པ། རིགས་ཀྱི་བུ། བདག་ཅག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ནས་ཡུན་རིང་
278b
ངོ ། །རིགས་ཀྱི་བུ། བྱང་ཆུབ་འདོད་པ་རྣམས་འདུལ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨོན་ལམ་གྱི་དབང་གིས་སེམས་ཅན་དམྱལ་བར་སྐྱེ་བ་ལ་བརྩོན་པ་ནི། གོར་མ་ཆག། དེ་བཞིན་དུ་བྱོལ་སོང་དང ། ཡི་དྭགས་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དང ། གནོད་སྦྱིན་དབུལ་པོ་དང ། མི་དབུལ་བོ་དང ། གཤེད་པོ་དབུལ་པོ་དང ། དེ་བཞིན་དུ་ལྟ་བ་ཐ་དད་པར་སོང་ཞིང་དོགས་པ་རྙེད་པའི་མུ་སྟེགས་ཅན་གཞན་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨོན་ལམ་གྱི་དབང་གིས་དེར་སྐྱེ་བ་བླངས་པ་འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྩལ་པོ་ཆེ་ཞེས་སྨྲས་སོ། །ཅི་ལྟ་བུར་གནས་དེ་དང་དེ་དག་ཏུ་བརྩོན་འགྲུས་བརྟན་པ་ཕ་རོལ་གནོན་པས་ཉེ་བར་ཕྱིན་ཏོ། །སེམས་ཅན་རྣམས་ནི། མི་ཤེས་པའི་རྩ་བ་དང་ལྷན་ཅིག་ཏུ་འགྲོགས་པ། ཚེའི་དགོན་པར་ཡང་དག་པར་རྫོགས་པའི་ཞི་བའི་ལམ་རབ་ཏུ་ཉམས་པའོ། །སེམས་ཅན་རྣམས་ནི། སྲོག་ཆགས་སུ་གྱུར་པ་ལ་མི་དགེ་བ་བཅུའི་ལས་ལ་བརྩོན་པའོ། །ལྟ་བ་ངན་པ་རྫོགས་པ་དང ། འཇིག་རྟེན་ཕ་རོལ་གྱིས་འཇིགས་པ་མེད་པར་ལྟ་བ་དང ། རྟག་པ་དང་ཆད་པར་ལྟ་བ་ཡང་དག་པར་རྫོགས་པའི་སེམས་ཅན་ལ་སྙིང་བརྩོ་པའི་ཕྱིར་བདག་གི་ལུས་དང་སེམས་ཀྱི་སྡུག་བསྔལ་ལ་མོས་སོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སེམས་ཅན་གཅིག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རབ་ཏུ་མོས་པར་ནུས་པ་དང ། དགེ་བ་
279a
༄#། །བཅུའི་ལས་ཀྱི་ལམ་ལ་ལས་ཀྱི་ལམ་གཅིག་གིས་ཀྱང་ས་བོན་བསྐྱེད་ཅིང་འདུག་པ་དང ། ལེགས་པར་སྨྲས་པ་གཅིག་གིས་ཀྱང་རྣ་བར་གོ་བར་ནུས་པས་སེམས་ཅན་རེ་རེའི་ཕྱིར་ཡང་སྡུག་བསྔལ་རྣམ་པ་མང་པོ་བསྐལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་རྣམ་པ་དུ་མ་སྣ་ཚོགས་སུ་མངོན་པར་བརྩོན་ནོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོ་ཆ་གཉིས་ཏེ། བྱང་ཆུབ་སེམས་དཔའི་གོ་ཆ་གང་གིས་བགོས་པ་ནི། བདུད་བཞི་འཛིན་ཅིང་བྱང་ཆུབ་སེམས་དཔའ་ཞེས་ཀྱང་བྱའོ། །གཉིས་གང་ཞེ་ན། སེམས་ཅན་གྱི་གོ་ཆ་དང ། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་གོ་ཆའོ། །རིགས་ཀྱི་བུ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་གྱི་གོ་ཆ་གང་ཞེ་ན། རིགས་ཀྱི་བུ།་གང་བྱང་ཆུབ་སེམས་དཔའ་རྣམས་ཤིན་ཏུ་བརྟན་པའི་བརྩོན་འགྲུས་ཀྱིས་མོས་ཤིང་ཕ་རོལ་གནོན་པར་འགྱུར་བ་དང ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་ཞིང་བྱམས་པ་སྒོམ་པས་ཕོངས་པ་ཐམས་ཅད་དང ། མི་དགེ་བའི་རྩ་བ་དང་འགྲོགས་པ་དང ། མཚམས་མེད་པ་བྱེད་པ་དང ། དམ་པའི་ཆོས་སྤངས་པ་དང ། འཕགས་པ་ལ་སྐུར་པ་འདེབས་པ་དང ། ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལས་བཀར་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །སྙིང་རྗེ་ཆེན་པོས་ལྟ་བར་སོང་བ་དྲུག་ཅུ་རྩ་གཉིས་ལས་ཡོངས་སུ་གྲོལ་
279b
བར་བྱེད་པ་བདག་གིས་ཀྱང་ཡང་ད་བཞིན་དུ་སེམས་ཅན་ཉོན་མོངས་པའི་སྐྱབས་སུ་བསླབ་པར་བྱའོ། །བསྡུ་བའི་དངོས་པོ་རྣམ་པ་བཞི་སྟེ། སྦྱིན་པ་དང ། ངག་སྙན་པ་དང ། དོན་བྱ་བ་དང ། དོན་མཐུན་པས་སེམས་ཅན་མགུ་བར་བྱའོ། །སྦྱིན་པའི་བསྡུ་བའི་དངོས་པོས་སེམས་ཅན་མགུ་བར་བྱེད་པ་ནི། འདི་ལྟ་སྟེ། ཟས་དང ། སྐོམ་ནས་མགོའི་བར་དུ་སྦྱིན་པས་གང་སྦྱིན་པ་བྱིན་པའི་བྱང་ཆུབ་སེམས་དཔའ་དེ་ནི། ཐབས་ལ་མཁས་པས་ཡོངས་སུ་བསྔོས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ། །གང་སྦྱིན་པ་བྱིན་པའི་བྱང་ཆུབ་སེམས་དཔའ་དེ་ནི། མཚན་མ་ཡོངས་སུ་བྱིན་པ་འདི་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་དེ་ན་དངོས་པོ་ལ་དམིགས་པའི་རབ་ཏུ་ཞི་བ་འདི་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་དངོས་པོ་ཐམས་ཅད་ཡོངས་སུ་བཏང་སྟེ་ཡུལ་ལ་མ་བཟོད་པ་མེད་པ་འདི་ནི། བྱང་ཆུབ་སེམས་དཔའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་དངོས་པོ་ཡོངས་སུ་བཏང་སྟེ་དབེན་པར་སྦྱོད་པའི་ཕྱིར་འབྱུང་བ་འདི་ནི། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་དངོས་པོ་ཡོངས་སུ་བཏང་སྟེ་ལས་ཐམས་ཅད་ལ་ཀུན་ཏུ་མི་སྤྱོད་པ་འདི་ལའང་བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །གང་དངོས་པོ་ཡོངས་སུ་སྦྱིན་པའི་ཕྱིར་བདག་གི་ཡིད་ལ་མི་སེམས་ཤིང་དངོས་པོ་དེ་ལ་དབེན་པར་སེམས་པ་ལ་རྣམ་པར་སྨིན་པར་མི་འདོད་པས་ལེན་པ་དང ། སྦྱིན་པ་གཉིས་མ་བྱུང །
280a
༄#། །རྣམ་པར་མི་རྟོག་།ཀུན་ནས་མི་ལྡང ། དངོས་པོ་མེད། རྣམ་པར་བསལ་བ་མེད་པ་འདིའང་བྱང་ཆུབ་སེམས་དཔའི་རང་བཞིན་མི་སྐྱེ་བའི་ཆོས་ཀྱི་བཟོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཡང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་དོང་ཆེ་གཅིག་བྱིན་པས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ཇི་ལྟར་ཡོངས་སུ་རྫོགས་པར་བྱེད། །རིགས་ཀྱི་བུ། འདི་ལ་བྱང་ཆུབ་སེམས་དཔའ་མཚན་མ་དང་ལྷན་ཅིག་པས་འདི་ལྟར་སློབ་སྟེ། ལུས་མེད་པའི་ཕྱིར་ལོངས་སྤྱོད་ཆེན་པོའི་སྦྱིན་པ་རྣམ་པར་མི་སྒྲུབ། ལོངས་སྤྱོད་ཆེན་པོའི་རྒྱུས་སྦྱིན་པ་རྣམ་པར་མི་སྤོང ། ལོངས་སྤྱོད་ཆེན་པོའི་སྦྱིན་པ་ཡང་དག་པར་མི་ཤེས་ཏེ། རང་བཞིན་གྱིས་སྟོབས་འཛིན་པ་འདིའང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་འདོད་པའི་ཁམས་ཀྱི་རྣམ་པར་སྨིན་པ་མི་འདོད་པས། སྦྱིན་པ་བྱིན་པའི་རྒྱུན་བཅད་པ་དང ། དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་རྣམ་པར་སྨིན་པ་མི་འདོད་པས་སྦྱིན་པའི་རྒྱུན་བཅད་པ་དང ། བརྩོན་འགྲུས་ཀྱིས་མཚན་ཉིད་ལ་མི་འཇུག་པ་དང ། དྲན་པའི་སྟོབས་མི་སྐྱེ་མི་འགོག་པ་ལ་དམིགས་པས་སྦྱིན་པ་བྱིན་པ་འདིའང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་སྦྱིན་པ་ནི། གཡེང་བའི་མཚན་ཉིད་དང ། དྲན་པའི་ཡུལ་ལ་ཡང་དག་པར་རྒྱས་པ་དང ། ལེན་པ་དང་དོར་བ་མེད་པའི་རང་བཞིན་ཅན་གྱི་ཡུལ་ལ་མི་ཁོམ་པར་དམིགས་ཤིང་སྙེམས་པ་མེད་པ་འདི་ནི། །བཟོད་པའི་ཕ་རོལ་
280b
ཏུ་ཕྱིན་པའོ། །གང་ཡང་སྦྱིན་པ་དེ་དམིགས་པ་ཐམས་ཅད་ཀུན་ལྡང་བ་དྲན་པ་ཉེ་བར་གཞག་པའི་ཡེ་ཤེས་དང ། རྣམ་པར་སྤྱོད་པས་ལམ་མི་མཐུན་པ་ཡོངས་སུ་སྤངས་པའི་ཡེ་ཤེས་དང ། ཉན་ཐོས་དང ། རང་སངས་རྒྱས་ཀྱི་ལམ་ལ་རེག་པ་མེད་པའི་ཡེ་ཤེས་དང ། དམའ་ཞིང་རབ་ཏུ་ཉམས་པའི་ལམ་དང ། ཚིག་པས་གདུངས་པ་རྣམས་སྙིང་རྗེ་ཐམས་ཅད་ཀྱིས་ཡོངས་སུ་བསྐྱབས་ཏེ་ཞི་བའི་ལམ་དུ་གཞག་པ་དང ། དབན་པར་སྤྱོད་པ་ལ་བདག་བདེ་བར་སྐྱེད་ཅིང་ཐེག་པ་ཆེན་པོ་ཡོངས་སུ་གཟུང་བའི་ཕྱིར་སྦྱིན་པ་བྱིན་པ་འདི་ནི། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་སྦྱིན་པ་དེ་ལས་ཐམས་ཅད་མཚན་ཉིད་མཚུངས་ཤིང་ཡུལ་ཐམས་ཅད་ཏིང་ངེ་འཛིན་བསྒྲུབས་པས་སྟོང་པའི་གྲོང་བཞིན་དུ་རྟོག་པ་དང ། མཚན་མ་ཐམས་ཅད་ལ་བློ་མེད་ཅིང་དངོས་པོ་མེད་པར་རྟོག་པ་དང ། འདོད་ཆགས་ཐམས་ཅད་རྐྱེན་ལ་རག་ལས་ཤིང་བླ་ན་མེད་པ་དང ། རྟོག་པ་ཐམས་ཅད་ལུས་མེད་མཚན་ཉིད་སྐད་ཅིག་ཏུ་འཇིག་པ་དང ། གནས་ཐམས་ཅད་ཡོད་པ་མ་ཡིན་ཞིང་མི་འགྲོ་རྣམ་པར་མི་འགྲོ་།ཀུན་ནས་མི་ལྡང་བའི་མཚན་ཉིད་དུ་རྟོག་པ་འདི་ནི། བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །གང་སྦྱིན་པ་དེ་བདག་ལ་སེམས་པ་དང ། དབེན་པར་སེམས་པ་དང ། རྣམ་པར་སྨིན་པ་འདོད་པར་སེམས་པ་དང ། ལེན་པ་རྣམ་པར་རྟོག་པར་སེམས་པ་དེ་ལས་འདོད་པའི་ཁམས་ཀྱི་
281a
༄#། །ཕུང་པོ་ལ་མི་གནས་པའི་ཕྱིར་སྦྱིན་པ་དང ། སའི་ཁམས་ལ་ལེན་པ་དང་དོར་བ་མེད་པའི་སྦྱིན་པ་དང ། ཆུ་དང ། མེ་དང ། རླུང་དང ། ནམ་མཁའ་དང ། རྣམ་པར་ཤེས་པའི་ཁམས་ལ་བླང་བ་དང་དོར་བ་མེད་པའི་སྦྱིན་པ་དང ། ཉན་ཐོས་དང ། རང་སངས་རྒྱས་འདུལ་བའི་ཕྱིར་མི་རྟོག་ཅིང་རྣམ་པར་མི་རྟོག་པའི་སྦྱིན་པ་དང ། ཕུང་པོ་དང ། ཁམས་ལ་ནམ་མཁའ་ཀུན་ནས་ལྡང་བ་དང ། གཟུགས་ཀྱི་རང་བཞིན་ལ་རྣམ་པར་མི་དམིགས་པ་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་དང ། རྣམ་པར་ཤེས་པ་དང ། ཆོས་ལ་རང་བཞིན་རྣམ་པར་མི་དམིགས་པའི་སྦྱིན་པ་དང ། དྲན་པའི་སྟོབས་ཀྱིས་སྦྱིན་པ་དང ། བརྩོན་འགྲུས་ཀྱི་སྟོབས་ཀྱིས་རྣམ་པར་མི་རྟོག་པའི་ཕྱིར་མཚན་མ་རྒྱུན་མི་བཅད་པའི་སྦྱིན་པ་བྱིན་པ་དང ། སྦྱིན་པ་དེ་སྒྲོལ་བའི་རྣམ་པར་མི་དམིགས། མ་སྐྱེས་མ་བྱུང་བའི་ཕྱིར་འདྲེས་པ་མེད་ཅིང་འཆི་འཕོ་དང ། སྐྱེ་བའི་སྦྱིན་པ་བྱིན་པ་འདི་ནི། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་སྨྲས་སོ། །གཞན་ཡང་སྦྱིན་པ་དེ་བདག་མི་ཤེས་ཤིང་ལོངས་སྤྱོད་ཐམས་ཅད་གདོན་མི་ཟ་བར་འགྲུབ་པ་བདེ་བ་ཐམས་ཅད་སྐྱེ་བ་ལ་བཟོད་པ་འདྲེན་པ་དང ། བརྩོན་འགྲུས་ཀྱིས་སེམས་ཅན་ལ་མཐའ་ཐུག་པ་མེད་ཅིང་རྣམ་པར་མི་རྟོག་པ་དང ། མཚན་མ་ཐམས་ཅད་ལ་བླང་པ་དང ། དོར་བ་མེད་པ་དང ། བསམ་གཏན་ལ་འདུག་པ་མེད་པ་དང ། ཁམས་
281b
གསུམ་ལ་ཤེས་རབ་དང ། དམིགས་པ་ཐམས་ཅད་དང་བྲལ་བ་དེ་དག་གི་ཐབས་ཀྱིས་བྱང་ཆུབ་སེམས་དཔའ་དོང་ཚེ་གཅིག་སྦྱིན་པ་བྱིན་ཏེ། རྣམ་པ་དེ་ལྟ་བུའི་སེམས་བསྐྱེད་པས་ཡོངས་སུ་བསྔོས་བས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཐམས་ཅད་ལ་གནས་པར་འགྱུར་རོ། །ཉན་ཐོས་དང ། རང་སངས་རྒྱས་འདུལ་བའི་ཕྱིར་ཤིན་ཏུ་བརྟན་པར་མོས་པར་འགྱུར་རོ། །ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཐེག་པ་ལ་རེག་པ་སྐྱེད་པར་མི་བྱེད་དོ། །མུ་སྟེགས་ཅན་འདུལ་བའི་ཕྱིར་འགྲོ་བ་ཐམས་ཅད་ལ་འཇུག་གོ་།ལྟ་བ་ལོག་པར་ནི། མི་འགྱུར་རོ། །སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་བྱ་བའི་ཕྱིར་སྦྱིན་པའི་ལས་ཐམས་ཅད་དང ། ཐམས་ཅད་མཁྱེན་པའི་སྒྲུབ་པའི་དགེ་བ་བཅུའི་རྩ་བ་ཡོངས་སུ་བསྔོ་བར་བྱད་དོ། །བདག་གིར་བྱ་བའི་ལྟ་བ་ཐོབ་པ་དེ་ཚུལ་ཁྲིམས་ལ་ནན་ཏན་བྱེད་ཅིང་དཀའ་ཐུབ་དང ། བརྟུལ་ཞུགས་ཡང་དག་པར་སྤྱོད་པར་འགྱུར་རོ། །སེམས་ཅན་དམྱལ་བ་དང ། བྱོལ་སོང་གི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང ། སྡུག་བསྔལ་ཡོངས་སུ་ཐར་པར་བྱ་བའི་ཕྱིར་དགེ་བའི་རྩ་བ་ཡོངས་སུ་བསྔོ་བར་བྱེད་དོ། །བདག་སེམས་ཅན་དམྱལ་བ་དང ། བྱོལ་སོང་གི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་བའི་སྡུག་བསྔལ་གྱིས་འཇིགས་པས་སྐྲག་པར་མི་འགྱུར་རོ། །བདག་ཀྱང་དེ་བཞིན་དུ་སྙིང་རྗེ་ཆེན་པོའི་བརྩོན་འགྲུས་བརྟན་པ་ཕ་རོལ་གནོན་པའི་སྨོན་ལམ་གྱི་དབང་གིས་དེར་
282a
༄#། །བསམ་བཞིན་དུ་སྐྱེ་བ་མཚུངས་པར་འཛིན་ཏོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བཟོད་པ་ཐམས་ཅད་དང་ལྡན་པར་འགྱུར་རོ། །སྐད་ཅིག་མའི་འདུ་བྱེད་ཐམས་ཅད་བརྟག་པར་བྱའོ། །ཡུལ་གཅེས་པ་ཐམས་ཅད་ཡང་དག་པར་མཐོང་ངོ ། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དགེ་བའི་རྩ་བ་ཐམས་ཅད་ལ་བརྟན་པའི་བརྩོན་འགྲུས་ཕ་རོལ་གནོན་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སློབ་དཔོན་དང་སློབ་དཔོན་མ་ཡིན་པ་ཐམས་ཅད་ལ་འཇུག་ཅིང་བསམ་གཏན་དང ། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་རྣལ་འབྱོར་ལ་མངོན་པར་བརྩོན་པར་འགྱུར་རོ། །མངོན་པར་འདུ་མི་བྱེད་པར་བརྟགས་ནས་ཡུལ་ཐམས་ཅད་ཀྱི་བདུད་ཀྱི་ལམ་སྤྱོད་པས་བདག་ཏུ་ལྟ་བར་བྱེད་དོ། །སེམས་ཅན་འདུལ་བའི་ཕྱིར་ཤེས་རབ་འབྱུང་བར་འགྱུར་རོ། །བྱིས་པའི་ཡུལ་ལ་སྤྱོད་པ་ཐམས་ཅད་ལའང་བདག་ཏུ་ལྟ་བར་བྱེད་དོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འཇིག་རྟེན་ཐམས་ཅད་ཀྱི་ཡུལ་ལས་ཤིན་ཏུ་འདས་ཤིང་བསམ་གཏན་བྱེད་དོ། །འཇིག་རྟེན་ཐམས་ཅད་ཀྱི་ཡུལ་གྱི་སྤྱོད་པ་ལ་ཡང་དག་པར་མཐོང་ངོ ། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ཡོངས་སུ་མགུ་བར་བྱ་བའི་ཕྱིར་རིགས་ཀྱི་བུ། རྣམ་པ་དེ་
282b
ལྟ་བུའི་སེམས་ཅན་གྱི་གོ་ཆ་དང ། སེམས་ཅན་ཡོངས་སུ་སྨིན་པའི་རྒྱན་དང ། བྱང་ཆུབ་སེམས་དཔའ་བསྡུ་བའི་དངོས་པོས་སེམས་ཅན་དབུལ་པོ་དབུལ་བ་ལས་ཡོངས་སུ་ཐར་པར་བྱའོ། །རིག་ཀྱི་བུ།་གཞན་ཡང་འདི་ནི། སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་བྱང་ཆུབ་སེམས་དཔའ་རྣམས་ལ་སྦྱིན་པ་བྱིན་པ་འདི་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཇི་ལྟ་བུར་བསམ་པས་སེམས་ཅན་ཡོངས་སུ་མགུ་བར་བྱེད་པ་དང ། ཡང་ན་ནི། ཟང་ཟིང་གི་བསམ་པའི་སེམས་ཅན་རྣམས་ཟང་ཟིང་གིས་ཡོངས་སུ་སྨིན་པར་བྱེད་པ་དང ། ཆོས་འདོད་པའི་སེམས་ཅན་རྣམས་ཇི་ལྟ་བུར་སེམས་ཅན་རྣམས་ལ་གཟུགས་དང་མཐུན་པར་ཆོས་བསྟན་པས་ཡོངས་སུ་མགུ་བར་བྱེད་ཅིང ། ཡོངས་སུ་སྨིན་པར་བྱེད་པ་འདིའང་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། ། རིགས་ཀྱི་བུ། གཞན་ཡང་སེམས་ཅན་ཡོངས་སུ་སྨིན་པས་ཟང་ཟིང་གི་སྦྱིན་པའང་སྦྱིན་པའི་ལེན་པ་དེ་དག་ལ་བྱམས་པ་དང་མཐུན་པར་སེམས་བསྐྱེད་པར་བྱ་བ་དེ་ཉིད་ཀྱིས་དེ་དག་ཡོངས་སུ་སྨིན་པར་བྱེད་དོ། །རབ་ཏུ་དགའ་བ་སྐྱེ་བའི་བློ་དང་ལྡན་པའི་སེམས་སྐྱེ་བར་འགྱུར་བ་དེ་ཉིད་ཀྱིས་དེ་དག་ཡོངས་སུ་སྨིན་པར་བྱེད་དོ། །སྙིང་རྗེ་ཅི་བྱའོ་ཅོག་བྱེད་པ་ལ་བརྩོན་པ་དག་བའི་སེམས་སྐྱེ་བ་དང་ལྡན་པར་ཡང་འགྱུར་རོ། །བཏང་སྙོམས་ཤིང་སྡིག་པ་མི་བྱེད་པ་དགེ་བའི་སེམས་སྐྱེ་བར་འགྱུར་བ་དེ་ཉིད་ཀྱིས་དེ་དག་ཡོངས་སུ་སྨིན་པར་བྱེད་དོ། །ཏིང་ངེ་འཛིན་དང་
283a
༄#། །མཐུན་པ་དང་ལྡན་པ་སེམས་སྐྱེ་བར་འགྱུར་བ་དེ་ཉིད་ཀྱིས་དེ་དག་ཡོངས་སུ་སྨིན་པར་བྱེད་དོ། །དོན་ལ་རྟོན་པ་བདག་མེད་པ་དང་ལྡན་པའི་སེམས་སྐྱེ་བར་འགྱུར་བ་དེ་ཉིད་ཀྱིས་དེ་དག་ཡོངས་སུ་སྨིན་པར་འགྱུར་རོ། །དེའང་སྦྱིན་པ་བྱིན་པའི་ལེན་པ་རྣམས་ཀྱི་སེམས་དང་བསམ་པ་ལ་དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ཉིད་ཀྱིས་དེ་དག་ཡོངས་སུ་སྨིན་པར་བྱེད་དོ། །ལ་ལ་ལེན་པ་རྣམས་ལ་བྱང་ཆུབ་སྦྱད་པ་སྤྱོད་པ་དེ་དག་སྐྱོ་བ་སྐྱེད་པར་བྱེད་པ་དེ་ཉིད་ཀྱིས་དེ་དག་ཡོངས་སུ་སྨིན་པར་བྱེད་དོ། །ལ་ལའང་ཡུན་རིང་པོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ལ་ཇི་ལྟར་བྱང་ཆུབ་སེམས་དཔའ་དེ་དག་གིས་ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཐེག་པ་ལ་སྤྱོད་པའི་རྒྱུན་བཅད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་བུའི་ཆོས་སྟོན་ཅིང་རབ་ཏུ་སྟོན་པ་དེ་ཉིད་ཀྱིས་དེ་དག་ཡོངས་སུ་སྨིན་པར་བྱེད་དོ། །ལ་ལའང་ཕྱིར་མི་ལྡོག་པ་རྣམས་ལ་ཇི་ལྟ་བུར་སྐྱེས་བུ་དམ་པ་ཏིང་ངེ་འཛིན་དང ། བཟོད་པའི་གཟུངས་ཐོབ་པས་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པ་དང་ལྡན་པ་རྣམ་པ་དེ་ལྟ་བུའི་ཆོས་སྟོན་ཅིང་རབ་ཏུ་སྟོན་པ་དེ་ཉིད་ཀྱིས་དེ་དག་ཡོངས་སུ་སྨིན་པར་བྱེད་དོ། །ལ་ལའང་བྱང་ཆུབ་སེམས་དཔའ་རྣམས་ལ་ཇི་ལྟར་བྱང་ཆུབ་སེམས་དཔའ་དེ་དག་གིས་སངས་རྒྱས་ཀྱི་
283b
ཞིང་ཡོངས་སུ་དག་པ་རྣམས་རྒྱུན་བཅད་ཅིང་ཉོན་མོངས་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་སྙིང་རྗེ་ཆེན་པོ་སྐྱེད་པ་དེ་ལྟ་བུའི་ཆོས་སྟོན་ཅིང་རབ་ཏུ་སྟོན་པ་དེ་ནི། སྨོན་ལམ་བྱེད་དོ། །དེ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་ལྟ་བ་ངན་པ་དོགས་པ་རྙེད་པའི་སེམས་ཅན་རྣམས་ཐེག་པ་གསུམ་ལ་སྦྱོར་བར་བྱེད་དོ། །ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །ཐབས་དེས་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་སྨིན་པར་བྱེད་དོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའི་བ་སྤུའི་ཁུང་བུ་ཇི་སྙེད་པ་དེ་སྙེད་ཀྱི་སྦྱིན་པའི་དངོས་པོ་རྣམས་ཡང་ན་ནི། ཟང་ཟིང་སྦྱིན་པའམ། ཡང་ན་ནི། ཆོས་ཀྱི་སྦྱིན་པའི་ཐབས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །བམ་པོ་བཞི་པ། རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་ངག་སྙན་པའི་བསྡུ་བའི་དངོས་པོས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །རིགས་ཀྱི་བུ། དེ་ན་གང་བྱང་ཆུབ་སེམས་དཔའ་དགའ་བའི་མིག་གིས་ལྟ་བ་དང ། ཚིག་སྙན་པས་དགའ་བར་བྱ་བ་དང ། ངག་འཇམ་པས་སློང་བ་པོ་དང ། ཆོས་ཉན་པ་རྣམས་སྙན་པ་ལ་སྦྱོར་བར་བྱེད་དོ། །སེམས་ཅན་ཡོངས་སུ་སྦྱད་པས་སྡིག་པ་ལས་ཕྱིར་ལྡོག་པར་བྱེད། ལྟ་བར་སོང་བ་ཐམས་ཅད་ལས་ཕྱིར་ལྡོག་པར་བྱེད་དོ། །བྲལ་བ་བཞིའི་སེམས་ཅན་རྣམས་བཞི་ལ་འགོད་པར་བྱེད་དོ། །བཞི་གང་ཞེ་ན། ཚུལ་ཁྲིམས་དང་བྲལ་བའི་
284a
༄#། །སེམས་ཅན་རྣམས་ངག་སྙན་པ་དང་འཇམ་པས་ཚུལ་ཁྲིམས་ལ་འགོད་པར་བྱེད་པ་དང ། སེམས་ཅན་ལྟ་བ་དང་བྲལ་བ་རྣམས་ཡང་དག་པའི་ལྟ་བ་ལ་འགོད་པར་བྱེད་པ་དང ། སེམས་ཅན་བསམ་པ་དང་བྲལ་བ་རྣམས་བསམ་པ་ཡོངས་སུ་སྦྱང་བར་བྱེད་པ་དང ། སེམས་ཅན་ཆོ་ག་དང་བྲལ་བ་རྣམས་ཡང་དག་པའི་ཆོ་ག་ལ་འགོད་པར་བྱེད་པའོ། །རིགས་ཀྱི་བུ། དེ་ན་སེམས་ཅན་ཚུལ་ཁྲིམས་དང་བྲལ་བ་རྣམས་བྱང་ཆུབ་སེམས་དཔའི་ངག་སྙན་པའི་བསྡུ་བའི་དངོས་པོས་འཕགས་པའི་ཚུལ་ཁྲིམས་ལ་ཇི་ལྟར་འགོད་པར་བྱེད།་ཡང་བྱང་ཆུབ་སེམས་དཔའ་བདེན་པའི་ཚིག་མི་རྩུབ་པ་དེའི་དྲུང་དུ་སློང་བ་པོ་ཉེ་བར་ཕྱིན་པའི་སེམས་ཅན་དེ་དག་ཀྱང་བསམ་པ་ཤིན་ཏུ་ཡོངས་སུ་མགུ་བར་བྱེད་དོ། །དེ་དག་ལ་མཚུངས་པར་ངག་སྙན་པས་གཏམ་སྨྲ་པར་བྱེད་དོ། །དེ་དག་ཀྱང་འདུལ་བར་བྱེད་དོ། །སེམས་ཅན་གང་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་འགྱུར་པ་དེ་དག་ཐམས་ཅད་ངག་སྙན་པས་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་གཞོག་པར་བྱེད། འགོད་པར་བྱེད་དོ། །ཚུལ་ཁྲིམས་ངན་པའི་སེམས་ཅན་རྣམས་ཚུལ་ཁྲིམས་ལ་ཡང་དག་པར་གཞོག་པར་བྱེད། འགོད་པར་བྱེད། འཛུད་པར་བྱེད་དོ། །སེམས་ཅན་ལེ་ལོ་ཅན་རྣམས་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་གཞོག་པར་བྱེད། འགོད་པར་བྱེད། འཛུད་པར་བྱེད་དོ། །སེམས་
284b
ཅན་བདག་བདེ་བར་འདོད་པ་རྣམས་རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་གཞོག་པར་བྱེད། འགོད་པར་བྱེད། འཛུད་པར་བྱེད་དོ། །གཞན་ཡང་སེམས་ཅན་ལེ་ལོ་ཅན་རྣམས་བརྩོན་འགྲུས་རྩམ་པ་ལ་འགོད་པར་བྱེད་དོ། །མ་དད་པ་རྣམས་དད་པའི་བརྩོན་འགྲུས་ལ་འགོད་པར་བྱེད་དོ། །ཐོས་པ་ཉུང་བ་རྣམས་མང་དུ་ཐོས་པ་དང ། འཆལ་བའི་ཤེས་རབ་ཅན་རྣམས་ཤེས་རབ་ཕུན་སུམ་ཚོགས་པ་དང ། མི་འགྲོགས་པའི་སེམས་ཅན་རྣམས་འགྲོགས་པ་ལ་སྦྱོར་བར་བྱེད་དོ། །གཞན་ཡང་སེམས་ཅན་ཕར་མི་ཤེས་ཤིང་མར་མི་ཤེས་ཏེ་མ་གུས་པ་རྣམས་ཕ་མ་ལ་གུས་ཤིང་ནད་པ་ལ་བསྙེན་བཀུར་བ་དང ། དྲང་སྲོང་ལ་སྦྱོར་བར་བྱེད། འགོད་པར་བྱེད་དེ། སེམས་རྩུབ་པ་རྣམས་བྱམས་པ་ལ་སྦྱོར་བར་བྱེད། སྙིང་རྗེ་མེད་པའི་སེམས་ཅན་རྣམས་སྙིང་རྗེ་ལ་སྦྱོར་བར་བྱེད། སེམས་དམའ་བ་ཅན་རྣམས་དགའ་བ་ལ་སྦྱོར་བར་བྱེད། སེམས་ཀྱིས་ཆགས་པ་རྣམས་བཏང་སྙོམས་ལ་སྦྱོར་བར་བྱེད། སེམས་ཅན་ངན་སོང་གསུམ་དུ་འགྲོ་བ་རྣམས་ཚུལ་ཁྲིམས་ལ་བཀོད་པས་ལྷའི་བདེ་བ་སྐྱེ་བ་ལ་སྦྱོར་བར་བྱེད་དོ། །འདོད་པ་ལ་སྤྱོད་པའི་སེམས་ཅན་གྱི་ནང་ན་ལྷར་འགྲོ་བའི་སེམས་ཅན་རྣམས་བསམ་གཏན་ལ་བཀོད་པས་གཟུགས་ལ་སྤྱོད་པའི་ལྷའི་བསམ་གཏན་གྱི་བདེ་བ་ལ་སྦྱོར་བར་བྱེད་དོ། །སེམས་ཅན་བསམ་གཏན་ལ་ཆགས་པ་རྣམས་གཟུགས་ལ་འཇུག་པ་སྙོམས་པར་སྦྱོར་བར་བྱེད། གཟུགས་
285a
༄#། །མེད་པའི་ཁམས་སུ་སྙོམས་པར་འཇུག་པ་ལ་མངོན་པར་ཆགས་པའི་སེམས་ཅན་རྣམས་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པ་ལ་སྦྱོར་བར་བྱེད་དོ། །སེམས་ཅན་བདག་ཏུ་འདུ་ཤེས་པ་ལ་མངོན་པར་ཆགས་པ་རྣམས་ཉེ་བར་ལེན་པའི་ཕུང་པོ་ལ་སྤང་པ་ལ་མི་འཇིགས་ཤིང་དབུ་བ་དང ། སྨིག་རྒྱུ་ལྟ་བུ་དང ། མདའ་དང ། རལ་གྲིས་འཕངས་ཏེ་གསོད་པའི་སྐྱེས་བུ་ལྟ་བུའི་སེམས་ཅན་རྣམས་ལ་སྟོན་པར་བྱེད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འགོད་པར་བྱེད་པ་ནས་དགྲ་བཅོམ་པའི་བར་དུ་འགོད་པར་བྱེད་དོ། །གཞན་ཡང་སེམས་ཅན་བསྟན་པ་ངན་པ་ལ་རབ་ཏུ་མོས་ཤིང་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་མངོན་པར་མོས་པ་མེད་པའི་སེམས་ཅན་དེ་དག་སངས་རྒྱས་ཀྱི་ཡོན་ཏན་སྟོན་པར་བྱེད། སངས་རྒྱས་ལ་མི་ཕྱེད་པར་རབ་ཏུ་མོས་པ་ལ་རབ་ཏུ་གཞོག་པར་བྱེད། རབ་ཏུ་འགོད་པར་བྱེད་པ་ནས་ཆོས་དང་དགེ་འདུན་གྱི་བར་དུའོ། །གང་ལོག་པ་ལ་ལྟ་བའི་སེམས་ཅན་ལོག་པར་སྟོན་ཅིང་ཕྱི་རོལ་གྱི་མུ་སྟེགས་ཅན་གྱི་ཚུལ་ཁྲིམས་ལ་ཡང་དག་པར་ཞུགས་པའི་སེམས་ཅན་དེ་དག་སྐྱབས་གསུམ་དུ་འགྲོ་བ་ལ་སྦྱོར་བར་བྱེད། དགེ་བསྙེན་པའི་སྡོམ་པ་དང ། རབ་ཏུ་བྱུང་བའི་སྡོམ་པ་དང ། འཕགས་པའི་འཇིག་རྟེན་པ་དང ། འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་ལ་སྦྱོར་བར་བྱེད། འགོད་པར་
285b
བྱེད་དོ། །དགེ་བ་བཅུའི་ལས་ཀྱི་ལམ་ནི། འཇིག་རྟེན་པའི་ཚུལ་ཁྲིམས་འཕགས་པའི་སློབ་པ་ལ་སྡོམ་པ་ནི། འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་ཏེ། མུ་སྟེགས་ཅན་གཞན་གྱི་ཚུལ་ཁྲིམས་ཀྱིས་ངན་སོང་གསུམ་དུ་འགྲོ་བའི་སེམས་ཅན་དག་གང་གིས་ལྷ་དང་མིར་སྐྱེ་བ་ཐོབ་པའི་འཇིག་རྟེན་པའི་སེམས་ཅན་ལ་མངོན་པར་འགོད་པར་བྱེད་དོ། །འདོད་པའི་ཁམས་ཀྱི་ལྷ་རྣམས་ལའང་དེ་ཉིད་ཀྱིས་དེ་དག་ཡོངས་སུ་སྨིན་པར་བྱེད་དོ། །སེམས་ཅན་འཇིག་རྟེན་པའི་ཚུལ་ཁྲིམས་ལ་ཞུགས་པ་རྣམས་འཕགས་པའི་སློབ་པའི་སྡོམ་པའི་ཚུལ་ཁྲིམས་ལ་འགོད་པར་བྱེད་དོ། ། གང་གིས་ཟག་པ་མེད་པའི་ལམ་གྱི་འབྲས་བུ་ཐོབ་པ་དེ་ཉིད་ཀྱིས་དེ་དག་ཡོངས་སུ་སྨིན་པར་བྱེད་དོ། །སེམས་ཅན་ཉན་ཐོས་ཀྱི་ཐེག་པ་པ་རྣམས་རང་སངས་རྒྱས་ཀྱི་ཐེག་པ་ལ་སྦྱོར་བར་བྱེད་པ་དེ་ཉིད་ཀྱིས་དེ་དག་ཡོངས་སུ་སྨིན་པར་བྱེད་དོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཡུལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཚུལ་ཁྲིམས་ལ་སྦྱོར་བར་བྱེད།་འགོད་པར་བྱེད་པ་དེ་ཉིད་ཀྱིས་དེ་དག་ཡོངས་སུ་སྨིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་སེམས་ཅན་ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་འཕགས་པ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་སྦྱོར་བར་བྱེད་དོ། །རིགས་ཀྱི་བུ། དེ་ལ་འཕགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གང་ཞེ་ན། སེམས་ཅན་ཕ་རོལ་ལ་གནོད་པ་
286a
༄#། །ཅན་གྱི་ནང་ན་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་གནོད་པ་མེད་པར་གནས་པ་དང ། སེམས་ཅན་མ་བྱིན་པར་ལེན་པ་ཅན་རྣམས་ཀྱི་ནང་ན་བྱང་ཆུབ་སེམས་དཔའ་གཞན་གྱི་ནོར་ལ་མི་རྐུ་བའི་སེམས་ཀྱིས་གནས་པ་ནས་ཕ་རོལ་གྱི་ཆུང་མ་ལ་མི་གཡེམ་པ་དང ། བརྫུན་དུ་སྨྲ་བ་ལ་མི་སླུ་བའི་བར་དུའོ། །སེམས་ཅན་ཐམས་ཅད་ལ་ཕྲ་མ་མི་ཟེར་བ་ནས་ངག་མི་རྩུབ་པའི་བར་དུ་སྟེ། ཚིག་ཀྱལ་པ་ཟེར་བ་སྤངས་པ་དང ། གནོད་སེམས་འདོད་པ་སྤངས་པ་དང ། ཆགས་སེམས་སྤངས་པ་དང ། སེམས་ཀྱི་རྙོག་པ་སྤང་བའི་ཕྱིར་གཞན་གྱི་བསྟན་པ་སྤངས་པ་དང ། སངས་རྒྱས་དང ། ཆོས་དང ། དགེ་འདུན་གྱི་ཡོན་ཏན་ལ་གུས་པར་བྱ་བ་ལ་མི་ཟད་པར་མོས་ཤིང་ཉན་པར་འདོད་པ་དང ། བསླབ་པ་ལ་མི་ཟད་པར་གུས་པ་སྐྱེས་པ་དང ། ཁ་ན་མ་ཐོ་བ་ཅུང་ཟད་ཙམ་ལ་འཇིགས་པར་ལྟ་བ་དང ། ཐེག་པ་གཞན་མི་འདོད་པས་ཚུལ་ཁྲིམས་མ་ཞིག་པ་དང ། མ་རུང་བ་སྐྱེ་བ་ལ་ཡང་དག་པར་གནས་པ་རྣམས་སྐྱོ་བས་ཚུལ་ཁྲིམས་མ་རལ་བ་དང ། ཉོན་མོངས་པའི་བག་ཆགས་སྤངས་པས་ཚུལ་ཁྲིམས་འདྲེས་པ་མེད་པ་དང ། ཆོས་དཀར་པོ་འཕེལ་བས་མཁས་པས་མི་སྨོད་པ་དང ། དྲན་པས་སྨྲ་བ་དང ། ཏིང་ངེ་འཛིན་ཁ་ན་མ་ཐོ་བ་མེད་པ་དང ། དབང་པོ་དྲུག་སྲུང་བ་དང ། འདོད་པ་དང་ཆགས་སེམས་ཀྱི་འདོད་པ་རབ་ཏུ་སྤངས་ལ་བསམ་པ་
286b
བསྔགས་པའོ། །ལྷ་དང་མི་མངོན་པར་མོས་པར་བྱ་བའི་ཕྱིར་རྩོད་པ་དང་འཐབ་མོའི་འདུ་འཛི་ཅན་ཡོངས་སུ་སྤངས་པ་དེ་ཉིད་ཀྱིས་དེ་དག་ཡོངས་སུ་སྨིན་པར་བྱེད་པའོ། །སེམས་ཅན་ཡོངས་སུ་བསྐྱབ་པའི་ཕྱིར་སེམས་ཅན་སྙིང་རྗེ་མེད་པའི་ནང་ན་འདུག་པ་ལ་བྱམས་པ་སྤྱོད་པར་འགྱུར་རོ། །སྡུག་བསྔལ་ཐམས་ཅད་བཟོད་པའི་སེམས་དང ། ངན་འགྲོར་འགྲོ་བ་ལ་ཞུམ་པ་མེད་པའི་སེམས་དང ། བདག་འཁྲུལ་པའི་ཕྱིར་འབྱིན་པ་དང ། གཞན་འཁྲུལ་པ་ལ་རྩོད་ཅིང་འདོར་བ་དེ་ཉིད་ཀྱིས་དེ་དག་ཡོངས་སུ་སྨིན་པར་བྱེད་དོ། །ཉོན་མོངས་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་འདིར་སེམས་ཅན་མཐའ་མེད་པར་བྱེད་པ་དང ། དམ་པའི་ཆོས་སྤོང་བ་དང ། འཕགས་པ་ལ་སྐུར་པ་འདེབས་པ་དང ། ལེ་ལོ་ཅན་དང ། མི་དགེ་བའི་རྩ་བ་དང་ལྷན་ཅིག་ཏུ་འགྲོགས་པའི་ནང་ན་བྱང་ཆུབ་སེམས་དཔའ་དགེ་བའི་བརྩོན་འགྲུས་བརྩམས་པར་འགྱུར་རོ། །ལུས་དང ། ངག་དང ། ཡིད་ཡོངས་སུ་སྦྱང་བའི་ཕྱིར་ཚུལ་ཁྲིམས་དང ། ཐོས་པ་དང ། གཏོང་བ་དང ། བསམ་གཏན་དང ། ཚད་མེད་པའི་ལས་དང ། གཟུགས་མེད་པའི་ཁམས་ཀྱི་དགེ་བའི་རྩ་བ་ལས་བརྩོན་འགྲུས་བརྩམས་པར་འགྱུར་རོ། །འདོད་པའི་ཁམས་དང ། གཟུགས་དང ། གཟུགས་མེད་པའི་ཕུང་པོ་ཉོན་མོངས་པའི་བག་ཆགས་ཀྱི་ལྟ་བ་ཀུན་ཏུ་སྦྱོར་བ་དང ། ཚུལ་འཆོས་པ་དང ། བག་ཆགས་ཀྱི་མཚན་མ་དང ། འཇིག་ཚོགས་ཀྱི་མཚན་མ་དང ། མཐར་འཛིན་པའི་ལྟ་བ་ཡོངས་སུ་སྦྱང་བ་དང །
287a
༄#། །རབ་ཏུ་སྤངས་པའི་ཕྱིར་རྩོལ་བ་དེ་དང་དེ་དག་གི་དགེ་བའི་རྩ་བ་ལའང་སེམས་སྦྱོར་བར་བྱེད། འགོད་པར་བྱེད་པ་དེ་ཉིད་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟེ།་རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བརྩོན་འགྲུས་དང་ཚུལ་ཁྲིམས་ཀྱི་སེམས་ཀྱི་གོ་ཆ་ལ་བརྩོན་པ་འདིའང་འཇིག་རྟེན་པའི་ངག་སྙན་པའི་བསྡུ་བའི་དངོས་པོའོ། །གང་གིས་གོ་ཆའི་ཐབས་ལ་མཁས་པས་ཉོན་མོངས་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་འདིར་བྱང་ཆུབ་སེམས་དཔའ་སྐྱེས་བུ་ཆེན་པོའི་རྩལ་གྱིས་སེམས་ཅན་མཚམས་མེད་པ་བྱེད་པ་དང ། དམ་པའི་ཆོས་སྤོང་བ་དང ། འཕགས་པ་ལ་སྐུར་བ་འདེབས་པ་དང ། མི་དགེ་བའི་རྩ་བ་དང་ལྷན་ཅིག་འགྲོགས་པ་དག་ཡོངས་སུ་སྨིན་པར་འགྱུར་རོ། །ཇི་ལྟར་སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་དག་པར་བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་དེ་ལྟ་བུའི་སྐྱེས་བུའི་རྩལ་ཡོད་དོ། །རིགས་ཀྱི་བུ། དེའི་ཚེ་གཞུང་འདིས་གང་ཉོན་མོངས་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པ་སྤྱོད་ཅིང་སྙིང་རྗེ་ཆེན་པོ་དང་ལྡན་པ་དེ་དག་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་དེ་ལྟར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་བ་སྤུའི་ཁུང་བུ་ཇི་སྙེད་པ་དེ་སྙེད་ཀྱི་ངག་སྙན་པའི་བསྡུ་བའི་དངོས་པོས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །རིགས་ཀྱི་བུ། དེ་
287b
ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་དང ། སེམས་ཅན་ཡོངས་སུ་སྨིན་པ་དང ། དོན་བྱ་བའི་བསྡུ་བའི་དངོས་པོ་གང་ཞེ་ན། རིགས་ཀྱི་བུ། ཉོན་མོངས་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་འདིར་བྱང་ཆུབ་སེམས་དཔའ་བརྟན་པའི་སྙིང་རྗེ་ཆེན་པོས་བཅིངས་པ་དང ། བདག་གི་སྨོན་ལམ་གྱི་ཁྱད་པར་གྱིས་བཅིངས་པ་ནི། འདི་ལྟ་སྟེ། དཔེར་ན།་ཕྱུགས་ཤིང་ལ་བཏགས་པ་ལྟར་སྡུག་བསྔལ་མྱོང་བས་ན་སེམས་དང་བསམ་པ་ལ་འཇིག་པའམ། སྐྲག་པའམ། ཡོངས་སུ་བསྡིགས་པ་སྐྱེ་བར་མི་འགྱུར་རོ། །དེ་ཆུང་ངུ་ན་སེམས་ཀྱི་སྐད་ཅིག་གཅིག་གིས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོ་འདི་སྒོམ་པ་ན་དེ་ལྟར་བསླབ་བོ། །དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་གང་སེམས་ཅན་འདི་མིང་ཙམ་ཞིག་གམ། སེམས་ཅན་འདི་ཕྱིན་ཅི་ལོག་ཙམ་ཞིག་གམ། གཏི་མུག་པ་ཙམ་མམ། ཐ་སྙད་ཙམ་མམ། ཐོག་མར་དགེ་བ་འདི་སེམས་ཅན་ཞེས་བྱ་བའམ། ཡང་དག་པ་མ་ཡིན་པར་གཏི་མུག་པ་མ་གཏོགས་པར་ཤིན་ཏུ་མངོན་པར་མི་སྒྲུབ་པ་དང ། འདུ་བྱེད་སྣ་ཚོགས་ཀྱི་ཕྱིན་ཅི་ལོག་ཀུན་ནས་ལྡང་བ་རྣམས་མངོན་པར་འདུ་བྱ་བ་ན་སྡུག་བསྔལ་བ་དང ། ཡིད་མི་བདེ་བ་མྱོང་བ་དང ། འདུས་བྱས་ཐམས་ཅད་ཀྱི་དངོས་པོ་གར་མཁན་གྱི་མཚོན་འདྲ་བ་དང ། རྨི་ལམ་ལྟ་བུ་དང ། རང་བཞིན་གྱི་སྨིག་རྒྱུ་ལྟ་བུ་དང ། འཁོར་བ་ལ་ཆགས་པ་རྣམས་བདེ་བར་འདོད་ཅིང་
288a
༄#། །མངན་པར་འདུ་བྱ་བ་དེས་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་བ་དང ། ཆོས་ཐམས་ཅད་ནམ་མཁའི་རང་བཞིན་དུ་མི་ཤེས་པ་ན་ཀུན་ཏུ་སྦྱོར་བས་འཁྲུལ་པ་དང ། མྱོས་པའི་སྡུག་བསྔལ་སྣ་ཚོགས་ཀྱི་ནད་འབྱུང་བར་འགྱུར་བ་དང ། གང་གི་འགྲོ་བ་ལྔའི་འཁོར་བ་ལ་འཁོར་ལོ་སྟུག་པོ་ལྟ་བུའི་སྡུག་བསྔལ་གྱིས་ཡོངས་སུ་འཁོར་བ་དེ་དག་ཀྱང་བདག་ཅག་གིས་ཕྱིན་ཅི་ལོག་བཞི་སྤངས་ཏེ། ཇི་ལྟ་བ་བཞིན་དུ་ཞི་བའི་ལམ་ལ་དགོད་པར་བྱ་ཞིང་ཡང་དག་པའི་སྡུག་བསྔལ་ཐམས་ཅད་ཀྱིས་ཡོངས་སུ་སྨིན་པར་བྱ་བ་ཞིག་སྙམ་པ་དང ། དེ་སེམས་ཅན་རྣམས་ལ་ཚུལ་བཞིན་དུ་རྟོགས་ཏེ། སེམས་ཅན་རྣམས་ལ་དམིགས་པའང་མེད་དོ། །སྲོག་དང ། གསོ་བ་དང ། གང་ཟག་དང ། ཤེད་ལས་སྐྱེས་པ་དང ། ཤེད་ཅན་དུ་དམིགས་པའང་མེད་དོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོའང་རྣམ་པར་མི་སྤང་ངོ ། །བསྟན་པ་ལ་མོས་པས་སེམས་ཅན་རྣམས་འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་ལ་སྦྱོར་བར་བྱེད། ཐབས་ལ་མཁས་པས་འགོད་པར་བྱེད། དགོན་པ་དང ། ནགས་འདབས་སུ་འདུག་པའི་ཕྱིར་སྤྱོད་པར་འགྱུར་རོ། །འདུ་འཛི་ཡོངས་སུ་སྤང་པའི་ཕྱིར་བརྩོན་འགྲུས་བརྩམས་པས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ལྷ་དང་མི་མངོན་པར་མོས་པར་བྱ་བའི་ཕྱིར་ཡིད་ལ་བྱེད་པའི་རྣལ་འབྱོར་དང་ལྡན་པར་འགྱུར་རོ། །གང་ཡང་ཕྱག་
288b
འཚལ་བ་དང ། བསྙེན་བཀུར་བ་དང ། འདུ་འཛི་སྤང་པའི་ཕྱིར་སེམས་ཅན་དེ་དག་གི་དྲུང་དུ་ཉེ་བར་ཕྱིན་ནས་ཆོས་སྟོན་ཏེ། བག་ལ་ཉལ་བ་སྤང་པའི་ཕྱིར་འགྲོ་བ་ལྔ་ལ་མངོན་པར་ཆགས་པ་རྗེས་སུ་སྨོན་པ་རྣམ་པར་བྱང་བའི་ཕྱོགས་ལ་སྦྱོར་བར་བྱེད་དོ། །ཉེས་པ་མང་པོའི་ལྟ་བ་དང ། ང་ཡིར་བྱ་བ་དང ། བདག་གིར་བྱ་བ་དང ། རྟག་པ་དང་ཆད་པ་ཡོངས་སུ་སྤང་པའི་ཕྱིར་དགོན་པའི་གནས་དང ། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་རབ་ཏུ་གནས་པར་བྱེད་པ་དེ་དག་གི་གན་དུ་གུས་པ་སྐྱེ་བར་འགྱུར་རོ། །དེ་དག་ལའང་འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་སྟོན་པར་བྱེད་པ་དེ་ནི།་སངས་རྒྱས་ཀྱིས་གནང་བ་འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་འདིའོ། །གང་དང་ལྡན་པའི་སེམས་ཅན་ཐམས་ཅད་འདོད་པའི་འདོད་ཆགས་འཇིག་པར་བྱེད་དོ། །གཟུགས་དང་གཟུགས་མེད་པའི་འདོད་ཆགས་ཐམས་ཅད་འཇིག་པར་བྱེད་དོ། །བག་ལ་ཉལ་བ་དང ། ང་ཡིར་བྱ་བ་དང ། བདག་གིར་བྱ་བ་ཐམས་ཅད་འཇིག་པར་བྱེད་དོ། །མྱུར་དུ་ཆོས་ཟབ་མོ་གཏིང་དཔག་དཀའ་བའི་བཟོད་པ་ཐོབ་བོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །སེམས་ཅན་འཇིག་རྟེན་པའི་ཚུལ་ཁྲིམས་ཅན་ཡང་དང་ཡང་དུ་སྡུག་བསྔལ་གྱི་ཟིལ་གྱིས་ནོན་ཅིང་འགྲོ་བ་ལྔའི་འཁོར་ལོ་ལ་ཡང་དག་པར་གནས་པ་ང་ཡིར་བྱ་བ་དང ། བདག་གིར་བྱ་བ་ལ་བརྟེན་པ་དག་བྱང་ཆུབ་ཀྱི་ལམ་རབ་ཏུ་མི་ཤེས་སོ། །དེ་བཞིན་དུ་རྫུ་
289a
༄#། །འཕྲུལ་ཆེན་པོ་འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་ཀྱི་སེམས་ཅན་རྣམས་དགོས་པ་མེད་པ་ནི། གང་ན་བདག་གི་གནས་མེད་ཅིང་སེམས་ཅན་དང ། སྲོག་དང ། གསོ་བ་དང ། གང་ཟག་དང ། ཤེད་ལས་སྐྱེས་པ་དང ། ཤེད་ཅན་གྱི་གནས་མེད་པ་དང ། གཟུགས་ཀྱི་གནས་མེད་པ་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའི་གནས་མེད་པ་དང ། སའི་ཁམས་ཀྱི་གནས་མེད་པ་དང ། ཆུ་དང ། མེ་དང ། རླུང་དང ། མིག་དང ། གཟུགས་ཀྱི་མཚན་མ་ལ་མི་གནས་ཤིང་རྣ་བ་དང ། སྒྲའི་མཚན་མ་ལ་མི་གནས། ལྕེ་དང ། རོའི་མཚན་མ་ལ་མི་གནས། ལུས་དང ། རེག་བྱའི་མཚན་མ་ལ་མི་གནས། ཡིད་དང ། ཆོས་ཀྱི་མཚན་མ་ལ་མི་གནས། ལུས་དང ། ངག་དང ། ཡིད་ཀྱི་མཚན་མ་ལ་མི་གནས། ང་ཡིར་བྱ་བའི་རང་བཞིན་གྱི་མཚན་མ་ལ་མི་གནས། རྟག་པ་དང ། ཆད་པའི་མཚན་མ་ལ་མི་གནས། འཇིག་ཚོགས་ཀྱི་ལྟ་བ་དང ། མཐར་འཛིན་པའི་ལྟ་བ་ལ་མི་གནས། རྟོག་པ་དང ། རྣམ་པར་རྟོག་པ་དང ། ཀུན་ཏུ་རྟོག་པ་དང ། རབ་ཏུ་རྟོག་པ་དང ། ཉེ་བར་རྟོག་པ་ལ་མི་གནས། མྱ་ངན་དང ། ཉེ་བའི་མྱ་ངན་དང ། རྗེས་སུ་མྱ་ངན་དང ། ཟད་པའི་མྱ་ངན་དང ། གཉིས་པའི་མྱ་ངན་ལ་མི་གནས། སྟོང་པ་ཉིད་དང ། སྨོན་པ་མེད་པ་དང ། མཚན་མ་མེད་པ་དང ། ཁམས་གསུམ་གྱི་རྒྱུད་ལ་མི་གནས། མངོན་པར་འདུ་མི་བྱད། མ་སྐྱེས། མ་བྱུང ། མ་བྱས། མངོན་
289b
བར་མ་བྱས་པ་ལ་མི་གནས། དུས་གསུམ་ལ་མི་གནས། སེམས་དང་ཡིད་ཀྱི་མཚན་ཉིད་ལ་མི་གནས། ཉོན་མོངས་པ་དང ། རྣམ་པར་བྱང་བ་དང ། ཚིག་པ་དང ། རྗེས་སུ་ཚིག་པ་དང ། སྐད་ཅིག་ཏུ་འཇིག་པའི་མཐའི་རྡུལ་ལ་མི་གནས། མངོན་པར་མི་ཤེས་པ་དང ། མཐུན་པ་ལ་མི་གནས། ཉན་ཐོས་ཀྱི་ཐེག་པ་སྡོམ་པ་ལ་མི་གནས། རང་སངས་རྒྱས་ཀྱི་ཐེག་པ་ལ་མི་གནས། མཚན་མ་ལ་མི་གནས་ཤིང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྙེམས་པར་མི་གནས་ཀྱི། སེམས་དང ། ཡིད་ཀྱི་རྣམ་པར་ཤེས་པའི་རྣམ་པར་སྤྱོད་པ་ནམ་མཁའ་བཞིན་དུ་གནས་ཤིང་ཡང་དག་པ་དང ། ཡང་དག་པ་མ་ཡིན་པའི་རྣམ་པར་སྤྱོད་པ་ལ་མཚུངས་པར་གནས་སོ། །ཞེན་པ་གཉིས་སུ་མེད་པ་རྣམ་པར་དཔྱོད་པ་དང ། ཆགས་པ་གཉིས་སུ་མེད་པ་རྣམ་པར་དཔྱོད་པ་དང ། ཡེ་ཤེས་གཉིས་སུ་མེད་པ་རྣམ་པར་དཔྱོད་པ་དང ། རྣལ་འབྱོར་གཉིས་སུ་མེད་པ་རྣམ་པར་དཔྱོད་པ་དང ། ཕ་རོལ་ཏུ་ཕྱིན་པ་གཉིས་སུ་མེད་པ་རྣམ་པར་དཔྱོད་པ་ན་རྟོག་པ་གཉིས་སུ་མེད་པ་རྣམ་པར་དཔྱོད་པ་དང ། ཟག་པ་དང་བཅས་པ་གཉིས་སུ་མེད་པ་རྣམ་པར་དཔྱོད་པ་དང ། ལམ་གཉིས་སུ་མེད་པ་རྣམ་པར་དཔྱོད་པ་དང ། ཉོན་མོངས་པ་མེད་པའི་འདྲེན་པ་གཉིས་སུ་མེད་པ་རྣམ་པར་དཔྱོད་པ་སྟེ། རིགས་ཀྱི་བུ། རྣམ་པ་དེ་ལྟ་བུའི་ཚུལ་ཁྲིམས་དང་ལྡན་པས་རིགས་ཀྱི་བུ་ཆོས་ཟབ་མོའི་བཟོད་པ་ཐོབ་བོ། །ཐོག་མ་མེད་པའི་སྟོང་པ་ཉིད་རབ་ཏུ་འབྱེད་པའི་ཡེ་ཤེས་ལ་མཁས་པར་འགྱུར་རོ། །ཤེས་རབ་སྣང་
290a
༄#། །པས་བྱང་ཆུབ་ཀྱི་ལམ་རྣམ་པར་སྤྱོད་པར་བྱེད་དོ། །འཇིག་རྟེན་གྱི་ཆོས་ཀྱིས་གོས་པའང་མེད་དོ། །བདུད་ཀྱི་ལས་ཀྱིས་གོས་པའང་མེད་དོ། །བག་ཆགས་ཀྱི་རྗེས་སུ་འབྲེལ་བའི་ཉོན་མོངས་པས་གོས་པའང་མེད་དོ། །ཕྱོགས་བཅུར་ཤེས་རབ་ཀྱི་སྣང་བས་ལྡན་པར་འགྱུར་རོ། །ཤེས་རབ་ཀྱི་སྟོབས་སྐྱེས་པས་ཡུལ་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྣང་བ་ཐོབ་པར་འགྱུར་རོ། །འདོད་ཆགས་ཀྱི་འཁོར་བས་ལྡན་པ་དང ། མྱ་ངན་ལས་འདས་པ་དང་དངོས་པོ་དང་དངོས་པོ་མེད་པ་ཐམས་ཅད་ཀྱི་ཉོན་མོངས་པ་དང ། རྣམ་པ་བྱང་བ་ཡོངས་སུ་ཤེས་པ་དང ། ཆགས་པ་ཐམས་ཅད་ལས་ཡང་དག་པར་ཤིན་ཏུ་འདས་པ་དང ། མྱ་ངན་ལས་འདའ་བར་འགྲོ་བའི་སྤྱོད་ཡུལ་དུ་འགྱུར་ཞིང་འཁོར་བའི་ཡུལ་དུའང་ཡང་དག་པར་མཐོང་ངོ ། །དབེན་པའི་སྤྱོད་ཡུལ་དུའང་འགྱུར་ཞིང་འདུ་འཛི་ཐམས་ཅད་ལ་མངོན་པར་ཆགས་པར་ཡང་དག་པར་མཐོང་ངོ ། །བསམ་གཏན་གྱི་སྤྱོད་ཡུལ་དུའང་འགྱུར་ཞིང་བཙུན་མོའི་འཁོར་དུའང་ཡང་དག་པར་མཐོང་ངོ ། །མངོན་པར་འདུ་མི་བྱེད་པའི་སྤྱོད་ཡུལ་དུའང་འགྱུར་ཞིང་འདུ་བྱེད་ཐམས་ཅད་ཀྱི་ཡུལ་དུའང་ཡང་དག་པར་མཐོང་ངོ ། །མ་སྐྱེས་པའི་སྤྱོད་ཡུལ་དུའང་འགྱུར་ཞིང་བདུད་བཞིའི་ཡུལ་གྱི་སྤྱོད་ཡུལ་དུའང་ཡང་དག་པར་མཐོང་ངོ ། །འཕགས་པའི་སྐྱེ་བོའི་སྤྱོད་ཡུལ་དུའང་འགྱུར་ཞིང ། འཕགས་པའི་སྐྱེ་བོའི་
290b
སྤྱོད་ཡུལ་མ་ཡིན་པར་ཡང་ཡང་དག་པར་མཐོང་ངོ ། །འཇིག་རྟེན་གྱི་ཡུལ་ལས་ཡང་དག་པར་ཤིན་ཏུ་འདས་པར་ཡང་འགྱུར་ཞིང་འཇིག་རྟེན་ཐམས་ཅད་ཀྱི་ཡུལ་གྱི་སྤྱོད་ཡུལ་དུའང་ཡང་དག་པར་མཐོང་ངོ ། །ཡེ་ཤེས་ཀྱི་སྤྱོད་ཡུལ་དུའང་འགྱུར་ཞིང་བྱིས་པའི་ཡུལ་གྱི་སྤྱོད་ཡུལ་དུའང་ཡང་དག་པར་མཐོང་ངོ ། །ཡང་དག་པའི་མཐའི་ཡུལ་མངོན་དུའང་འགྱུར་ཞིང་ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཡུལ་གྱི་སྤྱོད་པ་ལ་ཡང་དག་པར་དགའ་བས་ཀྱང་བྱང་ཆུབ་སེམས་དཔའི་ཡུལ་ལ་སྤྱད་པ་སྤྱོད་དོ། །ཡུལ་ཐམས་ཅད་མཚན་ཉིད་མེད་པའི་སྤྱོད་ཡུལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱེད། སྤྱོད་པར་བྱེད། མཚན་དང ། དཔེ་བྱད་དང ། སངས་རྒྱས་ཀྱི་ཡུལ་ལ་ཡང་དག་པར་གཞོལ་བའི་རྣམ་པར་ཤེས་པ་ལ་བརྩོན་པས་བདུད་བཞིའི་ཡུལ་ལ་དབྱེ་བར་འཇུག་པ་ཤེས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ལ་མཆོད་ཅིང་རིམ་གྲོ་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཉེ་བར་འགྲོ་བ་ལ་བརྩོན་པར་འགྱུར་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པའང་བྱེད་དོ། ། སངས་རྒྱས་ཀྱི་ཡུལ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལའང་འཇུག་པར་བྱེད་དོ། །དམིགས་པ་ཐམས་ཅད་ཀྱི་དགེ་བ་སྤྱོད་པ་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །ཉོན་མོངས་པའི་རི་རྣམ་པར་ཕྱེ་མར་བྱེད་དོ། །སྤྲོས་པ་ཐམས་ཅད་རབ་ཏུ་འདོད་པར་བྱེད་དོ། །ལྟ་བ་ཐམས་ཅད་རྣམ་པར་འཇིག་པར་བྱེད་དོ། །སངས་རྒྱས་ཀྱི་ཆོས་
291a
༄#། །ཐམས་ཅད་ལའང་འགོད་པར་བྱེད་དོ། །རིགས་ཀྱི་བུ་ཉོན་མོངས་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་ན་སེམས་ཅན་མི་དགེ་བའི་རྩ་བ་དང་ལྷན་ཅིག་ཏུ་འགྲོགས་པ་རྣམས་ཀྱི་ནང་ན་བྱང་ཆུབ་སེམས་དཔའ་རྣམ་པ་དེ་ལྟ་བུས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པ་སྤྱོད་པའི་ཚེ་རྣམ་པ་དེ་ལྟ་བུའི་དོན་བྱ་བ་བསྡུ་བའི་དངོས་པོས་སེམས་ཅན་རྣམས་འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་ལ་སྦྱོར་བར་བྱེད། འགོད་པར་བྱེད་དོ། །ཡོན་ཏན་གྱིས་སངས་རྒྱས་ཀྱི་ཡོན་ཏན་དོན་བྱ་བ་ལ་སེམས་ཅན་རྣམས་འགོད་པར་བྱེད་པ་འདི་དག་ཀྱང་བྱང་ཆུབ་སེམས་དཔའི་སྐྱེས་བུ་ཆེན་པོའི་ཁུར་ཏོ། །སེམས་ཅན་གྱི་བསྡུ་བའོ། །སེམས་ཅན་གྱི་ཚོགས་སོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །གང་སེམས་ཅན་ཤིན་ཏུ་དབུལ་པོ་ལས་ཡོངས་སུ་ཐར་བར་བྱེད་པའོ། །རྣམ་པར་ཐར་པའི་སྒོ་གསུམ་ལ་འགོད་པར་བྱེད་པའོ། །ཇི་ལྟ་བུར་སངས་རྒྱས་ཀྱི་ཞིང་རྣམ་པར་མ་དག་པར་བྱང་ཆུབ་སེམས་དཔའ་ལ་ལ་རྣམ་པ་དེ་ལྟ་བུའི་རྩལ་བྱེད་ཅིང ། བྱང་ཆུབ་སེམས་དཔའི་བ་སྤུའི་ཁུང་བུ་ཇི་སྙེད་པ་དེ་སྙེད་ཀྱི་དོན་བྱ་བས་སེམས་ཅན་ཡོངས་སུ་སྨིན་པར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་དོན་མཐུན་པ་སེམས་ཅན་ཡོངས་སུ་སྨིན་པའི་རྩལ་ཆེན་པོ་གང་ཞེ་ན། རིགས་ཀྱི་བུ་ཉོན་མོངས་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་འདིར་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པ་སྤྱོད་པ་ན་གང་གི་ཚེ་བདག་
291b
བརྩོན་པར་འགྱུར་པ། ཡང་ན་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང ། ཡང་ན་ནི་ཚུལ་ཁྲིམས་དང ། བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་འགྱུར་བ་དེ་དང་དེར་སེམས་ཅན་རྣམས་སྦྱོར་བར་བྱེད་དོ། །གང་བྱང་ཆུབ་སེམས་དཔའ་སྦྱིན་པ་བྱིན་པས་ཟས་སམ། སྐོམ་ནས་ཡན་ལག་གི་དམ་པ་མགོའི་བར་དུ་གཏོང་བར་འགྱུར་བ་དེ་ལྟར་སེམས་ཅན་རྣམས་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་སྟོན་པ་དེ་ལ་སྦྱོར་བར་བྱེད་དོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་སྲོག་གཅོད་པ་སྤངས་ཤིང་སེམས་ཅན་རྣམས་ལ་སྙིང་རྗེ་བ་དེ་དེ་ལྟར་སྲོག་གཅོད་པ་ཟློག་པར་བྱེད། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བར་སྦྱོར་བར་བྱེད་དོ། །འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་ལ་འགོད་པར་བྱེད་པ་ནས་ཡང་དག་པར་ལྟ་བའི་བར་དུ་སྨྲ་བར་བྱའོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་བདག་བཟོད་པའི་ཡོན་ཏན་ལྔ་དང་ལྡན་པར་འགྱུར་བ་དང ། བག་ལ་ཉལ་བ་སྤང་བའི་ཕྱིར་བཟོད་པ་སྒོམ་པར་བྱེད་པ་ནས་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཐོབ་པའི་བར་དུ་དེ་ལ་སེམས་ཅན་རྣམས་སྦྱོར་བར་བྱེད་ཅིང་མི་སྐྱེ་བའི་ཆོས་ཀྱི་བཟོད་པའི་བར་དུ་འགོད་པར་བྱེད་དོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་བདག་བརྩོན་འགྲུས་བརྩམས་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དགེ་བའི་ལུས་ཀྱི་ལས་བྱིན་གྱིས་བརླབས་པ་དང ། དགེ་བའི་ངག་གི་ལས་དང ། ཡིད་ཀྱི་ལས་བྱིན་གྱིས་བརླབས་པ་
292a
༄#། །ནས་དགེ་བའི་རྒྱུར་འདུ་ཤེས་པ་དང ། ཞི་བ་དང ། སྙིང་རྗེ་ཆེན་པོའི་རྒྱུར་འདུས་བྱས་རྣམས་རྣམ་པར་མི་སྤོང་བ་དེ་ལ་སེམས་ཅན་རྣམས་སྦྱོར་བར་བྱེད། འགོད་པར་བྱེད་དོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་ཉན་ཐོས་དང ། རང་རྒྱལ་བ་འདུལ་བའི་ཕྱིར་ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཐེག་པ་ལ་གནས་ཏེ་བསམ་གཏན་ལ་བསམ་གཏན་དུ་བྱེད་དོ། །དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཉན་ཐོས་དང ། རང་རྒྱལ་བ་དང་བྲལ་བའི་བསམ་གཏན་ལ་བསམ་གཏན་དུ་བྱེད་དོ། །བྱང་ཆུབ་སེམས་དཔའ་བདག་མེད་པའི་བསམ་གཏན་ལ་བསམ་གཏན་དུ་བྱེད་པ་ནས་འཁྱིལ་བ་དང ། ལྡོག་པའི་བསམ་གཏན་ཐོབ་པའི་བར་དུ་དེ་ལ་སེམས་ཅན་རྣམས་དེ་དང་དེ་དག་གི་ཡོན་ཏན་ལ་སྦྱོར་བར་བྱེད། འགོད་པར་བྱེད་དོ། །ཇི་ལྟ་བུར་བྱང་ཆུབ་སེམས་དཔའ་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པ་ན་ཐབས་སྣ་ཚོགས་ཀྱིས་ཤེས་རབ་ཀུན་འབྱུང་བར་བྱེད་དོ། །ཇི་ལྟར་བདག་མངོན་སུམ་དུ་འགྱུར་བ་དེ་ལྟར་སེམས་ཅན་རྣམས་སྦྱོར་བར་བྱེད་དོ། །ཇི་ལྟ་བུར་ཆོས་ཐམས་ཅད་ལ་ཡེ་ཤེས་ཐོབ་ཅིང་ཕ་རོལ་མ་ཡིན་པའི་རྐྱེན་མངོན་པར་ཤེས་པ་དེ་ལྟར་སེམས་ཅན་གྱི་རྒྱུའི་ཕྱིར་ཆོས་འདི་དག་འབྱུང་བ་འདི་ནི། སེམས་ཅན་ཡོངས་སུ་སྨིན་པར་སྦྱོར་བའི་ཐབས་ལ་མཁས་པའི་ཡེ་ཤེས་ཏེ། གང་གི་ལས་ཀྱིས་སེམས་ཅན་རྣམས་
292b
དགེ་བའི་རྩ་བ་བསྐྱེད་པར་ནུས་པ་དེའི་བར་དུ་སྦྱོར་བའི་བྱིན་གྱིས་བརླབས་པའི་ཕྱིར་ཆགས་པ་མེད་དོ། །སེམས་ཅན་ཉན་ཐོས་ཀྱི་ཐེག་པ་བ་རྣམས་ཉན་ཐོས་ཀྱི་ཐེག་པ་ལ་སྦྱོར་བར་བྱེད་དོ། །སེམས་ཅན་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་རང་སངས་རྒྱས་ཀྱི་ཐེག་པ་ལ་སྦྱོར་བར་བྱེད་དོ། །སེམས་ཅན་རྣམས་ཇི་ལྟ་བུར་ཕྲ་བའི་ཆོས་ལས་ཡེ་ཤེས་མངོན་སུམ་དུ་འབྱུང་བར་འགྱུར་བ་དེ་ལྟར་བྱང་ཆུབ་ཀྱི་སྤྱོད་པ་ཟབ་མོ་ལ་སྦྱོར་བར་བྱེད་དོ། །ལས་ཀྱི་རྣམ་པར་སྨིན་པ་ལ་མཁས་པའི་ཡེ་ཤེས་དང་ལྡན་པའི་དྲན་པ་རྣམ་པར་མི་སྤོང་བ་འདིའང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་རབ་ཏུ་འབྱེད་པའི་ཡེ་ཤེས་མངོན་པར་བསྒྲུབས་པའོ། །གང་བྱང་ཆུབ་སེམས་དཔའ་ཆོས་དང་སེམས་ལ་དབང་བྱེད་པར་རབ་ཏུ་ཤེས་ཤིང་སྐད་ཅིག་མར་འཇིག་པའི་མཚན་ཉིད་ལའང་རྟོག་པ་དང ། སེམས་ཅན་ལ་སྙིང་རྗེ་ཆེན་པོ་རྣམ་པར་སྤོང་བ་འདིའང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པ་མངོན་པར་བསྒྲུབས་པའོ། །གང་བྱང་ཆུབ་སེམས་དཔའ་སེམས་ཅན་སྟོང་པ་ཉིད་དང ། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་པ་ཐམས་ཅད་ཀྱི་མཚན་ཉིད་དུ་དམིགས་པའང་མེད་ཅིང་སེམས་ཅན་རྣམས་ཐེག་པ་གསུམ་ལ་སྦྱོར་བར་བྱེད་པ་དང ། སེམས་ཅན་ཡོངས་སུ་སྨིན་པར་སྦྱོར་བའི་རྒྱུན་མ་བཅད་པ་འདིའང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པ་མངོན་པར་བསྒྲུབས་པའོ། །གང་
293a
༄#། །བྱང་ཆུབ་སེམས་དཔའ་ལུས་དང ། ངག་དང ། ཡིད་ཀྱི་འདུ་བྱེད་བདག་མེད་པ་དང་ལྡན་པས་ཆོས་སྟོན་པ་ལ་དམིགས་པ་མེད་པ་དང ། ཉན་པ་དང ། སྒྲ་དང ། དབྱངས་ལ་དམིགས་པ་མེད་པ་དང ། ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལ་དམིགས་པ་མེད་པ་དང ། སེམས་ཅན་རྣམས་སྙིང་རྗེ་བའི་ཕྱིར་ཡང་སེམས་ཅན་ཕྱིན་ཅི་ལོག་ལ་ཡང་དག་པར་འདུ་བ་མེད་པ་རྣམས་ལ་སེམས་ཅན་གྱི་མཚན་ཉིད་ཀྱི་རྗེས་སུ་འབྲེལ་པ་སྟོན་པ་འདིའང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་སྦྱང་བ་མངོན་པར་བསྒྲུབས་པའོ། །བྱང་ཆུབ་སེམས་དཔའ་རང་བཞིན་གྱིས་འདུ་བྱེད་པར་མི་དམིགས་ཤིང་གཏོང་བར་མི་དམིགས་པ་དང ། ལེན་པ་དང ། རྣམ་པར་སྨིན་པའི་འབྲས་བུའང་མ་ཡིན་ལ། སེམས་ཅན་ལ་སྙིང་རྗེ་བའི་ཕྱིར་ཡང་སྦྱིན་པ་བྱིན་པར་འགྱུར་ལ་སེམས་ཅན་རྣམས་ལ་སྦྱིན་པའི་འབྲས་བུ་རྣམ་པར་སྨིན་པར་ཡང་སྟོན་པར་བྱེད་པ་དང ། སྦྱིན་པ་པོ་བསོད་ནམས་བྱ་བའི་དངོས་པོ་ལ་སྦྱོར་བར་བྱེད་པ་འདིའང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པ་མངོན་པར་བསྒྲུབས་པའོ། །ཡང་བྱང་ཆུབ་སེམས་དཔའ་ཇི་ལྟར་སེམས་ཅན་གྱི་ལུས་སྤྱོད་པ་མེད་པ་དང ། འགྱུར་བ་མེད་པ་དང ། མི་གཙང་བའི་གཟུགས་བརྙན་ལྟ་བུར་རབ་ཏུ་ཤེས་པ་དང ། སེམས་བྲག་ཅ་ལྟ་བུར་བརྟག་པ་དང ། འདུ་བྱེད་སྒྱུ་མའི་རང་བཞིན་ལྟ་
293b
བུར་རབ་ཏུ་ཤེས་པ་དང ། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་རབ་ཏུ་སྦྱོར་བ་རྣམ་པར་མི་སྤོང་བ་དང ། སེམས་ཅན་རྣམས་ལུས་དང ། ངག་དང ། ཡིད་ཀྱི་འདུ་བྱེད་ལ་སྦྱོར་བར་བྱེད་པ་དང ། རྒྱུ་དང་འབྲས་བུ་ཡང་དག་པར་སྟོན་པར་བྱེད་པ་འདིའང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པ་མངོན་པར་བསྒྲུབས་པའོ། །ཡང་བྱང་ཆུབ་སེམས་དཔའ་ཇི་ལྟ་བུར་བདག་མེད་ཅིང་མངོན་པར་འདུ་མི་བྱེད་པའི་ཚུལ་ཁྲིམས་ལ་རྟོག་པར་བྱེད་པ་དང ། སྤྱོད་པའི་མཚན་ཉིད་ཀྱང་རབ་ཏུ་ཤེས་པ་དང ། འདི་ལ་སེམས་ཅན་གྱི་བཏང་སྙོམས་སུ་རབ་ཏུ་སྦྱོར་བར་མི་འགྱུར་བ་དང ། སེམས་ཅན་རྣམས་དང་ཕུང་པོ་གསུམ་ལ་སྦྱོར་བར་བྱེད་པ་འདི་ནི། ལྷག་པའི་ཚུལ་ཁྲིམས་སུ་སློབ་པ་དང ། ལྷག་པའི་སེམས་དང ། ལྷག་པའི་ཤེས་རབ་ལ་སྦྱོར་བར་བྱེད་པ་འདིའང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་སེམས་ཅན་ཡོངས་སུ་སྨིན་པ་བསྒྲུབས་པའོ། །ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་ལུས་དང་ངག་དང་ཡིད་ཀྱི་འདུ་བྱེད་སྐད་ཅིག་ཏུ་འཇིག་པའི་མཚན་ཉིད་དུ་ཤེས་ཏེ། འདུས་མ་བྱས་ཀྱི་གནས་དང་བྲལ་པར་ཡང་དག་པར་རྗེས་སུ་མཐོང་ཞིང་སེམས་ཅན་རྣམས་ལ་ཏིང་ངེ་འཛིན་དང ། བཟོད་པའི་རྒྱུ་དང ། འབྲས་བུ་མཚུངས་པར་སྟོན་པ་དེ་ལ་སེམས་ཅན་རྣམས་སྦྱོར་བར་བྱེད་པ་འདིའང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པ་མངོན་པར་བསྒྲུབས་པའོ། །བྱང་ཆུབ་
294a
༄#། །སེམས་དཔའ་ཇི་ལྟར་ཡང་བླང་བ་མེད་པ་དང་དོར་བ་མེད་པའི་འདུ་བྱེད་ཐམས་ཅད་ཤེས་ཤིང་རྒྱུ་དང་འབྲས་བུར་ཡང་རྟོག་པ་དང ། ཆོས་ཐམས་ཅད་སྐྱེ་བ་དང ། འགོག་པར་དམིགས་པ་མེད་པ་དང ། རྒྱུ་དང་རྐྱེན་གྱི་འབྲས་བུ་རྣམ་པར་སྨིན་པ་དང་བྲལ་བར་རབ་ཏུ་མི་ཤེས་པ་དང ། སེམས་ཅན་རྣམས་ཡོངས་སུ་སྨིན་པ་མེད་པ་དང ། སྙིང་རྗེ་ཆེན་པོའི་རྒྱུན་མི་གཅོད་པ་དང ། ཡང་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་རབ་ཏུ་སྤང་པ་དང ། ཕུང་པོ་ཡོངས་སུ་ཤེས་པ་དང ། ཡེ་ཤེས་མངོན་སུམ་དུ་བྱ་བའི་ཕྱིར་བརྩོན་འགྲུས་བརྩམ་པ་དང ། རྒྱུའི་འབྲས་བུ་སྟོན་པར་བྱེད་པ་དང ། སེམས་ཅན་ལེ་ལོ་ཅན་རྣམས་བརྩོན་འགྲུས་ལ་དམིགས་པའི་སྡུག་བསྔལ་འཛིན་པ་ལ་སྦྱོར་བ་འདིའང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པ་མངོན་པར་བསྒྲུབས་པའོ། །བྱང་ཆུབ་སེམས་དཔའ་ཇི་ལྟར་ཡང་བསམ་གཏན་ལ་བསམ་གཏན་དུ་བྱེད་ཅིང་འདུ་བྱེད་ཐམས་ཅད་མི་རྟག་པར་ཡང་དག་པར་རྗེས་སུ་མཐོང་བ་དང ། སྡུག་བསྔལ་བ་དང ། བདག་མེད་པ་དང ། མྱོང་བ་མེད་པ་དང ། བྱས་པ་མེད་པ་དང ། བྱ་བ་མེད་པ་དང ། ཀུན་ནས་ལྡང་བ་མེད་པ་དང ། སྐད་ཅིག་ཏུ་ཟད་པ་མེད་པའི་ཡེ་ཤེས་ལ་མཁས་པའི་འདུ་བྱེད་རྣམས་ཡང་དག་པར་རྗེས་སུ་མཐོང་བ་དང ། སེམས་ཅན་རྣམས་ལའང་ཕུང་པོ་ལ་བརྟེན་པའི་
294b
བསམ་གཏན་ལ་ཚངས་པར་སྤྱོད་པ་མངོན་པར་ཤེས་པ་ཐོབ་པའི་རྒྱུ་དང་འབྲས་བུ་སྟོན་པ་དང ། བསམ་གཏན་གྱིས་ཉོན་མོངས་པ་སྤང་བར་བྱོས་ཤིག་།ཅེས་དེ་ལྟར་ལས་གཞན་མ་ཡིན་པས་སེམས་ཅན་རྣམས་བསམ་གཏན་ལ་སྦྱོར་བར་བྱེད་པ་དང ། ཐོབ་པ་ཆེན་པོ་ཐོབ་པར་བྱོས་ཤིག། ཅེས་བསམ་གཏན་ལ་སེམས་སྦྱོར་བར་བྱེད་པ་འདིའང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པ་མངོན་པར་བསྒྲུབས་པའོ། །ཡང་བྱང་ཆུབ་སེམས་དཔའ་ཇི་ལྟར་བླང་བ་མེད་ཅིང་དོར་བ་མེད་པ་དང ། ཆགས་པ་དང ། ཁོང་ཁྲོ་བ་གཉིས་ཀ་དང་བྲལ་བས་ཐམས་ཅད་བཏང་སྙོམས་ཐོབ་པ་དང ། ནན་ཏན་དང ། བདག་ཤེས་པ་དང ། མི་སྐྱེ་བའི་ཆོས་ཀྱི་བཟོད་པ་དང ། བསམ་གཏན་གྱི་དབང་པོ་ལ་ཡིད་ཀྱི་འདུ་བྱེད་རྣམས་རྟོག་པར་མི་བྱེད། རྣམ་པར་རྟོག་པར་མི་བྱེད་པ་དང ། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་རབ་ཏུ་སྦྱོར་བ་ཡོངས་སུ་འགྲུབ་པ་རབ་ཏུ་མི་སྤོང་བ་དང ། ཤེས་རབ་སྒོམ་པ་ལ་བརྩོན་པས་སེམས་ཅན་རྣམས་འཁོར་བའི་བཙོན་ར་ལས་རབ་ཏུ་ཐར་པར་སྟོན་པ་དང ། སེམས་ཅན་རྣམས་ཐོས་པ་དང་བསམ་གཏན་ལ་བརྩོན་ཞིང་ཚོལ་བ་སྒོམ་པ་ལ་སྦྱོར་བར་བྱེད་པ་དང ། ཡང་བྱང་ཆུབ་སེམས་དཔའ་ཇི་ལྟ་ཇི་ལྟ་བུར་དགེ་བའི་ཆོས་ཀྱི་ཁྱད་པར་ཁོང་དུ་ཆུད་པས་འཁོར་བའི་འདམ་ལས་རྒལ་བར་འགྱུར་བ་དེ་ལྟ་དེ་ལྟ་བུར་སེམས་ཅན་རྣམས་ཆོས་དེ་དང་དེ་དག་ལ་ཡང་དག་པར་གཞོག་པར་བྱེད། སྦྱོར་བར་བྱེད།
295a
༄#། །འགོད་པར་བྱེད་པ་འདིའང་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་ཐབས་ལ་མཁས་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དོན་མཐུན་པའི་བསྡུ་བའི་དངོས་པོ་མངོན་པར་བསྒྲུབས་པའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའི་བ་སྤུའི་ཁུང་བུ་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་ཡོངས་སུ་སྨིན་པ་དོན་མཐུན་པའི་བསྡུ་བའི་དངོས་པོའོ། །གཞན་ཡང་ཉོན་མོངས་པ་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་ངན་སོང་གསུམ་དང ། ངན་སོང་དུ་སྤྱོད་པའི་ཉེས་པ་དང ། སེམས་ཅན་ཉོན་མོངས་པ་དང ། ཚེ་དང ། ལྟ་བ་དང ། བསྐལ་པའི་རྙོག་པས་བྱང་ཆུབ་སེམས་དཔའ་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་འདི་ལས་སྨོན་ལམ་གྱི་རྒྱུན་མི་གཅོད་ཅིང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་ཚོགས་ལ་མངོན་པར་མི་འདོད་པ་དང ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྨོན་ལམ་མི་བྱེད་དོ། །ཡང་ཉོན་མོངས་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན་སེམས་ཅན་མཚམས་མེད་པ་བྱེད་པ་དང ། དམ་པའི་ཆོས་སྤོང་བ་དང ། འཕགས་པ་ལ་སྐུར་བ་འདེབས་པ་དང ། མི་དགེ་བའི་རྩ་བ་དང་ལྷན་ཅིག་ཏུ་འགྲོགས་པ་རྣམས་བསྡུ་བའི་དངོས་པོ་རྣམ་པ་བཞི་པོ་འདི་དག་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པ་སྐྱེད་པར་བྱེད་དོ། །ཐེག་པ་གསུམ་ལ་སྦྱོར་བར་བྱེད་དོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དགོད་པར་བྱེད་དོ། །དེའང་འདིར་དེ་ཙམ་གྱིས་
295b
བྱང་ཆུབ་ཀྱི་སྤྱད་པ་སྤྱོད་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །འདིར་ཡང་འདུལ་བ་འཛིན་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བའི་བར་དུའོ།། བྱང་ཆུབ་ཐོབ་པ་ནའང་སེམས་ཅན་མཚམས་མེད་པ་བྱེད་པ་ནས་མི་དགེ་བའི་རྩ་བ་དང་ལྷན་ཅིག་ཏུ་འགྲོགས་པའི་བར་དུ་ཡོངས་སུ་སྨིན་པར་འགྲོ་ཞིང་སེམས་ཅན་རྣམས་ཐེག་པ་གསུམ་ལ་ཡོངས་སུ་སྨིན་པར་བྱེད་པ་ཉོན་མོངས་པའི་ལྟ་བ་ཐམས་ཅད་ལས་ཡོངས་སུ་ཐར་པར་བྱེད་པ་འདིའང་རིགས་ཀྱི་བུ། ཉོན་མོངས་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་འདིར་བྱང་ཆུབ་སེམས་དཔའ་རྩལ་ཆེན་པོས་ཡོངས་སུ་སྨིན་པའི་གོ་ཆའོ། །གང་བྱང་ཆུབ་སེམས་དཔའ་ལས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སེམས་ཅན་གྱི་གོ་ཆ་རྣམ་པ་དེ་ལྟ་བུས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བར་མི་ནུས་པ་འདིའང་རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་དེ་ལྟ་བུ་དང་ལྡན་པས་སེམས་ཅན་ཡོངས་སུ་སྨིན་པའོ། །ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ལེའུ་གསུམ་པའོ།། །།རིགས་ཀྱི་བུ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་ཚོགས་གང་ཞེ་ན། རིགས་ཀྱི་བུ། ཉོན་མོངས་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་
296a
༄#། །པོ་དང་ལྡན་པ་བར་འགའ་ཅི་ཞིག་ཏུ་སྐྱེས་པ་ན་སེམས་ཅན་མཚམས་མེད་པ་བྱེད་པ་དང ། དམ་པའི་ཆོས་སྤོང་བ་དང ། འཕགས་པ་རྣམས་ལ་སྐུར་བ་འདེབས་པ་དང ། མི་དགེ་བའི་རྩ་བ་དང་ལྷན་ཅིག་འགྲོགས་པ་རྣམས་ཡོངས་སུ་སྨིན་པར་བྱེད། དགེ་བའི་ཆོས་ཐམས་ཅད་ལ་སྦྱོར་བར་བྱེད། ཉོན་མོངས་པ་དང ། ལྟ་བའི་བག་ཆགས་ཐམས་ཅད་ལས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང ། སེམས་ཅན་རེ་རེའི་དོན་གྱི་ཕྱིར་བསྐལ་པའི་སྡུག་བསྔལ་མང་པོ་བཟོད་པ་ནས་སེམས་ཅན་དེ་འཁོར་བའི་འདམ་ལས་སྒྲོལ་བ་དང ། སངས་རྒྱས་གཅིག་གི་ཐད་དུ་ཕུལ་བ་ནས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཐད་ཀྱི་བར་དུ་ཕུལ་ལོ། །གང་གི་ཚེ་སེམས་ཅན་དགེ་བའི་རྩ་བ་ལ་བརྟེན་པར་འགྱུར་བ་དེ་སངས་རྒྱས་བཅོམ་ལྡན་འདས་ལ་བྱ་བ་བྱས་པ་དང ། རྣམ་པར་རོལ་པ་མངོན་པར་ཤེས་པ་ཏིང་ངེ་འཛིན་གྱི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཆུ་བོ་གངྒཱའི་བྱེ་མ་སྙེད་དུ་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཉེ་བར་འགྲོ་བར་ནུས་པར་འགྱུར་རོ། །དེ་ན་སངས་རྒྱས་བཅོམ་ལྡན་འདས་ལ་བསྙེན་བཀུར་ཏོ། །དེ་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་ཚོགས་ཉེ་བར་རྟོགས་སོ། །དེ་ན་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་ཚོགས་ཆེན་པོའང་ཅི་འདྲ་བ་ཡང་དག་པར་རྗེས་སུ་མཐོང་ངོ ། །དེ་ནའང་རིགས་ཀྱི་བུ་དེའི་ཤིན་ཏུ་སྲེད་པ་དང་
296b
ལྡན་པར་སྐྱེ་བར་འགྱུར་རོ། །རིགས་ཀྱི་བུ་དེས་ཡང་དེ་བཞིན་གཤེགས་པ་དེ་དག་ལ་ཡོངས་སུ་ཞུས་པ། ལས་ཅིས་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར།་སངས་རྒྱས་ལ་བལྟ་བ་དང ། ཆོས་ཉན་པ་དང ། དགེ་འདུན་ལ་བསྙེན་བཀུར་བས་འབྲལ་བ་མེད་པར་འགྱུར་རོ། །ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཐེག་པ་པས་འདྲེས་པ་མེད་པའོ། ། ཉོན་མོངས་པ་ཐམས་ཅད་ཀྱིས་འདྲེས་པ་མེད་པའོ། །ཏིང་ངེ་འཛིན་དང་གཟུངས་ཐམས་ཅད་ཀྱིས་འབྲལ་བ་མེད་པར་འགྱུར་རོ། །ཡང་ཉོན་མོངས་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་མི་སྐྱེ་བ་ཇི་ཙམ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་མི་རྒྱའོ། །བྱང་ཆུབ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དེ་རྒྱ་ཆེ་ཞིང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་ཚོགས་ཀྱིས་རྒྱས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་དག་ལ་ཡང་དག་པར་ཞུགས་པས་སངས་རྒྱས་ཀྱི་ཞིང་དེ་ཁྱབ་པར་འགྱུར་རོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པའི་སེམས་ཅན་གྱིས་སངས་རྒྱས་ཀྱི་ཞིང་བྲལ་བར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་རིགས་ཀྱི་བུ་དེ་ལ་ཇི་ལྟ་བ་བཞིན་དུ་གསུངས་པ། ལས་གང་དང་གང་སྤྱོད་པ་དང ། ནན་ཏན་གང་གིས་ཡོན་ཏན་དེ་དག་ཐོབ་པར་འགྱུར་བ་དེའང་རིགས་ཀྱི་བུ། ཚེ་རབས་སུ་ཡོན་ཏན་དང་སྤྱོད་པའི་ནན་ཏན་ལ་བརྩོན་པར་འགྱུར་བ་ནས་དེར་སྐྱེ་བར་འགྱུར་བའི་བར་དུའོ། །ཡོན་ཏན་ཇི་ཙམ་པ་ཐམས་ཅད་ཡོངས་
297a
༄#། །སུ་རྫོགས་ཤིང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་ཚོགས་རྒྱ་ཆེན་པོ་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཞིང་དུ་ཁྱབ་པར་འགྱུར་རོ། །གང་ན་རིགས་ཀྱི་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་དེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་སྤངས་པ་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་པ་རྣམས་ལ་ཐེག་པ་ཆེན་པོ་དག་པའི་གཏམ་སྨྲ་བར་བྱེད་ཀྱི། ཉན་ཐོས་དང ། རང་སངས་རྒྱས་ཀྱི་གཏམ་ནི། མ་ཡིན་ནོ། །སེམས་ཅན་དགེ་བའི་རྩ་བ་སྐྱེད་པ་དང ། ཡོངས་སུ་སྤྱོད་པ་བྱས་པ་དང ། བྱང་ཆུབ་སེམས་དཔའི་ཡོན་ཏན་མང་པོ་དང་ལྡན་པ་དང ། སངས་རྒྱས་ཀྱི་ཡོན་ཏན་ཚད་མེད་པ་ལ་འཇུག་པའི་ཡེ་ཤེས་ལ་མཁས་པ་རྣམས་ལ་ཆོས་སྟོན་པར་བྱེད་དོ། །གང་དག་ལ་ཆོས་སྟོན་པ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་བྱ་བའི་ཕྱིར་སྟོན་གྱི། ཡོངས་སུ་མ་དག་པར་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱང་ཆུབ་ཀྱི་སྤྱོད་པ་བསྔགས་པར་བྱེད་ཀྱི། ཡོངས་སུ་མ་དག་པ་ནི། བསྔགས་པར་མི་བྱེད་དོ། །སེམས་ཅན་གྱི་བསམ་པ་ཡོངས་སུ་དག་པས་དགེ་བའི་བཤེས་གཉེན་དེ་དག་དང་འགྲོགས་ཤིང་སྟེན་པ་དང ། སྡོམ་པ་ལ་དགོད་པ་དང ། ཡོན་སྦྱོང་བ་བསྔགས་པར་བྱེད་ཀྱི། ཡོངས་སུ་མ་དག་པ་ནི། མ་ཡིན་ནོ། །རིགས་
297b
ཀྱི་བུ།་གང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱིས་སྔོན་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་དག་པར་ཐོག་མར་ས་བོན་བསྐྱེད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །གང་ཡང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཚད་མེད་གྲངས་མེད་པར་ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཤིང་འཚོ་སྐྱོང་བ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་དག་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཐེག་པ་ཆེན་པོ་དག་པའི་གཏམ་སྨྲ་བའི་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་སྔོན་ཉོན་མོངས་པ་དང་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་འདིར་ཐོག་མར་ས་བོན་བསྐྱེད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །འདིར་ཡང་སྔོན་དགེ་བའི་རྩ་བ་ལ་བརྟེན་པར་གྱུར་ཏོ། །མངོན་པར་ཤེས་པ་གང་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ནས་སངས་རྒྱས་ཀྱི་ཞིང་གཞན་དུ་འགྲོ་བའི་མངོན་པར་ཤེས་པ་ཐོབ་པར་གྱུར་ཏོ། །གང་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་ཚོགས་ཚད་བཟུང་བ་དང་བརྟགས་པ་དེར་ཕྱིན་ཆད་ཀྱང་སྐྱེ་བར་སྨོན་ལམ་བྱས་པས། དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་འཚང་རྒྱའོ། །ཡང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ཕྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
298a
༄#། །ཆུབ་ཏུ་མངོན་པར་འཚང་རྒྱ་བ་དེ་དག་ཐམས་ཅད་ཀྱིས་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་དག་པར་ཐམས་ཅད་ཀྱི་ཐོག་མར་དགེ་བའི་རྩ་བའི་ས་བོན་བསྐྱེད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་བོ། །གང་གི་ཚེ་སེམས་བསྐྱེད་པས་མངོན་པར་ཤེས་པ་ཐོབ་པ་ནི། ས་རབ་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བའི་བར་དུའོ། །གང་ཡང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱང་ཆུབ་སེམས་དཔའ་དག་ད་ལྟར་ཆོས་ཀྱི་སྒྲ་སྣ་ཚོགས་ཀྱིས་ཉོན་མོངས་པ་སྣ་ཚོགས་དང་བྲལ་ཞིང་ཆོས་ཟབ་མོའི་ཚུལ་ལ་འཇུག་པའི་ཡེ་ཤེས་ལ་མཁས་པ་དང ། ཕྱིར་མི་ལྡོག་པ་དང ། གང་ཡང་ཆོས་ཟབ་མེའི་བཟོད་པ་ཐོབ་པས་དགའ་བ་དང་བདེ་བ་མྱོང་བར་འགྱུར་རོ། །གང་ཡང་ད་ལྟར་ཁྱེད་ཅག་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་ཞིང་མི་མཇེད་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་འདིར་མངོན་པར་ལྷགས་པ་ཁྱེད་ཅག་ཐམས་ཅད་ཀྱི་སྔོན་ཐམས་ཅད་ཀྱི་ཐོག་མར་ཉོན་མོངས་པ་དང་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་དགེ་བའི་རྩ་བའི་ས་བོན་བསྐྱེད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཐམས་ཅད་ཀྱི་ཐོག་མར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པར་བྱས་པ་དེ་ལའང་མངོན་པར་ཤེས་པ་གང་གིས་
298b
ཕྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གཞན་དུ་འགྲོ་བའི་མངོན་པར་ཤེས་པ་ཐོབ་པར་གྱུར་ཏོ། །གང་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་ཚོགས་ཀུན་ཏུ་ཤེས་ཤིང་རྟོགས་པ་དེར་གྱིས་སྐྱེ་པ་མངོན་པར་ཤེས་པའི་སྨོན་ལམ་བྱས་པས་དེ་དག་ཉིད་ཀྱི་ནན་ཏན་གྱིས་ཞུགས་པས་བསམ་པ་ཇི་སྙེད་པ་ཡོངས་སུ་རྫོགས་སོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དེར་སྐྱེས་པ་རྣམས་སངས་རྒྱས་གཞན་འཕེལ་བའི་ཕྱིར་ཡང་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་དག་པ་འདི་ནི། མི་འདོད་དོ། །ཉོན་མོངས་པས་བསྒྲིབས་པ་དང ། ལྟ་བ་དོག་པ་ཐོང་པ་འདི་དག་སྨོད་ཅིང་འདི་ལ་སྙིང་རྗེ་ཆེན་པོ་མི་སྐྱེད་པ་དེ་དག་བྱང་ཆུབ་སེམས་དཔའ་ཞེས་བྱའི། སེམས་དཔའ་ཆེན་པོ་ཞེས་མི་བྱའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། གཏར་མཁན་མཁས་པ་ལ་ལ་མཆོག་ཏུ་དྲི་ཞིམ་པ་དང་ལྡན་པའི་སྨན་གྱི་ཡོ་བྱད་ཀྱིས་མི་ཞེར་བ་དང་ལོང་བ་རྣམས་ཀྱི་མིག་གི་ནང་ཅུང་ཟད་ཙམ་རབ་ཏུ་ཞི་བར་བྱེད་དོ། །ཞི་བར་ཤེས་ནས་དེ་དག་གཅིག་ལ་གཅིག་སྨྲས་པ། བདག་ཅག་གིས་གཟུགས་ཀྱི་སྣང་བ་ལ་ལྟ་བར་བརྩམས་ཏེ་བདག་ཅག་སྒྲོན་མར་གྱུར་པའི་སྨན་པའི་ཁྱིམ་འདི་ནས་བྱུང་ལ་འགྲོ་བར་བྱའོ་སྙམ་ནས་ཕྱིར་འོང་བའང་མེད་པ་མང་པོ་དེ་དག་ཀྱང་གང་སྨན་པའི་ཁྱིམ་དེ་ལས་འབྱུང་བར་འགྱུར་རོ། །ཇི་ལྟ་བུར་ནད་འདི་རབ་ཏུ་ཞི་བ་མེད་པ་དེ་དག་མིག་གི་ནད་ཡུན་རིང་བོར་གནས་པ་བལྟས་ནས་ཡང་འོང་ངོ ། །དེ་དག་ཀྱང་སྨན་པའི་ཁྱིམ་དེར་
299a
༄#། །གནས་པར་འགྱུར་རོ། །དེ་དག་ཡུན་མི་རིང་བས་ཀྱང་ནད་ཐམས་ཅད་གྲོལ་བར་འགྱུར་རོ། །རིགས་ཀྱི་བུ། དེ་བཞིན་དུ་གང་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་གང་ལ་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང ། ང་རྒྱལ་དང ། རྒྱགས་པ་དང ། ལྟ་བ་ངན་པས་རྟག་ཏུ་གཙོ་བའི་སེམས་ཅན་རྣམས་ལ་ལ་ལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བར་འགྱུར་བ་དེ་དག་ཀྱང་ཇི་ལྟར་ཡོན་ཏན་ཁོང་དུ་ཆུད་པ་དེ་ལྟར་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དེ་ལས་འབྱོལ་བར་འདོད་དོ། ། གང་ཡང་དེ་ལས་འདས་ཤིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་རྣམ་པར་སྤྱོད་པ་དེ་ཉོན་མོངས་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་གདོན་མི་ཟ་བར་འགྲོ་བར་འདོད་དོ། །དེ་དག་ཀྱང་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་གྲངས་མེད་པ་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལས་ཤིན་ཏུ་འདས་པས་ཡུན་རིང་པོར་སྡུག་བསྔལ་འདོད་པར་འགྱུར་རོ། །གང་གི་ཚེ་དེ་དག་སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་དག་པ་དེར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་མི་རྒྱ་བ་འདིའང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་ཚོགས་ཡོངས་སུ་དག་པའོ། །རིགས་ཀྱི་བུ། དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་སྔ་དྲོའི་དུས་གཅིག་གིས་ཀྱང་ཚུལ་ཁྲིམས་བསྲུངས་སོ། །ཚུལ་
299b
ཁྲིམས་བསྒོམས་སོ། །སྦྱིན་པ་བྱིན་ནོ། །བསམ་གཏན་ལ་བསམ་གཏན་བྱས་སོ། །བརྩོན་འགྲུས་བརྩམས་སོ། །བཟོད་པ་བསྒོམས་སོ། །ཤེས་རབ་ཀྱི་ཡོན་ཏན་བརྩམས་སོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བསྐལ་པ་བརྒྱ་སྟོང་དུའང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པས་སྤྱད་པ་སྤྱོད་པའང་མ་ཡིན་ནོ། །རིགས་ཀྱི་བུ། དེ་ཅིའི་ཕྱིར་ཞེ་ན། གང་ཡང་ཉོན་མོངས་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་ཐམས་ཅད་ཀྱི་ཐོག་མར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ས་བོན་བསྐྱེད་དོ། །ཡང་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དེར་འགྲོ་ཞིང་འདིར་དེ་ཙམ་གྱི་བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས་དགེ་བའི་ཆོས་ཡོངས་སུ་ཚོལ་བ་ལ་མངོན་པར་བརྩོན་པར་གནས་སོ། །གང་དེ་ལྟ་བུའི་ཡེ་ཤེས་སྣང་བ་ཐོབ་པ་དེ་ཐམས་ཅད་ཡུལ་སྨྲ་བ་རྣམ་པར་དཔྱོད་པའི་ཡེ་ཤེས་གཡོ་བ་མེད་པར་འགྱུར་རོ། །འཇིག་རྟེན་གྱི་ཆོས་རྣམས་ལས་འཕགས་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱི་ཞིང་ལྟ་བ་སྣང་བར་འགྱུར་རོ། །སེམས་ཅན་གྱི་སྤྱོད་པ་བརྗོད་དུ་མེད་པ་མངོན་པར་ཤེས་པའི་ཡེ་ཤེས་ལ་མཁས་པར་འགྱུར་རོ། །སེམས་ཅན་ལུས་མ་རུངས་པ་དང ། མི་དགེ་བའི་རྩ་བ་རྣམས་དང་ལྷན་ཅིག་ཏུ་འགྲོགས་པ་རྣམས་ལ་ཡོངས་སུ་གཏོང་བའང་མེད། སེམས་ཅན་ལུས་ཉོན་མོངས་པས་དཀྲུགས་པ་རྣམས་ཅི་འདྲ་བར་མཐོང་བ་ལ་སེམས་ཀྱི་ནད་ཅི་ཕན་དུ་རབ་ཏུ་ཞི་བར་བྱ་བའི་ཕྱིར་དེ་འདྲ་བའི་སེམས་ཀྱིས་སྨན་གྱི་
300a
༄#། །ཡོ་བྱད་རབ་ཏུ་སྟོན་པར་བྱེད་དོ། །གང་གི་ཉོན་མོངས་པས་སེམས་ཅན་ངན་དུ་སྤྱོད་པ་དང་ལྡན་པར་མཐོང་བའི་ཉོན་མོངས་པ་དེ་དག་བདག་གིས་སྤངས་ཏེ། སེམས་ཅན་དེ་ལ་སྙིང་རྗེ་ཆེན་པོ་བསྐྱེད་དོ། །ཉོན་མོངས་པ་དེ་དག་སྤང་པའི་ཕྱིར་བརྩོན་པས་སེམས་ཅན་རྣམས་འདུལ་བར་བྱེད་དོ། །ཇི་ལྟར་ཉོན་མོངས་པ་ལས་ཡོངས་སུ་ཐར་པར་བྱ་ཞེས་འདོད་ཆགས་སྤྱོད་པ་རྣམས་མི་མཛེས་པ་ལ་རབ་ཏུ་སྦྱོར་བས་རབ་ཏུ་ཞི་བར་བྱེད་དོ། །ཞེ་སྡང་སྤྱོད་པ་རྣམས་བྱམས་པར་རབ་ཏུ་སྦྱོར་བ་དང ། གཏི་མུག་སྤྱོད་པ་རྣམས་རྟེན་ཅིང་འབྲེལ་བར་སྦྱོར་བ་དང ། སྐལ་པ་དང་བཅས་པར་སྤྱོད་པ་རྣམས་དབུགས་ཕྱི་ནང་དུ་རྒྱུ་བ་དྲན་པར་རབ་ཏུ་སྦྱོར་བ་དང ། འདོད་ཆགས་སྣརེལ་ཞིང་སྤྱོད་པ་རྣམས་བྱམས་པ་དང ། མི་དགེ་བ་རབ་ཏུ་སྦྱོར་བ་དང ། ཞེ་སྡང་སྣརེལ་ཞིར་སྤྱོད་པ་རྣམས་མི་མཛེས་པ་དང ། བྱམས་པར་རབ་ཏུ་སྦྱོར་བ་དང ། གཏི་མུག་སྣརེལ་ཞིང་སྤྱོད་པ་རྣམས་མི་མཛེས་པ་དང ། རྟེན་ཅིང་འབྲེལ་པར་རབ་ཏུ་སྦྱོར་བ་དང ། ལྟ་བ་ངན་པ་ཐོབ་པ་རྣམས་སྟོང་པ་ཉིད་རབ་ཏུ་ཐོབ་པ་དང ། རྐྱེན་སྟོབས་ཅན་རྣམས་ལ་རྗེས་སུ་སྲུང་བ་དང་ལྡན་པ་རབ་ཏུ་སྦྱོར་བ་དང ། རབ་ཏུ་གཟུང་དུ་མེད་ཅིང་དངོས་པོ་མེད་པ་དང ། སྒྲོག་པ་མེད་པར་ཤེས་པ་རྣམས་ཟབ་མོ་རྣམ་པར་ཞི་བ་རབ་ཏུ་སྦྱོར་བ་དང ། སྤྲོས་པར་ཤེས་པ་རྣམས་ལྷག་མཐོང་སྤྲོས་པའི་གཏམ་རབ་ཏུ་སྦྱོར་བས་ཞི་བར་བྱེད་དོ། །ངེས་པར་འདོད་པ་
300b
རྣམས་རིམ་གྱིས་སྨྲ་བ་དང ། ཚིག་ཟད་པ་རྣམས་བསྡུ་བ་རབ་ཏུ་སྦྱོར་ཞིང་ཞི་གནས་དང་ལྷག་མཐོང་དུ་རབ་ཏུ་སྦྱོར་བ་དང ། ལྷག་མཐོང་ལ་གུས་པ་ཅན་རྣམས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་རབ་ཏུ་སྦྱོར་བ་དང ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་གུས་པ་ཅན་རྣམས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་རབ་ཏུ་སྦྱོར་བ་དང ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་གུས་པ་ཅན་རྣམས་ཅུང་ཟད་མེད་པའི་སྐྱེ་མཆེད་དུ་སྦྱོར་བ་དང ། ཅུང་ཟད་མེད་པའི་སྐྱེ་མཆེད་ལ་གུས་པ་ཅན་རྣམས་མཚན་མ་མེད་པར་རབ་ཏུ་སྦྱོར་བ་དང ། སྨོན་ལམ་ལ་གུས་པ་རྣམས་སྨོན་པ་མེད་པར་སྨྲ་བར་རབ་ཏུ་སྦྱོར་བ་དང ། ཚུལ་ཁྲིམས་ལ་གུས་པ་ཅན་རྣམས་ངན་སོང་གསུམ་ལས་ཡོངས་སུ་ཐར་པར་རབ་ཏུ་སྦྱོར་བ་དང ། ཐོས་པ་ལ་ང་རྒྱལ་ཅན་རྣམས་སྲེད་པ་ཐམས་ཅད་འབྱུང་བ་མེད་པར་རབ་ཏུ་སྦྱོར་བ་དང ། དགོན་པ་ལ་ང་རྒྱལ་མངོན་པར་བརྩོན་པ་རྣམས་དང ། སྦྱངས་པའི་ཡོན་ཏན་ཅན་ལ་ང་རྒྱལ་མངོན་པར་བརྩོན་པ་རྣམས་ཚད་མེད་པར་རབ་ཏུ་སྦྱོར་བ་དང ། ཕུང་པོ་ལ་རྟག་པར་འདུ་ཤེས་པ་རྣམས་འབྱུང་བ་དང་ཟད་པར་རབ་ཏུ་སྦྱོར་བ་དང ། ཁམས་ལ་བདག་གིར་བྱ་བ་ཡོངས་སུ་སྤངས་པ་རྣམས་སྨིག་རྒྱུ་བར་རབ་ཏུ་སྦྱོར་བ་དང ། སྐྱེ་མཆེད་ཡོངས་སུ་སྤངས་པ་རྣམས་སྤུ་བའི་ཕུང་པོར་རབ་ཏུ་སྦྱོར་བ་དང ། འདོད་པའི་ཁམས་ཡོངས་སུ་སྤངས་པ་རྣམས་ཆུ་ཤིང་གི་སྙིང་པོ་མེད་པར་རབ་ཏུ་སྦྱོར་བ་དང ། གཟུགས་ཀྱི་ཁམས་ཡོངས་སུ་སྤངས་པ་རྣམས་ལས་
301a
༄#། །བྱེད་མི་རྟག་པར་རབ་ཏུ་སྦྱོར་བ་དང ། གཟུགས་མེད་པའི་ཁམས་ཡོངས་སུ་སྤངས་པ་རྣམས་འདུ་བྱེད་ཐམས་ཅད་སྡུག་བསྔལ་བར་རབ་ཏུ་སྦྱོར་བ་དང ། བསམ་གཏན་ལ་དགའ་བ་དང་བདེ་བ་ཡོངས་སུ་སྤངས་པ་རྣམས་ཆོས་ཐམས་ཅད་ལ་བདག་མེད་པར་རབ་ཏུ་སྦྱོར་བ་དང ། འཁོར་བའི་སྡུག་བསྔལ་འདོད་པ་རྣམས་མྱ་ངན་ལས་འདའ་བ་ཞི་བར་རབ་ཏུ་སྦྱོར་བ་དང ། གཞན་ཡང་ལམ་ངན་པ་ཡོངས་སུ་སྤངས་པ་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་རབ་ཏུ་སྦྱོར་བས་ལྟ་བ་དེ་དག་རབ་ཏུ་ཞི་བར་བྱའོ། །ཡིད་དུ་འོང་བའི་སྐྱེ་བོ་ཡོངས་སུ་སྤངས་པ་རྣམས་མི་མཛེས་པར་རབ་ཏུ་སྦྱོར་བ་དང ། གཟུགས་ལ་ཆགས་པ་ཡོངས་སུ་སྤངས་པ་རྣམས་རོ་སྔོན་པོར་རབ་ཏུ་སྦྱོར་བ་དང ། སྒྲ་ལ་ཆགས་པ་ཡོངས་སུ་སྤངས་པ་རྣམས་བྲག་ཅ་འབྱུང་བ་ཟད་པར་རབ་ཏུ་སྦྱོར་བ་དང ། དྲི་ལ་ཆགས་པ་ཡོངས་སུ་སྤངས་པ་རྣམས་རླུང་དུ་རྟོག་པར་རབ་ཏུ་སྦྱོར་བ་དང ། རོ་ལ་ཆགས་པ་ཡོངས་སུ་སྤངས་པ་རྣམས་མི་མཛེས་པ་སྣ་ཚོགས་རབ་ཏུ་སྦྱོར་བ་དང ། རེག་པ་ལ་ཆགས་པ་ཡོངས་སུ་སྤོང་བ་རྣམས་མི་གཙང་བའི་ཡན་ལ་གསུམ་ཅུ་རྩ་དྲུག་རབ་ཏུ་སྦྱོར་བ་དང ། སྙིང་རྗེ་མེད་པ་རྣམས་བྱམས་པར་རབ་ཏུ་སྦྱོར་བ་དང ། གཏོང་བ་མེད་པ་རྣམས་སྦྱིན་པ་ཆེན་པོ་ལྟར་རབ་ཏུ་སྦྱོར་བ་དང ། གཏི་མུག་གིས་བསྒྲིབས་པ་རྣམས་ཁ་ཏོན་ལ་རབ་ཏུ་སྦྱོར་བ་དང ། འདུས་པ་རྣམས་འཕགས་པའི་རིགས་ལ་དགའ་བར་རབ་ཏུ་སྦྱོར་བ་དང ། སྡུག་
301b
བསྔལ་འདུལ་བ་རྣམས་རིམ་གྱིས་སེམས་རྩེ་གཅིག་ཏུ་འདུས་པར་རབ་ཏུ་སྦྱོར་བ་དང ། འདུ་བྱེད་ཐམས་ཅད་ཀྱིས་མངོན་པར་སྤྲོས་པ་རྣམས་སྒྱུ་མ་ལྟ་བུར་རབ་ཏུ་སྦྱོར་བས་ཉོན་མོངས་པ་དེ་དག་ཞི་བར་འགྱུར་རོ། །བམ་པོ་ལྔ་པ། གཞན་ཡང་སེམས་ཅན་ལྷ་དང་མིར་སྐྱེ་བར་བསམ་པ་རྣམས་ལ་དགེ་བ་བཅུའི་ལས་ཡོངས་སུ་དག་པར་སྦྱོར་བར་བྱེད་དོ། །ཉན་ཐོས་ཀྱི་ཐེག་པར་བསམ་པ་རྣམས་ལ་འཕགས་པའི་བདེན་པ་བཞི་དང་ལྡན་པར་ཡིད་ལ་བྱེད་པ་སྦྱོར་བར་བྱེད་དོ། །རང་སངས་རྒྱས་ཀྱི་ཐེག་པར་བསམ་པ་རྣམས་ལ་རྟེན་ཅིང་འབྲེལ་བར་སྨྲ་བ་ཡིད་ལ་བྱེད་པ་སྦྱོར་བར་བྱེད་དོ། །སེམས་ཅན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་སྦྱོར་བར་བྱེད་དོ། །ཐོག་མར་སེམས་བསྐྱེད་པ་རྣམས་ལ་ལྷག་པའི་བསམ་པ་ཕྱིར་མི་ལྡོག་པའི་སེམས་སྦྱོར་བར་བྱེད་དོ། །སེམས་ཅན་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ལ་ཡང་དག་པར་ཞུགས་པ་རྣམས་སྙིང་རྗེ་ཆེན་པོ་ལ་ཡོངས་སུ་མི་སྐྱོ་བས་སེམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྤྱོད་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ལ་དེའི་འོག་ཏུ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་ཚོགས་ཡོངས་སུ་དག་པར་སྦྱོར་བར་བྱེད་དོ། །ཇི་ལྟ་བུར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གཞན་དུ་རྣམ་པར་སྤྱོད་ཅིང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་ཚོགས་ཡོངས་སུ་དག་པར་སྦྱོར་བར་བྱེད་པ་དེ་དག་དེའི་འོག་ཏུ་མངོན་པར་ཤེས་
302a
༄#། །པས་རྣམ་པར་རྩེའོ། །ཇི་ལྟ་བུར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བཞིན་དུ་རྣམ་པར་སྤྱོད་ཅིང་སངས་རྒྱས་ཀྱི་ཞིང་གི་ཚོགས་མངོན་པར་འདོད་པ་དེ་དག་དེའི་འོག་ཏུ་མངོན་པར་ཤེས་པ་རྣམ་པར་རྩེ་བ་དེ་ལ་སྐྱེ་བར་འདོད་པ་ཇི་སྙེད་པ་དེར་སྐྱེའོ། །ཡང་སངས་རྒྱས་ཀྱི་ཞིང་ཉོན་མོངས་པར་རྣམ་པར་མི་སྤྱོད་ཅིང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་ཚོགས་ཡོངས་སུ་དག་པ་འདོད་པའང་མེད་པ་དེར་སྐྱེ་བར་འདོད་པ་དེ་ཇི་ཙམ་པ་དེར་སྐྱེའོ། །ཡང་ཉོན་མོངས་པའི་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་མི་འདོད་པ་དེ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བའི་བར་དུའོ། །རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་ལྟ་བ་དོག་པ་རྙེད་པ་དང ། མཚམས་མེད་པ་བྱེད་པ་དང ། དམ་པའི་ཆོས་སྤོང་བ་དང ། འཕགས་པ་ལ་སྐུར་པ་འདེབས་པ་དང ། མི་དགེ་བའི་རྩ་བ་དང་ལྷན་ཅིག་ཏུ་འགྲོགས་པ་རྣམས་རྒྱུན་གཅོད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སེམས་ཅན་བསམ་པ་ཡོངས་སུ་དག་པ་རྣམས་ལ་སངས་རྒྱས་ཀྱི་བྱ་བ་བྱེད་ཅིང ། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཚད་མེད་གྲངས་མེད་པ་རྣམས་ལ་འཇུག་པའི་ཡེ་ཤེས་ལ་མཁས་པ་རྣམས་ལ་ཆོས་སྟོན་པར་བྱེད་དོ། །ཡང་བྱང་ཆུབ་སེམས་དཔའ་རྙོག་ལ་ལྔའི་སངས་རྒྱས་ཀྱི་ཞིང་འདིར་རྣམ་པ་དེ་ལྟ་བུའི་རྩལ་བྱེད་ཀྱང་གང་བྱང་ཆུབ་སེམས་དཔའ་ལ་ལ་སངས་རྒྱས་ཀྱི་ཞིང་
302b
ཡོངས་སུ་དག་པར་རྣམ་པ་དེ་ལྟ་བུའི་རྩལ་བྱེད་མི་ནུས་སོ། །ཡང་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་འདིར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་ཅན་གཅིག་གི་འདོད་ཆགས་ཀྱི་སྤྱད་པ་སྟོང་ཕྲག་ཉི་ཤུ་རྩ་གཅིག་རབ་ཏུ་ཤེས་པ་དེ་ལྟར་ཐབས་རབ་ཏུ་སྦྱོར་བ་སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས་འདོད་ཆགས་རབ་ཏུ་ཞི་བར་བྱེད་པ་དང ། གལ་ཏེ་སེམས་ཅན་གཅིག་གི་ཞེ་སྡང་སྤྱོད་པ་སྟོང་ཕྲག་ཉི་ཤུ་རྩ་གཅིག་རབ་ཏུ་ཤེས་པ་དེ་ལྟར་ཐབས་ལ་མཁས་པ་སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས་ཞེ་སྡང་ཞི་བར་བྱེད་པ་དང ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་ཅན་གཅིག་གི་སྐལ་པ་དང་བཅས་པར་སྤྱོད་པ་སྟོང་ཕྲག་ཉི་ཤུ་རྩ་གཅིག་རབ་ཏུ་ཤེས་པ་དེ་བཞིན་དུ་ཐབས་ལ་མཁས་པ་སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས་ཞི་བར་བྱེད་པ་དང ། བྱང་ཆུབ་སེམས་དཔའ་གང་གིས་སེམས་ཅན་གཅིག་གི་སྐལ་པ་དང་བཅས་པར་སྤྱོད་པ་ཉོན་མོངས་པ་ཀུན་ནས་ལྡང་བ་རབ་ཏུ་ཞི་བར་ནུས་པ་དེ་ལྟར་བྱང་ཆུབ་སེམས་དཔའ་རྩལ་ཆེན་པོ་བྱེད་དོ། །གང་སེམས་ཅན་གཅིག་གི་ཉོན་མོངས་པའི་རྒྱུ་སྤྱོད་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རབ་ཏུ་ཤེས་པའི་བྱང་ཆུབ་སེམས་དཔའ་དེའང་སེམས་ཅན་གཅིག་གི་དགོས་པས་བརྩོན་འགྲུས་བརྟན་པ་ལ་མོས་ཤིང་ཕ་རོལ་གནོན་པ་ན་ཐབས་ལ་མཁས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རབ་ཏུ་སྦྱོར་བ་དང་ཕ་རོལ་གནོན་པས་གཟིར་བ་རྣམས་བྱང་ཆུབ་སེམས་དཔའ་རྩལ་ཆེན་པོ་འདི་ལ་ལྟོས་ཤིག་།ཇི་ལྟར་སེམས་ཅན་གཅིག་གི་ཉོན་མོངས་པ་
303a
༄#། །རབ་ཏུ་ཞི་བར་ནུས་པ་དེ་ལྟར་གཉིས་དང ། གསུམ་དང ། བཞི་ནས་གླིང་གཅིག་གི་སེམས་ཅན་ཡོངས་སུ་ཚང་བ་རེ་རེའི་དགོས་པས་ཉོན་མོངས་པ་སྤྱོད་པའི་མཚན་ཉིད་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རབ་ཏུ་ཞི་བར་བྱེད་ཅིང་གླིང་གཉིས་པ་དང ། གླིང་བཞི་པ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཆུ་བོ་གངྒཱའི་བྱེ་མ་སྙེད་དུ་སེམས་ཅན་ཐམས་ཅད་ཉོན་མོངས་པ་ཐམས་ཅད་ལས་ཡོངས་སུ་ཐར་པར་བྱེད་པ་དེ་ལྟར་བྱང་ཆུབ་སེམས་དཔའ་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་བཟོད་པ་ཐོབ་པ་ཞེས་བྱའོ། །ཇི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་རེ་རེའི་ཉོན་མོངས་པའི་དབང་པོ་སྤྱོད་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་འཇུག་པ་དེ་ལྟར་སེམས་ཅན་གཅིག་གི་མོས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རབ་ཏུ་ཤེས་ཤིང་བྲི་བའི་མཚན་ཉིད་རབ་ཏུ་ཤེས་པ་དང ། འཕེལ་བའི་མཚན་ཉིད་རབ་ཏུ་ཤེས་པ་དང ། གནས་པའི་མཚན་ཉིད་རབ་ཏུ་ཤེས་པ་དང ། རྟོགས་པའི་མཚན་ཉིད་རབ་ཏུ་ཤེས་པ་དང ། མི་རྟག་པའི་མཚན་ཉིད་རབ་ཏུ་ཤེས་པ་དང ། སྡུག་བསྔལ་གྱི་མཚན་ཉིད་རབ་ཏུ་ཤེས་པ་དང ། བདག་མེད་པའི་མཚན་ཉིད་རབ་ཏུ་ཤེས་པ་དང ། སེམས་ཅན་གྱི་མཚན་ཉིད་རབ་ཏུ་ཤེས་པ་དང ། སྟོང་པའི་མཚན་ཉིད་རབ་ཏུ་ཤེས་པ་དང ། དབེན་པའི་མཚན་ཉིད་རབ་ཏུ་ཤེས་པ་ནས་དེ་བཞིན་དུ་མཚན་ཉིད་མེད་པའི་བར་དུ་འདུ་ཤེས་པ་དང ། མྱ་ངན་ལས་
303b
འདའ་བའི་མཚན་ཉིད་དུ་རབ་ཏུ་ཤེས་པ་དང ། སེམས་ཅན་རེ་རེའི་ཆགས་པའི་མཚན་ཉིད་སྣ་ཚོགས་བརྒྱད་ཅུ་རྩ་བཞི་རབ་ཏུ་ཤེས་པ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་སྤྱོད་པའི་མཚན་ཉིད་མངོན་པར་ཤེས་པར་འགྱུར་རོ། །བསམ་པའི་ཚུལ་ཤེས་པས་སེམས་ཅན་ཉོན་མོངས་པ་དམ་པས་བཅིངས་པ་ལས་ཡོངས་སུ་ཐར་པར་ནུས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་ཅན་མི་དགེ་བའི་རྩ་བ་དང་ལྷན་ཅིག་ཏུ་འགྲོགས་པ་རྣམས་ལ་སྙིང་རྗེ་ཆེན་པོ་རྒྱུན་མི་གཅོད་ཅིང་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདུག་པ་འདིའང་བྱང་ཆུབ་སེམས་དཔའི་རྩལ་ཆེན་པོའོ། །ཡང་བྱང་ཆུབ་སེམས་དཔའ་དགྲ་རྣམ་པར་འགྲེལ་བས་འདི་བསྟན་པ་སྟོན་པ་ན་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་པར་བྱང་ཆུབ་སེམས་དཔའ་ཡང་དག་པར་ལྷགས་པ་དང ། བྱང་ཆུབ་སེམས་དཔའ་ཆུ་བོ་གངྒཱ་སུམ་ཅུའི་བྱེ་མ་སྙེད་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཆུ་བོ་གངྒཱའི་བྱེ་མ་སྙེད་ཀྱིས་དགའ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པ་དེ་དག་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་བཙལ་ནས་མགྲིན་གཅིག་ཏུ་འདི་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །ཆུ་བོ་གང་རྣམས་བལྟ་དཀའ་ཆུ་བོས་ཁྱེར། །ང་རྒྱལ་མངོན་པའི་ང་རྒྱལ་ཡུལ་
304a
༄#། །ལས་ཤེས། །ཉོན་མོངས་རྒྱ་མཚོ་ལས་ནི་མཐར་ཕྱིན་མེད། །ལམ་གྱིས་བདག་ཅག་ཀྱང་ནི་རྣམ་པར་གནས། །སེམས་ཅན་གང་རྣམས་ཉོན་མོངས་གདུང་བས་གདུངས། །ཉོན་མོངས་སངས་རྒྱས་ཞིང་དུ་རྟག་རྣམས་མྱོས། །ངན་སོང་འགྲོ་བར་རྟག་ཏུ་སྡུག་བསྔལ་བསགས། །འཆད་མཁན་དམ་པའི་དོན་གྱི་ཐེག་པ་སྟོན། །བདག་ཅག་ཉོན་མོངས་སེམས་ཅན་རྣམས་དགོས་པས། །སངས་རྒྱས་ཞིང་དེར་སྨོན་ལམ་བྱེད་འགྱུར་བ། །ཉོན་མོངས་ཞིང་དུ་བདག་ཅག་སྤྱད་པ་སྤྱོད། །སེམས་ཅན་ཉོན་མོངས་དམ་བཅིངས་གྲོལ་བར་བྱེད། ། གང་དག་འདོད་ཆགས་ཞེ་སྡང་ང་རྒྱལ་དྲེགས། །གཏི་མུག་ལམ་སྟོར་སྡིག་པ་རབ་བྱེད་པ། །སྡིག་པ་ཐམས་ཅད་ལས་ནི་བདག་ཅག་བཟློག་།འཁོར་བའི་དགོན་པ་འཇིགས་ལས་རབ་ཏུ་སྒྲོལ། ། གང་དམྱལ་བྱོལ་སོང་ཡི་དྭགས་འཇིག་རྟེན་དུ། །རྟག་ཏུ་འདོད་མེད་སྡུག་བསྔལ་མྱོང་བ་དག་།བདག་ཅག་སྡུག་བསྔལ་ཐམས་ཅད་ལས་གྲོལ་བྱེད། །ཉོན་མོངས་སངས་རྒྱས་ཞིང་དུ་བྱང་ཆུབ་སྤྱོད། །ཡང་སངས་རྒྱས་ཀྱི་ཞིང་མ་ལུས་པར་ཁྱབ་པའི་འཁོར་ཐམས་ཅད་དང་ལྡན་པ་དེས་ཀྱང་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། སྐྱེས་བུ་དམ་པ་ལེགས་པར་སྤོབས་ཤིང་མཆོག་ཏུ་རྒྱ་ཆེ་བའི་བརྩོན་འགྲུས་བརྟན་པ་ལ་བརྩོན་པ་ཕ་རོལ་གནོན་པ་སེམས་ཅན་ཡོངས་སུ་སྨིན་པའི་ཆོས་ཀྱི་སྒོ་བསྟན་པ་ལེགས་སོ་ལེགས་སོ། །གང་ཆུ་བོ་གངྒཱའི་བྱེ་མ་སྙེད་ཀྱི་སྐྱེས་བུ་དམ་
304b
པ་འདིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱང་ཆུབ་ཀྱི་སྤྱོད་པ་བོར་\?\་ཏེ་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་སྤྱོད་པ་ལ་བརྩོན་ནོ། །སེམས་ཅན་མཚམས་མེད་པ་བྱེད་པ་དང ། དམ་པའི་ཆོས་སྤོང་བ་དང ། འཕགས་པ་ལ་སྐུར་བ་འདེབས་པ་དང ། ལུས་ཚིག་པ་དང ། མི་དགེ་བའི་རྩ་བ་དང་ལྷན་ཅིག་ཏུ་འགྲོགས་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོ་བསྐྱེད་དོ། །ཉོན་མོངས་པའི་སངས་རྒྱས་ཀྱི་ཞིང་བླ་ན་མེད་པའི་སངས་རྒྱས་ཀྱི་ཞིང་དུ་སྟོན་ཏོ། །ལུས་མེད་པ་ཕུང་པོ་སྤོང་བའི་མཐའ་སྟོན་ཏོ། །ཚིག་ཙམ་གྱིས་སྐྱེས་བུ་དེ་དག་བརྩོན་པར་འགྱུར་བ་དེ་དག་ལ་གང་ལྷ་དང་འཇིག་རྟེན་དུ་བཅས་པས་མཆོད་པ་མཆོག་ཏུ་རྒྱ་ཆེན་པོ་བྱེད་ན། དེ་དག་གི་བརྟན་པའི་བརྩོན་འགྲུས་ཕ་རོལ་གནོན་པ་འདི་ལ་བརྩོན་པ་ལྟ་ཅི་སྨོས་ཏེ། ཇི་ལྟར་ཚིག་གིས་དམ་བཅས་པ་ད་ལྟར་དགོས་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་དེ་ཉིད་ཀྱི་ཚེ་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ལེགས་སོ། །ཞེས་བྱ་བ་བྱིན་ཏེ་སྐྱེས་བུ་དམ་པ། ལེགས་སོ་ལེགས་སོ། ། རིགས་ཀྱི་བུ། ཇི་ལྟར་སྨྲ་བའི་ཚིག་ཙམ་གྱིས་རྩོམ་པར་འགྱུར་བ་དེ་དེ་བཞིན་ཏེ། དེ་དག་ལ་གང་ལྷ་དང་འཇིག་རྟེན་དུ་བཅས་པས་མཆོད་པ་མཆོག་ཏུ་རྒྱ་ཆེན་པོ་བྱེད་ན། དེའི་ཤེས་པས་ཉོན་མོངས་པ་དང་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་རྣམ་པ་དེ་ལྟ་བུའི་དེ་དག་གི་རྩལ་ཆེན་པོ་བྱ་བར་འགྱུར་བ་ལྟ་ཅི་སྨོས་ཏེ། མཚམས་མེད་པ་བྱེད་པ་ནས་མི་དགེ་བའི་རྩ་བ་དང་ལྷན་ཅིག་ཏུ་
305a
༄#། །འགྲོགས་པའི་བར་དུ་རྣམ་པ་དེ་ལྟ་བུའི་བརྟེན་པའི་བརྩོན་འགྲུས་ཕ་རོལ་གནོན་པའི་ཐབས་ལ་མཁས་པས་ཡོངས་སུ་སྨིན་པར་འགྱུར་རོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་དགྲ་རྣམ་པར་འགྲེལ་བས་དེ་ལྟར་སེམས་ཅན་ཡོངས་སུ་སྨིན་པ་ཤེས་རབ་ཀྱི་ཐབས་ལ་མཁས་པའི་ཆོས་ཀྱི་སྒོ་བསྟན་ནས་བཅོམ་ལྡན་འདས་ཀྱིས་ཚིག་འདི་བརྗོད་མ་ཐག་ཏུ་དེ་ནས་དེ་ཉིད་ཀྱི་ཚེ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་སངས་རྒྱས་ཀྱི་ཞིང་གི་ས་ཆེན་པོ་ལན་དྲུག་ཏུ་གཡོས་སོ། །ལྷ་རྫས་ཀྱི་མེ་ཏོག་གི་ཆར་ཡང་རབ་ཏུ་ཕབ་པོ། །ལྷ་རྫས་ཀྱི་རོལ་མོའང་རབ་ཏུ་དཀྲོལ་ཏོ། །ལྷ་དང ། དྲི་ཟ་དང ། མིའི་འཁོར་ཐམས་ཅད་དང་ལྡན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་དགྲ་རྣམ་པར་འགྲེལ་བ་དང ། བྱང་ཆུབ་སེམས་དཔའ་ཆུ་བོ་གངྒཱའི་བྱེ་མ་སྙེད་པོ་དེ་དག་ལ་མཆོག་ཏུ་རྒྱ་ཆེ་བའི་མཆོད་པའི་ལས་ཀྱི་ཕྱིར་བརྩོན་ནོ། །ཇི་སྙེད་ཡེ་ཤེས་མཛོད་འདི་བསྟན་དུ་གསོལ། །ཡེ་ཤེས་ཕྱིར་ཡང་སྟོན་པ་འདི་ཉིད་སྟོན། །མཁྱེན་པ་ཁྱོད་ཀྱིས་གང་གི་སློབ་སྟོན་པ། །ཐུབ་པ་ཤེས་པའི་སྨྲ་བ་འདི་ལ་འཇུག་།མཁྱེན་པ་ཅན་གྱི་ཞིང་མང་བྱེ་བ་ལ། །ཐོབ་པའི་ཡེ་ཤེས་སྟོན་པ་འདི་ལ་འཇུག་།བདག་ནི་ཡེ་ཤེས་འབྲོག་ས་མྱུར་གནས་ཤིང ། ། ཚུལ་འདི་ལའང་ཡེ་ཤེས་ལམ་རབ་སྟོན། །ཇི་ལྟར་བྱང་ཆུབ་སྤྱོད་ཕྱིར་ཤེས་འགྱུར་བ། །རྒྱལ་བ་ཡེ་ཤེས་རྒྱལ་མཚན་འདི་ལ་འཇུག་།ཇི་ལྟར་ནམ་མཁའ་དྲི་མེད་སྟོང་པའི་ཆོས། །བདག་
305b
དང་མཐུན་པའི་གཏམ་དག་བསྟན་དུ་གསོལ། །སྟོན་མཁན་མི་ཡི་གཙོ་བོ་འདི་ལ་མཆོག་།མཆོག་ཏུ་ཡིད་དུ་འོང་ཞིང་མཛེས་པ་སྟོན། །སྟོང་པ་ཉིད་ཀྱིས་ཉོན་མོངས་དགྲ་ཟིལ་གནོན། །རྟག་པ་དང་ནི་ཆད་པ་ཐལ་བར་བྱས། །དཔའ་དང་རྟུལ་ཕོད་གང་ཟག་དམ་པ་མཆོག་།སྲེད་པ་ཞི་བ་གང་ཟག་དམ་པ་མཆོག་།སྲེད་པ་ཞི་ཞིང་ཞི་གནས་རབ་ཏུ་སྟོན། །རྒྱལ་བ་རབ་ཏུ་ཞི་བ་འདི་ལ་འཇུག་།རྒྱལ་བ་སྟོང་པ་ཉིད་ཞི་རབ་བསྟན་གསོལ། །རྒྱལ་བ་སྟོང་པ་ཉིད་འདི་ལ་ཡང་འཇུག་།ཁ་དོག་དུང་དང་ཁ་བ་འདྲ་བ་ཡི། །ཞི་བ་མཛེས་པའི་སྟོང་པ་ཉིད་བསྟན་གསོལ། །ཉན་ཐོས་ཀྱི་ནི་འདི་ལ་ཚོགས་རྣམས་སྤངས། །སྟོན་གྱི་ཉི་མ་ཟླ་བའི་དཀྱིལ་འཁོར་ལྟར། །གཙོ་བོ་དག་གིས་ཤིན་ཏུ་གསལ་ཤིང་མཛེས། །འདིར་ནི་ལམ་ཞི་སྟོང་པ་ཉིད་བསྟན་གསོལ། །བརྒྱ་བྱིན་ཚངས་པའི་སྐད་ལྟར་སྒྲ་དབྱངས་སྙན། །སེམས་ཅན་དམའ་ལ་ཐུགས་བརྩེ་ཆེན་པོ་ཡིས། །ཐུབ་པ་འདི་ནི་སྟོང་པ་ཉིད་ལ་འཇུག་།མྱ་ངན་དང་བྲལ་འགྲོ་བ་འདི་ལ་ཚིམ། །དམའ་བ་སྤྱོད་པ་རྟག་ཏུ་བྱིན་བརླབས་པས། །ཤེས་རབ་མང་གཟུགས་སྟོང་པ་ཉིད་ཞི་གསུངས། །སྡིག་པ་བཅོམ་ཞིང་ཉེས་ཚོགས་དྲི་མ་མེད། །འདི་ནི་འགྲོ་ལ་ཐེག་པ་ངན་པ་སྤངས། །དགེ་བའི་མཚན་ཉིད་སྤྱོད་ཡུལ་རབ་ཉམས་པས་ཀྱི་མའོ་ད་ལྟར་སྟོང་པ་ཉིད་ཞི་གསུངས། །རྨ་བྱ་ངང་པ་ནེ་ཙོ་སྐེ་ཀ་དབྱངས། །མཉམས་པའི་ཕྱོགས་ཆ་ཅན་གྱི་སྒྲ་རྣམས་འཇིག། ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས་ལྷ་རྫས་
306a
༄#། །ཀྱི་མེ་ཏོག་ཨུཏྤལ་དང ། པདྨོ་དང ། ཀུ་མུ་ད་དང ། བུཎྜ་རཱི་ཀས་མངོན་པར་གཏོར་ཏོ། །འཕགས་པ་ཡང་དག་པར་སྦྱོར་བའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལེའུ་བཞི་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་མཐའ་ཡས་པའི་ཚོགས་ཀྱི་རྒྱལ་པོས་བཅོམ་ལྡན་འདས་ཇི་ཙམ་དུ་ཁང་པ་བརྩེགས་པ་ན་མི་བཞུགས་པ་དེ་ཙམ་གྱིས་བཅོམ་ལྡན་འདས་ཀྱི་དོན་གྱི་སླད་དུ་ལྷ་རྫས་ཀྱི་གསེར་དང ། ལྷ་རྫས་ཀྱི་བཻ་ཌཱུརྱ་སྔོན་པོའི་སྐས་མངོན་པར་སྤྲུལ་ཏེ་སྐས་དེ་དག་གི་ངོས་གཉིས་ལ་བྲམ་ཟེའི་བྱིས་པ་ཚེ་ལོ་སུམ་ཅུ་པ་ལྟ་བུ་ཚངས་དབྱངས་དང་ལྡན་པ་གསེར་གྱི་དབྱིག་པ་དང་གདུགས་འཛིན་པ། །ཚངས་པའི་སྤྱོད་ལམ་དང་ལྡན་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་མངོན་པར་སྤྲུལ་ཏོ། །དེ་ནས་བྲམ་ཟེའི་བྱིས་པ་དེ་དག་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་བཙལ་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །ཁྱོད་ནི་རབ་ཉོན་མོངས་ལ་སྔོན་ཐུགས་བསྐྱེད། །ཉོན་མོངས་ཐེག་ལ་བྱང་ཆུབ་ཕན་པའི་རྒྱུ། །ཉོན་མོངས་ཞི་ཕྱིར་རྒྱལ་བ་བསྙེན་ཀྱང་བཀུར། །ཉོན་མོངས་ཐབས་མཛད་རྒྱལ་བ་འདིར་གཤེགས་གསོལ། །ཉོན་མོངས་སྤྱོད་པ་ཐམས་ཅད་ཁྱོད་ཀྱིས་སྤངས། །སེམས་ཅན་ཉོན་མོངས་ལ་ནི་རྟག་ཏུ་གཉེན། །ཁྱོད་ནི་ཉོན་མོངས་
306b
ལས་ལས་འགྲོ་བ་བཟློག་།ཉོན་མོངས་རྒལ་བའི་རྒྱུས་ནི་རྟག་ཏུ་མྱོས། །ཉོན་མོངས་མ་ལུས་ཁྱོད་ཀྱིས་རབ་ཏུ་ཞི། །བདག་གི་བློས་ནི་ཉོན་མོངས་དྲ་བ་བཅད། །འགྲོ་བ་རྟག་ཏུ་ཉོན་མོངས་ཆུ་ལས་སྒྲོལ། །ཉོན་མོངས་སུན་འབྱིན་རྒྱལ་པ་འདིར་གཤེགས་གསོལ། །ཉོན་མོངས་ཞིང་དུ་བྱང་ཆུབ་དམ་པར་རེག་།ཡེ་ཤེས་སྒྲོན་འཆང་འགྲོ་ཤེས་ཉམས་པ་ཡི། །སེམས་ཅན་ཐམས་ཅད་ལ་ནི་ཐར་སྟོན་པ། །ཉོན་མོངས་ཉོན་མོངས་ཞི་ཕྱིར་འདིར་གཤེགས་གསོལ། །ཡེ་ཤེས་འོད་ཟེར་གྱིས་ནི་རྣམ་ཐར་སྟོན། །ཁྱོད་ཐུགས་བརྩེ་བས་འགྲོ་བས་ཤེས་ཉམས་ཁྱབ། །ཡེ་ཤེས་ཀྱིས་ནི་འགྲོ་བ་མིག་ལྡན་པས། །རྒྱལ་བ་ཡེ་ཤེས་ཉི་མ་འདིར་གཤེགས་གསོལ། །མཁྱེན་པས་ལྷ་དང་མི་མང་ཐར་པར་མཛད། །ཁྱོད་ཀྱི་ཡེ་ཤེས་སྲོག་དང་གང་ཟག་མེད། །ཐུབ་པ་ཡེ་ཤེས་དཔའ་པ་འདི་ལ་འཇུག་།ཉོན་མོངས་པ་ལ་སྦྱིན་མཛོད་དྲན་པ་གསུངས། །ཉི་མ་ཟླ་བ་མཆོག་ཏུ་མཛེས་པའི་སྤྱན། །རྒྱལ་བ་སེམས་ཅན་ཐལ་མོ་སྦྱར་ལ་གསུངས། །ཐུབ་པ་བྱང་ཆུབ་མཆོག་ཕྱིར་བསྟན་དུ་གསོལ། །འཕགས་པ་ཐུབ་པ་འདི་ལ་འཇུག་པ་གསུངས། །རྒྱལ་བ་བྱང་ཆུབ་རྒྱུ་ཅན་མཛེས་གཟིགས་པ། །ཕྱོགས་བཞི་འདིར་ནི་ཡང་དག་ལྷགས་མང་ལ། །སྟོང་པ་ཉིད་དང་བཟོད་སྤྱོད་ཤེས་གྱུར་གསུངས། །རྒྱལ་བ་དཔའ་གཏོང་འདི་ལ་ཤིན་ཏུ་འདུག་།བྲམ་ཟེའི་བྱིས་པ་དེ་དག་གིས་བཅོམ་ལྡན་འདས་ཀྱི་ཡོན་ཏན་འདི་སྨྲས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱིས་ལེགས་སོ། །ཞེས་བྱ་
307a
༄#། །བ་བྱིན་ཏེ། །དེ་ནས་དྲང་སྲོང་ཐུབ་པ་གདན་དེ་ལས་བཞེངས་པ་དང ། དེ་ཉིད་ཀྱི་ཚེ་ན་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་ཆེན་པོ་འདི་ཡན་དྲུག་ཏུ་གཡོས་སོ། །ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དུ་མས་ཀྱང་མི་མཇེད་ཀྱི་སངས་རྒྱས་ཀྱི་ཞིང་མ་ལུས་པར་ལྷ་རྫས་ཀྱི་མེ་ཏོག་གི་ཆར་མངོན་པར་ཕབ་བོ། །ལྷ་རྫས་ཀྱི་ཨ་ག་རུ་དང ། ཏ་ཀ་ར་དང ། དུས་དང་མཐུན་པའི་ཙནྡན་གྱི་ཆར་མངོན་པར་ཕབ་བོ། །ལྷ་རྫས་ཀྱི་གོས་དང ། རྒྱན་དང ། ཡིད་བཞིན་གྱི་གོས་དང ། ནོར་བུ་དང ། མུ་ཏིག་གི་སེ་མོ་དོ་དང ། རིན་པོ་ཆེའི་ཆར་མངོན་པར་ཕབ་བོ། །ལྷ་རྫས་ཀྱི་རོལ་མོ་རྡུང་བ་མངོན་པར་དཀྲོལ་ཏོ། །དབྱངས་ཀྱིས་ལྷུང་ལྷུང་ལེགས་ཀྱི་སྒྲ་ཕྱུང་ནས་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་སྔོན་མ་བསྟན་པའི་ཆོས་མཉན་པར་བགྱིའོ། །བདུད་ཀྱི་ཡུལ་ལས་ཡང་དག་པར་ཤིན་ཏུ་འདའ་བར་བགྱིའོ། །ཉོན་མོངས་པའི་ཡུལ་གཞོམ་པར་བགྱིའོ། །ཡེ་ཤེས་ཀྱི་ཡུལ་ཁོང་དུ་ཆུད་པར་བགྱིའོ། །ཟབ་མོའི་སྟོང་པ་ཉིད་ཀྱི་ལམ་ཁོང་དུ་ཆུད་པར་བགྱིའོ། །ཞེས་གསོལ་པ་དང ། དེ་ནས་བཅོམ་ལྡན་འདས་ཁང་པ་བརྩེགས་པ་དེ་དག་ལ་འཛེགས་ཏེ་སེངྒེའི་ཁྲི་བཤམས་པ་དེ་ཉིད་ལ་བཞུགས་ནས་མི་མཇེད་ཀྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་ལྡན་པ་ས་དང་ནམ་མཁའ་ཁྱབ་པའི་འཁོར་ཀུན་ཅང་མི་སྨྲ་བར་གྱུར་ནས་ཐལ་མོ་སྦྱར་
307b
ཏེ་སེམས་རྩེ་གཅིག་ཏུ་དྲང་སྲོང་ཐུབ་པ་ལ་ལྟ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་ལྡན་པ་མ་ལུས་པར་ས་དང་ནམ་མཁའ་ཁྱབ་པའི་འཁོར་ལ་རྣམ་པར་གཟིགས་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སེམས་ཅན་ཇི་སྙེད་འདིར་ནི་ཀུན་ལྷགས་པ། །བྱང་ཆུབ་འདོད་རྣམས་ཡོངས་སུ་ཆོས་ཚོལ་ན། །བྱང་ཆུབ་མཆོག་གི་སྤྱོད་པ་རབ་བསྟན་གྱི། །དེ་དག་ཐམས་ཅད་རྩེ་གཅིག་སེམས་སུ་ཉོན། །སེམས་ཅན་ལ་ལ་གཏི་མུག་སྲེད་པས་བསྒྲིབས། །ཕུང་པོ་དག་ལའང་ལྟ་བ་རྣམ་མི་སྤོང ། །གང་དག་ད་དུང་བྱང་ཆུབ་མཆོག་སྤྱོད་བརྩོན། །ཡང་ཡང་འདི་ལ་ཡོན་ཏན་ཅུང་ཟད་སྤྱོད། །དབང་པོ་དྲུག་ལ་སྟོང་པ་མི་ལྟ་སྟེ། །མཚན་མ་མེད་པའི་འཛིན་པ་བདག་ལ་ཟུང ། །བྱང་ཆུབ་ཕྱིར་ནི་ཅུང་ཟད་བརྩོན་སྤྱོད་ཀྱི། ། ཤེས་རབ་ཡོན་ཏན་ཐམས་ཅད་སྤྱོད་པ་མེད། །ཇི་ལྟར་མེ་འདོད་ཁྱིམ་གྱི་ནང་དུ་ནི། །བཙལ་བས་ཀྱང་ནི་མེ་དག་རྙེད་མ་གྱུར། །དེ་ལྟར་སེམས་ཅན་ལ་ལ་བྱང་ཆུབ་འདོད། །སྟོང་པ་བསྒོམས་པར་ཤེས་རབ་ཐོབ་པ་མེད། །དེ་བས་གང་དག་བྱང་ཆུབ་སྡུག་འདོད་པ། །ཕུང་པོ་ཁམས་དང་སྐྱེ་མཆེད་མཚན་མ་དག་།རྨི་ལམ་སྨིག་རྒྱུ་ལྟ་བུར་ཐམས་ཅད་ལྟོས། །འདི་ནི་བྱང་ཆུབ་དམ་པ་མཆོག་གི་ལམ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བཟང་སྐྱོང་ལ་བཀའ་སྩལ་པ། རིགས་ཀྱི་བུ། ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་
308a
༄#། །བའི་བཟོད་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་བདུད་ཀྱི་ཡུལ་ཐམས་ཅད་ལས་ཡང་དག་པར་ཤིན་ཏུ་འདས་ཏེ་ང་ཡིར་བྱ་བ་དང ། བདག་གིར་བྱ་བ་ཐམས་ཅད་ཀྱི་སྲིད་པའི་བག་ལ་ཉལ་བ་དང ། མཚན་མ་མེད་པ་དང ། མ་རིག་པར་ལྟ་བ་ཐམས་ཅད་སྤངས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་འདྲེས་པ་མེད་པ་དང ། སེམས་ཅན་གྱི་གོ་ཆ་དང ། སེམས་སྒྱུ་མ་ལྟ་བུ་དང ། ཚོར་བ་དུ་བ་དང ། རྡུལ་དང ། ནམ་མཁའ་དང ། སྤྲིན་ལྟ་བུར་རབ་ཏུ་ཤེས་སོ། །མཚན་མ་དང་མཚན་ཉིད་ཐམས་ཅད་ནམ་མཁའ་སྤྲོས་པ་ལྟ་བུར་རབ་ཏུ་ཤེས་སོ། །དགེ་བའི་རྩ་བ་ཐམས་ཅད་ལས་འདུས་པར་འགྱུར་རོ། །ལས་ཡོངས་སུ་ཟད་ཅིང་སེམས་ཅན་ཉེ་བར་འཚོ་བར་ཡང་འགྱུར་རོ། །དགེ་བའི་རྩ་བ་བསྐྱེད་པ་དང་མ་བསྐྱེད་པའི་གཉེན་ལྟ་བུར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པ་སྟོན་པར་འགྱུར་རོ། །ཕ་རོལ་གྱི་རྒོལ་བ་ཐམས་ཅད་ནམ་མཁའ་དང་མཚུངས་པར་ཐུལ་བ་མེད་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྒྱས་པ་སེངྒེ་ལྟ་བུ་དང ། རྒྱ་མཚོ་ཆེན་པོ་ལྟ་བུའི་ཆེན་པོའི་ཆར་གྱི་ཆུ་བོ་རབ་ཏུ་གཏོང་བ་དང ། འཁྲུལ་པ་མེད་པའི་མངོན་པར་ཤེས་པ་དང ། ཆགས་པ་མེད་པའི་སྤོབས་པ་དང་ལྡན་པ་དང ། བསྟོད་པ་དང ། རབ་ཏུ་བསྔགས་པར་འགྱུར་རོ། །རིགས་ཀྱི་བུ། བཟོད་པ་འདི་བསྒོམས་པ་ནས་ལུས་དབང་དུ་བཙུགས་
308b
བའི་བར་དུ་འདི་ལས་སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པར་འགྱུར་རོ། །རིགས་ཀྱི་བུ། དེ་ལ་བཟོད་པ་འདི་རྣམ་པ་གཉིས་ཏེ། ཡང་དག་པར་སྤྱོད་པའི་ཚུལ་གྱི་བཟོད་པ་དང ། ནམ་མཁའི་མདོག་གིས་འདུལ་བའི་བཟོད་པར་འགྱུར་རོ། །རིགས་ཀྱི་བུ། དེ་ལ་ཡང་དག་པར་སྤྱོད་པའི་ཚུལ་གྱི་བཟོད་པ་གང་ཞེ་ན། རྣམ་པ་ལྔ་སྟེ། རིགས་ཀྱི་བུ། ཡང་དག་པར་སྤྱོད་པའི་ཚུལ་གྱི་བཟོད་པ་རྣམ་པ་ལྔ་གང་ཞེ་ན། འདི་ལྟ་སྟེ། གཟུགས་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་ཞེས་བྱའོ། །རིགས་ཀྱི་བུ། དེ་ལ་གཟུགས་ཀྱི་ཕུང་པོ་གང་ཞེ་ན། རིགས་ཀྱི་བུ། རྣམ་པ་བརྒྱད་དེ། བྱང་ཆུབ་སེམས་དཔས་ཚུལ་བཞིན་ཡིད་ལ་བྱེད་པ་བརྟགས་པའི་བཟོད་པ་བསྒོམ་པར་བྱའོ། །རིགས་ཀྱི་བུ། བརྒྱད་གང་ཞེ་ན། གཟུགས་ཞེས་བྱ་བ་ནི། འབྱུང་བ་ཆེན་པོ་བཞིའོ། །གཟུགས་ཞེས་བྱ་བ་ནི། ནད་དོ། །འདོད་ཆགས་ཞེས་བྱ་བ་ནི། རྣམ་པར་འཇིག་པའི་ཆོས་ཀྱི་མཚན་ཉིད་དོ། །གང་རྣམ་པར་འཇིག་པའི་རང་བཞིན་དེ་ནི། མི་རྟག་པའོ། །དེའི་རང་བཞིན་ནི། དངོས་པོ་མེད་པ་སྟོང་པ་ཉིད་ཡོངས་སུ་ཆད་པའོ། །ཕྱི་དང་ནང་གི་རབ་འབྲིང་ཐ་མའི་ཉོན་མོངས་པའི་རྒྱུན་བཅད་དོ། །ནམ་མཁའ་ཇི་ལྟར་ཐམས་ཅད་དང་ལྡན་པ་དེ་བཞིན་དུ་མི་རྟག་པ་དང ། སྡུག་བསྔལ་བ་དང ། བདག་མེད་པ་དང ། སྟོང་པའི་མཚན་ཉིད་དང་ལྡན་པའི་བཟོད་པ་སྒོམ་པར་བྱེད་དོ། །འདི་ནི། བྱང་ཆུབ་སེམས་དཔའི་སེམས་ཅན་ཡོངས་སུ་སྨིན་པ་ཉེ་བར་འཚོ་བའི་བཟོད་པར་བལྟ་བར་བྱའོ། །རིགས་ཀྱི་
309a
༄#། །བུ།་གཞན་ཡང་གཟུགས་དེའང་འབྱུང་བ་ཆེན་པོ་བཞི་སྟེ། རིགས་ཀྱི་བུ། འབྱུང་བ་ཆེན་པོ་བཞི་པོ་འདི་དག་ནང་གིའམ། ཕྱི་རོལ་གྱིའམ། ཆེ་བའམ། བྲ་བའམ། དམའ་བའམ། བདེ་བའམ། གལ་ཏེ་རིང་བའམ། གལ་ཏེ་ཉེ་བ་དེ་དག་ཐམས་ཅད་མི་འགྲོ། རྣམ་པར་མི་འགྲོ་།མི་སྐྱེ། མི་འབྱུང ། བདག་མེད། བདག་གི་མེད་པར་བརྟག་པར་བྱའོ། །ཟད་པའི་ཚུལ་དང ། ཞི་གནས་ཀྱི་མཚན་ཉིད་ཀྱི་ཚུལ་དང ། རྟོག་པ་མེད་པ་དང ། སྨོན་པ་མེད་པའི་ཚུལ་དང ། འབྱུང་བ་མེད་ཅིང་མཚན་མ་མེད་པའི་ཚུལ་གྱིས་བརྟག་པར་བྱའོ། །ཇི་ལྟར་རྡུལ་ཤིན་ཏུ་ཕྲ་བ་ཀུན་འབྱུང་བ་དང ། ལུས་ཀུན་འབྱུང་བའི་ཕྱིར་ནང་གི་སའི་ཁམས་སྲ་བར་བརྟག་པར་བྱའོ། །ཤིན་ཏུ་ཕྲ་བའི་རྡུལ་གཅིག་པོ་དེ་ལ་ཇི་ལྟར་ལྷག་མཐོང་ཕྲ་མོས་བརྟག ། རྡུལ་ཕྲ་མོ་གཅིག་པོ་དེ་ལ་ཇི་ལྟར་མཚན་ཉིད་མེད་པའི་ཉོན་མོངས་པ་ཐམས་ཅད་ཀྱི་སྤྱོད་ལམ་དུ་གྱུར་པར་རབ་ཏུ་ཤེས་པ་དག་མེད་པ་དང ། རྣམ་པ་དང་བྲལ་བར་རབ་ཏུ་ཤེས། དངོས་པོ་མེད་པ་དང ། ཚིག་གི་ལམ་དང་བྲལ་བ་དང ། དམིགས་པ་མེད་པ་དང ། སྒྲ་དབྱངས་ཐམས་ཅད་དང་བྲལ་བར་རབ་ཏུ་ཤེས། བདག་མེད་པ་དང་བྲལ་བ་དང ། བདུད་ཀྱི་མཚན་ཉིད་རབ་ཏུ་ཤེས། ཡི་གེ་མེད་པ་དང ། རྒྱུ་དང་རྐྱེན་དང་བྲལ་བར་རབ་ཏུ་ཤེས། དངོས་པོ་མེད་པ་དང ། རྒྱུ་དང་རྐྱེན་དང་བྲལ་བར་རབ་ཏུ་ཤེས། མཚན་མ་མེད་པ་ལས་རྡུལ་ཤིན་ཏུ་ཕྲ་བར་རབ་ཏུ་ཤེས། ཇི་
309b
ལྟར་འདུ་བྱེད་ཐམས་ཅད་རབ་ཏུ་ཞི་བ་ལ་རྣམ་པར་བརྒྱད་པོ་དེ་དག་གི་རྡུལ་ཤིན་ཏུ་ཕྲ་མོ་གཅིག་ཏུ་བརྟག་གོ་།དེ་བཞིན་དུ་གཉིས་པ་དང ། དེ་བཞིན་དུ་གསུམ་པ་ནས་ནང་གི་ལུས་ཐམས་ཅད་ཀྱི་བར་དུ་གཅིག་ལའང་སོ་སོར་རྣམ་པ་བརྒྱད་པོ་འདི་དག་གིས་རྡུལ་ཤིན་ཏུ་ཕྲ་མོ་གཅིག་ཏུ་བརྟག་གོ་།ནང་གི་ལུས་ཇི་ལྟ་བ་དེ་བཞིན་དུ་ཕྱི་རོལ་གྱི་ལུས་ཀྱི་སའི་ཁམས་ཀྱང་རྣམ་པ་བརྒྱད་པོ་འདི་དག་གིས་སོ་སོར་རྡུལ་ཤིན་ཏུ་ཕྲ་བར་བརྟག་གོ་།མཚན་ཉིད་མེད་པ་ནས་མཚན་མ་མེད་པའི་བར་དུ་སའི་ཁམས་ཐམས་ཅད་ནང་གིའམ། ཕྱི་རོལ་གྱིའམ། ཆེ་བའམ། ཕྲ་བའམ། དམའ་བའམ། བདེ་བའམ། གང་རིང་བའམ། གང་ཉེ་བ་དེ་དག་ཐམས་ཅད་ཟད་པའི་ཆོས་སུ་ཡང་དག་པར་རྗེས་སུ་མཐོང་ངོ ། །གང་ཟད་པ་འདི་ནི། མི་རྟག་པའོ། །གང་མི་རྟག་པ་འདིའང་སྡུག་བསྔལ་བའོ། །གང་མི་འབྱུང་བ་དེ་བདག་མེད་པའོ། །གང་འདུ་བྱེད་ཐམས་ཅད་ཀྱི་ཚིག་གི་ལམ་དང་ཕྲལ་བ་དེའང་སྟོང་པ་སྟེ། ཇི་ལྟར་ཕྱི་དང་ནང་གི་སའི་ཁམས་ཇི་ལྟ་བ་བཞིན་དུ་སྟོང་པར་རབ་ཏུ་ཤེས་པ་དེ་ལྟར་རབ་འབྲིང་ཐ་མའི་ཉོན་མོངས་པ་ཉེ་བར་ཞི་བར་འགྱུར་རོ། །ནམ་མཁའ་ཇི་ལྟར་འདུ་ཤེས་མེད་ཅིང་ཚོར་བ་མེད་པ་དེ་བཞིན་དུ་སའི་ཁམས་ཀྱང་འདུ་ཤེས་མེད་ཅིང་ཚོར་བ་མེད་པ་དང ། མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པའི་མཚན་ཉིད་དང་ལྡན་པའི་བཟོད་པ་སྒོམ་པར་བྱེད་པ་འདིའང་བྱང་ཆུབ་སེམས་དཔའི་སེམས་ཅན་ཐམས་ཅད་
310a
༄#། །ཡོངས་སུ་སྨིན་པ་ཉེ་བར་འཚོ་བའི་བཟོད་པར་བལྟ་བར་བྱའོ། །རིགས་ཀྱི་བུ། གཞན་ཡང་ལུས་འདི་ལ་གཤེར་བའི་མཚན་ཉིད་ནི། ཆུ་སྟེ། ཆུའི་མཚན་ཉིད་ཕྲན་ཚོགས་སུ་ན་སྐྲའི་རྩེ་མོའི་ཆ་ཤས་ཙམ་དུ་ནང་གི་ལུས་ཆུའི་ཁམས་ཐམས་ཅད་སོ་སོར་ཐིགས་པ་ཙམ་དུ་ལྷག་མཐོང་གི་ཚུལ་གྱིས་བརྟག་གོ་།ཆེ་བའམ། ཕྲ་བའམ། དམའ་བའམ།་བདེ་བའི་མཚན་ཉིད་མེད་པ། ཉོན་མོངས་པ་ཐམས་ཅད་དང་བྲལ་བ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་ནས་མཚན་མ་མེད་པའི་བར་དུ་དེ་དག་ཐིགས་པ་ཙམ་དུ་འདུ་བྱེད་ཐམས་ཅད་ཉེ་བར་ཞི་བར་རབ་ཏུ་ཤེས་པ་ཇི་ལྟ་བུར་ཐིགས་པ་གཅིག་ལ་རྣམ་པ་བརྒྱད་པོ་དེ་དག་གིས་ཇི་ལྟ་བ་བཞིན་དུ་བརྟག་གོ་།དེ་བཞིན་དུ་གཉིས་པ་དང ། དེ་བཞིན་དུ་གསུམ་པ་ནས་ནང་གི་ལུས་ཀྱི་ཆུའི་ཁམས་ཐམས་ཅད་རྣམ་པ་བརྒྱད་པོ་དེ་དག་གིས་སོ་སོ་རེ་རེ་ལ་ཐིགས་པ་ཕྲ་བ་ཇི་ལྟ་བ་བཞིན་དུ་བརྟག་གོ་།མཚན་ཉིད་མེད་པ་ནས་མཚན་མ་མེད་པའི་བར་དུ་ནང་གི་ཆུའི་ཁམས་ཇི་ལྟ་བ་དེ་བཞིན་དུ་ཕྱི་རོལ་གྱི་ཆུའི་ཁམས་ཆེ་བའམ། ཕྲ་བའམ། དམའ་བའམ། བདེ་བའམ། གང་རིང་བའམ། གང་ཉེ་བ་དེ་དག་ཐམས་ཅད་ཟད་པའི་ཆོས་སུ་ཡང་དག་པར་རྗེས་སུ་མཐོང་ངོ ། །གང་ཟད་པའི་ཆོས་དེའང་མི་རྟག་པའོ། །དེའང་རྟོག་པ་མེད་པའོ། །གང་རྟོག་པ་མེད་པ་དེའང་སྡུག་བསྔལ་བའོ། །གང་འབྱུང་བ་མེད་པ་དེའང་བདག་མེད་པའོ།།
310b
གང་འདུ་བྱེད་ཐམས་ཅད་ཀྱི་ཚིག་གི་ལམ་དང་བྲལ་བ་དེའང་སྟོང་པ་སྟེ། ཇི་ལྟར་ནང་དང་ཕྱི་རོལ་གྱི་ཆུའི་ཁམས་ཇི་ལྟ་བ་བཞིན་དུ་སྟོང་པར་ཤེས་པ་དེ་ལྟར་རབ་འབྲིང་ཐ་མའི་ཉོན་མོངས་པ་ཞི་བར་འགྱུར་རོ། །ནམ་མཁའ་ཇི་ལྟར་གནས་མེད་ཅིང་སྤྲོས་པ་མེད་པ་དེ་བཞིན་དུ་ཕྱི་དང་ནང་གི་ཆུའི་ཁམས་ཀྱང་སྤྲོས་པ་མེད་ཅིང་གནས་མེད་པ་དང ། མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པའི་མཚན་ཉིད་དང་ལྡན་པའི་བཟོད་པ་སྒོམ་པར་བྱེད་པ་འདིའང་བྱང་ཆུབ་སེམས་དཔའི་སེམས་ཅན་ཡོངས་སུ་སྨིན་པ་ཉེ་བར་འཚོ་བ་སྟེ། སའི་ཁམས་དང ། ཆུའི་ཁམས་ཇི་ལྟ་བ་བཞིན་དུ་མེའི་ཁམས་དང ། རླུང་གི་ཁམས་རྒྱ་ཆེན་པོས་བྱའོ། །རིགས་ཀྱི་བུ། གཞན་ཡང་འབྱུང་བ་ཆེན་པོ་བཞི་ལས་གཟུགས་ནི། ཐེ་ཚོམ་གྱི་རྒྱུ་ལྟ་བུ་སྟེ། ནང་གིའམ། ཕྱི་རོལ་གྱིའམ། ཆེ་བའམ། ཕྲ་བའམ། དམའ་བའམ། བདེ་བའམ། གང་རིང་བའམ། གང་ཉེ་བ་དེ་དག་ཐམས་ཅད་དངོས་པོ་མེད་ཅིང་གཟུགས་བརྙན་ལྟ་བུ་དང ། དྲུག་གི་སྐྱེ་མཆེད་དབང་དུ་གྱུར་པ། སའི་ཁམས་ནས་རྣམ་པར་ཤེས་པའི་རྒྱུའི་བར་དུའོ། །གང་སྐད་ཅིག་སྐད་ཅིག་ཏུ་འབྱུང་བ་ཟད་པའི་ཆོས་ཉིད་དབང་པོ་དེ་ལ་ཟད་པ་དང ། འགོག་པ་དེ་ནི། འབྱུང་བ་ཟད་པ་ཉིད་དུ་བརྟག་གོ། དངོས་པོ་མེད་པ་དང་བདག་མེད་པར་དམིགས་པ། ཚིག་གི་ལམ་མེད་པ་དང ། རྣམ་པར་མི་འགྲོ་བ་དང ། མ་སྐྱེས་པ་དང ། མ་བྱུང་བ་དང ། བདག་མེད་པ་དང ། བདག་གི་མེད་པ་
311a
༄#། །དང ། ཞི་གནས་ཀྱི་མཚན་ཉིད་ཀྱི་ཚུལ་དང ། རྟོག་པ་མེད་ཅིང་སྨོན་པ་མེད་པའི་ཚུལ་དང ། མཚན་མ་མེད་པའི་ཚུལ་དང ། ལྷག་མཐོང་གི་ཚུལ་གྱིས་བརྟག་པར་བྱའོ། །མཚན་ཉིད་མེད་པ་དང ། ཉོན་མོངས་པ་ཐམས་ཅད་དང་བྲལ་བ་དང ། རྣམ་པ་དང་བྲལ་བ་དང ། བདག་མེད་པ་དང ། སྨོད་ཀྱི་འདུ་བྱེད་དང་བྲལ་བ་དང ། ཡི་གེ་མེད་པ་དང ། རྒྱུ་དང་རྐྱེན་དང་བྲལ་བར་རབ་ཏུ་ཤེས་སོ། །དངོས་པོ་མེད་པ་ཤིན་ཏུ་སྐད་ཅིག་མ་དང་བྲལ་བར་རབ་ཏུ་ཤེས་སོ། །འདུ་བྱེད་ཐམས་ཅད་མཚན་མ་མེད་པ་དང ། ཡུལ་རྒྱུན་ཆད་པ་མེད་པར་རབ་ཏུ་ཤེས་སོ། །འདུ་བྱེད་ཐམས་ཅད་གནས་མེད་ཅིང་ཉེ་བར་ཞི་བར་རབ་ཏུ་ཤེས་སོ། །རྣམ་པ་འདི་དག་གིས་གཟུགས་དངོས་པོ་མེད་པ་དབུ་བའི་ཕུང་པོ་ལྟར་བརྟག་གོ་།མཚན་ཉིད་མེད་པ་དང་མཚན་མ་མེད་པའི་བར་དུ་དེ་དག་ཐམས་ཅད་ཟད་པའི་ཆོས་སུ་ཡང་དག་པར་རྗེས་སུ་མཐོང་ངོ ། །གང་ཟད་པའི་ཆོས་དེ་མི་རྟག་པའོ། །གང་མི་རྟག་པ་དེ་ནི། རྟོག་པ་མེད་པའོ། །གང་རྟོག་པ་མེད་པ་དེའང་སྡུག་བསྔལ་བའོ། །གང་འབྱུང་བ་མེད་པ་དེའང་བདག་མེད་པའོ། །གང་འདུ་བྱེད་ཐམས་ཅད་ཀྱི་ལམ་དང་བྲལ་བ་དེའང་སྟོང་པའོ། །གང་ནང་དང་ཕྱི་རོལ་གྱི་གཟུགས་དེ་དག་ལྦུ་བའི་ཕུང་པོ་ལྟ་བུ་དངོས་པོ་མེད་ཅིང་གཟུགས་བརྙན་ལྟ་བུར་སྟོང་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ལྟར་རབ་འབྲིང་ཐ་མའི་ཉོན་མོངས་པ་
311b
ཉེ་བར་ཞི་བར་འགྱུར་རོ། །ནམ་མཁའ་ཇི་ལྟར་དམིགས་པ་མེད་ཅིང་འདུས་བྱས་པ་མེད་པ་དེ་བཞིན་དུ་གཟུགས་ཀྱང་ལྦུ་བ་ལྟ་བུར་འདུ་ཤེས་པ་མེད་ཅིང་འགྱུར་བ་མེད་པ་དང ། ཚོར་བ་མེད་པ་དང ། མི་རྟག་པ་དང ། སྡུག་བསྔལ་བ་དང ། བདག་མེད་པ་དང ། སྟོང་པའི་མཚན་ཉིད་དང་བྲལ་བའི་བཟོད་པ་སྒོམ་པར་བྱེད་པ་འདི་དང ། བྱང་ཆུབ་སེམས་དཔའི་སེམས་ཅན་ཡོངས་སུ་སྨིན་པ་ཉེ་བར་འཚོ་བའི་བཟོད་པ་བལྟ་བར་བྱའོ། །རིགས་ཀྱི་བུ། གཞན་ཡང་གཟུགས་ནི། ཕྱི་རོལ་དང་ནང་གི་གནས་གང་ཉེ་བའི་བར་དུ་རང་བཞིན་གྱིས་གཟུགས་བརྙན་ལྟ་བུའི་རྒྱུ་འདྲ་བ་མངོན་པར་མི་འགྱུར་བ་དང ། སྒྱུ་མ་ལྟ་བུ་དང ། ལུས་མངོན་པའི་མཚན་ཉིད་དུ་བརྟག་གོ་།གཟུགས་ནི། ཅི་ལའང་ཆགས་པ་མེད། སྙེམས་པའང་མེད། བླང་བ་དང་དོར་བ་མེད་པར་ཤེས་ཏེ། གཟུགས་ནི།་གཉིས་སུ་མེད་དོ། །ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལ་ཡང་དག་པར་གཞོལ་བར་ཤེས་པས་འབྱུང་བ་ཆེན་པོ་བཞིའི་གཟུགས་ཐམས་ཅད་ཅུང་ཟད་ཀྱང་དབྱེར་མེད་དོ། །ཚིག་གི་ལམ་ཐམས་ཅད་གནས་མེད་པར་ཡང་དག་པར་ཤེས་སོ། །གཟུགས་ནི། གཞན་དུ་སོང་བའང་མེད་ཅིང་ཡུལ་མེད་པ་དང ། གློ་བུར་གྱི་སྡུག་བསྔལ་བ་དང ། རྒྱུན་བཅད་པ་དང་རྒྱུན་མ་བཅད་པའི་མདུད་པ་གཉིས་དང་བྲལ་བ་དང ། གཟུགས་བརྙན་ལྟ་བུ་དང ། གནས་མེད་པར་བརྟག་གོ་།གཟུགས་ཐམས་ཅད་ཀྱི་མཚན་ཉིད་ནི། ལྦུ་བའི་ཕུང་པོ་ལྟ་བུར་དམིགས་པ་མེད་པ་དང ། ཀུན་
312a
༄#། །འབྱུང་བ་མེད་པ་དང ། ཤིན་ཏུ་རང་བཞིན་མེད་པར་བརྟག་གོ། འབྱུང་བ་ཆེན་པོ་བཞི་རྣམས་ནི། རྣམ་པར་དག་པ། རྣམ་པར་མི་རྟོག་པ། མི་འབྱུང་བ། མངོན་པར་མི་སྒྲུབ་པ།་ཆོས་ཐམས་ཅད་སྤྲོས་པའི་རྒྱུན་བཅད་པ་ཐམས་ཅད་དུ་ཞུགས་པ་མེད་པར་བརྟག་གོ། འབྱུང་བ་ཆེན་པོ་བཞིའི་གཟུགས་ཀྱི་ཕུང་པོའི་མཚན་ཉིད་ནི། སྙེམས་པ་མེད་པ་དང ། གཏོང་བ་མེད་པ་དང ། མུན་པ་མེད་པ་དང ། སྣང་བ་མེད་པ་དང ། ཡིད་ལ་མི་བྱེད་པ་དང ། གཉིས་སུ་མེད་པ་དང ། གསོག་པ་མེད་པ་དང ། སྤྲོས་པ་མེད་པ་དང ། གཟུགས་བརྙན་ལྟ་བུ་དབྱེར་མེད་པ་དང ། དངོས་པོ་མེད་པར་བརྟག་གོ་།གཟུགས་འབྱུང་བ་ཆེན་པོ་བཞི་ནི། ཤིན་ཏུ་རྣམ་པར་མི་རྟོག་པ་དང ། ཟད་པ་དང ། ལྦུ་བ་ལྟ་བུར་བལྟའོ། །རྣམ་པ་འདི་དག་གིས་གཟུགས་ལ་དངོས་པོ་མེད་པ་གཟུགས་བརྙན་ལྟ་བུར་རྟོག་གོ་།མཚན་ཉིད་མེད་པ་ནས་མཚན་མ་མེད་པའི་བར་དུ་འདུ་བྱེད་ཐམས་ཅད་ཟད་པའི་ཆོས་སུ་ཡང་དག་པར་རྗེས་སུ་མཐོང་ངོ ། །གང་ཟད་པའི་ཆོས་དེ་མི་རྟག་པའོ། །གང་མི་རྟག་པ་དེ་རྟོག་པ་མེད་པའོ། །གང་རྟོག་པ་མེད་པ་དེ་སྡུག་བསྔལ་བའོ། །གང་འབྱུང་བ་མེད་པ་དེའང་བདག་མེད་པའོ། །གང་འདུ་བྱེད་ཐམས་ཅད་ཀྱི་ཚིག་གི་ལམ་དང་བྲལ་བ་དེའང་སྟོང་པ་སྟེ། ཇི་ལྟར་ཕྱི་དང་ནང་གི་གཟུགས་ལྦུ་བ་འདྲ་བ་སྟོང་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ལྟར་རབ་འབྲིང་ཐ་མའི་ཉོན་མོངས་པའང་ཉེ་བར་ཞི་
312b
བར་འགྱུར་རོ། །ནམ་མཁའ་ཇི་ལྟར་ཟད་པ་མེད་ཅིང་གཟུགས་མེད་པ་དང ། བསྟན་དུ་མེད་པ་དེ་བཞིན་དུ་ཟད་པ་མེད་ཅིང་མཚན་ཉིད་མེད་པ་དང ། གཟུགས་མེད་པ་དང ། བསྟན་དུ་མེད་པ་དང ། ལྤུ་བ་ལྟ་བུར་མི་རྟག་པ་དང ། སྡུག་བསྔལ་བ་དང ། བདག་མེད་པ་དང ། སྟོང་པའི་མཚན་ཉིད་ལ་དམིགས་པའི་མཚན་ཉིད་དང་བྲལ་བའི་བཟོད་པ་སྒོམ་པར་བྱེད་པ་འདིའང་བྱང་ཆུབ་སེམས་དཔའི་སེམས་ཅན་ཡོངས་སུ་སྨིན་པ་ཉེ་བར་འཚོ་བར་བལྟའོ། །རིགས་ཀྱི་བུ། གཞན་ཡང་གཟུགས་འབྱུང་བ་ཆེན་པོ་བཞིའི་མཚན་ཉིད་ནང་གི་ནས་ཉེ་བའི་བར་དུ་གང་སྨྲས་པ་དེའི་གཟུགས་ཀྱི་མཚན་ཉིད་ནི། མིག་ཡོར་ལྟ་བུ་དང ། གྲིབ་མ་ལྟ་བུ་དང ། ལྦུ་བ་ལྟ་བུ། གནས་མེད་པ་དང ། ནམ་མཁའ་ལྟ་བུ་ཆགས་པ་མེད་པ་དང ། བརྗོད་དུ་མེད་པ་དང ། གསོག་བ་མེད་པ་ནས་ཁམས་གསུམ་གྱི་འཁོར་བ་བདག་མེད་པ་ལྟ་བུ་དང ། དུས་གསུམ་གྱི་མཚན་ཉིད་ཐོབ་པ་དང ། དམིགས་པ་མེད་པ་དང ། ཡི་གེ་མེད་པ་དང ། གཉིས་སུ་མེད་པའི་མཐའ་དང ། རྟག་པའི་མཐའ་དང ། ཀུན་ཏུ་གཟུང་བའི་མཐའ་དང ། ཟད་པ་མེད་པར་སྤྱོད་པའི་མཐའ་དང ། ཉོན་མོངས་པ་མེད་པའི་མཐའ་དང ། ཡུལ་མེད་པའི་མཐའ་དང ། རབ་ཏུ་རྒྱུ་བ་མེད་པའི་མཐའ་དང ། སྨྲ་བ་མེད་པའི་མཐའ་དང ། གཟུགས་བརྙན་ལྟ་བུར་གཟུགས་དེའི་མཚན་ཉིད་དུ་རབ་ཏུ་ཤེས་སོ། །འདོད་པའི་ཁམས་དང ། གཟུགས་ཀྱི་ཁམས་དང ། དེ་གཉིས་ཀྱི་གཟུགས་ཀྱི་སྣང་བ་ནམ་
313a
༄#། །མཁའ་ལྟ་བུར་བརྟག་གོ་།མིག་ཡོར་གྱི་མཚན་ཉིད་ནམ་མཁའ་ལྟ་བུར་དངོས་པོར་དམིགས་པ་མེད་པ་སྟེ། ནམ་མཁའ་ཇི་ལྟ་བུར་གཟུང་དུ་མེད་ཅིང་ཀུན་ནས་ལྡང་བ་མེད་པ་དང ། དངོས་པོ་མེད་པ་དེ་ལྟར་དེ་བཞིན་དུ་གཟུགས་ཀྱི་མཚན་ཉིད་ཀྱང་མིག་ཡོར་ལྟ་བུ་དང ། ཚུ་རོལ་དང་ཕ་རོལ་བྲལ་བའི་གནས་མེད་པའོ། །གཟུགས་ཀྱི་མཚན་ཉིད་ནི། མཉམ་པའི་མཚན་ཉིད་དང ། སྒྲ་བརྙན་ལྟ་བུ་དང ། ལྦུ་བའི་ཕུང་པོ་ལྟ་བུ་དང ། ཆོས་ཀྱི་དབྱིངས་དང ། ནམ་མཁའི་ཁམས་ཀྱི་གཟུགས་ཀྱི་སྒྲ་བརྙན་ནི། ཁམས་མེད་པ་དང ། ཐ་དད་པ་མེད་པ་དང ། མཚུངས་པ་མེད་པ་དང ། འཁྲུག་པ་མེད་པའོ། །དེ་ལྟར་དེ་བཞིན་དུ་ཆོས་འདི་དག་ཀྱང་ནམ་མཁའ་ལྟ་བུའོ། །གཟུགས་ཀྱི་སྣང་བ་དེའང་གཟུང་དུ་མེད་པ་དང ། བསགས་པ་མེད་པ་དང ། སྐྱེ་བ་མེད་པ་དང ། འཕྱུང་བ་མེད་པ་དང ། གཡོ་བ་མེད་པ་དང ། འགྱུར་པ་མེད་པ་དང ། འཆི་འཕོ་བ་མེད་པ་དང ། མི་གནས་པ་དང ། བདག་དང་གཞན་གྱི་མི་ལེན་པ་དང ། ཡོངས་སུ་མི་རྟོག་པ་དང ། ཆགས་པ་མེད་པ་དང ། བྱས་པ་མེད་པ་ཐམས་ཅད་གཟུགས་ཀྱི་སྣང་བའོ། །དེ་ལྟར་དེ་བཞིན་དུ་འདུ་བྱེད་ཐམས་ཅད་ཀྱི་ལམ་ལས་ཤིན་ཏུ་འདས་ཤིང་མིག་གི་རྣམ་པར་ཤེས་པའི་ལམ་ཀུན་ནས་ལྡང་བ། ལྦུ་བའི་ཕུང་པོ་ལྟ་བུའི་གཟུགས་ཀྱི་སྣང་བ་མིག་གི་རྣམ་པར་ཤེས་པས་སྣང་བ་དེའང་མིག་འབྱུང་བ་ཆེན་པོ་བཞིའི་
313b
རྒྱུའོ། །བདག་མེད་པའི་ཕྱིར་འབྱུང་བ་ཆེན་པོ་བཞི་པོ་དེ་དག་ཀྱང་སྟོང་པ་སྟེ། ཇི་ལྟར་གོང་དུ་བཤད་པ་བཞིན་དུ་བདག་ཏུ་དམིགས་པའང་མེད་དོ། །མིག་གཉིས་ནི། རྒུན་འབྲུམ་ཙམ་སྟེ། མིག་རེ་རེ་ལའང་ཚད་མེད་པའི་རྡུལ་ཤིན་ཏུ་ཕྲ་བའོ། །རྡུལ་ཤིན་ཏུ་ཕྲ་བ་ལའང་འབྱུང་བ་ཆེན་པོ་བཞི་པོ་གསོག་གོ་།འབྱུང་བ་ཆེན་པོ་བཞི་པོ་རེ་རེ་ལའང་བདག་ཏུ་མི་དམིགས་ཤིང་སེམས་ཅན་དུ་མི་དམིགས་ན། དེ་ལ་རྣམ་པར་ཤེས་པའི་གནས་སམ། ཀུན་ནས་ལྡང་བའང་ལམ་དུ་ཤེས་པར་ལྟ་ཅི་སྨོས། རྡུལ་ཤིན་ཏུ་ཕྲ་བ་དེ་དང་དེ་དག་ལ་ཇི་ལྟ་བ་བཞིན་དུ་མིག་འབྱུང་བ་ཆེན་པོ་བསགས་པ་དང ། རྒུན་འབྲུམ་ཙམ་དུ་ཡོངས་སུ་བརྟག་གོ་།ཡོངས་སུ་བརྟགས་པ་དེས་དེ་ལ་མིག་གི་རྣམ་པར་ཤེས་པའི་གནས་པ་དང ། ལམ་ཡང་མེད་དོ། །དེས་ཡང་དག་པར་ཡོངས་སུ་བརྟགས་པས་སེམས་ཅན་མིག་ཡོངས་སུ་བརྟགས་པར་འགྱུར་རོ། །གང་མིག་གི་རྣམ་པར་ཤེས་པ་སྟོང་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དེ་དག་འདོད་ཆགས་དང་བྲལ་བར་འགྲོའོ། །ཇི་ལྟར་ཡང་མིག་གི་རྣམ་པར་ཤེས་པ་སྟོང་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་བཞིན་དུ་ཁམས་གསུམ་གྱི་མིག་མིག་གི་རྣམ་པར་ཤེས་པས་སྟོང་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །ཇི་ལྟར་ཡང་མིག་གིས་གཟུགས་ཀྱི་སྣང་བ་ལྦུ་བའི་ཕུང་པོ་ལྟ་བུ་ཕྱི་དང་ནང་གི་གཟུགས་ཀྱི་མཚན་ཉིད་སྣང་བ་ནས་ཉེ་བའི་བར་དུ་དེ་དག་ཐམས་ཅད་ལྦུ་བའི་ཕུང་པོ་གཟུགས་ཀྱི་སྣང་བ་འབྱུང་བ་ཆེན་པོ་ནམ་
314a
༄#། །མཁའ་ལ་མི་བརྟེན་པར་འགྱུར་རོ། །ནམ་མཁའ་ཇི་ལྟར་དངོས་པོ་མེད་ཅིང་མཚན་ཉིད་མེད་པ་དང ། མཚན་ཉིད་ཀྱིས་སྟོང་པ་ལྟར་གཟུགས་ཀྱི་མཚན་ཉིད་སྣང་བ་ལྦུ་བའི་ཕུང་པོ་ལྟ་བུ་དེ་དག་ཐམས་ཅད་ཀྱསྣན་བའོ། །ཇི་ལྟར་གཟུགས་གཞན་གྱི་ནམ་མཁའ་སྟོང་པ་ལྟར་ནང་དང་ཕྱིའི་ལུས་ཀྱི་མཚན་ཉིད་ལྦུ་བ་ལྟ་བུར་སྣང་བ་ནས་ཉེ་བའི་བར་དུ་དེ་དག་ཐམས་ཅད་གཟུགས་ཀྱི་མཚན་ཉིད་སྣང་བའང་སྟོང་པའོ། །ཇི་ལྟར་མིག་མིག་གི་རྣམ་པར་ཤེས་པས་སྟོང་པ་དེ་བཞིན་དུ་རྣ་བ་དང ། སྣ་དང ། ལྕེ་དང ། ལུས་ཀྱང་ལུས་ཀྱི་རྣམ་པར་ཤེས་པས་སྟོང་ངོ ། །འདོད་པ་ཁམས་དང་གཟུགས་ཀྱི་ཁམས་ཐམས་ཅད་ཀྱི་མིག་ཀྱང་མིག་དང་མིག་གི་རྣམ་པར་ཤེས་པས་སྟོང་པས་སྟོང་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བཞིན་དུ་རན་བ་དང ། སྣ་དང ། ལྕེ་དང ། ལུས་ཀྱང་ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱིས་སྟོང་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འབྱུང་བ་ཆེན་པོ་ལྟ་བུ་མི་རྟོག་རྣམ་པར་མི་རྟོག་ཅིང་དམིགས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །སེམས་ཅན་དང ། སྲོག་དང ། གསོ་བ་དང ། གང་ཟག་དང ། ཤེད་ལས་སྐྱེས་པ་དང ། ཤེད་ཅན་དང ། བྱེད་པ་པོ་དང ། བྱེད་དུ་འཇུག་པ་དང ། ཚོར་བ་པོ་དང ། ཚོར་བར་འཇུག་པ་དང ། སྐྱེ་བ་དང ། ཀུན་ཏུ་སྐྱེ་བ་དང ། ཀུན་ནས་ལྡང་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །གཟུགས་ཀྱི་མཚན་ཉིད་སྣང་བའི་མཚན་མ་ལ་མཚན་མས་
314b
མཚན་མ་ལས་དམིགས་པའང་མེད་དོ། །སེམས་ཀྱི་གཟུང་བ་དང ། གཏང་བ་དང ། མངོན་སུམ་དུ་བྱ་བ་དང ། ཁོང་དུ་ཆུད་པ་དང ། གནས་དང ། ཀུན་ནས་ལྡང་བའི་གནས་དང ། ཡིད་ལ་བྱེད་བའི་གཟུགས་ཀྱི་མཚན་ཉིད་སྣང་བ་དམིགས་པ་མེད་པ་སྟོང་པ་ཉིད་ཀྱིས་སྟོང་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཟུགས་ཀྱི་ཕུང་པོ་དང ། ནམ་མཁའ་དང ། སེམས་ཀྱི་རྣམ་པར་ཤེས་པ་ཐ་དད་པར་རབ་ཏུ་མི་ཤེས་སོ། །ཁམས་གསུམ་ཐམས་ཅད་སྟོང་པ་ཉིད་ཀྱིས་སྟོང་པར་རབ་ཏུ་ཤེས་སོ། །གང་ཕྱི་རོལ་དང་ནང་གི་ནས་ཉེ་བའི་བར་དུ་གཟུགས་ཀྱི་མཚན་ཉིད་སྣང་བ་ཐམས་ཅད་ལྦུ་བའི་ཕུང་པོ་ལྟ་བུར་སྟོང་པ་ཉིད་དང ། ཟད་པའི་ཚུལ་དང ། ཞི་གནས་ལ་འཚ་བ་མེད་པའི་ཚུལ་དང ། རྟོག་པ་མེད་པའི་ཚུལ་དང ། མི་སྐྱེ་བ་དང ། མི་འགོག་པ་དང ། འབྱུང་བ་མེད་པ་དང ། མཚན་མ་མེད་པའི་ཚུལ་གྱིས་རྟག་གོ་།ནམ་མཁའ་དང་བྲལ་ཞིང་གནས་མེད་པ་དང ། ཚིག་གི་ལམ་ལ་བྲལ་བར་རབ་ཏུ་ཤེས་སོ། །ནང་དང་ཕྱི་རོལ་གྱི་འདུ་བྱེད་ནས་ཉེ་བའི་བར་དུ་གཟུགས་ཀྱི་མཚན་ཉིད་ཐམས་ཅད་འཇིག་པའི་ཆོས་དང ། ཟད་པའི་ཆོས་དང ། དངོས་པོའི་རྒྱུན་ཆད་པ་སྟོང་པ་དང ། འཁྲུག་པ་རྒྱུན་ཆད་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གང་གཟུགས་ཀྱི་མཚན་ཉིད་ཐམས་ཅད་ཟད་པའི་ཆོས་དེའང་མི་རྟག་པའོ། །གང་རྟག་པ་མེད་པ་དེའང་སྡུག་བསྔལ་བའོ། །གང་འབྱུང་བ་མེད་པ་དེའང་བདག་མེད་པའོ། །གང་འདུ་བྱེད་ཐམས་ཅད་ཀྱི་
315a
༄#། །ཚིག་གི་མཚན་ཉིད་ཀྱི་ལམ་དང་བྲལ་བ་དེའང་སྟོང་པ་སྟེ། གང་ཕྱི་དང་ནང་གི་ནས་ཉེ་བའི་བར་དུ་གཟུགས་ཀྱི་མཚན་ཉིད་སྟོང་པ་ཐམས་ཅད་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེ་ལྟར་རབ་འབྲིང་ཐ་མའི་ཉོན་མོངས་པ་ཞི་བར་འགྱུར་རོ། །འདི་ནི། མངོན་པར་འདུ་བྱེད་པའི་མཚན་ཉིད་རྒྱུན་གཅོད་པ་མེད་པའི་བཟོད་པའོ། །ནམ་མཁའ་ཇི་ལྟར་རླུང་མེད་པ་དེ་བཞིན་དུ་བག་ལ་ཉལ་བ་དང་བྲལ་བའི་བཟོད་པའོ། །ནམ་མཁའ་ཇི་ལྟར་འགྱུར་བ་མེད་པ་དེ་བཞིན་དུ་གཟུགས་ཀྱི་མཚན་ཉིད་སྣང་བ་མེད་པའི་བཟོད་པའོ། །ནམ་མཁའ་ཇི་ལྟར་བརྩེགས་པ་མེད་ཅིང་གནོད་པ་མེད་པ་དེ་བཞིན་དུ་སེམས་དང་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པས་གཅོས་པ་མེད་ཅིང་གནོད་པ་མེད་པའི་བཟོད་པའོ། །ནམ་མཁའ་ཇི་ལྟར་བག་ལ་ཉལ་བ་ཐམས་ཅད་དང་བྲལ་བ་དེ་བཞིན་དུ་ཚིག་གི་ལམ་ཐམས་ཅད་བག་ལ་ཉལ་བ་དང་བྲལ་བའི་བཟོད་པའོ། །ནམ་མཁའ་ཇི་ལྟར་མ་སྐྱེས་མ་བྱུང་བ་དེ་བཞིན་དུ་མཚན་ཉིད་ཐམས་ཅད་སྔར་མ་སྐྱེས་མ་བྱུང་བའི་བཟོད་པ་བསྒྲུབས་པའོ། །ནམ་མཁའ་ཇི་ལྟར་སྤྲོས་པ་མེད་པ་དེ་བཞིན་དུ་ཁམས་གསུམ་གྱི་བག་ལ་ཉལ་བ་ཐམས་ཅད་སྤྲོས་པ་མེད་པའི་བཟོད་པའོ། ། ནམ་མཁའ་ཇི་ལྟར་ཁམས་གསུམ་པར་གཏོགས་པ་དེ་བཞིན་དུ་གཟུགས་ཀྱི་མཚན་ཉིད་སྣང་བ་ཁམས་གསུམ་པར་གཏོགས་པའང་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང །
315b
བདག་མེད་པ་མཚན་ཉིད་དམིགས་པ་མེད་པའི་མཚན་ཉིད་དང་བྲལ་བའི་བཟོད་པ་སྒོམ་པར་བྱེད་པ་འདིའང་བྱང་ཆུབ་སེམས་དཔའི་སེམས་ཅན་ཉེ་བར་འཚོ་བའི་བཟོད་པར་བལྟ་བར་བྱའོ། ། ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་ལེའུ་སྟེ་ལྔ་པའོ།། །།རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔས་ཚོར་བའི་ཕུང་པོའང་ཚུལ་བཞིན་དུ་བརྟག་པར་བྱའོ། །དེ་ལ་ཚོར་བའི་ཕུང་པོ་གང་ཞེ་ན། འདི་ལྟ་སྟེ། ཚོར་བའི་ཚོགས་རྣམ་པ་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱི་རྣམ་པར་ཤེས་པ་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་སྟེ། འདི་དག་ནི། ཚོར་བའི་ཕུང་པོ་ཞེས་བྱའོ། །ཚོར་བའི་ཕུང་པོ་དེ་ལ་ཚོར་བ་རྣམ་པ་གསུམ་དུ་ཤེས་པར་འགྱུར་ཏེ། གསུམ་གང་ཞེ་ན། བདེ་བར་ཚོར་བ་དང ། སྡུག་བསྔལ་བར་ཚོར་བ་དང ། བདེ་བ་དང་སྡུག་བསྔལ་དུའང་མི་ཤེས་པར་ཚོར་བ་སྟེ། འདི་དག་རྣམ་གསུམ་ནི། ཚོར་བའི་ཕུང་པོ་ཞེས་བྱའོ། །རིགས་ཀྱི་བུ། དེ་ལ་བྱང་ཆུབ་སེམས་དཔའ་རྣམ་པ་བརྒྱད་པོ་འདི་དག་གིས་ཚོར་བའི་ཕུང་པོ་ཚུལ་བཞིན་དུ་བརྟག་པར་བྱའོ། །དེ་ལ་བརྒྱད་གང་ཞེ་ན། རིགས་ཀྱི་བུ། ཉོན་མོངས་པའི་རྩ་བ་གསུམ་སྟེ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ཅེས་བྱའོ། །ཉོན་མོངས་པའི་རྩ་བ་གསུམ་པོ་འདི་དག་གིས་སེམས་ཅན་ཉོན་མོངས་
316a
༄#། །པ་རྣམས་འདོད་ཆགས་དང་བྲལ་བ་ཟག་པ་ཟད་པ་དང་བཅས་པར་མི་འགྱུར་རོ། །ཉོན་མོངས་པའི་རྩ་བ་གསུམ་པོ་འདི་དག་ཚོར་བ་རྣམ་པ་གསུམ་ལ་ཞུགས་པ་དེ་ལ་ཉོན་མོངས་པ་རྣམ་པ་ཐ་དད་པར་འགྱུར་རོ། །དེ་ལ་ཚོར་བའི་ཚོགས་དྲུག་གིས་ཚོར་བ་རྣམ་གསུམ་ཚུལ་བཞིན་དུ་བརྟག་པར་བྱའོ། །ཚོར་བ་རྣམ་གསུམ་གྱིས་ཉོན་མོངས་པའི་རྩ་བ་འབྱུང་བ་དང ། ལས་ཀྱི་རྩ་བ་དང ། ཟད་པའི་རྩ་བ་ནུབ་པ་ཚུལ་བཞིན་དུ་བརྟག་པར་བྱའོ། །དེ་མིག་གིས་གཟུགས་ཀྱི་མཚན་ཉིད་སྣང་བ་དམའ་བའམ། བདེ་བའམ། ཆེ་བའམ། ཕྲ་བའམ། གང་ཉེ་བའམ། གང་རིང་བར་མཐོང་བ་དེ་ལ་ཚོར་བ་འབྱུང་ངོ ། །གང་གཟུགས་བདེ་བའམ། ཆེ་བའམ། ཕྲ་བའམ། གང་རིང་བའམ། ཉེ་བར་མཐོང་བ་དེ་ལ་ཚོར་བ་སྲེད་པའི་གནས་ཆུའི་ཆུ་བུར་ལྟ་བུ་དང ། མངོན་པར་དགའ་བར་འབྱུང་བར་འགྱུར་བ་དེ་ལའང་ཚུལ་བཞིན་དུ་བརྟག་པར་བྱའོ། །ཇི་ལྟར་ཡང་མིག་མིག་གིས་སྟོང་པ་ནས་ཇི་ལྟར་གང་དུ་བཤད་པའི་བར་དུ་དེ་གློ་བུར་དང ། ལུས་མ་ཡིན་པ་དང ། གནས་མེད་པ་དང ། གཟུགས་མེད་པ་དང ། བསྟན་དུ་མེད་པ་དང ། དངོས་པོ་མེད་པ་དང ། ཡི་གེ་མེད་པ་ཚོར་བ་ཆུའི་ཆུ་བུར་ལྟ་བུར་འབྱུང་ངོ ། །འདོད་ཆགས་ཀྱིས་ཀུན་ཏུ་བསྒྲིབས་པ་འབྱུང་ངོ ། །སློང་བ་པོའམ། དགོད་པ་པོའམ། ཀུན་ཏུ་རྒྱུ་བ་པོའམ། གསོག་པར་ཡང་མི་ཤེས་སོ། །འབྱུང་བའི་མཚན་ཉིད་བདག་པོ་
316b
མེད་པ་དང ། འགོག་པ་ལའང་བདག་པོ་མེད་པ་དང ། མཚན་ཉིད་ཚོར་བ་ལའང་བདག་པོ་མེད་པ་སྟེ། མཚན་ཉིད་མེད་པའི་ཆོས་འདི་དག་ཐམས་ཅད་ལའང་སྲོག་མེད་པ་དང ། སྲོག་དང་བྲལ་བ་དང ། སེམས་ཅན་མེད་པ་དང ། སེམས་ཅན་དང་བྲལ་བ་དང ། གསོ་བ་མེད་པ་དང ། གསོ་བ་དང་བྲལ་བ་དང ། གང་ཟག་མེད་པ་དང ། གང་ཟག་དང་བྲལ་བ་དང ། འདོད་པ་མེད་པ་དང ། དངོས་པོ་མེད་པ་དང ། མཚན་ཉིད་མེད་པ་དང ། བདག་པོ་མེད་པ་དང ། མཚན་ཉིད་འཇིགས་པ་དང ། ཟད་པའི་འདུ་བྱེད་ཀྱི་སྡུག་བསྔལ་དངོས་པོ་མེད་པ་དང ། དུས་གསུམ་གྱི་འདོད་ཆགས་དང་བྲལ་བའི་མཐའ་ལ་དེས་དེ་དག་སྟོང་ངོ ། །བརྗོད་དུ་མེད་པ་འདོད་ཆགས་ཀྱི་མཐའ་ལ་དེས་དེ་དག་སྟོང་ངོ ། །གཉིས་སུ་མེད་པའི་འདོད་ཆགས་ཀྱི་མཐའ་ལ་དེས་དེ་དག་སྟོང་ངོ ། །རྒྱུན་ཆད་པ་མེད་པ་འདོད་ཆགས་ཀྱི་མཐའ་ལ་དེས་དེ་དག་སྟོང་ངོ ། །རྟག་པ་མེད་པ་འདོད་ཆགས་ཀྱི་མཐའ་ལ་དེས་དེ་དག་སྟོང་ངོ ། །མཚན་མ་མེད་པ་འདོད་ཆགས་ཀྱི་མཐའ་ལ་དེས་དེ་དག་སྟོང་ངོ ། ། སྨོན་པ་མེད་པ་འདོད་ཆགས་ཀྱི་མཐའ་ལ་དེས་དེ་དག་སྟོང་ངོ ། །ཚོར་བ་མེད་པ་འདོད་ཆགས་ཀྱི་མཐའ་ལ་དེས་དེ་དག་སྟོང་ངོ ། །བྱེད་པ་པོའི་རྣམ་པ་མེད་པ་འདོད་ཆགས་ཀྱི་མཐའ་ལ་དེས་དེ་དག་སྟོང་ངོ ། །ཤེས་པ་མེད་པ་འདོད་ཆགས་ཀྱི་མཐའ་ལ་དེས་དེ་དག་སྟོང་ངོ ། །ལེན་པ་མེད་པ་འདོད་ཆགས་ཀྱི་མཐའ་ལ་དེས་དེ་དག་སྟོང་ངོ ། །གྲོལ་བ་མེད་པ་འདོད་ཆགས་ཀྱི་མཐའ་ལ་དེས་དེ་དག་སྟོང་
317a
༄#། །ངོ ། །དངོས་པོ་མེད་པ་འདོད་ཆགས་ཀྱི་མཐའ་ལ་དེས་དེ་དག་སྟོང་ངོ ། །མུན་པ་མེད་པ་འདོད་ཆགས་ཀྱི་མཐའ་ལ་དེས་དེ་དག་སྟོང་ངོ ། །སྣང་བ་མེད་པ་འདོད་ཆགས་ཀྱི་མཐའ་ལ་དེས་དེ་དག་སྟོང་ངོ ། །དུས་གསུམ་གྱི་འདོད་ཆགས་དམིགས་པ་རྣམ་པར་བསགས་སོ། །གནས་སམ་བྱེད་དུ་འཇུག་པའམ། གསོག་པར་བྱ་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །སེམས་སྒྱུ་མ་ལྟ་བུ་དང ། དུས་གསུམ་གྱི་འདོད་ཆགས་དངོས་པོ་དང་དངོས་པོ་མེད་པ་ཡོངས་སུ་ཆད་པར་ཡང་རྣམ་པར་མི་རྟོག་གོ་།ཇི་ལྟ་བ་བཞིན་དུ་ཤེས་པ་ཅི་ལའང་ཆགས་པ་མེད་དོ། །ཐམས་ཅད་ལ་མི་རྟེན་པ་དང ། མི་གནས་པ་དང ། ལེན་པ་མེད་པ་དང ། འཕོས་པ་མེད་པ་ལ་གཉིས་སུ་མི་བྱེད་དོ། །ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཡང་དག་པར་གཞོལ་བར་ཤེས་པས་ཅུང་ཟད་ཀྱང་དབྱེ་བར་མི་བྱེད་དོ། །དེ་ཆགས་པའི་གཟུགས་ལ་སེམས་རྟོགས་པ་དང ། གཟུགས་དང་ཚོར་བ་གཉིས་བྲལ་བའོ། །གང་ཆགས་པའི་གཟུགས་ལ་ཚོར་བ་གང་ཆུའི་ཆུ་བུར་ལྟ་བུ་དང ། གང་འབྱུང་བ་ཟད་པ་འཇིག་པར་བརྟག་པ་འདི་དག་ནི། འདུ་བྱེད་བརྟག་པ་མེད་པའོ། །ཁམས་གསུམ་ལས་འབྱུང་བ་འདིའང་སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོའོ། །གང་འདོད་ཆགས་དེ་ལ་བརྗོད་དུ་མེད་པའི་ཚོར་བ་དང ། དུས་གསུམ་གྱི་སྒོམ་པ་ཐོབ་པ་འདིའང་འདུ་བྱེད་སྡུག་བསྔལ་རབ་ཏུ་བྱེད་པའི་སྒོའོ། །ཁམས་གསུམ་གྱི་
317b
འདོད་ཆགས་ཀྱི་ཀུན་གཞི་ཚོར་བ་པོ་མེད་པ་དང ། ཉོན་མོངས་པ་མེད་པ་འདིའང་མཚན་མ་མེད་པ་རྣམ་པར་ཐར་པའི་སྒོའོ། །གང་འདོད་ཆགས་ཀྱི་ཀུན་གཞི་ཚོར་བ་བླང་བ་མེད་ཅིང་དོར་བ་མེད་པ་དང ། ཚིག་གི་ལམ་བདག་མེད་པ་དང ། ཡི་གེར་དམིགས་པ་མེད་པ་དང ། ཁམས་གསུམ་གྱི་ཚོར་བ་ཡུལ་མེད་ཅིང་མིག་ཡོར་མེད་པ་འདིའང་འདུ་བྱེད་རྣམ་པར་ཞི་བའི་ཕྱིར་རོ། ། བདག་མེད་པ་སྟོང་པ་ཉིད་རྣམ་པར་ཐར་པའི་སྒོའོ། །གང་ཁམས་གསུམ་ཐམས་ཅད་ལ་ཚོར་བ་དངོས་པོ་མེད་པ་དང ། སྣང་བ་མེད་པ་དང ། ཡི་གེ་མེད་པ་དང ། བརྗོད་དུ་མེད་པ་དང ། ཟད་པ་མེད་པ་དང ། ཅི་ལའང་ཆགས་པ་མེད་པ་དེ། དེ་ལྟར་རབ་འབྲིང་ཐ་མའི་ཉོན་མོངས་པ་རྒྱུན་ཆད་པར་འགྱུར་རོ། །ནམ་མཁའ་ཇི་ལྟར་སྦྱོར་བ་མེད་པ་དེ་བཞིན་དུ་འདོད་ཆགས་ཀུན་ནས་ལྡང་བ་དང ། ཚོར་བ་སྦྱོར་བ་མེད་ཅིང་བརྗོད་དུ་མེད་པ་དང ། གཉིས་སུ་མེད་པ་དང ། སེམས་དང་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཁམས་གསུམ་གྱི་ཚོར་བ་ཅི་ལའང་ཆགས་པ་མེད་པ་དང ། མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པ་དང ། འདོད་ཆགས་ཀྱི་ཀུན་གཞི་ཚོར་བ་མཚན་ཉིད་དམིགས་པ་མེད་པ་དང ། མཚན་ཉིད་དང་བྲལ་བའི་བཟོད་པ་སྒོམ་པར་བྱེད་པ་འདིའང་བྱང་ཆུབ་སེམས་དཔའི་སེམས་ཅན་ཉེ་བར་འཚོར་བའི་བཟོད་པར་བལྟ་བར་བྱའོ། །དེ་བཞིན་དུ་རྣ་བ་ལ་སྒྲ། སྣ་ལ་དྲི། ལྕེ་ལ་རོ། ལུས་ལ་རེག། ཡིད་ལ་ཆོས་ཏེ། གང་ཡིད་ཀྱིས་འདས་
318a
༄#། །བ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་འདོད་ཆགས་ཀྱི་ཀུན་གཞི་ཀུན་ནས་ལྡང་བ་ཡིད་དུ་འོང་བའི་ཆོས་རྣམ་པར་ཤེས་ཤིང་གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་པ་མངོན་པར་དགའ་བ་རྗེས་སུ་དྲན་པ་དེ་ལའང་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་ངོ ། །ཚོར་བ་འདོད་ཆགས་ཀྱི་ཀུན་གཞིས་བསྐྱེད་དོ། །དེ་ལའང་བྱང་ཆུབ་སེམས་དཔའ་དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པ་དང ། ཚོར་བ་འདོད་ཆགས་ཀྱི་ཀུན་གཞི་ཚུལ་བཞིན་དུ་རྟོག་གོ། གཟུགས་ཀྱི་དངོས་པོ་རང་བཞིན་གྱིས་སྒྱུ་མ་ལྟ་བུའི་སེམས་དང ། ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་འདི་སེམས་དང ། ཡིད་ཀྱི་སྒྲས་བརྗོད་དོ། །གང་འདས་པའི་སེམས་དེ་འགགས་པ་དང ། མ་འོངས་པའི་མ་བྱུང་བ་དང ། ད་ལྟར་བྱུང་བའི་སེམས་དང ། ཡིད་ཀྱི་རྣམ་པར་ཤེས་པ་གནས་པའང་མེད་དོ། །སྐད་ཅིག་ཏུ་འཇིག་པ་དང ། མི་རྟག་པ་དང ། ལུས་མེད་པ་དང ། ངོ་བོ་ཉིད་མེད་པ་དང ། ཡི་གེ་མེད་པ་དང ། མཚན་ཉིད་མེད་པ་དང ། བྱ་བ་མེད་པ་དང ། འགྱུར་བ་མེད་པ་དང ། གཟུང་དུ་མེད་པ་དང ། གཏོང་བ་མེད་པ་དང ། མུན་པ་མེད་པ་དང ། སྣང་བ་མེད་པ་དང ། གཅིག་བུ་མ་ཡིན་པ་དང ། ཐ་མི་དད་པ་དང ། གཉིས་སུ་མེད་པ་དང ། གཉིས་ལྟ་བུ་མེད་པ་དང ། དངོས་པོ་མེད་པ་དང ། སྙེམས་པ་མེད་པ་དང ། སྤྲོས་པ་མེད་པ་དང ། ཕུལ་བ་མེད་པ་དང ། སེལ་བ་མེད་པ་དང ། ཀུན་གཞི་ཐམས་ཅད་དང་བྲལ་བ་དང ། ཆུ་ཟླ་ལྟ་བུ་དང །
318b
འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་ཆའི་གནས་མངོན་པར་དགའ་བའི་ཕྱི་རོལ་གྱི་དངོས་པོ་སེམས་དང ། ཡིད་ཀྱི་རྣམ་པར་ཤེས་པ་རྐྱེན་ཇི་ལྟ་བ་བཞིན་དུ་སྣང་བར་འགྱུར་རོ། ། ནམ་མཁའ་ཇི་ལྟར་ཉི་མ་དང ། ཟླ་བ་ལ་སྣང་བ་མེད་པའི་ནམ་མཁའ་དང་སྣང་བ་གཉིས་ཀྱི་མཚན་ཉིད་མེད་པ་དེ་མིང་ཙམ་གྱིས་བརྗོད་པ་དེ་བཞིན་དུ་སེམས་དང ། ཡིད་ཀྱི་རྣམ་པར་ཤེས་པ་ལ་འདོད་ཆགས་ཀྱི་གནས་སྣང་བ་དང ། བརྗོད་དུ་མེད་པ་ལ་གཉིས་ཀྱི་མཚན་ཉིད་ཀྱང་མིང་ཙམ་གྱིས་བརྗོད་པའང་གཉིས་སུ་མེད་པ་དང ། གནས་མེད་པ་དང ། གཟུགས་མེད་པ་དང ། བསྟན་དུ་མེད་པ་དང ། ངོ་བོ་ཉིད་མེད་པ་དང ། ཡི་གེ་མེད་པ་དང ། སློང་བ་པོ་མེད་པ་ནས་སྟོན་པའི་བར་དུ་འདོད་ཆགས་ཀྱི་མཐའ་ལ་དེས་དེ་དག་སྟོང་ངོ ། །དུས་གསུམ་གྱི་འདོད་ཆགས་ལ་ཀུན་གཞི་རྣམ་པར་གསོག་གོ་།འདི་ལ་གནས་མེད་པས་ཅིའང་ཆགས་པ་མེད་པའི་བར་དུ་དེ་ལྟར་རབ་འབྲིང་ཐ་མའི་ཉོན་མོངས་པ་ཉེ་བར་ཞི་བར་འགྱུར་རོ། །ནམ་མཁའ་ཇི་ལྟར་མུན་པ་མེད་ཅིང་སྣང་བ་མེད་པ་དང་མཚན་ཉིད་མེད་པ་དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པ་འདོད་ཆགས་ཀྱི་ཀུན་གཞིའང་མུན་པ་མེད་ཅིང་སྣང་བ་མེད་པ་དང ། མཚན་ཉིད་མེད་པ་ངོ་བོ་ཉིད་མེད་པ་དང ། སེམས་དང་ཡིད་ཀྱི་རྣམ་པར་ཤེས་པ་ཅི་ལའང་ཆགས་པ་དང ། ཡིད་ཀྱི་རྣམ་པར་ཤེས་པ་ཅི་ལའང་མ་ཆགས་པ་དང ། ཁམས་གསུམ་གྱི་འདོད་ཆགས་ཀྱི་ཀུན་གཞི་ཚོར་བ་མི་རྟག་
319a
༄#། །པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པའི་མཚན་ཉིད་དང་བྲལ་བའི་བཟོད་པ་བསྒོམ་པར་བྱ་བ་འདིའང་བྱང་ཆུབ་སེམས་དཔའི་སེམས་ཅན་ཡོངས་སུ་སྨིན་པ་ཉེ་བར་འཚོ་བའི་བཟོད་པར་ཡོངས་སུ་བལྟ་བར་བྱའོ། །དེ་བཞིན་དུ་འདོད་ཆགས་ཀྱི་རྒྱུན་གཅོད་པར་ཡང་འགྱུར་རོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་ཞེ་སྡང་སྐྱེ་བ་ཉོན་མོངས་པའི་རྩ་བ་ལས་ཟད་པར་ནུས་པའི་ཚུལ་བཞིན་དུ་བརྟག་པར་བྱའོ། །གང་མིག་གིས་གཟུགས་ཀྱི་མཚན་ཉིད་སྣང་བ་ཡིད་དུ་འོང་བ་དམའ་བ་ནས་ཉེ་བའི་བར་དུ་དེ་ལ་ཚོར་བ་ཆུའི་ཆུ་བུར་ལྟ་བུར་མི་སྡུག་པ་མངོན་པར་དགའ་བ་མེད་པར་འབྱུང་བའི་ཚོར་བ་སྟེ། དེ་ལའང་བྱང་ཆུབ་སེམས་དཔའ་ཚུལ་བཞིན་དུ་རྟོག་གོ་།ཇི་ལྟར་མིག་མིག་གིས་སྟོང་པ་དང ། མིག་གཟུགས་རྣམ་པར་ཤེས་པས་སྟོང་པ་ནས་ཇི་ལྟར་གོང་དུ་བཤད་པའི་བར་དུའོ། །སྐད་ཅིག་ཏུ་འཇིག་པ་ཟད་པའི་འདུ་བྱེད་དུས་གསུམ་གྱི་ཞེ་སྡང་གི་མཐའ་ལ་དེས་དེ་སྟོང་པ་ནས་སྣང་བ་མེད་པའི་བར་དུ་ཞེ་སྡང་གི་མཐའ་ལ་དེས་དོ་སྟོང་སྟེ། དུས་གསུམ་གྱི་ཞེ་སྡང་དམིགས་པ་རྣམ་པར་གསོག་གོ་།ཞེ་སྡང་གནས་མེད་པ་ནས་ཞེ་སྡང་ཅན་གྱི་གཟུགས་སྣང་བ་ལ་སེམས་གཞོག་པ་དང ། ཞེ་སྡང་གི་ཚོར་བ་དང་གཉིས་བྲལ་བར་འགྱུར་བའི་བར་དུའོ། །གང་ཞེ་སྡང་ཅན་གྱི་གཟུགས་ལ་ཞེ་སྡང་གི་ཀུན་གཞི་འབྱུང་བ་དང །
319b
ཚོར་བ་ཆུའི་ཆུ་བུར་འབྱུང་བ་ཟད་པ་འཇིག་པར་བརྟག་པ་འདི་དག་ཀྱང་འདུ་བྱེད་མི་རྟག་པ་ཞེས་བྱ་བའི་བར་དུ་བཟད་པ་བལྟ་བར་བྱའོ། །དེ་བཞིན་དུ་རྣ་བས་སྒྲ་ནས་ཡིད་ཀྱིས་ཆོས་ཀྱི་བར་དུ་ཡིད་ཀྱིས་གང་མི་སྡུག་པ་དང ། མི་མཛེས་པའི་ཆོས་རྣམ་པར་ཤེས་པ་དེ་ལའང་ཞེ་སྡང་གི་ཀུན་གཞི་ཀུན་ནས་ལྡང་བའི་ཚོར་བ་ཀུན་ནས་འབྱུང་བར་འགྱུར་རོ། །དེ་ལའང་བྱང་ཆུབ་སེམས་དཔའི་ཞེ་སྡང་གི་ཀུན་གཞི་ཡིད་བཞིན་གྱི་ཚུལ་ཀུན་ཏུ་རྟོག་པར་བྱ་སྟེ། འདི་དག་ནི། གཟུགས་མེད་པ་ལས་ཇི་ལྟ་བུར་གང་མ་བཤད་པའི་བར་དུའོ། །ནམ་མཁའ་ཇི་ལྟར་ཁྲོ་བ་མེད་གཤེ་བ་མེད་པ་ལྟར་ཞེ་སྡང་གི་ཀུན་གཞིའང་དེ་བཞིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་ཞི་བ་དེ་ལ་ཞེ་སྡང་མེད་ཅིང་གཤེ་བ་མེད་པ་དང ། ཅི་ལའང་ཆགས་པ་མེད་པ་དང ། ཁམས་གསུམ་ཐམས་ཅད་ཀྱི་ཞེ་སྡང་གི་ཀུན་གཞི་ཚོར་བ་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པ་དང ། མཚན་ཉིད་དང་བྲལ་བ་དང ། བདག་མེད་པ་མཚན་ཉིད་དང་བྲལ་བའི་བཟོད་པ་སྒོམ་པར་བྱེད་པ་འདིའང་བྱང་ཆུབ་སེམས་དཔའི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པ་ཉེ་པར་འཚོ་བའི་བཟོད་པ་ཡོངས་སུ་སྨིན་པར་བྱའོ། །བམ་པོ་དྲུག་པ། རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་མིག་གིས་ནང་གིའམ། ཕྱིའི་གཟུགས་གང་ཇི་སྙེད་ཡོད་པ་དག་མཐོང་ནས་གང་ཡང་འདི་ལ་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་གཟུགས་ཡང་དག་པ་
320a
༄#། །མ་ཡིན་པའི་གཟུགས་ཡང་དག་པ་མ་ཡིན་པར་ཀུན་ཏུ་རྟོག་པ། མུན་པར་གྱུར་པ། འདོད་ཆགས་ཀྱི་གནས། ཞེ་སྡང་གི་གནས། རྟག་པ་དང ། བདེ་བ་དང ། ཐེར་ཟུག་པ་དང ། བདག་དང ། མི་གཡོ་བའི་འདུ་བྱེད་དུ་དམིགས་ལ་ཁམས་གསུམ་ལ་དམིགས་པའི་ཉོན་མོངས་པའི་རྐུན་པོ་སྐྱེ་ཞིང་འཕེལ་བ་དང ། ཁམས་གསུམ་པོ་ཐམས་ཅད་བསྡུས་ནས་རྣམ་པ་གཉིས་སུ་ཉེ་བར་འགྲོ་།ཉེ་བར་ལེན། བྱིན་གྱིས་རློབ། མངོན་པར་ཆགས་ཤིང་རྒྱུ་དང་རྐྱེན་གྲངས་མེད་དཔག་ཏུ་མེད་པ་ལ་དམིགས་ཤིང་ཉེ་བར་འཛིན་ཏེ། དེ་ལ་རང་བཞིན་གྱིས་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པར་མི་སྟོན། སྐྱེ་བ་དང ། འགོག་པ་དང ། འཇིག་པར་ཡང་ཉེ་བར་མི་རྟག་གོ་།བདག་དང ། སྲོག་དང ། གསོ་བ་དང ། གང་ཟག་ཏུ་དམིགས་ཤིང་རྟག་པ་དང་ཆད་པར་སྙེམས་ཏེ། ནང་དང་ཕྱིའི་རྐྱེན་ལ་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས། རྒྱུ་དང ། འབྲས་བུ་དང ། ལས་དང ། རྣམ་པར་སྨིན་པའི་ཀུན་ནས་ལྡང་བ་ལ་དམིགས་པ་དང ། རྣམ་པར་དཔྱོད་པ་དང ། རྣམ་པར་དཔྱོད་པ་མེད་པ་དང ། འཁྲུགས་པ་དང ། མ་འཁྲུགས་པ་དང ། ཉེ་བར་ཞི་བ་དང ། ཡང་དག་པར་རྟོག་པ་དང ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་བདེ་བ་དང ། སྡུག་བསྔལ་གྱི་ཚོར་བ་དང་བྲལ་བ། ཤེས་རབ་
320b
ཀྱི་དབང་པོ་མ་སྐྱེས་པས་ཆོས་ལ་རྣམ་པར་རྟོག་པ་འདིའང་སྡུག་བསྔལ་བའང་མེད། བདེ་བའང་མེད་པའི་ཚོར་བའོ། །དེ་ལ་བྱང་ཆུབ་སེམས་དཔས་ནང་དང་ཕྱིའི་མཚན་ཉིད་དུ་སྣང་བ་དང ། གཟུགས་ཀྱི་མཚན་ཉིད་དུ་སྣང་བ་གང་ཇི་སྙེད་པ་དག་ལ་ཡང་དག་པ་ཉིད་དང ། དེ་ཁོ་ན་ཉིད་དུ་བརྟག་པར་བྱའོ། །གང་ཇི་ལྟར་སྔར་བསྟན་པའི་འདོད་ཆགས་ཀྱི་གནས་དང ། ཞེ་སྡང་གི་གནས་ལ་འདི་ལྟར་བརྟག་པའམ། སྐད་ཅིག་གིས་འཇིག་པའི་ཚུལ་དང ། རྟག་པའམ་མི་རྟག་པའི་ཚུལ་དང ། བདེ་བའམ། སྡུག་བསྔལ་གྱི་ཚུལ་དང ། བདག་གམ་བདག་མེད་པའི་ཚུལ་དང ། ཁམས་གསུམ་པོ་ཐམས་ཅད་ཀྱི་འདུ་བྱེད་དང ། ཉོན་མོངས་པའི་རྒྱུན་མ་ཞི་བ་དང ། རྒྱུ་མེད་པ་དང ། བདག་པོ་མེད་པའི་རྒྱུན་མ་ཞི་བ་དང ། གཉིས་དང་བྲལ་བ་མི་སྐྱེ་བ་ལ་མངོན་པར་མི་ཆགས་པའི་ཚུལ་གྱིས་ཡོངས་སུ་རྟོག་པ་དང ། ཁམས་གསུམ་པོ་ཐམས་ཅད་དང ། དུས་གསུམ་གྱི་སྡུག་བསྔལ་ཡང་མེད། བདེ་བའང་མེད་པའི་ཚོར་བ་མི་སྐྱེ་བ་ནི། ཚོར་བ་གཉིས་མི་སྐྱེ་བའི་མཐར་ཁོང་དུ་ཆུད་པར་བྱའོ། །དེ་དག་གི་རྟག་པ་མེད་པའི་མཐའ་དང ། ཆད་པ་མེད་པའི་མཐའ་དང ། བརྗོད་དུ་མེད་པའི་རྗེས་ཀྱི་རྒྱུན་གྱི་མཐའ་དང ། ལུས་མེད་པའི་མཐའ་དང ། གནས་མེད་པའི་མཐར་ཁོང་དུ་ཆུད་པར་བྱའོ། །ཚིག་གི་ལམ་དང་བྲལ་བའི་བག་ལ་ཉལ་གྱི་སེམས་དང ། ཡིད་དང་རྣམ་པར་ཤེས་པ་ལ་སྡུག་བསྔལ་ཡང་མེད། བདེ་བའང་མེད་པའི་ཚོར་བ་མི་དམིགས་པར་
321a
༄#། །སོ་སོར་བརྟག་པར་བྱའོ། །ཡང་དེ་ལྟར་ཞི་གནས་ཀྱི་ཚུལ་གྱིས་རྒྱུ་དང ། རྐྱེན་དང ། རྒྱུ་མེད་པ་དང ། རྐྱེན་མེད་པའི་ལྷག་མཐོང་རྣམ་པ་བཅུ་གཉིས་ནི། ཡང་དག་པའི་ཤེས་རབ་ཀྱིས་གཏི་མུག་གི་མུན་པར་བལྟའོ། །འདི་ལ་མ་རིག་པའི་གནས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི། གང ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི། གང་ལ་དམིགས། ལུས་དང ། ངག་དང ། ཡིད་ཀྱི་འདུ་བྱེད་ལ་དམིགས་ན་ནི། ལུས་དེའང་འབྱུང་བ་ཆེན་པོ་བཞི་ལ་གནས་པ། འབྱུང་བ་ཆེན་པོ་བཞི་པོ་དེ་དག་ཀྱང་གཡོ་བ་མེད་པ། འགྱུར་བ་མེད་པ། བདག་མེད་པ། བདག་གི་མེད་པ་སྟེ། ཇི་ལྟར་སྔར་བསྟན་པ་བཞིན་ནོ། །ཚིག་གི་ལམ་ཡང་དམིགས་སུ་མེད་པ། ཡི་གེ་མེད་པ་སྟེ། བདག་མི་དམིགས་པའི་ཕྱིར་གནས་མེད་པའོ། །ཡིད་ཀྱི་རྣམ་པར་ཤེས་པའང་གནས་མེད་པ། མི་གནས་པ། ཚིག་གི་ལམ་ཙམ་དུ་བརྗོད་པ་སྟེ། འདི་ལ་བདག་དང ། ཡན་ལག་ཅན་དང ། གང་ཟག་མེད་དོ། །ལུས་དང ། ངག་དང ། ཡིད་ཀྱི་དམིགས་པ་གཉིས་ཀ་སྟོང་པ་སྟེ། དེས་ན་མ་རིག་པའང་སྟོང་པའོ། །ལུང་དུ་མ་བསྟན་པའི་སེམས་ཀྱི་རྒྱུད་ཀྱང་འགྲོ་བ་མེད་པའོ། །མཚན་ཉིད་དུ་སྣང་བའང་བརྗོད་དུ་མེད་པའོ། །མ་རིག་པ་དང ། སྲིད་པའི་སྲེད་པ་དང ། སེམས་དང ། ཡིད་ཀྱི་རྣམ་པར་ཤེས་པ་དང ། ཁམས་གསུམ་དང ། དུས་གསུམ་ལ་དམིགས་པའང་ཡང་དག་པའི་མཐའ་
321b
མི་དམིགས་ལ། དགེ་བ་དང ། མི་དགེ་བ་དང ། དགེ་བའི་མཚན་ཉིད་ཀྱིས་མེད་དེ། དེས་ན་མ་རིག་པ་ནི། སྟོང་པའོ། །ཡང་མ་རིག་པ་ནི། ཤིན་ཏུ་བྱང་ནས་འདུ་བྱེད་ལ་རྟོག་སྟེ། སྐད་ཅིག་མ་གང་ལ་མ་རིག་པ་སྐྱེ་བ་སྐད་ཅིག་མ་དེ་ཉིད་ལ་མི་གནས་ཤིང་འགག་སྟེ་སྐད་ཅིག་མ་གཉིས་ལ་མི་གནས་སོ། །སྐད་ཅིག་མ་གཅིག་ལ་གཉིས་ཀ་སྐྱེ་བའམ་འགག་པ་མེད་ཀྱི། མ་རིག་པ་འགགས་ནས་སྐད་ཅིག་མ་གཉིས་པ་ལ་འདུ་བྱེད་སྐྱེ་སྟེ། དེས་ན་མ་རིག་པ་སྟོང་སྟེ། བདག་མེད་པའི་ངོ་བོའོ། །ཡང་སྐད་ཅིག་མ་གང་ལ་འདུ་བྱེད་སྐྱེ་བ་དེ་ལ་ལུས་ཀྱི་འདུ་བྱེད་དང ། ངག་གི་འདུ་བྱེད་དང ། ཡིད་ཀྱི་འདུ་བྱེད་དང ། འདུ་བྱེད་གསུམ་འགག་གོ་།ཡང་ལུས་ཀྱི་འདུ་བྱེད་སྐྱེས་ནས་འདོད་ཆགས་དང་བྲལ་བའི་མཐའི་གནས་ན་ངག་གི་འདུ་བྱེད་སྐྱེའོ། །ཡང་རྣམ་པར་གྲོལ་བའི་མཐའ་ཡང་ཡིད་ཀྱི་འདུ་བྱེད་ཀྱི་རྗེས་ཀྱི་རྒྱུན་གྱིས་ངག་གི་འདུ་བྱེད་ལ་འཇུག་གོ་།ལུས་ཀྱི་འདུ་བྱེད་དེ་མ་སྐྱེས་ན། ངག་དང་ཡིད་ཀྱི་འདུ་བྱེད་ཀྱི་འཇུག་པ་མི་གསོག་གོ་།འདུ་བྱེད་ཉེ་བར་ལེན་པ་ཡང་དག་པར་རྟོག་པ་དང ། ལུས་ཀྱི་འདུ་བྱེད་ཉེ་བར་འཚོ་བ་ལ་རྣམ་པར་དཔྱོད་ཅིང་ཆགས་པར་ཡང་མི་འགྱུར་རོ། །ཡིད་ཀྱི་འདུ་བྱེད་མ་སྐྱེས་ན། ལུས་དང ། ངག་གི་འདུ་བྱེད་རྣམས་ཀྱི་དུས་གསུམ་གྱི་འཇུག་པ་བསགས་པ་བསལ་དུའང་མེད་དོ། །ངག་གི་འདུ་བྱེད་མ་སྐྱེས་ན། ལུས་དང ། ཡིད་ཀྱི་འདུ་བྱེད་རྣམས་ཀྱི་དུས་གསུམ་གྱི་འཇུག་པ་བསགས་པ་
322a
༄#། །བསལ་དུའང་མེད་དོ། །ཡང་འདུ་བྱེད་གསུམ་གྱི་མཚན་ཉིད་ཀྱི་གནས་དེ་འདྲ་བས་ཁམས་གསུམ་ན་སྤྱོད་པའི་རྣམ་པར་ཤེས་པའི་གནས་དང་སྣང་བ་ཐོབ་པར་བྱེད་པའང་མེད། སེལ་བར་བྱེད་པའང་མེད་དེ། དེས་ན་དེ་དག་སྟོང་པའོ། །འདུ་བྱེད་ཀྱི་མཐའ་ལས་སྐྱེས་པའང་རང་བཞིན་གྱིས་བསལ་བས་རྣམ་པར་དག་པ་གཉིས་སུ་མེད་པའི་རྗེས་སུ་སོང་བ། སྨོན་པ་མེད་པ། འདུ་བྱེད་རྣམ་པར་བཞག་པ། ནམ་མཁའ་ལྟར་སྟོང་པའོ། །ལུས་ཀྱི་འདུ་བྱེད་ཀྱང་ཡང་དག་པའི་མཐའི་རང་བཞིན་བདག་མེད་པ་སྟེ། སྔོན་གྱི་མཐའ་དང ། ཕྱི་མའི་མཐའ་དང ། བར་དུའང་མ་བྱུང་བ་དང ། གནས་མེད་པའི་ཕྱིར་སྟོང་པའོ། །ངག་གི་འདུ་བྱེད་ཀྱང་ཚིག་གི་ལམ་དང་བྲལ་བའི་རྗེས་སུ་འགྲོ་བ། ནམ་མཁའ་ལྟར་སྒྲོ་བཏགས་པ་སྟེ། ཁམས་གསུམ་དང་གཉིས་དང་བྲལ་བས་སྟོང་པའོ། །ཡིད་ཀྱི་འདུ་བྱེད་ཀྱང་ཐོབ་པ་མེད་པ། མངོན་སུམ་དུ་བྱ་བ་མེད་པ། དུས་གསུམ་ཐམས་ཅད་ཀྱི་མཚན་ཉིད་དང་བྲལ་བ། སེམས་ཅན་མེད་པ་ནས་གང་ཟག་གི་བར་དུ་བྱེད་པ་མེད་པ་ལ་རྣམ་པར་རྟོག་པ་གཏི་མུག་གིས་རྣམ་པར་བསྒྲུབས་པ། མུན་པ་མེད་པ། སྣང་བ་མེད་པ། བླང་བ་མེད་པ། སྤྲོས་པ་མེད་པ། ཡི་གེ་མེད་པ། སྟོང་པ། ནམ་མཁའ་དང་མཚུངས་པའོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ལ་ཡོངས་སུ་རྟོག་པར་བྱེད་དེ། འདུ་བྱེད་རྣམས་ནི། སྐྱེས་ནས་
322b
འགག་པ་ཡིན་གྱི། རྣམ་པར་ཤེས་པའི་རྒྱུན་ནི། བཀྲི་བར་བྱ་བ་མེད་པ་སྟེ། རྣམ་པར་ཤེས་པའི་ཚོགས་དྲུག་པོ་འདི་དག་ཀྱང་འདྲ་བ་དང ། མི་འདྲ་བ་དང ། བདག་པོ་མེད་པ་དང ། སྐད་ཅིག་མ་དང ། འགོད་པའི་མཚན་ཉིད་ལ་མི་གནས་པའོ། །ཡང་རྣམ་པར་ཤེས་པ་ནི། རྣམ་པར་དཔྱོད་པའི་མཚན་ཉིད་མི་དམིགས་པ་དང ། ནང་དང་ཕྱི་མི་དམིགས་པ་དང ། དགེ་བ་དང ། མི་དགེ་བ་དང ། ཟག་པ་དང་བཅས་པ་དང ། ཟག་པ་མེད་པ་མི་དམིགས་པ་དང ། འདུས་བྱས་དང ། འདུས་མ་བྱས་མི་དམིགས་པ་དང ། རྒྱུ་དང་རྐྱེན་མི་དམིགས་པ་དང ། ཁམས་གསུམ་གྱི་དང ། དུས་གསུམ་གྱི་ཚོར་བ་མི་དམིགས་པ་དང ། འདོད་པ་ལྔའི་ཡོན་ཏན་ཉམས་པ་མི་དམིགས་པ་དང ། འབྱུང་བ་ཆེན་པོ་བཞི་མི་དམིགས་པ་དང ། ཁམས་དྲུག་མི་དམིགས་པ་དང ། སྒོམ་པ་དང ། ཚུལ་བཞིན་ཡིད་ལ་བྱེད་པ་དང ། བར་ཆད་མེད་པའི་ལམ་ནས་ཕུང་པོའི་ལྷག་མ་དང་བཅས་པ་དང ། ཕུང་པོའི་ལྷག་མ་མ་ལུས་པའི་བར་གྱི་རྣམ་པར་ཤེས་པ་མི་དམིགས་པས་གཟུགས་ལ་ཉེ་བར་བཀྲི་བ་མེད་པ་ནས་ཡིད་ཀྱི་བར་ལ་ཉེ་བར་བཀྲི་བ་མེད་པ་སྒྱུ་མ་སྣང་བ་ལྟ་བུར་རང་བཞིན་མེད་པ། ལུས་མེད་པ། གནས་མེད་པའོ། །རྣམ་པར་ཤེས་པ་ནི། སྔོན་གྱི་མཐའ་དང ། ཕྱི་མའི་མཐའ་དང ། བར་གྱི་མཐའི་ཡང་དག་པའི་མཐའ་འབྱུང་བ་མེད་པའི་གཟུགས་ཀྱི་མཚན་ཉིད་གང་དུའང་རྣམ་པར་བརྟག་པའི་གནས་སུ་སྣང་བ་དང ། སྤྱོད་པར་ཤེས་པར་མི་ནུས་ཏེ། དེས་ན་རྣམ་པར་
323a
༄#། །ཤེས་པ་ནི། སྟོང་པའོ། །ཡང་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ལ་རྟོག་པར་བྱད་དེ། སྐད་ཅིག་མ་གཅིག་ལ་རྣམ་པར་ཤེས་པ་སྐྱེས་ཤིང་འགགས་ནས་མིང་དང་གཟུགས་སྐྱེའོ། །མིང་ཡང་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་དང ། གཟུགས་མེད་པའི་ཕུང་པོ་འདི་དག་གོ་།ཕུང་པོའང་རྫས་མེད་པའི་དོན་ཏེ། གཟུགས་ཀྱི་མཚན་ཉིད་དང ། དབྱིབས་ཀྱི་སྣང་བ་ལ་མི་འཇུག་པས་དེ་དག་ནི། མིང་ཞེས་བྱའོ། །གཟུགས་ཞེས་བྱ་བ་ནི། འབྱུང་བ་ཆེན་པོ་བཞི་ལ་གཟུགས་ཞེས་བྱའོ། ། གཟུགས་མེད་པའི་ཕུང་པོ་བཞི་པོ་འདི་དག་ཀྱང་དངོས་པོ་མེད་པ། གནས་མེད་པ། རྫས་མེད་པ། མཚན་ཉིད་མེད་པ། མཚན་ཉིད་དང་བྲལ་བ་སྟེ། ཚོར་བའི་རྣམ་པར་སྨིན་པའི་མཚན་ཉིད་རབ་ཏུ་མི་ཤེས་པའོ། །རྒྱུ་དང་རྐྱེན་ལ་དམིགས་པ་དང ། འབྲས་བུ་འགྲུབ་པར་རབ་ཏུ་མི་ཤེས་པའོ། །ཆོས་འདི་དག་ནི། ཕན་ཚུན་ནས་འདུ་བ་དང་གནས་རྣམ་པར་དབྱེ་བ་རབ་ཏུ་མི་ཤེས་པའོ། །འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའི་ཕུང་པོའི་རྣམ་པར་སྨིན་པ་ནས་རྣམ་པར་ཕྱེ་བའི་བར་དུ་རབ་ཏུ་མི་ཤེས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་དག་ཐམས་ཅད་ནི། ཁམས་གསུམ་ལས་གྲོལ་བ། དུས་གསུམ་ལས་ཤིན་ཏུ་འདས་པ། མཉམ་པ་མེད་པ། ཡོངས་སུ་འཛིན་པ་མེད་པ། ཁ་ཟས་མེད་པ། དངོས་པོ་མེད་པ། ཆགས་
323b
ཤིང་རྣམ་པར་རྟོག་པ་མེད་པ། སྒྲ་མེད་པ། འབྱུང་བ་མེད་པ། གཉིས་སུ་མེད་པ། རྒྱུ་མེད་པ། ཀུན་གཞི་མེད་པ། དབང་དུ་གྱུར་པ་མེད་པ། འཆི་འཕོ་མེད་པ། རྐྱེན་མེད་པ། མཚན་ཉིད་མེད་པ།་བྱས་པ་མེད་པ། རྒྱུ་མེད་པ། བདག་གི་མེད་པ། བརྗོད་དུ་མེད་པ། ཆད་པ་མེད་པ། རྟག་པ་མེད་པ། བྱ་བ་མེད་པ། མིང་མེད་པའོ། །གནས་མེད་པས་གཟུགས་མེད་པའོ། །ཡིད་མེད་པའོ། ། རྣམ་པར་རྟོག་པ་མེད་པའོ། །རྣམ་པར་སྨིན་པ་མེད་པའོ། །རྣམ་པར་ཤེས་པར་བྱ་བ་མེད་པའོ། །གཞལ་བ་མེད་པའོ། །མངོན་པར་འགྲུབ་པ་མེད་པའོ། །དུས་གསུམ་དང་ཁམས་གསུམ་ཐམས་ཅད་ཀྱི་གཟུགས་མེད་པའོ། །ཕུང་པོ་བཞི་པོ་འདི་དག་ནི། ནམ་མཁའ་དང་མཚུངས་པའོ། །མཚན་ཉིད་མེད་པའོ། །རླུང་དང་མཚུངས་པའོ། །རྟོག་པ་མེད་པའོ། །མིག་གི་ལམ་དུ་བརྗོད་པའི་མཚན་ཉིད་དོ། །དུས་གསུམ་ཐ་དད་པ་མེད་ཅིང་འགྲོ་བ་མེད་པའི་ཚུལ་གྱིས་ཡང་དག་པའི་མཐའ་རྗེས་སུ་མ་ཞུགས་པའོ། །འཇུག་པ་མེད་པའོ། །མུན་པ་མེད་པའོ། །སྣང་བ་མེད་པའོ། །རང་བཞིན་མེད་པའོ། །ངོ་བོ་ཉིད་ཀྱིས་རྩ་བ་མེད་པའོ། །ཡི་གེ་མེད་པའོ། །དེ་དག་ནི། གང་དུའང་སྒོམ་པ་དང ། སྐྱེས་པ་དང ། མ་སྐྱེས་པ་དང ། འོང་བ་དང ། འགྲོ་བ་དང ། བསགས་པ་མེད་པའོ། །ཁམས་གསུམ་ཐམས་ཅད་ནི། གཏམ་གྱི་དངོས་པོར་གདགས་པའི་མཚན་ཉིད་ཀྱི་འཇུག་པ་མེད་པའོ། །བླང་བ་མེད་པའོ། །དོར་བ་མེད་པའོ། །གཟུགས་མེད་པའི་ཕུང་པོ་བཞི་པོ་
324a
༄#། །འདི་དག་ནི། མཚན་ཉིད་ཀྱི་འཇུག་པ་མེད་པའོ། །ཕུང་པོ་འདི་དག་ནི། མིག་གི་གནས་ཀྱི་དབྱིབས་སུ་མི་གནས་པ་ནས་ལུས་ཀྱི་གནས་ཀྱི་བར་གྱི་དབྱིབས་སུ་མ་གནས་པ་ཡིན། ནོ། །ལུས་ཀྱི་རྣམ་པར་ཤེས་པའི་གནས་ཀྱི་དབྱིབས་སུ་གནས་པ་མ་ཡིན། སེམས་དང ། ཡིད་དང ། རྣམ་པར་ཤེས་པའི་གནས་སེལ་བའི་བརྡ་དང ། མཚན་མ་རྣམ་པར་བཞག་པར་རྣམ་པར་བཞག་པ་མ་ཡིན་ནོ། །གཟུགས་མེད་པའི་ཕུང་པོ་བཞི་པོ་འདི་དག་ནི། གནས་ཀྱི་དབྱིབས་སུ་གནས་ཀྱང་གཟུགས་མེད་པའི་ཕུང་པོ་བཞི་པོ་འདི་དག་ནི། གཟུགས་ཀྱི་ཕུང་པོའི་གནས་ཀྱི་དབྱིབས་སུ་གནས་པ་མ་ཡིན་ནོ། །ཁམས་གསུམ་གྱི་ལས་ཀྱི་མཚན་ཉིད་རྣམ་པར་དཔྱོད་པའི་རྗེས་སུ་འབྲེལ་པ་གཟུགས་མེད་པའི་ཕུང་པོ་བཞི་པོ་འདི་དག་ནི། གནས་ཀྱི་དབྱིབས་སུ་མི་གནས་པའོ། །དེ་དག་ནི། བདག་མེད་པ་ནས་གང་ཟག་གི་བར་དུ་མེད་པའོ། །བརྗོད་དུ་མེད་པའོ། །ཡི་གེ་མེད་པའོ། །གཟུགས་མེད་པའི་ཕུང་པོ་བཞི་པོ་འདི་དག་ནི། སྟོང་པའི་མཚན་ཉིད་ཀྱིས་ཤིན་ཏུ་སྐད་ཅིག་གིས་འཇིག་པ་ཐེར་ཟུག་མ་ཡིན་པའོ། །གནས་མི་དམིགས་པས་མཚན་མ་མེད་པའོ། །སྐད་ཅིག་གིས་སྐྱེ་ཞིང་འབྲི་བའི་ཚུལ་གྱིས་སྨོན་པ་མེད་པའོ། །འགེག་པ་མེད་པས་ཆགས་པ་མེད་པའི་ཤེས་རབ་འཇུག་པ་སྟེ། དེས་ན་ཕུང་པོ་བཞི་པོ་འདི་དག་ནི། སྟོང་པའོ། །གཟུགས་ཀྱི་ཕུང་པོ་འབྱུང་བ་ཆེན་པོ་འདི་དག་ཀྱང་ཇི་ལྟར་སྔར་
324b
བསྟན་པ་བཞིན་དུ་སྟོང་པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཀྱང་སྐད་ཅིག་མའི་རྒྱུན་གྱི་ཚུལ་གྱིས་སྐྱེ་བ་མ་ཡིན། ཕན་ཚུན་ལས་ཤིན་ཏུ་འདས་ཤིང་མི་གནས་པའི་ཚུལ་གྱིས་མ་ཡིན།་ཕན་ཚུན་དུ་ཉེ་བར་ཉོན་མོངས་པ་མ་ཡིན། ཕན་ཚུན་ལས་ཤིན་ཏུ་འདས་པ་མ་ཡིན་ནོ། །སྐད་ཅིག་མ་དང་པོ་ལ་གཟུགས་མེད་པར་མི་སྐྱེ་བ་མ་ཡིན། སྐད་ཅིག་མ་གཉིས་པའི་གནས་ལ་མིང་མེད་པར་གཟུགས་སྐྱེ་བ་མ་ཡིན་གྱི། སྐད་ཅིག་མ་གཅིག་གི་གནས་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཐམས་ཅད་སྐྱེ་ཞིང་འགག་སྟེ། སྐད་ཅིག་མ་ལྷག་མ་གཉིས་པོ་ལ་གནས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་སེམས་ལས་བྱུང་བའི་ཆོས་མྱུར་དུ་འགྱུར་བ་བཞིན་དུ་སྒྲུབ་པར་སླ་བ་མ་ཡིན་ཏེ། དེ་དག་ཀྱང་དངོས་པོ་མེད་པ་སྐད་ཅིག་གིས་འཇིག་པར་གནས་པ་མ་ཡིན་ནོ། །ཡང་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ལ་རྟོག་པར་བྱེད་དེ། མིང་དང་གཟུགས་སྐྱེས་ཤིང་འགག་ནས་སྐད་ཅིག་མ་གཉིས་པ་ལ་སྐྱེ་མཆེད་དྲུག་སྐྱེ་སྟེ།་སྐྱེ་མཆེད་དྲུག་པོ་འདི་དག་ནི། མིག་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་དོ། །མིག་གི་རྣམ་པར་ཤེས་པའང་རྣ་བའི་རྣམ་པར་ཤེས་པ་དང་འདྲེ་བ་དང་འབྲེལ་པའི་ལས་གསོག་པ་མ་ཡིན། གཅིག་ལ་གཅིག་འབྲེལ་པ་སེལ་བ་མ་ཡིན། མིག་གི་རྣམ་པར་ཤེས་པའི་ལས་ཀྱི་དམིགས་པ་སྐྱེས་པ་རྣ་བའི་རྣམ་པར་ཤེས་པའི་སྐད་ཅིག་མར་བྱ་བར་མི་ནུས། རྣ་བའི་
325a
༄#། །རྣམ་པར་ཤེས་པའི་དམིགས་པའང་མིག་གི་རྣམ་པར་ཤེས་པའི་དམིགས་པའི་རྒྱུར་མི་སྐྱེད་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་བརྗོད་པར་བྱའོ། །མིག་གི་རྣམ་པར་ཤེས་པའང་རྟག་པ་དང་མི་རྟག་པ་དང་འདྲེས་ཏེ་འབྱུང་བ་མ་ཡིན། ཁམས་གསུམ་གྱི་ཆད་པ་དང ། རྟག་པའི་མཐའ་དང་འདྲེས་ཏེ་འབྱུང་བ་མ་ཡིན། ཆོས་ཐམས་ཅད་དུས་གསུམ་དང ། ཐ་མི་དད་པའི་མཐའ་ཉེ་བར་ལེན་པ་མ་ཡིན་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་བརྗོད་པར་བྱའོ། །མིག་གི་རྣམ་པར་ཤེས་པ་ནི། བདེ་བ་དང་སྡུག་བསྔལ་གྱི་དངོས་པོའི་བདག་གི་མཐའ་དང་འདྲེས་ཏེ་འབྱུང་བ་མ་ཡིན། བདག་དང་བདག་མེད་པ་མ་ཡིན། སྡུག་པ་དང་མི་སྡུག་པ་མ་ཡིན། འདུས་བྱས་དང་འདུས་མ་བྱས་པ་མ་ཡིན། ཆད་པ་དང་རྟག་པ་མ་ཡིན།་མཚན་མ་དང་མཚན་མ་མེད་པ་མ་ཡིན། གཉིས་སུ་མ་ཡིན། གཉིས་སུ་མེད་པའི་མཐའ་མ་ཡིན། ཡང་དག་པའི་མཐའ་ཉེ་བར་འཛིན་པ་མ་ཡིན་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དག་ཀྱང་ངོ ། །མིག་གི་རྣམ་པར་ཤེས་པ་ལ་གཟུགས་ཀྱི་མཚན་ཉིད་སྟོང་པའམ་མི་སྟོང་པ་ཞེས་ཆགས་པ་མེད། སེལ་བ་མེད། ཐ་དད་པ་མེད། བདེ་བ་དང ། སྡུག་བསྔལ་བ་དང ། ནང་དང་ཕྱིའི་རྣམ་པར་སྨིག་རྒྱུ་བ་ལྟ་བུ་དང་འདྲེས་སྟེ་འབྱུང་བ་མ་ཡིན། ཐེག་པ་གསུམ་དང ། མི་ཁོམ་པའི་མཐའ་དང ། འཇིག་ཚོགས་ཀྱི་མཐའ་སེལ་བ་མ་ཡིན། གསུམ་གྱིས་
325b
གུས་པའི་ཚུལ་དུ་བྱེད་པ་མ་ཡིན། ཟད་པ་མི་ཤེས་པའི་མཐའ་རྣམ་པར་འཁྱམས་པ་མ་ཡིན་པ་ནས་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཚོར་བ་སྐད་ཅིག་མི་བདེན་པ་དང ། མི་བདེན་པ་ཉེ་བར་འགྲོ་བ་མེད།་སྐྱེད་པ་མེད་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་བརྗོད་པར་བྱའོ། །སྒྱུ་མ་ལྟ་བུའི་མིག་གི་རྣམ་པར་ཤེས་པ་ཡོད་པ་མ་ཡིན་པ་འདི་ལ་སྐད་ཅིག་མི་སྤྱོད་པ་མེད། ཤེས་པ་མེད། སྣང་བ་མེད།་ཡི་གེ་མེད་དེ། སྐད་ཅིག་མའི་མི་སྐྱེ་བ་དང ། འགོག་པ་དང ། ཆོས་འདི་དག་ནི། སྐད་ཅིག་མ་གཅིག་ལ་སྐྱེ་ཞིང་འགག་སྟེ། འདི་ལ་བྱེད་པ་པོ་དང ། བྱེད་དུ་འཇུག་པ་དང ། ཚོར་བ་པོ་དང ། ཚོར་བར་བྱེད་པ་པོ་དང ། སྐྱེད་པ་པོ་དང ། སྐྱེད་པར་བྱེད་པ་དང ། ལྡང་བར་བྱེད་པ་དང ། ལྡང་བར་བྱེད་དུ་འཇུག་པ་དང ། བྱིན་གྱིས་རློབ་པ་པོ་དང ། རྣམ་པར་འཇིག་པ་པོ་མེད་དོ། །དེ་དག་ནི། སྐད་ཅིག་མ་དང་པོ་ལ་སྐྱེས་ལ་སྐད་ཅིག་མ་གཉིས་པ་ལ་གནས་པ་མ་ཡིན། སྐྱེས་ནས་ཕན་ཚུན་ཐ་དད་པར་བྱེད་པ་མ་ཡིན། རྒྱུ་མེད་པ་ལས་བྱུང་བ་མ་ཡིན་ཏེ། ཆོས་དེ་དག་ནི། སྐད་ཅིག་གིས་འཇིག་པའི་མཚན་ཉིད་པས་དེས་ན། དེ་དག་ནི། སྟོང་པའོ། །ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ལས་སྐྱེས་ཤིང་འགག་སྟེ། དེས་ན་དེ་དག་ནི། སྟོང་པའོ། །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ལ་རྟོག་པར་བྱེད་དེ། རྣམ་པར་ཤེས་པ་དྲུག་གི་ཚོགས་སྐྱེས་ཤིང་འགགས་པ་དང ། སྐད་ཅིག་མ་གཉིས་པའི་གནས་ལ་མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་དག་གི་
326a
༄#། །འདུས་ཏེ་རེག་པ་དྲུག་གི་ཚོགས་སྐྱེ་བའི་རྒྱུ་མེད་དོ། །དེ་ལ་མིག་གི་འདུས་ཏེ་རེག་པ་ནི། མིག་གི་རྣམ་པར་ཤེས་པས་ཡུལ་ལ་རེག་པ་ལ་གནས་པའི་བྱ་བ་སྟེ། ཆགས་པར་བྱ་བའི་ཕྱིར་སྐད་ཅིག་མ་གཉིས་པ་ལ་འབྱུང་བའོ། །དེ་ནི། གཉིས་ཀའང་དངོས་པོ་མེད་པ་སྟེ། ནམ་མཁའ་ལ་བརྟག་པའི་མཚན་ཉིད་ལྟ་བུའོ། །མིག་གི་ཡུལ་གྱི་རེག་པ་ནི། མིག་གི་རྣམ་པར་ཤེས་པ་ལ་གནས་པའི་ཆགས་པར་བྱ་བའི་དོན་དུ་སྐད་ཅིག་མ་གཉིས་ལ་འབྱུང་བ་ནི། མ་ཡིན་ནོ། །དེ་བཞིན་དུ་རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱང་བརྗོད་པར་བྱའོ། །མིག་གི་རྣམ་པར་ཤེས་པའི་རྐྱེན་ཀྱང་གཟུགས་ཀྱི་འདུས་ཏེ་རེག་པ་ལ་དམིགས་པ་ལ་ཡོད་པའི་མཚན་ཉིད་ཀྱི་རང་བཞིན་དུ་ཆགས་པར་བྱ་བའི་ཕྱིར་སྐད་ཅིག་མ་གཉིས་ལ་འབྱུང་བ་ནི། མ་ཡིན་ནོ། །དེ་ནི། གཉིས་ཀའང་དངོས་པོ་མེད་པ་སྟེ། ནམ་མཁའ་ལ་བརྟག་པ་ལྟ་བུའོ། །དེ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པའང་བརྗོད་པར་བྱའོ། །མིག་ནི། མིག་གིས་གཉིས་སུ་མེད་དེ། གཉིས་ཀའང་དངོས་པོ་མེད་པའི་ཕྱིར་རོ། །མིག་ནི། མིག་གི་རྣམ་པར་ཤེས་པས་གཉིས་སུ་མེད་དེ། གཉིས་ཀའང་དངོས་པོ་མེད་པའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་པའང་ཡུལ་གྱི་འདུས་ཏེ་རེག་པ་དང་གཉིས་སུ་མེད་དོ། །གཉིས་ཀའང་དངོས་པོ་མེད་པའི་ཕྱིར་རོ། །དེ་བཞིན་དུ་གནས་པའི་བྱ་
326b
བའང་ཆགས་པར་བྱས་པས་གཉིས་སུ་མེད་ཅིང་དངོས་པོ་མེད་དེ། ནམ་མཁའ་ལ་བརྟག་པའི་མཚན་ཉིད་ལྟ་བུའི་ཕྱིར་རོ། །དངོས་པོ་འདི་དག་ནི། མཚན་ཉིད་མེད་པར་རྣམ་པར་བརྟག་སྟེ། བྱ་བ་མེད་པ།་ཆགས་པ་མེད་པའི་མཚན་ཉིད་ཞེན་པ་མེད་པའོ། །དུས་གསུམ་དང་ཁམས་གསུམ་དེ་དག་ཐམས་ཅད་ནི། ཆོས་ཀྱི་དབྱིངས་རྣམ་པར་མི་རྟོག་པ། ཆོས་ངེས་པར་སེམས་པ། ཤེས་པ་མེད་པ།་སྦྱོར་བ་ལས་རྣམ་པར་བཟློག་པ། དཀའ་བ་མེད་པ། བྱིས་པ་སེམས་ཅན་ཇི་ལྟ་བ་བཞིན་དུ་མིང་མེད་པ། རྐྱེན་མེད་པ། ཁ་དོག་དང་མཚན་མ་མེད་པ། གནས་པ་མེད་པ། རྣམ་པར་དམིགས་པ་མེད་པ། བརྗོད་དུ་མེད་པ་ཡིན་ན། ནམ་མཁའི་རང་བཞིན་ལྟ་བུ་ལ་ཆོས་དང་ཆོས་ཀྱི་དབྱིངས་ཐ་དད་དུ་འབྱེད་དོ། །རང་གི་རྒྱུད་ཀྱི་ཡོངས་སུ་རྟོག་པས་ཆོས་ཀྱི་དབྱིངས་གཅིག་ལ་ཚུལ་སྣ་ཚོགས་ཀྱིས་དེ་ལྟར་ཐ་དད་དུ་འབྱེད་དོ། །མིང་དང ། རྐྱེན་དང ། ཁ་དོག་དང ། མཚན་དང་དབྱིབས་སུ་འདོགས་སོ། །འདོད་པའི་ཡོན་ཏན་ལྔ་ནི། སྐྱེ་བ་མེད་པ། ལྡང་བ་མེད་པ། མཚན་ཉིད་མེད་པ། རྣམ་པར་གཞག་པ་མེད་པ། རྣམ་པར་ཐར་པ་གསུམ་ནི། དབྱིངས་གཅིག་པའི་རང་བཞིན་གྱི་ངོ་བོ་ཉིད་དེ། དུས་གསུམ་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་ནམ་མཁའི་ལམ་ལྟ་བུར་རྣམ་པར་དཔྱད་བ་སྟེ། དེས་ནི། མིག་གི་ཡུལ་དང ། མིག་གི་རྣམ་པར་ཤེས་པའི་ཡུལ་གྱི་འདུས་ཏེ་རེག་པ་དང ། ཁམས་གསུམ་ཐམས་ཅད་ལ་འཇུག་པ་དང ། མཚན་
327a
༄#། །དང།་ཁ་དོག་དང ། དབྱིབས་དང་བྲལ་བ། ནམ་མཁའ་ལ་བརྟག་པའི་མཚན་ཉིད་ལྟ་བུ་ལ་འཇུག་པ་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་སོ། །དེ་བཞིན་དུ་རྣ་བ་དང།་སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱི་རྣམ་པར་ཤེས་པའི་འདུས་ཏེ་རེག་པའང་གཉིས་སུ་མེད་པ་སྟེ། གཉིས་ཀའང་དངོས་པོ་མེད་པའི་ཕྱིར་རོ། །ངེས་ན་རྣམ་པར་ཤེས་པ་དང་འདུས་ཏེ་རེག་པ་ལྡང་བ་ཇི་སྙེད་པ་ཐམས་ཅད་དང ། ཁམས་གསུམ་ཐམས་ཅད་དང ། ཁོང་དུ་ཆུད་པ་དང ། ཁ་དོག་དང ། མཚན་དང ། དབྱིབས་ཁོང་དུ་ཆུད་པ་དང ། ནམ་མཁའ་ལ་བརྟག་པ་ལ་འཇུག་པའང་ཆོས་ཀྱི་དབྱིངས་སོ། །གང་རེག་པའི་སྐྱེ་ཆེད་དྲུག་ལ་རྣམ་པར་དཔྱོད་ཅིང་འབྲེལ་བར་འབྱུང་བ་ཀུན་ཏུ་སློང་བའི་རྣམ་པར་དཔྱོད་པ། ཁོང་དུ་ཆུད་པ། ཆགས་པ་ཐམས་ཅད་བརྗོད་པས་བཅིངས་པ། བདུད་ཀྱི་དབང་དུ་སོང་བ་ནི། བདུད་ཀྱི་འདོད་པ་ཇི་ལྟ་བ་བཞིན་དུ་བྱེད་པའོ། །གང་རེག་པའི་སྐྱེ་མཆེད་དྲུག་ལ་མི་དཔྱོད་ཅིང་མི་སྐྱེ་བ་ཀུན་ཏུ་སློང་བ་དང ། ཁ་དོག་དང ། དབྱིབས་ཐམས་ཅད་སེལ་བ་དང ། སྐད་ཅིག་གིས་འཇིག་པ། ནམ་མཁའ་ལ་བརྟག་པའི་མཚན་ཉིད་ལྟ་བུ་འདི་ནི། འཇིག་རྟེན་ལས་འདས་པ་བརྗོད་དུ་མེད་པའི་ཡེ་ཤེས་ཁོང་དུ་ཆུད་པའོ། །གང་གཟུགས་ལ་རོ་མང་ཞིང་རེག་པའི་སྐྱེ་མཆེད་དྲུག་དང ། འདོད་པའི་ཡོན་ཏན་ལྔ་ལ་རྟག་པའམ། མི་རྟག་པ་ཞེས་དཔྱོད་པ་ཁོང་དུ་ཆུད་ཅིང་ཆགས་པ་ཐམས་ཅད་
327b
བརྗོད་པའི་བར་དག་ཀྱང་བདུད་ཀྱི་འདོད་པ་ཇི་ལྟ་བ་བཞིན་བྱེད་པའོ། །གང་ཡང་གཟུགས་ལ་རོ་མྱང་བ་དང ། འདོད་པ་ལྔའི་ཡོན་ཏན་དང ། རེག་པའི་སྐྱེ་མཆེད་དྲུག་ལ་རྟག་པའམ། མི་རྟག་པ་ཞེས་རྣམ་པར་དཔྱོད་པར་ནུས་པ། ཀུན་ཏུ་སློང་བའི་མཚན་ཉིད་ཡིད་ལ་བྱེད་པ་དེ་ནི། ཆགས་པ་ཐམས་ཅད་ཡོངས་སུ་གཅོད་པ། འཇིག་རྟེན་ལས་འདས་པ། བརྗོད་དུ་མེད་པ། ཁོང་དུ་ཆུད་པའི་བྱང་ཆུབ་ཀྱི་ལམ་རྣམ་པར་སྤྱོད་པའོ། །དེ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། གང་ཡང་རྣམ་པར་ཤེས་པ་དང ། རེག་པའི་སྐྱེ་མཆེད་དྲུག་ལ་རྟག་པའམ། མི་རྟག་པ་ཞེས་དཔྱོད་པ་ཁོང་དུ་ཆུད་པ་ཆགས་པ་ཐམས་ཅད་བརྗོད་པའི་བར་དེའང་བདུད་ཀྱི་འདོད་པ་ཇི་ལྟ་བ་བཞིན་དུ་བྱེད་པའོ། །གང་ཡང་ཡིད་ཀྱི་རྣམ་པར་ཤེས་པ་དང་རེག་པའི་སྐྱེ་མཆེད་དྲུག་ལ་འདོད་པའི་ཡོན་ཏན་ལྔའི་རོ་མྱང་བར་མི་བྱེད་ཅིང་མུན་པའང་མེད་པ། སྣང་བའང་མེད་དེ། ནམ་མཁའ་ལྟར་གཉིས་ལྟ་བུར་བྱ་བ་མ་ཡིན་པ་འདིའང་འཇིག་རྟེན་ལས་འདས་པ། བརྗོད་དུ་མེད་པ་ཁོང་དུ་ཆུད་པའི་བྱང་ཆུབ་ཀྱི་ལམ་རྣམ་པར་སྤྱོད་པའོ། །ཆོས་འདི་དག་ནི། འདུ་ཤེས་དང ། སེམས་པ་དང ། སྐད་ཅིག་མའི་རྒྱུན་གྱིས་འཇུག་པ་མ་ཡིན་ནོ། །རེག་པ་ཕན་ཚུན་འདྲེས་ནས་འབྱུང་བར་བྱེད་པ་ཡང་མ་ཡིན་ནོ། །སྐད་ཅིག་མའི་རྒྱུན་གྱིས་ཕན་ཚུན་སྐྱེད་པར་བྱེད་པའང་མ་ཡིན་ནོ། །འགོག་པར་བྱེད་པའང་མ་ཡིན་ནོ། །ཆོས་འདི་དག་ནི། སྐད་ཅིག་མ་དང་པོ་ལ་
328a
༄#། །སྐྱེས་ནས་སྐད་ཅིག་མ་འདི་ཉིད་ལ་འཇིག་སྟེ། སྐད་ཅིག་མ་གཉིས་པ་ལ་གནས་པ་མ་ཡིན་ནོ། །དེ་འགགས་ཏེ་རེག་པའི་སྐྱེ་མཆེད་དྲུག་དང ། འདུ་ཤེས་དང་སེམས་པ་འཇིག་པའི་སྐད་ཅིག་མ་གཉིས་པ་ལ་ཚོར་བ་སྐྱེའོ། །དེ་ལ་ཚོར་བ་གང་ཞེ་ན། ཚོར་བའི་ཚོགས་དྲུག་གོ་།མིག་གིས་རེག་ནས་ཚོར་བ་སྐྱེ་སྟེ། རྣ་བ་དང ། སྣ་དང་ལྕེ་དང ། ལུས་དང ། ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་སྐྱེ་སྟེ། དེའང་སྐད་ཅིག་མ་གཅིག་མ་ཡིན། ལས་གཅིག་རྣམ་པར་དམིགས་པའི་སྐད་ཅིག་མ་མ་ཡིན། ཚོར་བ་གསུམ་ནི་བདེ་བའི་ཚོར་བ་དང ། སྡུག་བསྔལ་གྱི་ཚོར་བ་དང ། བདེ་བའང་མེད་སྡུག་བསྔལ་ཡང་མེད་པའི་ཚོར་བ་སྟེ། དུས་གསུམ་དང ། ཁམས་གསུམ་ཐམས་ཅད་ཀྱི་རེག་པའི་སྐྱེ་མཆེད་དྲུག་ལ་ཚོར་བ་རྣམ་པ་གསུམ་པོ་སྟོང་བར་ཁོང་དུ་ཆུད་པར་བྱ་སྟེ། ཇི་ལྟར་སྔར་བསྟན་པ་བཞིན་ནོ། །ཡང་ལ་ལ་དག་འདི་སྐད་ཅེས་རེག་པའི་སྐྱེ་མཆེད་དྲུག་ལས་ཚོར་བ་རྣམ་གསུམ་སྐྱེ་སྟེ། སྐལ་པ་མཉམ་པར་ཕུང་པོ་ལ་རྣམ་པར་དཔྱོད་པ་ལས་གནས་པ་དེ་ལྟ་བུ་ནི་རྟག་པར་ལྟ་བ་ཞེས་འཛེར་ཏོ། །ཡང་གང་དག་འདི་སྐད་ཅེས་གང་རེག་པའི་སྐྱེ་མཆེད་དྲུག་ལས་ཚོར་བ་རྣམ་གསུམ་སྐྱེ་སྟེ། ཕུང་པོ་མེད་པའི་ཚིག་ལ་གནས་པ་དེ་ལྟ་བུའི་ཆད་པ་ཞེས་ཟེར་ཏེ། གཉིས་ཀའང་ཡོངས་སུ་སྤང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཕུང་པོ་རྣམས་ནི་རྣམ་པར་མི་རྟོག་པ་སྟེ། ཕྱིར་ལྡོག་པ་ལ་གནས་པ་འདི་
328b
ནི་བཟོད་པའོ། །འདི་ལྟ་སྟེ། དཔེར་ན། འབྱུང་བ་ཆེན་པོའི་ལུས་ཀྱི་ཕྱི་རོལ་སེམས་མེད་པ་དེ་ལ་ནི་བསྐྱེ་པར་བྱ་བའི་གཟུགས་དང ། མི་བྱ་བའི་གཟུགས་ཀྱི་གློག་གིས་སྣང་བར་བྱེད། ལུས་ཀྱི་ནང་དུ་ནི་སྣང་བར་མི་བྱེད། གློག་ནི་གཟུགས་ཀྱི་རྐྱེན་ལས་སྐྱེས་པ་མ་ཡིན། གཟུགས་རྣམ་པར་དམིགས་པ་མ་ཡིན། གཟུགས་ཀྱི་གནས་མ་ཡིན། གཟུགས་ཀྱི་རོ་མྱང་བར་བྱེད་པ་མ་ཡིན། གློག་གི་གཟུགས་ཕན་ཚུན་ལ་འཇུག་པ་མ་ཡིན། གཟུགས་མཚན་མར་འཛིན་པ་མ་ཡིན། གཟུགས་སྤངས་ནས་སྣང་བར་བྱེད་པ་མ་ཡིན་ནོ། །གློག་གི་གཟུགས་ཀྱི་ས་དང་མཐུན་པར་འབྲེལ་ཏེ་བྱུང་བ་མ་ཡིན། གཟུགས་ལ་སོགས་པ་དང ། འགག་པ་མ་ཡིན་པ་དེ་བཞིན་དུ་མྱུར་པའི་ཕྱིར་རེག་པའི་སྐྱེ་མཆེད་དྲུག་ལ་གཟུགས་མེད་པའི་ཕུང་པོ་བཞི་སྣང་བར་བྱེད་དེ། འདི་ལ་ཚོར་བ་གསུམ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་འཇུག་གོ། །འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའི་རྣམ་པར་རིག་པས་འདུ་བྱེད་ཀྱི་སྡུག་བསྔལ་སྐྱེད་པ་མ་ཡིན་ནོ། །ཚོར་བ་ལ་གནས་པར་མ་ཡིན་ནོ། །ཚོར་བ་སྒྲུབ་པ་མ་ཡིན་ནོ། །ཚོར་བའི་རྗེས་སུ་འགྲོ་བ་མ་ཡིན་ནོ། །ཚོར་བ་འཕེལ་བར་བྱེད་པ་མ་ཡིན་ནོ། །ཚོར་བའི་རོ་མྱང་བའི་ཕྱིར་མ་ཡིན་ནོ། །ཚོར་བ་མཚན་མར་འཛིན་པའི་ཕྱིར་མ་ཡིན་ནོ། །ཚོར་བ་ལ་ཀུན་ཏུ་དམིགས་པའི་ཕྱིར་མ་ཡིན་ནོ། །ཚོར་བའི་རོ་མྱང་བ་དང་མཚུངས་ཤིང་འདྲ་བའི་ཕུང་པོ་ལ་འདུ་
329a
༄#། །བྱེད་ཀྱི་སྡུག་བསྔལ་དང ། སྡུག་བསྔལ་བའི་སྡུག་བསྔལ་སྐྱེད་པ་མ་ཡིན་ནོ། །ཚོར་བ་སྐྱེས་པ་ན་འདུ་བྱེད་འགག་པ་མ་ཡིན་ནོ། །ཚོར་བ་འགགས་པ་ན་འདུ་བྱེད་རྣམས་གསོག་པ་མ་ཡིན་ནོ། །འདི་ལྟ་སྟེ། དཔེར་ན། གློག་ནི། ནམ་མཁའ་བོར་ནས་གཟུགས་རྣམས་ལ་སྣང་བར་བྱེད་པ་མ་ཡིན་ཏེ། ནམ་མཁའ་དང་གློག་གཉིས་ཀའང་རྫས་མེད་ཅིང་བརྗོད་དུ་མེད་པ་དེ་བཞིན་དུ་ཆོས་རྣམས་དང ། མིང་དང་གཟུགས་དང ། ཚོར་བ་རྣམས་ཀྱང་ཕན་ཚུན་ཐ་དད་པར་མི་བྱེད་དོ། །ཁམས་གསུམ་ཐམས་ཅད་ཀྱང་རྗེས་མེད་པ། བརྗོད་དུ་མེད་པ། ཡི་གེ་མེད་པ་སྟེ། སྐད་ཅིག་མའི་རྒྱུན་གྱིས་གནས་པ་མ་ཡིན། ཕན་ཚུན་དུ་གསོག་ཅིང་འཕེལ་བས་ཆོས་ཀྱི་དབྱིངས་ཐ་དད་དུ་བྱེད་པ་མ་ཡིན་ཏེ། དེས་ན་དེ་དག་ནི།་སྟོང་པའོ། །སྐད་ཅིག་མ་གང་ལ་སྐྱེས་བ་སྐད་ཅིག་མ་དེ་ཉིད་ལ་འགག་སྟེ། སྐད་ཅིག་མའི་རྒྱུན་ལ་གནས་པ་མ་ཡིན་ནོ། །དེས་ན་ཁམས་གསུམ་དང ། དུས་གསུམ་དང ། ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ཐམས་ཅད་འབྱུང་བ་མེད་པ། སྤྱོད་པ་མེད་པ། བརྗོད་དུ་མེད་པ། སྟོང་པའོ། །མེ་ཏོག་གི་གློག་གིས་བརྒྱན་པ་འདི་ནི། རྒྱ་མཚོའི་ཕྱག་རྒྱ་ཟད་མི་ཤེས་པ་སྣང་བའི་ཆོས་ཀྱི་སྒོའི་གནས་ཚུལ་ཞེས་བྱའོ། །སྐད་ཅིག་མ་དང་པོ་ལ་ཚོར་བ་སྐྱེས་ཏེ་འགགས་ནས་སྐད་ཅིག་མ་གཉིས་པ་ལ་སྲེད་པ་སྐྱེའོ། །དེ་ལ་སྲེད་པ་གང་ཞེ་ན།
329b
སྲེད་པའི་ཚོགས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་གྱི་སྲེད་པ་འབྱུང་ངོ ། །གང་གཟུགས་ལ་མངོན་པར་དགའ་བ། གཏི་མུག་གི་དྲ་བ་སྒྲུབ་པ། ལུས་དང ། གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་ལ་འཇུག་པ་ཐིབས་པོ་ནི། ནམ་མཁའ་བཞིན་ནོ། །ཟུགས་ལ་ཡོངས་སུ་མི་རྟོག་པའི་ཚོར་བ་ནི། གློག་དང་ནམ་མཁའ་བཞིན་ནོ། །འདུ་ཤེས་ནི། རླུང་དང་ནམ་མཁའ་བཞིན་ནོ། །འདུ་བྱེད་རྣམས་ནི། སྤྲིན་མེད་པའི་ནམ་མཁའ་བཞིན་ནོ། །རྣམ་པར་ཤེས་པ་ནི། སྨིག་རྒྱུ་བ་དང་ནམ་མཁའ་བཞིན་ནོ། །གཟུགས་ལས་ཡོངས་སུ་མི་རྟོག་ཅིང་ཐར་ཟུག་ཏུ་མོས་ཏེ། མི་རྟག་པ་ཉིད་ཡོངས་སུ་མི་རྟོག་པ་འདི་ནི། སྲིད་པ་ཞེས་བྱའོ། །གཞན་ཡང་གཟུགས་ལ་སྡུག་བསྔལ་དུ་ཡོངས་སུ་མི་རྟོག་པ་དང ། སྒྲ་དང་དྲི་ལ་ཀུན་འབྱུང་བ་དང ། འགོག་པར་ཡོངས་སུ་མི་རྟོག་པ་དང ། རོ་ལ་ལམ་དུ་ཡོངས་སུ་མི་རྟོག་པ་དང ། རེག་བྱ་ལ་སྐྱེ་བ་དང ། འགོག་པ་བརྗོད་དུ་མེད་པར་ཡོངས་སུ་མི་རྟོག་པ་འདི་ནི། སྲིད་པའི་གནས་ལ་ཆགས་པ། ཁམས་གསུམ་ཐམས་ཅད་དུ་འཕྲོ་བ། དུས་གསུམ་གྱི་དངོས་པོ་ལ་སྲིད་པའི་གནས་ཞེས་བྱའོ། །བྱིས་པ་སོ་སོའི་སྐྱེ་བ་ངན་པ་རྣམས་ནི། འཁོར་བའི་ཆུ་ཀླུང་གི་རྒྱུན་གྱི་ཤུགས་འབབ་པ་ལ་མངོན་པར་བརྩོན་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔས་གཟུགས་ལ་འདི་ལྟར་ཚུལ་བཞིན་གྱིས་སོ་སོར་བརྟག་པར་བྱ་སྟེ། འབྱུང་བ་ཆེན་པོ་བཞིའི་
330a
༄#། །གཟུགས་འདི་ནི། ནད་དང ། འགོག་པའི་མཚན་ཉིད་དོ། །གང་རབ་ཏུ་རྣམ་པར་འཇིག་པའི་མཚན་ཉི་དེ་ནི། མི་རྟག་པ་སྟེ། ཇི་ལྟར་འབྱུང་བ་ཆེན་པོ་ཡོངས་སུ་བརྟག་པ་སྔར་བསྟན་པ་དེ་བཞིན་དུ་སོ་སོར་བརྟག་གོ་།འདོད་པའི་ཡོན་ཏན་ལྔ་ལ་ནི། སྡོང་པོའི་ཚུལ་དུ་སོ་སོར་བརྟག་པར་བྱ་སྟེ། ཇི་ལྟར་སྡོང་པོ་ནམ་མཁའ་ལ་གནས་བཅས་ཏེ་མི་གནས་ཤིང་ས་ལ་བརྟེན་ཏེ་གནས་པ་དེ་བཞིན་དུ་གཟུགས་ནི། དབུ་བའི་གོང་བུ་ལྟ་བུ་སྟེ། གཟུགས་དང་གཟུགས་མེད་པའི་རྣམ་པར་དམིགས་པས་གཟུགས་དང་གཟུགས་མེད་པ་ལ་འཇུག། གཟུགས་དང་གཟུགས་མེད་པ་དང་མི་འབྲལ། གཟུགས་དང་གཟུགས་མེད་པའི་ལས་དང ། གཟུགས་དང་གཟུགས་མེད་པ་སྤངས་ནས་དབུ་བའི་གོང་བུ་ལྟར་སྙིང་པོ་མེད་པར་བརྟགས་ན་སྟོང་པ་སྟེ། འཇུག་པ་དང་མི་འཇུག་པ་ནི། ཇི་ལྟར་རླུང་འདུས་པའི་རྐྱེན་གྱིས་ཁ་ནས་སྒྲ་འབྱུང་བ། ཡི་གེ་མེད་ཅིང་བརྗོད་དུ་མེད་པ་དེ་བཞིན་དུ་ཁམས་གསུམ་གྱི་སྒྲའང་སྟོང་པར་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་རླུང་འདུས་པ་དང ། ནམ་མཁའི་རླུང་དང ། ནམ་མཁའ་དྲི་མེད་དེ་སྟོང་པ་དེ་བཞིན་དུ་ཁམས་གསུམ་ཡང་དྲི་ལྟ་བུར་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་བུམ་པ་ཆར་བའི་ཐིགས་པས་གང་ཡང་དེའི་ནང་དུ་སུས་ཀྱང་ཐིགས་པ་བླུགས་པ་མེད། བསྒྲུབས་པ་མེད། བྱས་པ་མེད། བྱེད་དུ་བཅུག་པ་མེད་དེ། ཐམས་ཅད་ཡོངས་སུ་བཟུང་བ་དང ། ཉེ་བར་སྤྱོད་པ་དང་བྲལ་
330b
པ་དེ་བཞིན་དུ་ཁམས་གསུམ་བདག་དང་བཅས་པའི་རོའི་ཡོན་ཏན་ཡང་སྟོང་པར་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་བུམ་པ་གར་ཡང་ནམ་མཁའ་དང་འདྲེས་པར་བསྒྲུབས་བ་མེད་དེ། ཇི་ལྟར་ནམ་མཁའ་ལ་མ་ཡིན། ནམ་མཁའ་དང་བུམ་པ་ཕན་ཚུན་རེག་པ་དང་བྲལ་བ། སེམས་མེད་པ་དེ་བཞིན་དུ་ཁམས་གསུམ་གྱི་རེག་པའང་སྟོང་པར་ཁོང་དུ་ཆུད་པར་བྱའོ། །འདོད་པའི་ཡོན་ཏན་ལྔ་ལ་གཏི་མུག་གི་འཁོར་ལོས་བུང་བ་མེ་ཏོག་གི་དྲི་ལ་ཆགས་པ་དེ་བཞིན་དུ་གང་ཡང་འདོད་པའི་སྲེད་པ་དང ། གང་ཡང་གཟུགས་ཀྱི་སྲེད་པ་འདི་དག་ནི། འདོད་པའི་ཡོན་ཏན་ལྔའི་ཚུལ་གྱིས་སྟོང་པར་ཁོང་དུ་ཆུད་པར་བྱའོ། །གང་ཡང་གཟུགས་མེད་པའི་ཕུང་པོ་བཞི་ལ་སྲིད་པ་གཟུགས་མེད་པ་ནི། ཡི་གེ་མེད་པ་རང་བཞིན་མེད་པ་སྟེ། ཅུང་ཟད་མ་ཡོད་པའི་ཚུལ་གྱིས་ཇི་ལྟར་སྔར་བསྟན་པ་བཞིན་དུ་སྟོང་པར་ཁོང་དུ་ཆུ་པར་བྱའོ། །ཇི་ལྟར་ནམ་མཁའ་ལ་བརྟེན་ཏེ་རླུང་རྒྱུ་བ་ནམ་མཁའ་ལ་རླུང་གིས་འདྲེས་པར་བྱས་ཤིང་ཆགས་པ་ཡང་མེད་དེ། ནམ་མཁའ་ལས་ཀྱང་རླུང་ལ་མ་ཡིན་ཞིང་གཉིས་ཀའང་བརྗོད་དུ་མེད་ཅིང་ཡི་གེ་སྲིད་པ་དེ་བཞིན་དུ་གཟུགས་མེད་པའི་ཕུང་པ་ལའང་ཕན་ཚུན་དངོས་པོ་མེད་པར་འགྲུབ་ཅིང་ལྡན་པ་སྟེ། ཕན་ཚུན་གནོད་པ་དང ། སྦྱོར་བ་དང ། འདྲེ་བ་དང ། ཆགས་པ་དང ། གནོད་པ་བསྐྱེད་པ་མེད་པ་དེ་བཞིན་དུ་ཕུང་པོ་འདི་དག་ཡང་ཆོས་ཐམས་ཅད་མི་སྐྱེ་བའི་ཚུལ་གྱིས་དངོས་པོའི་མཚན་ཉིད་དུ་ཉེ་བར་མི་འགྲོ་ཞིང་སྐྱེད་པ་མེད་པར་ཁོང་དུ་ཆུད་
331a
༄#། །པར་བྱའོ། །ཇི་ལྟར་ནམ་མཁའ་དང ། རླུང་དང ། གློག་ཡི་གེ་མེད་ཅིང་བརྗོད་དུ་མེད་དེ་ལྷན་ཅིག་ཏུ་རྒྱུའང་ཕན་ཚུན་ཆགས་པ་མེད་པ་དེ་བཞིན་དུ་མྱ་ངན་ལས་འདས་པའང་ཟད་པ་མེད་དེ། །ཇི་ལྟར་མྱ་ངན་ལས་འདས་པ་ཟད་པའང་མ་ཡིན་མི་ཟད་པའང་མ་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་མྱ་ངན་ལས་འདས་པ་དང་མཉམ་སྟེ། མཉམ་པའང་མེད། མི་མཉམ་པའང་མེད་ལ་གཉེན་པོ་མི་དམིགས་ཏེ། གཉིས་སུ་བྱ་བ་མ་ཡིན་ཞིང་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་དང་མཚུངས་པར་སྤྱོད་པར་ཤེས་ནས་ཆོས་ཀྱི་དབྱིངས་དང་ཡང་དག་པའི་མཐའ་ལ་སྐྱེ་བའམ། འགག་པ་ཅུང་ཟད་མི་སེམས་ཏེ། དེས་ན་ཆོས་ཀྱི་དབྱིངས་ནི། གནས་མེད་པའི་མཐའ་སྟེ། དེ་ནི། ཡང་དག་པའི་མཐའོ་།གང་ཡང་དག་པའི་མཐའ་དེ་ནི། ཆོས་ཐམས་ཅད་ཀྱི་མཐའོ། །དེ་ནི། དཀྱིལ་འཁོར་གསུམ་ཡོངས་སུ་གཅོད་པའི་མཐའོ། །དེ་ནི། གཅོད་པ་མེད་ཅིང་བྱེད་པ་མེད་པའི་མཐའོ། །དེ་ནི། ཆད་པ་མེད་ཅིང་རྟག་པ་མེད་པའི་མཐའོ། །ཇི་ལྟ་བ་བཞིན་གྱི་མཐའ་སྟེ། མཐའ་དེས་ཆོས་ཐམས་ཅད་མཐར་གྱུར་པ་སྟེ། མཐའ་ཇི་སྙེད་པ་དང ། མཐའ་མེད་པ་ནི། མི་གཉིས་པ་སྟེ། སྲིད་པའི་སྲེད་པ་མི་དམིགས་པའི་ཕྱིར་རོ། །སྲོག་དང ། འགྲོ་བ་དང ། གསོ་བ་དང ། གང་ཟག་ཐམས་ཅད་ནི། གཉིས་སུ་མེད་པའི་མཐའོ། །ཡང་དག་པའི་མཐའ་དང ། འཇིག་ཚོགས་ཀྱི་མཐའ་དང ། སྲེད་པ་སེལ་བའང་
331b
མི་གཉིས་པའི་མཐའོ། །དེ་ལྟར་ན་འཇིག་ཚོགས་ཀྱི་མཐའ་དང ། འདོད་པ་གཅོད་པ་ཡོད་དོ། །དེ་ལྟར་རབ་ཏུ་ཤེས་ན་འཇིག་ཚོགས་ལ་ལྟ་བའི་ཆ་ཉི་ཤུར་འགྱུར་རོ། །ཡང་དག་པའི་མཐའ་ནི། སྲེད་པའི་འཇུག་པ་དང་མཚུངས་པ་ཉིད་མ་ཡིན་ནོ། །ཡང་དག་པའི་མཐའ་ནི། སོང་བ་མེད་དོ། །ནམ་སོང་པ་ན་ཟད་པ་མེད་འགོད་པ་མེད་དེ། ཤིན་ཏུ་མཐར་གྱུར་པ་དེ་བཞིན་དུས་རེད་པའང་མི་ཟད་པའི་སྒོ་སྟེ། ཆོས་ཐམས་ཅད་ཀྱང་མི་ཟད་པའི་རང་བཞིན་མེད་པའོ། །ཆོས་ཐམས་ཅད་མ་སྐྱེས་པར་ཤེས་ནས་ཀུན་ནས་བསྐོར་བ་ཐམས་ཅད་གཅོད་པ་ནི། བརྗོད་དུ་མེད་པའི་དོན་སངས་རྒྱས་ཀྱི་སྐུ་མཐའ་ཡས་པ་ཡོངས་སུ་འགྲུབ་པ་སྒྲུབ་པའི་བཟོད་པའི་སྒོའི་གཏེར་གྱི་གཟུངས་རབ་ཏུ་ཐོབ་བོ། །གཟུངས་དེ་རབ་ཏུ་ཐོབ་ནས་བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་སངས་རྒྱས་ཀྱི་སྐུ་མངོན་པར་གྲུབ་པ་སྟོན་ཏེ། མིག་གི་མཉམ་པ་ཉིད་ལས་མི་གཡོ་བར་སེམས་ཅན་རྣམས་ལ་འཆི་འཕོ་དང་སྐྱེ་བའང་སྟོན་ལ། འཆི་འཕོའང་མེད། སྐྱེ་བའང་མེད། གང་དུའང་འགྲོ་ཞིང་འོང་བར་འཇུག་པའང་མེད་དེ། འདུ་བྱེད་རྣམས་ལ་རྣམ་པར་རྟོག་པའང་མེད་དོ། །དེ་ལྟར་དོན་དུ་གཉེར་ཞིང་མངོན་པར་རྟོག་པའི་བྱང་ཆུབ་སེམས་དཔའ་རྣམས་སྐད་ཅིག་ལ་སྲེད་པ་ཞུགས་ནས་སྐད་ཅིག་མ་གཉིས་པ་ལ་ལེན་པ་མངོན་པར་འགྲུབ་བོ། །ལེན་པ་གང་ཞེ་ན། ལེན་པ་བཞི་སྟེ། གཟུགས་ཀྱི་ལེན་པ་དང ། ལྟ་བའི་ལེན་པ་དང ། ཚུལ་ཁྲིམས་ཀྱི་ལེན་པ་དང ། བདག་
332a
༄#། །ཏུ་སྨྲ་བའི་ལེན་པའོ། །དེ་ལ་འདོད་པའི་ལེན་པ་གང་ཞེ་ན། འདོད་པའི་རོ་མྱང་བར་བྱེད་པ་དང ། བདེ་བ་ལ་མངོན་པར་དགའ་ཞིང་མངོན་པར་ཆགས་ཞེན་པ་འདི་ནི། འདོད་པའི་ལེན་པ་ཞེས་བྱའོ། །དེ་ལ་ལྟ་བའི་ལེན་པ་གང་ཞེ་ན། ཆད་པའམ་རྟག་པ་ཞེས་བྱ་བ་ན་ལྟ་བར་སོང་བ་དྲུག་ཅུ་རྩ་གཉིས་ཀྱི་བར་དེ་ནི། ལྟ་བའི་ལེན་པ་ཞེས་བྱའོ། །དེ་ལ་ཚུལ་ཁྲིམས་ཀྱི་ལེན་པ་གང་ཞེ་ན། གང་དག་འཕགས་པའི་བསྟན་པའི་ཚུལ་ཁྲིམས་དང ། བརྟུལ་ཞུགས་དང ། དཀའ་ཐུབ་དང ། ཚངས་པར་སྤྱོད་པའི་གནས་དང ། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་དང ། གང་ཡང་ཞགས་པ་འཐུབ་པ་དགུ་བཅུ་རྩ་ལྔའི་ཚུལ་ཁྲིམས་དང ། བརྟུལ་ཞུགས་དང ། དཀའ་ཐུབ་དང ། ཚངས་པར་སྤྱོད་པའི་གནས་དང ། སྦྱངས་པའི་ཡོན་ཏན་དང ། ཡོ་བྱད་བསྙུངས་པ་འདི་ནི། ཚུལ་ཁྲིམས་ཀྱི་ལེན་པའོ། །གང་དག་འདི་སྙམ་དུ་སེམས་ཏེ། བདག་དང ། སེམས་ཅན་དང ། སྲོག་དང ། འགྲོ་བ་དང ། ཤེད་ལས་སྐྱེས་པ་དང ། ཤེད་ཅན་དང ། བྱེད་པ་པོ་དང ། བྱེད་དུ་འཇུག་པ་དང ། ལྡང་བར་བྱེད་པ་དང ། ལྡང་བར་བྱེད་དུ་འཇུག་པ་དང ། ཚོར་བ་པོ་དང ། སྐྱེད་པ་པོ་དང ། སྐྱེད་དུ་འཇུག་པ་འབྱུང་ཞིང་འབྱུང་བ་ཡོད་དོ་སྙམ་པ་འདི་ནི། བདག་ཏུ་སྨྲ་བའི་ལེན་པ་ཞེས་བྱ་སྟེ། དེ་དག་ནི། ལེན་པ་བཞིའོ། །དེ་ལ་བྱང་ཆུབ་སེམས་དཔའ་བརྗོད་དུ་མེད་པའི་ཚུལ་གྱིས་ཡང་དག་པ་མ་ཡིན་པ་དང ། མ་བྱུང་
332b
བར་རྟོག་གོ་།ཆོས་ཐམས་ཅད་མཚན་ཉིད་གཅིག་སྟེ། དབྱེར་མེད་པའི་ཚུལ་གྱིས་དངོས་པོ་མེད་པ་དང ། བརྗོད་དུ་མེད་པ་དང ། ཚིག་གི་ལམ་མ་ཡིན་པ་དང ། ཆུའི་ཟླ་བ་ལྟ་བུ་དང ། ནམ་མཁའ་ལ་རྟག་པའི་མཚན་ཉིད་དང ། ཆོས་ཀྱི་དབྱིངས་དབྱེར་མེད་པར་ཡོངས་སུ་རྟོག་གོ་།གང་ལ་འདོད་པའི་རོ་མྱང་ཞིང་མངོན་པར་དགའ་བ་དེ་ནི། སྡུག་བསྔལ་ལ་མངོན་པར་དགའ་བའོ། །འདོད་པའི་གནས་སོ། །མངོན་པར་ཞེན་པའོ། །བྱང་ཆུབ་སེམས་དཔའ་གང་མིག་གིས་ཤེས་པར་བྱ་བའི་གཟུགས་མཛེས་པ། སྡུག་པ། ཡིད་དུ་འོང་བ་མཐོང་ན། མིག་གི་རྣམ་པར་ཤེས་པ་ལ་མེའི་ཕུང་པོ་ཇི་ལྟ་བ་བཞིན་དུ་ཚུལ་བཞིན་གྱིས་རྟོག་སྟེ། མིག་གི་རྣམ་པར་ཤེས་པས་བརྟག་ཏུ་མེད་པའི་ཕུང་པོ་དེའང་རྫས་མེད་པ། བརྗོད་དུ་མེད་པ། ཡི་གེ་མེད་པ། དངོས་པོ་མི་དམིགས་པར་རྟོག་གོ་།མིག་གི་རྣམ་པར་ཤེས་པ་དེའང་དངོས་པོ་མི་དམིགས་པའི་ཕྱིར་རྫས་མེད་པ། མཚན་ཉིད་མེད་པའོ། །ནམ་མཁའ་དང ། མེ་དང ། མིག་དེའང་དངོས་པོ་མི་དམིགས་པས་བརྗོད་དུ་མེད་ཅིང་ཡི་གེ་མེད་པ་དེ་བཞིན་དུ་གཟུགས་སྡུག་པ་ནས་འདོད་པ་དང་ལྡན་པའི་བར་དུ་མཐོང་ན་མིག་གི་རྣམ་པར་ཤེས་པ་དེ་དང ། གཟུགས་དེ་གཉིས་ཀ་དང ། བར་གྱི་ནམ་མཁའི་བར་དུའང་དངོས་པོ་མི་དམིགས་སོ། །གང་གིས་མེ་མཐོང་བའི་མིག་གི་རྣམ་པར་ཤེས་པ་སྐྱེས་ནས་དེ་འགགས་ཏེ་སྐད་ཅིག་མ་གཉིས་པ་ལ་གནས་པ་མ་ཡིན་ནོ། །སྐད་ཅིག་མ་གཉིས་པ་ལ་ཚོར་བ་སྐྱེ་སྟེ།
333a
༄#། །ཇི་ལྟར་འོད་འཕྲོ་བའི་ཕུང་པོ་བཞིན་དུ་དམིགས་སོ། །ཚོར་བ་དེའང་བརྗོད་དུ་མེད་པ། ཡི་གེ་མེད་པ། མཚན་མ་དང་བྲལ་བའོ། །ཚོར་བ་སྐྱེས་ཏེ་འགགས་ནས་སྐད་ཅིག་མ་གཞན་གྱི་གནས་ལ་འདུ་ཤེས་སྐྱེ་སྟེ། མེ་ལྕེ་འབར་བའི་འོད་འཕྲོ་བ་བཞིན་དུ་ཤེས་པར་བྱའོ། །དེའང་འདུ་ཤེས་ནས་འགགས་པའི་བར་དུ་སྟེ། སྐད་ཅིག་མ་གཉིས་པའི་གནས་ལ་འདུ་བྱེད་རྣམས་སྐྱེ་སྟེ། གང་ཆུང་ངུ་དང ། ཚད་མེད་པ་དང ། གང་རིང་བ་དང ། གང་ཉེ་བའི་འོད་འཕྲོ་བ་བཞིན་དུ་རབ་ཏུ་ཤེས་ཏེ། འདུ་བྱེད་རྣམས་སྐྱེས་པ་ནས་འགགས་པའི་བར་དུའོ། ། སྐད་ཅིག་མ་གཞན་ལ་རྣམ་པར་ཤེས་པ་སྐྱེ་སྟེ། ཇི་ལྟར་འོད་འཕྲོ་བའི་ཕུང་པོའི་སྐྱེ་བ་དང་འཇིག་པ་བཞིན་དུ་རབ་ཏུ་ཤེས་ཏེ། རྣམ་པར་ཤེས་པ་དེའང་བརྗོད་དུ་མེད་པ། ཡི་གེ་མེད་པར་གནས་པ། སྐད་ཅིག་གིས་འཇིག་པ་སྟེ། ནམ་མཁའ་ལ་བརྟག་པ་ལྟ་བུའོ། །དེ་ལ་མེའི་བར་གྱི་ནམ་མཁའ་དེའང་རྫས་མེད་པ། བརྗོད་དུ་མེད་པ། ཡི་གེ་མེད་པའོ། །གལ་ཏེ་འོད་འཕྲོ་བའི་ཕུང་པོ་གང་སྐྱེས་ནས་འབར་བ་དང ། འགག་པ་མཐོང་བ་ཐམས་ཅད་ཀྱང་ནམ་མཁའ་དང་མཚུངས་པའི་མཚན་ཉིད་དེ། བརྗོད་དུ་མེད་པ། དངོས་པོ་མེད་པ་སྟེ། འོད་འཕྲོ་བ་གཅིག་ཀྱང་རྐྱེན་མེད་པ། གྲངས་མེད་པའོ། །ཆོས་འདི་དག་ཐམས་ཅད་སྐྱེ་ཞིང་འགག་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་འདོད་པའི་ཡོན་ཏན་ལྔ་ལ་སྐྱེ་བ་དང ། འགག་པ་དང ། ནམ་མཁའ་
333b
ལ་བརྟག་པ་ལྟ་བུ་དང ། བརྗོད་དུ་མེད་པ་དང ། དངོས་པོ་མེད་པར་བརྟག་ཅིང་བཟོད་པ་བསྒོམ་པར་བྱའོ། །དོན་འདི་དག་ནི། བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དེ་ལ་འདི་སྐད་ཅེས་བྱའོ། ། གཟུགས་ནི་མེ་ཡི་ཕུང་པོ་འདྲ། །འདོད་པ་ཡང་དག་ཉིད་མཐོང་ནས། །མིག་གི་རྣམ་ཤེས་འདུས་མ་བྱས། །མིག་ནི་འོད་འཕྲོ་འདྲ་བར་ཤེས། །གཉིས་ཀ་རྫས་དང་བྲལ་བ་སྟེ། །བརྗོད་དུ་མེད་ཅིང་ཡི་གེ་མེད། །འོད་འཕྲོ་སྨིག་རྒྱུ་འདྲ་བ་སྟེ། །རྣམ་པར་ཤེས་པ་སྒྱུ་མ་འདྲ། །མྱུར་དུ་སྐྱེ་ཞིང་འཇིག་པ་ཡང ། །གཉིས་ཀ་དངོས་པོ་མེད་པ་སྟེ། །སྐད་ཅིག་གཉིས་པར་འོད་འཕྲོ་ཡི། །དྲོ་བ་ཐ་དད་ཤེས་པ་མེད། །སྐྱེས་ནས་སྐད་ཅིག་འཇིག་པ་ཡི། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་དེ་ཡང་མེ་ལྕེ་ལྟར། །རབ་ཏུ་ཤེས་ཏེ་མཚན་ཉིད་མེད། །འདུ་ཤེས་དང་ནི་འདུ་བྱེད་རྣམས། །སྐད་ཅིག་གཉིས་ལ་འགོག་པའོ། །ཚད་མེད་དག་དང་ཆུང་དུ་ཡང ། །འོད་འཕྲོའི་ཕུང་པོ་འདྲ་བར་ཤེས། །འདུ་བྱེད་རྣམས་ནི་འགོག་པ་ལྟར། །དེ་ལྟར་རྣམ་ཤེས་རྗེས་སུ་འགྲོ་།འགགས་ནས་ཀྱང་ནི་ཡང་སྐྱེ་སྟེ། །འོད་འཕྲོ་ཕུང་པོ་འདྲ་བར་ཤེས། །དེ་ལྟར་འོད་འཕྲོ་རྫས་མེད་དེ། །གཟུགས་རྣམས་མཐོང་བ་སྒྱུ་མ་བཞིན། །མྱུར་ཞིང་གཡོ་བ་མེད་བཞིན་དུ། །ཕུང་པོ་ལྔ་རྣམས་རྗེས་སུ་འཇུག་།ནམ་མཁའ་ལ་ནི་རྒྱུ་བ་ཀུན། །མེ་ཡི་ཕུང་པོ་འབར་བ་འདྲ། །རྫས་ཡོད་མ་ཡིན་བརྗོད་མེད་དེ། །དེ་དག་ཐམས་ཅད་དངོས་པོ་མེད། །དེ་ལྟར་འདོད་པའི་ལེན་པ་ཡང ། །འདོད་པའི་ཡོན་ཏན་ལྔ་ལ་དགའ། །སྐད་ཅིག་འཇིག་
334a
༄#། །པའི་རྒྱུན་དག་ཀྱང ། །ཐམས་ཅད་སྟོང་པ་དངོས་པོ་མེད། །བྱང་ཆུབ་སེམས་དཔའ་འཇིགས་མེད་པ། །དེ་ལྟར་འདོད་པ་རྣམས་བརྟགས་ནས། །འདོད་སེམས་ཡོངས་སུ་ཟད་བྱེད་ཅིང ། །ཚུལ་བཞིན་དུ་ནི་བཟོད་པ་སྒོམ། །འདོད་པ་རྣམས་ནི་མེ་འདྲ་སྟེ། །རོ་མྱང་བྱ་བའི་མི་རིགས་སྟོན། །སྒྱུ་མ་སྨིག་རྒྱུ་ཚུལ་གྱིས་ནི། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །གང་གིས་འདོད་པ་ཤེས་བྱེད་པའི། །རྣམ་པར་ཤེས་པ་སྒྱུ་མ་འདྲ། །ཐམས་ཅད་ནམ་མཁའ་འདྲ་བར་ཡང ། །དེ་ལྟར་བཟོད་པ་རྣམ་པར་སྒོམ། །རིགས་ཀྱི་བུ། དེ་ལ་ལྟ་བའི་ལེན་པ་གང་ཞེ་ན། རིགས་ཀྱི་བུ།་གང་ཕུང་པོ་ལྔ་ལ་རྟག་པར་ལྟ་བ་སྟེ། གནས་སུ་སྙེམས་པ་དང ། ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་དང ། གཏི་མུག་གིས་རྣམ་པར་བསྒྲུབས་པས་གཟུགས་ལ་རྣམ་པར་རྟོག ། གཟུགས་ལ་མངོན་པར་ཆགས། གཟུགས་ཀྱི་རོ་མྱང་བར་བྱེད། བདེ་བ་དང་སྡུག་བསྔལ་རློམ་ཞིང་སྙེམས་སོ། །ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལའང་རྟོག་པ་ནས་སྙེམས་པའི་བར་འདི་ནི། རྟག་པར་ལྟ་བ་ཞེས་བྱའོ། །རིགས་ཀྱི་བུ། དེ་ལ་ཆད་པར་ལྟ་བ་ནི། གང་ལེགས་པར་བྱས་པ་དང ། ཉེས་པར་བྱས་པ་རྣམས་ཀྱི་རྒྱུ་དང ། འབྲས་བུ་དང ། རྐྱེན་ཆུད་གསོན་པ་སྟེ། མདོར་ན། གང་ཅུང་ཟད་འཇིག་རྟེན་དང ། འཇིག་རྟེན་ལས་འདས་པ་དང ། ཟག་པ་དང་བཅས་པ་དང ། ཟག་པ་མེད་པ་རྣམས་ཀྱི་རྒྱུ་ལ་དམིགས་པའི་ལས་
334b
དང ། བྱ་བ་དང ། འབྲས་བུ་དང ། སྤྱོད་པ་ཁོང་དུ་ཆུད་པ་སྙེམས་པར་འགྱུར་བ་འདི་ནི། ཆད་པར་ལྟ་བ་སྟེ། ལྟ་བར་སོང་བ་དྲུག་ཅུ་རྩ་གཉིས་ཀྱི་བར་དག་ཀྱང་ངོ ། །གང་ཡང་འཇིག་རྟེན་གྱི་དང ། འཇིག་རྟེན་ལས་འདས་པ་དང ། ཟག་པ་དང་བཅས་པ་དང ། ཟག་པ་མེད་པ་དང ། ལྟ་བ་ཐམས་ཅད་ལ་གནས་པའི་རྟོག་པ་སྐད་ཅིག་མས་ཀླས་པ། སྐད་ཅིག་མས་འཇལ་བའི་དངོས་པོ་ཐམས་ཅད་དང་མ་འདྲེས་པ། གནས་ཁོང་དུ་ཆུད་པ་སྟེ། གང་གནས་མེད་པ་དེ་ནི། དངོས་པོ་མེད་པའོ། །དེ་མི་འགྲོ་བའོ། །གང་མི་འགྲོ་བ་དེ་ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན། འབྱུང་བ་མ་ཡིན། འཇུག་པ་མ་ཡིན་ནོ། །གང་འབྱུང་བ་མ་ཡིན། འཇུག་པ་མ་ཡིན་པ་དེ་རྫས་མེད་པའོ། །སྣང་བ་མེད་པའོ། །རྟོག་པ་མེད་པའོ། །འགྲོ་བ་མེད་པའོ། །འོང་བ་མེད་པའོ། །དུས་གསུམ་ཐམས་ཅད་ལ་སྐད་ཅིག་།སྐད་ཅིག་ཏུ་རྟོག་པའོ། །སྤྱོད་པ་མེད་པའོ། །སྟོང་པའོ། །བརྗོད་དུ་མེད་པའོ། །ཇི་ལྟར་རྫས་ཀྱི་མཚན་ཉིད་ཀྱིས་དུས་གསུམ་ཐམས་ཅད་ཀྱི་སྐད་ཅིག་མ་དང ། ཤིན་ཏུ་སྐད་ཅིག་མས་སྟོང་པ་དེ་བཞིན་དུ་རིགས་ཀྱི་བུ། གང་ལ་ལ་འཕགས་པ་དང ། འཕགས་པ་མ་ཡིན་པ་དང ། འཇིག་རྟེན་གྱི་དང ། འཇིག་རྟེན་ལས་འདས་པ་དང ། ལྟ་བ་ཀུན་ནས་བསྐོར་བ་དང ། རྣམ་པར་མི་རྟོག་པ་དང ། ཀུན་ཏུ་རྟོག་པ་དང ། ཉེ་བར་རྟོག་པ་དང ། རྒྱུ་དང ། སྐྱེ་བ་དང ། ལུས་དང ། སྣོད་དང ། ལྟ་བ་སྙེམས་པ་ཐམས་ཅད་སྐད་ཅིག་མ་སྟེ། དུས་
335a
༄#། །གསུམ་གྱི་ལྟ་བ་ཤིན་ཏུ་སྟོང་པའོ། །བརྗོད་དུ་མེད་པའོ། །འདུལ་བར་ཡང་དག་པར་འདུལ་བ་མ་ཡིན་པའོ། །འདུ་བ་མ་ཡིན་པར་ཡང་མ་ཡིན་ནོ། །ཚུལ་ཁྲིམས་དང ། ལེན་པ་དང ། བརྩོན་འགྲུས་དང ། དགའ་བ་དང ། ལེ་ལོ་ཡང་དག་པར་འདུལ་བ་མ་ཡིན་ནོ། །ཆགས་པ་སེལ་བ་དང ། ཤེས་རབ་མ་ཡིན་ནོ། །འཆལ་བའི་ཤེས་རབ་མ་ཡིན་ནོ། ། ལྟུང་བ་མ་ཡིན་ནོ། །ལྟུང་བ་མེད་པ་དང ། གཡོ་བ་ཡང་དག་པར་འདུ་བ་མ་ཡིན་ནོ། །ཐོབ་པ་མ་ཡིན་ནོ། །ཐོབ་པ་མེད་པ་དང ། གཡོ་བ་མ་ཡིན་ནོ། །འཇིག་རྟེན་གྱི་དང ། འཇིག་རྟེན་ལས་འདས་པ་དང ། རྣམ་པར་དཔྱོད་པ་དང ། གཡོ་བ་ཡང་དག་པར་འདུ་བ་མ་ཡིན་ནོ། །གནས་ལ་རྣམ་པར་རྟོག་པའི་ལམ་མ་ཡིན་ནོ། །འདོད་པའི་ཡོན་ཏན་ལྔ་རྣམས་དང ། གཟུགས་དང་གཟུགས་མེད་པའི་ཁམས་དང ། ཕུང་པོ་ནི། བླང་བ་མེད་པ་མང་པོ་ལྟ་བུའི་མཚན་ཉིད་བསྡུ་བའི་མཚན་མ་ཡིན་ནོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་ལྟ་བ་དང ། གཡོ་བ་ཡང་དག་པར་འདུ་བ་མ་ཡིན་ནོ། །ལྟ་བ་ཐམས་ཅད་ནི། གཉིས་སུ་མེད་པའོ། །སྟོང་པའོ། །རྫས་མེད་པའོ། །བརྗོད་དུ་མེད་པའོ། །འདི་ལྟ་སྟེ། དཔེར་ན། མེ་ལོང་གི་དཀྱིལ་འཁོར་ལ་བཞིན་གྱི་དཀྱིལ་འཁོར་སྣང་བའང་བཞིན་གྱི་དཀྱིལ་འཁོར་དེ་ཕུང་པོས་བསྐྱེད་པ་མ་ཡིན་ནོ། །ཁམས་ཀྱིས་བསྐྱེད་པ་མ་ཡིན། སྐྱེ་མཆེད་ཀྱིས་བསྐྱེད་པ་མ་ཡིན་གྱི། ཚུལ་
335b
གཅིག་སྟེ། ཡི་གེ་མེད་ཅིང་བརྗོད་དུ་མེད་པ་དེ་བཞིན་དུ་རིགས་ཀྱི་བུ། འཕགས་པ་དང ། འཕགས་པ་མ་ཡིན་པ་དང ། འཇིག་རྟེན་གྱི་དང ། འཇིག་རྟེན་ལས་འདས་པ་གང་ཡང་རུང་སྟེ། དེ་དག་ཐམས་ཅད་ནི། ཕུང་པོས་བསྐྱེད་པ་མ་ཡིན། ཁམས་ཀྱིས་བསྐྱེད་པ་མ་ཡིན། སྐྱེ་མཆེད་ཀྱིས་བསྐྱེད་པ་མ་ཡིན་ཏེ། ལྟ་བ་ཐམས་ཅད་ནི། བརྗོད་དུ་མེད་ཅིང་ཡི་གེ་མེད་པའོ། ། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཉི་མའི་རྐྱེན་གྱིས་སྨིག་རྒྱུ་བ་སྣང་བར་འགྱུར་བའང་སྨིག་རྒྱུ་བ་ཕུང་པོ་ལ་གནས་པ་མ་ཡིན། ཁམས་ལ་གནས་པ་མ་ཡིན། སྐྱེ་མཆེད་ལ་གནས་པ་མ་ཡིན་པ་དེ་བཞིན་དུ་རིགས་ཀྱི་བུ། འཕགས་པ་དང ། འཕགས་པ་མ་ཡིན་པ་དང ། འཇིག་རྟེན་གྱི་དང ། འཇིག་རྟེན་ལས་འདས་པའི་ལྟ་བ་གང་ཡང་རུང་སྟེ། ལེན་པ་དང་བཅས་པ་གཏི་མུག་གིས་རྣམ་པར་བསྒྲུབས་པའི་རྐྱེན་གྱིས་བརྗོད་དུ་མེད་པ། ཡི་གེ་མེད་པའོ། །དོན་འདི་དག་ནི། བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །རྐྱེན་གྱིས་རྣམས་ནི་རྐྱེན་བཅུ་སྟེ། །ལྟ་བ་སྐྱེད་པ་མཁས་པ་ཡིན། །ཆོས་རྣམས་སྟོང་པར་མི་ཤེས་ཏེ། །ལོག་པར་ལྟ་བའི་སྤྱོད་ཡུལ་ལ། །ལྟ་བ་དག་ནི་བརྗོད་མེད་ཅིང ། །ཡི་གེ་ཡོད་པ་མ་ཡིན་པས། ། དུས་གསུམ་མཉམ་པ་ཉིད་དག་ན། །ལྟ་བའི་གཟུགས་ཀྱི་ལྟ་མ་ཡིན། །བཅུ་གསུམ་རྐྱེན་ལ་རག་ལས་པ། །ཆོས་ཉིད་ཐ་དད་མ་ཡིན་ཏེ། །མཉམ་པ་ཉིད་དང་འགལ་མེད་ལ། །ལྟ་བ་སྐྱེད་
336a
༄#། །ཅིང་རྟོག་པར་བྱེད། །ལྟ་བའི་ལེན་པ་སྨིག་རྒྱུ་འདྲ། །ཐ་དད་མ་ཡིན་ཡི་གེ་མེད། །བྱིས་པ་དཀའ་བ་བྱེད་པ་དག་།ཀུན་ཏུ་རྟོག་པ་བྱིན་གྱིས་རློབ། །རྐྱེན་གྱི་རྣམ་པ་བཅུ་གསུམ་མཉམ། །ཆད་མེད་རྟག་པ་མེད་པ་ཡི། །རྣམ་པར་ཐར་གསུམ་རྣམ་བསྒོམས་པས། །མཁས་པ་འགལ་བར་མི་བྱེད་དོ། །ལྟ་བ་ཐམས་ཅད་རྒྱུ་བ་མེད། ། མཚན་མ་མེད་པས་བསྐྱེད་པ་སྟེ། །ཇི་ལྟར་གཟུགས་རྣམས་མེ་ལོང་ལ། །དེ་ལྟར་ཆོས་ཀྱི་ཆོས་ཉིད་དོ། །ཆོས་རྣམས་ཐམས་ཅད་ཚུལ་གཅིག་སྟེ། །དབེན་པ་སྟོང་པ་ཉིད་ལ་གནས། །མཁས་པ་ལྟ་བ་ཐམས་ཅད་ཀྱི། །ཀུན་ནས་ལྡང་བ་མི་རྟོག་གོ། །རིགས་ཀྱི་བུ། དེ་ལ་ཚུལ་ཁྲིམས་ཀྱི་ལེན་པ་གང་ཞེ་ན། གང་ཅུང་ཟད་ཚུལ་ཁྲིམས་དང ། དཀའ་ཐུབ་དང ། བརྟུལ་ཞུགས་དང ། ཚངས་པར་སྤྱོད་པ་སྙེམས་ཤིང་རྣམ་པར་དམིགས་ཏེ། གནས་ལ་མངོན་པར་ཆགས་པ་དེ་དག་ཐམས་ཅད་ནི། ལུས་དང ། ངག་དང ། ཡིད་ཀྱི་ལས་རྣམ་པར་གཞིག་པའི་དོན་གྱི་ཕྱིར། འཁོར་བ་ལས་བསྒྲལ་བའི་དོན་གྱི་ཕྱིར། ཁམས་གསུམ་ལས་འབྱུང་བའི་དོན་གྱི་ཕྱིར་དེ་དང་དེར་ལུས་ལ་གནོད་པ་དང་ལྡན་པའི་རྗེས་སུ་སྦྱོར་བ་དང ། སྡོམ་པ་དང ། སྡོམ་པ་མ་ཡིན་པ་ལ་སྦྱོར་བ་འདི་ནི། ཚུལ་ཁྲིམས་ཀྱི་ལེན་པའོ། །རིགས་ཀྱི་བུ། དེ་ལ་གང་ལུས་ལ་གནོད་པ་དང་ལྡན་པ་ལ་འཇུག་པ་དག་ནི། ཚོར་བ་
336b
གསུམ་འདྲིས་པར་བྱེད་པ། འཕགས་པ་མ་ཡིན་པ། དོན་མ་ཡིན་པ་དང་ལྡན་པ་འདི་ཉིད་བདེན་གྱི། གཞན་ནི། གཏི་མུག་གོ་སྙམ་པ་ནི། ལུས་ཀྱི་ཚུལ་ཁྲིམས་སྙེམས་པའོ། །དེ་ཅིའི་ཕྱིར་ཞེ་ན། ལུས་འདི་ནི། གཡོ་བ་མེད་པ། འགྱུར་བ་མེད་པ། ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་པའི་ཕྱིར་རོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཆུ་ཀླུང་གངྒཱའི་བྱེ་མ་ནི། གཡོ་བ་མེད་ཅིང་འགྱུར་བ་མེད་པ་སྟེ། འོན་ཀྱང་རླུང་གི་རང་བཞིན་གྱིས་འདྲིལ་བ་དེ་བཞིན་དུ་ཆེན་པོ་བཞི་ལས་གྱུར་བའི་ལུས་ཀྱང་གཡོ་བ་མེད་ཅིང་འགྱུར་བ་མེད་པ་སྟེ། འོན་ཀྱང་གློ་བུར་གྱི་རེག་པའི་རྐྱེན་ཉེ་བར་ལེན་པ་དང་བཅས་པ་སྟེ། ལུས་དེ་ལ་གནོད་པ་དང་འབྲེལ་བ་སྣ་ཚོགས་ལ་འདི་ལྟ་སྟེ། ཞགས་པ་འཐུབ་པ་དགུ་བཅུ་རྩ་ལྔའི་སེམས་ཅན་ལ་སོགས་པ་མཆོག་དམ་པར་འགྱུར་རོ། །གང་དུས་གསུམ་གྱི་ལུས་དང ། ངག་དང ། ཡིད་ཀྱི་འདུ་བྱེད་ལ་སྙེམས་པ་དང ། གང་ཚུལ་གཅིག་པ་མཉམ་པ་ཉིད་མི་ཤེས་ཤིང་ལུས་དང ། ངག་དང ། ཡིད་སྡོམ་པའི་ངལ་བ་མི་སྐྱེད་པ་འདིའང་ཟག་པ་དང་བཅས་ཤིང་ཉེ་བར་ལེན་པ་དང་བཅས་པའི་འདུ་བྱེད་ཀྱི་སྡུག་བསྔལ་བཟོད་པ་འཁྲུག་པར་བྱེད་པའོ། །རིགས་ཀྱི་བུ། དེ་ལ་ཚུལ་གཅིག་པ་མཉམ་པ་ཉིད་ཀྱི་བཟོད་པ་སྒོམ་པ་གང་ཞེ་ན། གང་སྡོམ་པ་གསུམ་རྡུལ་ཙམ་ཡང་མི་སྐྱེད་པ་འདི་ནི། ཚུལ་གཅིག་པ་མཉམ་པ་ཉིད་ཀྱི་བཟོད་པ་སྒོམ་པའོ། །གང་འདི་ལ་ཉེ་བར་ལེན་
337a
༄#། །པ་དང་བཅས་པའི་སྡོམ་པ་གསུམ་གྱི་འདུ་ཤེས་སྙེམས་པ་འདིའང་ཟག་པ་དང་བཅས་ཤིང་ཉེ་བར་ལེན་པ་དང་བཅས་པའི་འདུ་བྱེད་ཀྱི་སྡུག་བསྔལ་བཟོད་པ་འཁྲུག་པར་བྱེད་པའོ། །གང་འདི་ལ་དུས་གསུམ་རོ་གཅིག་ཅིང་ཐ་མི་དད་པ་དང ། སྡོམ་པ་གསུམ་གྱི་སྐྱེད་པ་དང ། རྒྱུ་བ་མེད་པ་དང ། ཀུན་ནས་ཉོན་མོངས་པ་མེད་པ་དང ། རྣམ་པར་བྱང་བ་མེད་པའི་འདུ་བྱེད་རྣམས་ལ་རྣམ་པར་རྟོག་པ་འདི་ནི། ཚུལ་གཅིག་པ་མཉམ་པ་ཉིད་སྒོམ་པའོ། །གང་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་མི་གཉིས་པའི་གནས་འདི་དག་ལ་གནས་སུ་དམིགས་པ་དང ། དངོས་པོར་དམིགས་པ་དང ། ཡེ་ཤེས་འཕེལ་བར་རྟོག་པ་དང ། དུས་གསུམ་ཡང་དག་པར་བསྒྲུབས་པ་སྙེམས་པ་འདིའང་ཟག་པ་དང་བཅས་ཤིང་ཉེ་བར་ལེན་པ་དང་བཅས་པའི་འདུ་བྱེད་ཀྱི་སྡུག་བསྔལ་བཟོད་པ་འཁྲུག་པར་བྱེད་པའོ། །གང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་གཉིས་སུ་མེད་པའི་གནས་དང ། དུས་གསུམ་ཐ་མི་དད་པ་དང ། མི་སྐྱེ་བ་དང ། མི་འགག་པ་དང ། ཆད་པ་མེད་པ་དང ། རྟག་པ་མེད་པ་དང ། འཕེལ་བ་མེད་པར་སྙེམས་པ་འདི་ནི། ཚུལ་གཅིག་པ་མཉམ་པ་ཉིད་ཀྱི་བཟོད་པ་སྒོམ་པའོ། །བམ་པོ་བདུན་པ། གང་ཡང་ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཐེག་པ་སྤངས་ཏེ་ཐེག་པ་ཆེན་པོ་བཙལ་ནས་རོ་མྱང་བའི་ཡོན་ཏན་ལ་མངོན་པར་ཆགས་
337b
ཤིང་རེག་ནས་སྣོད་དང་སྣོད་མ་ཡིན་པར་ཆར་འབེབས་པ་དང ། སྡོམ་པ་དང་སྡོམ་པ་མེད་པ་ལ་རྣམ་པར་རྟོག་པ་དང ། སེམས་ཅན་དང ། སྲོག་དང ། སྐྱེ་བ་དང ། གསོ་བ་དང ། གང་ཟག་དང ། བྱེད་པ་པོ་དང ། བྱེད་དུ་འཇུག་པ་ལ་རྒྱུ་དང་རྐྱེན་དུ་དམིགས་པ་དང ། དགེ་བ་དང་མི་དགེ་བའི་འབྲས་བུ་ལ་གནས་ཤིང་སྙེམས་པ་འདི་དག་ཀྱང་ཟག་པ་དང་བཅས་པ་ཉེ་བར་ལེན་པའི་འདུ་བྱེད་ཀྱིས་སྡུག་བསྔལ་ལ་བཟོད་པ་རྣམ་པར་འཇིག་པའོ། །གང་ཡང་ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཐེག་པའི་དུས་གསུམ་གྱི་སྡོམ་པ་ལ་རྟོག་པ་མེད་པ་དང ། རྣམ་པར་རྟོག་པ་མེད་པ་དང ། འཛིན་པ་མེད་པ་དང ། གཏོང་བ་མེད་པ་དང ། བསྐྱེད་པ་མེད་པ་དང ། བསྐྱུང་བ་མེད་པ་དང ། བླ་ན་མེད་པའི་ཐེག་པ་ཆེན་པོའི་དུས་གསུམ་གྱི་སྡོམ་པ་ལའང་རྟོག་པ་མེད་པ་དང ། རྣམ་པར་རྟོག་པ་མེད་པ་དང ། འཛིན་པ་མེད་པ་དང ། གཏོང་བ་མེད་པ་དང ། བསྐྱེད་པ་མེད་པ་དང ། བསྐྱུང་བ་མེད་པ་དང ། ཚངས་པར་སྤྱོད་པའི་དངོས་པོ་ལ་དམིགས་པ་མེད་པ་དང ། འདུ་བྱེད་ཐམས་ཅད་ཀྱི་ཚིག་གི་ལམ་ལ་སྙེམས་པ་མེད་པའི་མཚན་ཉིད་ལ་མི་དམིགས་པ་འདི་དག་ཀྱང་ཚུལ་གཅིག་གི་མཉམ་པ་ཉིད་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་འབྱུང་བ་མེད་པར་སྟོང་པར་སྟོན་པའི་བཟོད་པ་ཡོངས་སུ་རྫོགས་པ་ཡིན་ནོ། །འདིའང་ཚུལ་ཁྲིམས་ཉེ་བར་ལེན་པ་ལ་འབྱུང་བ་མེད་ཅིང་འགོག་པ་མེད་པར་བལྟའོ། །བཅོམ་ལྡན་འདས་ཀྱིས་
338a
༄#། །བཟོད་པ་བསྒོམ་པའི་དོན་དུ་གསུངས་པ་དེ་ནི། འདི་སྐད་བརྗོད་དོ། །རིགས་དང་མི་རིགས་ཞུགས་པ་རྣམས། །འདུ་བྱེད་རྟག་པའི་བློ་གྲོས་ཏེ། །ཚུལ་ཁྲིམས་བརྟུལ་ཞུགས་བྱིན་བརླབས་ལས། །ཡོངས་སུ་འཁྱམས་པས་རབ་སྡུག་བསྔལ། །དངོས་པོ་མེད་པའི་ཕུང་པོ་རྣམས། །སྟོང་པའི་ཆོས་ལ་བྱེད་པ་མེད། །བདག་མེད་ཆོས་ལ་འཇུག་པ་རྣམས། །ཇི་ལྟར་བྱེ་མ་བཞིན་དུ་མཐོང ། །འདུ་བྱེད་རྣམས་ལ་སྙེམས་པ་ཡི། །བརྟུལ་ཞུགས་རྣལ་འབྱོར་སྤྱོད་ཀྱིས་མཐོང ། །འདི་ལ་སྙིང་རྗེ་བསྐྱེད་པས་ན། །སེམས་ཅན་བྱེ་བ་རྣམ་པར་འདུལ། །སྒྱུ་མ་སྨིག་རྒྱུ་རྨི་ལམ་དང ། །ལུས་མེད་ཅིང་ནི་གནས་མེད་པ། །བདག་མེད་ཕུང་པོ་སྟོན་པ་དང ། །སྲོག་ཆགས་རྣམས་ལ་ཆོས་ཀྱང་སྟོན། །ཆོས་ཀུན་ཚུལ་གཅིག་བདག་མེད་པས། །སྟོང་པ་ཉིད་པས་སྐྱེ་འགག་མེད། །སྲོག་ཆགས་རྣམས་ལ་བཟོད་པ་སྟོན། །རྟོག་པར་རྣམ་རྟོག་ཐེ་ཚོམ་བཅད། །བཟོད་པ་མ་ནོར་དེ་བཞིན་ཉིད། །ཚུལ་ཁྲིམས་བརྟུལ་ཞུགས་སྙེམས་པ་ཡིས། །བཅིངས་པ་ཐམས་ཅད་གཅོད་པར་འགྱུར། །ཇི་ལྟར་མེ་མར་མུན་པ་ལ། །བྱུང་ནས་མུན་པ་བསལ་པ་ལ། །བཅིངས་པ་ཐམས་ཅད་མཐོང་བ་བཞིན། །བཟོད་པ་ཉི་ཤུ་པས་པ་ཡིས། །མུན་ནག་དེ་ནི་རབ་ཞུགས་ཀྱང ། །དེ་ནི་སྲིད་པ་སྐྱེ་མི་འགྱུར། །བཟོད་པ་སྒོམ་ལ་དཔའ་བ་ཡིས། །སྲེད་པ་ཐམས་ཅད་ཟད་པར་བྱེད། །འཁོར་
338b
བ་ན་ནི་ཡུན་རིང་པོར། །འཁོར་བར་གྱུར་པའི་མི་རྣམས་ཀྱང ། །སྲེད་པ་ལས་ནི་རྣམ་པར་གྲོལ། །དེ་དག་མྱ་ངན་འདས་པ་ནི། །བགྲང་བར་ཡང་ནི་མི་ཆོག་སྟེ། །མཚོན་ཆ་ཤིན་ཏུ་བསླབས་པས་ན། །དགྲ་རྣམས་ཀུན་ལ་འཇིགས་པ་མེད། །བཟོད་པ་ཤིན་ཏུ་བསྒོམས་པ་དེས། །ཉོན་མོངས་ཐམས་ཅད་རབ་ཏུ་འཇོམས། །རིགས་ཀྱི་བུ། དེ་ལ་བདག་ཏུ་སྨྲ་བའི་ཉེ་བར་ལེན་པ་གང་ཞེ་ན། བདག་ནི། རང་བཞིན་གྱིས་མེད་པ་ཡིན་མོད་ཀྱི། འོན་ཀྱང་འདོད་པའི་ཡོན་ཏན་ལྔ་ལ་བདག་ཏུ་སྨྲ་བས་རྨོངས་ནས་བདག་སྐྱེད་དེ། མིག་ནི། བདག་ཏུ་རབ་ཏུ་ཤེས། མིག་གི་རྣམ་པར་ཤེས་པའང་བདེ་བ་དང་སྡུག་བསྔལ་ལ་འཇུག་པ་སྐྱེ་བ་ལ་མངོན་པར་ཆགས་པར་བྱེད་པ་ནས་ཡིད་བདག་ཏུ་རབ་ཏུ་ཤེས་ཤིང་ཡིད་ཀྱི་རྣམ་པར་ཤེས་པ་བདེ་བ་དང་སྡུག་བསྔལ་ལ་འཇུག་པ་སྐྱེ་བ་ལ་མངོན་པར་ཆགས་པར་བྱེད་པའི་བར་དུ་འདི་དག་ནི། བདེན་གྱི། གཞན་ནི། གཏི་མུག་གོ་སྙམ་པའོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་མཆེད་དྲུག་རང་གི་ཡུལ་ལས་བདེན་པ་སྟེ། རིགས་ཀྱི་བུ། མིག་ནི། འདི་ལྟར་བདག་ནི། བདག་མ་ཡིན་ཏེ། བདག་དང་བདག་གི་མ་ཡིན་པས་འདི་ལྟར་བདག་ནི། བདག་གིས་བསྐྱེད་པར་མི་འགྱུར་ཞིང ། བདག་གང་ཡིན་བདག་གིའང་ཡིན་ཏེ། བདག་དང་བདག་གི་མིག་ཡིན་ནོ། །དེ་ལྟར་མིག་ཀྱང་བདག་ཡིན་པར་རྣམ་པར་ཤེས་པ་བསྐྱེད་ནས་ལུས་ཀྱི་རེག་པའི་བར་དུ་ཤེས་པར་བྱའོ་
339a
༄#། །སྙམ་པ་མི་སེམས་ཏེ། འོན་ཀྱང་མིག་གིས་གཟུགས་མ་བསྐྱེད་དེ། སྒྲས་ཀྱང་རྣ་བ་མ་བསྐྱེད་པ་ནས་ལུས་ཀྱིས་རེག་པའི་བར་དུ་མ་བསྐྱེད་དེ། རེག་པས་ལུས་མ་བསྐྱེད། མིག་གིས་གཟུགས་མ་བསྐྱེད་དེ། མིག་གིས་གཟུགས་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་མ་བསྐྱེད་དེ། མིག་གིས་མིག་གི་རྣམ་པར་ཤེས་པའང་མ་བསྐྱེད། མིག་གི་རྣམ་པར་ཤེས་པས་ཀྱང་མིག་མ་བསྐྱེད་དེ། མིག་གི་རྣམ་པར་ཤེས་པས་ཀྱང་མིག་མ་བསྐྱེད་དེ། ཡང་མིག་གིས་རྣ་བའི་ཡུལ་རབ་ཏུ་མི་ཤེས་ཏེ། རྣ་བས་ཀྱང་མིག་གི་ཡུལ་རབ་ཏུ་མི་ཤེས་པ་ནས་ཡིད་ཀྱིས་ཆོས་ཀྱི་ཡུལ་རབ་ཏུ་མི་ཤེས་ཏེ། ཆོས་ཀྱིས་ཀྱང་ཡིད་ཀྱི་ཡུལ་རབ་ཏུ་མི་ཤེས་སོ། །སྐྱེ་མཆེད་འདི་དག་ཐམས་ཅད་ནི། འདོད་པའི་ཡོན་ཏན་ལྔ་དང ། ཕུང་པོ་ལྔ་རྣམས་ཀྱི་རྒྱུ་དང་རྐྱེན་ལ་དམིགས་པའི་ངོ་བོ་ཉིད་ལས་ཕྱི་དང་ནང་གི་ཕུང་པོ་དང ། སྐྱེ་མཆེད་འདི་དག་ཐམས་ཅད་ནི། གཅིག་ལ་གཅིག་རྣམ་པར་རྟོག་པའི་རྒྱུས་སྟོང་བར་འགྱུར་ཏེ།་འདོད་པའི་ཡོན་ཏན་ལྔ་དང་ཕུང་པོ་ལྔ་རྣམས་གཅིག་ལ་གཅིག་རྒྱུ་དང་རྐྱེན་དུ་དམིགས་ཤིང ། རྣམ་པར་རྟོག་པའི་ངོ་བོ་ཉིད་ཀྱིས་གཅིག་གིས་གཅིག་སྟོང་སྟེ། གང་ནང་གི་ཕུང་པོ་དང ། སྐྱེ་མཆེད་རྣམས་ནི། གཅིག་གི་ཡུལ་དུ་གཅིག་མི་འགྱུར་ཏེ། དེ་བཞིན་དུ་ནང་དང་ཕྱིའི་དངོས་པོར་མ་ཡིན་ཏེ། ཕྱིའི་ཡང་ནང་གི་ཕུང་པོ་དང་སྐྱེ་མཆེད་རྣམས་ཡུལ་དུ་མི་
339b
འགྱུར་རོ། །དེ་ལྟར་ཕྱི་ནང་གི་དངོས་པོ་ཐམས་ཅད་གཅིག་གི་ཡུལ་གཅིག་མ་ཡིན་ཞིང ། གཅིག་ལ་གཅིག་རྒྱུ་དང་རྐྱེན་དུ་དམིགས་ཤིང་རྣམ་པར་རྟོག་པའི་ཡུལ་དུ་མི་འགྱུར་མོད་ཀྱི།་འོན་ཀྱང་སྲེད་པའི་ཚུལ་དུ་སྟོན་ཏེ། དེའང་རྒྱུ་མའི་ཚུལ་ལོ། །སྒྱུ་མའི་ཚུལ་གང་ཡིན་པ་དེ་ནི། དེ་བཞིན་ཉིད་མ་ཡིན་ནོ། །གང་དེ་བཞིན་ཉིད་ཚུལ་མ་ཡིན་པ་དེ་ནི། མེད་དོ། །གང་མེད་པ་དེ་ལ་ནི། སྐྱེ་བ་མེད་དོ། །གང་སྐྱེ་བ་མེད་པ་དེ་ནི། འགག་པ་མེད་དེ། རིགས་ཀྱི་བུ། ཆོས་ཐམས་ཅད་ལ་ནི། སྐྱེ་བ་དང་འགག་པ་མེད་དོ། །འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི། དཀའ་བར་བྱེད་པ་སྟེ། གང་ལ་བདག་མེད་པ་དེ་སྐྱེད་ཅིང་དེ་ལྟར་མི་དགེ་བའི་རྒྱུ་དང་རྐྱེན་ལ་དམིགས་ནས་གཟུགས་བསྐྱེད་ནས་ཐར་པ་དེ་ལས་ཡོངས་སུ་འཁྱམས་ནས་ངན་སོང་དུ་ཡུན་རིང་པོར་མི་འདོད་པའི་འབྲས་བུ་སོ་སོར་མྱོང་བར་འགྱུར་རོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཤིང་ནི། མེ་མ་ཡིན་ལ་ཤིང་ལ་མེའང་མེད་དེ། ཤིང་དང་མེར་འདྲེས་པའང་མ་ཡིན་མོད་ཀྱི། འོན་ཀྱང་མེ་འདོད་པའི་མི་ཞིག་གིས་ལག་པ་གཉིས་ཀྱིས་ཤིང་ལ་ཤིང་སྦྱར་བ་དང་དེ་ལས་མེ་བྱུང་ནས་ཤིང་དེ་ཉིད་ཚིག་པར་འགྱུར་རོ། །རིགས་ཀྱི་བུ།་དེ་བཞིན་དུ་ཕྱི་ནང་གི་དངོས་པོ་དེ་དག་ཐམས་ཅད་ཀྱང་གཅིག་གིས་གཅིག་སྟོང་ཞིང་གཅིག་གི་ཡུལ་གཅིག་མ་ཡིན་ལ། ཚུལ་གཅིག་ཅིང་བདག་མེད་དེ་སྟོང་མོད་ཀྱི།
340a
༄#། །འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་དཀའ་བར་བྱེད་པ་རྣམས་ཀྱིས་བདག་མེད་པའི་ཆོས་སྟོང་པ་ལ་ཆགས་ནས་ཕན་ཚུན་ནས་བསྡུས་པས་ན་ལོག་པར་སྤྱོད་པ་གསུམ་གྱི་རྒྱུ་དང་རྐྱེན་བསྐྱེད་དེ། རྒྱུ་དང་རྐྱེན་དེས་ངན་སོང་གསུམ་དུ་མི་འདོད་པའི་འབྲས་བུ་སོ་སོར་མྱོང་ནས་འཁོར་བ་ན་ཡུན་རིང་པོར་འཁོར་བར་འགྱུར་རོ། །འོན་ཀྱང་གང་ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་བདག་མེད་ཅིང་སྟོང་པར་འདུ་ཤེས་པ་དེ་དག་ནི། ཡང་དག་པར་སྤྱོད་པའི་ཚུལ་གྱིས་བཟོད་པ་འདི་ཡོངས་སུ་རྫོགས་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱའོ། །བཅོམ་ལྡན་འདས་ཀྱིས་དོན་འདི་བསྡུས་ཏེ་གསུངས་པ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བདག་དང་བདག་གིས་བྱིན་བརླབས་སོ། །འདོད་པའི་ཡོན་ཏན་ལྔ་ལ་ཆགས། །མིག་ནི་བདག་ཏུ་རབ་ཏུ་ཤེས། །རྣ་བ་སྣ་དང་དེ་ལྟར་ཡིད། །བདེ་དང་སྡུག་བསྔལ་རབ་ཏུ་ཤེས། །འདུ་བྱེད་ཀུན་ལ་སྙེམས་པས་ན། །ངན་སོང་རྣམས་ཀྱང་རབ་ཏུ་བསྐྱེད། །དེ་བས་དེ་དག་དཀའ་བར་བྱེད། །ཆོས་རྣམས་འདི་དག་བྱེད་མེད་པ། །སྤྲོས་མེད་ཡི་གེ་མེད་པ་སྟེ། །ཇི་ལྟར་འཇིགས་པའི་མེ་ལས་ནི། ། ངན་སོང་རྣམས་ནི་བསྐྱེད་པར་འགྱུར། །འདིར་ཚོགས་གནས་པ་ཇི་སྙེད་པ། །དགེ་བ་ཁྱེད་ལ་བརྗོད་པར་བྱ། །ཆོས་རྣམས་ཀུན་གྱི་དེ་ཉིད་ལ། །བསྒོམས་ལ་བཟོད་པ་རྟོགས་པར་
340b
བྱོས། །འདུ་བྱེད་རྣམས་ལ་རྒྱུ་མེད་དེ། །བདག་གི་རང་བཞིན་མེད་པས་ན། །ལས་ཀྱི་རྒྱུ་དང་རྐྱེན་རྣམས་ཀྱང ། །གཅིག་ནས་གཅིག་ཏུ་མི་ཤེས་སོ། །ཕྱི་རོལ་དང་ནི་ནང་རྣམས་ཀྱི། །ཆོས་རྣམས་ཀུན་ལ་བ་དང ། མེད་དེ། །ཟབ་ཅིང་ཞི་བའི་ཆོས་ཉིད་ནི། །བུས་པ་འདིས་ནི་མི་ཤེས་སོ། །ཇི་ལྟར་ནམ་མཁའི་ཆོས་རྣམས་ལ། །ཐམས་ཅད་ཉེ་བར་རྟོག་པ་མེད། །མཚན་དང་མཚན་མ་མེད་པ་ཡི། །དེ་བཞིན་བཟོད་པ་རྣམ་པར་སྒོམ། །ཕྱི་རོལ་དང་ནི་ནང་དག་གི་།ནམ་མཁའ་ལ་ནི་སྙེམས་པ་མེད། །སྟོང་པའི་བཟོད་པ་དེ་བསྒོམས་པ། །དེ་བཞིན་འདུ་བྱེད་བལྟ་བར་བྱ། ། སངས་རྒྱས་ཐམས་ཅད་མཐོང་བ་ནི། །ཐམས་ཅད་ཆོས་ལ་གཏི་མུག་མེད། །དགེ་བ་དྲན་ལྡན་འགྱུར་བ་དག་།གང་གི་དེ་བཞིན་བཟོད་པ་སྒོམ། །ཆོས་ཀྱི་སྦྱིན་པ་ཅུང་ཟད་ཀྱང ། །ཀུན་ཏུ་འཛིན་ཅིང་མཐོང་བ་མེད། །དེ་ལྟར་བཟོད་པ་གང་སྒོམ་པ། །སྙིང་པོ་ལ་ནི་གནས་ཞེས་བྱ། །ཉེ་བར་ལེན་པའི་རྐྱེན་གྱིས་ཀྱང་སྲིད་པ་རྟོགས་ཏེ། ཉེ་བར་ལེན་པ་འདི་བཞི་ནི། སྐད་ཅིག་མའོ། ། དེ་ལ་སྐྱེ་ཞིང་འགག་པའི་ཉེ་བར་ལེན་པའི་སྐད་ཅིག་མ་གཉིས་པོས་ནི། སྲིད་པ་ཉེ་བར་སྐྱེད་དོ། །སྲིད་པ་གསུམ་ནི། འདོད་པའི་སྲིད་པ་དང ། གཟུགས་ཀྱི་སྲིད་པ་དང ། གཟུགས་མེད་པའི་སྲིད་པའོ། །དེ་ལ་འདོད་པའི་སྲིད་པ་ནི། སེམས་ཅན་རྣམས་ལ་རྣམ་པར་སླུ་བ་སྟེ། སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་དང ། བྱོལ་སོང་དང ། ཡི་དྭགས་དང ། གླིང་ཆེན་པོ་བཞི་
341a
༄#། །དང ། འདོད་པ་ན་སྤྱོད་པའི་ལྷའི་གནས་དྲུག་པོ་འདི་དག་ནི། གླིང་བཞི་པའི་འདོད་པའི་སྲིད་པ་ཞེས་བྱའོ། །གཟུག་ཀྱི་སྲིད་པ་ནི། གཟུགས་ལ་སྤྱོད་པའི་ལྷའི་གནས་བཅུ་དྲུག་སྟེ། འདི་ནི། གཟུགས་ཀྱི་སྲིད་པ་ཞེས་བྱའོ། །དེ་ལ་གཟུགས་མེད་པའི་སྲིད་པ་ནི། གཟུགས་མེད་པ་ལ་སྤྱོད་པའི་ལྷའི་གནས་བཞི་སྟེ། འདི་ནི། གླིང་བཞི་བའི་གཟུགས་མེད་པའི་སྲིད་པ་ཞེས་བྱའོ། །དེ་ལ་རིགས་ཀྱི་བུ། གང་རྒྱུ་དང་རྐྱེན་ལ་དམིགས་ནས་ངན་སོང་གསུམ་དུ་སྲིད་པ་དེ་ནི། གཅིག་ཏུ་ཚུལ་བཞིན་མེད་པའི་ཡིད་ལ་བྱེད་པ་ཟག་པ་དང་བཅས་པའི་འདོད་པའི་ཡོན་ཏན་ལྔ་ལ་སྙེམས་པ་འདི་ལ་སྲིད་པ་འབྱུང་བར་འགྱུར། གང་ཡང་གཟུགས་ཀྱི་ཁམས་ཀྱི་གནས་གཞན་བཅུ་གཅིག་གི་སྲིད་པ་འབྱུང་བ་དེའང་ཟག་པ་དང་བཅས་པ་དགེ་བའི་རྒྱུའི་སྲིད་པ་སྟེ། གང་འདི་ལ་གཟུགས་ཀྱི་ཁམས་ཀྱི་གནས་གཞན་ལྔའི་སྲིད་པ་འབྱུང་བའི་རྒྱུ་དེ་དགེ་བ་ལ་དམིགས་པའི་རྒྱུ་བཟོད་པ་ལ་དམིགས་པའི་དངོས་པོ་རྣམས་ས་དང་པོ་ནས་ས་བདུན་པའི་བར་དུ་དེ་ལ་སྐྱེ་བར་འགྱུར་རོ། །གང་ཡང་གཅིག་ཏུ་དགེ་བའི་རྒྱུ་སྟོང་པ་ཉིད་སྒོམ་པའི་ཕྱིར་བཟོད་པ་ཡོངས་སུ་རྫོགས་པ་ནི།་ས་བརྒྱད་པ་དང ། ས་དགུ་པ་དང ། ས་བཅུ་པ་གཅིག་ཏུ་དགེ་བའི་རྒྱུད་ལ་སྲིད་པ་འབྱུང་བར་འགྱུར། འདི་ནི། དགེ་བ་དང་མི་དགེ་བའི་རྒྱུས་གཟུགས་ཀྱི་དངོས་པོ་མངོན་པར་
341b
འབྱུང་བ་དེ་བཞིན་དུ་ཉོན་མོངས་པའི་རྙོག་པ་ལྔའི་སངས་རྒྱས་ཀྱི་སྲིད་པ་འབྱུང་བ་རྣམ་པར་དག་པ་དང ། ཡང་སངས་རྒྱས་ཀྱི་ཞིང་གཅིག་གི་དགེ་བའི་རྒྱུའི་སྲིད་པ་འབྱུང་ངོ ། །དངོས་པོ་དང ། དངོས་པོ་མེད་པ་ཐམས་ཅད་བསྡུས་པ་དང་བྲལ་བ་འདི་ནི། བཟོད་པ་སྒོམ་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་བུར་དངོས་པོ་ཡོད་པ་དང ། དངོས་པོ་མེད་པའི་རང་བཞིན་ལ་རྟོག་པ་མེད་པ་དང ། རྣམ་པར་རྟོག་པ་མེད་པ་དང ། ཀུན་ནས་སྤྱོད་པ་མེད་པ་འདིའི་རྒྱུ་དང་རྐྱེན་ལ་དམིགས་པ་དང ། འདྲེས་པ་མེད་པ་དང ། འབྱུང་བ་མེད་པ་དང ། འགོག་པ་མེད་པར་འགྱུར་རོ། ། དེ་ལའང་ཇི་ལྟར་བྱང་ཆུབ་སེམས་དཔའ་ནམ་མཁའི་རང་བཞིན་དག་དངོས་པོ་ཐམས་ཅད་ལས་ལྡོག་པའི་འདུ་བྱེད་ཐམས་ཅད་དུས་གསུམ་ཀུན་ཏུ་སྤྱོད་པའི་བཟོད་པ་སྒོམ་པར་བྱེད་པ་ནི།་དངོས་པོ་དང ། དངོས་པོ་མེད་པ་ཐམས་ཅད་ཅེས་བྱའོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་གནས་གཞན་ཆུའི་ཟླ་བ་དང་མཉམ་པར་མཐོང་བ་ནི། གཞན་གྱི་དྲིང་མི་འཇོག་པའི་གློག་མ་གྱོགྶ་པ་ཡིན་ནོ། །དུས་གསུམ་གྱི་དགེ་བའི་རྩ་བ་ཐམས་ཅད་ཀྱི་ཕྱི་མའི་མཐའི་ཡེ་ཤེས་ལ་མཁས་པར་འགྱུར་རོ། །རིགས་ཀྱི་བུ། ཉོན་མོངས་པའི་སངས་རྒྱས་ཀྱི་ཞིང་འདི་ལ་བྱང་ཆུབ་སེམས་དཔའ་པུཎྜ་རཱི་ཀ་སྐྱེ་བར་འགྱུར་རོ། །སྙིང་རྗེ་ཆེན་པོ་ས་བརྒྱད་པ་བརྟན་པའི་བརྩོན་འགྲུས་ཡང་དག་པར་ལེན་པའི་ཕུང་པོ་ཐམས་ཅད་ལ་དམིགས་པ་
342a
༄#། །མེད་པ།་གཟུགས་ཐམས་ཅད་ལས་ཕྱིར་ལོག་པ། ཆོས་ཐམས་ཅད་འབྱུང་བ་དང ། ཟད་པ་ལ་གནས་པ་མེད་ཅིང་སྤྱོད་པ་མེད་དོ། །འདུ་བྱེད་ཐམས་ཅད་ལའང་ཡིད་དང ། མཚན་མ་གཉིས་ཀའང་འབྱུང་བ་མེད་པར་འགྱུར་རོ། །གཉིས་ལྟ་བུ་མེད་པའི་དུས་གསུམ་ཐམས་ཅད་ལ་དམིགས་པ་མེད་པ་དང ། ཉོན་མོངས་མེད་པའི་ཆོས་ཀྱི་དབྱིངས་དང ། ཡང་དག་པའི་མཐའ་མངོན་དུ་བྱེད་པར་འགྱུར་རོ། །དངོས་པོ་གང་ལའང་འཕེལ་བ་དང་འབྲི་བར་རྣམ་པར་རྟོག་པར་འགྱུར་བའང་མེད། ཚད་མེད་པའི་སེམས་དང་ཡིད་གཉིས་རྣམ་པར་དམིགས་པ་དང་བྲལ་བ་ལ་འཇུག་པ་མེད་པ་དང ། དུས་གསུམ་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ཚུལ་གཅིག་པར་རབ་ཏུ་ཤེས་སོ། །འདི་ལ་རིགས་ཀྱི་བུ། བྱང་ཆུབ་སེམས་དཔའི་གཟུགས་དང་ལྡན་པའི་ཆོས་ལ་གནས་ཤིང་དམིགས་པ་མེད་པ་དང ། ཆོས་ཐམས་ཅད་བདག་མེད་པ་དང ། གང་ཟག་མེད་པའི་ཕྱིར་རྣམ་པར་ཤེས་སོ། །ཁམས་གསུམ་ཐམས་ཅད་ལ་བདག་པོ་མེད་པའི་དུས་གསུམ་ཐམས་ཅད་ལ་ང་རོ་དང་སྒྲ་དབྱངས་འགྱུར་བ་ལ་སོ་སོར་གནས་ཤིང་འབྱུང་བ་མེད་པར་འགྱུར། སྲིད་པ་ཐམས་ཅད་ཚུལ་གཅིག་གིས་དངོས་པོ་མེད་པའི་ཀུན་གཞི་མེད་པ་དང ། རྒྱུ་དང་རྐྱེན་མེད་བརྟག་ཏུ་འདུ་ཕྱེད་ཐམས་ཅད་དང་བྲལ་བ་ལའང་རྟོག་པ་མེད་པ་དང ། རྣམ་པར་རྟོག་པ་
342b
མེད་པ་དང ། འབྱུང་བ་མེད་པ་དང ། འགོག་པ་མེད་ཅིང་མངོན་སུམ་དུ་མི་བྱེད་དོ། །ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཐེག་པ་ལའང་རྟོག་པ་མེད་པ་དང ། རྣམ་པར་རྟོག་པ་མེད་དོ། ། སེམས་ཅན་རྣམས་ལ་འཁོར་བ་དང་འཆི་འཕོ་དམིགས་པ་མེད་དོ། །རྟག་པ་དང་ཆད་པ་སྤངས་པའི་བྱང་ཆུབ་ཀྱི་སེམས་སྙིང་རྗེ་ཆེན་པོ་ལ་དམིགས་པ་དོར་བ་མེད་པ་དང ། རྒྱུ་མེད་པ་ཐམས་ཅད་ཀུན་ནས་བསླང་བ་རྣམ་པར་སྤྱོད་པ་སྟོང་པར་ཁོང་དུ་ཆུད་པས་བཟོད་པ་སྒོམ་པར་བྱེད། དེ་ནས་སྲིད་པ་ཐམས་ཅད་རྣམ་པར་སྤྱོད་པ་སྟུག་པོ་གཏོང་བར་བྱེད། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་གནས་གཞན་དག་ཆུའི་ཟླ་བ་དང་འདྲ་བར་མཐོང་བ་ནི། གཞན་གྱི་དྲིང་མི་འཇོག་པའི་གློག་མགྱོགས་པར་འགྱུར་རོ། །དགེ་བའི་རྩ་བ་ཐམས་ཅད་དུས་གསུམ་གྱི་ཕྱི་མའི་མཐའི་ཡེ་ཤེས་ལ་མཁས་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན། རིགས་ཀྱི་བུ། མ་དྲོས་པའི་ཆུས་འཁོར་བའི་ཆུ་ཡོངས་སུ་ཟག་པའི་སའི་ཕྱོགས་ཡང་དག་པར་འཚོ་བའི་མིག་ཅེས་བྱ་བའི་མེ་ཏོག་ཆེན་པོ་མཆོག་ཏུ་བལྟ་ན་སྡུག་པའི་དྲི་ཞིམ་པོས་གང་བ། ཅུང་ཟད་ལྷ་དང ། ཀླུ་དང ། གནོད་སྦྱིན་རྣམས་ཀྱི་ལུས་ཀྱི་ཉེས་པ་སྦོམ་པོར་འགྱུར་བ་དེའང་མ་དྲོས་པར་འགྲོ་ཞིང་དེ་ཡང་དག་པར་འཚོ་བའི་མིག་མེ་ཏོག་ཆེན་པོའི་སྨན་གྱི་དྲི་བསྣམས་པས་མིག་གི་ཉེས་པ་སྦོམ་པོ་ཐམས་ཅད་ཀྱི་ནད་དང ། ལུས་ཀྱི་ཉེས་པ་སྦོམ་པོའི་ནད་
343a
༄#། །ཀྱིས་ཀྱང་དེ་ཡོངས་སུ་དག་པར་འགྱུར་རོ། །མེ་ཏོག་ཆེན་པོའི་སྨན་གྱི་དྲིས་ཉམས་པ་མེད་པ་དང ། སྟོབས་མེད་པས་རྟོག་པ་མེད་པ་དང ། རྣམ་པར་རྟོག་པ་མེད་པ་དང ། དགའ་བ་མེད་པ་དང ། ཁྲོ་བ་མེད་པ་འདི་ལ་དེ་བཞིན་དུ་དགའ་བའང་མེད་པར་འགྱུར་རོ། །བདག་འདི་ལྟར་ཡོན་ཏན་དང་ལྡན་པས་སེམས་ཅན་རྣམས་ནད་རབ་ཏུ་ཞི་བ་དེ་བཞིན་དུ་རིགས་ཀྱི་བུ། སྙིང་རྗེ་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་པའི་ཡེ་ཤེས་སྟོང་པ་ཉིད་ཀྱི་བཟོད་པའི་གོ་སྐབས་འདོད་པར་འགྱུར། སྲིད་པ་ཐམས་ཅད་ཀྱི་དངོས་པོ་སྙིང་པོ་ལ་གནས་པ། འཆི་འཕོ་དང་སྐྱེ་བ་སྤྱོད་པ་ཤིན་ཏུ་འདོད་པར་འགྱུར། དེ་སྐྱེ་བ་སླུ་བར་བྱེད། གང་སྐྱེ་བ་སླུ་བར་བྱེད་པ་དེ་ཆོས་ཐམས་ཅད་སླུ་བར་བྱེད།་གང་ཆོས་ཐམས་ཅད་སླུ་བར་བྱེད་པ་དེ་ཐེག་པ་གསུམ་སྤྱོད་པའི་ལམ་ལ་འཇུག་པའི་སྟོབས་ཀྱི་རྗེས་སུ་ཐོབ་བ་སླུ་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཕུང་པོ་གཅིག་ནས་གཅིག་ཏུ་རྣམ་པར་སྤྱོད་པའི་བྱིན་གྱིས་བརླབས་པ་ལ་བྱིན་གྱིས་རློབ་པའང་མེད། གཅིག་ནས་གཅིག་ཏུ་ཡང་དག་པར་འདུ་བའང་མེད། བདག་གི་ཡུལ་ལ་གནས་པའང་མེད།་གཅིག་ནས་གཅིག་ཏུ་གནས་ལ་འདུག་པའང་མེད། སྐད་ཅིག་མར་ཀུན་ཏུ་སྤྱོད་པའང་མེད། སྐད་ཅིག་མའི་རྒྱུད་ལ་གནས་པའང་མེད། དུས་གསུམ་ཐམས་ཅད་ཀྱི་
343b
གཟུགས་དང ། གཟུགས་མེད་པ་དང ། ཚད་མེད་པ་དང ། མི་ཆུང་བའི་ཆོས་ཀྱང་མེད། གང་གཅིག་ནས་གཅིག་ཏུ་ཉེ་བར་ལེན་པ་དང ། བྱིན་གྱིས་རློབ་པ་དང ། འཇུག་པ་དང ། འཛིན་པ་པ་དང ། འགེབས་པ་དང ། ཉམས་པ་དང ། རབ་ཏུ་སྣང་བ་ནི། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ནམ་མཁའ་ལ་རླུང་སྐྱེ་བ་མེད་པ་དང ། བྱིན་གྱིས་བརླབས་མེད་པ་ནས་རྣམ་པར་རྟོག་པ་མེད་པའི་བར་དུའོ། །ཡང་རླུང་ལ་ནམ་མཁའ་སྐྱེ་བ་མེད་པ་ནས་རྣམ་པར་རྟོག་པ་མེད་པའི་བར་དུ་སྟེ། རིགས་ཀྱི་བུ། དེ་ལྟར་དེ་བཞིན་དུ་ཆོས་ཐམས་ཅད་ལ་གཅིག་ནས་གཅིག་ཏུ་ཅུང་ཟད་ཀྱང་སྐྱེ་བ་མེད་པ་ནས་རྣམ་པར་རྟོག་པ་མེད་པའི་བར་དུ་ཇི་ལྟར་ཆོས་ཐམས་ཅད་རྒྱུ་བ་མེད་པ་དང ། ཉེ་བར་སྤྱོད་པ་མེད་པ་དང ། ཐ་དད་པ་མེད་པ་དང ། སྣང་བ་མེད་པ་དང ། སྐྱེ་བ་མེད་པ་དང ། འགག་པ་མེད་པ་དང ། ཆད་པ་མེད་པ་དང ། རྟག་པ་མེད་པ་དང ། རྟོག་པ་མེད་པ་དང ། རྣམ་པར་རྟོག་པ་མེད་པ་དེ་ཐམས་ཅད་སྐྱེ་བར་མི་ཤེས་པ་དང ། ཉེ་བར་སྐྱེ་བ་མེད་པ་དང ། རྗེས་སུ་སྐྱེ་བ་མེད་པ་དང ། བདག་པོར་རབ་ཏུ་མི་ཤེས་སོ། །ཇི་ལྟ་བུར་ནམ་མཁའ་ལ་རླུང་སྐྱེ་བ་དང་འགོག་པ་མེད་པ་དེ་ལྟར་དེ་བཞིན་དུ་ཕུང་པོ་རྣམས་སྐྱེ་བ་ཟད་པར་རབ་ཏུ་ཤེས་སོ། །དེ་སྐྱེ་བ་དང ། ཡི་གེ་མེད་པ་ཐམས་ཅད་དང ། དངོས་པོ་མེད་པར་རབ་ཏུ་ཤེས་སོ། །དེ་ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་བ་དང ། ཡང་དག་པར་སོང་བ་
344a
༄#། །མི་ཤེས་པ་དང ། ཤིན་ཏུ་འདས་པ་གཅིག་ནས་གཅིག་ཏུ་རྣམ་པར་སྤྱོད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ཅི་ལའང་ཆགས་པ་མེད་དོ། །བཏགས་པ་མེད་དོ། །བཏང་བ་མེད་དོ། །ཆོས་ཐམས་ཅད་ཐ་མི་དད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །དེ་དུས་གསུམ་ཐམས་ཅད་ཀྱི་ཆོས་ཐམས་ཅད་ལ་གནས་པའི་སྒོ་སྐྱེ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །གང་དེ་ལྟར་སྐྱེ་བ་དང་ལྟ་བ་བྲལ་བ་དེ་ཆོས་ཐམས་ཅད་གཞན་ལ་རག་མ་ལུས་པའི་ཡེ་ཤེས་མཛོད་ཀྱི་ཆོས་དང་ལྡན་པ་གཉིས་མངོན་དུ་མ་བྱུང་ཞིང་བདུད་བཞི་ལས་ཤིན་ཏུ་འདས་པ་དེ་ཆོས་ཐམས་ཅད་གསོག་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །དེ་ཆོས་ཐམས་ཅད་དང་བྲལ་བས་ཁམས་གསུམ་ཐམས་ཅད་ཀྱི་སྐྱེ་བ་ལས་ཤིན་ཏུ་འདས་པ་ནིའང་སྐྱེ་བ་མེད། འགོག་པ་མེད། འཆི་འཕོ་བ་མེད། འབྱུང་བའང་མེད་དོ། །ཞིང་ཐམས་ཅད་སྤྲིན་མགྱོགས་པ་དང་མཉམ་པར་མཐོང་ཞིང་སེམས་ཅན་རྣམས་ཡོངས་སུ་སྨིན་པའི་ཕྱིར་ཉེ་བར་སོང་ངོ ། །རིགས་ཀྱི་བུ། དེ་ལྟར་བྱང་ཆུབ་སེམས་དཔའ་སྐྱེ་བ་ལ་ཤིན་ཏུ་བཟླ་བའི་ཕྱིར་ཡང་དག་པར་སྤྱོད་པའི་བཟོད་པ་བསྒོམ་པར་བྱའོ།། དེ་ལ་རིགས་ཀྱི་བུ། གང་གཏི་མུག་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ལ་རྟོག་པར་འགྱུར། སྐད་ཅིག་མ་དང་ལྡན་པའི་སྐྱེ་བོས་རྒ་བ་ལ་འཚེ་བར་བྱེད། སྐྱེས་བུ་གཏི་མུག་པ་འདིའི་འདུ་བྱེད་
344b
རྣམས་ཕྱི་དང་ནང་གི་སླུ་བ་དང ། གཞན་ཡང་གཉིས་སུ་མེད་པའི་ཚོར་བ་ཇི་སྙེད་པ་རྣམ་པར་ཤེས་པས་རྒ་ཤིང་བྲལ་བ་ནས་འཁྲུག་པ་དང་བྲལ་བའི་བར་དུ་རྟོག་པ་མེད། རྣམ་པར་རྟོག་པ་མེད་ཅིང་སླུ་བ་མེད་པ་དེ་ལྟར་དེ་བཞིན་དུ་ཚེའི་རླངས་པ་ཡང་དག་པར་ཤེས་པ་ནམ་མཁའ་འདྲ་བར་མཉམ་པ་རྣམ་པར་རྟོག་པ་མེད་པའི་མཉམ་པ་ཉིད་དང ། གཉིས་སུ་མེད་པའི་ལུས་ལ་སླུ་བ་མེད་པས་འཕགས་པ་མ་ཡིན་པའི་རྫུན་གཉིས་དང་བྲལ་བའོ། །ཇི་ལྟར་ཆོས་ཐམས་ཅད་ཀྱི་དབྱིངས་རང་བཞིན་གྱིས་ཉོན་མོངས་པ་མེད་པའི་རྒ་ཤི་འདྲེས་པ་མེད་པ་དེ་བཞིན་དུ་མིག་གི་རྣམ་པར་ཤེས་པ་རྒ་ཤི་སླུ་བའི་འདོད་ཆགས་ལ་ཐུག་པ་ནས་འཁྲུག་པའི་བར་དུའོ། །དེ་བཞིན་དུ་རྣ་བའི་རྣམ་པར་ཤེས་པ་ཇི་སྙེད་པ་ནས་ཡིད་ཀྱི་རྣམ་པར་ཤེས་པ་རྒ་ཤི་སླུ་བས་ན་འདོད་ཆགས་འཁྲུག་པ་ལ་ཐུག་པའི་བར་དུ་དེ་ལྟར་འདྲེས་པ་མེད་དོ། །ཡང་མིག་གི་རྣམ་པར་ཤེས་པ་རྒ་ཤི་སླུ་བ་འདོད་ཆགས་མེད་པའི་མཐའ་ནས་འཁྲུག་པའི་བར་དུའོ། །དེ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་འདྲེས་པ་མེད་པ་དེ་བཞིན་དུ་རྒ་ཤི་སླུ་བའི་མཐའ་ནས་འཁྲུག་པའི་བར་དུའོ། །ཡང་མིག་རྒ་བ་ནས་འཁྲུག་པའི་བར་དུ་ཡང་དག་པར་འདུས་པ་མེད་དོ། །དེ་ཁོ་ན་ཉིད་ལ་དམིགས་པས་ན་དེ་བཞིན་དུ་སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱི་རྒ་ཤི་ནས་འཁྲུག་པའི་བར་དུ་ཡང་དག་པར་
345a
༄#། །འདུས་པ་མེད་དོ། །དེ་ཁོ་ན་ཉིད་ལ་དམིགས་པས་ན་གཟུགས་ཀྱི་རྒ་ཤི་ནས་འཁྲུག་པའི་བར་དུ་ཡང་དག་པར་འདུས་པ་མེད་དོ། །དེ་ཁོ་ན་ཉིད་ལ་དམིགས་པས་ན་རྣམ་པར་ཤེས་པའི་རྒ་ཤི་འདི་ཇི་སྙེད་པ་ནས་འཁྲུག་པའི་བར་དུ་ཀུན་ཏུ་ཆད་པ་འདོད་ཆགས་དང་བྲལ་བའི་ཐ་དད་པ་མེད་དོ། །ཚེའི་རླངས་པ་ཡང་དག་པར་ཤེས་པའི་རྒ་ཤི་ནས་འཁྲུག་པའི་བར་དུ་འདོད་ཆགས་དང་བྲལ་བའི་མཐའ་ཀུན་ཏུ་ཆད་པའོ། །རིགས་ཀྱི་བུ། འདི་ལའང་ཚོར་བའི་ཕུང་པོ་རྣམས་དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཚོར་བའི་ཕུང་པོ་བསྒོམ་པར་བྱའོ། །གང་ཁམས་གསུམ་ན་དུས་གསུམ་གྱི་ཚོར་བ་མེད་པ་འབྱུང་བ་ཟད་པ་ལ་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པའི་བཟོད་པ་འདི་སྒོམ་པར་བྱེད་པ་འདིའང་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པ་ཉེ་བར་འཚོ་བའི་བཟོད་པ་ལ་བལྟ་བར་བྱའོ། །གཞན་ཡང་རིགས་ཀྱི་བུ། བྱང་ཆུབ་སེམས་དཔས་འདུ་ཤེས་ཀྱི་ཕུང་པོ་ལའང་ཚུལ་བཞིན་དུ་བརྟག་པའི་ཕྱིར་བཟོད་པ་བསྒོམ་པར་བྱའོ། །དེ་ལ་འདུ་ཤེས་ཀྱི་ཕུང་པོ་གང་ཞེ་ན། འདུ་ཤེས་ཀྱི་ཚོགས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱི་འདུས་ཏེ་རེག་པའི་འདུ་ཤེས་སོ། །དེ་ལ་མིག་གི་འདུས་ཏེ་རེག་པ་ནི། གསུམ་འདུས་པའི་རེག་པ་སྟེ། གང་མིག་
345b
དང ། རྣམ་པར་ཤེས་པ་དང ། གཟུགས་ཀྱི་འདུ་ཤེས་འབྱུང་བར་བྱེད་པ་འདི་ནི། གསུམ་འདུས་པ་རེག་པའི་རྐྱེན་གྱིས་འདུ་ཤེས་ཀུན་འབྱུང་བར་འགྱུར་རོ། །གང་མིག་གི་གཟུགས་ལའང་བྱེད་པ་མེད་པ་དང ། རྣམ་པ་མེད་པ་དང ། ལྦུ་བའི་ཕུང་པོ་ལྟ་བུར་དུས་གསུམ་ཐམས་ཅད་ཀྱི་འདུ་བྱེད་སྟོང་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་སྦྱོར་བ་གསུངས་སོ། །གང་མིག་གི་རྣམ་པར་ཤེས་པ་ནི། ཅི་ལའང་འོང་བ་དང་འགྲོ་བ་སྙེམས་པར་རབ་ཏུ་མི་ཤེས་སོ། །ཁམས་གསུམ་ཐམས་ཅད་ཡུལ་དང་གནས་མེད་པ་མིག་གི་རྣམ་པར་ཤེས་པ་དེས་སྟོང་པ་ནས་ཡིད་ཀྱི་རྣམ་པར་ཤེས་པས་སྟོང་བའི་བར་དུ་ཤེས་པར་བྱའོ། །གང་སྐྱེ་མཆེད་དྲུག་གི་འདུ་ཤེས་འབྱུང་བ་དེ་ཚོར་བའོ། །གང་ཚོར་བ་དེ་རྟོག་པའོ། །གང་རྟོག་པ་དེ་སྙེམས་པའོ། །གང་སྙེམས་པ་དེ་ཉེ་བར་ལེན་པའོ། །གང་ཉེ་བར་ལེན་པ་འབྱུང་བ་ནས་འཁྲུག་པའི་བར་དུ་ཀུན་ནས་ལྡང་སྟེ། དེ་བས་ན། བྱང་ཆུབ་སེམས་དཔའ་འདུ་ཤེས་ཚུལ་བཞིན་དུ་བརྟག་པའི་ཕྱིར་བཟོད་པ་བསྒོམ་པར་བྱའོ། །བཟོད་པ་སྒོམ་པའི་རེག་པ་ཡོངས་སུ་ཤེས་པའི་ཕྱིར་འདུ་ཤེས་ཡོངས་སུ་ཤེས་པ་ཡིན་ནོ། །ཡིད་ཀྱི་འདུ་ཤེས་ཀྱི་བར་དུ་བཟོད་པ་དེ་བསྒོམས་པས་འདུ་ཤེས་ཀྱི་ཚོགས་དྲུག་བཟོད་པ་དེ་སྒོམ་པ་ཡོངས་སུ་ཤེས་པ་ལ་རྟོག་པ་མེད། རྣམ་པར་རྟོག་པ་མེད། ཉེ་བར་མི་འགྲོ། ཉེ་བར་ལེན་པ་མེད། བྱིན་གྱིས་རློབ་པ་མེད་ན་མངོན་པར་ཆགས་
346a
༄#། །པའང་མེད་དོ། །འདུ་ཤེས་ཐམས་ཅད་རང་བཞིན་མེད་པ་ཡོངས་སུ་ཆགས་པའི་བཟོད་པ་དེ་བསྒོམས་པའི་རྗེས་སུ་འབྱུང་བ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་ཅི་ལའང་ཆགས་པ་མེད་དོ། །ཁམས་གསུམ་ཐམས་ཅད་ཀྱི་དུས་གསུམ་གནས་པ་མེད་པ་དང ། གནས་མེད་པ་དང ། འཁྲུལ་བ་མེད་པ་དང ། ཞིག་པ་མེད་པ་དང ། བླང་བ་མེད་པ་དང ། དོར་བ་མེད་པ་དང ། གཉིས་སུ་བྱ་བ་མེད་པའི་ཆོས་ཀྱི་དབྱིངས་ལ་ཡང་དག་པར་གཞོལ་བའི་འདུ་ཤེས་ཐམས་ཅད་ཤེས་པ་ནི་ཅིས་ཀྱང་དབྱེ་བ་མེད་དོ། །དེ་འདུ་ཤེས་ཐམས་ཅད་ཉེ་བར་ལེན་པ་མེད་པའི་ཡིད་ཅི་ལའང་དམིགས་པ་མེད་པ་ནི་སོ་སོ་ཡང་དག་པར་སྤྱོད་པའི་ཚུལ་གྱི་བཟོད་པ་ལ་སྒོམ་པ་ཞེས་བྱའོ། །འདུ་ཤེས་ཐམས་ཅད་ནི་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པའི་བཟོད་པ་སྒོམ་པར་བྱེད་པ་འདི་ལའང་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པ་ཉེ་བར་འཚོ་བའི་བཟོད་པ་ལ་བལྟ་བར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཡང་འདུ་བྱེད་ཡོངས་སུ་ཤེས་པའི་བཟོད་པ་བསྒོམ་པར་བྱའོ། །དེ་ལ་འདུ་བྱེད་གང་ཞེ་ན། འདི་ལྟ་སྟེ། འདུ་བྱེད་རྣམ་པ་གསུམ་མོ། །གསུམ་གང་ཞེ་ན། ལུས་ཀྱི་འདུ་བྱེད་དང ། ངག་གི་འདུ་བྱེད་དང ། ཡིད་ཀྱི་འདུ་བྱེད་དོ། །ལུས་ཀྱི་འདུ་བྱེད་ནི་དབུགས་ཕྱི་ནང་དུ་རྒྱུ་བའོ། །ངག་གི་
346b
འདུ་བྱེད་ནི་རྣམ་པར་རྟོག་པ་དང ། རྣམ་པར་དཔྱོད་པའོ། །ཡིད་ཀྱི་འདུ་བྱེད་ནི་འདུ་ཤེས་དང ། སེམས་པའོ། །དེ་ལ་རིགས་ཀྱི་བུ་ལུས་ཀྱི་འདུ་བྱེད་དབུགས་ཕྱི་ནང་དུ་རྒྱུ་བ་ཚུལ་བཞིན་དུ་བརྟག་པར་བྱའོ། །ལུས་ཐམས་ཅད་སྟོང་ཕྲག་དགུ་བཅུ་རྩ་གཉིས་སམ། བ་སྤུའི་ཁུང་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་ལྷག་ཙམ་གྱི་ལུས་ཐམས་ཅད་ཤིན་ཏུ་ཕྲ་བའི་རྡུལ་དགུ་བཅུ་རྩ་དགུའི་ཁའི་སྒོ་ནས་ཤིན་ཏུ་ཕྲ་བའི་རྡུལ་བརྒྱ་སྟོང་ཕྲག་བཅུ་བསགས་སོ། །ཉེས་པ་མེད་པའི་མིའི་བ་སྤུའི་ཁུང་བུ་འདི་གཅིག་འགྲངས་པས་ལུས་ཐམས་ཅད་ཀྱི་བ་སྤུའི་ཁུང་བུ་ཐམས་ཅད་ཀྱི་སྒོ་སྟོང་ཕྲག་དགུ་བཅུ་རྩ་དགུ་ཇི་ལྟ་བུར་ཁའི་སྒོ་ནས་དབུགས་རྒྱུ་བ་དེ་ལྟ་བུར་བ་སྤུའི་ཁུང་བུ་ཐམས་ཅད་ནས་དབུགས་རྒྱུའོ། །ཞེས་དབུགས་ཕྱི་ནང་དུ་རྒྱུ་བ་ཐམས་ཅད་ཤེས་པར་བྱའོ། །ཁའི་སྒོ་ཐམས་ཅད་ནས་དབུགས་ཕྱི་ནང་དུ་རྒྱུ་བའི་ཕུང་པོ་ལྔ་དག་འབྱུང་བ་དང་ཟད་པ་བརྟག་པའི་ཕྱིར་བཟོད་པ་བསྒོམ་པར་བྱའོ། །དེ་ལ་ངག་གི་འདུ་བྱེད་གང་ཞེ་ན། གང་རྣམ་པར་རྟོག་པ་དང ། རྣམ་པར་དཔྱོད་པ་སྐད་ཅིག་མར་འབྱུང་ཞིང་འགོག་པ་འདི་ལའང་སྐད་ཅིག་མ་ཉི་མ་གཅིག་ལའང་མི་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་ལྔ་སྐད་ཅིག་མར་འོང་བར་འགྱུར་རོ། །དེ་རེ་རེ་ལའང་རྣམ་པར་རྟོག་པ་དང ། རྣམ་པར་དཔྱོད་པ་སྐད་ཅིག་མ་འབྱུང་བའི་ཕུང་པོ་ལྔ་ཐམས་ཅད་འབྱུང་ངོ ། །འགོག་གོ། །ཕུང་པོ་དེ་རེ་རེ་ལའང་ཚོར་བ་
347a
༄#། །རྣམ་གསུམ་འབྱུང་ངོ ། །འགོག་གོ་།ཚོར་བ་དེ་རེ་རེ་ལའང་འབྱུང་བའི་ཡན་ལག་བཅུ་གཉིས་ཐམས་ཅད་འབྱུང་ངོ ། །འགོག་གོ། །འབྱུང་བའི་ཡན་ལག་དེ་རེ་རེ་ལའང་བག་ལ་ཉལ་བ་དགུ་བཅུ་རྩ་བརྒྱད་འབྱུང་བར་འགྱུར་རོ། །བག་ལ་ཉལ་བ་དེ་རེ་རེ་ལའང་ཁམས་གསུམ་ཐམས་ཅད་ན་སྤྱོད་པ། ཉོན་མོངས་པ་ཀུན་འབྱུང་བ་ལ་བལྟ་བར་བྱའོ། །འདི་དག་ནི། ངག་གི་འདུ་བྱེད་དོ། །དེ་འདུ་ཤེས་གང་ཞེ་ན། དབུགས་ཕྱི་ནང་དུ་རྒྱུ་བ་ལ་རྣམ་པར་རྟོག་པ་དང ། ཀུན་ཏུ་ཉོན་མོངས་པ་དང ། དེ་ཕྱིན་ཅི་ལོག་ཐམས་ཅད་ཀྱི་མཚན་མས་ཀུན་ཏུ་ཉོན་མོངས་པ་འདི་འདུ་ཤེས་སོ། །དེ་ལ་སེམས་པ་གང་ཞེ་ན། གང་སེམས་པ་དང ། ཚོར་བ་དང ། ཕུང་པོ་དང ། རྣམ་པར་དཔྱོད་པ་དང ། དབང་པོ་དྲུག་དང ། ། རྣམ་པར་འཕེལ་བ་འདི་ནི། སེ་གོལ་གཏོགས་པ་ཙམ་གྱིས་ཀྱང་འདོད་ཆགས་ཀྱི་ཀུན་གཞི་ཉོན་མོངས་པའི་དབང་པོ་བརྒྱ་ལས་འདས་པ་འབྱུང་བར་འགྱུར། ཞེ་སྡང་གི་ཀུན་གཞི་བརྒྱ་ལས་འདས་པ་འབྱུང་བར་འགྱུར། གཏི་མུག་གི་ཀུན་གཞི་བརྒྱ་ལས་འདས་པ་འབྱུང་བར་འགྱུར། ཆ་ཤས་དཔྱོད་པའི་ཉོན་མོངས་པ་བརྒྱ་ལས་འདས་པ་འབྱུང་བར་འགྱུར་བ་འདི་ནི། རིགས་ཀྱི་བུ། ལུས་དང ། ངག་དང ། ཡིད་དོ། །འདུ་བྱེད་དོ། དཔྱོད་པ་དང ། རྣམ་པར་དཔྱོད་པ་དང ། དབུགས་ཕྱི་ནང་དུ་རྒྱུ་བ་འདི་དག་ལ་རྣམ་པར་རྟོག་པས་འདུ་
347b
ཤེས་སུ་སེམས་པ་དང ། བསམ་པའི་རྗེས་སུ་འོང་བ་ལ་བྱིན་གྱིས་བརླབས་པ་དེ་ལ་བྱང་ཆུབ་སེམས་དཔའི་དངོས་པོ་དེ་ལྟར་རང་བཞིན་དང ། དུས་གསུམ་ནི། ལུས་དང ། ངག་དང ། ཡིད་དོ། །འདུ་བྱེད་ལ་དངོས་པོ་མེད་པ་དང ། མི་ཟད་པ་ནི། ཆོས་ཀྱི་དབྱིངས་ལ་ཉོན་མོངས་པ་མེད་པ་དང ། ཆོས་ཀྱི་དབྱིངས་ཡོངས་སུ་ཤེས་པ་ནི། རྣམ་པར་དག་པ་རྗེས་སུ་འོང་བ་དེ་ཅིར་དགོས་ཤེ་ན།་ཆོས་ཀྱི་མཚན་ཉིད་རྣམ་པར་དག་པ་དེ་མཚན་ཉིད་མི་རྙེད་པ་དང ། མི་འཛིན་པ་དང ། ཆོས་ཀྱི་དབྱིངས་སུ་མི་འབྱུང་བར་འགྱུར་བ་དེ་ཡང་དག་པའི་མཐའ་མི་གསོག་གོ་།འདུ་བྱེད་ཀྱི་མཐར་མི་རྙེད་པ་དང ། མི་འཛིན་པ་མི་འགོག་པར་འགྱུར་བ་ནི། དེ་བཞིན་དུ་འདུ་བྱེད་ཀྱི་མཐའ་དང ། དེ་ཆོས་ཀྱི་དབྱིངས་སུ་སྙེམས་པ་ཡང་དག་པའི་མཐའ་དང ། དེ་ཆོས་ཐམས་ཅད་ཀྱི་མཐའ་དང ། གང་ཆོས་ཐམས་ཅད་ཀྱི་མཐའ་དང ། དེ་འདུ་བྱེད་གསུམ་དང ། དུས་གསུམ་ཡོངས་སུ་གཅོད་པའི་མཐའ་དང ། དེ་མཐའ་ཡས་པ་མི་གཅོད་པའི་མཐའ་དང ། རྗེས་སུ་མི་གཅོད་པའི་མཐའ་དང ། མི་རྟག་པའི་མཐའ་དང ། དེ་ལྟ་བུའི་མཐའ་ནི། དུས་གསུམ་དང་མཉམ་པའི་མཐའ་དང ། མཐར་འགྲོ་བ་དང ། དུས་གསུམ་དང ། ལུས་དང ། ངག་དང ། ཡིད་གཉིས་སུ་མེད་པའི་མཐའ་དང ། དུས་གསུམ་ཐམས་ཅད་ཀྱི་མཐའ་ནི། འདུ་བྱེད་གསུམ་ཡང་དག་པའི་མཐའ་ལ་གཉིས་སུ་མེད་པའི་དབང་དང ། ཅིའང་མ་ཡིན་པའི་མཐའ་དང ། རེག་པ་ཡོངས་སུ་
348a
༄#། །ཤེས་པ་གཉིས་སུ་མེད་པའི་མཐའ་དང ། འཇིགས་པ་དང་བྲལ་བའི་མཐའ་དང ། དེ་བཞིན་དུ་དབུགས་ཕྱི་ནང་དུ་རྒྱུ་བ་ཡོངས་སུ་ཤེས་པའི་མཐའ་དང ། དེ་བཞིན་དུ་ཉི་ཤུའི་མཐའ་དང ། རྣམ་པར་རྟོག་པ་དང ། རྣམ་པར་དཔྱོད་པ་དང ། ཤིང་ཏ་ལའི་མགོ་བཅད་པའི་མཐའ་དང ། འདུ་ཤེས་སུ་མི་ཆགས་པར་སེམས་པ་དང ། སྐད་ཅིག་མའི་མཐའ་སེམས་པའི་མཐའ་དང ། དེ་ལྟར་ཡོངས་སུ་ཤེས་པ་ནི། འདུ་བྱེད་གསུམ་ལ་རྣམ་པར་མི་གཅོད་པའི་མཐར་ཡོངས་སུ་ཤེས་པ་ནི། འདི་ལ་དངོས་པོ་དང ། དངོས་པོ་མ་ཡིན་པར་སྐྱེ་བའོ། ། ཡང་དངོས་པོ་ལས་འདས་པ་ཞེས་བྱ་བ་ནི། འདུ་བྱེད་ཐམས་ཅད་ལ་རྣམ་པར་ཤེས་པ་མེད་པ་དང ། འདུ་བྱེད་ཐམས་ཅད་ལ་གཉིས་དང ། གཉིས་སུ་མེད་པ་ནི། ཡང་དག་པའི་མཐའི་ཆོས་ཀྱི་དབྱིངས་ལ་འཇུག་པ་དང ། གསོག་པ་དང ། ཉེ་བར་གསོག་པ་དང་བྲལ་བར་འགྱུར་རོ། །འདི་ལ་འདུ་བྱེད་ཐམས་ཅད་ལ་བྱིན་གྱིས་མི་རློབ་པའི་མཐའ་དང ། དུས་གསུམ་དུ་ཕྱག་འཚལ་བ་དང་བྲལ་བ་དེ་ཡང་དག་པར་ཡོངས་སུ་ཤེས་པ་དང ། ཡང་དག་པའི་མཐར་ཡོངས་སུ་ཤེས་པ་དེ་ནི། ཆོས་ཐམས་ཅད་ཡོངས་སུ་ཤེས་པ་ཞེས་བྱའོ། །ཡོངས་སུ་བསྐོར་བའི་འདུ་བྱེད་གསུམ་ཡོངས་སུ་ཆད་པའོ། །རིགས་ཀྱི་བུ། གང་དུས་གསུམ་གྱི་འདུ་བྱེད་གསུམ་མི་གཅོད་པའི་མཚན་མ་ལ་དམིགས་པས་བཟོད་པ་སྒོམ་པ་ཡོངས་སུ་
348b
འཛིན་ཏོ། །རིགས་ཀྱི་བུ། འདུ་བྱེད་གསུམ་དང ། མཚན་མ་མི་གཅོད་པ་དམིགས་པ་སྤངས་པས་གཉིས་སུ་མེད་པའི་བཟོད་པ་སྒོམ་མོ། །རིགས་ཀྱི་བུ། དེའི་ཕྱིར་དུས་གསུམ་དང ། འདུ་བྱེད་གསུམ་པོ་ཡོངས་སུ་ཤེས་པའི་བཟོད་པ་འདི་ནི། སོ་སོ་ཡང་དག་པར་སྤྱོད་པའི་ཚུལ་གྱིས་བཟོད་པ་བསྒོམ་པར་བྱའོ། །རིགས་ཀྱི་བུ། གང་འདུ་བྱེད་ནི། མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་བ་དང ། བདག་མེད་པར་བཟོད་པ་བསྒོམ་པར་བྱའོ། །འདིའང་བྱང་ཆུབ་སེམས་དཔའི་ཉེ་བར་འཚོ་བས་སེམས་ཅན་ཡོངས་སུ་སྨིན་པའི་བཟོད་པ་སྒོམ་པར་བལྟ་བར་བྱའོ། ། དེ་ལ་རིགས་ཀྱི་བུ། རྣམ་པར་ཤེས་པ་འབྱུང་བའི་ཕུང་པོ་གང་ཞེ་ན། རྣམ་པར་ཤེས་པ་དྲུག་གི་ལུས་དང ། མིག་དང ། རེག་པའི་རྣམ་པར་ཤེས་པ་ཞེས་བྱའོ། །གང་ཡང་རྣམ་པར་ཤེས་པའི་ལུས་དྲུག་དག་དུས་གསུམ་གྱི་རེག་པས་རྣམ་པར་གནས་པ་དང ། དུས་གསུམ་འབྱུང་བས་རྣམ་པར་ཤེས་པ་དང ། དུས་གསུམ་གྱི་རྣམ་པར་ཤེས་པས་རྣམ་པར་གནས་པ་དེ་ཕན་ཚུན་དུ་རྟོག་པ་དང ། རྣམ་པར་རྟོག་པ་དང ། ཀུན་ནས་ལྡང་བར་འགྱུར་རོ། །གང་ཡུལ་གྱི་སྲེད་པ་ལ་རྟོག་པ་དང ། དམིགས་པས་བཟོད་པར་སྨྲ་བ་ཡོངས་སུ་འཁྲུག་པའོ། །གང་མིག་དང་གཟུགས་ཀྱི་ཡུལ་ལ་སྲེད་པ་ལ་རྣམ་པར་རྟོག་པས་བཟོད་པ་ཡོངས་སུ་སྤངས་པའོ། །འཁྲུག་པའོ། །རེག་པ་དང་ཚོར་བ་ལ་རྗེས་སུ་གདུངས་པས་དེ་ཡུལ་ལ་སྲེད་པའི་བཟོད་
349a
༄#། །པ་ཡོངས་སུ་སྤངས་པའོ། །རྣམ་པར་འཇིག་པའོ། །ཡིད་ལ་རྣམ་པར་དམིགས་པས་འདུ་ཤེས་ཀྱི་ཞིང་ལ་སྲེད་པའི་བཟོད་པ་ཡོངས་སུ་སྤངས་པའོ། །འཁྲུག་པའོ།། དུས་གསུམ་དང ། འདུ་བྱེད་གསུམ་ལ་ཉེ་བར་ཆད་པའི་ཡུལ་ལ་སྲེད་པའི་བཟོད་པ་ཡོངས་སུ་སྤངས་པའོ། །འཁྲུག་པའོ། །འདུ་བྱེད་གསུམ་དག་མཚན་མར་ཉེ་བར་འཛིན་པ་དང ། རང་གི་ཡུལ་གྱི་སྲེད་པའི་བཟོད་པ་ཡོངས་སུ་སྤངས་པའོ། །འཁྲུག་པའོ། །འདུ་བྱེད་དག་ཀུན་ནས་ལྡང་ལ་དམིགས་པ་རང་གི་ཡུལ་ལ་སྲེད་པའི་བཟོད་པ་ཡོངས་སུ་སྤངས་པ་ནི། ཆོས་ཀྱི་དབྱིངས་ལ་ཅིའང་མ་ཡིན་པའི་ཉོན་མོངས་པའི་བཟོད་པ་ཐམས་ཅད་ཡོངས་སུ་སྤངས་པའོ། །རིགས་ཀྱི་བུ། ཆོས་ཀྱི་དབྱིངས་ལ་ཀུན་ཏུ་ཉོན་མོངས་པ་མེད་པའི་བཟོད་པ་དེ་སྒོམ་པ་དང ། རྣམ་པར་ཤེས་པའི་ལུས་དྲུག་གི་ཡུལ་དུ་ཡིད་ལ་མི་བྱེད་དོ། །དེ་བཟོད་པ་བསྒོམས་པའི་རང་བཞིན་དང ། སྒྱུ་མ་ལྟ་བུའི་སེམས་ཀྱི་ཡུལ་ལ་ཡང་དག་པར་གཞོལ་བའི་ཡུལ་ཐམས་ཅད་ལ་རྟོག་པར་འགྱུར་རོ། །དེ་ལ་སོ་སོ་ཡང་དག་པར་སྤྱོད་པའི་ཚུལ་གྱི་བཟོད་པ་བསྒོམས་པས་དེ་ལ་བྱང་ཆུབ་སེམས་དཔའི་སྔོན་གྱི་ལས་ལ་བརྩོན་པར་བྱའོ། །གང་ཡང་བྱང་ཆུབ་སེམས་དཔས་རྣམ་པར་དབྱེ་བ་ཡོངས་སུ་བྱས་པ་དང ། མཆོག་གི་དགེ་བའི་རྩ་བ་ཡོངས་སུ་ལྡང་བ་འདི་ནི། ནམ་མཁའ་ལ་འགྲོ་བས་འདུལ་བའི་བཟོད་པ་ཡོངས་སུ་རྒྱས་
349b
པར་སྒོམ་པའི་ཕྱིར་འདི་ནི། དུས་གསུམ་དང ། འདུ་བྱེད་ཐམས་ཅད་ཀྱི་ཡུལ་དུ་ཡིད་ལ་མི་བྱེད་དོ། །སྙེམས་པ་མེད་དོ། །དུས་གསུམ་དང ། འདུ་བྱེད་ཐམས་ཅད་དག་ཀུན་ནས་ལྡང་བའི་ལམ་ཐམས་ཅད་དུ་ཡིད་ཀྱི་རྣམ་པར་ཤེས་པ་ཡང་དག་པར་དཔྱོད་དོ། །དེ་བཞིན་ཉིད་ནི། དངོས་པོ་མེད་པའོ། །དུས་གསུམ་དང ། འདུ་བྱེད་ཀྱི་རྗེས་སུ་འཇུག་པ་དང ། ཆོས་ཐམས་ཅད་ནི།་སྒོམ་པར་རབ་ཏུ་ཤེས་པ་དང ། སྒོམ་པ་དང་བྲལ་བ་དང ། དབྱངས་མ་ཡིན་པ་དང ། ངག་གི་ལམ་མ་ཡིན་པ་དང ། ཡི་གེ་མ་ཡིན་པ་དང ། རྗེས་སུ་འབྱུང་བ་མེད་པ་དང ། འགོག་པ་མེད་པ་དང ། མཚན་ཉིད་མ་ཡིན་པ་དང ། སོ་སོའི་ཐེག་པ་མ་ཡིན་པ་དང ། དམིགས་པ་མེད་པ་དང ། མཚན་མ་མེད་པ་དང ། ཤིན་ཏུ་དབེན་པ་མ་ཡིན་པ་དང ། བརྗོད་པ་མེད་པ་དང ། ཤིན་ཏུ་འཇུངས་པ་མེད་པ་དང ། ཤིན་ཏུ་ཞི་བ་དང ། སྐད་ཅིག་མར་ཤིན་ཏུ་དམིགས་པས་རྣམ་པར་བྲལ་བ་དང ། ཤིན་ཏུ་ཟད་པ་དང ། ཀུན་གཞི་ལས་ཤིན་ཏུ་བྲལ་བ་དང ། ཤིན་ཏུ་རྣམ་པར་གནས་པ་དང ། ཡུལ་ཤིན་ཏུ་མེད་པ་དང ། གཏོང་བའི་སེམས་ཤིན་ཏུ་མེད་པ་དང ། རྩ་བ་ཤིན་ཏུ་མེད་པ་དང ། དབང་པོ་ཤིན་ཏུ་མ་ཡིན་པ་དང ། ཤིན་ཏུ་རྣམ་པར་མ་དག་པ་དང ། ཤིན་ཏུ་བྲལ་བ་དང ། གཉེན་པོ་ཤིན་ཏུ་མེད་པ་དང ། མཚན་མ་དང་དངོས་པོ་མེད་པ་དང ། ཤིན་ཏུ་འཕྲོག་པ་མེད་པ་དང ། ཤིན་ཏུ་འཐོར་བ་དང ། ཆོས་ཐམས་ཅད་ལ་ཤིན་ཏུ་དངོས་པོ་མེད་
350a
༄#། །པར་རབ་ཏུ་ཤེས་པ་ནི། བྱེད་པ་པོ་མེད་པ་དང ། ཚོར་བ་པོ་མེད་པ་དང ། ཉན་པ་མེད་པ་དང ། འཛིན་པ་མེད་པ་དང ། སྨིག་རྒྱུ་བ་ལྟ་བུར་སོ་སོར་སྣང་བ་དང ། ཆུ་ཟླ་ལྟ་བུ་དང ། གཟུགས་བརྙན་ལྟ་བུ་ནམ་མཁའི་རང་བཞིན་ཅུང་ཟད་ཀྱང་མེད་པ་དང ། ཆོས་ཐམས་ཅད་ལ་བདག་མེད་པ་ནི། མཚན་ཉིད་ཀྱི་གཞི་དང་མཉམ་པའི་མཚན་ཉིད་དང ། མཚན་ཉིད་གཅིག་པ་དང ། མཚན་ཉིད་མེད་པ་ལ་བརྟེན་པ་དེ་ཆོས་ཐམས་ཅད་ལ་ཀུན་ཏུ་ལྟའོ། །དེ་ལྟར་ཤིན་ཏུ་འདུ་བྱེད་ཐམས་ཅད་ནི། དེ་བཞིན་དུ་དུས་གསུམ་ལ་ཀུན་ཏུ་སྤྱོད་པའི་དངོས་པོ་དེའི་བར་དུ་ཆོས་ཐམས་ཅད་ལ་དེ་བཞིན་ཉིད་དུ་རྟེན་པ་ལ་ཀུན་ཏུ་ལྟའོ། །འདི་ལའང་བྱང་ཆུབ་སེམས་དཔའ་ཉེ་བར་འཚོ་བས་སེམས་ཅན་ཐམས་ཅད་ཡོངས་སུ་རྒྱས་པ་ནི།་སོ་སོར་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའ་ལ་འགྲོ་བའི་འོད་ཀྱིས་འདུལ་བའི་བཟོད་པ་བལྟ་བར་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་དེ་བཞིན་དུ་གཟུགས་ཀྱི་བཟོད་པ་བསྒོམ་པའི་ཕྱིར་ཕྱི་ནང་གི་འཇམ་པ་དཔུང་ཙམ་ཐམས་ཅད་ཀྱིས་ཉོན་མོངས་པ་རྣམ་པར་སེལ་བར་ཐམས་ཅད་དུ་སེམས་པ་དང ། ཡིད་བཞིན་ཡོངས་སུ་རྒྱས་པར་འགྱུར་རོ། །འདི་ལ་བཟོད་པ་ཐམས་ཅད་ནི། ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཆོས་ལས་ཀུན་ཏུ་འདས་པའོ། །འདི་ལ་བཟོད་པ་ཐམས་ཅད་ནི། བྱང་ཆུབ་སེམས་དཔའ་སྤྱོད་པའི་ཡོན་
350b
ཏན་ཡོངས་སུ་རྫོགས་པར་བྱེད་དོ། །འདི་ལ་བཟོད་པ་ཐམས་ཅད་ནི། སངས་རྒྱས་ཀྱི་ཆོས་ཀྱི་ཡོན་ཏན་ཀུན་ནས་སྡུད་དོ། །འདི་ལ་བཟོད་པ་ཐམས་ཅད་ནི། གཞན་གྱི་རྒོལ་བའི་ཆོས་དང་ལྷན་ཅིག་པར་འཛིན་ཏོ། །འདི་ལ་བཟོད་པ་ཐམས་ཅད་ནི། གཏི་མུག་གི་མུན་པ་མུན་ནག་འཇིག་པའི་ཡིད་དོ། །སངས་རྒྱས་ཀྱི་ཆོས་ལ་དགའ་བར་བྱེད། བསྒྲིབས་པ་དང ། སྒྲིབ་པ་ཐམས་ཅད་ཀུན་ཏུ་ཟད་པར་བྱེད་དེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་བྱེད། སངས་རྒྱས་ཐམས་ཅད་ལ་དད་པར་བྱེད། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་འགྲོ་བ ། མངོན་པར་ཤེས་པ་ཐམས་ཅད་ལ་རྣམ་པར་རོལ་པར་བྱེད་པ། ཏིང་ངེ་འཛིན་གྱི་གཟུངས་ཀྱི་བཟོད་པ་སྒྲུབ་པར་བྱེད་པ་འདི་ནི། སོ་སོར་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའ་ལ་འགྲོ་བའི་འོད་ཀྱིས་འདུལ་བའི་བཟོད་པའོ། །དེ་ལའང་དྲང་སྲོང་ཐུབ་པ་ལ་སོ་སོར་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའ་ལ་འགྲོ་བའི་འོད་ཀྱིས་འདུལ་བའི་བཟོད་པ་བརྗོད་པ་དང ། འཆད་པ་ནི།་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱི་ཆུ་བོ་གངྒཱའི་བྱེ་མ་སྙེད་ཀྱི་ཕྱོགས་བཅུའི་ཁུང་བུར་མཉམ་པར་འགྲོ་བ་ནི། བྱང་ཆུབ་སེམས་དཔའི་གོམས་པས་སོ་སོར་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའ་ལ་འགྲོ་བའི་འོད་ཀྱིས་འདུལ་བའི་བཟོད་པ་སོ་སོར་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་མེ་བཅུ་རྡུལ་ཡལ་སུམ་ཅུ་རྩ་གཅིག་གི་ཏིང་ངེ་འཛིན་གྱི་སྐར་མདའི་
351a
༄#། །བདག་པོ་སོ་སོར་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ས་ཡ་ཕྲག་དགུ་བཅུ་རྩ་གཉིས་རྣམ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་སོ་སོར་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་མདོར་ན་དེའི་བར་དུ་ཆུ་བོ་གངྒཱའི་བྱེ་མ་སྙེད་ཀྱི་བར་དུ་རྣམ་པ་སྣ་ཚོགས་དང ། རྣམ་པ་ཐ་དད་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་གཟུངས་ཀྱི་བཟོད་པའི་ཆོས་ཀྱི་སྒོ་སོ་སོར་ཐོབ་པར་འགྱུར་རོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་ཚིག་འདི་བརྗོད་དོ། །བྲ་མ་ད་ཏེ། བཛྲི་མ་བྷ་ཨུད་པད་ཏེ། ཨུད་པད་ཏ། ཨུད་མད་ཏེ། ཛ་སམ་བཛྲི་མ་བྷ་སཝཱཧཱ། ལྷ་ས་ཡ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་བརྒྱད་འདིས་སོ་སོར་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའ་ལ་འགྲོ་བའི་འོད་ཀྱིས་འདུལ་བའི་བཟོད་པ་སོ་སོར་ཐོབ་པར་འགྱུར་རོ། །ཆུ་བོ་གངྒཱའི་བྱེ་མ་དང་མཉམ་པའི་ལྷ་རྣམས་ཀྱིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སོ་སོར་ཐོབ་པར་འགྱུར་རོ། །ཡང་བཅོམ་ལྡན་འདས་ཀྱིས་སྔགས་འདི་བརྗོད་དོ། །ཏདྱ་ཐཱ། ས་མུ་དྲ་བ་ཏེ། མ་རུ་བ་ཏེ་ན་པི་ན་པི་ནི། གཽར་བྷེ་ཥ་དེ་ནི་ཥ་དེ་ནི། ཨི་བི་ཛ་སོ་ཧ་ཛ་བྷི་བྷེ་ད་སཾ་སྐ་རཱ་བྷྲ་སཝཱཧཱ། ས་ཡ་ཕྲག་བདུན་ཅུ་རྩ་བདུན་གྱི་ཀླུ་རྣམས་ལ་འདི་དག་བཤད་པ་འཆད་པས་བཟོད་པ་སོ་སོར་ཐོབ་པར་འགྱུར་རོ། །ཆུ་བོ་གངྒཱའི་བྱེ་མ་དང་མཉམ་པའི་ཀླུ་རྣམས་ཀྱིས་བྱང་ཆུབ་ཀྱིས་ཕྱིར་མི་ལྡོག་པ་སོ་སོར་ཐོབ་པར་འགྱུར་རོ། །དེ་ལ་
351b
བཅོམ་ལྡན་འདས་ཀྱི་སྔགས་ཀྱི་ཚིག་འདི་བརྗོད་དོ། །ཏདྱ་ཐཱ། ཛ་ན་མི་བྷཱ་བ། སུ་བྷཱ་བ་སུ་བྷཱ་བ་སུ་བྷཱ་བོ། །བྷ་བ་བོ། །པྲ་བོ་བ་བ་ཁ། ག་བ་ཨ་ཁ་ག་བ་བི་བྷ་ཛ་ཡ་བྷྱོ་སཝཱཧཱ། ས་ཡ་སྟོང་ཕྲག་ཉི་ཤུ་རྩ་གཉིས་ཀྱི་གནོད་སྦྱིན་རྣམས་ལ་བཤད་པ་འཆད་པས་ཕྱིར་མི་ལྡོག་པའི་ས་ལ་འཇུག་པར་འགྱུར་རོ། །སྟོང་ཕྲག་བརྒྱའི་གནོད་སྦྱིན་རྣམས་ཚད་མེད་པ་ཕྱིར་མི་ལྡོག་པའི་ས་ཐོབ་པར་འགྱུར་རོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ལྷ་མ་ཡིན་རྣམས་ཚད་མེད་པ་ཕྱིར་མི་ལྡོག་པའི་ས་ལ་ཞུགས་སོ། །ས་ཡ་ཕྲག་བརྒྱ་སྟོང་གི་ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཚད་མེད་པའི་ཕྱིར་མི་ལྡོག་པའི་ས་ལ་འཇུག་པར་འགྱུར་རོ། །འདི་ལ་བཅོམ་ལྡན་འདས་ཀྱིས་འཆད་པ་བཤད་ནས་ཕྱོགས་བཅུ་མཐའ་ཡས་པའི་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་སོ། །ལྷ་ཕྲན་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་ཚད་མེད་གྲངས་མེད་པ་རྣམས་ནམ་མཁའ་ལས་ལྷ་རྫས་ཀྱི་མེ་ཏོག་གི་ཆར་འབེབས་སོ། །གང་ཕྱོགས་བཅུ་ཚད་མེད་པ་གྲངས་མེད་པའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་སངས་རྒྱས་ཀྱི་ཞིང་འདིར་དེ་འོངས་ཤིང་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང་མི་མ་ཡིན་པའི་འཁོར་ཐམས་ཅད་དང་ལྡན་པ་དེ་ཡང་དག་པར་འོངས་ནས་དེ་ཐམས་ཅད་ཀྱིས་དབྱངས་གཅིག་ཏུ་
352a
༄#། །ལེགས་སོ། །ཞེས་བྱ་བ་བྱས་ཏེ། དེ་བཞིན་དུ་ཚིག་འདི་བརྗོད་པར་བྱེད་དོ། །ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་ལུས་ཐམས་ཅད་རྣམ་པར་འཇིག་པ་དང ། ཡུལ་ཐམས་ཅད་རབ་ཏུ་འཇིག་པའི་བཟོད་པ་བཤད་པ་དང ། གཞན་ལ་རག་མ་ལས་པ་བདུད་བཞིའི་ཆོས་ཀྱི་བཟོད་པ་ལྷག་པ་བཤད་པ་ངོ་མཚར་ཆེན་པོ་འདི་སྔོན་མ་ཐོས་སོ། །འདི་ལའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གི་སྤྱོད་པ་དང ། བྱ་བའི་གནས་ཀྱི་ས་ལས་ཤིན་ཏུ་འདས་པའི་ཚོགས་འདྲེན་པར་བྱེད་དོ། །བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་རིན་པོ་ཆེའི་གཏེར་ཐམས་ཅད་ཐོབ་པར་བྱེད་པའི་བཟོད་པ་སྟོན་པ་དང ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐམས་ཅད་ཤེས་པར་བྱེད་པ་རྣམས་ཐམས་ཅད་ཀྱི་བཟོད་པ་སྒོམ་པ་འདི་བཤད་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བརྗོད་དུ་མེད་པའི་དོན་སྙིང་རྗེ་ཆེན་པོ་ཐོབ་པ་ལ་འཇུག་གོ། ཐབས་ལ་མཁས་པ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པའི་ཡེ་ཤེས་ཆེན་པོ་ཀུན་ཏུ་བསགས་པའི་བརྩོན་འགྲུས་དང ། སྟོབས་ཀྱི་བཟོད་པ་རབ་ཏུ་བསྟན་ཏོ། །སོ་སོར་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའ་ལ་འགྲོ་བའི་འོད་ཀྱིས་འདུལ་བའི་བཟོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལེའུ་དྲུག་གོ། །།དེ་ནས་དེ་ཉིད་ཀྱི་ཚེ་ན་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་
352b
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སྐར་མདའ་ཉི་ཤུ་བའི་རྒྱུན་བཅད་དེ། དེ་བཞིན་གཤེགས་པའི་གཟུགས་སུ་བརྩམས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ལྷ་དང ། དྲི་ཟ་དང ། མིའི་འཁོར་དེ་ཐམས་ཅད་དང་ལྡན་པ་དེ་ཇི་ལྟ་བུར་སྔོན་གྱི་གཟུགས་ཀྱི་ལུས་ཀྱི་གནས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཡང་འཁོར་བའི་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། ཡང་བཅོམ་ལྡན་འདས་འཁོར་བའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ལ་མཉམ་པར་ཞུགས་མ་ཐག་ཏུ་དེ་ནས་དེ་ཉིད་ཀྱི་ཚེ་བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་ནས་ཁ་དོག་དུ་མ་ཁ་དོག་སྣ་ཚོགས་ཀྱི་འོད་ཟེར་བྱུང་སྟེ། འོད་ཟེར་དེས་ཕྱོགས་བཅུ་ཆུ་བོ་གངྒཱའི་བྱེ་མ་སྙེད་ཀྱི་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་གི་རང་སངས་རྒྱས་ཀྱི་ཐེག་པ་པ་ཀུན་སྣང་བར་བྱས་སོ། །ཇི་ལྟར་སེམས་ཅན་རྣམས་འོད་ཟེར་དེ་ལུས་ལ་རེག་པ་དེ་ལྟར་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་ཀུན་གཞི་སྤངས་པས་དེའང་དེ་ལྟར་ལུས་ཀྱི་གཟུགས་ཀྱི་བདེ་བ་དང་ལྡན་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན། བསམ་གཏན་གཉིས་ལ་ཡང་དག་པར་ཞུགས་པའི་དགེ་སློང་དག་དེའང་ཕྱོགས་བཞིའི་རྣམ་པར་སྣང་བའི་ཕྱིར་བདག་གང་དུ་རྣམ་པ་འདི་འདྲ་བའི་བདེ་བ་དང ། ཚོར་བ་འབྱུང་བར་འགྱུར་བ་དེའང་སངས་རྒྱས་ཀྱི་མཐུས་ན། དཔག་ཚད་ཕྱེད་ཙམ་ན་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་
353a
༄#། །པ་འཁོར་དང་བཅས་པ་མི་རིང་བར་མཐོང་ངོ ། །མཆོག་ཏུ་དང་བ་ཐོབ་པ་དེ་སངས་རྒྱས་ཀྱི་མཐུས་ཅུང་ཟད་ཙམ་གྱིས་ཀྱང་བཅོམ་ལྡན་འདས་ཀྱི་དྲུང་དུ་ཉེ་བར་ཕྱིན་ཏོ། །དེ་ནས་དེའི་དུས་ནའང་ཕྱོགས་བཅུའི་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་སྟོང་པ་མེ་བཅུ་རྡུལ་ཡལ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་རང་སངས་རྒྱས་ཀྱི་ཐེག་པ་པའི་སེམས་ཅན་འདི་དག་དེ་ལྟར་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པའི་དྲུང་དུ་ཉེ་བར་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས། ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འདུག་གོ་།དེ་ལ་བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་གདུལ་དཀའ་བ་བོས་སོ། །ཡུལ་ལ་ཆགས་པའི་རིགས་ཀྱི་བུ། །རྟག་ཏུ་དགའ་བའི་བྱ་བ་བྱེད། །ཤིན་ཏུ་ཤེས་མེད་བྱིས་པ་དག་།བདེ་བའི་ལམ་དུ་དེ་མི་ཤེས། །མུན་པའི་ཕུང་པོས་དེ་གཡོགས་སོ། །འཁོར་བ་ཡང་ནི་མི་འདོར་རོ། །ཆུང་བའི་འདུ་བྱེད་སྤྱོད་ཡུལ་ལ། །འདོད་པའི་ཡོན་ཏན་ལྔ་ལ་ཞེན། །དེ་དག་ཆེ་ཡང་མངོན་པར་འདོད། །དུག་གི་ཆུ་ཡང་དེ་ལྟར་འཐུངས། །སྡུག་བསྔལ་ཚོར་བ་རྗེས་སུ་མྱོང ། །འཁོར་བ་ལ་ཡང་མངོན་པར་འདོད།། ཤ་དང་ཁྲག་ལ་ཡང་ནི་ཟ། །འཁོར་ལོ་དེ་ལྟར་རྣམ་པར་གནས། །ཡང་དང་ཡང་དུ་འཁོར་བ་ནི། །མི་ཟད་ཡོན་ཏན་དུ་ནི་ཤེས། །ལོངས་སྤྱོད་རྙེད་མེད་མི་ཟད་པ། །འདི་ལ་གཏེར་གྱི་
353b
མཐའ་ཡང་མེད། །མི་དགེ་མཛའ་བོ་སྤངས་པ་ནི། །མཚོན་པ་སྡུག་བསྔལ་རབ་ཏུ་ཞི། །བཟོད་པ་སྒོམ་ལ་མཁས་པ་ནི། །ཉོན་མོངས་ཐམས་ཅད་རབ་ཏུ་ཞི། །སྲོག་ཆགས་བྱེ་བ་འདུལ་བྱེད་པ། །གཏེར་བཞི་ཡང་ནི་ཐོབ་པ་འོ། །སེམས་ཅན་སྡུག་བསྔལ་བདེ་བར་བཀོད། །དེ་ནི་ཆུ་ཟླ་འདྲ་བར་འགྱུར། །འགྲོ་བའི་མཆོག་ནི་མྱ་ངན་འདས། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་སྤོས་ཤེས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རིགས་ཀྱི་བུ་ཕོའམ། རིགས་ཀྱི་བུ་མོ་དག་མི་འཇིགས་པའི་ལོངས་སྤྱོད་སོ་སོར་ཐོབ་བམ། མི་འཇིགས་པའི་བསོད་ནམས་དང ། མི་ཟད་པའི་ཤེས་རབ་དང ། མི་ཟད་པའི་སྤོབས་པ་སོ་སོར་ཐོབ་པ་མ་ཞེས་དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤོས་ཤེས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་རིགས་ཀྱི་བུ་ཕོའམ། རིགས་ཀྱི་བུ་མོ་སུ་ཞིག་འདུ་བྱེད་ཐམས་ཅད་ལ་མི་འགྲོ་བ་དང་མི་འཛིན་པ་ཤེས་པ་དེ་ལྟར་འདུ་བྱེད་ཐམས་ཅད་ལ་བདག་པོ་དང ། རྒྱུ་དང་རྐྱེན་མེད་པ། མི་སྒྲུབ་པ། བྱེད་པ་ཉེ་བར་ལྟ་བར་འགྱུར་རོ། །དེ་ལ་དངོས་པོ་མེད་པའི་ཆོས་ཡོད་པ་དེ་འདུ་བྱེད་ཐམས་ཅད་ལ་རྟོག་པ། རྣམ་པར་རྟོག་པ། མཚན་མར་འཛིན་པ་མ་ཡིན་པར་འགྱུར། དཔེ་བྱད་བཟང་པོས་མ་ཡིན། འཇིག་རྟེན་ལ་ཅུང་ཟད་ཀྱང་འཛིན་པ་མ་ཡིན། གཟུགས་ལ་འཛིན་པ་མ་ཡིན། དེ་ནི། སྒྲ་དང ། དྲི་དང ། རོ་དང ། རེག་ལ་འཛིན་པ་
354a
༄#། །མ་ཡིན།་འདོད་པའི་ཡོན་ཏན་ལྔ་ཉེ་བར་མི་ལེན། སྲིད་པ་ཐམས་ཅད་སྐྱེ་བ་མ་ཡིན། གང་ཆགས་པ་དང་བྲལ་བ་ཐམས་ཅད་སྐྱེ་བ་མ་ཡིན། དེ་དངོས་པོ་མ་ཡིན།་ཡིད་ལ་བྱེད་པ་མ་ཡིན། གང་དངོས་པོ་མེད་པ་དང ། ཡིད་ལ་མི་བྱེད་པ་དེ་ནི། ཆགས་ ་མེད་པའོ། །གང་ཆགས་པ་མེད་པ་དེ་ནི། ཡི་གེ་དང་བྲལ་བའོ། །གང་ཡི་གེ་དང་བྲལ་བ་དེ་ནི།་ཕྱིར་མི་འོང་བའོ། །དེ་ཁམས་གསུམ་ཐམས་ཅད་གྲངས་མེད་པའི་དུས་གསུམ་དང་བྲལ་བའི་སེམས་སོ། །གང་དེ་ལྟར་ཆོས་ནི། འོང་བའང་མེད། ཉེ་བར་འོང་བ་མེད་པ་ཐོབ་པ་ནི།་གང་ཚུལ་གཅིག་གི་ཆོས་ཀྱི་ཚུལ་དུ་རབ་ཏུ་ཤེས་སོ། །འགྲོ་བ་དང་འོང་བ་མེད་པ། ཉེ་བར་ཐོབ་པ་མེད་པ། ཅུང་ཟད་ཀྱང་ཆགས་པར་མི་བྱེད་དོ། །བཅིངས་པའང་མེད། གྲོང་བའང་མེད།་འདུག་པའང་མེད། གནས་པའང་མེད་པ་དེ་ཆོས་ཐམས་ཅད་སོ་སོར་མི་གནས་པའི་སྒོར་རབ་ཏུ་ཤེས་སོ། །གང་ཆོས་ཐམས་ཅད་སོ་སོར་གནས་པའི་སྒོར་རབ་ཏུ་ཤེས་སོ། ། འཆི་འཕོ་མེད་པ་དང ། སྐྱེ་བ་མེད་པ་གང་དེ་ལྟར་ཆོས་ཉེ་བར་ཐོབ་པ་ལ་རྟེན་པར་རབ་ཏུ་ཤེས་སོ། །གང་ཆོས་ཐམས་ཅད་ལ་རྟེན་པ་མེད་པས་རྣམ་པ་སྣ་ཚོགས་ཐམས་ཅད་དང་བྲལ་ལོ།། གང་རྣམ་པ་སྣ་ཚོགས་ཐམས་ཅད་དང་བྲལ་བས་དེ་འཚོ་བ་དང ། གསོ་བ་དང ། གང་ཟག་དང ། ཤེད་ཅན་དང ། ཤེད་བདག་དང་བྲལ་ལོ། །གང་འཚོ་བ་དང ། གསོ་བ་དང ། གང་ཟག་
354b
དང ། ཤེད་ཅན་དང ། ཤེད་བདག་དང་བྲལ་བས་དེ་གསོག་དང ། སྟོང་པ་ལས་མ་འདས་པ་ནི། ཚད་མེད་པའི་སྟོང་པ་འདུ་བྱེད་ཐམས་ཅད་དུ་ལྟའོ། །གང་རིགས་ཀྱི་བུ། ཚད་མེད་པའི་སྟོང་པའི་ཕྱིར་དེ་སེམས་ལ་ཤིན་ཏུ་སྒོམ་པར་བྱེད་དོ། །འདི་ལ་ཟད་པ་མེད་པའི་ཆོ་ག་བ་ཧི་སོ་སོར་ཐོབ་བོ། །དེ་ཟད་པ་མེད་པས་མཉམ་པར་ལེན་པའི་ལོངས་སྤྱོད་དུ་འགྱུར་རོ། །སེམས་ཅན་ཡོངས་སུ་སྨིན་པས་བསོད་ནམས་མི་ཟད་པར་འགྱུར་རོ། །སྤོབས་པ་ཟད་པ་མེད་པས་ཆོས་སྟོན་པར་འགྱུར་རོ། །ཐབས་མི་ཟད་པས་ཡེ་ཤེས་ལ་མཁས་པར་འགྱུར་རོ། །སེམས་ཅན་ཡོངས་སུ་སྨིན་པའི་དོན་གྱིས་སེམས་ཅན་རྣམ་པར་ཐར་པའི་སྒོ་ཡོངས་སུ་བསགས་པས་ཡང་དག་པའི་མཐའ་མངོན་སུམ་དུ་བྱེད་དོ། །ཆོས་ཐམས་ཅད་ལ་བདག་མེད་པར་རབ་ཏུ་ཤེས་སོ། །སྙིང་རྗེ་ཆེན་པོའི་གོ་ཆས་སེམས་ཅན་ཡོངས་སུ་སྨིན་པ་མི་འདོར་རོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་ཆུ་ཟླ་དང་མཉམ་པ་སེམས་ཅན་ཡོངས་སུ་སྨིན་པའི་དོན་ལ་འཇུག་གོ ། ཆོས་ཐམས་ཅད་ལ་བདག་མེད་པས་སེམས་ཅན་གྱི་ཚུལ་ཁྲིམས་ཏིང་ངེ་འཛིན་དུ་སྒྲུབ་པ་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་ཏོ། །འཚོ་བར་འགྲོ་བ་དང ། གསོ་བ་དང ། གང་ཟག་ལ་རྟག་ཏུ་གཅོད་པའི་ཆུ་བོ་ལས་རྒལ་བར་འགྱུར་རོ། །དུས་གསུམ་ཐམས་ཅད་ཀྱི་ལུས་དང ། ངག་དང ། ཡིད་ཀྱི་འདུ་བྱེད་མེད་པས་སེམས་ཅན་གྱི་ཚེ་རྒྱ་མཚོ་ལས་རྒྱས་པར་
355a
༄#། །འགྱུར་བ་འདི་ནི། བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་པའི་ཡེ་ཤེས་སྟོན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་ས་ཡ་དྲུག་ཅུ་རྩ་བརྒྱད་ལ་འདི་དག་འཆད་པ་བཤད་པས་ཆོས་ཀྱི་རྗེས་སུ་བཟོད་པ་ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་ལ་སེམས་ཅན་བརྒྱ་སྟོང་ཕྲག་བྱེ་བ་བརྒྱད་ཅུ་རྩ་བཞི་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཕྱིར་མི་དལོག་པའི་སར་སེམས་བསྐྱེད་དོ། །ཕྱིར་མི་ལྡོག་པཱི་ས་ལ་སོ་སོར་གནས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་གཉེན་དུ་ལྟ་བ་དེ་ལ་བོས་སོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་འབྱུང་བ་དང ། མི་འབྱུང་བ་ལ་གནས་ཨཱི་ཆོས་ཉིད་དང ། ཆོས་ཀྱི་དབྱིངས་དང ། ཆོས་ལ་གནས་པ་ནི། འདི་ལྟ་སྟེ། མ་རིག་པའི་རྐྱེན་དང ། འདུ་བྱེད་དེའི་བར་དུ་འབའ་ཞིག་པ་ཤིན་ཏུ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཀུན་ཏུ་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགགས་པ་དེའི་བར་དུ་སྡུག་བསྔལ་གྱི་ཕུང་པོ་འགགས་པར་འགྱུར་རོ། །དེ་ལྟར་དེ་བཞིན་གཤེགས་པའི་རྗེས་སུ་འབྱུང་བས། སེམས་ཅན་མངོན་སུམ་དུ་བྱས་པ་འདི་དག་ཆོས་ཀྱི་རྐྱེན་གྱིས་བྱང་ཆུབ་ཐོབ་བོ། །འདི་ལ་ཆོས་གཞན་དག་རྣམ་པར་རྒྱས་པར་ཀུན་ཏུ་མི་སྒྲོག་པར་འགྱུར་རོ། །
355b
གང་ལའང་དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་བས་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དེའི་དུས་ན་སེམས་ཅན་རྣམ་པར་རྒྱས་པར་རབ་ཏུ་སྒྲོག་གོ ། སྟོན་ཏོ། །ཡང་དག་པར་དེ་ལྟར་གཞན་མ་ཡིན་པའི་སེམས་ཅན་འཁོར་བའི་ཆུ་བོ་ལས་རྒལ་བར་འགྱུར་རོ། །ཞི་བ་དང་བདེ་བ་མྱ་ངན་ལས་འདས་པའི་ལམ་ལ་སོ་སོར་གནས་སོ། །འདི་ལའང་ལུང་བསྟན་བཤད་པས་མེ་བཅུ་རྡུལ་ཡལ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུའི་སེམས་ཅན་དག་རང་སངས་རྒྱས་ཀྱི་རྡུལ་དང་བྲལ་བའི་ཏིང་ངེ་འཛིན་སོ་སོར་ཐོབ་པར་འགྱུར་རོ། ། རང་སངས་རྒྱས་ཀྱི་ཐེག་པ་སོ་སོར་ཐོབ་པར་འགྱུར་རོ། །སོ་སོར་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའ་ལ་འགྲོ་བའི་འོད་ཀྱིས་འདུལ་བའི་བཟོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། ལེའུ་བདུན་ནོ།། །།བམ་པོ་བརྒྱད་པ། དེ་ནས་བཅོམ་ལྡན་འདས་ཀྱིས་མི་སྣང་བའི་རྒྱན་གྱི་ཏིང་ངེ་འཛིན་དུ་ཞུགས་སོ། །དེའི་ཕྱིར་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་དུ་ཞུགས་ནས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོར་ཁ་དོག་སྣ་ཚོགས་ཀྱི་འདོ་བྱུང་ངོ ། །ཕྱོགས་བཅུ་ཀུན་ནས་ཆུ་བོ་གངྒཱའི་བྱེ་མ་དང་མཉམ་པའི་རྙོག་པ་ལྔ་ན་སངས་རྒྱས་ཀྱི་ཞིང་ལས་འོད་བྱུང་ངོ ། །ཕྱོགས་བཅུ་ཀུན་ནས་ཆུ་བོ་གངྒཱའི་བྱེ་མ་དང་མཉམ་པའི་རྙོག་པ་ལྔ་ན་སངས་རྒྱས་ཀྱི་ཞིང་གི་འོད་དུ་འགྲོའོ། །གང་དེ་ལ་ཉན་ཐོས་དང ། ཉན་ཐོས་ཀྱི་ཐེག་པ་ལ་འགྲོ་བའི་སེམས་
356a
༄#། །ཅན་འོད་ལ་རེག་ནས་ཉན་ཐོས་དང ། ཉན་ཐོས་ཀྱི་ཐེག་པ་དེ་ལ་སེམས་ཅན་དེ་བཞིན་དུ་གཟུགས་དང ། ལུས་དང ། བདེ་བའི་ཚོར་བ་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ།་བསམ་གཏན་གསུམ་པའི་ཏིང་ངེ་འཛིན་དུ་འཇུག་པ་དགའ་བ་མེད་པའི་དགེ་སློང་དེས་ཕྱོགས་བཞིར་བལྟས་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་དཔག་ཚད་ཕྱེད་ཚུན་ཆད་དུ་བལྟས་ན་སྤོས་ཀྱི་ངད་ལྡང་བའི་རི་བརྒྱན་པ་ཐམས་ཅད་ལྟ་བར་དེ་ལྟར་སྔོན་གསུངས་སོ། །རིན་པོ་ཆེ་བདུན་གྱི་རང་བཞིན་གྱི་སྤོས་ཀྱི་ངད་ལྡང་བའི་རི་བྱང་ཆུབ་སེམས་དཔས་གང་བ་ལ་ལྟའོ། །བཅོམ་ལྡན་འདས་ཀྱི་མཐུས་དེ་དག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གང་ན་བ་དེར་དོང་སྟེ་སྐད་ཅིག་ཡུད་ཙམ་གྱིས་སྐབས་ཕྱེ་ནས་བྱང་ཆུབ་སེམས་དཔའ་རྣམས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་པར་གྱུར་ཏོ། །ཉན་ཐོས་རྣམས་དང ། ཉན་ཐོས་པའི་ཐེག་པ་ཅན་རྣམས་ཀྱི་སེམས་ཅན་རྣམས་ཀྱང་ཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་ནས་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །གང་ཡང་ཉན་ཐོས་ཆེན་པོའི་ཐེག་པ་དེ་ཀུ་རུའི་གྲོང་རྡལ་དུ་སོ་སོ་ནས་བསྡུས་ཏེ་ཐིམ་པར་གནས་སོ། །དེའང་འོང་དེ་ཡང་དག་པར་ཤེས་པ་དང ། དེའང་ཟང་ཟིང་མེད་པའི་དགའ་བ་དང་བདེ་བས་ཚིམ་པར་བྱས་པ་ཡོད་པ་དེ་ལས་ལྷན་ཅིག་ཏུ་ལངས་ཏེ་བཅོམ་ལྡན་འདས་སྤོས་ཀྱི་ངད་ལྡང་བའི་
356b
རི་ལ་བཞུགས་པ་མཐོང་ངོ ། །བྱང་ཆུབ་སེམས་དཔའི་ཚོགས་དང ། ཉན་ཐོས་ཀྱི་ཚོགས་ཀྱིས་བསྐོར་ཅིང་མདུན་དུ་བྱས་ཏེ་རྒྱན་ཆེན་པོ་མཐོང་ནས་དེ་དག་གཞན་ཡང་ཡང་དག་པར་ཤེས་སོ། །བཙུན་པ་དགོངས་ཤིང་།བདག་ནི། ད་ལྟར་དེ་བཞིན་གཤེགས་པ་སྤོས་ཀྱི་ངད་ལྡང་བའི་རི་ལ་བཞུགས་ཤིང་རྒྱན་ཆེན་པོ་དང ། ཚོགས་ཆེན་པོའི་འཁོར་གྱིས་བདག་ཀྱང་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་ངོ ། །དེ་ནས་མི་མཇེད་ཀྱི་སངས་རྒྱས་ཀྱི་ཞིང་འདིའི་ཉན་ཐོས་ཆེན་པོ་ཇི་སྙེད་པ་དང ། ཉན་ཐོས་དང ། ཉན་ཐོས་ཀྱི་ཐེག་པ་པ་ཇི་སྙེད་པ་དེ་དག་ཀྱང་བཅོམ་ལྡན་འདས་ལ་ཆོས་མཉན་པའི་ཕྱིར་འཁོད་དོ། །ཚད་མེད་གྲངས་མེད་དཔག་ཏུ་མེད་པའི་ཉན་ཐོས་དང ། ཚད་མེད་གྲངས་མེད་དཔག་ཏུ་མེད་པའི་ཉན་ཐོས་ཀྱི་ཐེག་པ་པའི་སེམས་ཅན་རྣམས་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བོས་ཏེ་རབ་འབྱོར། འདི་ནི། སྨིན་པ་དང ། རྣམ་པར་སྨིན་པ་ཞེས་བྱའོ། །རབ་འབྱོར། དེ་ཙམ་གྱི་བར་དུ་རྣམ་པར་སྨིན་པ་ཞེས་བྱའོ། །རབ་འབྱོར་གྱིས་གསོལ་པ། གང་བཅོམ་ལྡན་འདས་རྣམ་པར་སྨིན་པའི་མཚན་ཉིད་འབྱུང་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་མཚན་ཉིད་རྣམ་པར་སྨིན་པ་ནམ་མཁའི་མཛོད་ཀྱི་རྒྱས་པ་སེམས་ཅན་གཅིག་ཀྱང་མྱ་ངན་
357a
༄#། །ལས་འདས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་ཐམས་ཅད་ཀྱང་འཇིགས་ཤིང་འཇིགས་པར་འགྱུར་བས་གཅིག་གིས་ཀྱང་བླ་ན་མེད་པ་ཡང་དག་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཅུང་ཟད་ཀྱང་མེད་དོ། །དེ་ལྟར་དེ་བཞིན་གཤེགས་པ་ཚད་མེད་པའི་མཚན་ཉིད་དེ་རེ་རེ་ལའང་མཚན་ཉིད་རྣམ་པར་སྨིན་པ་ལ་གཟུགས་མེད་པ་དང ། མཚན་ཉིད་མེད་པ་དང ། དངོས་པོ་མེད་པའི་ལུས་ཐམས་ཅད་མཚན་ཉིད་དང་བྲལ་ཞིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་མཉམ་ཞིང་གཟུགས་མེད་པ་ལ་སོ་སོར་དགོད་པ་མེད་པ་ནི། སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་རྣམ་པར་ཤེས་པ་ལ་སོ་སོར་དགོད་དོ། །སངས་རྒྱས་ཀྱི་ཆོས་ལ་མིག་གི་ཁམས་དགོད་པ་མེད་པ་ནི། སངས་རྒྱས་ཀྱི་ཆོས་རྣམ་པར་སྨིན་པ་དེའི་བར་དུ་ཡིད་ཀྱི་ཁམས་ལ་དགོད་པ་མེད་པས་སངས་རྒྱས་ཀྱི་ཆོས་རྣམ་པར་སྨིན་པའོ། །གཟུགས་ཀྱི་ཁམས་ལ་དགོད་པ་མེད་པས་སངས་རྒྱས་ཀྱི་ཆོས་རྣམ་པར་སྨིན་པ་དེའི་བར་དུ་རེག་པ་སོ་སོར་དགོད་པ་མེད་པའོ། །ཡང་སའི་ཁམས་སོ་སོར་དགོད་པ་མེད་པས་སངས་རྒྱས་ཀྱི་ཆོས་རྣམ་པར་སྨིན་པ་དེའི་བར་དུ་རླུང་སོ་སོར་དགོད་དུ་མེད་པས་སངས་རྒྱས་ཀྱི་ཞིང་རྣམ་པར་སྨིན་པའོ། །འདོད་པའི་ཁམས་སོ་སོར་དགོད་པ་མེད་པས་སངས་རྒྱས་ཀྱི་ཆོས་རྣམ་པར་སྨིན་པ་དེའི་བར་དུ་གཟུགས་ཀྱི་ཁམས་སོ་སོར་
357b
དགོད་པ་མེད་པས་སངས་རྒྱས་ཀྱི་ཆོས་རྣམ་པར་སྨིན་པའོ། །བདག་དང་གཞན་དུ་མི་རྟེན་པ་དང ། ང་རྒྱལ་ལ་མི་རྟེན་པ་དང ། ཡིད་ལ་བྱེད་པ་ལ་མི་རྟེན་པ་དང ། རྟག་པ་ལ་མི་རྟེན་པ་དང ། ཆད་པ་ལ་མི་རྟེན་པས་སངས་རྒྱས་ཀྱི་ཆོས་རྣམ་པར་སྨིན་པའོ། །ཡི་གེའི་ཕྱི་མོ་དང ། མཚན་མ་ལ་མི་རྟེན་པས་སངས་རྒྱས་ཀྱི་ཆོས་རྣམ་པར་སྨིན་པའོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་མཚན་ཉིད་མེད་པས་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་བཤད་པ་ནི། རང་གི་མཚན་ཉིད་དང་བྲལ་བ་སྟོང་པའི་ཚུལ་གྱི་སྤྱོད་ཡུལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་ལེགས་སོ་ལེགས་སོ། །རབ་འབྱོར། ཁྱོད་དེ་ལྟར་དེ་བཞིན་དུ་ཤིན་ཏུ་སྨྲས་པ་ནི། རབ་འབྱོར། གང་ཡང་དེ་བཞིན་གཤེགས་པའི་རྣམ་པར་སྨིན་པ་སྒྲུབ་པ་ནི། མཚན་ཉིད་མེད་པར་འགྱུར་རོ། །དེ་ཡང་དེ་བཞིན་གཤེགས་པའི་སེམས་ཅན་དུ་འཛིན་པར་འགྱུར་རོ། །སྲོག་ཏུ་འཛིན་པ་དང ། གསོ་བར་འཛིན་པ་དང ། གང་ཟག་ཏུ་འཛིན་པ་དེའང་རབ་འབྱོར།་དེ་བཞིན་གཤེགས་པའི་སེམས་ཅན་དུ་འཛིན་པའི་མཚན་ཉིད་དུ་འགྱུར་རོ། །དེའི་བར་དུ་གང་ཟག་ཏུ་འཛིན་པར་འགྱུར་རོ། །ཡང་དེ་བཞིན་གཤེགས་པ་དང ། ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཁྱད་པར་དུ་འཕགས་པ་མ་ཡིན། ཡེ་ཤེས་ལ་མཁས་པར་འགྱུར་རོ། །གང་རབ་འབྱོར། བྱང་ཆུབ་སེམས་དཔའི་ཐོག་མར་སེམས་བསྐྱེད་པས་དགེ་བའི་རྩ་བའི་
358a
༄#། །མཚན་ཉིད་རྣམ་པར་སྨིན་པ་དབེན་པའི་མཚན་ཉིད་ལ་རྣམ་པར་རྟོག་པར་བྱང་ཆུབ་སེམས་དཔས་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་དེ་ལ་རབ་འབྱོར། བྱང་ཆུབ་སེམས་དཔའི་མཚན་ཉིད་ཀྱི་འདུ་ཤེས་དང ། དེ་ལ་སྤྲོས་པ་ཡོངས་སུ་འཛིན་པའི་འདུ་ཤེས་དང ། གང་ལས་སྤྲོས་པའི་ཡོངས་སུ་འཛིན་པའི་འདུ་ཤེས་དང ། ང་རྒྱལ་གྱི་འདུ་ཤེས་དང ། མི་རྟག་པའི་འདུ་ཤེས་དང ། དེ་ལ་ཐམས་ཅད་བདེ་བར་འདོད་པའི་འདུ་ཤེས་དང ། གང་ལ་བདེ་བར་འདོད་བའི་འདུ་ཤེས་དེ་ལ་བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོར་མི་འགྱུར་རོ། །རབ་འབྱོར། གང་ལ་བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོས་བསམ་པ་དང་སེམས་པར་མི་འགྱུར་རོ། །དེ་ལ་ཐར་པར་ཡོངས་སུ་བསྔོས་པས་དགེ་བའི་རྩ་བ་མི་ལྡང་བ་ལས་ཀྱང་ཐར་ཏོ། །དེ་བས་ན་རབ་འབྱོར། འཁོར་གསུམ་ཡོངས་སུ་དག་པ་དང ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མ་འཁྲུགས་པས་ཐར་པར་ཡོངས་སུ་བསྔོས་པ་དགེ་བའི་རྩ་བར་བརྗོད་དོ། ། དེ་ལྟར་ནམ་མཁའ་ལ་མི་རྟོག་གོ་།རྣམ་པར་མི་རྟོག་པ་དེ་ལྟར་དེ་བཞིན་དུ་རྟོག་པ་དང ། རྣམ་པར་རྟོག་པ་ཐམས་ཅད་སྤོང་བར་བྱང་ཆུབ་སེམས་དཔས་བརྗོད་དོ། །འདི་ལྟ་སྟེ། ཡང་རབ་འབྱོར།་ཟླ་བ་འཕེལ་བ་ཞེས་བྱ་བའི་སྨན་གྱི་རྒྱལ་པོས་ནད་པ་དང ། ན་བ་ཐམས་ཅད་སེལ་བ་ལ་ཟླ་བ་འཕེལ་བའི་སྨན་གྱི་རྒྱལ་པོས་དེ་བཞིན་དུ་མི་རྟོག་པར་ཡང་མི་འགྱུར་རོ། །བདག་
358b
གིས་ནད་ཐམས་ཅད་བསལ་བས་ཡང་དེའི་ནད་དེ་བཞིན་དུ་རྟོག་པར་ཡང་མི་འགྱུར་རོ། །བདག་གི་ལུས་འདི་ལ་སྨན་གྱིས་སེལ་བར་འགྱུར་རོ། །ཕན་ཚུན་དུ་རྣམ་པར་རྟོག་པ་མེད་ཅིང་མི་རྟོག་པས་ནད་ཐམས་ཅད་ཞི་བ་དེ་ལྟར་དེ་བཞིན་དུ་རབ་འབྱོར། གང་བྱང་ཆུབ་སེམས་དཔས་ཆུང་དུ་ནའང་ཕ་རོལ་ཏུ་ཕྱིན་པ་དྲུག་ཀུན་ཏུ་སྤྱོད་དོ། །གལ་ཏེ་སྦྱིན་པ་བྱིན་པ་དང་ཤེས་རབ་ཇི་སྙེད་པ་སྒོམ་མོ། །དངོས་པོ་དེ་ལ་རྟོག་པའང་མེད། ལེན་པའང་མེད། དེ་བས་རྣམ་པར་སྨིན་པ་ལ་རྟོག་པའང་མེད། ཡང་གཟུགས་ལ་རྟེན་པ་ཀུན་ཏུ་སྤྱོད་པའང་མེད་པ་ནས་རྣམ་པར་ཤེས་པའི་བར་དུ་རྟེན་ཅིང་ཀུན་ཏུ་སྤྱོད་པའང་མེད། ཡང་གཟུགས་ལ་བརྟེན་ཅིང་ཀུན་ཏུ་སྤྱོད་པ་མེད་པ་ནས་རེག་པའི་བར་དུ་རྟེན་ཅིང་ཀུན་ཏུ་སྤྱོད་པའང་མེད་དོ། །དེའི་མིང་དུའང་འཛིན་པར་མི་འགྱུར་བ་ནས་གང་ཟག་གི་བར་དུའང་འཛིན་པར་མི་འགྱུར་རོ། །གང་ཁམས་གསུམ་ཐམས་ཅད་ཡུལ་མེད་པ་དང ། གཡོ་བ་དང་ཆུང་དུ་ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་དོ། །འདི་ལའང་བྱང་ཆུབ་སེམས་དཔའ་རྟོག་པ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ནམ་མཁའ་ཇི་ལྟ་བ་དེ་བཞིན་དུ་ཚད་མེད་པའི་ཤེས་རབ་ཀྱི་ཕུང་པོར་འགྱུར་རོ། །ཁམས་གསུམ་ཐམས་ཅད་ཉོན་མོངས་པ་སྤངས་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ། །རབ་འབྱོར། དེ་བས་ན། ཐར་པའི་ལམ་ལ་འདོད་པས་སེམས་ཅན་གྱི་འདུ་ཤེས་ཀྱི་དགེ་བ་ཀུན་ཏུ་སྤྱོད་པར་མི་བྱ་བ་
359a
༄#། །ནས་གང་ཟག་གི་འདུ་ཤེས་ཀྱིས་དགེ་བ་ཀུན་ཏུ་སྤྱོད་པར་མི་བྱའོ། །ཕུང་པོའི་འདུ་ཤེས་དང ། ཁམས་དང ། སྐྱེ་མཆེད་ཀྱི་འདུ་ཤེས་ཀྱིས་དགེ་བ་ཀུན་ཏུ་སྤྱོད་པར་མི་བྱའོ། །ང་ཡིར་བྱ་བ་དང ། བདག་གིར་བྱ་བའི་འདུ་ཤེས་ཀྱིས་དགེ་བ་ཀུན་ཏུ་སྤྱོད་པར་མི་བྱའོ། །འདོད་པའི་འདུ་ཤེས་དང ། གཟུགས་ཡོད་པའི་འདུ་ཤེས་དང ། གཟུགས་མེད་པའི་འདུ་ཤེས་ཀྱིས་དགེ་བ་ཀུན་ཏུ་སྤྱོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། དེ་ལྟར་སེམས་ཅན་དང ། ནམ་མཁའ་དང ། ཐར་པ་དང ། རྣམ་པར་སྨིན་པའི་མཚན་ཉིད་ལ་བདག་མེད་པ་ཞེས་བྱ་བ་ནི། མ་ལུས་པ་དང ། ཐ་མི་དད་པར་སྟོང་པ་མྱ་ངན་ལས་འདས་པ་ཞེས་བྱའོ། །འདི་ལ་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་འདི་སྨྲས་པའི་ཚེ་ཉན་ཐོས་དང ། ཉན་ཐོས་ཀྱི་ཐེག་པ་པའི་སེམས་ཅན་མེ་བཅུ་རྡུལ་ཡལ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་གཉིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་པར་གྱུར་ཏོ། །ཕྱིར་མི་ལྡོག་པའི་ས་སོ་སོར་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར། རྐྱེན་གྱི་འདུ་ཤེས་ལྟ་བུས་ཆོས་ཐམས་ཅད་ཤེས་ཏེ། འཇིག་རྟེན་གྱི་སེམས་ཅན་རྣམས་རྐྱེན་དང་འདུ་བ་ཚོགས་ཏེ་བྱུང་བའི་ཤེས་རབ་ཏུ་ཤེས་པས་ཚེ་རྒྱ་མཚོ་ལས་འདས་སོ། །མུན་པའི་ཕུང་པོ་
359b
ཐམས་ཅད་འཇིག་གོ་།འདི་ལྟ་སྟེ། མུན་པའི་ཟླ་བ་རྣམས་མུན་པའི་མཐའ་ཟད་དོ། །སྣང་བ་ནི། ཟླ་བའི་རྐྱེན་ཏོ། །སྣང་བའི་རྐྱེན་ནི། འདུ་ཤེས་སོ། །འདུ་ཤེས་ཀྱི་རྐྱེན་ནི། འདུ་བྱེད་དོ། །འདུ་བྱེད་ཀྱི་རྐྱེན་ནི། རྣམ་པར་ཤེས་པ་སྟེ། དེའི་བར་དུ་སྡུག་བསྔལ་གྱི་ཕུང་པོ་འབྱུང་བར་འགྱུར་རོ། །དེ་ལ་ནམ་མཁའ་སྣང་བར་མི་རྟོག་གོ་།ནམ་མཁའ་སྣང་བ་མ་ཡིན། འདུ་ཤེས་སྣང་བ་མ་ཡིན་པར་མི་ཤེས་སོ། །འདུ་ཤེས་སྣང་བར་མི་རྟོག་གོ་།འདི་ལ་སྣང་བ་འགགས་པས་འདུ་ཤེས་འགོག་གོ་།འདུ་ཤེས་འགོག་པས་འདུ་བྱེད་འགོག་པ་དེའི་བར་དུ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོའང་འགོག་པར་འགྱུར་རོ། །དེའི་དུས་གཅིག་ནའང་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་བཤད་པ་ན་ས་ཡ་བརྒྱ་སྟོང་ཕྲག་བརྒྱད་ཅུའི་ཉན་ཐོས་ཀྱི་ཐེག་པའི་སེམས་ཅན་རྣམས་རང་སངས་རྒྱས་ཀྱི་ཐེག་པ་ལ་སེམས་བསྐྱེད་དོ། །རྡུལ་དང་བྲལ་བའི་ཏིང་ངེ་འཛིན་སོ་སོར་ཐོབ་པར་གྱུར་ཏོ། །རང་སངས་རྒྱས་ཀྱི་ཐེག་པ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར། དགེ་སྦྱོང་གི་ཆོས་ལ་དགེ་སྦྱོང་གི་ཆོས་ཞེས་བྱ་བ་ཇི་ཙམ་གྱི་བར་དུ་དགེ་སྦྱོང་ཞེས་བྱ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། དགེ་སྦྱོང་གི་ཆོས་ཞེས་བགྱི་བ་ནི། བསླབ་པ་གསུམ་ནི། བཅོམ་ལྡན་འདས། དགེ་སྦྱོང་གི་ཆོས་ཞེས་བགྱིའོ། །བཅོམ་ལྡན་འདས་ཀྱིས་
360a
༄#། །བཀའ་སྩལ་པ། དེ་ལྟར་དེ་བཞིན་ནོ། །རབ་འབྱོར། ལྷག་པའི་ཚུལ་ཁྲིམས་དང ། ལྷག་པའི་སེམས་དང ། ལྷག་པའི་ཤེས་རབ་ཏུ་སློབ་པ་ནི། དགེ་སྦྱོང་གི་ཆོས་ཞེས་བྱའོ། །འདི་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གང་ཞེ་ན། དགེ་སྦྱོང་སོ་སོར་ཐར་པ་ལ་བསྡམ་པ་སྡོམ་པར་འགྱུར་བ་དང ། སྤྱད་པའི་སྤྱོད་ཡུལ་གྱི་རྡུལ་ཕུན་སུམ་ཚོགས་པ་ཁ་ན་མ་ཐོ་བས་འཇིགས་པ་ལ་བལྟ་བ་དང ། ཀུན་ནས་འབྱུང་བ་ལ་བསླབ་པ་ལ་སློབ་པའི་ཚིག་འདི་དག་ནི། རབ་འབྱོར། ལྷག་པའི་ཚུལ་ཁྲིམས་སློབ་པ་ཞེས་བྱའོ།། ལྷག་པའི་སེམས་སློབ་པ་ནི། ཚངས་པའི་གནས་བཞི་ལ་གནས་པ་འདིའི་ཕྱིར་བྱམས་པའི་སེམས་དང་ལྡན་པ་འཇིག་རྟེན་ཐམས་ཅད་འགེངས་པ་དེའི་བར་དུ་རྣམ་པར་རྒྱས་པར་བརྗོད་པ་འདི་ནི། ལྷག་པའི་སེམས་སློབ་པ་ཞེས་བྱའོ། །ལྷག་པའི་ཤེས་རབ་སློབ་པ་གང་ཞེ་ན། འདི་ནི། འཕགས་པའི་བདེན་པ་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། འཕགས་པའི་བདེན་པའི་སྡུག་བསྔལ་བ་དང ། ཀུན་འབྱུང་བའི་སྡུག་བསྔལ་དང ། འགོག་པའི་སྡུག་བསྔལ་དང ། འགོག་པ་ལ་ནན་ཏན་དུ་འགྲོ་བའི་འཕགས་པའི་བདེན་པའོ། །སྡུག་བསྔལ་ལོ། །འཕགས་པའི་བདེན་པའི་སྡུག་བསྔལ་གང་ཞེ་ན། འདི་ལྟ་སྟེ། སྐྱེ་བའི་སྡུག་བསྔལ་དང ། རྒས་པའི་སྡུག་བསྔལ་དང ། ནད་ཀྱི་སྡུག་བསྔལ་དང །
360b
འཆི་བའི་སྡུག་བསྔལ་དང ། མི་མཛའ་བ་དང་ཕྲད་པའི་སྡུག་བསྔལ་དང ། མཛའ་བ་དང་བྲལ་བའི་སྡུག་བསྔལ་དང ། འདོད་པ་མི་རྙེད་པའི་སྡུག་བསྔལ་དང ། མདོར་ན་ཉེ་བར་ལེན་པའི་ཕུང་པོའི་སྡུག་བསྔལ་འདི་ནི། འཕགས་པའི་བདེན་པའི་སྡུག་བསྔལ་ཞེས་བྱའོ། །ཀུན་ནས་འབྱུང་བའི་སྡུག་བསྔལ་གང་ཞེ་ན། གང་ལ་ལ་སྨོན་པའི་འདོད་ཆགས་དང་ལྡན་པ་དེ་དང་དེར་འགྱུར་རོ། །འགོག་པའི་སྡུག་བསྔལ་གང་ཞེ་ན། སྨོན་པ་མངོན་པར་འགྱུར་བ་འདི་མ་ལུས་པར་སོ་སོར་སྤོང་བ། ཤིན་ཏུ་མི་འབྱུང་བ། ཟད་པ་མེད་པ། འདོད་ཆགས་དང་བྲལ་བ། ཉེ་བར་ཞིང་འདི་ཞེས་བྱའོ། །སྡུག་བསྔལ་འགོག་པར་འགྲོ་བ་ལ་ནན་ཏན་བྱེད་པའི་འཕགས་པའི་བདེན་པ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་དུ་འཕགས་པའི་ལམ་གྱི་ཡན་ལག་ནི། འདི་ལྟ་སྟེ།་ཡང་དག་པའི་ལྟ་བ་དང ། ཡང་དག་པའི་རྟོག་པ་དང ། ཡང་དག་པའི་ངག་དང ། ཡང་དག་པའི་ལས་ཀྱི་མཐའ་དང ། ཡང་དག་པའི་འཚོ་བ་དང ། ཡང་དག་པའི་རྩོལ་བ་དང ། ཡང་དག་པའི་དྲན་པ་དང ། ཡང་དག་པའི་ཏིང་ངེ་འཛིན་འདི་ནི། བདེན་པའི་གཏམ་བརྒྱད་ཅེས་བྱའོ། །གང་ཅུང་ཟད་ཀྱང་འདས་པའི་དུས་སུ་འགྱུར་བ་འདི་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་དེ་བཞིན་གཤེགས་པའི་ཡང་དེ་བཞིན་དུ་ཉན་ཐོས་ཀྱིས་ཡང་དག་པའི་ཕུལ་བཤད་པ་ནི། འདི་ལྟ་སྟེ། འཕགས་པའི་བདེན་པ་
361a
༄#། །བཞིའོ། །དེ་བས་ན། གང་ཅུང་ཟད་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་སོ། །འཚོའོ། །སྐྱོང་ངོ ། །རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་གི་སེམས་ཅན་ལ་ཆོས་འཆད་དོ། །དེ་དག་དེ་བཞིན་གཤེགས་པས་གཟུགས་དེ་བཞིན་དུ་ཉན་ཐོས་ཀྱིས་ཡང་དག་པའི་ཕུལ་གྱི་ཆོས་བཤད་པ་ནི། འདི་ལྟ་སྟེ། འཕགས་པའི་བདེན་པ་བཞིའོ། །གང་ཅུང་ཟད་ཀྱང་འདས་པའི་དུས་སུ་འགྱུར་བ་དེ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གཟུགས་དེ་བཞིན་དུ་ཉན་ཐོས་ཀྱིས་ཡང་དག་པའི་ཕུལ་གྱི་ཆོས་བཤད་པར་འགྱུར་བ་ནི། འདི་ལྟ་སྟེ། འདི་ནི། འཕགས་པའི་བདེན་པ་བཞིའོ། །གང་གི་ཚེ་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བ་ཐམས་ཅད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ནི། བདེན་པའི་ཚིག་གོ་།དེ་བས་ན། འདི་ནི། འཕགས་པའི་བདེན་པ་བཞིའི་བར་དུ་ལྷག་པའི་ཤེས་རབ་བསླབ་པ་འདི་ལའང་བཅོམ་ལྡན་འདས་ཀྱིས་འཕགས་པའི་བདེན་པ་ལུང་བསྟན་པར་བཤད་པས་གང་སེམས་
361b
ཅན་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་བརྒྱ་ཚད་མེད་གྲངས་མེད་པའི་ཉན་ཐོས་ཀྱི་ཐེག་པའི་སེམས་ཅན་དག་མི་སྐྱེ་བའི་རྗེས་སུ་ས་ཐོབ་པ་ཁ་ཅིག་གིས་ནི། སྤྱི་བོ། ཁ་ཅིག་གིས་ནི། བཟོད་པ། ཁ་ཅིག་གིས་ནི། འཇིག་རྟེན་གྱི་མཆོག་གི་ཆོས་རྣམས་ཁོང་དུ་ཆུད་དོ། །ཁ་ཅིག་གིས་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །ཁ་ཅིག་གིས་ནི། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང ། ཁ་ཅིག་གིས་ནི། ཕྱིར་མི་འོང་བའི་འབྲས་བུ་དང ། ཁ་ཅིག་གིས་ནི། ཉོན་མོངས་པ་ཐམས་ཅད་དང་བྲལ་བ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་རྫོགས་སོ།། །། སོ་སོར་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའ་ལ་འགྲོ་བའི་འོད་ཀྱིས་འདུལ་བའི་བཟོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལེའུ་བརྒྱད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཤིན་ཏུ་རྣམ་པར་ཕྱེ་བ་སྤྱོད་པ་དང་ལྡན་པའི་ཏིང་ངེ་འཛིན་དུ་ཞུགས་ནས་ཏིང་ངེ་འཛིན་ལོགས་སུ་བཅོམ་ལྡན་འདས་ཀྱི་སྐུའི་བ་སྤུའི་ཁུང་བུ་ཐམས་ཅད་ནས་ཁ་དོག་སྣ་ཚོགས་དང ། ཁ་དོག་དུ་མ་དང ། བརྒྱ་སྟོང་དུ་མའི་ཁ་དོག་གི་འོད་ཟེར་དུ་མ་སྐུ་ལས་བྱུང་ངོ ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྣམ་པ་སྣ་ཚོགས་ལ་དཀའ་ཐུབ་དང ། བརྟུལ་ཞུགས་ངན་པ་དག་དྲང་སྲོང་གི་ཆ་བྱད་ལ་ཀུན་ཏུ་བལྟའོ། །དེ་ལ་འོད་བྱུང་བས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཆུ་བོ་གངྒཱའི་བྱེ་མ་དང་མཉམ་པའི་འཇིག་རྟེན་གྱི་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་སྣང་བར་
362a
༄#། །བྱེད་དོ། །གང་ཡང་ཆུ་བོ་གངྒཱའི་བྱེ་མ་ལྟ་བུའི་རྙོག་པ་ལྔས་སངས་རྒྱས་ཀྱི་ཞིང་བརྟུལ་ཞུགས་དང ། དཀའ་ཐུབ་ངན་པ་དང ། མུ་སྟེགས་ཅན་གཞན་རྣམས་གང་དེ་དག་བྲམ་ཟེ་ལ་དད་པར་འཇུག་པས་གང་སངས་རྒྱས་བྲམ་ཟེར་སྤྲུལ་ཏེ་གནས་སོ། །དེ་ནས་བྲམ་ཟེ་ལ་དད་པར་སྨྲས་པ་དེ་བཞིན་ནོ། །བདག་ཅག་སློབ་པ་འདི་ནི། བྲམ་ཟེ་ལ་དད་པས་བདག་ཀྱང་བྲམ་ཟེ་ལ་ལྟའོ། །དགའ་བ་དང་ཡིད་བདེ་བ་སྐྱེས་ནས་མྱུར་དུ་ལངས་ཏེ་བྲམ་ཟེའི་རྐང་པ་ལ་སྤྱི་བོས་ཕྱག་བཙལ་ཏེ་བྲམ་ཟེ་ལ་ཐལ་མོ་སྦྱར་ཏེ་ཕྱག་བྱས་ནས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་ལ་བལྟ་བ་དང ། ཕྱག་བགྱི་བ་དང ། བསྙེན་བཀུར་བའི་ཕྱིར་བདག་ཅག་གིས་འཁོར་དེ་བཞིན་དུ་ཡུན་རིང་པོ་ནས་ཁྱོད་ཀྱི་སློབ་མར་འདྲེན་ཏོ། །བྲམ་ཟེ་སྤྲུལ་པ་དེས་སྨྲས་པ། བདག་ཀྱང་གཞན་ཚངས་པ་ཆེན་པོ་བདག་གི་བླ་མར་ཡོད་པའི་ལག་པ་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་དུ་མི་རིང་བར་བཞུགས་སོ། །སྨྲས་པ། བཅོམ་ལྡན་འདས་ཀྱི་མཐུས་ན་སེམས་ཅན་དེའང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྲམ་ཟེ་ཆེན་པོ་སྤོས་ཀྱི་ངད་ལྡང་བའི་རི་ལ་དཔག་ཚད་ཕྱེད་ཙམ་ན་གཞུགས་པ་ལ་ལྟའོ། །དེའང་མཆོག་ཏུ་དགའ་བ་དང ། ཡིད་བདེ་བ་སྐྱེད་པ་དེས་ཡུད་ཙམ་གྱིས་ན་སྤོས་ཀྱི་ངད་ལྡང་བའི་རི་ལ་གནས་པ་དག་ཤཱཀྱ་ཐུབ་པ་བྲམ་ཟེ་ཆེན་པོའི་རྐང་པ་གཉིས་
362b
ལ་སྤྱི་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འཁོད་དོ། །གང་དབང་ཕྱུག་ལ་དད་པ་དང ། གང་བརྒྱ་བྱིན་ལ་དད་པ་དང ། གང་རྒྱལ་ཆེན་བཞི་ལ་དད་པ་དང ། གང་ཉི་མ་དང་ཟླ་བ་ལ་དད་པ་དང ། གང་ནག་པོ་དང ། ནག་པོ་ཆེན་པོ་གཞོན་ནུ་ལ་དད་པ་ནས་མི་ལ་དད་པའི་བར་དུ་བསྡུས་ཏེ་དེ་ལྟར་མདུན་དུ་འོད་འཕྲོ་བའི་ཕུང་པོ་བྱུང་བར་གྱུར་ཏོ།། འོད་འཕྲོ་བའི་ཕུང་པོ་དེ་ལས་ལྷའི་བུ་ལུས་དང་གོས་ཀྱི་ཁ་དོག་དཀར་པོ། གཟུགས་བཟང་པོ། མཆོག་གི་ཁ་དོག་རྒྱས་པ་དང་ལྡན་པ་བྱུང་བར་གྱུར་ཏེ། མེའི་ལྷའི་བུས་འདི་སྐད་ཅེས་སྨྲས་སོ། །ཁྱོད་ནི། བདག་གི་སློབ་མ་གོར་མ་ཆག་།དེས་སྨྲས་པ། བཅོམ་ལྡན་འདས། དེ་བཞིན་ནོ། །ལྷའི་བུས་སྨྲས་པ། བདག་ལའང་མེའི་བདག་པོ་གཞན་བླ་མར་བྱེད་པ་ཡོད་པས་དེ་ལྟར་ལག་པས་སྟོན་པར་བྱེད་དོ། །བཅོམ་ལྡན་འདས་ཀྱི་མཐུས་ན་སེམས་ཅན་དེའང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྤོས་ཀྱི་ངད་ལྡང་བའི་རི་ལ་དཔག་ཚད་ཕྱེད་ཙམ་ནས་དེ་བཞིན་དུ་མི་རིང་བར་བཞུགས་པ་ལ་ལྟའོ། །མེའི་ཕུང་པོ་ཆེན་པོ་དེའི་ནང་ནས་ལུས་དང ། སྐྲ་དང ། གོས་ཀྱི་ཁ་དོག་དཀར་པོ། གཟུགས་བཟང་པོ། བལྟ་ན་མཛེས་པ། ཁ་དོག་མཆོག་ཏུ་རྒྱས་པ་དང་ལྡན་པའི་སྤྱན་སྔར་དེའང་ཇི་སྙེད་པ་ཆོས་མཉན་པའི་སླད་དུ་འཁོད་དོ། །དེ་ནས་ཡང་དེའི་ཚེ་དེའི་དུས་ན་ཚད་མེད་གྲངས་མེད་པའི་ཆུ་བོ་གངྒཱའི་བྱེ་མ་སྙེད་ཀྱི་མུ་སྟེགས་ཅན་ཚུལ་ཁྲིམས་
363a
༄#། །དང ། བརྟུལ་ཞུགས་ངན་པ་རྣམས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འཁོད་དོ། །དེ་ལ་གང་བྲམ་ཟེ་ལ་དད་པ་དེ་བྲམ་ཟེ་ལ་དད་པའི་བྲམ་ཟེའི་གཟུགས་ཀྱིས་བཅོམ་ལྡན་འདས་ལ་ལྟའོ། །དེ་ལྟར་དེ་བཞིན་དུ་སེམས་དང ། སེམས་ལས་སྐྱེས་པས་གལ་ཏེ་བྲམ་ཟེ་ཆེན་པོ་དང་བདག་གཏམ་བྱའོ། །གང་བདག་གི་ཐེ་ཚོམ་དང་ནེམ་ནུར་དག་བཅོམ་ལྡན་འདས་བྲམ་ཟེ་ཆེན་པོ་ལ་བདག་ཡོངས་སུ་ཞུའོ། །ཇི་ལྟར་འཁོར་ཐམས་ཅད་དང་ལྡན་པ་འདི་བྲམ་ཟེ་ཆེན་པོ་ལ་དད་པར་འགྱུར་རོ། །གང་དེ་མེའི་བརྟུལ་ཞུགས་ཅན་ནས་མེའི་ཕུང་པོ་ཆེན་པོའི་ནང་ནས་ལྷའི་བུ་ལུས་དང ། སྐྲ་དང ། གོས་དཀར་པོ། གཟུགས་བཟང་པོ། བལྟ་ན་སྡུག་པ། ཁ་དོག་མཆོག་ཏུ་རྒྱས་པ་དང་ལྡན་པའི་བར་དུ་ལྟའོ། །དེ་ལྟར་དེ་བཞིན་དུ་སེམས་དང་སེམས་ལས་སྐྱེས་པ་ནས་ཇི་ལྟར་འཁོར་ཐམས་ཅད་དང་ལྡན་པའི་བར་དུ་མེའི་བརྟུལ་ཞུགས་ཅན་དུ་འགྱུར་རོ། ། དེ་ནས་དྲི་མ་མེད་པའི་གོས་གཞོན་ནུར་གྱུར་པས་འཁོར་ཐམས་ཅད་དང་ལྡན་པ་ལ་སྐད་ཀྱི་དབྱངས་ཀྱིས་གསོལ་པ། བཟང་པོའི་ཞལ་འདིར་བྲམ་ཟེ་ཆེན་པོ་ཇི་སྙེད་ཡང་དག་པར་བྱོན་པ་རྣམས་གསོན་ཅིག་།དེ་ལྟར་དྲང་སྲོང་ཆེན་པོ་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ།
363b
བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མིའི་མཁན་པོ། སངས་རྒྱས་བཅོམ་ལྡན་འདས་ཚོལ་བ། སེམས་ཅན་ཐམས་ཅད་དང་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་འགྲོ་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་དཀའ་ཐུབ་དང་བརྟུལ་ཞུགས་དང་ཚངས་པ་སྤྱོད་པ་ཐམས་ཅད་སྟོན་པ། ཟག་པ་ཐམས་ཅད་ཡོངས་སུ་ཟད་པ། འཕགས་པའི་གང་ཟག་གི་རྒྱལ་པོ། སེམས་ཅན་ཐམས་ཅད་ངར་སེམས་པ་མེད་པ། དེད་དཔོན་མྱ་ངན་ལས་འདས་པར་འགྲོ་བ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཡོངས་སུ་ཤེས་པ། བསོད་ནམས་སུ་འགྲོ་བའི་བསོད་ནམས་ཀྱི་མཛོད་ཚད་མེད་པའི་ཡེ་ཤེས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྣམ་པར་ཤེས་པ། གྲངས་མེད་པའི་སྤོབས་པས་མ་རིག་པའི་མུན་པ་ཐམས་ཅད་སེལ་བར་བྱེད་པ། རྣམ་པར་དག་པའི་ང་རོ་དང་དབྱངས་ཡོད་པས་བཟོད་པས་བརྒྱན་པ། མེ་ཏོག་གི་མཚན་ཉིད་ཅན་ལུས་དཔེ་བྱད་བཟང་པོས་བྲིས་པ། གཏང་དུ་མི་བྲ་བའི་གཟུགས་སྟོན་པ། རིགས་དང་མི་མཐུན་པར་སོན་པ། གཟུགས་ཀྱི་སྤྱོད་ཡུལ་དག་དགའ་བར་བྱེད་པ། དགེ་བར་མོས་པས་མངོན་པར་དགའ་བ། ཤེས་རབ་མངོན་དུ་བྱུང་བ་མེད་པ།་སྲིད་པའི་འགྲོ་བ་ཐམས་ཅད་སྐམ་པར་བྱེད་པ། གཙུག་ལག་ཐམས་ཅད་ཀྱི་དམ་ཚིག་དུལ་བ་མེད་པ། སྐུ་མཉམ་པ་མེད་པ། འདོད་པས་གོས་པ་མེད་པ། གཟུགས་དང ། མཚན་
364a
༄#། །མ་དང ། མཚན་ཉིད་ཐམས་ཅད་ལ་གོས་པ་མེད་པ། གཟུགས་མེད་པ་ལས་ཡང་དག་པར་ཤིན་ཏུ་འདས་པ། སྡུག་བསྔལ་ཐམས་ཅད་གྲོལ་བ། མདུད་པ་སྤངས་པ།་འཆི་འཕོ་དང་སྐྱེ་བ་ཐམས་ཅད་ལས་ཕྱིར་ལྡོག་པ། སེམས་ཅན་ཐམས་ཅད་ལ་སྨན་པར་གྱུར་ཅིང་སྡུག་བསྔལ་རབ་ཏུ་གཏོར་བར་བྱེད་པ། དུས་གསུམ་གྱི་ཕུང་པོ་རྣམ་པར་གྲོལ་བ།་སྐྱེ་མཆེད་དང ། སྲེད་པ་ཟད་པ་ལ་ཆགས་པ་མེད་པ། ཆུ་བོ་བཞི་ལས་རྒལ་བ། ཡེ་ཤེས་ཀྱིས་ངོམས་པ་མེད་པ། ཡང་དག་པའི་མཐའ་ལ་སོ་སོར་གནས་པ། རིག་པ་བསྒྲུབས་པས་རིག་པ་ཐམས་ཅད་དང་ལྡན་པ། གཏོང་བ། སྙིང་རྗེ་ཆེན་པོ་ཅན། སེམས་ཅན་རྣམས་མྱ་ངན་ལས་འདས་པའི་ལམ་ལ་འགོད་པ། བདུད་བཞིའི་ཡུལ་ལས་ཡང་དག་པར་ཤིན་ཏུ་འདས་པ། སེམས་ཅན་ཆེན་པོ་བརྗོད་དུ་མེད་པར་ཁོང་དུ་ཆུད་པ་དེ་ཐམས་ཅད་ཁྱོད་དགའ་བར་སྐྱེད་ཅིང་བྱམས་པ་འབྱུང་བར་བྱོས་ཤིག་།མི་ཐོབ་པ་རྙེད་དཀའ་བ་དང ། སྐད་ཅིག་མའི་དུས་རྙེད་དཀའ་བ་དང ། དགེ་བ་ལ་མོས་པ་རྙེད་དཀའ་བ་དང ། དགེ་བའི་གྲོགས་པོ་རྙེད་དཀའ་བ་དང ། ཚངས་པར་སྤྱོད་པའི་གནས་རྙེད་དཀའ་བ་དང ། དབང་པོ་ཡོངས་སུ་རྒྱས་པ་རྙེད་དཀའ་བ་དང ། ཆོས་འདོད་པའི་འཁོར་འདི་འདྲ་བ་རྙེད་དཀའ་བ་དང ། དགེ་བའི་གྲོགས་པོ་ལ་དམིགས་པའི་གཙུག་ལག་འདི་འདྲ་བ་རྙེད་དཀའ་བ་དང ། ཆོས་མཉན་པ་ལ་དམིགས་པ་འདི་འདྲ་བ་རྙེད་
364b
དཀའ་བ་ཁྱོད་ཀྱིས་ཐོབ་པ་ཇི་ལྟར་སྔོན་མ་ཐོས་པ་ད་ཉོན་ཅིག་།སུས་ཡོངས་སུ་མ་ཤེས་པ་ཡོངས་སུ་ཤེས་པར་འགྱུར་རོ། །ལམ་སྔོན་ཁོང་དུ་མ་ཆུད་པ་ཁོང་དུ་ཆུད་པར་གྱུར་ཅིག་།ཁྱོད་སྔོན་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་མངོན་སུམ་དུ་མ་ཡིན་པ་དེ་མངོན་སུམ་དུ་བྱུང་བར་གྱུར་ཅིག་།ཁྱོད་སྔོན་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་མ་བསྒོམས་པ་དེ་ད་སེམས་སྒོམ་པར་གྱུར་ཅིག་།ཁྱོད་ཟག་པ་མ་ཟད་པར་འགྱུར་བ་དང ། མུན་པ་མུན་ནག་ཏུ་གྱུར་པའི་འཁོར་བ་རྣམས་ཤེས་རབ་ཆེན་པོའི་སྣང་བ་དང་ལྡན་པར་གྱུར་ཅིག་།དེ་ནས་ཁྱོད་དེ་མ་ཐག་ཏུ་དཀའ་ཐུབ་དང ། བརྟུལ་ཞུགས་དང ། ཚངས་པར་སྤྱོད་པ་ཐམས་ཅད་ཀྱི་འབྲས་བུ་རྣམ་པར་སྨིན་པ་དེ་བཞིན་དུ་ཉོན་ཅིག་།ཇི་ལྟར་བཅོམ་ལྡན་འདས་དྲང་སྲོང་ཆེན་པོ་ད་ལྟར་སེམས་རྩེ་གཅིག་ཏུ་སྟོན་ཏོ། །དེ་ནས་མུ་སྟེགས་ཅན་དེ་དག་ཐམས་ཅད་མགུ་ཞིང་རངས་པ་དང ། རབ་ཏུ་དགའ་བའི་སེམས་ཀྱིས་སེམས་རྩེ་གཅིག་ཏུ་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་མིག་མི་འཛུམ་པར་ལྟ་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དྲི་མ་མེད་པའི་གོས་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ། ཅི་འདྲ་བའི་ཚུལ་གྱིས་ན་བཟོད་པ་སོ་སོར་ཐོབ། དམ་པའི་ཆོས་ཅི་འདྲ་བའི་ཚུལ་གང་དང་གང་གིས་ན་སེམས་ཅན་སྙིང་པོར་གནས་པ་ལ་གྲོལ་བར་འགྱུར་རམ། ཚུལ་ཐམས་ཅད་ཟད་པའི་ཕ་རོལ་ཏུ་འགྲོ་བར་འགྱུར་རམ། ཅི་རལ་
365a
༄#། །པས་ཡོངས་སུ་གྲོལ་བར་འགྱུར་རམ། འོན་ཏེ་རུས་སམ། ལུས་ཀྱིས་བྱུག་པ་དང ། ཐལ་བའི་མལ་གྱིས་ཡོངས་སུ་གྲོལ་བར་འགྱུར་རམ། འོན་ཏེ་བརྒྱ་བྱིན་དང ། ཚངས་པ་དང ། ཟླ་བ་དང ། ཉི་མ་དང ། མེ་དང་སྟེན་པའི་བར་དུ་སྙིང་པོར་གནས་པ་ལ་ཡོངས་སུ་གྲོལ་བར་འགྱུར་རམ། འཇིགས་པ་རྣམ་པ་ཐམས་ཅད་ཟད་པའི་ཕ་རོལ་ཏུ་འགྲོ་བར་འགྱུར་རམ། དེ་སྐད་ཅེས་བཀའ་སྩལ་པ་དང ། དྲི་མ་མེད་པའི་གོས་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། སེམས་ཅན་ལྟ་བའི་རྙེད་པ་འདིས་སྙིང་པོར་གནས་པ་ལ་འགྲོ་བར་མི་འགྱུར་རོ། །འཆི་འཕོ་དང་སྐྱེ་བ་ཤིན་ཏུ་སྲིད་པ་འགྲོ་བ་ལ་བརྟག་པ་ན། སྲིད་པ་ཀུན་ཏུ་སྦྱོར་བའི་ཕ་རོལ་ཏུ་འགྲོ་བར་མི་འགྱུར་རོ། །སེམས་ཅན་གྱི་མཐའ་འདི་གཉིས་ཀྱིས་གང་སོ་སོར་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའ་ལ་འགྲོ་བའི་འོད་ཀྱིས་འདུལ་བའི་བཟོད་པ་འདི་ཡོངས་སུ་ཉམས་པར་འགྱུར་རོ། །གང་ཡང་འདོད་པ་དང་འདོད་པ་བདེ་བའི་རྗེས་སུ་སྦྱོར་བ་རང་བཞིན་གྱིས་འགྲོ་བ་ངན་པའི་མི་ལ་བརྩོན་ནོ། །གང་ཡང་བདག་ལ་གནོད་པར་སྦྱོར་བའི་ཞགས་པ་འཐུབ་པ་དགུ་བཅུ་རྩ་ལྔ་ཚུལ་ཁྲིམས་དང་བརྟུལ་ཞུགས་ངན་པ་འཕགས་པ་མ་ཡིན་པ་དང ། དོན་དུ་མི་འགྱུར་བ་འདི་གཉིས་ཀྱི་བཟོད་པ་ཡོངས་སུ་ཉམས་པའི་ཕྱིར་འཇིག་པར་འགྱུར་རོ། །
365b
ཉོན་མོངས་པའི་ཕུང་པོ་ཆེན་པོ་འབྱུང་བར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས། དེ་འདི་བཟོད་པ་སྒོམ་པ་དང ། གང་གིས་བཟོད་པ་ཐོབ་པ་མི་ཤེས་སོ། །གང་ལ་འདོད་ཆགས་ཞེ་སྡང་དང ། །ང་རྒྱལ་འཆད་པར་རབ་ཏུ་གནས། །ཕུང་པོ་ལྔ་དང་མི་ལྡན་པས། །བྱས་པ་ཤེས་ལ་མེད་པར་འགྲོལ། །ཕ་མ་དགྲ་བཅོམ་སྟོང་པ་སྟེ། །སྟོང་པའི་ཆོས་ལ་བསྟེན་པས་ན། །དངོས་པོ་མེད་ཅིང་འདྲེས་མེད་པ། །ཚུལ་གཅིག་གིས་ནི་གྲོལ་བར་འགྱུར། །ཚོར་བ་རྣམ་གསུམ་འདྲེས་མེད་ཅིང ། །འདུ་བྱེད་གསུམ་ཡང་སྙེམས་པ་མེད། །ཇི་ལྟར་ཤེས་པ་མཆོག་གི་ཕྱིར། །སྲིད་པ་ཟད་ལ་འགྲོལ་བར་འགྱུར། །ཁམས་གསུམ་དག་ནི་སྙེམས་མེད་པ། །རིག་པ་གསུམ་ནི་རབ་ཏུ་བསླབས། །ཚོར་བ་རྣམ་གསུམ་ཡོངས་ཤེས་ཤིང ། །དུས་གསུམ་ལ་ནི་ཆགས་པ་མེད། །སྨོན་པའི་འདོད་ཆགས་ཟད་པ་དང ། །བརྗོད་དུ་མེད་ལ་གྲོལ་བར་འགྱུར། །ཇི་ལྟར་ཉི་ཟླ་ནམ་མཁའ་རྣམས། །རྒྱུ་བ་ལ་ནི་ཆགས་པ་མེད། །མཐའ་གཉིས་རྣམ་པར་སྤངས་ནས་ནི། །སྐྱེ་བ་ཟད་ལ་འགྲོལ་བར་འགྱུར། །སྙིང་རྗེ་ཆེན་པོ་རྣམ་གཉིས་སྤོང ། །སྡུག་བསྔལ་ཐམས་ཅད་རབ་ཏུ་བཀྲོལ། །བློ་གྲོས་རྟོག་པ་སྤངས་པས་ན། །སྙིང་པོར་གནས་པ་རྣམ་པར་བཀྲོལ། །རྟོག་དང་རྣམ་རྟོག་སྤངས་པ་ནི། །བསོད་ནམས་ཆགས་པའི་སྡིག་པ་མེད། །སེམས་ཅན་རྣམས་ནི་སྙིང་བརྩེའི་ཕྱིར། །སྤྱོད་ལ་ཆགས་པ་འགྲོལ་བར་འགྱུར། །ལྷ་དང་དྲི་ཟ་མི་རྣམས་ཀྱིས། །དྲང་པོའི་ལམ་ནི་མི་
366a
༄#། །ཤེས་སོ། །དེ་ལྟར་ཤིན་ཏུ་རྟོགས་པའི་ཕྱིར། །སྤྱོད་ལ་ཆགས་པ་འགྲོལ་བར་འགྱུར། །སྙིང་རྗེ་དང་ལྡན་ཡིད་གཞུངས་པ། །སེམས་ཅན་སྤྱོད་པ་རབ་མི་ཤེས། །ཡེ་ཤེས་མཆོག་དང་ལྡན་པས་ན། །སེམས་ཅན་སངས་རྒྱས་རབ་ཏུ་འགྲོལ། །ཡང་དྲི་མ་མེད་པའི་གོས་གཞོན་ནུར་གྱུར་པས་འདི་བསྟན་པའི་ཚེ་ཡོངས་སུ་སྦྱང་བ་སྔོན་བྱས་པའི་མུ་སྟེགས་ཅན་གཞན་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་བརྒྱད་ཀྱིས་སོ་སོར་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའ་ལ་འགྲོ་བའི་འོད་ཀྱིས་འདུལ་བའི་བཟོད་པ་འདི་སོ་སོར་ཐོབ་པར་གྱུར་ཏོ། །མུ་སྟེགས་ཅན་གཞན་མེ་བཅུ་རྡུལ་ཡལ་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་པར་གྱུར་ཏོ། །ཕྱིར་མི་ལྡོག་པའི་ས་ཐོབ་པར་གྱུར་ནས་ལྷ་དང ། དྲི་ཟ་དང ། མིའི་འཁོར་ཐམས་ཅད་དང་ལྡན་པ་དེས་དྲི་མ་མེད་པའི་གོས་གཞོན་ནུར་གྱུར་པ་ལ་ལེགས་སོ། །ཞེས་བྱ་བ་བྱིན་ནོ། །སྐྱེས་བུ་དམ་པས་ཤིན་ཏུ་ལེགས་པར་བཤད་པ་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་དེས་ཀྱང་དྲི་མ་མེད་པའི་གོས་གཞོན་ནུར་གྱུར་པ་ལེགས་སོ། །ཞེས་བྱ་བ་བྱིན་ནོ། །སྐྱེས་བུ་དམ་པ། ཁྱོད་ཀྱིས་སེམས་ཅན་མང་པོ་ཡོངས་སུ་སྨིན་པར་བྱས་པ་དང ། ལེགས་པར་བཤད་པ་ལེགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྒྲ་ཀུན་ཏུ་འཚོ་བའི་མེའི་བརྟུལ་ཞུགས་ཅན་ལ་བཀའ་སྩལ་པ། སྒྲ་ཀུན་ཏུ་འཚོ་བ། ལས་ཀྱི་
366b
སྒྲིབ་པ་རྣམ་པར་དག་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ཞེས་བྱ་བ་ནི། ལས་རྣམ་པར་སྨན་པ་ཡིད་ཀྱིས་བྱ་བ་ལ་ཆགས་པ་མེད་པའོ། །ཆོས་ཐམས་ཅད་ལ་སྙེམས་པ་མེད་པའོ། །འདོད་ཆགས་ཀྱི་མཐའ་ལ་སོགས་པ་མེད་པའོ། །ཞེ་སྡང་དང ། གཏི་མུག་གི་མཐའ་ལ་སོགས་པ་མེད་པའོ། །སྙེམས་པ་མེད་པའོ། །ཉེ་བར་འགྲོ་བ་མེད་པའོ། །ཉེ་བར་ལེན་པ་མེད་པའོ། །དེ་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་པའོ། །གང་མངོན་སུམ་དུ་མི་བྱེད་པ་དེ་རློམ་ཞིང་སེམས་པ་མེད་པའོ། །གང་རློམ་ཞིང་སེམས་པ་མེད་པ་དེ་གཟུང་བ་མེད་པའོ། །གང་གཟུང་དུ་མེད་པ་དེ་ཆགས་པ་མེད་པའོ། །གང་ཆགས་པ་མེད་པ་དེ་དངོས་པོ་མེད་པའོ། །གང་དངོས་པོ་མེད་པ་དེ་ཤེས་པ་མེད་པའོ། །གང་ཤེས་པ་མེད་པ་དེ་ཚུ་རོལ་དང་ཕ་རོལ་ཏུའོ། །གང་ཚུ་རོལ་དང་ཕ་རོལ་པོ་དེ་བརྗོད་དུ་མེད་པའོ། །གང་བརྗོད་དུ་མེད་པ་དེ་དངོས་པོ་མེད་པའོ། །གང་དངོས་པོ་མེད་པ་དེ་འབྱུང་བ་མེད་པའོ། །གང་འབྱུང་བ་མེད་པ་དེ་འགོག་པ་མེད་པའོ། །གང་འགོག་པ་མེད་པ་དེ་ཡི་གེ་མེད་པའོ། ། གང་ཡི་གེ་མེད་པ་དེ་དུས་གསུམ་དང་སྐད་ཅིག་མར་བྲལ་བའོ། །གང་དུས་གསུམ་དང་སྐད་ཅིག་མར་བྲལ་བ་དེ་སོ་སོར་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའ་ལ་འགྲོ་བའི་འོད་ཀྱིས་འདུལ་བའི་བཟོད་པ་དང་ལྡན་པ་གང་བྱང་ཆུབ་སེམས་དཔས་བདུད་ཐམས་ཅད་ཀྱི་ལམ་ལ་ཡོངས་སུ་སྦྱོར་བར་བྱེད་དོ། །གཞན་ཡང་སྒྲ་ཀུན་ཏུ་འཚོ་བ། གང་བྱང་ཆུབ་སེམས་དཔའ་ཉན་ཐོས་
367a
༄#། །དང ། རང་སངས་རྒྱས་ཀྱི་ཐེག་པ་ལ་རེག་པར་མི་བྱེད། འདུས་བྱས་ཀྱི་ཆོས་ལ་སྙེམས་པ་མེད་ཅིང་རེག་པར་མི་བྱེད། འདི་ལྟ་སྟེ། དཔེར་ན། ནམ་མཁའ་དང་ཆོས་ཐམས་ཅད་ལ་སྙེམས་པ་མེད་ཅིང་རེག་པ་མེད་པ་དེ་ལྟར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཆོས་ལ་སྙེམས་པ་མེད་ཅིང་རེག་པ་མེད་དེ། དེ་ནས་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བར་བྱེད་དོ། །འདི་སྟོན་པ་བསྟན་པའི་ཚེ་ཆུ་བོ་གངྒཱའི་བྱེ་མ་སྙེད་ཀྱི་ལས་སྔོན་བྱས་པའི་མུ་སྟེགས་ཅན་གཞན་སོ་སོར་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའ་ལ་འགྲོ་བའི་འོད་ཀྱིས་འདུལ་བའི་བཟོད་པ་ཞེས་བྱ་བ་སོ་སོར་ཐོབ་པར་གྱུར་ཏོ། །ཆུ་བོ་གངྒཱ་བདུན་གྱི་བྱེ་མ་སྙེད་ཀྱི་མུ་སྟེགས་ཅན་གཞན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་པར་གྱུར་ཏོ། །ཕྱིར་མི་ལྡོག་པའི་ས་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་སྤོང་བ་ཀུན་ཏུ་རྒྱུ་ལ་བཀའ་སྩལ་པ། བདུད་སྤོང་བ། གང་ཁྱིམ་གྱི་གནས་ནས་བྱུང་སྟེ་ཐར་པ་ལ་མངོན་པར་བརྩོན་པའི་རྐྱེན་གྱིས་ཆོས་དང་ཆོས་ཉིད་ཀྱི་རྗེས་སུ་རབ་ཏུ་མི་ཤེས་སོ། །ཡོངས་སུ་གྲོལ་བ་མེད་དོ། །སྐྱེ་བ་དང ། རྒ་ཤི་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་ཡོངས་སུ་ཐར་པ་མེད་དོ། །ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་རྟག་ཏུ་ཕྱི་མའི་མཐའ་འཁོར་བའི་ཆུ་ཀླུང་
367b
རྟག་ཏུ་འབབ་བོ། །ཅི་འདྲ་བའི་ཡིད་དམ་བགྱིས་ན། རྐྱེན་གྱིས་རབ་ཏུ་མི་ཤེས། འདི་ལྟ་སྟེ། དེ་བཞིན་དུ་ཁྱོད་ཀྱི་གཟུགས་དཀའ་ཐུབ་དང ། བརྟུལ་ཞུགས་དང ། ཚངས་པར་སྤྱོད་པའི་འབྲས་བུ་མེད་པ། འཕགས་པ་ལ་དམོད་པ་ནི། ཇི་ལྟར་ལ་ལ་གོས་མེད་པ་དང ། ལ་ལ་གོས་པོར་བ་དང ། ལ་ལ་རུས་པའི་རྡུལ་གྱིས་བྱུགས་པ་དང ། ལ་ལ་ཐལ་བས་བྱུགས་པ་དང ། ལ་ལ་སྣག་ཚས་བྱུགས་པ་དང ། ལ་ལ་ཁུ་ཆུ་བྱུང་བས་བྱུགས་པ་དང ། ལ་ལ་བད་ཀན་གྱིས་བྱུགས་པ་དང ། ལ་ལ་ཉལ་ཉིལ་གྱིས་བྱུགས་པས་འཁོད་དོ། །ལ་ལ་སྐྲའི་སྣམ་བུ་གྱོན་ཏོ། །ལ་ལ་བལ་གྱི་སྣམ་བུ་དང ། ལ་ལ་སྨྱིག་མའི་གོས་དང ། ལ་ལ་རྩཝའི་འདབ་མའི་གོས་དང ། ལ་ལ་དུར་ཁྲོད་པའི་གོས་དང ། ལ་ལ་མིང་མཁན་ཙམ་གྱི་གོས་དང ། ལ་ལ་བྱའི་གོས་དང ། ལ་ལ་བ་ལང་གི་སླུད་བུ་དང ། ལ་ལ་ཕྱག་དར་ཁྲོད་ཀྱི་གོས་དང ། ལ་ལ་པགས་པ་དང ། རྙིང་པའི་གོས་གྱོན་ཏོ། །ལ་ལ་ཚོད་མ་ཟ་བར་འགྱུར་རོ། །ལ་ལ་ནས་ཟ་བ་དང ། ནས་ལས་བྱས་པ་ཟ་བ་དང ། སྦུན་པ་ཟ་བ་དང ། བྱ་ཟ་བ་དང ། རི་དྭགས་ཟ་བ་དང ། དུག་ཟ་བ་དང ། མར་ཟ་བ་དང ། འབྲས་བུ་ཟ་བ་དང ། རྩཝ་ཟ་བ་དང ། ཤུན་ཕྲགས་ཟ་བ་དང ། འདབ་མ་ཟ་བ་དང ། མེ་ཏོག་ཟ་བ་དང ། ལ་ལ་ཡང་འབྲས་བུའི་རོ་ཟ་བ་དང ། ལ་ལ་ཡང་པདྨོའི་རྩ་བའི་ཚལ་བ་ཟ་བ་དང ། རླུང་ཟ་བ་དང ། པགས་པ་ཟ་བ་དང ། ཁྲག་ཟ་བ་དང ། ལ་ལ་ཡང་ངན་སྐྱུག་སྐམ་པོ་ཟ་བར་འགྱུར་བ་
368a
༄#། །དེ་ཉིན་མཚན་ཤིན་ཏུ་གཏོང་བར་བྱེད་དོ། །ལ་ལ་དེ་བཞིན་དུ་ས་ཁ་ར་ཟ་བ་ལེན་པ་མེད་ཅིང་ལག་པས་མ་ཡིན། ཁས་མ་ཡིན། ལྷུང་བཟེད་ལས་མ་ཡིན། འབྲེང་བུས་མ་ཡིན། གཏུན་བུའི་བར་ལས་མ་ཡིན། རྩཝ་ལས་མ་ཡིན་ཞིང་ཉིང་རུམ་ལས་ཟ་བ་སོ་སོར་ལེན་པ་མེད་དོ། །རྗེའུ་རིགས་ཀྱི་ལག་པ་ནས་ཟ་བ་སོ་སོར་ལེན་པ་མེད་དོ། ། བྲམ་ཟེའི་ལག་པ་ནས་མ་ཡིན། མཐའ་མེད་པའི་ལག་པ་ནས་མ་ཡིན། བྱོལ་སོང་བའི་སྐྱེ་གནས་ཀྱི་ཁ་ནས་མ་ཡིན། ཆུར་བོར་བ་ལས་མ་ཡིན། ས་ལ་བཞག་པ་ལས་མ་ཡིན། རིའི་ཁ་ལས་མ་ཡིན། སྣོད་གཅིག་ཏུ་གཉིས་ཟ་བ་མ་ཡིན། བཟའ་བ་ལག་པས་ལེན་པ་མེད་དོ། །ལ་ལ་གཤེར་བ་ལས་ཟ་བ་མེད་དོ། །གང་ལ་བུད་མེད་སྦྲུམ་པ་མེད་པ་དང ། གང་ལ་ཁྱིམ་གནས་པ་དང ། གང་ན་ཆོ་ག་མེད་པ་དང ། གང་ན་སྦྲང་མ་རྒྱུ་བ་འདི་ལ་ཟ་བ་མེད་དོ། །བཙུན་པ་ཁྱོད་ཀྱི་ཕྱིར་གང་སུ་ཞིག་གིས་མཆོད་སྟོན་དེ་ལྟར་བྱས་སོ། །ཞེས་དེ་བཞིན་སྨྲས་པ་འདི་ཟོས་པ་མེད་དོ། །མར་མེད་པ་དང ། ཤ་མེད་པ་དང ། སྒོག་པ་མེད་པ་ཆེ་དཀར་བྱས་ཏེ་ཟོས་པ་མེད་དོ། །ཆང་འཐུངས་པ་མེད་དོ། །སྦྲང་རྩི་དང ། བུ་རམ་དང ། རྒུན་ཆང་དང ། མར་འཐུང་ཞིང་ཟས་དང་སྐོམ་གཞན་ལེན་པའང་མེད་དོ། །ཁྱིམ་གཅིག་ཏུ་ཐམས་ཅད་ཟའོ། །ལ་ལ་ཡང་རིལ་པོ་གཅིག་གིས་ཉིན་མཚན་ཤིན་ཏུ་གཏོང་བར་བྱེད། ལ་ལ་རིལ་པོ་
368b
གཉིས་ལས་བདུན་གྱི་བར་དུ་ཉིན་མཚན་ཤིན་ཏུ་གཏོང་བར་བྱེད། ལ་ལ་ཡང་རིལ་པོ་གཅིག་གིས་ཉིན་མཚན་ཤིན་ཏུ་གཏོང་བར་བྱེད། ལ་ལ་ཉིན་མཚན་གསུམ་དང ། ལ་ལ་བཞི་དང ། ལ་ལ་ལྔ་དང ། ལ་ལ་དྲུག་དང ། ལ་ལ་ཡང་ཉིན་མཚན་བདུན་གྱིས་ཤིན་ཏུ་གཏོང་བར་བྱེད། ལ་ལ་ཡང་སློང་བ་གཅིག་གིས་ཉིན་མཚན་ཤིན་ཏུ་གཏོང་བར་བྱེད། ལ་ལ་གཉིས་དང་གསུམ་ནས་བདུན་གྱི་བར་དུ་སློང་བས་ཉིན་མཚན་ཤིན་ཏུ་གཏོང་བར་བྱེད། ལ་ལ་ཚེར་མའི་ནང་དུ་མལ་བྱེད་པ་དང ། ལ་ལ་ཞིང་གི་རོལ་དང ། ལ་ལ་རུས་པ་དང ། ལ་ལ་ཐལ་བ་དང ། ལ་ལ་གྲམ་བུ་དང ། ལ་ལ་རྡོ་བ་དང ། ལ་ལ་གཏུན་བུའི་སྡུག་བསྔལ་གྱི་ནང་དུ་མལ་བྱེད་པར་འགྱུར་རོ། །ལ་ལ་སྟན་གྱིས་ཡོངས་སུ་བསྐོར་བ་དང ། ལ་ལ་ལག་པ་གྱེན་དུ་ཉིན་མཚན་ཤིན་ཏུ་གཏོང་བར་བྱེད། ལ་ལ་ལག་པ་ཡན་ལག་ལ་འཇུས་ཤིང་ཉིན་མཚན་ཤིན་ཏུ་གཏོང་བར་བྱེད། ལ་ལ་སྐྲ་དང ། ག་ཚོམ་དང ། ལ་ལ་རྐང་པ་ཡན་ལག་ལ་འཇུས་ཤིང་ཉིན་མཚན་ཤིན་ཏུ་གཏོང་བར་བྱེད། ལ་ལ་ཆུའི་ནང་དུ་ཞུགས་ཏེ་ཉིན་མཚན་ཤིན་ཏུ་གཏོང་བར་བྱེད། ལ་ལ་རྐང་པ་གཅིག་གིས་ཟླ་བ་སྟོན་པས་ན་ཉིན་མཚན་ཤིན་ཏུ་གཏོང་བར་བྱེད། ཉི་མས་སྐེམ་ཕན་ཉིན་མཚན་ལྔས་ཤིན་ཏུ་གཏོང་བར་བྱེད། ལ་ལ་སྐྲ་དང་ཨག་ཚོམ་འཐོག་པ་དང་ལྡན་པས་ཉིན་མཚན་ཤིན་ཏུ་གཏོང་བར་བྱེད། ལ་ལ་རལ་པའང་འཛིན་པར་བྱེད། ཆུའང་འཛིན་པར་
369a
༄#། །བྱེད།་དབྱིག་པ་གསུམ་སྤྱོད་པར་བྱེད། ལ་ལ་རི་ལ་ལྟུང་བར་བྱེད། ལ་ལ་མེ་ལ་ལྟུང་བར་བྱེད། ལ་ལ་ཆུ་ལ་འཇུག་པར་བྱེད། ལ་ལ་རི་དང་ཤིང་དང་ལྟེང་ཀའི་ལྷ་བྲན་ལ་ཕྱག་བྱ་བས་ཉིན་མཚན་ཤིན་ཏུ་གཏོང་བར་བྱེད། ལ་ལ་བྱོལ་སོང་གི་སྐྱེ་གནས་ཀྱི་བརྟུལ་ཞུགས་ཀྱིས་ཉིན་མཚན་ཤིན་ཏུ་གཏོང་བར་བྱེད། སྡིག་པ་སྤོང་བ། ཁྱོད་ཀྱིས་གཟུགས་དེ་བཞིན་དུ་དཀའ་ཐུབ་དང ། བརྟུལ་ཞུགས་དང ། ཚངས་པར་སྤྱོད་པ་ལ་གནས་པ་ཕྱོགས་དང་མི་མཐུན་པའི་མྱ་ངན་ལས་མ་འདས་ཤིང་འཕགས་པས་སྨོད་གོར་མ་ཆག་།བཙུན་པ་བཅོམ་ལྡན་འདས། དེ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་པ་སྤོང་བ། ཁྱོད་ཐར་པ་ལའང་ཕྱོགས་དང་མི་མཐུན་པའི་མྱ་ངན་ལས་འདས་པས་འཕགས་པ་ལ་སྨོད་པ་ནི། འདི་ལྟ་སྟེ། དྲི་མས་དྲི་མ་བཀྲུས་པ་དང ། དམར་པོས་དམར་པོ་བཀྲུས་པ་དང ། མུན་པས་མུན་པ་ལ་ཞུགས་པ་དང ། དུག་གིས་དུག་ཟོས་པ་དང ། ཚིག་པས་མེའི་ནང་དུ་བཅུག་པ་དེ་ལྟར་དེ་བཞིན་དུ་ཁྱོད་སྡུག་བསྔལ་མྱ་ངན་ལས་འདའ་བའི་ཐར་པ་ལ་བརྩོན་པས་ཉོན་མོངས་པ་ལས་ཐར་པར་བྱ་བའི་ཕྱིར་ཁྱོད་ཀྱི་གཟུགས་དེ་བཞིན་དུ་མཆོག་ཏུ་དཀའ་བ་སྤྱོད་པ་བདག་ལ་གནོད་པའི་རྗེས་སུ་སྦྱོར་བར་འགྱུར་རོ། །ཕྱི་ཕྱིར་ཡང་ཉོན་མོངས་པ་སྟུག་པོས་བཅིངས་ཤིང་བཏགས་པར་འགྱུར་རོ། །སྡིག་པ་སྤོང་
369b
བ།་བདག་ནི། གྲངས་མེད་པའི་བསྐ་པ་ལས་ཤིན་ཏུ་འདས་པ་དང ། ཤིན་ཏུ་གྲངས་མེད་ཚད་མེད་པའི་རྣམ་པ་རྒྱས་པར་མངོན་པར་ཤེས་སོ། །གང་བདག་དེའི་དུས་དེའི་ཚེ་ན་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་གི་རྒྱལ་པོ་བསོད་ནམས་ཀྱི་འོད་ཟེར་གྱི་མཛོད་ཅེས་བྱ་བ་དང ། དབུ་མའི་གླིང་བཞི་དང ། ཛམྦུའི་གླིང་གི་དབང་པོར་ཡང་ལོ་སྟོང་གི་བར་དུ་སྐྱེ་བར་གྱུར་ཏོ། །དེའི་ཚེ་ན་ཡང་སེམས་ཅན་རྣམས་ཤིན་ཏུ་རྒ་ཤིའི་བགེགས་སུ་གྱུར་ཏོ། །དེའི་ཚེ་ན་སངས་རྒྱས་འབྱུང་བ་མེད་པ་དང ། སངས་རྒྱས་ཀྱི་བསྟན་པ་མེད་པས་ཡང་དེའི་ཚེ་ན་རང་སངས་རྒྱས་སུ་གྱུར་པའང་མེད་དོ། །དྲང་སྲོང་ཡང་མེད་དེ། ཕྱི་མའི་དུས་ན་བདག་དགོན་པ་དང ། ནགས་འདབས་ནས་འབྱུང་བར་གྱུར་ཏོ། །ལ་ལ་ལྷའི་བྱ་བ་ཁ་དོག་བཞི་དང ། ལུས་ཀྱི་སྟོབས་དང་ལྷན་ཅིག་སྐྱིལ་མོ་ཀྲུང་བཅས་པ་དེ་ལ་བདག་དང་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་བལྟ་བར་གྱུར་ཏོ། །ཟླ་བ་དང་ཉི་མས་སྟོན་པ་དེ་ལ་བདག་གིས་དྲིས་པ། གང་བདག་གིས་བཟུང་ཞིང་བཏང་སྟེ། དགོན་པ་དང་ནགས་འདབས་སུ་སྤྱོད་ཅིག་།ཅེས་ཁྱོད་ལ་སྟོན་པ་སུ། དེས་སྨྲས་པ། བདག་ནི། རྒ་ཤིའི་བགེགས་སོ། །ཤུ་བས་ཡོངས་སུ་བཟུང་བ་དང ། ནད་ཀྱིས་ཡོངས་སུ་བཟུང་བ་དང ། ཟུག་རྡུས་ཡོངས་སུ་བཟུང་བ་སྟེ། ཡོངས་སུ་བཟུང་བ་དེ་ཐམས་ཅད་བདག་གིས་གཏོང་བ་དང ། ནགས་འདབས་སུ་ཐར་བའི་ཐབས་མི་ཤེས་པས་ཉིན་མཚན་ཤིན་ཏུ་གཏོང་བར་གྱུར་ཏོ།།
370a
༄#། །དེ་ལ་བདག་གིས་དྲི་བ་དྲིས་པ། ཁྱོད་ལ་སྟོན་པ་སུ། དེས་སྨྲས་པ། ཉི་མ་དང་ཟླ་བ་གཉིས་བདག་གིས་བསྟན་ཏེ། རྒ་ཤི་འབྱུང་བ་ལ་བརྟེན་པར་ཡང་མི་ཤེས་སོ། །བདག་དེ་ལྟར་སེམས་སྐྱེས་པས་བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་འགྱུར་རོ། །བདག་གང་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ། གང་བདག་ནི། སེམས་ཅན་རྣམས་ཀྱི་ལམ་འདི་མཐོང་བའང་མེད་དོ། །བདག་ནི། མ་འོངས་པའི་དུས་ན་སྒྲིབ་པ་མེད་པའི་ཡེ་ཤེས་རྣམ་པར་གྲོལ་བའི་ལས་ཀྱི་སྒྲིབ་པའང་མེད་དོ། །བདག་དེ་ལས་ཕྱིར་ལོག་སྟེ་རང་རྒྱལ་པོའི་ཕོ་བྲང་དུ་ཞུགས་ཏེ་བདག་གིས་བུད་མེད་ཀྱི་རྩེ་བའི་རང་བཞིན་ཐམས་ཅད་སྤངས་ཤིང་རྒྱལ་པོའི་དགོས་པ་ཐམས་ཅད་བོར་ཏེ་ཉིན་མཚན་བདུན་དུ་ཁ་ཟས་མེད་པར་སོ་སོ་ནས་བསྡུས་ཏེ་ཐིམ་པ་གཅིག་ཏུ་སྤྱོད་པར་འགྱུར་རོ། །བདག་དེ་བཞིན་དུ་སྨོན་ལམ་བསྐྱེད་དོ། །གལ་ཏེ་བདག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་མདུན་དུ་དགེ་བའི་རྩ་བ་བསྐྱེད་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པར་འགྱུར་རོ། །དེ་འདི་སངས་རྒྱས་བཅོམ་ལྡན་འདས་དག་དགོངས་ཤིང ། བདག་ནི། གང་ཕྱོགས་བཅུའི་ཚད་མེད་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་ན་གནས་སོ། །འཚོའོ། །སྐྱོང་ངོ ། །སྙིང་རྗེ་ཆེན་པོ་དང་ལྡན་པའི་སེམས་ཅན་
370b
རྣམས་ལ་ཆོས་སྟོན་ཏོ། །སངས་རྒྱས་བཅོམ་ལྡན་འདས་དེའི་སྒྲིབ་པ་མེད་པའི་ཡེ་ཤེས་སྟོན་ཅིང་བདག་གི་རེ་བ་ཡོངས་སུ་རྫོགས་པར་བྱེད་དོ། །ཇི་ལྟར་བདག་དེ་འདྲ་བའི་ཉེ་བར་ལེན་པའི་རྙེད་པར་གྱུར་པ་གང་གི་ཐབས་ཀྱིས་གང་ལ་བདག་དེ་ལྟར་སེམས་ཅན་རྣམས་ཀྱི་གཉེན་དུ་གྱུར། སེམས་ཅན་རྒ་ཤིའི་ལམ་མཐོང་བར་གྱུར། གལ་ཏེ་བདག་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་མེད་པས་དེ་ལྟར་བདག་ཟས་དང་སྐོམ་ཡོངས་སུ་མི་ཟ་བ་ནས་བཀྲེས་ཤིང་སྐོམ་པས་ཤི་བར་བྱས་པའི་བར་དུ་མནར་མེད་པའི་དམྱལ་བ་ཆེན་པོ་མི་ཟད་པར་དྲག་ཅིང་ཚ་བའི་སྡུག་བསྔལ་གྱི་ཚོར་བ་རྣམས་ཚོར་བར་འགྱུར་ཞིང་སེམས་ཅན་ཐམས་ཅད་ཕྱི་མའི་མཐའ་ལ་ཐུག་གི་བར་དུ་འཁོར་བ་ནི། ཆུང་ངུ་ན་སེམས་ཅན་གཅིག་ཀྱང་འཁོར་བ་ལས་གྲོལ་བ་མེད་དོ། །བདག་ཀྱང་དམྱལ་བ་ལས་ཡོངས་སུ་གྲོལ་བ་མེད་པ་ནི། གང་སྔོན་གྱི་མཐའ་ལ་ཐུག་པ་དང ། ཕྱི་མའི་མཐའ་ལ་ཐུག་པའི་སེམས་ཅན་རྣམས་ཉོན་མོངས་པ་སྐྱེ་བ་དང ། སྡུག་བསྔལ་སྐྱེ་བ་དང ། སེམས་ཅན་གྱི་སྒྲིབ་པ་དང ། ཉོན་མོངས་པའི་སྒྲིབ་པ་དང ། ལས་ཀྱི་སྒྲིབ་པ་དང ། ཆོས་ཀྱི་སྒྲིབ་པ་བོར་བར་འགྱུར་རོ། །ཡོངས་སུ་སྨིན་པ་མེད་པ་དང ། ཉམས་པ་མེད་པ་ཡོད་པས་ངན་འགྲོ་གསུམ་གྱི་ཆོས་རྣམ་པར་སྨིན་པ་དེ་ཐམས་ཅད་སེམས་ཅན་རྣམས་ཀྱི་དགའ་བར་བྱས་པ་བདག་གི་ལུས་དམྱལ་བར་སྐྱེས་པས་རྣམ་པར་སྨིན་པར་འགྱུར་རོ། །
371a
༄#། །གང་ཡང་ཕྱི་མའི་མཐའ་ལ་ཐུག་པའི་སེམས་ཅན་རྣམས་ངན་པར་བྱས་པའི་ལས་བོར་ཏེ། དེའང་བདག་གི་ལུས་དེ་ལྟར་མནར་མེད་པ་སྐྱེས་པ་རྣམ་པར་སྨིན་པར་འགྱུར། གང་བདག་གིས་དགེ་བ་བསགས་པ་དེ་སེམས་ཅན་རྣམས་དགེ་བའི་ལས་མངོན་པར་བྱེད་པས་བདག་གིས་བསྔོས་སོ། །ཇི་ལྟར་སེམས་ཅན་ཐམས་ཅད་འཇིགས་པ་མེད་པའི་ཁང་བར་གནས་པ་མེད་པར་གྱུར་པ་དེ་ལྟར་བདག་མནར་མེད་པའི་དམྱལ་བ་ཆེན་པོ་ལས་ཡོངས་སུ་གྲོལ་བ་མེད་དོ། །སྡིག་པ་སྤོང་བ། དེ་ཉིན་མཚན་བདུན་དུ་ཁ་ཟས་མེད་པར་སྨོན་ལམ་གྱི་ཁྱད་པར་སྤྱོད་དེ། །དེའི་དུས་ན་སྡིག་པ་སྤོང་བ་བྱང་ཕྱོགས་སུ་སོང་སྟེ་སངས་རྒྱས་ཀྱི་ཞིང་བྱེ་བ་ལས་ཤིན་ཏུ་འདས་པར་གྱུར་ཏོ། །དེ་ལ་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དགེ་བ་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང་དུ་གྱུར་ཏོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་བཟོད་པའི་མཆོག་དཔལ་བརྩེགས་པའི་རྒྱལ་པོ་ཞེས་བྱ་བ་གནས་སོ། །འཚོའོ། །སྐྱོང་ངོ། །དེ་ཐེག་པ་གསུམ་གྱི་ཆོས་རྣམས་ཀྱང་འཆད་དོ།། །།བམ་པོ་དགུ་པ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བཟོད་པའི་མཆོག་དཔལ་གྱི་ཕུང་པོའི་རྒྱལ་པོས་བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲི་མ་མེད་པའི་འོད་དང ། བྱང་ཆུབ་སེམས་དཔའ་དེ་དག་ལ་བཀའ་སྩལ་པ། རིགས་ཀྱི་བུ། ཁྱོད་ལྷོ་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་བྱེ་པ་དགུ་བཅུ་རྩ་
371b
གཉིས་ཀྱི་སངས་རྒྱས་ཀྱི་ཞིང་འདི་ལས་འདས་ཏེ་སོང་ཞིག་དང ། དེ་ནས་སངས་རྒྱས་ཀྱི་ཞིང་རབ་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་བ་ན་གླིང་བཞི་པའི་དབུས་ཀྱི་རྒྱལ་པོ་བསོད་ནམས་འོད་ཟེར་གྱི་མཛོད་ཅེས་བྱ་བ་ཞིག་ཡོད་ཀྱི། དེ་ལ་མེ་ཏོག་བནྡུའི་ཆུན་པོ་འདི་གཉིས་བྱིན་ཏེ་བཟོད་པའི་ཆོས་ཀྱི་གཞུང་འདི་ཁྲོལ་ཅིག་།ནམ་མཁའ་མདོག་གི་སྔགས་ཀྱི་ཚིག་འདི་རྗོད་ཅིག་དང ། སྔགས་ཀྱི་ཚིག་དེས་རྒྱལ་པོ་དེ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འཐོབ་བོ། །བཟོད་པ་དེས་རྒྱལ་པོ་དེ་དང ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྐྱེ་བ་དང ། སྡུག་བསྔལ་སྐྱེ་བ་དང ། སེམས་ཅན་གྱི་སྒྲིབ་པ་དང ། ཉོན་མོངས་པའི་སྒྲིབ་པ་དང ། ཆོས་ཀྱི་སྒྲིབ་པ་དང ། ལས་དང་ཉོན་མོངས་པའི་སྒྲིབ་པ་རབ་དང ། འབྲིང་དང ། ཐ་མ་མ་ལུས་པར་ཡོངས་སུ་ཟད་པར་འགྱུར་རོ། །རྒྱལ་པོ་དེའང་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དགེ་བའི་བཤེས་གཉེན་དུ་ལམ་སྟོན་པ་བསྟན་པར་གྱུར་ཏོ། །རྒྱལ་པོ་དེའང་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་དོ། །དེ་དག་དང ། བྱང་ཆུབ་སེམས་དཔའ་གཟི་བརྗིད་དྲི་མ་མེད་པའི་འོད་ཆེན་པོ་དང ། ལྷ་དང ། དྲི་ཟའི་འཁོར་ཐམས་ཅད་དང་ལྡན་པ་དེའང་བཟོད་པའི་མཆོག་དཔལ་གྱི་ཕུང་
372a
༄#། །པོའི་རྒྱལ་པོ་དེ་ལ་ཕྱིར་མཉན་ནས་དེ་བཞིན་གཤེགས་པ་བཟོད་པའི་མཆོག་དཔལ་གྱི་ཕུང་པོའི་རྒྱལ་པོས་བཀའ་སྩལ་པ། རིགས་ཀྱི་བུ་རྒྱལ་པོ་བསོད་ནམས་འོད་ཟེར་གྱི་མཛོད་དེ་ལ་འདི་སྐད་ཅེས་སྨྲོས་ཤིག་།རྒྱལ་པོ་ཆེན་པོ། ཇི་ལྟར་རང་བཞིན་གྱིས་ཉོན་མོངས་པ་མེད་པའི་ཆོས་ཀྱི་དབྱིངས་གཉིས་སུ་མེད་པའི་ཆོས་ཀྱི་སྒོས་ཡོངས་སུ་ཤེས་པར་བྱ་བ་དེ་ལྟར་མིག་གི་གཟུགས་ཀྱི་སྒོ་འཕོས་པ་མེད་ཅིང་རྣམ་པར་ཕྱེ་བ་མེད་པ་གཉིས་སུ་མེད་པ་སྟོན་པར་འགྱུར་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་འཕོས་པ་མེད་ཅིང་རྣམ་པར་ཕྱེ་བ་མེད་པ་གཉིས་སུ་མེད་པར་སྟོན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་སེམས་ཅན་མེད་པ་ནི།་སེམས་ཅན་དང་བྲལ་བའོ། །ཆོས་ཐམས་ཅད་སྲོག་མེད་པ་ནི། སྲོག་གི་སྒྲས་བསྟན་པའོ། །ཆོས་ཐམས་ཅད་གསོ་བ་མེད་པ་ནི། གསོ་བའི་སྒྲས་བསྐྱེད་པའོ། །ཆོས་ཐམས་ཅད་གང་ཟག་མེད་པ་ནི། གང་ཟག་གི་སྒྲས་རྣམ་པར་བརྗོད་པའོ། །ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ནི། བསམ་གྱིས་མི་ཁྱབ་པ་དང་བྲལ་བའོ། །ཆོས་ཐམས་ཅད་འདོད་ཆགས་དང་བྲལ་བའི་མཐའ་ནི། དངོས་པོ་མེད་པའོ། །ཆོས་ཐམས་ཅད་ཉེས་པ་མེད་པ་ནི། རིམས་དང་བྲལ་བའོ། །ཆོས་ཐམས་ཅད་གཏི་མུག་མེད་པ་ནི། ལུས་དང་བྲལ་བའོ། །ཆོས་
372b
ཐམས་ཅད་གནས་པ་མེད་པ་ནི། གནས་པར་དམིགས་པ་མེད་པའོ། །ཆོས་ཐམས་ཅད་གནས་པ་མེད་པ་ནི། ནམ་མཁའི་རང་བཞིན་ལྟ་བུའོ། །ཆོས་ཐམས་ཅད་གསོག་ནི། ཡུལ་ལ་དམིགས་པ་མེད་པའོ། །ཆོས་ཐམས་ཅད་གསོ་བ་ནི། ཉོན་མོངས་པ་དང་བྲལ་བའོ། །ཆོས་ཐམས་ཅད་འགྲོ་བ་མེད་པ་ནི། བྱེད་པ་པོ་དང་བྲལ་བའོ། །ཆོས་ཐམས་ཅད་བླང་བ་མེད་པ་ནི།་སེམས་པ་དང་བྲལ་བའོ། །ཆོས་ཐམས་ཅད་རློམ་སེམས་མེད་པ་ནི། སྒྱུ་མ་དང་བྲལ་བའོ། །ཆོས་ཐམས་ཅད་སྤྲོས་པ་མེད་པ་ནི། ལུས་དང་ངག་དང་ཡིད་ཀྱི་འདུ་བྱེད་དང་བྲལ་པའོ། །ཏཏྱ་ཐཱ། བེ་དི་ནི། བེ་དི་ནི། བེ་དི་ནི། པཎྜི་ནི། པཎྜི་ནི། པཎྜི་ནི། ཏྲིཛྙཱ་ནི། ཏྲིཛྙཱ་ནི། ཏྲིཛྙཱ་ནི། ཨུ་པ་དཱ་ནི། ཨུ་པ་དཱ་ནི། ཨུ་པ་དཱ་ནི། ན་པཱི་ནི། ན་པཱི་ནི། ན་པཱི་ནི། མུ་ཛི་ནི། མུ་ཛི་ནི། མུ་ཛི་ནི། ཨ་རིཥྛ། བ་རིཥྛ། ཧེ་ཏང་གྲ་མ། མ་ཧུ་ཤོ་ཙ། དྷ་རི་དྷ་རི། དྷ་ཥེ་པྲ་དྷ་ཥྚེ། ཨུ་རུ་ཀཱ་ན་ཏེ། གམ་བྷ་རི། ཨ་བརྟ་ནི་བརྟ་ནི། མེ་པ་ཨ་བརྟ་ནི། ཨི་ཧ་ནི། བརྟ་ནི། ཀཱན་ཏེ། སརྦ་ཀཱན་ཏེ།་ཧྲྀ་ད་ཡ་ཀཱན་ཧི། བི་ར་ཛེ། བ་ར་ཛེ། བ་ར་བི་ར་ཛེ། སྐནྡྷ་བ་མེ། ཨ་ཡ་ཏ་ན་ར་ཧ་བྷ་ཏུ་ས་རེ། དརྦ་ཕལྒུ། དྷརྨ་ར་ཛེ་ར་པྲེ་ཀྵི་ཏེ་སཝཱཧཱ། སེམས་ཅན་ངན་པ་རྣམས་ལྟ་བ་དང་འདུལ་བའི་ཕྱིར་འགྲོའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གང་གི་དུས་ལ་དབབ་པར་ཤེས་ན་སོང་ཞིག་།དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་དང ། བྱང་ཆུབ་སེམས་
373a
༄#། །དཔའ་གཟི་བརྗིད་དྲི་མ་མེད་པའི་འོད་ལ་མེ་ཏོག་བནྡུ་ཆུན་པོ་གཉིས་པོ་སྐྲའི་རལ་པ་ལ་བཏགས་ཏེ་རིགས་ཀྱི་བུ་སྟོང་ཕྲག་དགུ་བཅུ་རྩ་ལྔ་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་དཔལ་གྱི་ཕུང་པོ་དེ་ལ་རྐང་པ་གཉིས་ས་ལ་བཙུགས་ཏེ་སྤྱི་བོས་ཕྱག་བཙལ་ནས་གཡས་ཕྱོགས་ནས་ལན་གསུམ་བསྐོར་བ་བྱས་ཏེ་ཡུད་ཙམ་གྱིས་སངས་རྒྱས་ཀྱི་ཞིང་ཤིན་ཏུ་རྣམ་པར་ཕྱེ་བ་ནས་གྲོང་ཁྱེར་གང་ལ་གླིང་བཞི་པའི་དབུས་ཀྱི་རྒྱལ་པོ་དེ་འདུག་པ་དེར་ཉེ་བར་ཕྱིན་ནས་དེ་ནུབ་བདུན་པའི་ཐ་མ་ན་དེ་དག་གི་མདུན་ན་འདུག་པར་གྱུར་ནས་དེ་དག་ལ་བལྟས་ཏེ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ། ཚུར་སྤྱོན། རྒྱལ་པོ་ཆེན་པོ། ལེགས་སོ། །བྱང་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་དགུ་བཅུ་རྩ་གཉིས་ཀྱི་ཞིང་འདི་ལས་འདས་པ་དེ་ན་འཇིག་རྟེན་གྱི་ཁམས་བཟོད་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་བཟོད་པའི་མཆོག་དཔལ་གྱི་ཕུང་པོའི་རྒྱལ་པོ་ཞེས་བྱ་བ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་ལ་ཆོས་ཀྱང་སྟོན་ཏེ། །དེ་བཞིན་གཤེགས་པ་དེས་ཆོས་ཀྱི་གཞུང་འདི་བསྟན་པའི་ཕྱིར་བདག་ཅག་ཁྱོད་ཀྱི་གན་དུ་བཏང་ངོ ། །རྒྱལ་པོ་ཆེན་པོ། ཇི་ལྟར་ཆོས་ཐམས་ཅད་ཀྱི་དབྱིངས་རང་བཞིན་གྱིས་ཉོན་མོངས་པ་མེད་པ་གཉིས་སུ་མེད་པའི་སྒོས་ཡོངས་སུ་ཤེས་པར་བྱ་ཞིང་ཆོས་
373b
ཀྱི་དབྱིངས་ཇི་ལྟ་བ་དེ་ལྟར་བདག་གིས་ཁམས་དང ། དེ་ལྟར་སེམས་ཅན་གྱི་ཁམས་ཀྱང་གཉིས་སུ་མེད་པའི་སྒོས་ཡོངས་སུ་ཤེས་པར་བྱའོ། །དེ་ལྟར་མིག་གི་གཟུགས་ཀྱི་སྒོ་ལའང་འཕོས་པ་མེད་ཅིང་རྣམ་པར་ཕྱེ་བ་མེད་པ་གཉིས་སུ་མེད་པའི་ཆོས་སྟོན་པར་འགྱུར་བ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་སྒོའི་བར་དུ་འཕོས་པ་མེད་ཅིང་རྣམ་པར་ཕྱེ་བ་མེད་པས་གཉིས་སུ་མེད་པའི་ཆོས་སྟོན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ། ཆོས་ཐམས་ཅད་སེམས་ཅན་མེད་པ་ནི། སེམས་ཅན་དང་བྲལ་བའོ། །ཆོས་ཐམས་ཅད་སྲོག་མེད་པ་ནི། སྲོག་གི་སྒྲས་བསྟན་པ་ནས་ཆོས་ཐམས་ཅད་སྤྲོས་པ་ནི། ལུས་དང་ངག་དང་ཡིད་ཀྱི་འདུ་བྱེད་དང་བྲལ་བའི་བར་དུའོ། །ཏདྱ་ཐཱ། བེ་དི་ནི། བེ་དི་ནི། བེ་དི་ནི། པཎྜི་ནི། པཎྜི་ནི། པཎྜི་ནི། ཏྲི་ཛྙཱ་ནི། ཏྲི་ཛྙཱ་ནི། ཏྲི་ཛྙཱ་ནི།་ཨུ་པ་ད་ནི། ཨུ་པ་ད་ནི། ཨུ་པ་ད་ནི། ན་པཱ་ནི། ན་པཱི་ནི། ན་པཱ་ནི། མུ་ཛི་ནི། མུ་ཛི་ནི། མུ་ཛི་ནི། ཨ་རིཥྛ། བ་རིཥྛ། ཧེ་ཏང་གྲ་མ། མ་ཧུ་ཤོ་ཙ། དྷ་རི་དྷ་རི། དྷ་ཥེ་པྲ་དྷཥྚེ། ཨུ་རུ་ཀཱན་ཏེ། གམ་བྷི་རེ། ཨ་བརྟ་ནི། བརྟ་ནི། མེ་པ་ཨ་བརྟ་ནི། ཨི་ཧ་ནི། བརྟ་ནི། ཀཱན་ཏེ། སརྦ་ཀཱན་ཏེ། ཧྲྀ་ད་ཡ་ཀཱན་ཏེ། བི་ར་ཛེ། བ་ར་ཛེ། བ་ར་ཛེ། པ་ར་པི་ར་ཛེ། སྐནྡྷ་བ་མེ། ཨ་ཡ་ཏ་ན་ར་ཧེ། བྷ་ཏུ་ས་རེ།་དརྤ་ཕལྒུ། དྷརྨ་ར་ཛེ་ར་པྲེ་ཀྵི་ཏེ་སཝཱཧཱ། རྒྱལ་པོ་བསོད་ནམས་ཀྱི་འོད་ཟེར་མཛོད་ལ་སེམས་ཅན་དེ་དག་གིས་སྔགས་ཀྱི་ཚིག་འདི་དག་བརྗོད་མ་ཐག་ཏུ་དེ་ནས་དེ་ཉིད་ཀྱི་ཚེ་ན་སངས་
374a
༄#། །རྒྱས་ཀྱི་ཞིང་ཤིན་ཏུ་རྣམ་པར་ཕྱེ་བ་ལན་དྲུག་ཏུ་གཡོས་སོ། །སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མ་བརྡབས་པར་རང་འཁྲོལ་ལོ། །ལྷ་རྫས་ཀྱི་མེ་ཏོག་དང་སྤོས་ཀྱི་ཕྱེ་མའི་ཆར་དག་ཀྱང་ཕབ་བོ། །སངས་རྒྱས་ཀྱི་ཞིང་དེ་ན་ལྷ་དང་མི་ཐམས་ཅད་ཀུན་ཏུ་དགའ་སྟེ་བ་སྤུའི་ཁུང་བུ་གཡོས་ཤིང་རྒ་ཤི་ལས་ཐར་པར་བསམ་པར་གྱུར་ཏོ། །དེ་དག་ཀྱང་བདག་གི་ལུས་ལས་མེ་ཏོག་བནྡུའི་ཐོར་ཚུགས་བཀྲོལ་ཏེ་རྒྱལ་པོ་བསོད་ནམས་འོད་ཟེར་གྱི་མཛོད་ལ་ཕུལ་ནས་སྨྲས་པ། དེ་བཞིན་གཤེགས་པ་དེས་མེ་ཏོག་བནྡུ་བཏང་ཞིང་མུ་སྟེགས་ཅན་སྒྲིབ་པའི་ཕྱིར་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པའི་སྔགས་ཀྱི་ཚིག་བརྗོད་པ་འདི་དག་ཀྱང་བཏང་ངོ ། །རྒྱལ་པོ་ཆེན་པོ། ཁྱོད་སྔགས་ཀྱི་ཚིག་འདི་སྒོམས་ཤག་དང ། རྒྱལ་པོ་ཆེན་པོ། སྔགས་ཀྱི་ཚིག་འདི་དག་གིས་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འཐོབ་པར་འགྱུར་རོ། །རྒྱལ་པོ་ཆེན་པོ། ཁྱོད་བཟོད་པ་དེས་སེམས་ཅན་གྱི་སྒྲིབ་པ་དང ། འཁྲུག་པ་དང ། ཉོན་མོངས་པའི་སྒྲིབ་པ་དང ། ལས་ཀྱི་སྒྲིབ་པ་དང ། ཆོས་ཀྱི་སྒྲིབ་པ་དང ། ཉོན་མོངས་པའི་ལས་ཀྱི་སྒྲིབ་པ་རབ་དང ། འབྲིང་དང ། ཐ་མ་ཐམས་ཅད་མ་ལུས་པར་ཡོངས་སུ་ཟད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ། ཁྱོད་ཀྱང་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་དགེ་བའི་བཤེས་གཉེན་དུ་ལམ་བསྟན་
374b
པ་སྟོན་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ། ཁྱོད་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་མང་པོ་ལ་ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་འགྱུར་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ། །དེ་དག་གི་ཚིག་ངས་ཐོས་པས་མཆོག་ཏུ་མགུ་རངས་རབ་ཏུ་དགའ་ཞིང་ཡིད་བདེ་བ་སྐྱེས་པར་གྱུར་ནས་བྱང་ཆུབ་སེམས་དཔའ་དེ་དག་ལ་མེ་ཏོག་དང ། ཕྲེང་བ་དང ། དྲི་དང ། སྤོས་དང ། བྱུག་པ་དང ། གདུགས་དང ། རྒྱལ་མཚན་དང ། བདན་དང ། རོལ་མོ་དཀྲོལ་བ་མཆོག་ཏུ་རྒྱ་མཚོ་བ་རྣམ་པ་སྣ་ཚོགས་ཀྱིས་དེ་དག་ལ་མཆོད་པ་བྱས་ནས་རྐང་པ་གཉིས་ས་ལ་བཙུགས་ཏེ་སྤྱི་བོས་ཕྱག་བཙལ་ནས་མེ་ཏོག་བནྡུའི་ཆུན་པོ་དེ་གཉིས་བླངས་ཏེ་ངའི་རལ་པ་ལ་བཏགས་ནས་རྣམ་པ་དེ་ལྟ་བུའི་བརྩོན་འགྲུས་ཀྱི་རང་བཞིན་མཆོག་ཏུ་རྒྱ་ཆེ་བའི་སྟོབས་དང ། མཐུ་དང ། དྲན་པའང་ཐོབ་བོ། །ཇི་ལྟར་བཀྲེས་པ་དང་སྐོམ་པ་ཐམས་ཅད་ཀྱིས་ཐམས་ཅད་རྒྱུན་བཅད་ནས་བྱང་ཆུབ་སེམས་དཔའ་དེ་དག་གི་མདུན་དུ་ཆོས་མཉན་པའི་ཕྱིར་འདུག་པས་དེ་མཆོག་ཏུ་དགའ་བར་གྱུར་ཏོ། །རྣམ་པ་དེ་ལྟ་བུའི་བརྩོན་འགྲུས་ཀྱིས་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་སྒོམ་པར་འགྱུར་བ་ནི། གང་ཞེས་བྱས་པ་དང ། དེ་དག་གིས་སྨྲས་པ། རྒྱལ་པོ་ཆེན་པོ། ཆོས་བཞི་དང་ལྡན་ན། རིགས་ཀྱི་བུ་བཟོད་པ་འདི་སྒོམ་པར་བྱེད་དོ། །བཞི་གང་ཞེ་ན། ཕུང་པོ་དང་ཁམས་
375a
༄#། །དང་སྐྱེ་མཆེད་ལ་རྟེན་པ་མེད་པ་དང ། སྙིང་རྗེ་ཆེན་པོའི་ཐབས་ལ་མཁས་པ་རྒྱུན་མི་གཅོད་པ་དང ། རྟག་པ་དང་ཆད་པ་མེད་པ་དང ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་མི་འདོད་པ་དང ། ཚུལ་གཅིག་གིས་ཆོས་ཐམས་ཅད་ནམ་མཁའི་རང་བཞིན་ལྟ་བུར་ཤེས་པ་སྟེ། རིགས་ཀྱི་བུ། ཆོས་འདི་བཞི་དང་ལྡན་ན། ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདི་འཐོབ་བོ། །འདི་ལ་ལུང་བསྟན་པ་ན། རྒྱལ་པོ་དེ་སྟན་དེ་ལ་འདུག་སྟེ་རིགས་དང་མཐུན་པའི་སྒོ་ནས་འདོ་ཟེར་འབྱུང་བའི་བཟོད་པ་ཐོབ་པར་གྱུར་ནས་བྱང་ཆུབ་སེམས་དཔའ་དེ་དག་ལ་རྐང་པ་གཉིས་ས་ལ་བཙུགས་ཏེ་སྤྱི་བོས་ཕྱག་བཙལ་ནས་མཆོད་པ་སྣ་ཚོགས་བྱས་ཏེ་གཡས་ཕྱོགས་ནས་ལན་གསུམ་བསྐོར་བ་བྱས་ནས་འདུག་གོ་།བྱང་ཆུབ་སེམས་དཔའ་དེ་དག་ཀྱང་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་ཡང་དག་པར་ཞུགས་སོ། །དེ་ནས་ངས་ཞང་བློན་དང ། བློན་པོ་དང ། ཞབས་རིང་པའི་འཁོར་ལ་ཤེས་པར་བྱས་པ། ང་ཉིན་ཞག་བདུན་དུ་སྲིད་དང ། ཕྱུག་པོ་དང ། ལོངས་སྤྱོད་དང ། ཀུན་ཏུ་སྤྱོད་པ་དང ། ཁྱིམ་པའི་མཚན་མ་ཐམས་ཅད་སྤངས་ཏེ་དཀའ་ཐུབ་ཀྱི་ནགས་ཚལ་དུ་འགྲོ་ཞིང་རྒ་ཤིའི་ཕ་རོལ་ཏུ་འགྲོ་བར་གྲོགས་པོ་དག་ཤེས་པར་གྱིས་ཤིག་།དེ་སྐད་ཅེས་བཀའ་སྩལ་པ་དང ། ཞང་བློན་དང ། བློན་པོ་དང ། ཞམ་རིང་བའི་འཁོར་དེས་འདི་
375b
སྐད་ཅེས་གསོལ་ཏོ། །རབ་ཏུ་བྱུང་བའི་ལྷའི་དུས་དེ་ནི། དེ་ལྟ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟེང་མང་པོ་དེ་དག་རྒ་ཤིའི་འཇིགས་པས་དཀའ་ཐུབ་ཀྱི་ནགས་ཚལ་དུ་དོང་སྟེ་བསྟན་པ་རྣམས་ལ་དམིགས་པར་ཡང་མི་འགྱུར་རོ། །གང་ལ་ལ་སེམས་ཅན་གཅིག་ཀྱང་འཕགས་པ་བླ་མ་མིའི་ཆོས་ཀྱི་ཁྱད་པར་མ་ལུས་པར་ཁོད་དུ་ཆུད་པའང་མེད་དོ། །གནས་ཡང་འདི་སྐད་ཅེས་སྨྲས་སོ། །ང་ནི། སེམས་ཅན་ཐམས་ཅད་ཀྱི་བསྟན་པར་འགྱུར་ཞིང་རྒ་ཤིའི་ཕ་རོལ་གྱི་ལམ་སྟོན་པའོ། །ངས་སེམས་ཅན་ཐམས་ཅད་འབོད་པའི་ཚིག་འདི་བརྗོད་མ་ཐག་ཏུ་དེ་ནས་དེ་ཉིད་ཀྱི་ཚེ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་ས་ལམ་དུ་མ་གཡོས་སོ། །ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོས་ཀྱང་ལེགས་སོ། ། ཞེས་བྱ་བ་བྱིན་ནོ། །ལྷ་རྫས་ཀྱི་རོལ་མོ་བརྡུང་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་རབ་ཏུ་དཀྲོལ་ཏོ། །ལྷ་རྫས་ཀྱི་མེ་ཏོག་དང ། སྤོས་དང ། དྲི་དང ། ཕྱེ་མ་དང ། བྱུག་པའི་ཆར་སྣ་ཚོགས་རབ་ཏུ་བབ་ནས་ལྷ་བྱེ་བ་ཁྲག་ཁྲིག་མང་པོས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །སྐྱེས་བུ་དམ་པ། ཁྱོད་ཀྱིས་རྣམ་པ་དེ་ལྟ་བུའི་རྩལ་ཆེན་པོ་བྱེ་བར་ནུས་ཤིང ། སྐྱེས་བུ་དམ་པ། ཁྱོད་ཀྱིས་ལེགས་པར་བཤད་པ་ལེགས་སོ་ལེགས་སོ། །སྐྱེས་བུ་དམ་པ། ཁྱོད་དང་བདག་ཅག་ནི། བྱམས་པའི་རྗེས་སུ་འབྲང་བའི་གྲོགས་པོར་འགྱུར་རོ། །དེ་ལྟར་སྐྱེས་བུ་དམ་པ། ཁྱོད་
376a
༄#། །རྒ་ཤིའི་ཕ་རོལ་གྱི་ལམ་བསྟན་པ་སྟོན་པར་གྱུར་ཅིག་།སྡིག་པ་སྤོང་བ། དེར་ང་ནི། ཞག་བདུན་པ་གཉིས་ཀྱི་བར་དུ་བདེན་པས་རྗེས་སུ་རྟོག་ཅིང་གནས་པས་ཞག་བདུན་ན་དེ་དག་གིས་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདི་ཐོབ་པར་གྱུར་ཏོ། །ཞག་བདུན་པ་དེ་ལས་ཤིན་ཏུ་འདས་ནས་གནོད་སྦྱིན་བྱེ་བ་མང་པོ་སངས་རྒྱས་ཀྱི་ཞིང་ཤིན་ཏུ་རྣམ་པར་ཕྱེ་བ་ཐམས་ཅད་དུ་སྒྲ་འབྱིན་པར་གྱུར་ཏོ། །དབྱངས་ཀྱི་རྗེས་སུ་ཉན་པར་གྱུར་ཏོ། །སེམས་ཅན་རྣམས་ལ་སྐྱོ་བ་སྐྱེད་པར་བྱེད་པ་ནི། ཀྱེ་སེམས་ཅན་རྣམས་ལོངས་ཤིག་།གླིང་བཞི་པའི་དབུས་ཀྱི་རྒྱལ་པོ་བསོད་ནམས་འོད་ཟེར་གྱི་མཛོད་གང་ན་བ་དེར་ཉེ་བར་སོང་ཞིག་དང ། དེ་ཞག་བདུན་བྱུང་སྟེ་དཀའ་ཐུབ་ཀྱི་ནགས་ཚལ་དུ་སོང་ནས་སེམས་ཅན་རྣམས་ལ་རྒ་ཤིའི་ཕ་རོལ་ཏུ་འགྲོ་བ་ཞི་བའི་ལམ་སྟོན་པར་འགྱུར་རོ། །དེར་ང་ནི། མཁར་གྱི་རྒྱལ་པོ་དྲུག་ཅུ་རྩ་བཞི་དང་བུ་དང་བཅས་པ་དང ། མཁར་གྱི་རྒྱལ་པོའི་བུ་ཁྲག་ཁྲིག་དགུ་བཅུ་རྩ་གཉིས་དང ། བགྲང་བ་ལས་ཤིན་ཏུ་འདས་པའི་སེམས་ཅན་དང་ལྷན་ཅིག་ཏུ་ཉི་མ་བདུན་པ་དེ་ལས་ཤིན་ཏུ་འདས་ནས་བྱུང་སྟེ་ཁྱིམ་གྱི་ལོངས་སྤྱོད་དང ། ཀུན་ཏུ་སྤྱོད་པ་ཐམས་ཅད་དང ། ཁྱིམ་པའི་མཚན་མ་ཐམས་ཅད་སྤངས་ཤིང་སྐྲ་དང་ཁ་སྤུ་བྲེགས་ནས་མེ་ཏོག་བནྡུ་ཇི་སྙེད་པ་རལ་པ་ལ་བཏགས་ཏེ་གོས་ཁ་དོག་
376b
བསྒྱུར་བ་གྱོན་ནས་དཀའ་ཐུབ་ཀྱི་ནགས་ཚལ་དུ་དོང་སྟེ། དེའང་དེ་ལ་གནས་ནས་བགྲང་བ་ལས་ཤིན་ཏུ་འདས་པའི་སེམས་ཅན་རྣམས་ལ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བ་བཟོད་པ་འདི་སྒོམ་པའི་ལམ་སྟོན་ཏོ། །སེམས་ཅན་བྱ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡུན་མི་རིང་བས་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདི་ཐོབ་པར་གྱུར་ཏོ། །དེ་ན་ངས་བགྲང་བ་ལས་ཤིན་ཏུ་འདས་པའི་སེམས་ཅན་རྣམས་ཉན་ཐོས་ཀྱི་ཐེག་པ་ལ་སྦྱར་བར་གྱུར་ཏོ། །དེ་ན་ངས་བགྲང་བ་ལས་ཤིན་ཏུ་འདས་པའི་སེམས་ཅན་རྣམས་རང་སངས་རྒྱས་ཀྱི་ཐེག་པ་ལ་སྦྱར་བར་གྱུར་ཏོ། །བགྲང་བ་ལས་ཤིན་ཏུ་འདས་པའི་སེམས་ཅན་རྣམས་ལྷ་དང་མི་ལ་སྦྱར་བར་གྱུར་ཏོ། །དེས་བགྲང་བ་ལས་ཤིན་ཏུ་འདས་པའི་སེམས་ཅན་རྣམས་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ལ་བསྙེན་བཀུར་བར་གྱུར་ཏོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སྤྱན་སྔར་ངས་རྣམ་པ་འདི་ལྟ་བུའི་སྨོན་ལམ་བཏབ་སྟེ། བདག་ད་ལྟར་སངས་རྒྱས་ཀྱི་ཞིང་ཤིན་ཏུ་རྣམ་པར་ཕྱེ་བ་ན་སེམས་ཅན་རྣམས་རྒ་ཤིའི་ཕ་རོལ་ཏུ་འགྲོ་བའི་བཟོད་པའི་ལམ་སྟོན་ཅིང་ཕྱོགས་བཅུའི་ཉོན་མོངས་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་ཆུ་བོ་གངྒཱའི་བྱེ་མ་སྙེད་ན་སེམས་ཅན་རྣམས་ལ་རྒ་ཤིའི་ཕ་རོལ་ཏུ་ཕྱིན་པའི་བཟོད་པའི་ལམ་བསྟན་པར་བྱའོ། །སྡིག་པ་སྤོང་བ། ཇི་ལྟར་ཡང་ང་རྣམ་པ་དེ་
377a
༄#། །ལྟ་བུའི་སྤྱོད་ལམ་ལ་བརྩོན་པ་འདིས་རྩལ་ཆེན་པོ་བྱས་པར་གྱུར་ཏོ། །དེ་བཞིན་དུ་བསྐལ་པ་བར་མ་བདུན་ལས་ཤིན་ཏུ་འདས་པའི་ཕྱོགས་བཅུ་ཀུན་ནས་ཉོན་མོངས་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་ཆུ་བོ་གངྒཱའི་བྱེ་མ་སྙེད་ཐམས་ཅད་དུ་ཀུན་ཏུ་རྒྱུའི་ཆ་བྱད་ཀྱིས་རྣམ་པ་དེ་ལྟ་བུའི་རྩལ་ཆེན་པོ་བྱས་སོ། །ངས་སངས་རྒྱས་ཀྱི་ཞིང་རེ་རེ་ལ་བགྲང་བ་ལས་ཤིན་ཏུ་འདས་པའི་སེམས་ཅན་རྣམས་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་ལ་བཀོད་དོ། །ངས་བགྲང་བ་ལས་ཤིན་ཏུ་འདས་པའི་སེམས་ཅན་རྣམས་བྱང་ཆུབ་ཀྱི་སེམས་སུ་སྦྱར་བར་གྱུར་ཏོ། །དེ་བཞིན་དུ་ཉན་ཐོས་ཀྱི་ཐེག་པ་དང ། རང་སངས་རྒྱས་ཀྱི་ཐེག་པ་དང ། ལྷ་དང་མིའི་ཐེག་པ་ལ་སྦྱར་བར་གྱུར་ཏོ། །སྡིག་པ་སྤོང་བ། དེར་ང་བསྐལ་པ་བར་མ་བདུན་གྱིས་ཕྱོགས་བཅུའི་ཞིང་སྟོང་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་ཆུ་བོ་གངྒཱའི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདི་རེ་རེ་ལ་ཀུན་ཏུ་རྒྱུའི་ཆ་བྱད་ཀྱིས་རྣམ་པ་དེ་ལྟ་བུའི་རྩལ་ཆེན་པོ་བྱས་ཏེ་ཕྱིས་གླིང་བཞི་པ་དེ་དག་ཏུ་བདུད་དུ་གྱུར་ཏོ། །དེ་ན་སེམས་ཅན་ལ་ལའི་མདུན་དུ་ཚངས་པའི་གཟུགས་ཀྱིས་འདུག་པར་གྱུར་པ་ནི། དེ་དག་རྟག་པར་ལྟ་བ་ལོག་པར་བཟུང་བ་ལས་ཐར་པར་བྱ་སྟེ། ལ་ལ་བརྒྱ་བྱིན་གྱི་གཟུགས་དང ། ལ་ལ་ཟླ་བ་དང ། ཉི་མ་དང ། དབང་ཕྱུག་གི་གཟུགས་ནས་
377b
ལ་ལ་འོད་འཕྲོ་བའི་ཕུང་པོའི་བར་དུ་གཟུགས་ཀྱིས་མདུན་དུ་འདུག་པར་གྱུར་ཏོ། །ངས་ཇི་ལྟར་སྔོན་ཀུན་ཏུ་རྒྱུའི་གཟུགས་ཀྱིས་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་དོག་གིས་འདུལ་བའི་བཟོད་པ་འདི་སྒོམ་པ་སྟོན་ཅིང་ཇི་ལྟར་རང་བཞིན་གྱིས་ཉོན་མོངས་པའི་ཆོས་ཀྱི་དབྱིངས་གཉིས་སུ་མེད་པའི་སྒོས་ཡོངས་སུ་ཤེས་པར་བྱ་བ་དང ། བདག་གི་ཁམས་ཇི་ལྟ་བ་དེ་ལྟར་སེམས་ཅན་གྱི་ཁམས་གཉིས་སུ་མེད་པའི་སོགས་ཡོངས་སུ་ཤེས་པར་བྱ་ཞིང ། དེ་ལྟར་མིག་གི་གཟུགས་ཀྱི་སོག་འཕོས་པ་མེད་ཅིང་རྣམ་པར་ཕྱེ་བ་མེད་པ་གཉིས་སུ་མེད་པའི་ཆོས་བསྟན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་སེམས་ཅན་མེད་པ་ནི། སེམས་ཅན་དང་བྲལ་བ་ནས་ཆོས་ཐམས་ཅད་སྤྲོས་པ་མེད་པ་ནི། ལུས་དང་ངག་དང་ཡིད་ཀྱི་འདུ་བྱེད་དང་བྲལ་བའི་བར་དུའོ། །རྒྱལ་པོ་ཆེན་པོ་བསོད་ནམས་ཀྱི་འོད་ཟེར་གྱི་མཛོད་ངས་ཀུན་ཏུ་རྒྱུའི་ཆ་བྱད་ཀྱིས་རྣམ་པ་དེ་ལྟ་བུའི་བདེ་བའི་ལམ་འདི་སྒོམ་པ་ན་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ལྟ་བ་སྐྱེད་དོ། །དེའི་འོག་ཏུ་གླིང་བཞི་པ་ཆགས་པ་མེད་པ་དེ་དག་ན་སེམས་ཅན་དེ་དག་ལ་བདུད་ལ་ཚངས་པའི་གཟུགས་ནས་མེའི་ཁ་དོག་གི་བར་གྱི་གཟུགས་ཀྱིས་ཉེ་བར་ཕྱིན་ཏོ། ། སེམས་ཅན་མཆོག་ཏུ་མ་རུངས་པའི་ལྟ་བར་སོང་བ་དེ་དག་ལ་རྣམ་པ་དེ་ལྟ་བུའི་ལམ་སྟོན་ཏོ། །ལ་ལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སེམས་ཅན་རྣམས་ཚུར་ཤོག་།ཀྱེ་སེམས་ཅན་རྣམས་
378a
༄#། །ལེགས་སོ། །འཁོར་བའི་ཕ་རོལ་ཏུ་འགྲོ་བ་དང ། རྒ་ཤིའི་ལས་ཐར་པར་བྱ་བའི་ཕྱིར་ཁྱོད་དགེ་བའི་རྩ་བ་ལ་བརྩོན་པར་གྱིས་ཤིག་།ཁྱོད་འབའ་ཞིག་མྱ་ངན་ལས་འདའ་བར་འགྲོ་བ་ཡོངས་སུ་རྫོགས་པའི་ཕྱིར་བདག་ནི། ཁྱོད་མྱ་ངན་ལས་འདའ་བར་འགྲོ་བའི་ལམ་བསྟན་པར་འགྱུར་རོ། །ཁྱོད་གོས་མེད་པར་ཉིན་མཚན་དེ་དག་ལས་ཡང་དག་པར་ཤིན་ཏུ་འདའ་བར་བྱོས་ཤིག་།དེས་ཐར་པ་ཐོབ་པར་བྱོས་ཤིག་།ཡང་ལ་ལ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་འདི་ལ་གྲོལ་ཞིང་གོས་མེད་པར་འགྱུར་བ་ནས་པགས་པའི་གོས་ཀྱི་བར་དུ་གྱོན་ཅིག་།ཡང་ལ་ལ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཚུར་ཤོག་།ལོ་མ་ཟ་བ་ནས་མ་ཞུ་བ་དང ། ངན་སྐྱུག་གི་བར་དུ་ཟ་བར་བྱོས་ཤིག་།ཡང་ལ་ལ་ལ་འདི་སྐད་ཅེས་སྨྲས་སོ། ། ཀྱེ་ཚུར་ཤོག་།ཁྱེད་ཅག་དེ་བཞིན་དུ་བུམ་པའི་ཁ་ནས་ཟས་མ་ལེན་ཅིག་པ་ནས་ཟས་ཟ་གཅིག་གི་བར་དུ་ཟོ་ཞིག་།ཡང་ལ་ལ་ལ་འདི་སྐད་ཅེས་སྨྲས་སོ། །ཚུར་ཤོག་།ཁྱོད་སློང་བ་གཅིག་གིས་ཉིན་མཚན་ཡང་དག་པར་ཤིན་ཏུ་འདའ་བར་བྱོས་ཤིག་།ཡང་ལ་ལ་ལ་འདི་སྐད་ཅེས་སྨྲས་སོ། །ཚེར་མའི་མལ་དང་སྟན་ལ་འདུག་པ་ནས་ཅོག་པུའི་མལ་གྱི་བར་དུ་བྱོས་ཤིག་།ཡང་ལ་ལ་ལ་འདི་སྐད་ཅེས་སྨྲས་སོ། །སྟན་སྤངས་པར་གྱུར་པ་ནས་རྐང་པ་གཉིས་ཤིང་གི་ཡལ་ག་ལ་འཁྱུད་པའི་བར་དུ་ཉིན་མཚན་ཤིན་ཏུ་ཡང་དག་པར་འདའ་བར་བྱོས་
378b
ཤིག་།ཡང་ལ་ལ་ལ་འདི་སྐད་ཅེས་སྨྲས་སོ། །ཚུར་ཤོག་།ཁྱེད་ཅག་ཆུའི་ནང་དུ་ཞུགས་པ་ནས་ཉི་མ་ལྔ་པས་ཡོངས་སུ་སྐེམ་པ་ན་ཉིན་མཚན་ཡང་དག་པར་འདའ་བར་བྱོས་ཤིག་།ཡང་ལ་ལ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་ཅག་ཚུར་ཤོག་།སྐྲ་དང་ཁ་སྤུ་བྲེགས་པའི་རྗེས་སུ་སྦྱོར་བ་དང་ལྡན་པ་རྣམས་ཉིན་མཚན་ཡང་དག་པར་ཤིན་ཏུ་འདའ་བ་ནས་ལ་ལ་ཆུའི་འདམ་གཅིག་གི་བར་དུའང་འདི་ལྟར་སློབ་བོ། །ཁྱེད་ཅག་རི་བོའི་གཡང་ས་དེ་ལས་བདག་རང་ལྷུང་བ་ནས་ཆུའི་བར་དུ་ལྷུང་བར་བྱོས་ཤིག་།ལ་ལ་ཡང་དེ་ལྟར་སློབ་ཏུ་བཅུག་གོ་།ཁྱེད་ཅག་ཚུར་ཤོག་།རི་དང ། ཤིང་དང ། ལྟེང་ཀའི་ལྷ་མོ་ལ་ཕྱག་འཚལ་བར་བྱོས་ཤིག་།ལ་ལ་གནོད་སྦྱིན་གྱི་བརྟུལ་ཞུགས་ནས་བྱོལ་སོང་གི་སྐྱེ་གནས་ཀྱི་བརྟུལ་ཞུགས་ཀྱི་བར་དུ་སློབ་ཅིང་ཐར་པ་ཐོབ་པར་བོས་ཤིག ། ཡང་ལ་ལ་ལ་འདི་སྐད་ཅེས་སྨྲས་སོ། །ཚུར་ཤོག་།ཁྱེད་ཅག་ར་བ་བསྐོར་བ་དེ་ལ་སེམས་ཅན་དུ་མ་བསོད་ལ་དེས་ཐར་པ་ཐོབ་པར་བྱོས་ཤིག་།ལ་ལ་དེ་ལྟར་སློབ་བོ། །ཁྱེད་ཅག་འདི་ལ་ལུས་སྣ་ཚོགས་བསད་པ་དེས་ཐར་པ་ཐོབ་པར་གྱུར་ཅིག་།ཡང་ལ་ལ་ལ་འདི་སྐད་ཅེས་སྨྲས་སོ། །མྱ་ངན་ལས་འདས་པ་ཁོང་དུ་ཆུད་པའི་ལམ་འདི་ནི། འདི་ལྟ་སྟེ། ལས་ཐམས་ཅད་ཟད་པ་ཐར་པའོ། ། དེ་ཇི་ལྟ་ཞེས་བྱས་ན། ཇི་ལྟར་སྐྱེས་བུ་འདིས་མི་དགེ་བའི་ལས་ཟད་པར་འགྱུར་བ་དེ་བཞིན་དུ་བསོད་ནམས་ཀྱང་ཟད་པར་འགྱུར་རོ། །གང་གི་ཚེ་བསོད་ནམས་དང་སྡིག་པ་འདི་གཉིས་ཀྱིས་
379a
༄#། །མ་ལུས་པར་ཡོངས་སུ་ཟད་པར་འགྱུར་བ་དེའི་ཚེ་ཕྱིས་བྱང་ཆུབ་ཐོབ་པར་འགྱུར་རོ། །ལ་ལ་དེ་ལྟར་སློབ་བོ། །དེ་གཉིས་སྦྱོར་བ་དང་འབྱུང་བར་གྱུར་པ་དེ་ཐར་པ་སྟེ།་ལ་ལ་དེ་ལྟར་སློབ་ཏུ་བཅུག་གོ་།དངོས་པོ་མེད་པ་དེ་གཉིས་ནི། དངོས་པོ་ཡོད་པ་མ་ཡིན་ནོ། །གཉིས་གང་ཞེ་ན། ཆོས་དང ། ཆོས་མ་ཡིན་པ་ཞེས་བྱ་བ་ནི། ཚིག་གི་ལྷག་མའོ། །ལུས་འདིའི་ལུས་གཞན་གྱིས་ཆགས་པ་མེད་པའི་ཡེ་ཤེས་འབྱུང་བར་འགྱུར་བ་དེའང་དེ་བཞིན་དུ་ཐར་པ་སྟེ། ལ་ལ་ཇི་ཙམ་པ་དེ་ལྟར་སློབ་པར་བྱེད་དོ། །ཁྱོད་ཀྱིས་འདི་ལ་སྲོག་བཅད་པར་བྱ་བ་དང ། མ་བྱིན་པར་ལེན་པ་བླང་བར་བྱ་བ་ནས་ལོག་པ་ལ་ལྟ་བའི་བར་དུ་གྱུར་ཅིག་།ཅེས་དེ་སྐད་དུ་སྨྲས་པས་ན་ལྷག་མ་མེད་དོ། །འཇིག་རྟེན་ན་དགྲ་བཅོམ་པའང་མེད་དོ། །འཇིག་རྟེན་ཕ་རོལ་དང་འཇིག་རྟེན་འདིར་ཡང་དག་པར་སོང་བ་དང ། ཡང་དག་པར་ཞུགས་པར་བདག་མངོན་པར་ཤེས་ནས་མངོན་སུམ་དུ་བྱས་པ་ཉེ་བར་བསྒྲུབས་ཏེ་རབ་ཏུ་ཤེས་སོ། །བདག་གི་ཚེ་ཟད་ནས་ཚངས་པར་སྤྱོད་པ་ལ་སྤྱོད་དོ། །བྱ་བ་བྱས་སོ། །སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པའོ། །ཡང་དག་པའི་བཀའ། ཤིན་ཏུ་རྣམ་པར་གྲོལ་བའི་སེམས་སོ། །ཞེས་བྱ་བ་དེས་ཐར་པ་ཐོབ་པར་འགྱུར་རོ། །ཞེས་བྱ་བ་ནས་གྲངས་ཅན། ཁྱོད་རང་བཞིན་གྱིས་སྐྱེས་བུ་དེའི་ཡེ་ཤེས་ལས་ཐར་པ་ཐོབ་པར་
379b
འགྱུར་རོ། །ཞེས་བྱ་བའི་བར་དུ་སྔོན་བདུད་ཀྱིས་དེ་བཞིན་དུ་སློབ་ཏུ་བཅུག་གོ་།དེ་ལ་རང་བཞིན་ཞེས་བྱ་བ་ནི། འཁོར་བའི་རྒྱུ་རྣམས་སྐྱེས་བུ་དང ། བདག་གི་དོན་གཞན་མ་ཡིན་ནོ། །དེ་ལ་གང་གི་ཚེ་རང་བཞིན་གྱིས་བདག་ཏུ་ལྟ་བ་དང ། རང་བཞིན་གྱིས་བདག་ཏུ་འགྱུར་བ་དེའི་ཚེ་ཐར་པ་ཐོབ་པ་དེ་བཞིན་དུ་གྲངས་ཅན། ཁྱོད་ཀྱིས་ཐར་པའོ། །དེ་བཞིན་དུ་ཁྱོད་ཁྱིམ་གྱིས་གནས་ནས་བྱུང་ཞིང་ཆོས་དང ། ཆོས་མ་ཡིན་པ་ཉིད་དུ་རབ་ཏུ་ཤེས་སོ། །དེས་ཁྱེད་ཅག་ཐར་པར་མི་འགྱུར་རོ། །ཞེས་བཅོམ་ལྡན་འདས་ཀྱིས་ཀུན་ཏུ་རྒྱུ་སྡིག་པ་སྤོང་བ་ལ་བཀའ་སྩལ་པ་དང ། ཀུན་ཏུ་རྒྱུས་གསོལ་པ། བཅོམ་ལྡན་འདས། དེ་དེ་བཞིན་ཏེ། བདེ་བར་གཤེགས་པ། དེ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་པ་སྤོང་བ། གང་ལ་ལ་ལོག་པ་ལ་ལྟ་བ་ཅན་ཐར་པར་འདོད་པར་བྱེད་པ་དེའང་བདུད་ཀྱི་ཞགས་པས་བཏགས་པར་འགྱུར་བ་ནི། ཉོན་མོངས་པའི་བདུད་དང ། ཕུང་པོའི་བདུད་དང ། འཆི་བའི་བདུད་དང ། དབང་བསྒྱུར་བའི་བདུད་ཀྱི་ཞགས་པས་བཏགས་པར་འགྱུར་རོ། །སྡིག་པ་སྤོང་བ། གང་ལ་ལ་བདུད་བཞི་ལ་ཆགས་པ་དེ་དག་གི་ཚངས་པར་སྤྱོད་པར་གནས་པ་ལ་འདྲེས་པའོ། །གང་དག་ཚངས་པར་སྤྱོད་པར་གནས་པ་ལ་འདྲེས་པ་དེ་དག་རྟག་ཏུ་ཡོངས་སུ་ཆད་པར་བྱས་པ་རྒ་ཤིའི་ཆུ་བོ་བཞིས་ཁྱེར་རོ། །དེས་ཁྱེད་ཅག་ཚངས་པར་སྤྱོད་པ་ལ་གནས་པ་འབྲས་བུ་མེད་
380a
༄#། །ཅིང་འཕགས་པ་ལ་ད་མོད་པ་འདི་ཐར་པའི་སླུ་བར་བྱོས་ཤིག་།སྡིག་པ་སྤོང་བ། དེ་ལ་ཆོས་དང ། ཆོས་མ་ཡིན་པ་ནི། འདི་ལྟ་སྟེ། རྟག་པ་མེད་ཅིང་ཆད་པ་མེད་པའོ། །ལུས་ནམ་མཁའ་དང་མཚུངས་པའོ། །ནང་མེད་ཅིང་ཕྱི་རོལ་མེད་པའོ། །འདུ་བྱེད་ཐམས་ཅད་མི་དམིགས་པའོ། །སེམས་ཞེས་བྱ་བ་འདི་ནི། མིང་ཙམ་མོ། །ནམ་མཁའ་ཀུན་ཏུ་རྟོག་པའི་མཚན་ཉིད་ལ་འཇུག་པའོ། །དགེ་བ་དང་མི་དགེ་བའི་ཆོས་ལ་སེམས་དམིགས་པ་མེད་ཅིང་སེམས་ལ་དགེ་བ་དང་མི་དགེ་བའི་ཆོས་དམིགས་པའང་མེད་དོ། །ཇི་ལྟར་ཤིང་ལ་རྟོག་པ་མེད་པ་དེ་ལ་མེ་ཏོག་དང་འབྲས་བུར་རྟོག་པའང་མེད་དོ། །དེ་ལའང་མེ་ཏོག་དང་འབྲས་བུ་དང་ཤིང་དུ་རྟོག་པའང་མི་བྱེད་པ་དེ་བཞིན་དུ་དངོས་པོ་དང་དངོས་པོ་མེད་པ་འདི་དག་མི་སྨྲ་བར་བྱའོ། །གང་གི་ཕྱིར་གཅིག་ལ་གཅིག་མི་རྟོག་ཅིང་རྣམ་པར་མི་རྟོག་པ་དེས་ཆོས་ཐམས་ཅད་ཡུལ་མེད་པའོ། །ཆོས་ཐམས་ཅད་གཉིས་སུ་མེད་ཅིང་གཉིས་ལྟ་བུར་མེད་པ་དང ། མི་རྟོག་ཅིང་རྣམ་པར་མི་རྟོག་པའོ། །ཚེ་དང ། རླངས་པ་དང ། རྣམ་པར་ཤེས་པ་སྨིག་རྒྱུ་བ་ལྟ་བུར་དམིགས་པ་མེད་པའི་ཚུལ་དང ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ཚུལ་གྱིས་བསྒོམ་པར་བྱའོ། །ཆོས་ཐམས་ཅད་བྱ་བ་མེད་པར་འཇུག་པ་ནི། བྱེད་པ་པོ་དམིགས་པ་མེད་པ་ལས་དམིགས་པ་མེད་པའི་ཚུལ་གྱིས་བསྒོམ་པར་བྱའོ། །ཆོས་
380b
ཐམས་ཅད་མི་ཤེས་པ་ནི། སྲོག་ཏུ་དམིགས་པ་མེད་པ་ལས་ཀུན་ཏུ་རྟོག་པ་མེད་པའི་ཚུལ་གྱིས་བསྒོམ་པར་བྱའོ། །ཆོས་ཐམས་ཅད་དམིགས་པ་མེད་པ་ནི། ཀུན་ཏུ་དམིགས་པའི་ཚུལ་གྱིས་བསྒོམ་པར་བྱའོ། །ཆོས་ཐམས་ཅད་དྲན་པ་དང་བྲལ་བ་ནི། དྲན་པ་ལ་དམིགས་པས་བསྒོམ་པར་བྱའོ། །ཆོས་ཐམས་ཅད་རང་བཞིན་གྱིས་ཡང་དག་པར་ཞུགས་པ་ཅན་ནི། ཕྱི་དང་ནང་གི་དམིགས་པའི་ལྟ་བ་རྣམ་པར་སྤངས་པས་བཟོད་པ་འདི་སྒོམས་ཤིག་།འདི་ནི། སྟོང་ན་ཡིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པའི་བཟོད་པའོ། །འདི་ནི། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་འདུ་བྱེད་བག་ཡངས་ཀྱི་བཟོད་པའོ། །འདི་ནི། ཉོན་མོངས་པའི་དབང་རབ་དང་འབྲིང་དང་ཐ་མ་བག་ཡངས་པའི་བཟོད་པའོ། །འདི་ནི། ལོག་པར་ལྟ་བ་དང ། ལོག་པའི་ལམ་ཐམས་ཅད་སྨོན་ལམ་གྱིས་རྣམ་པར་ཆད་པར་བྱེད་པའི་བཟོད་པའོ། །འདི་ནི། ལྟ་བ་ངན་པ་ལམ་དོག་པ་རྙེད་པ་དང ། ལམ་ངན་པར་ཞུགས་པ་དང ། བསྟེན་པ་ངན་པ་ཡི་དམ་ཡོངས་སུ་སྨིན་པའི་བཟོད་པའོ། །འདི་ནི། འཕགས་པ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའི་བཟོད་པའོ། །འདི་ནི། མངོན་པར་ཤེས་པས་རྣམ་པར་རྩེ་བར་བྱེད་པའི་བཟོད་པའོ། །འདི་ནི། སངས་རྒྱས་ཀྱི་ཞིང་གྲངས་མེད་པ་ན་རྣམ་པར་སྤྱོད་པའི་བཟོད་པའོ། །འདི་ནི། བཅོམ་ལྡན་འདས་གྲངས་མེད་པ་ལ་བསྙེན་བཀུར་བྱེད་པའི་བཟོད་པའོ། །འདི་ནི། སངས་རྒྱས་བཅོམ་
381a
༄#། །ལྡན་འདས་གཅིག་ལ་དེ་བཞིན་དུ་ཞུ་བ་གྲངས་མེད་པ་ཡོངས་སུ་ཞུ་བར་བྱེད་པའི་བཟོད་པའོ། །འདི་ནི། ཆགས་པ་མེད་པའི་སྤོབས་པ་གྲངས་མེད་པ་ལ་སྣང་བར་བྱེད་པའི་བཟོད་པའོ། །འདི་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཆོས་ལ་སྒྲིབ་པ་མེད་པའི་ཡེ་ཤེས་ཐོབ་པར་བྱེད་པའི་བཟོད་པའོ། །འདི་ནི། བདུད་བཞི་རྣམ་པར་འཇིག་པའི་བཟོད་པའོ། །འདི་ནི། ཆོས་ཀྱི་འཁོར་ལོ་འཇུག་པར་བྱེད་པའི་བཟོད་པའོ། །འདི་ནི། མུ་སྟེགས་ཅན་དང་བཅས་པའི་ཆོས་ཀྱི་གནོད་པར་བྱེད་པའི་བཟོད་པའོ། །འདི་ནི།་སངས་རྒྱས་ཀྱི་དགོངས་པ་མ་ལུས་པར་ཡོངས་སུ་ཐོབ་པར་བྱེད་པའི་བཟོད་པའོ། །འདི་ནི། མྱ་ངན་ལས་འདའ་བར་བྱེད་པ་ཆེན་པོའི་བཟོད་པའོ། །འདི་ནི། ལུས་ཕྱེ་མར་བྱེད་པའི་བཟོད་པའོ། །འདི་ནི། རིགས་ཀྱི་བུ་ཁྱེད་ཅག་གདོན་མི་ཟ་བར་ཉན་པར་བྱེད་པའི་བཟོད་པའོ། །སྔོན་གྱི་ཚུལ་བསྟན་པ་འདི་ལུང་སྟོན་པ་བསྟན་པ་ན་མུ་སྟེགས་ཅན་གཞན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བརྟན་པར་བྱས་པ་ཉི་ཤུ་རྩ་བཞིས་བཟོད་པ་འདི་ཐོབ་པར་གྱུར་ཏོ། །སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དགུ་བཅུ་རྩ་གཉིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །ཁྲག་ཁྲིག་བརྒྱ་སྟོང་
381b
ཕྲག་བརྒྱད་ཅུ་རྩ་བཞིས་རིགས་དང་མཐུན་པའི་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཀུན་ཏུ་འཚོ་མེ་ཏོག་འོད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། དྲན་པ་ཅི་འདྲ་བ་ལ་རྣལ་འབྱོར་དུ་བགྱི། དྲན་པ་དང་ལྡན་པ་གང་གིས་རང་སངས་རྒྱས་ཀྱི་ཐེག་པ་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་ཀུན་ཏུ་འཚོ། །ཅི་ཁྱོད་རྐྱེན་གྱི་ཆོས་དང ། ཆོས་ཀྱི་རྗེས་རབ་ཏུ་མི་ཤེས་སམ། གསོལ་པ། བཙུན་པ་བཅོམ་ལྡན་འདས། བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་ཅི་ཁྱོད་མིག་མིག་གིས་ཆགས་སམ། འོན་ཏེ་མིག་མིག་གི་རྣམ་པར་ཤེས་པས་ཆགས་སམ། འོན་ཏེ་མིག་གི་རྣམ་པར་ཤེས་པ་མིག་གིས་ཆགས་པ་ནས་ཡིད་ཆོས་ཀྱིས་ཆགས་སམ།་འོན་ཏེ་ཆོས་ཡིད་ཀྱིས་ཆགས་པའི་བར་དུ་མངོན་པར་ཤེས་སམ། གསོལ་པ། བཙུན་པ་བཅོམ་ལྡན་འདས། མིག་མིག་གིས་ཆགས་པ་ནས་ཆོས་ཡིད་ཀྱིས་ཆགས་པ་མེད་པའི་བར་དུ་འཚལ་ཏེ། །བཀའ་སྩལ་པ། ཀྱེ་ཁྱོད་འདི་ལ་ཆགས་པ་ནི། ཆད་པར་ལྟ་བར་འགྱུར་རོ། །ཀྱེ་སྐྱེས་བུ་གང་ཟག་གི་ཆད་པར་ལྟ་བ་ནི། རྒ་ཤིའི་ཕ་རོལ་ཏུ་མི་འགྲོའོ། །ཡུལ་བཅུ་གཉིས་པོ་འདི་དག་ཏུ་སེང་བ་ན་གཅིག་ལ་གཅིག་རྐྱེན་གྱི་རྗེས་སུ་འབྲེལ་བའོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས། ཅི་ཀྱེ་མེ་ཏོག་འོད་ཅེས་བྱ་བ་དང ། མིག་མིག་གི་
382a
༄#། །རྣམ་པར་ཤེས་པའི་གནས་ལ་འཇུག་པ་ནས་བཅོམ་ལྡན་འདས། ཅི་ཆོས་ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱི་གནས་ལ་འཇུག་གམ། མེ་ཏོག་འོད། ཀྱེ་ཞེས་བྱ་བ་ནི། སྐྱེས་བུ་གང་ཟག་གི་ཐ་སྙད་དེ། དེ་ནི། དེའི་རྟག་པར་ལྟ་བར་འགྱུར་རོ། །མེ་ཏོག་འོད། སྐྱེས་བུ་གང་ཟག་གི་རྟག་པར་ལྟ་བ་ནི། རྒ་ཤིའི་ཕ་རོལ་ཏུ་མི་འགྲོའོ། །མེ་ཏོག་འོད། ཆོས་རྣམས་ཀྱི་ཆོས་ཉིད་ཡོད་པ་འདི་དག་མཉན་ནས་རབ་ཏུ་གསོལ་བ་ལ་མངོན་པར་ཆགས་པ་ནི། རྟག་པ་དང་ཆད་པ་མེད་པའི་དབུས་ཀྱི་ལམ་མོ། །མིག་བརྟེན་པ་གཟུགས་སྣང་བ་འབྱུང་བ་དེ་ལ་མིག་དང ། རྣམ་པར་ཤེས་པ་དང ། གཟུགས་རྣམས་འདྲེས་ནས་དུས་གསུམ་དུ་འདྲེས་པར་འདུག་གོ་།མིག་མིག་གི་རྣམ་པར་ཤེས་པ་ལ་འདྲེས་ནས་དུས་གསུམ་དུ་འདྲེས་ཤིང་འདུག་པའང་མེད་དོ། །མིག་གི་རྣམ་པར་ཤེས་པ་ནི། གང་ནས་ཀྱང་མི་འོང ། གང་དུའང་མི་འགྲོའི། འཇིག་པའི་མཚན་ཉིད་འབྱུང་བའི་རྗེས་སུ་ནུས་ན་འབྱུང་བ་དང ། རྐྱེན་འགོག་པ་ལས་འགོག་པ་ནི། མིག་གི་རྣམ་པར་ཤེས་པའོ། །ཀྱེ་མེ་ཏོག་འོད། རྣམ་པ་དེ་དག་ནི། མིག་དང་གཟུགས་ལ་བརྟེན་པ་སྟེ། མིག་དང་གཟུགས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་དང ། གསུམ་འདུས་བའི་རྐྱེན་གྱིས་རེག་པར་འགྱུར་རོ། །རེག་པའི་རྐྱེན་གྱིས་ཚོར་བ་ནས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོའི་བར་དུ་ཀུན་འབྱུང་བར་
382b
འགྱུར་རོ། །མིག་འགགས་པས་གཟུགས་འགག་།མིག་དང་གཟུགས་འགགས་པས་མིག་གི་རྣམ་པར་ཤེས་པ་འགག་སྟེ། མིག་གི་རྣམ་པར་ཤེས་པ་འགགས་པ་ནས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོའི་བར་དུ་འགག་པར་འགྱུར་རོ། །དེ་བཞིན་དུ་རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱི་རྐྱེན་དང ། ཆོས་ཀྱི་རྐྱེན་གྱིས་མིག་གི་རྣམ་པར་ཤེས་པ་འབྱུང་བ་ལས་གསུམ་འདུས་པ་ནི། རེག་པ་སྟེ། རེག་པའི་རྐྱེན་གྱིས་ཚོར་བ་ནས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོའི་བར་དུ་ཀུན་འབྱུང་བར་འགྱུར་རོ། །ཡིད་འགགས་ཤིང་ཆོས་འགགས་པས་ཡིད་ཀྱི་རྣམ་པར་ཤེས་པའང་འགག་གོ་།ཡིད་ཀྱི་རྣམ་པར་ཤེས་པ་འགགས་པས་རེག་པ་འགག་པ་ནས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོའི་བར་དུ་འགག་པར་འགྱུར་རོ། །མེ་ཏོག་འོད། དབུས་ཀྱི་ལམ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་ཕྱོགས་ཅན་གྱི་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རབ་ཏུ་གསལ་བར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་འདི་བསྟན་པ་སྟོན་པ་ན་ཀུན་ཏུ་འཚོ་མེ་ཏོག་འོད་དང ། མུ་སྟེགས་ཅན་གཞན་ཁྲག་ཁྲིག་དགུ་བཅུ་རྩ་གཉིས་དང་ལྷན་ཅིག་ཏུ་རང་སངས་རྒྱས་ཀྱི་ཐེག་པ་ལ་སེམས་བསྐྱེད་པར་གྱུར་ཏོ། །རང་སངས་རྒྱས་ཀྱི་ཐེག་པ་ལ་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་ཕྱིར་མི་ལྡོག་པའི་སའང་ཐོབ་པར་གྱུར་ཏོ། །ཡང་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཞིང་མ་ལུས་པར་ས་དང་ནམ་མཁས་ཁྱབ་པ་ལ་གནས་པའི་འཁོར་ཐམས་ཅད་
383a
༄#། །དང་ལྡན་པ་ལ་ཤེས་པར་བྱས་པ། བཞིན་བཟང་འདིར་ཡང་དག་པར་ལྷགས་པ་ཇི་ཙམ་པ་ཉོན་ཅིག་།དེ་ནས་སངས་རྒྱས་ཀྱི་ཞིང་མ་ལུས་པར་ས་དང་ནམ་མཁས་ཁྱབ་པ་ལ་གནས་པའི་འཁོར་ཐམས་ཅད་དང་ལྡན་པ་དང ། ལྷ་དང ། དྲི་ཟ་དང ། མི་དང ། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དག་ཐལ་མོ་སྦྱར་ཏེ་ཁ་དོག་དང ། གཟུགས་དང ། དབྱིབས་སྣ་ཚོགས་དཀའ་ཐུབ་དང ། བརྟུལ་ཞུགས་སྤྱོད་ལམ་གྱིས་བཅོམ་ལྡན་འདས་དྲང་སྲོང་ཆེན་པོ་ལ་ལྟའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་ལས་བཞེངས་ཏེ་སྔོན་ཇི་ལྟ་བ་སངས་རྒྱས་ཀྱི་སྐུ་གཟུགས་ཀྱིས་ཡང་དག་པར་མཐོང་ནས་སངས་རྒྱས་ཀྱི་ཞིང་མ་ལུས་པར་ས་དང ། ནམ་མཁས་ཁྱབ་པ་ལ་གནས་པའི་འཁོར་ཐམས་ཅད་དང་ལྡན་པས་ལན་གསུམ་བསྐོར་བ་བྱས་ཏེ་མགྲིན་གཅིག་ཏུ་གསོལ་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །རྣམ་པ་དེ་ལྟ་བུའི་འདུས་པ་ལ་ཐེག་པ་གསུམ་གྱིས་སེམས་ཅན་ཡོངས་སུ་སྨིན་ཏོ། །ཞེས་ལུང་ཆེན་པོ་བསྟན་པ་སྔོན་མ་མཐོང་མ་ཐོས་སོ། །ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་
383b
ལེའུ་དགུ་པའོ།། །།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་སྔོན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་པ་གང་གིས་ཉོན་མོངས་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་བྱུང་ནས་སངས་རྒྱས་ཀྱི་ཞིང་བྱ་བ་བྱས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས་སེམས་ཅན་རྣམས་ལ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདི་སྟོན་ཏོ། །གང་ཡང་མ་འོངས་པའི་དུས་ན་ཉོན་མོངས་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་འབྱུང་བར་འགྱུར་ཞིང་སངས་རྒྱས་ཀྱི་བྱ་བ་བྱེད་པར་འགྱུར་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདི་སྟོན་པར་འགྱུར་རོ། །གང་ཡང་དེ་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུའི་ཉོན་མོངས་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པ་ན་བཞུགས་ཤིང་འཚོ་སྐྱོང་སྟེ་སེམས་ཅན་རྣམས་ལ་ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདི་སྟོན་ཏོ། །བཞིན་བཟང ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་སྤེལ་
384a
༄#། །བའི་ཕྱིར་བཟོད་པ་འདི་མང་དུ་བྱེད་དོ། །བྱང་ཆུབ་སེམས་དཔའ་གང་གིས་དགེ་བའི་རྩ་བ་ཆེན་པོ་ཡོངས་སུ་སྦྱངས་པར་བྱས་པ་ནི། སེམས་དཔའ་ཆེན་པོ་ཞེས་བྱ་སྟེ། འདུ་བྱེད་པ་ཐམས་ཅད་ལས་ཡང་དག་པར་ཤིན་ཏུ་འདས་པར་ཡང་འགྱུར་རོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདུ་བྱེད་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་འགྱུར་ཞིང་མྱ་ངན་ལས་འདས་པའི་ཡུལ་དུ་སོང་བར་ཡང་དག་པར་མཐོང་ངོ ། །ངོ་བོ་ཉིད་མེད་པ་དང ། ཚིག་གི་ལམ་མེད་པ་དང ། སྟོང་པ་ཉིད་དང ། དངོས་པོ་མེད་པ་དང ། མཚན་མ་མེད་པ་དང ། མཚན་ཉིད་མེད་པ་དང ། སྨོན་པ་མེད་པ་དང ། ཁམས་གསུམ་ལས་ཡང་དག་པར་ཤིན་ཏུ་འདས་པའི་ཆོས་མཚུངས་པ་ཉིད་དུ་ཤེས་ཏེ། དབེན་པ་ཆགས་པ་མེད་པའི་ཡུལ་དུ་འགྱུར་ཞིང་འདུ་འཛིའི་ཡུལ་དུའང་ཡང་དག་པར་མཐོང་ངོ ། །བསམ་གཏན་གྱི་ཡུལ་ལ་ཆགས་པར་འགྱུར་ཞིང་བཙུན་མོའི་འཁོར་གྱི་དབུས་ཀྱི་ཡུལ་དུ་སོང་བར་ཡང་ཡང་དག་པར་མཐོང་ངོ ། །མངོན་པར་འདུ་མི་བྱེད་པའི་ཡུལ་དུ་འགྱུར་ཞིང་ཡུལ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་ཡང་དག་པར་མཐོང་ངོ ། །ཡུལ་ལས་ཤིན་ཏུ་འདས་པར་འགྱུར་ཞིང་བདུད་བཞིའི་ལམ་གྱི་ཡུལ་དུ་ཡང་ཡང་དག་པར་མཐོང་ངོ ། །འཕགས་པའི་སྐྱེ་བོའི་ཡུལ་དུ་འགྱུར་ཞིང་འཕགས་པ་མ་ཡིན་པའི་སྐྱེ་བོའི་ཡུལ་དུའང་ཡང་དག་པར་མཐོང་ངོ ། །འཇིག་རྟེན་གྱི་
384b
ཡུལ་ལས་ཡང་དག་པར་ཤིན་ཏུ་འདས་པར་འགྱུར་ཞིང་འཇིག་རྟེན་ཐམས་ཅད་སྤྱོད་པའི་ཡུལ་དུའང་ཡང་དག་པར་མཐོང་ངོ ། །རྣམ་པར་ཤེས་པའི་ཡུལ་ལ་སྤྱོད་ཡུལ་དུ་འགྱུར་ཞིང་བྱིས་པ་ཐམས་ཅད་ཀྱི་ཡུལ་དུའང་ཡང་དག་པར་མཐོང་ངོ ། །དེ་བཞིན་དུ་འདི་ནི། ཡོན་ཏན་མང་པོ་ཐམས་ཅད་ཀྱི་རྗེས་སུ་སྟོན་པའི་བཟོད་པའོ། །མངལ་གྱི་གནས་ཐམས་ཅད་ལས་ཡོངས་སུ་ཐར་ནས་སྐྱེ་བའང་མེད་དོ། །རྒས་པའང་མེད་དོ། །འཆི་འཕོའང་མེད་དོ། །འབྱུང་བའང་མེད་དེ། ཡིད་ཀྱི་རང་བཞིན་དུ་འགྱུར་རོ། །ལུས་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་ཆུ་ཟླ་ལྟ་བུར་ཡང་དག་པར་མཐོང་ངོ ། །གཟུགས་དང ། ཁ་དོག་དང ། མཚན་མ་དང ། དབྱིབས་སྣ་ཚོགས་ཀྱི་སྤྱོད་ལམ་གྱིས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་ཀྱི་ཡོན་ཏན་ཟབ་མོ་བསྒྲུབ་པར་བྱ་བའི་ཕྱིར་དེ་བཞིན་དུ་བཟོད་པ་འདི་ལ་ཡོན་ཏན་མང་ཞིང་སྨོན་པ་མེད་དོ། ། གལ་ཏེ་བྱང་ཆུབ་སེམས་དཔའི་རྣ་བར་བཟོད་པ་འདི་ལ་འབའ་ཞིག་ཡང་དག་པར་ཤིན་ཏུ་གསལ་བར་འགྱུར་ན། འདུ་བྱེད་ཐམས་ཅད་ལ་སེམས་སྐད་ཅིག་ཏུ་གནས་པར་འགྱུར་རོ། །བདག་དང་གཞན་ལ་བཟོད་པས་བདག་ཏུ་དམིགས་པ་མེད་པ་ནས་གང་ཟག་གི་བར་དུ་དམིགས་པའང་མེད་དོ། །ཇི་ལྟར་སྨྲ་བ་དེ་ལྟར་བྱེད་པས་ཕན་པའི་སེམས་སུ་འགྱུར་རོ། །ཆོས་ཐམས་ཅད་
385a
༄#། །ཉེ་བར་རྟོགས་པས་ཕྱིར་མི་ལྡོག་པའི་སེམས་སུ་འགྱུར་རོ། །སྡིག་པ་ཐམས་ཅད་མི་བྱེད་པས་དག་པའི་སེམས་སུ་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་ཁུར་བཀུར་བས་སེམས་ཆེན་པོར་འགྱུར་རོ། །ངན་འགྲོ་ཐམས་ཅད་ཚིམ་པས་བྱམས་པ་ཆེན་པོའི་སེམས་སུ་འགྱུར་རོ། །ཐེག་པ་གཞན་མི་འདོད་པས་ཞི་བའི་སེམས་དང ། ཉོན་མོངས་པའི་རྙོག་པ་ཐམས་ཅད་སེལ་བས་ཉོན་མོངས་པ་མེད་པའི་སེམས་དང ། རང་བཞིན་གྱིས་རབ་ཏུ་གསལ་བས་རབ་ཏུ་གསལ་བའི་སེམས་དང ། དངོས་པོ་མེད་པས་སྒྱུ་མ་ལྟ་བུའི་སེམས་སུ་སོང་བས་དངོས་པོ་མེད་པའི་སེམས་སུ་འགྱུར་རོ། །ཕ་རོལ་གྱི་བདུད་ཐམས་ཅད་ཀྱི་རྒོལ་བ་ལ་གཡོ་བ་མེད་པས་བརྟན་པའི་སེམས་སུ་འགྱུར་རོ། །བཞིན་བཟང ། བྱང་ཆུབ་སེམས་དཔའ་རྣམས་མཉན་པ་ཙམ་གྱིས་བཟོད་པ་འདི་མང་དུ་བྱེད་ན། སྒོམ་པའི་རྣལ་འབྱོར་དང་ལྡན་པས་ལྟ་ཅི་སྨོས་ཏེ། ཚངས་པར་ཡོངས་སུ་རྫོགས་པ་ཤིན་ཏུ་སྒོམ་པ་ལྟ་སྨོས་ཀྱང་ཅི་དགོས། འདི་ལ་བསྟན་པ་སྟོན་པ་ན་སེམས་ཅན་བྲུག་གཡོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །ཉན་ཐོས་ཀྱི་ཐེག་པ་དཔག་ཏུ་མེད་པ་དང ། རང་སངས་རྒྱས་ཀྱི་ཐེག་པ་དཔག་ཏུ་མེད་པ་ལ་སྐྱེས་པར་གྱུར་ཏོ། །དེ་ནས་གང་སྔོན་དེ་བཞིན་གཤེགས་པ་བཟོད་པའི་མཆོག་
385b
དཔལ་གྱི་ཕུང་པོའི་རྒྱལ་པོ་དེས་རྒྱལ་པོ་བསོད་ནམས་ཀྱི་འོད་ཟེར་དེ་ལ་མེ་ཏོག་བནྡུ་བསྐུར་བ་དེ་དག་ཅིང་འདྲ་བར་གྱུར་ཅེས་སྲོག་ཆགས་མང་པོ་དེ་བཞིན་དུ་སེམས་དང་བསམ་པ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་སེམས་ཅན་དེ་དག་གི་སེམས་སོ་སོར་རྣམ་པར་རྟོག་པ་མཁྱེན་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ།་ཤར་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཇི་ཙམ་པ་ལྷ་རྫས་ཀྱི་མིག་སྒྲིབ་པ་མེད་ཅིང་ཡེ་ཤེས་སྟོན་པས་མཐོང་ངམ། གང་ངས་སྔོན་རྒྱལ་པོ་བསོད་ནམས་འོད་ཟེར་གྱི་མཛོད་དུ་གྱུར་པས་བྱུང་སྟེ་ཀུན་ཏུ་རྒྱུའི་ཆ་བྱད་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱས་སོ། །ངས་ཐོག་མར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་གོ་།ནྔས་ཐམས་ཅད་ཀྱི་ཐོག་མར་སྦྱིན་པ་ནས་ཤེས་རབ་ཀྱི་བར་དུ་སྦྱོར་དུ་བཅུག་གོ་།འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། ཅིའི་རྐྱེན་གྱིས་ཀུན་ཏུ་འདི། བཀའ་སྩལ་པ།་འཇམ་དཔལ། མངོན་དུ་བྱ་བའི་ཕྱིར་རོ། །འཇམ་དཔལ་གྱིས་གསོལ་པ། བཙུན་པ་བཅོམ་ལྡན་འདས། ཅི་ལའང་བྱ་སླ་བའི་ཚད་གཟུགས་དུ་མ་མཆིས་པ་ནི། འདི་ལྟ་སྟེ། འདི་དག་ནི།་བརྒྱའོ། །འདི་དག་ནི། སྟོང་ངོ ། །འདི་དག་ནི། བྱེ་བའོ། །འདི་དག་ནི། ཁྲིགས་ཁྲིགས་སོ། །འདི་དག་ནི། བཏང་ཡས་སོ། །འདི་དག་ནི། བྲུག་གཡོས་སོ། །འདི་དག་ནི། བྲུག་
386a
༄#། །གཡོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྟེ། ཤར་ཕྱོགས་ན་ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བཞུགས་ཤིང་འཚོ་སྐྱོང་བ་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང ། ཡོངས་སུ་མ་དག་པ་དེར་བཞུགས་ཤིང་ཆོས་སྟོན་པ་ཁྱོད་ཀྱིས་གང་ཐམས་ཅད་ཀྱི་ཐོག་མར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་གོ་།ཁྱོད་ཀྱིས་ཐམས་ཅད་ཀྱི་ཐོག་མར་སྦྱིན་པ་ནས་ཤེས་རབ་ཀྱི་བར་དུ་བཙུད་དོ། །བཙུན་པ་བཅོམ་ལྡན་འདས། དེ་བཞིན་དུ་ལྷོ་དང ། ནུབ་དང ། བྱང་གི་ཕྱོགས་དང ། སྟེང་དང ། འོག་གི་ཕྱོགས་སུ་འདི་དག་ནི། ཁྲིགས་ཁྲིགས་ནས་ཐམས་ཅད་ཀྱི་ཐོག་མར་ཤེས་རབ་ལ་བཙུད་པའི་བར་དུ་ཅི་ལའང་བྱ་སླ་བའི་ཚད་དུ་གཟུང་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། དེ་བཞིན་དུ་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང ། མ་དག་པ་ན་ཤེས་རབ་མངོན་དུ་བྱ་བའི་ཕྱིར་གང་ངས་ཐམས་ཅད་ཀྱི་ཐོག་མར་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་པ་དང ། བཙུད་པ་དང ། བཀོད་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ནི། ངས་ལྷ་རྫས་ཀྱི་མིག་གིས་མཐོང་ངོ ། །འཇམ་དཔལ། ཁྱོད་ཀྱིས་ཡོངས་སུ་དྲིས་པ་རྒྱལ་པོ་བསོད་ནམས་འོད་ཟེར་གྱི་མཛོད་དེས་ཀུན་ཏུ་རྒྱུའི་ཆ་བྱད་ཀྱིས་སེམས་
386b
ཅན་རྣམས་ཡོངས་སུ་སྨིན་པར་བྱས་པ་ཅི་ལ་ཡང་བྱ་སླ་བའི་ཚད་གཟུང་མི་ནུས་སོ། །ཡང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང ། ཡོངས་སུ་མ་དག་པ་ཐ་དད་པ་ན་ད་ལྟར་གྱི་སངས་རྒྱས་དེ་དག་བཞུགས་ཤིང་འཚོ་སྐྱོང་ངོ ། །གང་རྒྱལ་པོ་བསོད་ནམས་འོད་ཟེར་གྱི་མཛོད་ངས་ཀུན་ཏུ་རྒྱུའི་ཆ་བྱང་ཀྱིས་ཐམས་ཅད་ཀྱི་ཐོག་མར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་སུ་བཙུད་དོ། །བཀོད་དོ། །དེ་བཞིན་དུ་སྦྱིན་པ་ནས་ཤེས་རབ་ཀྱི་བར་དུ་བཙུད་དོ། །བཀོད་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་སྔོན་བདག་གི་ཡོ་བྱད་ཤེས་པའི་རྗེས་སུ་དྲན་པར་འགྱུར་བས་ཇི་ལྟར་འཁོར་ཐམས་ཅད་དང་ལྡན་པ་མངོན་སུམ་དུ་འགྱུར་ན། སངས་རྒྱས་རེ་རེས་ཀྱང་བདག་ལ་མེ་ཏོག་བནྡུ་སྐུར་ཅིག་།བཅོམ་ལྡན་འདས་ཀྱིས་ཚིག་འདི་བཤད་མ་ཐག་ཏུ་ཕྱོགས་བཅུ་ཇི་ཙམ་པ་ནས་ནམ་མཁའ་ལ་མེ་ཏོག་དམར་པོའང་མ་ཡིན། མི་དམར་བའང་མ་ཡིན་པའི་སྦྲིན་ཆེན་པོ་འོངས་པ་མཐོང་ནས་སྐྱེ་བོའི་ཚོགས་ཆེན་པོའི་ངོ་མཚར་དེ་ལྟ་བུ་འབྱུང་བ་འདི་ཅིར་འགྱུར་ཞེས་བྱས་པ་དང ། དེ་ནས་མེ་ཏོག་གི་ཆར་འབབ་པར་ཡང་དག་པར་བརྩམས་ནས་མེ་ཏོག་དམར་པོའང་མ་ཡིན། དཀར་པོའང་མ་ཡིན་པ་སྣང་བ་མཆོག་ཏུ་ཤིན་ཏུ་འཇམ་པ་གཉེན་པ་ཀ་ཙ་ལིནད་ལྟ་བུས་ཀུན་ཏུ་རེག་པ། བུང་བ་དང ། ཤིང་ཤུ་ཀ་ལྟ་བུའི་ཁ་དོག་གི་མེ་ཏོག་གི་ཆར་
387a
༄#། །དེ་དག་གླིང་བཞི་པར་མ་ལུས་པར་རབ་ཏུ་བབ་བོ། །སྐྱེས་བུའི་ཚད་ཙམ་དུ་ས་ཐམས་ཅད་ཁེབས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞིན་བཟང ། ཕྱོགས་བཅུའི་སངས་རྒྱས་ཐ་མི་དད་པ་ན། མེ་ཏོག་བནྡུ་ཇི་ཙམ་པ་དེ་ཙམ་གྱི་ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བཞུགས་ཤིང་འཚོ་སྐྱོང་བ་ཆོས་ཀྱང་འཆད་དོ། །དེའི་ཚེ་རྒྱལ་པོ་བསོད་ནམས་འོད་ཟེར་གྱི་མཛོད་ངས་ཀུན་ཏུ་རྒྱུའི་ཆ་བྱད་ཀྱིས་ཐོག་མར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་གོ་།ངས་ཐམས་ཅད་ཀྱི་ཐོག་མར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡང་དག་པར་བཞག་གོ་།བཙུད་དོ། །བཀོད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ད་ལྟར་སྔོན་གྱི་ཆོ་ག་ཤེས་པའི་རྗེས་སུ་དྲན་པས་སངས་རྒྱས་རེ་རེས་ཀྱང་མེ་ཏོག་བནྡུ་རེ་རེ་བདག་ལ་བསྐུར་རོ། །ཁྱེད་ཅག་ཐམས་ཅད་མངོན་སུམ་དུ་གྱུར་པར་གྱུར་ནས་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་དེ་འདི་སྒོམས་ཤིག་།བཟོད་པ་འདིའི་མཐུས་གང་འདས་པའི་དུས་ན་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐ་དད་པར་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པ། སེམས་ཅན་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ། སངས་
387b
རྒྱས་ཀྱི་དགོངས་པ་ཀུན་ཟད་པར་བྱས་པ། འབྱུང་བ་མེད་པ། མྱ་ངན་ལས་འདའ་བའི་ཁམས་ན་འདུག་པ། མེ་ཏོག་བནྡུའི་ཆར་འདི་དག་ཇི་ཙམ་པ་འདི་ཙམ་གྱི་སེམས་ཅན་ངས་ཚེ་གཅིག་གིས་ཡོངས་སུ་སྨིན་པར་བྱས་སོ། །འདས་པའི་དུས་ན་མེ་ཏོག་བནྡུའི་ཆར་འདི་དག་ཇི་ཙམ་པ་དེ་ཙམ་གྱི་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དག་དེའི་ཚེ་གང་རྒྱལ་པོ་བསོད་ནམས་འོད་ཟེར་གྱི་མཛོད་ངས་ཐམས་ཅད་ཀྱི་ཐོག་མར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་གོ་།ངས་ཐམས་ཅད་ཀྱི་ཐོག་མར་སྦྱིན་པ་ལ་སྦྱོར་བར་བྱེད་ཅིང་བཀོད་པ་ནས་ཤེས་རབ་ཀྱི་བར་དུ་སྦྱོར་བར་བྱེད་ཅིང་བཀོད་དོ། །བཞིན་བཟང ། མཐུ་ཆེན་པོ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདི་ལྟོས་ཤིག་།རིགས་ཀྱི་བུ་ཕོ་དང ། རིགས་ཀྱི་བུ་མོ་བྱང་ཆུབ་འདོད་པ་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པས་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདི་བསྒོམ་པར་བྱ་པ་འདི་ལ་ཚུལ་བཞིན་དུ་བྱའོ། །ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལེའུ་བཅུ་པའོ།། །།བམ་པོ་བཅུ་པ།
388a
༄#། །དེ་ནས་ཀུན་ཏུ་རྒྱུ་ཤིན་ཏུ་རྣམ་པར་ཕྱེ་བའི་འོད་ཟེར་འཆང་བ་ཞེས་བྱ་བ་དེ་བཅོམ་ལྡན་འདས་གང་ན་བདེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་བཙལ་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །ཤིན་ཏུ་རྐང་གཉིས་མཆོག་གིས་བདེ་བྱིན་པ། །ལྟ་བ་ལོག་ཞུགས་འགྲོ་ལ་སྒྲོན་མ་འཛིན། །ཆོས་ཀྱི་འཁོར་ལོ་དག་གི་སྒྲས་འཇུག་པ། །ཇི་ལྟར་ལྟ་བའི་དྲ་བ་སྔོན་ཆད་འགྱུར། །དྲི་མ་གསུམ་སྤངས་མིག་གསུམ་གཏོང་ཕོད་པ། །ཆོས་ཀྱིས་འགྲོ་བ་ཐམས་ཅད་ཚིམ་མཛད་པ། །ཁམས་གསུམ་འགྲོ་བ་ལ་ནི་སྒྲོན་འཛིན་པ། །ཇི་ལྟར་ལྟ་བའི་དྲ་བ་སྲབ་པར་འགྱུར། །འགྲོ་བ་དག་ལ་གསེར་དང་ཟླ་བ་བཞིན། །སྤྱན་ནི་རབ་མཛེས་ཤིན་ཏུ་གསོལ་བའི་ཞལ། །བཟོད་པ་ཇི་ལྟར་ཐོབ་པའི་སྤྱོད་པ་གསུངས། །ཇི་ལྟར་ལྟ་བའི་རྒྱུ་རྣམས་འཇིག་པར་འགྱུར། །སེམས་ཅན་འགྲོ་བ་སྡིག་པ་ལས་ཟློག་མཛད། །སྡིག་པའི་བསམ་བྲལ་ལྟ་བ་དགེ་བ་ལ། །ཚེ་ཡི་ཆུ་བོ་སྡིག་པ་སེམས་འགྱུར་བ། །སྡིག་པའི་ལྟ་གསུམ་ཇི་ལྟར་ཐར་བར་བྱེད། །དྲང་སྲོང་ཆེན་པོ་དབང་པོ་ཐམས་ཅད་བསྡམས། །དད་པས་མོས་པ་ལྟར་ནི་གཞན་ལ་གནས། །རྣམ་པར་སྤྱོད་བཅས་རྩ་བ་ཤིན་སྤང་ཕྱིར། །ལྟ་བའི་བདུད་ཡོད་ཇི་ལྟར་ཟད་པར་འགྱུར། །ཐམས་ཅད་འགྲོ་ལ་ཁྱོད་ནི་བློ་གྲོས་ཅན། །མཆོག་གི་བཟོད་པ་དག་ནི་ལམ་སྟོན་པ། །བསམ་པ་
388b
ཐམས་ཅད་ཀྱིས་ནི་འགྲོ་འདི་མགུ་།སྡིག་པར་ལྟ་བ་ཇི་ལྟར་འཇིག་པར་འགྱུར། །འཕགས་པའི་རྒྱལ་པོ་ཉོན་མོངས་དགྲ་སྲེག་པ། །ལམ་གྱི་ཡན་ལག་བརྒྱད་ནི་ཉེ་བར་སྟོན། །འགྲོ་ལ་ལྷ་དང་ཟླ་བ་ཀུན་སྤངས་པ། །ལྟ་བའི་མུན་པ་དག་པར་ཇི་ལྟར་འགྱུར། །མི་འདུལ་ཁ་ལོ་སྒྱུར་ཞིང་ཐུགས་རབ་དགྱེས། །མི་མཆོག་རྒྱལ་པོ་འགྲོ་ལ་བཀྲ་ཤིས་མཛད། །ལྟ་བ་དགེ་ལ་འགྲོ་བ་འཇུག་པ་མེད། །སྡིག་པ་ལྟ་ལ་གང་དག་རྒྱུན་གཅོད་མེད། །བདེ་གཤེགས་འདུལ་དང་བཟོད་དང་སྡོམ་ལ་དགྱེས། །འགྲོ་བའི་ཐེ་ཚོམ་སྣ་ཚོགས་དེ་གཟིགས་ཏེ། །ལྟ་བར་གྱུར་པའི་ཆོས་ཀྱི་ཟླ་བ་བྱིན། །སྡིག་པའི་ལྟ་ཀུན་ཇི་བཞིན་འགྱུར་བ་མེད། །གཅིག་ཏུ་སྤྱད་བརྟག་ཏུ་བསམ་གཏན་དགྱེས། །དེ་བཞིན་འདིར་གནས་དཔག་མེད་འཁོར་དག་ལ། །སྡིག་པའི་ལྟ་བ་ཇི་ལྟར་ཡང་རེག་མེད། །ཆགས་མེད་རྒྱལ་མཚན་དོན་འདི་བཤད་དུ་གསོལ། །འཁོར་བའི་སྡུག་བསྔལ་རབ་ཏུ་ཞི་བར་མཛད། །ཝཱ་ར་ཎཱ་སིར་དགེ་བའི་འཁོར་ལོ་བསྐོར། །སྲོག་ཆགས་བྱེ་མང་ལྟ་ལས་ཐར་མཛད་པ། །ལྟ་བར་སོང་བ་ཐར་མཛད་ཆོས་གསུང་གསོལ། །ལྟ་བ་སྤྱོད་ཅིང་སྡིག་པའི་བློ་གྲོས་ཅན། །སྲོག་ཆགས་བྱེ་སྟོང་ཕྲག་བཅུ་འདི་དག་གནས། །སྡིག་པའི་ལྟ་ཀུན་ཇི་བཞིན་འགྱུར་མེད་པ། །བདེ་གཤེགས་ཡོངས་སུ་བསྔོ་བ་ཇི་ལྟར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའི་རང་བཞིན་ཅན་ལ་བཀའ་སྩལ་པ། རིགས་
389a
༄#། །ཀྱི་བུ།་གང་གི་ཚེ་བསྐལ་པ་ཚད་མེད་པ་ལས་ཤིན་ཏུ་འདས་པར་སྟོན་པ་དེའི་ཚེ་དེའི་དུས་ན་ལྷོ་ཕྱོགས་ན་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་ཉི་ཤུ་ལས་ཤིན་ཏུ་འདས་པ་དེ་ན་སངས་རྒྱས་ཀྱི་ཞིང་བློ་གྲོས་དབྱངས་ཞེས་བྱ་བ་རྙོག་པ་ལྔས་ཤིན་ཏུ་གང་ཞིང་ལྟ་བ་ཐ་དད་པར་སོང་བ་དོག་པ་རྙེད་པར་གྱུར་ཅིང ། སེམས་ཅན་ཀུན་ཏུ་གཟིར་བར་གྱུར་པ་དེ་ལ་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས་པའི་དབང་པོ་ཞེས་བྱ་བ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་པ་དེའི་སྟོང་གསུམ་གྱི་ཉན་ཐོས་ཀྱི་ཚོགས་འདུས་པ་ཆེན་པོར་གྱུར་པ་འདྲན་ནམ། ཇི་ལྟར་ད་ལྟར་རྒྱལ་པོ་འབི་འབི་ས་ར་ངའི་ཡོན་བདག་ཆེན་པོ་ཡིན་པས་དེ་ན་ང་འོད་འཛིན་པའི་རྒྱལ་པོ་ཆེན་པོར་གྱུར་ཅིང་དེ་བཞིན་གཤེགས་པ་ཚངས་པའི་དབང་པོར་ཡང་གྱུར་ཏོ། །དེ་བཞིན་གཤེགས་པ་ཚངས་པའི་དབང་པོ་འཁོར་དང་བཅས་པ་ལ་དེ་ལྟར་བདག་ཉི་མ་རེ་རེ་ཞིང་ཡང་མེ་ཏོག་སྣ་ཚོགས་དང ། དྲི་སྣ་ཚོགས་དང ། རིན་པོ་ཆེའི་གདུགས་སྣ་ཚོགས་དང ། རོལ་མོ་སྣ་ཚོགས་ཀྱིས་མཆོད་པ་བྱས་སོ། །ཡང་བཅོམ་ལྡན་འདས་དེ་ལ་དེ་བཞིན་དུ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཟླ་བ་གསུམ་དུ་ཡོ་བྱད་ཀྱིས་སྤྱན་དྲངས་ཏེ། ལམ་སྲང་གང་ན་མི་ཡོད་པ་དག་ཁ་ན་མ་ཐོ་མེད་པའི་སྟོན་པ་བྱའོ། །ཞེས་ལམ་སྲང་དུ་སྒྲ་འབྱིན་དུའང་བཅུག་གོ་།ལམ་
389b
སྲང་དེ་ན་བྲམ་ཟེ་གངྒཱ་ཞེས་བྱ་བ་ཉི་མ་ལ་དད་པ་ཅན་དུ་གྱུར་པ་རྐང་པ་གཅིག་གིས་ཉི་མ་ལ་དགའ་ཞིང་ཉིན་མཚན་སྟོན་པ་ན་མངོན་པར་ཤེས་པ་དེ་བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་བར་མི་འདོད་ནས་དེ་ངས་སྤྲན་པར་བྱས་སོ། །བྲམ་ཟེ་འདིས་ངའི་བྱ་བ་ལ་ནན་ཏན་དུ་མ་བྱས་པས་ཉི་མ་བདུན་དུ་མཆོག་ཏུ་གནོད་པས་གཙེའོ། །ཞེས་བྱས་ནས་རྒྱལ་པོའི་ཞབས་རིང་བས་བཟུང་སྟེ་བཙོན་རར་བཅུག་པ་དང ། བྲམ་ཟེ་དེས་རྟག་ཏུ་ཉིན་མཚན་བདུན་དུ་འདི་ལྟ་བུའི་སྨོན་ལམ་བཏབ་བོ། །གལ་ཏེ་དེ་བཞིན་དུ་ཚངས་པའི་དབང་པོ་མགོ་རེག་རབ་ཏུ་སྣམ་བུ་དམར་པོ་ཅན་ཐམས་ཅད་ཤེས་པར་འགྱུར་བ་དེ་སྦེད་པའི་གནས་འདིར་བདག་གི་གན་དུ་ཤོག་ཅིག་།དེའི་འོག་ཏུ་ཉི་མ་ཐམས་ཅད་ཤེས་པར་གྱུར་པ་གང་བ་དག་བཙོན་ར་ནས་ཐར་པར་བྱེད་པ་དེ་བཙོན་ར་འདིར་ཞུགས་ཤིང་གང་གི་མཐུས་བདག་འཚོ་བ་རྙེད་པ་དེ་ལ་བདག་སྐྱབས་སུ་འགྲོའོ། །དེ་ནས་ཉིན་མཚན་བདུན་པའི་ཐ་མ་འདས་པ་ན་སྔ་དྲོའི་དུས་ཀྱི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས་པའི་དབང་པོའི་གཡས་ཕྱོགས་ན་ནི། ཉི་མའི་ལྷའི་བུ་ཕྱག་འཚལ་ཞིང་འདུག་།གཡོན་ཕྱོགས་ན་ནི། ཟླ་བའི་ལྷའི་བུ་ཕྱག་འཚལ་ཞིང་འདུག ། མདུན་ན་ནི། བརྒྱ་བྱིན་དང ། ཚངས་པ་ཕྱག་འཚལ་ཞིང་འདུག་པ་བཙོན་རར་བཞུད་ནས་དེ་བཞིན་གཤེགས་པ་དེས་བྲམ་ཟེ་ཉི་མ་ལ་དད་པ་ཅན་ལ་བཀའ་སྩལ་པ། བྲམ་ཟེ། ང་ནི། མིར་
390a
༄#། །གྱུར་པ་ཐམས་ཅད་ཀྱིས་ཤེས་པའོ། །ཐམས་ཅད་ལ་སྟོན་པའོ། །ལྷ་ཐམས་ཅད་ཀྱིས་ཡིད་ལ་བྱེད་པའོ། །སེམས་ཅན་ཐམས་ཅད་ལ་བྱམས་ཤིང་སྙིང་རྗེ་བའོ། །འཁོར་བའི་བཙོན་ར་དང་རྒ་ཤི་ཐམས་ཅད་ལས་ཡོངས་སུ་ཐར་པར་བྱེད་པའོ། །བྲམ་ཟེ། ལྟ་བ་ལོག་པའི་རྒྱུན་ཆོད་ཅིག་།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་ཐོབ་ཅིང་།ཆོས་ཀྱི་རོས་སེམས་ཅན་ཐམས་ཅད་བོས་ཤིག་།ལྷ་དང ། མི་དང ། སྐྱེ་རྒུའི་ནང་ན་སེམས་ཅན་ལྟ་བ་དོག་པ་རྙེད་པ་རྣམས་ཡོངས་སུ་ཐར་པར་བྱོས་ཤིག་།དེ་ནས་བྲམ་ཟེ་དེ་དགའ་མགུ་ཡིད་བདེ་བ་སྐྱེས་ནས་དེ་བཞིན་གཤེགས་པ་ཚངས་པའི་དབང་པོའི་ཞབས་གཉིས་ཀྱི་དྲུང་དུ་འོངས་ནས་གསོལ་པ། བཙུན་པ་བཅོམ་ལྡན་འདས། སྡིག་པའི་ལྟ་བར་སོང་བའི་ནོངས་པ་སྤངས་ཏེ་བཅོམ་ལྡན་འདས་དང ། ཆོས་དང ། དགེ་འདུན་ལ་བདག་ནི། འདི་ལྟར་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པས་བཀའ་སྩལ་པ། བྲམ་ཟེ།་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཁྱོད་ཀྱིས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་ལེགས་སོ་ལེགས་སོ། །གང་གི་ཕྱིར་འདི་ལ་བྲམ་ཟེའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་འདོད་པ་དང ། སེམས་ཅན་ཐམས་ཅད་ལ་བདེ་བ་སྐྱེད་པར་འདོད་པ་དང ། ཁམས་གསུམ་ཐམས་ཅད་ཟིལ་གྱིས་གནོན་པར་འདོད་པ་དང ། སངས་རྒྱས་
390b
ཐམས་ཅད་ལ་མཆོད་པར་འདོད་པ་དང ། སྐྱེ་རྒུ་ཐམས་ཅད་ཟིལ་གྱིས་གནོན་པར་འདོད་པ་དང ། རྒ་ཤི་ལས་ཐར་པར་བྱ་བར་འདོད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་བ་དེ་ལྟར་ཁྱོད་གྲགས་པ་བརྗོད་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ། །དེས་གསོལ་པ། བཙུན་པ་བཅོམ་ལྡན་འདས། བདག་བཅོམ་ལྡན་འདས་གཤེགས་པའི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །ཞེས་ངས་ཐོས་ནས་ངས་བྲམ་ཟེ་དེ་ཡོ་བྱད་ཐམས་ཅད་ཀྱིས་བོས་པ་དང ། བྲམ་ཟེ་དེའང་ཞག་བདུན་དུ་དབེན་པར་ཞུགས་ནས་སྨོན་ལམ་གདབ་པར་བསམ་པ་དང ། ཞག་བདུན་པ་དེ་ལས་ཤིན་ཏུ་འདས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས་པའི་དབང་པོ་གང་ན་བ་དེར་ཉེ་བར་ཕྱིན་ཏེ་བཅོམ་ལྡན་འདས་དེའི་སྤྱན་སྔར་སྨོན་ལམ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའི་རང་བཞིན་ཅན་གང་བྲམ་ཟེ་ཉི་མ་ལ་དད་པ་ཅན་དུ་གྱུར་པས་བཙོན་རར་བཅུག་པ་དེ་ནི། གང ། བྱང་ཆུབ་སེམས་དཔའ་ནམ་མཁའི་རང་བཞིན་ཅན་གྱིས་གསོལ་པ། བཅོམ་ལྡན་འདས། བདག་ནི། བྲམ་ཟེ་ཉི་མ་ལ་དད་པ་ཅན་དུ་གྱུར་ཏེ། བདག་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚངས་པའི་དབང་པོ་དེའི་སྤྱན་སྔར་སྨོན་ལམ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གང་སྔོན་བཅོམ་
391a
༄#། །ལྡན་འདས་དེ་བཞིན་གཤེགས་པ་ཚངས་པའི་དབང་པོའི་སྤྱན་སྔར་སྨོན་ལམ་བཏབ་པར་གྱུར་པ་དེ་རྗོད་ཅིག་།གསོལ་པ། བཙུན་པ་བཅོམ་ལྡན་འདས། གང་གི་ཚེ་བདག་སངས་རྒྱས་མཆོད་པ་དང ། ཆོས་མཉན་པ་དང ། དགེ་འདུན་ལ་བསྙེན་བཀུར་བྱ་བའི་ཕྱིར་སྟན་ལས་ལྡང་བར་འདོད་པ་བདག་གི་སྨོན་ལམ་དེ་བཞིན་དུ་གྱུར་ཏོ། །གང་གི་ཚེ་བདག་སྟན་ལས་ལངས་ནས་བདག་གི་ལུས་ལ་སའི་ཁམས་ཀྱི་རྡུལ་ཕྲ་མོ་ཤིན་ཏུ་ཕྲ་བའི་ཚད་ཇི་ཙམ་དུ་འགྱུར་བ་དེ་ཙམ་གྱི་སེམས་ཅན་ཐམས་ཅད་ལས་སེམས་ཅན་རེ་རེའི་རྟག་པར་ལྟ་བ་དང ། ཆད་པར་ལྟ་བ་དང ། ཕྱིན་ཅི་ལོག་བཞི་ཀུན་ནས་ལྡང་བའི་ལྟ་བ་དང ། སྲིད་པའི་ལྟ་བ་དང ། སྲིད་པ་དང་བྲལ་བའི་ལྟ་བ་དང ། འཇིག་ཚོགས་ཀྱི་ལྟ་བ་དང ། མཐར་འཛིན་པའི་ལྟ་བ་དང ། དེ་ལ་སོགས་པ་དང ། གང་ལ་ལ་འཇིག་རྟེན་བའི་ཟག་པ་དང་བཅས་པའི་ཉེ་བར་ལེན་པའི་ལྟ་བ་རྣམས་དང ། དེ་ཙམ་གྱི་སེམས་ཅན་གཅིག་གི་སྔོན་གྱི་མཐའི་མུ་ལ་ལྟ་བ་ཐམས་ཅད་མ་ལུས་པར་མངོན་པར་འདུས་བྱས་སུ་འགྱུར་བ་དང ། དེ་ཙམ་གྱི་སེམས་ཅན་རེ་རེའི་འཁོར་བ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྐམ་པར་གྱུར་ཅིག་།ཅེས་བདག་གི་སྨོན་ལམ་དེ་བཞིན་དུ་བཏབ་བོ། །སེམས་ཅན་གཅིག་གི་སེམས་དང་བསམ་པ་ལའང་དེ་ལ་སོགས་པའི་ལྟ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་
391b
པར་རྫོགས་པར་སངས་རྒྱས་པའི་བར་དུ་སྐྱེ་བར་མ་གྱུར་ཅིག་།ཡང་བདག་གི་དེ་ཙམ་གྱི་མཐའི་མུ་བརྩམས་པ་ནས་བླ་ན་མེད་པར་མྱ་ངན་ལས་འདའ་བའི་བར་གྱི་ཕྱིར་དེ་ལ་སོགས་པའི་ལྟ་བ་ཀུན་འཕགས་པར་གྱུར་པ་དེ་ལ་སོགས་པའི་ལྟ་བ་དེ་དག་ཀྱང་མ་ལུས་པར་སེམས་དང་བསམ་པ་ལ་མ་འཇུག་ཅིག་།བཅོམ་ལྡན་འདས། གང་གི་ཚེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ་སེམས་ཅན་ཐམས་ཅད་ལས་སེམས་ཅན་རེ་རེའི་དེ་ཙམ་གྱི་ལྟ་བ་མ་ལུས་པར་སེལ་བ་འདི་ནི། བཅོམ་ལྡན་འདས།་བདག་གི་སྨོན་ལམ་དུ་གྱུར་ཏོ། །གང་གི་ཚེ་སངས་རྒྱས་ལ་བལྟ་བ་ནས་དགེ་འདུན་ལ་བསྙེན་བཀུར་བའི་བར་གྱི་ཕྱིར་བདག་སྟན་ལས་ལངས་པ་དེའི་ཚེ་སེམས་འདི་ལྟར་བསྐྱེད་དེ། བདག་གི་ལུས་ཀྱི་སྐྲའི་རྩེ་མོའི་ཆ་ཤས་ཙམ་གྱིས་ཆུའི་ཁམས་གཏོར་བར་འགྱུར་བ་ཇི་ཙམ་པ་དེ་ཙམ་གྱི་སེམས་ཅན་ཐམས་ཅད་ལས་སེམས་ཅན་རེ་རེའི་ལས་ཀྱི་སྒྲིབ་པ་མ་ལུས་པར་ཡོངས་སུ་ཟད་པར་འགྲོའོ། །སྔོན་ཀྱི་མཐའི་མུ་ཇི་ཙམ་པ་ལ་ཕ་རོལ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲིབ་པ་བྱས་པར་འགྱུར་བ་དང ། ལས་ཀྱི་སྒྲིབ་པ་དང ། སེམས་ཅན་གྱི་སྒྲིབ་པ་དང ། དགེ་བའི་སྒྲིབ་པ་དག་འཕགས་ཤིང་འདོར་བར་མ་གྱུར་ཏོ། །ཕྱི་མའི་མཐའི་མུ་ནས་བླ་ན་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་ཕ་རོལ་གྱི་སྒྲིབ་པར་བྱེད་
392a
༄#། །པ་མ་ལུས་པར་འཕང་བར་འགྱུར་རོ། །གང་ཡང་བདག་གི་སྔོན་གྱི་མཐའི་མུ་ལ་སྤྱད་པས་ཕ་རོལ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྒྲིབ་པར་བྱས་པར་འགྱུར་ཞིང ། ཆོས་ཀྱི་སྒྲིབ་པ་དང ། སེམས་ཀྱི་སྒྲིབ་པ་དང ། དགེ་བའི་སྒྲིབ་པར་འགྱུར་བ་དག་ཕྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པའི་རྒྱུས་སྤང་པ་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་དེ་དག་ཐམས་ཅད་མ་ལུས་པར་ཡོངས་སུ་ཟད་པར་འགྲོའོ། །གང་གི་ཚེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ་སེམས་ཅན་ཐམས་ཅད་ལས་སེམས་ཅན་རེ་རེའི་དེ་སྙེད་ཀྱི་རྣམ་པ་དེ་ལྟ་བུའི་སྒྲིབ་པའི་ཆོས་མ་ལུས་པར་འཕང་བར་བྱ་ཞིང་སེམས་ཅན་རེ་རེ་ལའང་མྱུར་དུ་དེ་དེ་ཙམ་གྱི་ཏིང་ངེ་འཛིན་གྱི་གཟུངས་བཀོད་པར་བྱའོ། །སེམས་ཅན་ཐམས་ཅད་མངལ་གྱི་གནས་ལས་ཡོངས་སུ་གྲོལ་བར་བྱའོ། །སེམས་ཅན་ཐམས་ཅད་རྒ་ཤི་འབྱུང་བའི་རྒྱ་མཚོ་ལས་བསྒྲལ་བར་བྱའོ། །ཞེས་གང་གི་ཚེ་བདག་དགེ་འདུན་ལ་བསྙེན་བཀུར་བའི་བར་གྱི་ཕྱིར་སྟན་ལས་ལྡང་བར་བྱ་བ་ནི། བཙུན་པ་བཅོམ་ལྡན་འདས། བདག་གི་སྨོན་ལམ་དུ་གྱུར་ཏོ། ། གང་གི་ཚེ་བདག་སྟན་གྱི་ལོངས་སྤྱོད་དང་བདེ་བའི་ཡོ་བྱད་སྤངས་ཏེ། བདག་གི་ལུས་ཀྱི་སྐྲའི་རྩེ་མོའི་ཆ་ཤས་ཙམ་དུ་མེའི་ཁམས་གྱུར་པ་ཇི་ཙམ་པ་དེ་ཙམ་གྱི་སེམས་ཅན་ཐམས་
392b
ཅད་ལས་སེམས་ཅན་རེ་རེའི་སྔོན་གྱི་མཐའི་མུ་ནས་ད་ལྟར་གྱི་སྐྱེ་བའི་བར་དུ་གཞན་ལ་ལས་ཀྱིས་མ་ལུས་པར་མངོན་པར་འདུས་བྱས་པར་འགྱུར་རོ། །གང་གི་ཚེ་ཕྱི་མའི་མཐའི་མུ་ནས་བླ་ན་མེད་པ་མྱ་ངན་ལས་འདའི་བར་དུ་འཕངས་ཤིང་སེམས་ཅན་རེ་རེའི་དེ་ཙམ་གྱི་ངན་སོང་གི་ལས་མ་ལུས་པར་སྒྲུབ་པར་འགྱུར་བ་ནས་བླ་ན་མེད་པར་མྱ་ངན་ལས་འདའ་བའི་བར་དུ་བྲལ་བ་མེད་པར་འགྱུར་རོ། །འཕགས་པའི་གདན་འདི་ནས་བྱང་ཆུབ་ཀྱི་སྙིང་པོའི་གདན་གྱི་བར་དུ་བྲལ་བ་མེད་པར་འགྱུར་རོ། །གང་ཡང་བདག་གིས་སྔོན་གྱི་མཐའི་མུ་ལ་རྣམ་པ་དེ་ལྟ་བུའི་ལས་བསྒྲུབས་པ་མངོན་པར་འདུས་བྱས་པར་འགྱུར་རོ། །གང་ཡང་མངོན་པར་འདུ་བྱེད་པ་ནས་བླ་ན་མེད་པར་མྱ་ངན་ལས་འདའ་བའི་བར་དུ་ཐམས་ཅད་ཀྱི་སྐྱེ་བ་མ་ལུས་པར་ཡོངས་སུ་ཟད་པར་འགྱུར་རོ། །གང་གི་ཚེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་སེམས་ཅན་སྤྱོད་ཡུལ་ངན་པ་དང ། དམའ་བའི་ངན་འགྲོར་གནས་པ་དག་ཡོངས་སུ་ཐར་པར་བྱ་བ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དགོད་པར་བྱ་བའི་བར་དུ་འདི་ནི། བཙུན་པ་བཅོམ་ལྡན་འདས། བདག་གི་སྨོན་ལམ་དུ་གྱུར་ཏོ། །གང་གི་ཚེ་བདག་སངས་རྒྱས་ལ་ལྟ་བ་ནས་དགེ་འདུན་ལ་བསྙེན་བཀུར་བའི་ཕྱིར་སྟན་ལས་ལངས་ཏེ་སྨོན་ལམ་འདི་ལྟ་བུ་བྱས་ཏེ། རླུང་གི་ཁམས་
393a
༄#། །བདག་གི་ལུས་ཀྱི་སྐྲའི་རྩེ་མོའི་ཆ་ཤས་ཙམ་དུ་འགྱུར་བ་ཇི་ཙམ་པ་དེ་ཙམ་གྱི་སེམས་ཅན་ཐམས་ཅད་ལས་སེམས་ཅན་རེ་རེའི་དེ་ཙམ་གྱི་སྔོན་གྱི་མཐའི་མུའི་བར་དུ་གཞན་ལ་ཁམས་མཚུངས་པ་མེད་པའི་འཁྲུག་པར་བྱེད་པའི་ལས་དེ་དག་ཐམས་ཅད་མ་ལུས་པར་འདུས་བྱས་པར་འགྱུར་རོ། །ཡང་འཁོར་བ་ན་འཁོར་བ་ནས་བླ་ན་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་ཁམས་འཁྲུག་པའི་ནད་དུ་མ་གྱུར་ཅིག་།གང་ཡང་བདག་གིས་སྔོན་གྱི་མཐའི་མུ་ནས་བརྩམས་ཏེ་གཞན་ལ་ཁམས་འཁྲུག་པར་བྱེད་པའི་ལས་མ་ལུས་པར་མངོན་པར་འདུ་བྱ་བར་འགྱུར་བ་ནས་བླ་ན་མེད་པ་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་འཕང་བར་བྱའོ། །གང་གི་ཚེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་དེའི་ཚེ་སེམས་ཅན་ཐམས་ཅད་ལས་སེམས་ཅན་རེ་རེ་ལའང་ཇི་ཙམ་གྱི་ཏིང་ངེ་འཛིན་སྒྲུབ་པའི་ཚུལ་གྱིས་ཁམས་འཁྲུག་པ་མ་ལུས་པར་སེལ་བར་བྱའོ། །སེམས་ཅན་ཐམས་ཅད་ལས་སེམས་ཅན་རེ་རེ་ལའང་དེ་ཙམ་གྱི་བརྩོན་འགྲུས་ལ་དམིགས་པ་ཐབས་ལ་མཁས་པའི་ཡེ་ཤེས་བསླབ་པར་བྱ་ཞིང་དེ་ཙམ་གྱི་ཆོས་ཀྱི་སྒོ་སྟོང་ཡང་རབ་ཏུ་བསྟན་པར་བྱའོ། །དེ་ཙམ་གྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བར་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་སྦྱོར་བར་བྱའོ།།
393b
ཕྱིར་མི་ལྡོག་པའི་ས་ལ་དགོད་པར་བྱའོ། །དེ་ཙམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སེམས་ཅན་རེ་རེ་ལའང་བཅོལ་ཞིང་གདམས་པར་བྱ་བ་འདི་ནི། བཙུན་པ་བཅོམ་ལྡན་འདས།་བདག་གི་སྨོན་ལམ་དུ་གྱུར་ཏོ། །གང་གི་ཚེ་བདག་སངས་རྒྱས་ལ་བལྟ་བ་ནས་དེ་བཞིན་དུ་སྨོན་ལམ་བྱས་པའི་བར་དུ་རྐང་ལག་གཉིས་ས་ལ་གཞག་པར་བྱའོ། །གང་གི་ཚེ་བདག་ནམ་མཁའི་ཁམས་མཐའ་ཡས་མུ་མེད་པ་ཉོན་མོངས་པས་བཅིངས་པའི་བག་ལ་ཉལ་བ་ཐམས་ཅད་ཀྱིས་ཉོན་མོངས་པ་མེད་པ་ཇི་ཙམ་པ་ལ་ནམ་མཁའ་ལ་ཆགས་པ་མེད་པར་འགྲོ་བ་ན་སེམས་ཅན་ཐམས་ཅད་ལ་སེམས་ཅན་རེ་རེ་ལའང་དེ་ཙམ་གྱི་ཉོན་མོངས་པས་བཅིངས་པའི་བག་ལ་ཉལ་བ་གྲངས་མེད་པ་བརྗོད་དུ་མེད་པ་མ་ལུས་པར་གྱུར་ཅིག་།དེ་ཙམ་གྱི་ཆོས་ཐམས་ཅད་ཀྱི་ཚུལ་ནམ་མཁའི་རང་བཞིན་ལྟ་བུ་ལ་ཞུགས་པ་ནས་བླ་ན་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་ཉོན་མོངས་པ་ཐམས་ཅད་དང་འདྲེས་པ་མེད་པར་གྱུར་ཅིག་།ཆོས་ཐམས་ཅད་ལ་དྲན་པ་མེད་པར་འགྱུར་བ་ནས་ནམ་མཁའི་ཁམས་མཐའ་ཡས་མུ་མེད་པའི་ཉོན་མོངས་པས་བཅིངས་པའི་བག་ལ་ཉལ་བས་ཉོན་མོངས་པ་མེད་པའི་བར་དུ་དེ་ཙམ་གྱི་ཉོན་མོངས་པས་བཅིངས་པའི་བག་ལ་ཉལ་བ་ཐམས་ཅད་མ་ལུས་པར་དག་པར་གྱུར་ཅིག་།དེ་ཙམ་གྱི་ཆོས་ཐམས་ཅད་ཀྱི་ཚུལ་ནམ་མཁའི་རང་བཞིན་ལྟ་བུ་ནས་
394a
༄#། །བླ་ན་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་འཇུག་པར་བྱའོ། །བདག་ནི། ནམ་མཁའ་ལ་ཀུན་ཏུ་རྟོགས་པས་འཁོར་བ་ན་བདག་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་རྙོག་པ་སྦྱང་བར་བྱ་བ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་བར་དུ་སེམས་ཅན་ཐམས་ཅད་ལས་སེམས་ཅན་རེ་རེ་ལའང་དེ་ཙམ་གྱི་བདེ་བའི་ཆོས་མཐའ་ཡས་མུ་མེད་པ་བསྟན་པར་བྱའོ། །ནམ་མཁའི་རང་བཞིན་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱ་ཞིང་དགོད་པར་བྱ་བ་ནས་བླ་ན་མེད་པར་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་སེམས་ཅན་དེ་དག་ཆོས་ཀྱི་སྒོ་ནམ་མཁའི་རང་བཞིན་ཅན་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དེ་དག་ཏུ་དྲན་པ་ཉམས་པར་མ་གྱུར་པ་འདི་ནི། བཙུན་པ་བཅོམ་ལྡན་འདས། བདག་གི་སྨོན་ལམ་དུ་གྱུར་ཏོ། །གང་གི་ཚེ་བདག་སངས་རྒྱས་བལྟ་བ་དང ། ཆོས་མཉན་པ་དང ། དགེ་འདུན་ལ་བསྙེན་བཀུར་བའི་ཕྱིར་ཉེ་བར་འགྲོ་བའང་དེ་བཞིན་དུ་སྨོན་ལམ་བཏབ་སྟེ་སྤྱད་པ་ན་བདག་གི་རྐང་པ་གཉིས་ཀྱི་མཐིལ་ས་ལ་རེག་པ་ཇི་ཙམ་པ་དང ། གླིང་བཞི་པའི་ས་ནས་བཟུང་སྟེ་བླ་ན་མེད་པའི་རྡུལ་ཤིན་ཏུ་ཕྲ་བར་འགྱུར་བ་ཇི་ཙམ་པ་དེ་ཙམ་གྱི་
394b
སེམས་ཅན་ཐམས་ཅད་ལས་སེམས་ཅན་རེ་རེ་ལའང་ཕྱི་མའི་མཐའི་མུ་ནས་བཟུང་སྟེ་ཕ་རོལ་གྱི་གན་ན་ཡན་ལག་མ་ཚང་བ་འདོད་པ་མེད་པར་འགྱུར་བ་ཡོད་ཅིང་ལས་ཀྱི་སྒྲིབ་པར་འཕང་པར་འགྱུར་བ་སེམས་ཅན་རེ་རེ་ལའང་དེ་ཙམ་གྱི་ལས་དེ་དག་མ་ལུས་པར་འགྱུར་ཞིང ། འཁོར་བ་ན་འཁོར་བ་ནས་བླ་ན་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་ཡན་ལག་མ་ཚང་བ་མེད་པར་གྱུར་ཅིག་།གང་ཡང་བདག་གིས་སྔོན་གྱི་མཐའ་མུ་ནས་བཟུང་སྟེ་ཕ་རོལ་གྱི་གན་དུ་ཡན་ལག་མ་ཚང་བའི་ལས་ཀྱི་སྒྲིབ་པ་ཇི་ཙམ་པ་དེ་ཙམ་འཕང་པར་འགྱུར་བ་དེ་དག་ཐམས་ཅད་མ་ལུས་པར་ཡོངས་སུ་ཟད་པར་གྱུར་ཅིག་།བདག་བླ་ན་མེད་པའི་ཡེ་ཤེས་ཆེན་པོ་ཐོབ་པའི་རྒྱུར་བྱས་ཏེ་སྟོབས་ལྔའི་ཡན་ལག་དང་བྲལ་བ་མེད་པར་འགྱུར་རོ། །གང་གི་ཚེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ་སེམས་ཅན་ཐམས་ཅད་ལས་སེམས་ཅན་རེ་རེ་ལའང་དེ་ཙམ་གྱི་དབང་པོ་དང ། སྟོབས་དང ། བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་བཀང་བར་བྱ་བའི་ཕྱིར་ཏིང་ངེ་འཛིན་གྱི་སྒོ་བསྟན་པར་བྱའོ། །སེམས་ཅན་ཐམས་ཅད་ཐེག་པ་གསུམ་ལ་ལུང་སྟོན་ཅིང་ཕྱིར་མི་ལྡོག་པའི་ས་ལའང་དགོད་པར་བྱ་བ་འདི་ནི། བཙུན་པ་བཅོམ་ལྡན་འདས། བདག་གི་སྨོན་ལམ་དུ་གྱུར་ཏོ། །གང་གི་ཚེ་བདག་སངས་རྒྱས་མཐོང་ཞིང་ཆོས་སྨྲ་བ་དང ། དགེ་སློང་
395a
༄#། །གི་དགེ་འདུན་མཐོང་ནས་ཀྱང་དེ་བཞིན་དུ་སྨོན་ལམ་བཏབ་བོ། །བདེ་འགྲོ་ལྔ་དང ། གནས་གསུམ་དང ། སྐྱེ་གནས་བཞི་ལ་རྣམ་པར་ཤེས་པའི་ཁམས་སུ་འགྱུར་བ་ཇི་ཙམ་པ་དེ་ཙམ་གྱི་སེམས་ཅན་ཐམས་ཅད་ལས་སེམས་ཅན་རེ་རེ་ལའང་སྔོན་གྱི་མཐའི་མུ་ནས་བཟུང་སྟེ་གཞན་ལ་དབང་པོ་དྲུག་མ་ཚང་བའི་ལས་ཐམས་ཅད་མ་ལུས་པར་འཕང་པར་གྱུར་ཅིག་།ཕྱི་མའི་མཐའི་མུ་འཕང་བ་ནས་མཆོག་ཏུ་རྒྱ་ཆེ་བ་དགའ་བར་བྱེད་པའི་དབང་པོ་དྲུག་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་པ་བླ་ན་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་དབང་པོ་དྲུག་མ་ཚང་བ་མེད་པར་གྱུར་ཅིག་།གང་ཡང་བདག་གིས་སྔོན་གྱི་མཐའི་མུ་ནས་བཟུང་སྟེ་གཞན་ལ་དབང་པོ་ཉམས་པའི་ལས་མངོན་པར་འདུས་བྱས་པ་འཕང་པར་འགྱུར་བ་མ་ལུས་པར་འདོར་བ་མེད་པར་གྱུར་ཅིག་།སེམས་ཅན་རྣམས་བླ་ན་མེད་པའི་ཡེ་ཤེས་ཆེན་པོ་ཐོབ་པའི་བར་གྱི་ཕྱིར་མཆོག་ཏུ་རྒྱ་ཆེ་བ་བལྟ་ན་སྡུག་པ་དགའ་བར་བྱེད་པའི་དབང་པོ་དྲུག་ཡོངས་སུ་ཚང་བས་བྲལ་བ་མེད་པར་གྱུར་ཅིག་།གང་གི་ཚེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ་བདག་གིས་སེམས་ཅན་ཐམས་ཅད་ལས་སེམས་ཅན་རེ་རེ་ལའང་ལས་ཀྱི་སྒྲིབ་པ་མ་ལུས་པར་ཐལ་བར་བྱས་པ་འདི་ནི།
395b
བཅོམ་ལྡན་འདས། བདག་གི་སྨོན་ལམ་དུ་གྱུར་ཏོ། །གང་གི་ཚེ་བདག་སངས་རྒྱས་དང ། ཆོས་སྨྲ་བ་དང ། དགེ་འདུན་གྱི་སྤྱན་སྔར་བུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་འདི་ལྟར་སེམས་བསྐྱེད་པར་བྱའོ། །བདག་གིས་སྔོན་གྱི་མཐའི་མུ་ནས་བཟུང་སྟེ་སྐད་ཅིག་ཐང་གཅིག་ཡུད་ཙམ་གྱིས་སོང་བར་གྱུར་པ་ཇི་ཙམ་པ་སེམས་ཅན་ཐམས་ཅད་ལས་སེམས་ཅན་རེ་རེ་ལའང་དེ་ཙམ་གྱི་སྔོན་གྱི་མཐའི་མུ་ནས་བཟུང་བ་ནས་བདག་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བཟུང་སྟེ་རྣམ་པར་མ་སྨིན་པར་འཇུག་ཅིང་འདོར་བ་མེད་པར་བྱས་པའི་བར་དུ་མ་ལུས་པར་རྣམ་པར་མ་སྨིན་པར་གྱུར་ཅིག་།ཡང་སེམས་ཅན་རེ་རེ་ལའང་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་བྱ་བའི་ཕྱིར་དེ་ཙམ་གྱི་ལུས་དང་ངག་དང་ཡིད་ཀྱི་འདུ་བྱེད་རྣམས་དགེ་བ་ལ་མངོན་པར་འདུས་བྱས་སུ་གྱུར་ཅིག་།གང་ཡང་བདག་གིས་སྔོན་གྱི་མཐའི་མུ་ནས་བཟུང་སྟེ་དགེ་བ་བཅུའི་ལས་ཀྱི་ལམ་ལ་རྣམ་པར་སྨིན་པར་འཇུག་ཅིང་འདོར་བ་མེད་པར་འགྱུར་བ་མ་ལུས་པར་རྣམ་པར་སྨིན་པར་གྱུར་ཅིག་།བདག་ནི། རྟག་ཏུ་དགེ་བ་བཅུའི་ལས་ཀྱི་ལམ་གྱིས་འབྲལ་བ་མེད་པར་འགྱུར་བ་ནས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་སེམས་ཅན་ཐམས་ཅད་ལས་སེམས་ཅན་རེ་རེ་ལའང་དེ་ཙམ་གྱི་དགེ་བ་དང་མི་དགེ་བའི་འདུས་བྱས་ཀྱི་ཆོས་རབ་ཏུ་
396a
༄#། །བསྟན་ཅིང ། ཐེག་པ་གསུམ་གྱིས་ལུང་བསྟན་པར་བྱ་བ་འདི་ནི། བཅོམ་ལྡན་འདས། བདག་གི་སྨོན་ལམ་དུ་གྱུར་ཏོ། །གང་གི་ཚེ་བདག་སངས་རྒྱས་ཀྱི་སྤྱན་སྔར་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཤིང་ཆོས་སྨྲ་བའི་མདུན་དུ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་དེ་ལྟ་བུའི་སྨོན་ལམ་བཏབ་པས་བདག་སྔོན་གྱི་མཐའི་མུ་ནས་བཟུང་སྟེ་ཉིན་མཚན་མེད་པ་ཇི་ཙམ་པ་སེམས་ཅན་རྣམས་ལས་སེམས་ཅན་རེ་རེ་ལའང་དེ་ཙམ་གྱི་ངན་འགྲོ་གསུམ་སྒྲུབ་པའི་ལས་ཀྱི་སྒྲིབ་པ་མ་ལུས་པར་ཟད་པར་གྱུར་ཅིག་།གང་ཕ་རོལ་ལ་སྐྱེད་པར་འགྱུར་བ་བདེ་འགྲོ་གསུམ་ལ་ཉོན་མོངས་པ་མེད་པར་འགྱུར་བ་ནས་བླ་ན་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་ངན་འགྲོར་སྐྱེ་བར་མ་གྱུར་ཅིག་།གང་ཡང་བདག་གིས་སྔོན་གྱི་མཐའི་མུ་ནས་བཟུང་སྟེ་ངན་འགྲོ་གསུམ་སྒྲུབ་པའི་ལས་མངོན་པར་འདུས་བྱས་པ་འདོར་བ་མེད་པར་མ་ལུས་པར་ཟད་པར་གྱུར་ཅིག ། སྨོན་ལམ་གཞན་གྱི་དབང་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བླ་ན་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་ངན་འགྲོ་གསུམ་གྱི་ངན་འགྲོར་སྐྱེ་བར་མི་བྱའོ། །གང་གི་ཚེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་དེའི་ཚེ་སེམས་ཅན་རྣམས་ངན་འགྲོ་གསུམ་ལས་ཡོངས་སུ་ཐར་པར་བྱ་བའི་
396b
ཕྱིར་སྐྱབས་གསུམ་ལ་རྣམ་པར་དགོད་པར་བྱ་བ་འདི་ནི། བཙུན་པ་བཅོམ་ལྡན་འདས། བདག་གི་སྨོན་ལམ་དུ་གྱུར་ཏེ། །གང་གི་ཚེ་བདག་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་ཡན་ལག་ལྔས་ཕྱོག་འཚལ་བར་བྱེད་པ་དེ་བཞིན་དུའང་བདག་གིས་སྨོན་ལམ་བཏབ་བོ། །ཕྱོགས་བཅུའི་སའི་ཁམས་མཐའ་ཡས་མུ་མེད་པ་འདི་རེ་རེ་ལའང་རྡུལ་ཤིན་ཏུ་ཕྲ་བ་ཇི་ཙམ་པ་ལྟར་ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་དང ། རྣམ་པར་ཤེས་པའི་ཁམས་ཀྱང་དེ་བཞིན་ཏེ། སེམས་ཅན་ཐམས་ཅད་ལས་སེམས་ཅན་རེ་རེ་ལའང་སྔོན་གྱི་མཐའི་མུ་ནས་བཟུང་སྟེ་མ་རིག་པའི་རྒྱུ་ནས་རྒ་ཤིའི་རྒྱུའི་བར་དུ་ལས་ཀྱི་མངོན་པར་འདུ་བྱེད་པ་མངོན་པར་འདུས་བྱས་ཤིང་འདོར་བ་མེད་པར་འགྱུར་བ་མ་ལུས་པར་ཟད་པར་གྱུར་ཅིག་།སེམས་ཅན་རེ་རེ་ལའང་དེ་ཙམ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཀྱི་སྒོའི་ཚུལ་ཤེས་པ་དེ་ཆོས་ལ་སུའང་བླ་ན་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་མ་བརྗེད་ཅིག་།གང་ཡང་བདག་གིས་སྨོན་གྱི་མཐའི་མུ་ནས་བཟུང་སྟེ་མ་རིག་པའི་རྒྱུ་ནས་རྒ་ཤིའི་རྒྱུའི་བར་དུ་དེ་ཙམ་གྱི་ལས་ཀྱི་མངོན་པར་འདུ་བྱེད་པ་མངོན་པར་འདུས་བྱས་པར་གྱུར་པ་མ་ལུས་པར་ཡོངས་སུ་ཟད་པར་གྱུར་ཅིག་།ཡང་བླ་ན་མེད་པའི་ཡེ་ཤེས་ཆེན་པོ་ཐོབ་པར་བྱ་བའི་བར་གྱི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཀྱི་ཤེས་པར་བྱ་བ་དྲན་པར་བྱའོ། །
397a
༄#། །གང་གི་ཚེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ་སེམས་ཅན་ཐམས་ཅད་ལས་སེམས་ཅན་རེ་རེ་ལའང་དེ་ཙམ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ལ་འཇུག་པར་བྱ་བ་འདི་ནི། བཅོམ་ལྡན་འདས། བདག་གི་སྨོན་ལམ་དུ་གྱུར་ཏོ། །གང་གི་ཚེ་བདག་སངས་རྒྱས་དང་ཆོས་སྨྲ་བའི་སྤྱན་སྔར་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ལག་པ་གཉིས་ཐལ་མོ་སྦྱར་ནས་མཆོག་ཏུ་དགའ་བའི་མིག་དང ། བཞིན་དང ། དབང་པོ་ཐམས་ཅད་གཅིག་ཏུ་འདུས་པས་སྦྱིན་པའི་གནས་དེ་ལ་རྟག་ཏུ་མཆོད་པར་བྱ་བའི་ཕྱིར་ཉེ་བར་ཕྱིན་ཏེ་བདག་ཉིད་ཀྱི་ལུས་ཀྱི་བ་སྤུའི་ཁུང་བུ་ཇི་ཙམ་པ་དང ། སེམས་ཅན་ཐམས་ཅད་ཀྱི་བ་སྤུའི་ཁུང་བུར་གྱུར་པ་ཅི་ཙམ་པ་དེ་ཙམ་གྱི་སེམས་ཅན་ཐམས་ཅད་ལས་སེམས་ཅན་རེ་རེ་ཞིང་ཡང་དེ་ཙམ་གྱི་ལས་ཀྱི་འབྲས་བུ་ཐམས་ཅད་ཟད་པར་གྱུར་ཅིག་།ཉོན་མོངས་པའི་དྲི་མ་ཐམས་ཅད་སྤངས་པར་གྱུར་ཅིག་།གཏི་མུག་གི་དྲི་མ་ཐམས་ཅད་སྤངས་པར་གྱུར་ཅིག་།ཡེ་ཤེས་ཀྱི་དྲི་མ་ཐམས་ཅད་སེལ་བར་གྱུར་ཅིག་།སེམས་ཅན་རེ་རེ་ལའང་དེ་ཙམ་གྱི་བསོད་ནམས་ཀྱིས་ཡང་དག་པར་བརྒྱན་པར་གྱུར་ཅིག་།སེམས་ཅན་རེ་རེ་ལའང་དེ་ཙམ་གྱི་འཁོར་བ་བརྒྱ་སྟོང་གྲངས་མེད་པའི་ཕྱིར་ཕྱོགས་པར་གྱུར་ཅིག །
397b
སེམས་ཅན་རེ་རེ་ལའང་དེ་ཙམ་གྱི་རྫུ་འཕྲུལ་གྱི་ཡུལ་ལ་ཏིང་ངེ་འཛིན་གྱི་སྒོ་སྒྲུབ་པ་རྣམ་པར་རྩེ་བར་གྱུར་ཅིག་།སེམས་ཅན་རེ་རེ་ལའང་དེ་ཙམ་གྱི་སངས་རྒྱས་བཅོམ་ལྡན་འདས་ལ་བསྙེན་བཀུར་བར་གྱུར་ཅིག་།སངས་རྒྱས་རེ་རེ་ལའང་ཆོས་ཀྱི་སྒོ་བརྒྱ་སྟོང་འཇུག་པར་གྱུར་ཅིག་།སངས་རྒྱས་རེ་རེའི་སྤྱན་སྔར་ཡང་དེ་ཙམ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་ཚོགས་ཀྱི་སྨོན་ལམ་དག་འཛིན་པར་གྱུར་ཅིག་།སེམས་ཅན་རེ་རེ་ལའང་སེམས་ཅན་རེ་རེས་དེ་ཙམ་གྱི་དགེ་བའི་རྩ་བ་ལ་སྦྱོར་བར་གྱུར་ཅིག་།སེམས་ཅན་རེ་རེ་ཞིང་ཡང་གཅིག་ལ་གཅིག་དེ་ཙམ་གྱི་དགའ་བ་དང ། ཡིད་བདེ་བ་ཐོབ་པར་གྱུར་ཅིག་།སེམས་ཅན་རྣམས་རེ་རེ་ལའང་དེ་ཙམ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་ཚོགས་ལས་སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པར་གྱུར་ཅིག་།སེམས་ཅན་རེ་རེ་ལའང་སྲིད་པར་སྐྱེ་བ་མ་ལུས་པར་སྤངས་པར་གྱུར་ཅིག་།སེམས་ཅན་ཐམས་ཅད་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག་།དེ་ཙམ་གྱི་བདག་གི་ལས་ཀྱི་སྟོབས་ཟད་པར་གྱུར་ཅིག་།དེ་ཙམ་གྱི་ཉོན་མོངས་པའི་དྲི་མ་བྱང་བར་གྱུར་ཅིག་།བདག་གིས་དེ་ཙམ་གྱི་ཆུ་བོའི་སྟོབས་ཉམས་པར་གྱུར་ཅིག་།བདག་གིས་དེ་ཙམ་གྱི་ཡེ་ཤེས་ཀྱི་སྟོབས་ཉམས་པ་མེད་པར་གྱུར་ཅིག་།བདག་དེ་ཙམ་གྱི་བསོད་ནམས་དང་བསོད་ནམས་
398a
༄#། །ཀྱི་མཛོད་དུ་གྱུར་ཅིག་།བདག་གིས་དེ་ཙམ་གྱི་འཁོར་བ་བརྒྱ་སྟོང་གྲངས་མེད་པའི་ཕྱི་ཕྱོགས་སུ་གྱུར་ཅིག་།དེ་ཙམ་གྱི་རྫུ་འཕྲུལ་གྱི་ཡུལ་ལ་ཏིང་ངེ་འཛིན་གྱི་སྒོ་སྒྲུབ་པ་རྣམ་པར་ཕྱེ་བར་གྱུར་ཅིག་།ཡུད་ཙམ་གྱིས་ན་དེ་ཙམ་གྱི་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཤིང་འཚོ་སྐྱོང་བ་ལ་བསྙེན་བཀུར་བར་བྱའོ། །སངས་རྒྱས་རེ་རེ་ལས་ཀྱང་དེ་ཙམ་གྱི་ཆོས་ཀྱི་སྒོ་སྟོང་ལ་འཇུག་པར་བྱའོ། །སེམས་ཅན་རེ་རེ་ལའང་སེམས་ཅན་ཐམས་ཅད་ཀྱིས་དེ་ཙམ་གྱི་དགེ་བའི་རྩ་བས་བརྒྱན་པར་བྱའོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བདག་ཀྱང་ལུས་དང་ངག་དང་ཡིད་དེ་ཙམ་གྱི་སྙན་པ་དང ། དགའ་བར་བྱ་བའི་དགེ་བའི་རྩ་བས་བརྒྱན་པར་འགྱུར་རོ། །སེམས་ཅན་དེ་དང་བདག་ལྷན་ཅིག་ཏུ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན་བདག་གིས་བརྗོད་པ་ཙམ་གྱིས་ཀྱང་སེམས་ཅན་དེ་དག་གི་དེ་ཙམ་གྱི་སྲིད་པ་སྐྱེ་བ་མ་ལུས་པར་ཟད་པར་བྱའོ། །དེ་ཙམ་གྱི་ལྟ་བ་ལོག་པའི་རྙོག་པ་འདི་རབ་ཏུ་ཞི་བར་བྱའོ། །དེ་ཙམ་གྱི་ཉོན་མོངས་པའི་ནད་འདི་རབ་ཏུ་ཞི་བར་བྱའོ། །དེ་ཙམ་གྱི་སེམས་ཅན་ལུས་དང ། བསམ་གཏན་དང ། དབང་པོ་མ་ཚང་བ་ཚིག་གིས་སྙིང་རིང་བ་རབ་ཏུ་ཞི་བར་བྱ་བ་གཅིག་བརྗོད་པ་ཙམ་གྱིས་ན་སེམས་ཅན་ཐམས་ཅད་ལས་སེམས་ཅན་རེ་རེ་ཞིང་དེ་ཙམ་གྱི་སྦྱིན་པ་དགེ་བའི་རྩ་བ་ལ་དགོད་
398b
པར་བྱ་བ་ནས་ཤེས་རབ་ཀྱི་བར་དུ་དགེ་བའི་རྩ་བ་ལ་དགོད་པར་བྱའོ། །བདག་དང་སེམས་ཅན་ཐམས་ཅད་ཀྱི་བ་སྤུའི་ཁུང་བུ་ཇི་ཙམ་དུ་གྱུར་པ་བདག་གིས་གཅིག་བརྗོད་པས་དེ་ཙམ་གྱི་སེམས་ཅན་ཐམས་ཅད་ལས་སེམས་ཅན་རེ་རེ་ཞིང་སྦྱིན་པའི་དགེ་བའི་རྩ་བ་ལ་དགོད་པར་བྱ་བ་འདི་ནི། བཙུན་པ་བཅོམ་ལྡན་འདས། བདག་གི་སྨོན་ལམ་དུ་གྱུར་ཏོ། །གང་གི་ཚེ་བདག་ཟས་དང ། སྐོམ་གྱིས་སངས་རྒྱས་སམ། ཆོས་སྨྲ་བའམ། དགེ་སློང་གི་དགེ་འདུན་ནམ། དགེ་སློང་གཅིག་གམ། དགེ་སློང་མ་གཅིག་གམ། དགེ་བསྙེན་ཕའམ། དགེ་བསྙེན་མའམ། ཕའམ། མའམ། ཕྱི་རོལ་གྱི་དྲང་སྲོང་ངམ། ལ་ལ་རིགས་ཀུན་ནས་བསྙེན་བཀུར་བའི་མིར་གྱུར་པ་ལ་སྟོབས་ཤིང ། ཆུང་ངུ་ན་བྱོལ་སོང་གི་སྐྱེ་གནས་སུ་སོང་བ་ལའང་ཟས་དང་སྐོམ་བྲིམ་པར་བྱ་བ་དེ་བཞིན་དུའང་སྨོན་ལམ་བཏབ་པ་ནས་སེམས་ཅན་འདུལ་བ་ཡོངས་སུ་སྨིན་པར་བྱ་བའི་བར་གྱི་ཕྱིར་བདག་ཡུན་རིང་པོར་འཁོར་བ་ན་འཁོར་བར་བྱའོ། །གང་ཆུང་ངུ་ན་སྐྲའི་ཉག་མ་གཅིག་ཙམ་གྱི་ཟས་དང་སྐོམ་ཡང་ཡོངས་སུ་ལེན་ཏོ། །སེམས་ཅན་བརྒྱ་སྟོང་ནས་ཆུ་བོ་གངྒཱའི་བྱེ་མ་ཙམ་པོ་ཟས་དང་སྐོམ་འདོད་པ་ཡང་དག་པར་དགས་པ་བདག་གི་གན་དུ་ཉེ་བར་འོངས་པ་ཇི་ཙམ་པ་དང ། ཁ་དོག་གིས་འདོད་པ་ཇི་ཙམ་པ་དེ་ཙམ་པ་དང ། རོ་ཇི་ཙམ་གྱིས་དོན་ཇི་ལྟར་འདོད་པ་དེ་ཙམ་གྱི་ཕུན་སུམ་ཚོགས་
399a
༄#། །འདོད་དོ། །གལ་ཏེ་ཁ་དོག་དམར་པོ་གཅིག་དང ། སྐྱ་བོ་གཉིས་འདོད་པ་ནས་ཁ་དོག་སྟོང་ཕྲག་བརྒྱད་ཅུ་གཅིག་ལ་གཅིག་འདོད་པ་དེ་ཙམ་གྱི་ཕུན་སུམ་ཚོགས་པར་འགྱུར་ཞིང ། གཅིག་ལ་གཅིག་ཉམས་པ་མེད་པར་འགྱུར་རོ། །བདག་ནི། སེམས་ཅན་དེ་དག་ཇི་ཙམ་པ་དེ་ཙམ་གྱི་ཟས་དང་སྐོམ་ཟད་པ་མེད་པ་ཇི་ཙམ་འདོད་པ་བྲི་མ་པར་བྱའོ། །གང་བདག་གི་ལག་ནས་ཟས་དང་སྐོམ་བླངས་པ་དེ་དག་ཐམས་ཅད་ཀྱི་ལུས་ཀྱི་ནད་རབ་ཏུ་ཞི་བར་འགྱུར་རོ། །གང་ཡང་ཟས་དང་སྐོམ་དེ་ཡོངས་སུ་ཟོས་པ་དེ་ཐམས་ཅད་ཀྱི་ཡིད་ཀྱི་ནད་རབ་ཏུ་ཞི་བར་འགྱུར་རོ། །སྡིག་པའི་ལྟ་བ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །འགྲོ་བ་ཐམས་ཅད་ལ་སེམས་ཅན་གྱི་མངལ་གྱི་གནས་རྒྱུན་གཅོད་པར་བྱ་བ་ནས་གང་བདག་གི་ཟས་དང་སྐོམ་ཟོས་ཤིང ། དེ་བཞིན་དུ་གོས་དང ། མལ་སྟན་དང ། མེ་ཏོག་དང ། ཕྲེང་བ་དང ། བྱུག་པ་དང ། སྨན་དང ། གནས་དང ། ནད་གཡོག་དང ། ཆུང་དུ་ན་སྐྲའི་རྩེ་མོའི་ཆ་ཙམ་གྱི་བར་དུ་བདག་གིས་གཞན་ལ་ཕྱིན་པ་གང་གིས་བླངས་པ་དེའི་མངལ་གྱི་གནས་ཇི་ཙམ་པ་ཐམས་ཅད་ལས་བླ་ན་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་ཡོངས་སུ་ཐར་པར་འགྱུར་ཞིང་བདག་གིས་འདུལ་བ་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག་
399b
པ་འདི་ནི། བཙུན་པ་བཅོམ་ལྡན་འདས། བདག་གི་སྨོན་ལམ་དུ་གྱུར་ཏོ། །གང་གི་ཚེ་ཡང་ཉོན་མོངས་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་བདག་འཁོར་བ་ན་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པར་བྱ་ཞིང་སེམས་ཅན་རྣམས་དམའ་བར་སྤྱོད་པ་ལས་ཡོངས་སུ་ཐར་པར་བྱ་བ་དེའི་ཚེ་ཉོན་མོངས་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་སོ་སོར་བདག་སྤྱོད་པ་དང ། དཀའ་ཐུབ་དང ། བརྟུལ་ཞུགས་ཡང་དག་པར་སྤྱོད་པ་བསླབ་པར་བྱའོ། །གང་གི་ཚེ་དགའ་ལྡན་གྱི་ཁང་པ་ན་བདག་སྐྱེ་བ་གཅིག་གིས་ཐོགས་ནས་མི་བཟད་པའི་སྤྱོད་ལ་མ་དང ། མི་བཟད་པའི་བརྟུལ་ཞུགས་དང ། མི་བཟད་པའི་དཀའ་བ་ཡང་དག་པར་སྤྱོད་པས་བརྩོན་འགྲུས་བརྟན་པ་ལ་ཡི་དམ་དུ་སྤྱད་པར་བྱའོ། །ཇི་ལྟར་སངས་རྒྱས་ཀྱི་ཞིང་དེ་ནས་སའི་རོ་ཐིགས་པའི་བག་ཆགས་ཞེས་བྱ་བ་ས་ལ་ཕུ་ག་ཙམ་ཡང་བྲལ་བ་མེད་པར་འབྱུང་བས་སངས་རྒྱས་ཀྱི་ཞིང་དེ་ན་གང་སེམས་ཅན་ཤ་ཟ་དེ་རྨའི་མཚན་མས་ས་རྐོའོ། །ཤ་ཡོངས་སུ་སྤངས་པས་སའི་རོ་ཐིགས་པའི་བག་ཆགས་དེ་ཟོས་ནས་ཤིན་ཏུ་ཞིམ་ཞིང་དྲི་ཤིན་ཏུ་ཞི་མ་པ་སྟོང་དུ་འགྱུར་བ། གང་གི་ཕྱིར་འདོད་པ་དང ། གང་ལ་འདོད་པ་དང ། ཇི་ཙམ་གྱི་ཕྱིར་འདོད་པ་དེ་ལྟར་ཐོབ་པར་འགྱུར་རོ། །གང་ཡང་སའི་རོ་ཐིགས་པའི་བག་ཆགས་དེ་ཡོངས་སུ་ཟོས་ཤིང་གང་ཆུང་དུ་ན་བྱ་དང་རི་དྭགས་ཀྱིས་ཀྱང་ཟོས་པས་དེ་དག་ཐམས་ཅད་ཀྱི་ལུས་ཀྱི་གནས་ངན་ལེན་
400a
༄#། །དང ། ངག་གི་གནས་ངན་ལེན་དང ། ཡིད་ཀྱི་གནས་ངན་ལེན་དང ། ཉོན་མོངས་པའི་བག་ཆགས་ཀྱི་རྗེས་ཀྱི་མཚམས་ཀྱང་ཐམས་ཅད་ཀྱིས་ཐམས་ཅད་ཀྱི་རྒྱུན་བཅད་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་ལ་ལ་ཤ་ཡོངས་སུ་མི་ཟ་ཞིང་ཆུང་དུ་ན་བྱ་དང་རི་དྭགས་ཀྱིས་ཀྱང་ཁྲག་མི་འཐུང་བར་འགྱུར་བ་དེ་དག་གི་ཤིང་རོ་ཧི་ནི་རྣམ་པར་རྒྱལ་བ་ཞེས་བྱ་བ་བྱུང་བར་གྱུར་ཏོ། །གང་དེའི་ལོ་མ་དང ། ལྕུག་མ་དང ། ཡལ་ག་བཅད་པ་དེ་ལས་ཁྲག་ཁ་ཁ་དོག་དང་ལྡན་པ། དྲི་དང་ལྡན་པ། རོ་དང་ལྡན་པ་འབྱུང་བར་འགྱུར་བ་ལ་ཆུང་དུ་ན་བྱ་དང་རི་དྭགས་ཀྱིས་ཀྱང་ཁྲག་འཐུངས་པ་དེ་དག་གི་ལུས་ཀྱི་གནས་ངན་ལེན་དང ། ངག་གི་གནས་ངན་ལེན་དང ། ཡིད་ཀྱི་གནས་ངན་ལེན་དང ། ཉོན་མོངས་པའི་བག་ཆགས་ཀྱི་མཚམས་ཐམས་ཅད་ཀྱིས་ཐམས་ཅད་ཀྱི་རྒྱུན་བཅད་པར་འགྱུར་གྱི། ཇི་ལྟར་སངས་རྒྱས་ཀྱི་ཞིང་དེ་ཐམས་ཅད་ན་ལ་ལ་ཁྲག་མི་འཐུང་ཆུང་དུ་ན་བྱ་དང་རི་དྭགས་ཀྱིས་ཀྱང་འཐུང་བར་མི་འགྱུར་རོ། །གང་ཡང་སངས་རྒྱས་ཀྱི་ཞིང་འདིར་འོ་མ་འཐུང་བར་འདོད་པ་དེ་དག་གི་ཕྱིར་སངས་རྒྱས་ཀྱི་ཞིང་དེ་ན་ཤིང་རྡུལ་དང་བྲལ་བ་དེ་སྐྱེས་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་གང་ན་འོ་མ་འཐུང་བར་འདོད་པ་དེ་ཤིང་དེའི་ལོ་མའམ། ལྕུག་མའམ། ཡལ་ག་བཅད་པ་དེ་ལས་འོ་
400b
མ་མཆོག་ཏུ་གསལ་བ། ཁ་དོག་དང་ལྡན་པ། དྲི་དང་ལྡན་པ། རོ་དང་ལྡན་པར་འབྱུང་བར་འགྱུར་བ་དེ་ལ་གང་བྱ་དང་རི་དྭགས་ཀྱི་བར་དུ་ཡོངས་སུ་འཐུངས་པས་དེའི་ལུས་ཀྱི་གནས་ངན་ལེན་དང ། ངག་གི་གནས་ངན་ལེན་དང ། ཡིད་ཀྱི་གནས་ངན་ལེན་དང ། ཉོན་མོངས་པའི་བག་ཆགས་ཀྱི་མཚམས་ཐམས་ཅད་ཐམས་ཅད་ཀྱིས་ཐམས་ཅད་ཀྱི་རྒྱུན་བཅད་པར་འགྱུར་གྱི། ཇི་ལྟར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་ལ་ཤིང་གི་འོ་མ་དེ་མ་གཏོགས་པར་འོ་མ་གཞན་ནི། ཡོངས་སུ་མི་མཐོང་ངོ ། །སངས་རྒྱས་ཀྱི་ཞིང་དེ་ན་ཆུའི་རྫིང་དུ་སེམས་ཅན་སྐྱེའི། མངལ་གྱི་གནས་ནི། མ་ཡིན་ནོ། །སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་དམྱལ་བ་ཐམས་ཅད་དང ། གཤིན་རྗེའི་འཇིག་རྟེན་རྒྱུན་ཆད་པར་གྱུར་བ་དེ་ཙམ་ན་དགའ་ལྡན་ན་མི་བཟད་པའི་བརྟུལ་ཞུགས་དང ། ཡང་དག་པར་སྤྱོད་པའི་ཡི་དམ་གྱིས་ཡང་དག་པར་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་དེ་ན་ཇི་ལྟར་བུད་མེད་ཡོངས་སུ་དག་པའི་སེམས་ཀྱི་མཐའ་དང་ལྡན་པ་ཐོབ་པར་བྱ་བའི་ཕྱིར་བུད་མེད་ཀྱི་ཕྲག་དོག་དང ། འཇུངས་པའི་གནས་སུ་གྱུར་པ་དང ། སླུ་བའི་ལས་ཀྱི་གནས་ཡོངས་སུ་ཟད་པར་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་དེ་ན་བུད་མེད་ཀྱི་ལུས་ཐོབ་པར་འགྱུར་བ་དེ་ལ་སེམས་ཅན་འཁྲིག་པའི་ཆོས་ཀྱིས་བྲལ་བར་གྱུར་ཅིང ། འཐབ་མོ་དང ། འཁྲུག་པ་དང ། བརྫུན་དུ་སྨྲ་བ་དང །
401a
༄#། །རྫུན་དང ། ཕྲ་མ་དང ། ཞེ་གཅོད་པ་དང ། ཚིག་ཀྱལ་པ་དང ། གནོད་སེམས་དང ། ཆགས་སེམས་དང ། ལོག་པར་ལྟ་བ་དང ། མུ་གེ་དང ། ཆར་མི་འབབ་པ་དང ། རྐུན་པོ་དང ། ལྕགས་སྒྲོག་དང ། ཤིང་སྒྲོག་དང ། རྐང་སྒྲིལ་དང ། མ་རུངས་པར་ཚོལ་བ་དང ། རྟག་ཏུ་གཞན་ལ་གནོད་པར་བྱེད་པ་དང་བྲལ་བ་སངས་རྒྱས་ཀྱི་ཞིང་དེར་རབ་ཏུ་ཞི་བར་འགྱུར་རོ། །གང་གི་ཚེ་བདག་དགའ་ལྡན་གྱི་ཁང་པར་འཇུག་པར་བྱ་ཞིང་དེ་ན་ཟླ་བ་བཅུ་མའི་མངལ་ན་གནས་པའི་ཚེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་མངོན་པར་ཤེས་པ་རྣམ་པར་རྩེ་བར་འགྱུར་ཞིང་ཐམས་ཅད་ཀྱང་སྔོན་བྱས་པའི་དགེ་བའི་རྩ་བ་རྗེས་སུ་དྲན་པར་འགྱུར་རོ། །ནམ་བ་དག་ཟླ་བ་བཅུ་འདས་ནས་མའི་མངལ་ནས་བྱུང་བ་དེ་ན་བྱང་ཆུབ་ལ་ཞག་བདུན་པ་བདུན་གྱི་བར་དུ་སྤྱོད་པར་བྱ་ཡི། སངས་རྒྱས་ཀྱི་ཞིང་དེ་ན་དེ་ལྟར་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱའོ། །ཇི་ལྟར་བྱ་དང་རི་དྭགས་ཀྱི་བར་དུའང་རྒ་ཤིའི་ཐམས་ཅད་ལ་སྐྱོ་བས་མི་བཟོད་པའི་བརྟུལ་ཞུགས་དང ། ཡོན་ཏན་ཡང་དག་པར་སྤྱོད་ཅིང་དཀའ་ཐུབ་ཀྱི་ནགས་ཚལ་དུ་མངོན་པར་ཆགས་པའི་སེམས་སུ་འགྱུར་རོ། །གང་གི་ཚེ་བདག་ཞག་བདུན་པ་བདུན་ལས་འདས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་བྱ་བ་ཞག་དེ་ཉིད་ལ་
401b
ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ལ་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་མཐའ་ཡས་མུ་མེད་པ་ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་ལྷ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་བསྟན་པར་བྱའོ། །གླིང་ཐམས་ཅད་ན་སེམས་ཅན་རྣམས་བཟོད་པ་དང ། ཏིང་ངེ་འཛིན་དང ། གཟུངས་ཀྱིས་བརྒྱན་པར་བྱ་བ་ནས་གླིང་ཐམས་ཅད་དུ་ཞག་བདུན་པ་བདུན་གྱི་བར་དུ་སེམས་ཅན་རྣམས་ལ་ཆོས་བསྟན་པར་བྱའོ། །གང་གི་ཚེ་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་བྱོལ་སོང་གི་སྐྱེ་གནས་ཅན་ཐམས་ཅད་བྱོལ་སོང་གི་སྐྱེ་གནས་ལས་ཡོངས་སུ་ཐར་པར་འགྱུར་ཞིང་མིའི་འཇིག་རྟེན་ཐོབ་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་དེ་ན་དེ་དག་ལ་བདག་ཉི་མ་བདུན་པ་བདུན་དུ་ཏིང་ངེ་འཛིན་དང ། གཟུངས་དང ། བཟོད་པ་བསྟེན་པར་བྱ་བས་ཐམས་ཅད་བྱོལ་སོང་གི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་པར་མི་འགྱུར་ཞིང་ཐམས་ཅད་དེ་ལས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་རོ། །ཆུང་དུ་ན་སེམས་ཅན་གཅིག་ཀྱང་དེ་ན་ངན་སོང་གསུམ་ལས་ཤིན་འཕོས་ནས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་རོ། །ཆུང་དུ་ན་སེམས་ཅན་གཅིག་ཀྱང་གང་ཡོན་ཏན་འདི་དག་གིས་ཡང་དག་པར་བརྒྱན་པར་བྱས་པ་མེད་པར་སངས་རྒྱས་ཀྱི་ཞིང་དེར་གཏོང་བར་མི་བྱ་སྟེ། ཞག་བདུན་པ་
402a
༄#། །དེ་ལས་འདས་པས་མྱ་ངན་ལས་འདས་པའི་ཁམས་སུ་ཕུང་པོའི་ལྷག་མ་མ་ལུས་པར་མྱ་ངན་ལས་འདའ་བ་བྱ་བར་ཚངས་པའི་དབང་པོ་དེའི་སྤྱན་སྔར་བདག་གི་སྨོན་ལམ་དེ་བཞིན་དུ་བཏབ་པར་གྱུར་ཏོ། །བཙུན་པ་བཅོམ་ལྡན་འདས། གལ་ཏེ་དེ་བདག་ནི། རྣམ་པ་དེ་ལྟ་བུའི་སྨོན་ལམ་གྲུབ་པས་མ་འོངས་པའི་དུས་ན་རྣམ་པ་དེ་ལྟ་བུའི་རྩལ་ཆེན་པོ་བྱ་བར་ཡང་ནུས་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས། བདག་སྔོན་ལྟ་བ་ཅན་དེ་དག་གི་རྒྱུན་བཅད་དེ། དེ་ལྟར་འཁོར་ཐམས་ཅད་དང་ལྡན་པ་ཇི་ལྟར་མངོན་དུ་གྱུར་པར་འགྱུར་བ་ལ། དེ་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བགྱིའོ། །དེ་བཞིན་གཤེགས་པ་ཚངས་པའི་དབང་པོ་དེས་ཡང་བདག་ལ་བཀའ་སྩལ་པ། ཤིན་ཏུ་ཟབ་མོ། ཤིན་ཏུ་ངོ་མཚར་བ། ཤིན་ཏུ་རྒྱ་ཆེ་བའི་སྨོན་ལམ་བཏབ་པ་ནི། ནམ་མཁའ་ལ་འབྲུག་ཟེར་བས་ཆུས་སེམས་ཅན་རྣམས་ཚིམ་པར་བྱེད། ཆུའི་རྫིང་དང ། ལྟེང་ཀའི་སྒོར་ཡོངས་སུ་རྫོགས་པར་བྱེད། ཤིན་ཏུ་དྲོ་བས་གདུངས་པའི་སེམས་ཅན་རྣམས་དང ། སྨན་དང ། ལོ་མ་དང ། ནགས་ཚལ་དང ། ཤིང་གེལ་པ་རྣམས་ཚིམ་པར་བྱེད་དོ། །རིགས་ཀྱི་བུ། ནམ་མཁའ་ལ་འབྲུག་བསྒྲགས་པ་དེ་བཞིན་དུ་ཤིན་ཏུ་ཟབ་མོའི་སྨོན་ལམ་འདིས་འཁོར་ཐམས་ཅད་
402b
དང་ལྡན་པ་འདི་དག་ལ་གཞོག་པར་བྱེད་དོ། །རིགས་ཀྱི་བུ། མི་བཟད་པར་བརྩོན་པའི་སྨོན་ལམ་གྱིས་རྣམ་པ་དེ་ལྟ་བུའི་སྨོན་ལམ་འགྲུབ་པར་འགྱུར་རོ། །མ་འོངས་པའི་དུས་ན་ཁྱོད་སངས་རྒྱས་ཀྱི་ཞིང་ཀུན་ནས་གཟི་བརྗིད་དུ་བསྐལ་པའི་འོད་ཆེན་པོར་འགྱུར་རོ། །དེ་ན་ཡང་རིགས་ཀྱི་བུ། ཁྱོད་འཇིག་རྟེན་དུ་སངས་རྒྱས་སུ་སྐྱེ་ཞིང ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ། བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མིའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དབྱངས་མ་ལུས་པའི་གནས་དབང་ཕྱུག་གི་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཚངས་པའི་དབང་པོ་དེ་ལ་ཡན་ལག་ལྔས་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་མ་ཐག་ཏུ་བདག་གིས་སྤྱི་བོ་ས་ལ་རེག་པ་ཙམ་གྱིས་ན། དེ་ན་དེ་ཉིད་ཀྱི་ཚེ་ན་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུའི་ས་ཆུ་ཟླ་བཞིན་དུ་རབ་ཏུ་གཡོས་སོ། །ལྷ་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། མིའི་འཁོར་ཐམས་ཅད་དང་ལྡན་པ་འདིས་ལེགས་སོ། །ཞེས་བྱ་བ་བྱིན་ཏེ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ་ཆོས་ཆེན་པོ། སྙིང་རྗེ་ཆེན་པོ་ཅན། བརྩོན་འགྲུས་བརྟན་པ་དང ། བརྩོན་པ་དང ། མཐུ་ཆེན་པོ་ཤིན་ཏུ་དཀའ་བའི་སྨོན་ལམ་བཏབ་པ་ལེགས་སོ་ལེགས་སོ། །བཙུན་པ་བཅོམ་ལྡན་འདས།
403a
༄#། །ཁྱོད་དེ་ན་ཡོ་བྱད་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཚངས་པའི་དབང་བོ་ཉན་ཐོས་ཀྱི་འཁོར་དང་བཅས་པ་ལ་ཟླ་བ་གསུམ་དུ་བསྙེན་བཀུར་བྱས་པ་དེ་ལྟར་བདག་ཉི་མ་རེ་རེ་ཞིང་ཡང་བཅོམ་ལྡན་འདས་དེ་ལ་མེ་ཏོག་དང ། དྲི་དང ། ཕྲེང་བ་དང ། སྤོས་སྣ་ཚོགས་ཀྱིས་མཆོད་པས་མཆོད་པའི་གནས་སུ་བྱས་པར་གྱུར་ཏོ། །བཙུན་པ་བཅོམ་ལྡན་འདས། ཇི་ལྟར་ཁྱོད་ཟླ་བ་གསུམ་པོ་དེ་དག་ལས་ཤིན་ཏུ་འདས་ནས་རྒྱལ་པོའི་ལོངས་སྤྱོད་དང ། ཀུན་ཏུ་སྤྱོད་པ་ཐམས་ཅད་སྤངས་ཏེ་དེ་བཞིན་གཤེགས་པ་ཚངས་པའི་དབང་པོ་དེའི་སྤྱན་སྔར་སྲོག་ཆགས་སྟོང་ཕྲག་བཅུ་དང་ཐབས་ཅིག་ཏུ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་གྱོན་ནས་ཡང་དག་པར་དད་པས་རབ་ཏུ་བྱུང་བ་དེ་བཞིན་དུ་བདག་ཀྱང་རབ་ཏུ་བྱུང་བ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡུལ་གཞན་དུ་རྒྱུ་ཞིང་གཤེགས་པའི་བར་དུ་དེ་ནས་བདག་ཀྱང་གྲོང་རྡལ་གཞན་དུ་བསོད་སྙོམས་ཀྱི་ཕྱིར་ཕྱིན་ཏེ། གྲོང་རྡལ་དེར་མཆོད་སྦྱིན་ཆེན་པོ་སོ་སོར་གནས་པར་གྱུར་ཏོ། །དེ་ལའང་སྲོག་ཆགས་མང་པོ་གསད་པར་བྱ་བར་འདོད་པ་དེ་ལ་གལ་ཏེ་བདག་སེམས་ཅན་འདི་དག་གསོད་པ་ལས་ཡོངས་སུ་མ་ཐར་ན། བདག་ཉིད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་
403b
པར་འཚང་རྒྱ་བར་མི་བྱ་ཞིང་རྒ་ཤིའི་ཆུ་བོ་ལས་སེམས་ཅན་ཡོངས་སུ་སྨིན་པར་མི་ནུས་སོ། །ཞེས་སྙིང་རྗེ་ཆེན་པོ་སྐྱེས་ཏེ་དེར་ཉེ་བར་ཕྱིན་ནས་དྲིས་པ། ཀྱེ་གང་གི་ཕྱིར་མཆོད་སྦྱིན་འདི་བྱ།་དེ་དག་གིས་སྨྲས་པ། ཡུལ་འདིར་ཆར་མི་འབབ་པར་འགྱུར་ཞིང ། མུ་གེའང་འབྱུང་བ་དང ། འདིར་སེམས་ཅན་མང་པོ་ནད་ཀྱིས་གོས་པ་དང ། ལོང་བ་དང ། ཞར་བར་འགྱུར་བ་དང ། ནང་འཁྲུག་འབྱུང་བ་དང ། རྒྱལ་པོའི་ཞམ་རིང་བ་དང ། བློན་པོ་དང ། གྲོང་དང ། ལྗོངས་དང ། མི་མཆོག་གཅིག་ལ་གཅིག་འཁྲུག་པ་རྣམ་པ་དེ་ལྟ་བུའི་ལྟས་ངན་པ་དེ་དག་མེད་པར་བྱ་བ་དང ། ནད་རབ་ཏུ་ཞི་བར་བྱ་བ་དང ། ཀུན་འདུས་པར་བྱ་བའི་ཕྱིར་མཆོད་སྦྱིན་འདི་བྱའོ། །དེ་ནས་དེ་དག་ལ་བདག་གིས་འདི་སྐད་ཅེས་སྨྲས་སོ། །བཞིན་བཟང ། སེམས་ཅན་འདི་དག་གསོད་པ་ལས་ཡོངས་སུ་ཐར་བར་ནུས་ཀྱི། མཆོད་སྦྱིན་གྱི་ར་བ་འདིར་མ་གསོད་ཅིག། བདག་གིས་ཁྱོད་ལ་མུ་གེ་དང ། ཆར་མི་འབབ་པ་དང ། ནད་དང ། ནང་གི་འཁྲུག་པ་ཐམས་ཅད་ཡོངས་སུ་ཞི་བར་བྱའོ། །དེ་དག་གིས་སྨྲས་པ། དགེ་སྦྱོང་མགོ་རེག་ནུས་སམ་ཞེས་པ་དང ། བདག་གིས་སེམས་ཅན་དེ་དག་ལ་མཆོད་སྦྱིན་གྱི་ར་བ་མི་སྣང་བར་བྱས་སོ། །དེ་ལའང་བདག་གིས་སྨོན་ལམ་འདི་ལྟ་བུ་བཏབ་སྟེ། བཅོམ་ལྡན་འདས་མེད་པར་གསུངས་པས་བདག་བླ་ན་
404a
༄#། །མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ལུང་བསྟན་པ་དེ་ལྟ་བུའི་སྨོན་ལམ་ཡོངས་སུ་རྫོགས་པར་གྱུར་ཅིག་།གལ་ཏེ་མཆོད་སྦྱིན་འདིའི་ཕྱིར་སྨོན་ལམ་ཡོངས་སུ་དག་པས་བདག་བསད་དོ། བདག་གིས་ལུས་ཐམས་ཅད་ཀྱི་བ་སྤུའི་ཁུང་དུ་ཇི་ཙམ་པ་དེ་ཙམ་གྱི་ལྷ་དང ། ཀླུ་དང ། གནོད་སྦྱིན་ཡུལ་ཡོངས་སུ་སྐྱོང་བ་ལ་ལུས་འདི་དབུལ་བར་བྱ་ཞིང་བདག་གི་ཁྲག་ཤིན་ཏུ་རྒྱ་ཆེ་བ་མདངས་ཅན་འབྱུང་བར་གྱུར་ནས་ཡུལ་ཡོངས་སུ་སྐྱོང་བ་དེ་ངག་ཀྱང་ཁྲག་འདི་ལ་ཡོངས་སུ་འཐུང་བར་གྱུར་ཅིག་།ཡོངས་སུ་འཐུངས་པས་ཡུལ་སྐྱོང་བ་རེ་རེ་ལའང་ཡུལ་འདིར་དེ་ཙམ་གྱི་ལྟས་ངན་རབ་ཏུ་ཞི་བར་གྱུར་ཅིག་།དེ་ཙམ་གྱིས་བདེ་བ་དང ། ལོ་ལེགས་པ་དང ། ནད་མེད་པས་འཐབ་མོ་དང ། བཅིང་བ་དང ། གནོད་པ་དང ། རྩོད་པ་ལ་འཇུག་པའི་གཉེན་པོར་ཕུན་སུམ་ཚོགས་པར་གྱུར་ཅིག། སེམས་ཅན་རེ་རེ་ཞིང་ཡང་འདིར་དེ་ཙམ་གྱི་བདེ་བ་དང ། ཡིད་བདེ་བ་སྐྱེས་པར་གྱུར་ཅིག་།སེམས་ཅན་རྣམས་ཀྱི་ཡུལ་འདིར་དེ་ཙམ་གྱི་ལུས་ཀྱི་གནས་ངན་ལེན་དང ། ངག་གི་གནས་ངན་ལེན་དང ། ཡིད་ཀྱི་གནས་ངན་ལེན་མེད་པར་གྱུར་ཅིག་།ཡུལ་ཇི་ཙམ་པ་འདིར་སེམས་ཅན་ཐམས་ཅད་དེ་ཙམ་གྱི་མཆོག་ཏུ་བདེ་བས་ཚིམ་པར་གྱུར་
404b
ཅིག་།གང་གི་ཚེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ་སེམས་ཅན་འདི་ཐམས་ཅད་རྒ་ཤི་ལས་ཡོངས་སུ་ཐར་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་སྤུའི་ཁུང་བུ་ཇི་ཙམ་པར་གྱུར་པ་དེ་ཙམ་གྱི་བསྐལ་པ་ཆེན་པོའི་གླིང་བཞི་པ་རེ་རེ་ལ་མཆོད་སྦྱིན་གྱི་ར་བར་མཆོད་སྦྱིན་གྱི་ཕྱིར་བདག་བསད་ལ། གང་མི་དག་མཆོད་སྦྱིན་གྱི་ར་བའི་ཕྱིར་གསད་པར་འགྱུར་བ་དང ། གང་བྱོལ་སོང་གི་སྐྱེ་གནས་ཅན་ཐམས་ཅད་ཀྱི་ཕྱིར་བདག་མཆོད་སྦྱིན་གྱི་ར་བ་དེ་དག་ཏུ་བསད་པར་བྱོས་ཤིག་།དེ་ནས་ཡུལ་འདིར་བདག་གི་ལུས་མི་སྣང་བར་གྱུར་ཅིག་།ཡུལ་དེ་ན་གསོད་པ་དང ། ནད་དང ། མུ་གེ་དང ། ཆར་མི་འབབ་པ་དང ། འཁྲུག་པ་གཉིས་དང ། ཤིན་ཏུ་གྲང་བ་དང ། ཤིན་ཏུ་དྲོ་བ་དང ། དུག་དང ། བྱད་སྟེམ་དང ། དུས་མ་ཡིན་པའི་རླུང་དང ། དུས་མ་ཡིན་པའི་ཆར་དང ། དུས་མ་ཡིན་པའི་སྦྲང་མ་དང ། ཤ་སྦྲང་དང ། སྦྲུལ་གདུག་པ་དང ། ཕྱེ་མ་ལེབ་གསོད་པ་དང ། སྡོམ་པ་མེད་པའི་ལོངས་སྤྱོད་ཡོངས་སུ་ཚོལ་བ་དང ། ཆོས་མ་ཡིན་པ་ལ་ཆགས་པ་དང ། སླུ་བ་དང ། ཕྲ་མ་དང ། ཞེ་གཅོད་པ་དང ། ཚིག་ཀྱལ་པ་དང ། ཆགས་སེམས་དང ། གནོད་སེམས་དང ། ལོག་པ་ལྟ་བ་ཞེས་བྱ་བ་འདི་དག་གི་དངོས་པོ་རབ་ཏུ་ཞི་བར་གྱུར་ཅིག་།དེ་ན་སེམས་
405a
༄#། །ཅན་རྣམས་གཅིག་ལ་གཅིག་དགའ་བའི་སེམས་དང ། འཇམ་པའི་སེམས་དང ། ལས་སུ་རུང་བའི་སེམས་དང ། གཟུང་དུ་མེད་པའི་སེམས་དང ། ས་དང་མཚུངས་པ་བྲལ་བ་མེད་པའི་སེམས་དང ། སྦྱིན་པའི་སེམས་སུ་གྱུར་ཅིག་།དེ་ན་སེམས་ཅན་རྣམས་འབྱུང་བའི་སེམས་དང ། ཚུལ་ཁྲིམས་ཀྱི་སེམས་དང ། ཞི་གནས་ཀྱི་སེམས་དང ། བརྩོན་འགྲུས་ཀྱི་སེམས་དང ། བཟོད་པའི་སེམས་དང ། བསམ་གཏན་གྱི་སེམས་དང ། ཤེས་རབ་ཀྱི་སྒོམ་པ་ཡོངས་སུ་ཚོལ་བའི་སེམས་སུ་གྱུར་ཅིང ། །གང་ལ་བདག་མཆོད་སྦྱིན་གྱི་ཕྱིར་གསད་པར་བྱ་བ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སྟོང་བ་དང་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་ཆུ་བོ་གངྒཱའི་བྱེ་མ་སྙེད་དུ་རྩལ་ཆེན་པོ་བྱ་བའི་བར་དུ་བདག་གི་སྔོན་གྱི་ལྟས་དེ་དག་བྱུང་བར་གྱུར་ཅིག་།ནམ་མཁའ་ལས་ཆར་འབབ་པར་གྱུར་ཅིག་།ཅེས་བདག་གིས་ཚིག་དེ་བརྗོད་མ་ཐག་ཏུ་དེ་ནས་དེ་ཉིད་ཀྱི་ཚེ་ན་བདག་གི་ལུས་ཐམས་ཅད་ཀྱི་བ་སྤུའི་ཁུང་བུ་ལས་འོ་མ་ཟག་ཅིང་ནམ་མཁའ་ལས་ཆར་ཀྱང་རབ་ཏུ་འབབ་བོ། །དེ་ན་ཡང་མཆོད་སྦྱིན་ཅན་དེས་མི་གསད་པར་བཅོམ་ལྡན་འདས་འདིར་དབང་དུ་གསོལ་ཏོ། །ཡུལ་དེ་ན་ཐམས་ཅད་ཀྱང་དཔལ་ཕུན་སུམ་ཚོགས་པ་བདེ་བའི་ཡོ་བྱད་དང་མཐུན་པར་གྱུར་ཏོ། །ནད་
405b
དང ། འཐབ་མོ་དང ། མུ་གེ་དང ། ཆར་མི་འབབ་པ་མི་སྣང་བར་བྱས་ཏེ། གང་བདག་མིར་གྱུར་པས་ཆུ་བོ་གངྒཱའི་བྱེ་མ་སྙེད་ཀྱི་མཆོད་སྦྱིན་གྱི་ར་བ་ལ་མཆོད་སྦྱིན་བྱས་པ་བཅོམ་ལྡན་འདས་དཔང་དུ་གསོལ་ལོ། །བལ་གླང་གི་གཟུགས་ཀྱིས་ཆུ་བོ་གངྒཱའི་བྱེ་མ་སྙེད་ཀྱི་མཆོད་སྦྱིན་བྱས་པ་ནས་རྟའི་གཟུགས་དང ། གཡག་གི་གཟུགས་དང ། གླང་གི་གཟུགས་དང ། ཕག་གི་གཟུགས་དང ། སྤྱང་ཀིའི་གཟུགས་དང ། ཕྱུགས་ཀྱི་གཟུགས་དང ། བསེའི་གཟུགས་དང ། མ་ཧེའི་གཟུགས་དང ། ཝའི་གཟུགས་བསྡུས་པས་བདག་བྱོལ་སོང་གི་སྐྱེ་གནས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ་སྐྱེ་གནས་རེ་རེ་ཐོབ་པས་ཆུ་བོ་གངྒཱའི་བྱེ་མ་སྙེད་ཀྱི་འཁོར་ལ་མཆོད་སྦྱིན་བྱས་སོ། །ཕྱོགས་བཅུ་ཀུན་ནས་ཉོན་མོངས་པ་དང ། རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་ཆུ་བོ་གངྒཱའི་བྱེ་མ་སྙེད་དུ་རྣམ་པ་དེ་ལྟ་བུའི་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་སེམས་ཅན་རྣམས་བདེ་བས་ཚིམ་པར་བྱས་པ་རྣམ་པ་དེ་ལྟ་བུའི་རྩལ་ཆེན་པོ་བྱས་སོ། །བམ་པོ་བཅུ་གཅིག་པ་སྟེ་ཐ་མ། ཡང་བཙུན་པ་བཅོམ་ལྡན་འདས། ངན་པའི་དུས་ཀྱི་ཚེ་ནད་པ་ལ་ལ་ཞིག་གི་དོན་དུ་རའི་གཙང་ཤ་འཚལ་བར་གྱུར་ལ། ཡུལ་དེ་ན་ར་མ་མཆིས་ན་དེ་ལ་བདག་གིས་སྨོན་ལམ་འདི་ལྟ་
406a
༄#། །བུ་བཏབ་སྟེ། གལ་ཏེ་བདག་བླ་ན་མེད་པའི་ཤེས་རབ་ཆེན་པོ་མ་ཐོབ་ཀྱི་བར་དུ་བདག་གི་སྨོན་ལམ་འདི་གྲུབ་པར་གྱུར་ཅིག་།བདག་ཤིང་ཆེན་པོ་འདི་ལ་འཛེགས་ཏེ་བདག་མཆོངས་ནས་རྫུས་ཏེ་རར་སྐྱེས་ལ། ལྷས་མི་རྣམས་ལ་བསྒོ་བ་འདི་ནི། ནད་པ་རྣམས་ཀྱི་སྨན་དུ་གྱུར་པ་ཡིན་གྱི། སེམས་ཅན་དེ་དག་གི་ཤ་ཟོས་ཤིག་དང ། དེ་དག་གི་ནད་དེ་ཞི་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་གང་དུ་བདག་འཇིག་རྟེན་དུ་སངས་རྒྱས་སུ་གྱུར་པ་དེར་སེམས་ཅན་རྣམས་ཤ་ཟ་བར་མ་གྱུར་ཅིག་།དེ་ན་ནད་ཀྱིས་རེག་པ་རྣམས་ལ་སྨན་དུ་མ་གྱུར་པའི་དངོས་པོ་མེད་པར་གྱུར་ཅིག་།ཡིད་དུ་མི་འོང་བའི་སྒྲ་མི་གྲག་པར་གྱུར་ཅིག་།སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང་ཀུན་ཏུ་སྤྱོད་པས་ཕོངས་པར་འགྱུར་བའི་སྒྲ་མི་གྲག་པར་གྱུར་ཅིག་།བདག་དེ་ལྟར་ངའི་གཟུགས་ཀྱིས་ནད་པ་རྣམས་བསྙེན་བཀུར་བྱེད་པ་དེ་བཞིན་དུ་ཇི་སྲིད་དུ་ཡུན་རིང་པོར་འཁོར་བ་ན་སེམས་ཅན་རྣམས་ནད་ཀྱིས་རེག་པར་གྱུར་པ་ལ་ཤ་དང ། ཁྲག་དང ། འོ་མ་དང ། མར་གྱིས་སེམས་ཅན་རྣམས་ཀྱི་ནད་ཞི་བར་འགྱུར་བ་དེ་སྲིད་ཀྱི་ཡུན་རིང་པོར་སེམས་ཅན་རྣམས་ཀྱི་ནད་ཞི་བར་བགྱི་བའི་སླད་དུ་བྱོལ་
406b
སོང་གི་སྐྱེ་གནས་སུ་གྱུར་ཅིག་།བདག་ཤིང་དེ་ལས་འཛེགས་ནས་བདག་མཆོངས་ཏེ། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས་ལ། བརྒྱ་བྱིན་དང ། ཚངས་པ་དང ། ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ལྷ་རྫས་ཀྱི་མེ་ཏོག་དང ། སྤོས་དང ། ཕྲེང་བ་དང ། ་ག་རུ་དང ། ཏ་ཀ་རུ་དང ། དུས་དང་མཐུན་པའི་ཙནྡན་གྱི་ཕྱེ་མའི་ཆར་རབ་ཏུ་ཕབ་ནས་བདག་གི་མདུན་དུ་ཐལ་མོ་སྦྱར་ཏེ་འདུག་ལ་འདི་སྐད་ཅེས་སྨྲས་ཏེ། སྐྱེས་བུ་དམ་པ་སེམས་ཅན་ནོ་ཅོག་གིས་བདག་མ་གསད་ཅིག་དང ། བདག་ཅག་གིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་སེམས་ཅན་ནད་པ་རྣམས་ནད་ཐམས་ཅད་ལས་ཡོངས་སུ་ཐར་པར་བྱའོ། །ཆར་མི་འབབ་ཅིང་མུ་གེ་འབྱུང་བ་ཐམས་ཅད་དང ། ན་བ་དང ། འཆི་བ་དང ། འཐབ་མོ་དང ། རྩོད་པ་ནས་མི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་བར་ལས་ཀྱང་ཐར་པར་བྱ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་ལ་སེམས་ཅན་རྣམས་སྦྱར་བར་བྱའོ། །བདག་ཤིང་དེ་ལས་མཆོངས་པ་ལྷ་རྣམས་ཀྱིས་བདག་ནམ་མཁའ་བར་སྣང་ལས་བཟུང་སྟེ། དེ་ན་བདག་གིས་སེམས་ཅན་རྣམས་བསླབས་ནས་སེམས་ཅན་རྣམས་ཆོས་ལ་སྦྱོར་བར་བྱས་སོ། །དེ་ན་བདག་གིས་སེམས་ཅན་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ལྔ་མངོན་པར་ཤེས་པ་དང་ལྡན་པར་བྱས་སོ། །བདག་གི་ཚིག་
407a
༄#། །གིས་ལྷ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་དུ་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་གྱི་བར་ལ་བཙུད་ཅིང་སོ་སོར་བཀོད་དོ། །བཙུན་པ་བཅོམ་ལྡན་འདས། བདག་གི་སྨོན་ལམ་ནི། དེ་ལྟ་བུ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའི་དབྱངས་ལ་ལེགས་སོ། །ཞེས་བྱ་བ་བྱིན་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྨོན་ལམ་དེ་ལྟ་བུར་གྱུར་ཏེ། སྤྱད་པར་དཀའ་བ་སྤྱོད་པའི་སེངྒེའི་སྒྲ་དེ་ལྟ་བུ་བསྒྲགས་པ་ནི། ལེགས་སོ་ལེགས་སོ། །རིགས་ཀྱི་བུ། ཁྱོད་ཇི་ལྟར་སྔོན་ལན་འགའི་ཞེས་བྱ་བ་ཉི་མ་ལ་དགའ་བར་གྱུར་པ་དེ་ངས་བསྐུལ་ནས་ཐོག་མར་བྱང་ཆུབ་ཏུ་སེམས་བསྐྱེད་པར་མ་གྱུར་ཏམ། གསོལ་པ། བཙུན་པ་བཅོམ་ལྡན་འདས། བདག་སྔོན་ལན་འགའ་འང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་པ་མ་མཆིས་སོ། །བཙུན་པ་བཅོམ་ལྡན་འདས། བདག་ཐོག་མ་བྱང་ཆུབ་སེམས་དཔར་གྱུར་པ་ནི། འདི་ལགས་ཏེ། བཙུན་པ་བཅོམ་ལྡན་འདས། བདག་དེ་བཞིན་གཤེགས་པ་ཚངས་པའི་དབང་པོའི་ཐད་དུ་མཆིས་ཏེ། དེའི་ཚེ་ད་ལྟར་ཇི་སྐད་དུ་བརྗོད་པའི་སྨོན་ལམ་དེ་ལྟ་བུ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཁྱོད་གལ་ཏེ་སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་པར་མ་གྱུར་ན་སྨོན་ལམ་དེ་ལྟ་བུ་སུས་བསླབས། གསོལ་པ།
407b
དེ་ན་བདག་དབེན་པ་ཞིག་ཏུ་མཆིས་ཏེ། དོག་ས་ལ་མཆིས་ནས་སྨོན་ལམ་ཞིག་གདབ་པར་སེམས་པ་དེ་ན་བདག་གི་རྨི་ལམ་དུ་དེ་བཞིན་གཤེགས་པ་ཚངས་པའི་དབང་པོས་སྨོན་ལམ་དེ་དག་བསྒོ་བ་དང ། དེས་དེ་བཞིན་གཤེགས་པ་དེའི་སྤྱན་སྔར་སྨོན་ལམ་བཏབ་བོ། །དེ་ན་བདག་སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེས་ཏེ་འཁོར་བའི་སྐྱོན་རྟོགས་སོ། །དེ་ཕྱིས་རྗེས་སུ་དཔག་པ་དེས་མཆོད་སྦྱིན་སྨྲ་བ་བདག་གིས་ཡོངས་སུ་བཏང་བ་བགྱིས་ཏེ་སྨོན་ལམ་དེ་ལྟ་བུ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་ཁྱོད་ལྟ་བར་སོང་བ་དེ་དག་ཏུ་ཞུགས་སམ། གསོལ་པ་མ་ལགས་སོ། །སུ་ཞིག་གི་མཐུས། གསོལ་པ། བཙུན་པ་བཅོམ་ལྡན་འདས། སྨོན་ལམ་གྱི་ཁྱད་པར་གྱིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་དེ་བཞིན་ཏེ། སྨོན་ལམ་གྱི་ཁྱད་པར་གྱིས་སེམས་ཅན་རྣམས་ལྟ་བར་སོང་བ་ཐམས་ཅད་ལས་ཡོངས་སུ་དགྲོལ་གྱི། གཞན་གང་གི་མཐུས་ཀྱང་སེམས་ཅན་རྣམས་ལྟ་བར་སོང་བ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་མི་འགྱུར་རོ། །རིགས་ཀྱི་བུ། བྱང་ཆུབ་ཀྱི་ཕྱིར་ལུང་བསྟན་པ་འདི་སུ་ཞིག་གི་དུས་གསུམ་གྱི་གཟུགས་ཀྱི་ཕུང་པོ་ནས་རྣམ་པར་ཤེས་པའི་ཕུང་པོའི་བར་དུ་ཡིན་ནམ། འོན་ཏེ་དུས་གསུམ་གྱི་བདེ་བ་དང ། སྡུག་བསྔལ་དང ། བདེ་བའང་མེད་སྡུག་བསྔལ་བར་མེད་པ་ཚོར་བའི་སྐྱེ་མཆེད་དྲུག་པོ་འདི་དག་གི་ཡིན་ནམ། འོན་ཏེ་ཚོར་བ་མེད་པ་ཡིན་ནམ། བྱང་ཆུབ་ཀྱི་ཕྱིར་
408a
༄#། །ལུང་བསྟན་པ་ཞེས་བྱ་བ་འདི་སུ་ཞིག་གི་ཡིན། གསོལ་པ། བཙུན་པ་བཅོམ་ལྡན་འདས། འདི་ལྟ་སྟེ། བདག་ལུང་བསྟན་པར་གསོལ་བའམ་བདག་ལ་ལུང་སྟོན་པའམ།་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། ཇི་ལྟར་ནམ་མཁའ་འདི་རྫས་མ་མཆིས། དངོས་པོ་མ་མཆིས། རང་བཞིན་མ་མཆིས། ཅུང་ཟད་ཀྱང་མ་མཆིས། ཡི་གེ་མ་མཆིས། ཐོབ་པ་མ་མཆིས། བརྗོད་དུ་མ་མཆིས་པ་དེ་བཞིན་དུ་ཆོས་འདི་དག་ཀྱང་རྫས་མ་མཆིས་ཤིང་དངོས་པོ་མ་མཆིས་པ་ནས་བརྗོད་དུ་མ་མཆིས་ཤིང་མ་སྐྱེད་པའི་བར་དུའོ། །བཙུན་པ་བཅོམ་ལྡན་འདས། དུས་གསུམ་གྱི་གཟུགས་འབྱུང་བ་མ་མཆིས་ཏེ་ལྟ་བའི་མཚན་ཉིད་དང་ཉེ་བར་བྲལ་བ་ནས་རྣམ་པར་ཤེས་པའི་བར་དུའང་མ་སྐྱེས་པའོ། །བཙུན་པ་བཅོམ་ལྡན་འདས། དུས་གསུམ་གྱི་མིག་འབྱུང་བ་མ་མཆིས་ཤིང་ལྟ་བའི་མཚན་ཉིད་དང་ཉེ་བར་བྲལ་བ་ནས་དུས་གསུམ་གྱི་ནང་གི་ཡིད་ཀྱི་བར་དང ། བདེ་བ་དང ། སྡུག་བསྔལ་པ་དང ། བདེ་བའང་མ་མཆིས་སྡུག་བསྔལ་བའང་མ་མཆིས་པའི་ཚོར་བའང་མ་སྐྱེས་པ་ནས་ལྟ་བའི་མཚན་ཉིད་དང་བྲལ་བའི་བར་དུའོ། ། བཙུན་པ་བཅོམ་ལྡན་འདས། བདག་གིས་ནི། དུས་གསུམ་གྱི་གཟུགས་ཀྱི་ཡང་དག་པའི་མཐའ་དང ། ཆོས་ཉིད་ལ་སྐྱེ་བའམ། གནས་པའམ། འཇིག་པ་མི་དམིགས་སོ། །ཆོས་ཀྱི་
408b
དབྱིངས་ལའང་གནས་པར་མི་དམིགས་ཏེ། མིང་དང་གཟུགས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །བརྡར་བཏགས་པ་ཙམ་དུའང་གཟུགས་ཀྱི་མཚན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ།་དེ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། བཙུན་པ་བཅོམ་ལྡན་འདས། བདག་གིས་ནི། དུས་གསུམ་གྱི་རྣམ་པར་ཤེས་པའི་ཡང་དག་པའི་མཐའི་བར་ལའང་བརྡར་བཏགས་པ་ཙམ་དུའང་རྣམ་པར་ཤེས་པའི་མཚན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། བཅོམ་ལྡན་འདས། བདག་གིས་ནི། དུས་གསུམ་གྱི་མིག་གི་ཡང་དག་པའི་མཐའ་ནས་བརྡ་ཙམ་དུ་བཏགས་པའི་མིག་གི་མཚན་ཉིད་ནས་དུས་གསུམ་གྱི་ནང་གི་ཡིད་ཀྱི་འདུས་ཏེ་རེག་པ་བདེ་བ་དང ། སྡུག་བསྔལ་དང ། བདེ་བའང་མ་མཆིས་སྡུག་བསྔལ་ལའང་མ་མཆིས་པའི་བར་དུའང་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །བཙུན་པ་བཅོམ་ལྡན་འདས། བདག་གིས་ནི། ཡང་དག་པའི་མཐའ་དང ། ཆོས་ཉིད་དང ། ཆོས་སྐྱོན་མེད་པ་ཉིད་ཀྱི་སྐྱེ་བ་དང ། གནས་པ་དང།་འགོག་པ་མི་དམིགས་སོ། །ཡིད་དང་ཆོས་ཀྱི་ཁམས་ཀྱང་མི་དམིགས་སོ། །བདག་གིས་ནི། ཡིད་རྣམ་པར་གནས་པའི་མཚན་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི། བྲག་ཅ་ལྟ་བུ་སྟེ། ནམ་མཁའ་ལ་བརྟག་པའི་མཚན་ཉིད་ལྟ་བུ་འོང་བ་མེད་ཅིང་འགྲོ་བ་མེད་པ་གང་ལ་གང་གིས་ཀྱང་མ་བཟུང་བའོ། །ཆོས་ཐམས་ཅད་
409a
༄#། །ནི།་མིག་ཡོར་ལྟ་བུ། སྨིག་རྒྱུ་ལྟ་བུ། རྨི་ལམ་ལྟ་བུ། ཆུ་ཟླ་ལྟ་བུ་སྟེ། ནམ་མཁའ་ལ་བརྟག་པའི་མཚན་ཉིད་ལྟ་བུ་འོང་བ་མེད་ཅིང་འགྲོ་བ་མེད་པ་གང་ལ་གང་གིས་ཀྱང་མ་བཟུང་བའོ། །བཙུན་པ་བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་སྤངས་པའི་མཚན་ཉིད་བཟུང་བ་མ་མཆིས་པ་ཞེས་བགྱི་བ་ཞིག་མཆིས་ཏེ། ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་བ་མ་ལགས་སོ། །དེ་ལ་གཟུགས་ཀྱི་མཚན་ཉིད་དང་བྲལ་ཞིང་ཡོངས་སུ་གཟུང་དུ་མ་མཆིས་པའི་ཏིང་ངེ་འཛིན་གང་ཞེ་ན། འདི་ལྟ་སྟེ། ནང་སྟོང་པ་ཉིད་དང ། ཕྱི་སྟོང་པ་ཉིད་དང ། ཕྱི་ནང་སྟོང་པ་ཉིད་དང ། སྟོང་པ་ཉིད་སྟོང་པ་ཉིད་དང ། ཆེན་པོ་སྟོང་པ་ཉིད་དང ། དོན་དམ་པ་སྟོང་པ་ཉིད་དང ། འདུས་བྱས་སྟོང་པ་ཉིད་དང ། འདུས་མ་བྱས་སྟོང་པ་ཉིད་དང ། རབ་ཏུ་སྟོང་པ་ཉིད་དང ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང ། མི་འགྱུར་བ་སྟོང་པ་ཉིད་དང ། རང་བཞིན་སྟོང་པ་ཉིད་དང ། རང་གི་མཚན་ཉིད་སྟོང་པ་ཉིད་དང ། ཆོས་ཐམས་ཅད་སྟོང་པ་ཉིད་དང ། མི་དམིགས་པ་སྟོང་པ་ཉིད་དང ། དངོས་པོ་མེད་པ་སྟོང་པ་ཉིད་དང ། ངོ་བོ་ཉིད་སྟོང་པ་ཉིད་དང ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དག་བཟུང་བ་དེ་ནི། མཚན་ཉིད་དང་བྲལ་བ་ཡོངས་སུ་གཟུང་བ་མ་མཆིས་པ་ཞེས་བགྱི་བའི་ཏིང་ངེ་འཛིན་ཏེ། ཉན་ཐོས་དང ། རང་སངས་རྒྱས་
409b
ཐམས་ཅད་དང་ཐུན་མོང་བ་མ་ལགས་སོ། །བཙུན་པ་བཅོམ་ལྡན་འདས། དེ་ནི། རྣམ་གྲངས་འདིས་ཀྱང་དེ་སྐད་བརྗོད་པར་བགྱི་སྟེ། འདི་ལྟ་སྟེ། དེ་ནི། མ་མཆིས་པའི་ཚིག་བླ་དྭགས་སོ། །འདི་ལྟ་སྟེ། བདག་ལ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །ལུང་སྟོན་པར་འགྱུར་རོ། །ལུང་བསྟན་ཏོ་སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། བདག་ནི། ལུང་བསྟན་པ་ཡང་དག་པར་རྗེས་སུ་མི་མཐོང ། བརྗོད་པ་དང ། ལུང་བསྟན་པ་དང ། འཁོར་བའང་ཡང་དག་པར་རྗེས་སུ་མི་མཐོང ། མྱ་ངན་ལས་འདའ་བ་དང ། རྣལ་འབྱོར་དང ། རྣལ་འབྱོར་མ་ལགས་པ་དང ། ལམ་དང ། ལམ་མ་ལགས་པའང་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །འདི་ལྟ་སྟེ། དཔེར་ན། དེ་བཞིན་ཉིད་ཀྱི་ལམ་མ་མཆིས་ཤིང་ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད་དང།་ཆོས་ཀྱི་དབྱིངས་དང ། ཆོས་ཉིད་དང ། ཆོས་སྐྱོན་མེད་པ་ཉིད་ཀྱི་ལམ་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་བཞིན་དུ་གཟུགས་སུ་ཡང་དག་པར་རྗེས་སུ་མི་མཐོང་བ་ནས་རྣམ་པར་ཤེས་པའི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །མིག་ཡང་དག་པར་རྗེས་སུ་མི་མཐོང་བ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱི་ལམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །ལུང་བསྟན་པ་བརྗོད་པ་འདིའི་སྐབས་དང་གོ་སྐབས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །གང་གཟུགས་ཀྱི་ལུང་བསྟན་པ་ནས་རྣམ་པར་ཤེས་པའི་བར་དང ། མིག་ནས་ཡིད་ཀྱི་བར་གྱི་ལུང་
410a
༄#། །བསྟན་པ་དང ། གང་བྱང་ཆུབ་ཏུ་ལུང་བསྟན་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཤིན་ཏུ་བསྟན་པ་འདི་བཤད་པ་ན།་ཀུན་ཏུ་རྒྱུ་ཤིན་ཏུ་རྣམ་པར་ཕྱེ་བའི་སྲས་ཀྱང་དེའང་ཡང་དག་པར་རྗེས་སུ་མ་མཐོང་ནས་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །སེམས་ཅན་གཞན་མུ་སྟེགས་ཅན་ང་རྒྱལ་བཅོམ་པ་སྟོང་ཕྲག་བཅུ་གསུམ་པོ་དེ་དག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕྱིར་མི་ལྡོག་པའི་ས་རབ་ཏུ་ཐོབ་པར་གྱུར་ཏོ། །ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལེའུ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་སྒྲ་ཐམས་ཅད་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་དེས་སེམས་ཅན་གྱི་སྐྱེ་གནས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོར་དེ་དག་གི་སྒྲ་བརྗོད་པའི་ཚིག་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ་ཏིང་ངེ་འཛིན་དེས་སྐྱེ་གནས་དང་སྒྲ་དབྱངས་ཀྱི་ཚིག་བརྗོད་པ་ཐམས་ཅད་ཚིམ་པར་བྱེད་དོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཡི་གེ་དང་སྨྲས་པ་ཉོན་ཅིག་།གྲོགས་པོ་དག་ཉོན་ཅིག་།གྲོགས་པོ་དག་།ལྷ་དང་མིར་སྐྱེ་བ་ཐོབ་པར་འགྱུར་བ་དང ། ལམ་གང་གིས་ཉན་ཐོས་ཀྱི་ཐེག་པ་རྙེད་དེ་སྡུག་བསྔལ་ཐམས་ཅད་ཟད་
410b
པར་འགྱུར་བ་དང ། རང་སངས་རྒྱས་ཀྱི་ཐེག་པ་རྙེད་པ་དང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་པར་འགྱུར་བ་བདེ་བ་དང་ཞི་བའི་ལམ་སྟོན་ཅིག་།བཅོམ་ལྡན་འདས་ཀྱིས་སྒྲ་དབྱངས་བརྗོད་པ་དེ་ཕྱོགས་བཅུ་ཀུན་ཏུ་སྐད་དང་ཚིག་གཅིག་བརྗོད་པས་ཡི་གེ་དང་སྒྲ་དབྱངས་བརྗོད་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བརྗོད་པའི་གྲངས་སུ་འགྲོའོ། །ཡི་གེ་དང་སྒྲ་དབྱངས་བརྗོད་པ་དེས་སེམས་ཅན་ཐམས་ཅད་རང་རང་གི་ཚིག་ཁོང་དུ་ཆུད་པར་འགྱུར་རོ། །ཕྱོགས་བཅུ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་སྟོང་པ་རྙོག་པ་ལྔ་དང་ལྡན་པ་ཆུ་བོ་གངྒཱའི་བྱེ་མ་སྙེད་སྒྲ་དབྱངས་ཀྱིས་རྒྱས་པར་བྱེད་དོ། །ཆུ་བོ་གངྒཱའི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་སྟོང་པ་རྙོག་པ་ལྔ་དང་ལྡན་པ་དེའི་སེམས་ཅན་ངན་པར་སོང་བ་རྣམས་ཀྱི་རྣ་ལམ་དུའང་གྲག་གོ་།དེ་ནས་སེམས་ཅན་དེ་དག་རང་རང་གི་ཚིག་ཀུན་ཏུ་ཤེས་ནས་འདི་སྙམ་དུ་སེམས་ཏེ། འདི་ལྟར་ཡིད་དུ་འོང་བ། འདི་ལྟར་སྙན་པ། འདི་ལྟར་དགའ་བར་འགྱུར་བ་འདི་སུའི་ཚིག་བདག་ཅག་ལ་ཞི་བ་དང་བདེ་བའི་ལམ་སྟོན་པའི་སེམས་ཅན་གྱི་སྙིང་པོ་འདི་སུ་ཞིག་།ལམ་གང་བསྟན་པས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་འཐོབ། ཉན་ཐོས་ཀྱི་ས་ནི། ཅི་འདྲ་བ་ཞིག་།རང་སངས་རྒྱས་ཀྱི་སའང་ཅི་འདྲ་བ་ཞིག་།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སའང་ཅི་འདྲ་བ་ཞིག་།ལམ་གང་ཐོབ་ན་བདག་ཅག་ལུས་ཀྱི་བདེ་བའི་ཚོར་བ་ཐམས་ཅད་བྱང་ཞིང་སྡུག་བསྔལ་ཐམས་
411a
༄#། །ཅད་བྱང་སྟེ་ལུས་ཀྱི་གཡེང་བ་ཐམས་ཅད་སྲབ་པར་གྱུར། དེ་བས་ན་བདག་གིས་བསྟི་སྟང་དུ་བྱས་ཏེ་མཉན་པར་བྱ་སྙམ་མོ། །བཅོམ་ལྡན་འདས་ཀྱིས་ཡང་བཀའ་སྩལ་པ།་གྲོགས་པོ་དག་།བཅུ་པོ་འདི་དག་ནི། དགེ་བའི་ལས་ཀྱི་ལམ་སྟེ། དེས་ལྷ་དང་མིར་སྐྱེ་བ་རབ་ཏུ་འཐོབ། སྡུག་བསྔལ་ཐམས་ཅད་ཟད་པར་འགྱུར་བ། ཉན་ཐོས་ཀྱི་ཐེག་པའང་འཐོབ།་སྡུག་བསྔལ་ཐམས་ཅད་ཟད་པར་འགྱུར་བ་ཐོབ་བོ། །དགེ་བའི་ལས་ཀྱི་ལམ་དེས་སེམས་ཅན་ཐམས་ཅད་ཀྱི་མཆོག་དམ་པ། ཁྱད་པར་ཅན། ཕུལ། བྱམས་པ་ཆེན་པོ། །སྙིང་རྗེ་ཆེན་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོ་འཐོབ་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་ཞིང་ཕན་པར་བྱེད་པར་འགྱུར་རོ། །དེ་ལ་དགེ་བའི་ལས་ཀྱི་ལམ་བཅུ་པོ་གང་ཞེ་ན། དགེ་བའི་ལས་ཀྱི་ལམ་གང་དང་ལྡན་ན། སེམས་ཅན་རྣམས་མྱུར་དུ་ལྷ་དང་མིར་སྐྱེ་བ་འཐོབ་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་འཐོབ་པར་འགྱུར་བ་སྟེ། དེ་ལ་གྲོགས་པོ་དག་།ལྷ་དང་མི་རྙེད་ནས་དགེ་བའི་ལས་ཀྱི་ལམ་ལ་བརྩོན་པར་བྱའོ། །སྦྱིན་པ་སྦྱིན་ནོ། །ཚུལ་ཁྲིམས་བསྲུང་ངོ ། །འདུ་ཤེས་བཅུ་བསྒོམ་པར་བྱའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་བམ་པར་འདུ་ཤེས་བསྒོམ་པར་བྱའོ། །གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ནས་དགྲ་བཅོམ་པའི་འབྲས་བུའི་བར་དུ་ཐོབ་ཅིང་སྡུག་བསྔལ་ཐམས་ཅད་ཟད་པར་འགྱུར་བ་དང །
411b
རྣམ་པར་རྣགས་པར་འདུ་ཤེས་པ་དང ། །རྣམ་པར་སྔོས་པར་འདུ་ཤེས་པ་དང ། རྣམ་པར་དམར་བར་འདུ་ཤེས་པ་དང ། འབུས་གང་བར་འདུ་ཤེས་པ་དང ། རྣམ་པར་ཟོས་པར་འདུ་ཤེས་པ་དང ། རྣམ་པར་འཐོར་བར་འདུ་ཤེས་པ་དང ། ཀེང་རུས་སུ་འདུ་ཤེས་པ་དང ། རྣམ་པར་ཚིག་པར་འདུ་ཤེས་པ་དང ། འཆི་བར་འདུ་ཤེས་པ་བསྒོམ་པར་བྱའོ། །གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ནས་དགྲ་བཅོམ་པའི་འབྲས་བུའི་བར་དུ་ཐོབ་ཅིང་སྡུག་བསྔལ་ཐམས་ཅད་ཟད་པ་ཐོབ་སྟེ། མིར་གྱུར་པ་ཐོབ་ནས་ཀྱང་ཡང་གང་གིས་རང་སངས་རྒྱས་ཀྱི་ས་རྗེས་སུ་འཐོབ་པར་འགྱུར་བའི་འདུ་ཤེས་བཅུ་གཉིས་བསྒོམ་པར་བྱ་སྟེ། བཅུ་གཉིས་གང་ཞེ་ན། བསམ་གཏན་བཞི་དང ། ཚད་མེད་པ་བཞི་དང ། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང ། སངས་རྒྱས་རྗེས་སུ་དྲན་པ་དང ། ཆོས་རྗེས་སུ་དྲན་པ་དང ། དགེ་འདུན་རྗེས་སུ་དྲན་པ་དང ། ཚུལ་ཁྲིམས་རྗེས་སུ་དྲན་པ་དང ། གཏོང་བ་རྗེས་སུ་དྲན་པ་དང ། སྐྱོ་བ་རྗེས་སུ་དྲན་པ་དང ། ཞི་གནས་རྗེས་སུ་དྲན་པ་དང ། དབུགས་རྒྱུ་བ་རྗེས་སུ་དྲན་པ་དང ། ལྷག་མཐོང་རྗེས་སུ་དྲན་པའི་འདུ་ཤེས་འདི་བསྒོམ་པར་བྱའོ། །གང་གིས་རང་སངས་རྒྱས་ཀྱི་ས་རྗེས་སུ་ཐོབ་ཅིང་མིར་གྱུར་པ་ཐོབ་ནས་ཀྱང་སྦྱིན་པ་དང ། དུལ་བ་དང ། སྡོམ་པས་སེམས་ཅན་ཐམས་ཅད་ལ་བདུད་རྩིའི་རོར་མགྲོན་བྱ་བར་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱའོ།།
412a
༄#། །དྲུག་གང་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡོངས་སུ་རྫོགས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས་རྣམ་པ་དེ་ལྟ་བུའི་སྒྲ་སྐད་དང ། དབྱངས་བརྗོད་པས་སེམས་ཅན་ཐམས་ཅད་ལ་དགེ་བའི་བཤེས་གཉེན་དུ་འདི་ལྟ་སྟེ། ད་ལྟར་གྱི་བཞིན་དུ་བདེ་བ་སྦྱིན་པར་འགྱུར་རོ། །དེ་ནས་སེམས་ཅན་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་རྣམས་ནི། གོར་མ་ཆག་པར་སྙིང་རྗེ་ཆེན་པོ་དང་ལྡན་པའི་དགེ་བའི་སྤོབས་པ་མཐོང་ངོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སེམས་ཅན་དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་ཐུགས་ཀྱིས་མཁྱེན་ནས་དེའི་ཚེ་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཏིང་ངེ་འཛིན་དེས་ཕྱོགས་བཅུའི་ཆུ་ཀླུང་གངྒཱའི་བྱེ་མ་དང་མཉམ་པ་སྟོང་པར་གྱུར་པའི་རྙོག་པ་ལྔའི་སེམས་ཅན་གྱི་ཁམས་ཇི་སྙེད་པ་དེ་སྙེད་དུ་སྤྲུལ་པའི་ཕྱིར་སེམས་ཅན་ཚངས་པ་ལ་མོས་པ་དེ་དག་གི་མདུན་དུ་ནི། ཚངས་པའི་གཟུགས་སུ་སོ་སོར་གནས་ཤིང་ཆོས་སྟོན་ཏོ། །ལ་ལ་དག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་ལེན་དུ་འཛུད་ལ་འཇུག་པར་བྱེད་ཅིང་སོ་སོར་འགོད་དོ། །སེམས་ཅན་ལ་ལ་དག་ནི། རང་སངས་རྒྱས་ཀྱི་ཐེག་པ་ལའོ། །ལ་ལ་དག་ནི། ཉན་ཐོས་ཀྱི་ཐེག་པ་ལའོ། །
412b
ལ་ལ་དག་ནི། དགེ་བའི་ལས་ཀྱི་ལམ་ལ་སྦྱོར་བས་ལྷ་དང་མི་རྣམས་ཀྱི་ཕྱིར་རོ། །གང་དབང་ཕྱུག་ལ་མོས་པ་ནས་གླང་པོ་ལ་གླང་པོའི་གཟུགས་ཀྱི་བར་དང ། རྟ་ལ་རྟའི་གཟུགས་དང ། ཡི་དྭགས་ལ་ཡི་དྭགས་ཀྱི་གཟུགས་དང ། སེམས་ཅན་དམྱལ་བ་པ་ལ་སེམས་ཅན་དམྱལ་བ་པའི་གཟུགས་ཀྱིས་དེ་དག་གི་མདུན་དུ་འདུག་སྟེ་ཆོས་སྟོན་ཏོ། །སེམས་ཅན་དམྱལ་བ་པའི་སེམས་ཅན་ལ་ལ་དག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ་ནས་ལྷ་དང་མིའི་བར་དག་ལའང་སྦྱོར་ཏེ། སེམས་ཅན་གང་དག་དེར་སྔོན་དགེ་བའི་རྩ་བ་འདི་དག་བསྐྱེད་པ་དེ་དག་ནི། དེ་བས་ཀྱང་བརྟན་པར་བྱས་སོ། །སེམས་ཅན་གང་དག་སྔོན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ནི། དེར་བསྐྱེད་དོ། །སེམས་ཅན་གང་དད་པའི་རྒྱུ་དེས་ངན་སོང་གསུམ་པོ་དེ་དག་ལས་ཤི་འཕོས་ནས་ལྷ་དང་མིར་སྐྱེས་པ་དེའི་ཚེ་དེའི་དུས་ན་ཕྱོགས་བཅུའི་ཆུ་ཀླུང་གངྒཱའི་བྱེ་མ་སྙེད་ཀྱི་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དག་ན་སངས་རྒྱས་ཀྱི་ཞིང་རེ་རེར་ཡང་ཚད་མེད་གྲངས་མེད་པའི་ཆུ་ཀླུང་གངྒཱའི་བྱེ་མ་སྙེད་ཀྱི་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་དགེ་བའི་རྩ་བ་བསྐྲུན་ཏོ། །ལ་ལ་དག་ནི། ཕྱིར་མི་ལྡོག་པའི་ས་རབ་ཏུ་ཐོབ་བོ། །ལ་ལ་དག་ནི། དེ་ལྟ་བུའི་བཟོད་པ་དང ། ཏིང་ངེ་འཛིན་དང ། གཟུངས་རབ་ཏུ་ཐོབ་སྟེ། བཟོད་པ་དང །
413a
༄#། །གཟུངས་ཇི་སྙེད་ཐོབ་པའི་སྟོབས་དང ། རྫུ་འཕྲུལ་གྱིས་མི་མཇེད་ཀྱི་སངས་རྒྱས་ཀྱི་ཞིང་འདིར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་གན་དུ་ལྷགས་སོ། །གང་རྐྱེན་ལ་འཇུག་པའི་ཐེག་པ་ལ་སེམས་བསྐྱེད་དེ་དགེ་བའི་རྩ་བ་བསྐྲུན་པའི་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཆུ་ཀླུང་གངྒཱའི་གྲངས་མེད་དཔག་ཏུ་མེད་པའི་བྱེ་མ་སྙེད་དག་ལས་ཁ་ཅིག་ནི།་གང་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཏེ་འཚོ་ཞིང་སྐྱོང་ལ་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་ཀྱི་ཞིང་གཞན་དུ་དོང་ངོ ། །ཁ་ཅིག་ནི། ཕྱིར་མི་ལྡོག་པའི་ས་ལ་གནས་སོ། །དེ་བཞིན་དུ་གང་ཉན་ཐོས་ཀྱི་ཐེག་པར་སེམས་བསྐྱེད་ཅིང་དགེ་བའི་རྩ་བ་བསྐྲུན་པའི་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཆུ་ཀླུང་གངྒཱ་གྲངས་མེད་དཔག་ཏུ་མེད་པའི་བྱེ་མ་སྙེད་དང ། དེ་བཞིན་དུ་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཆུ་ཀླུང་གངྒཱ་གྲངས་མེད་དཔག་ཏུ་མེད་པའི་བྱེ་མ་སྙེད་དང ། གང་སངས་རྒྱས་ཀྱི་ཞིང་རེ་རེའི་སེམས་ཅན་གང་དགེ་བ་བཅུའི་ལས་ཀྱི་ལམ་ལ་རྣམ་པར་གནས་པ་ལྷ་དང་མིའི་ལམ་ཐོབ་པར་གྱུར་པ་ཆུ་ཀླུང་གངྒཱ་གྲངས་མེད་དཔག་ཏུ་མེད་པའི་བྱེ་མ་སྙེད་དང ། སངས་རྒྱས་ཀྱི་ཞིང་རེ་རེའི་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྨོན་ལམ་གྱི་དབང་གིས་དེ་ནས་ཤི་འཕོས་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་ཞིང་འདིར་སྐྱེས་སོ། །ལ་ལ་དག་ནི། སྨོན་
413b
ལམ་གྱི་དབང་གིས་དེ་ནས་ཤི་འཕོས་ནས་གང་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཏེ་འཚོ་སྐྱོང་ཞིང་བྱང་ཆུབ་སེམས་དཔའ་དག་པའི་ཚོགས་ཀྱིས་བསྐོར་ཏེ་ཆོས་ཀྱང་སྟོན་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གཞན་དག་ཏུ་སྐྱེས་ནས་སངས་རྒྱས་ཀྱི་ཞིང་དེ་དང་དེ་དག་ཏུ་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང ། ཀུན་ཏུ་སྤྱོད་པ་དང ། བདེ་བའི་ཡོ་བྱད་སྣ་ཚོགས་ཆོ་མ་ཆོ་དགུ་གྲངས་མེད་དཔག་ཏུ་མེད་པ་བྱུང་ངོ ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ནས་དེའི་ཚེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །འཇིག་རྟེན་དག་ན་མཁས་པ་གང ། །བློ་དང་ལྡན་ཞིང་འཇིགས་མེད་པ། །བྱང་ཆུབ་ཏུ་ནི་སེམས་བསྔོས་ཤིང ། །བྱ་བར་དཀའ་བ་རྣམས་ཀྱང་སྤྱོད། །ཕ་ཡི་དངོས་པོ་རྣམ་པར་སྟོན། །སེམས་ཅན་སྡུག་བསྔལ་སྨིན་པར་བྱེད།། བདུད་བཞི་དག་ཀྱང་འདུལ་བར་བྱེད། །མྱ་ངན་འདས་པ་ཞི་བ་ཐོབ། །སྦྱིན་པ་སྒོམ་པ་སྡོམ་པ་ཡིས། །སེམས་ཅན་རྣམས་ལ་ལས་སྟོན་ཅིང ། །ཐེག་པ་གསུམ་ལ་སྦྱོར་བ་ཡིས། །དེ་དག་ཐར་པའི་སྐལ་པ་ཐོབ། །གང་དག་ངན་འགྲོ་གསུམ་གནས་པ། །སྡུག་བསྔལ་གནོད་ལས་ཐར་བྱེད་ཅིང ། །དེ་དག་སེམས་ནི་དང་བྱས་ནས། །ལྷ་དང་མིར་ནི་རབ་ཏུ་ཁྲིད། །དགེ་བའི་ཆོས་ལ་རབ་སྦྱོར་ཞིང ། །གང་དང་གང་ལ་མོས་པ་དག་།ཕ་རོལ་ཕྱིན་དྲུག་རྫོགས་བྱས་ནས། །དེ་དག་སངས་རྒྱས་མཐུན་པར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྟན་
414a
༄#། །ལས་ལངས་ཏེ་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས་བཅོམ་ལྡན་འདས། འདི་ནི། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་གཉིས་པ་སྟེ། བཅོམ་ལྡན་འདས།་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས། ཅང་མི་གསུང་བར་གྱུར་པ་དང ། ལྷ་རྫས་ཀྱི་སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཡང་རབ་ཏུ་འཁྲོལ། མེ་ཏོག་གི་ཆར་ཡང་རབ་ཏུ་བབ། ཨ་ག་རུ་དང ། ཏ་ག་རུ་དང ། དུས་དང་མཐུན་པའི་ཙནྡན་དང ། སྤྲུལ་གྱི་སྙིང་པོ་ཙནྡན་གྱི་ཕྱེ་མའི་ཆར་དག་ཀྱང་རབ་ཏུ་བབ། ལྷ་རྫས་ཀྱི་ན་བཟའ་དང ། ཡིད་བཞིན་གྱི་ན་བཟའ་དང ། དར་གྱི་ལྔ་ལྡིའི་ཕྲེང་བ་དང ། གསེར་གྱི་ལྕག་བོད་དང ། མུ་ཏིག་གི་སེ་མོ་དོ་དང ། དཔུང་རྒྱན་གྱིས་ནམ་མཁའི་དབྱིངས་ཀྱང་བརྒྱན་ཏོ། །ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་བཅོམ་ལྡན་འདས་ལ་མཆོད་པའི་ལས་ལ་བརྩོན་པས་མུ་ཏིག་གི་སེ་མོ་དོ་རྣམ་པ་སྣ་ཚོགས་ཆོ་མ་ཆོ་དགུའི་ཆར་ཀྱང་རབ་ཏུ་ཕབ་བོ། །བྱམས་པ་དང ། འཇམ་དཔལ་དང ། ཀུན་ཏུ་བཟང་པོ་ལ་སོགས་པའང་བྱང་ཆུབ་སེམས་དཔའ་ཕྱོགས་བཅུ་ནས་འདུས་པ་ཐམས་ཅད་དང་ལྷན་ཅིག་ཏུ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་
414b
ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཚིག་མཐུན་པར་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། འགྲོ་བ་སླད་མ་དག་ལ་ཐུགས་བརྩེ་བའི་སླད་དུ་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞིན་བཟང་དག་དེ་སྐད་མ་ཟེར་ཅིག་།མ་འོངས་པའི་དུས་ཐ་མ་ལྔ་བརྒྱའི་དུས་ཀྱི་བར་དག་ཏུ་གང་དེ་དག་རིགས་བཞིའི་འཁོར་མི་དད་པ་དག་འབྱུང་སྟེ། སྤྱོད་པ་ངན་པ། ཚུལ་ཁྲིམས་ངན་པ། གཞོག་སློང་བྱེད་པ། ཐོས་པ་ཉུང་བ། སེར་སྣ་ཅན། སྤྱོད་པ་མ་རུངས་པ། སྡིག་པའི་ལྟ་བར་གནས་པ། རྟག་པ་དང་ཆད་པ་ལ་ལྟ་བ་ཕལ་ཆེར་འབྱུང་ངོ ། །འཇིག་རྟེན་ཕ་རོལ་ལ་འཇིགས་པར་མི་ལྟ་བ། རྒྱུ་དང་འབྲས་བུ་ཡོད་པར་མི་འདོད་པ། གཅིག་ལ་གཅིག་ངན་དུ་སེམས་ཅིང་བདག་བསྟོད་པ་ནས་མི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་བར་དང་ལྡན་པ་དག་འབྱུང་ངོ ། །རྒྱལ་པོའང་ཆོས་དང་ལྡན་པ་མི་འབྱུང་སྟེ། འདོད་པ་ཡོངས་སུ་ཚོལ་བས་མི་ངོམས་པ་གཞན་གྱི་འཁྲུལ་པའི་སྐབས་ཚོལ་བ། དགེ་སྦྱོང་དང ། བྲམ་ཟེ་དང ། ཁྱིམ་ན་གནས་པ་མཆོད་པར་འོས་པ་དག་ལ་བརྙས་པ་ཤིན་ཏུ་བྱེད་ཅིང་མཆོད་པའི་འོས་མ་ཡིན་པ་ལ་དད་དེ། གཞོག་སློང་ཅན། གཡོ་སྒྱུ་ཅན། ཚུལ་ཁྲིམས་ངན་པ་ཅན།་ཐོས་པ་ཉུང་བ། བསོད་ནམས་ཆུང་བ། སྙིང་ཆུང་བ། ཡིད་མི་གཞུངས་པ། ལོག་པར་ཞུགས་པའི་དགེ་སྦྱོང་དང ། བྲམ་ཟེ་དང ། ཁྱིམ་བདག་རྣམས་ལ་རྒྱལ་པོ་གུས་པར་བྱེད་ཅིང་
415a
༄#། །ཞེས་བྱེད། བླ་མར་བྱེད། རི་མོར་བྱེད་ཅིང་ཀུན་ཏུ་འཛིན་ཏོ། །དེ་དག་ཀྱང་ཉིན་དང་མཚན་དུ་བདེ་བ་འདོར་ཞིང་འཕྲལ་གང་དུ་རྒྱལ་པོའི་དགོས་པ་མ་རུངས་པ་དག་སྤྱོད་དེ། རྒྱལ་པོའང་འཇིག་རྟེན་ཕ་རོལ་ལ་འཇིགས་པར་མི་ལྟ་བ་བརྫུན་དུ་སྨྲ་བ་མང་བ་འབྱུང་སྟེ། རྒྱལ་པོའི་སྐྱོན་དེ་ལྟ་བུས་བྱང་ཆུབ་སེམས་དཔའ་ལ་ལ་ནི། འཇིག་རྟེན་གྱི་ཁམས་གཞན་དུ་འགྲོའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ནི། དགོན་པ་དང ། ནགས་ཚལ་གྱི་གནས་སུ་སྦྱངས་པའི་ཡོན་ཏན་དང ། ཆོག་ཤེས་པ་དང ། བཏང་སྙོམས་ལ་གནས་སོ། །གང་ཡུལ་དེ་ཡོངས་སུ་སྐྱོང་བའི་ལྷ་དེ་དག་ཀྱང་ཡིད་མི་དགའ་བར་གྱུར་ཏེ། ཡུལ་གྱི་ཕན་པ་དང ། དགོས་པ་ཐམས་ཅད་ཡལ་བར་འདོར་རོ། །ཡུལ་དེའང་འཁོར་གཉིས་ཀྱིས་འཁྲུག་པར་འགྱུར་རོ། །རྒྱལ་པོའི་ཉེས་པས་དེ་ན་སེམས་ཅན་རྣམས་ནད་མང་བར་འགྱུར་ཏེ། ཚོགས་དང་བྲལ་བ། དྲན་པ་ཉམས་པ། ཆོས་མ་ཡིན་པ་ཚོལ་བ།་མྱུར་དུ་རྒ་བ། མྱུར་དུ་འཁོགས་པ། མྱུར་དུ་འཆི་བར་འགྱུར་རོ། །མ་འོངས་པའི་དུས་ཐ་མ་ལྔ་བརྒྱའི་བར་དག་ཏུ་འདི་ལྟ་བུའི་ཡུལ་འཁྲུག་པར་འགྱུར་ན། ཆོས་ཀྱི་རྣམ་གྲངས་འདི་སུ་ལ་ཡོངས་སུ་གཏད། མ་འོངས་པའི་དུས་ཐ་མ་ལྔ་བརྒྱའི་བར་དག་ཏུ་རི་མོར་བྱ་བར་མི་འོས་པ། འཆལ་བའི་ཤེས་རབ་ཅན། བརླང་བ། བརྐམ་པ། ནོར་ལ་དགའི།
415b
ཆོས་ལ་མི་དགའ་བ། ཚིག་ལ་དད་ཀྱི། དགོས་པ་ལ་མ་ཡིན་པ། མི་སེམས་པ། གཞོགས་སློང་ཅན། བརྫུན་ཆེ་ཞིང་གཞན་འདྲིད་པར་སེམས་པ་དག་འབྱུང་ངོ ། །གང་དགེ་སྦྱོང་དང ། བྲམ་ཟེ་དང ། ཁྱིམ་ན་གནས་པ། མཁས་པ། ཆོས་འདོད་པ། ཆོས་སྨྲ་བ་དེ་དག་ལ་རི་མོར་མི་བྱེད། མི་ལྟའི། རྫུན་ཟེར་བའི་ཚིག་ལ་དགའ་ཞིང་བརྙས་པ། ཆོས་མ་ཡིན་པའི་ཚིག་ཐོས་ན་བྱ་བར་སེམས་པ་འབྱུང་ངོ ། །གང་བསོད་ནམས་ཆུང་བ་དང ། ཤེས་རབ་ཆུང་བ་དང ། ཚུལ་ཁྲིམས་ངན་པ་ཅན་དང ། གཞོགས་སློང་ཅན་དང ། བརླང་བ་དང ། བདག་བསྟོད་པ་དང ། གཞན་སྨོད་པ་དང ། ལྟ་བ་མ་རུངས་པ་དང ། འཕྲལ་གང་དུ་སེམས་ཀྱི་ལུས་དང་ངག་མི་སྡོམ་པ་དང ། ཆོས་འཛིན་པའི་སེམས་མེད་པ་དང ། སྡིག་པ་ལ་དགའ་བའི་སེམས་དང་ལྡན་པ་དང ། དགེ་སྦྱོང་དང ། བྲམ་ཟེ་དང ། ཁྱིམ་ན་གནས་པ་དེ་དག་ཀྱང་རི་མོར་བྱ་བ་མ་ཡིན་པའི་རྒྱལ་པོ་དང ། རྒྱལ་པོའི་ཞམ་རིང་བ་ལ་ནོར་གྱི་ཕུང་པོས་རྗེས་སུ་འཛིན་པར་བྱེད་པར་འགྱུར་རོ། །ནོར་གྱི་སྟོབས་དེ་དང ། རྫུན་དུ་སྨྲ་བའི་སྟོབས་དེས་རི་མོར་བྱ་བ་མ་ཡིན་པའི་རྒྱལ་པོའི་ཞམ་རིང་བ་རྣམས་ལའང་མཆོད་ཅིང་རིམ་གྲོ་བྱེད་པར་འགྱུར་རོ། །རི་མོར་བྱ་བ་མ་ཡིན་པའི་རྒྱལ་པོའི་ཞམ་རིང་བའི་ཚིག་ཉན་ཅིང་བྱེད་དེ་མཆོད་པ་ནས་རྒྱལ་པོ་ལ་མཆོད་པར་གནས་པར་འགྱུར་བའི་བར་དུའོ། །རི་མོར་བྱ་བ་མ་ཡིན་པའི་བར་གྱི་ཉེས་པས་ཆོས་ཀྱི་ཕྱོགས་ཚར་
416a
༄#། །གཅོད་པར་འགྱུར་རོ། །ཆོས་མ་ཡིན་པའི་ཕྱོགས་བསླང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ཀྱང་བཏང་སྙོམས་ཀྱི་བར་ལ་བསམ་གཏན་བྱེད་པར་འགྱུར་ན། ངས་ཆོས་ཀྱི་རྣམ་གྲངས་འདི་སུ་ཞིག་ལ་གཏད་པར་བྱ། གང་ཡང་མ་འོངས་པའི་དུས་ཐ་མ་ལྔ་བརྒྱའི་བར་དམ་པའི་ཆོས་ཀྱི་གཟུགས་བརྙན་གྱི་ཚེ་ན་ཁྱིམ་གྱི་གནས་ནས་བྱུང་སྟེ། བདག་བརྩོན་པར་སེམས་ཤིང་དེ་དག་མི་དད་པ་དང ། ཚུལ་ཁྲིམས་ངན་པ་དང ། ཤེས་རབ་འཆལ་ཅིང་ཁྱིམ་དང ། རིགས་དང ། གནས་དང ། ཡུལ་དང ། རྙེད་པས་ཆོས་ལ་སེར་སྣ་བྱེད་པར་འགྱུར་རོ། །གཅིག་ལ་གཅིག་གནོད་པར་སེམས་པ་དང ། གཞན་གྱི་འཁྲུལ་བའི་སྐབས་ཚོལ་བ་དང ། གཞན་ལས་རྙེད་ཅིང་རིམ་གྲོ་བྱས་ནས་ཡིད་དགའ་བ་དང ། ཡུལ་དམ་པ་རྙེད་པའི་དགེ་སློང་རྣམས་ལ་སྨད་པ་དང ། གཞན་གྱི་གནས་དང ། གྲོང་ཁྱེར་དང ། མཁན་པོ་དང ། སློབ་དཔོན་ལ་སླུ་བ་འབྱུང་བར་འགྱུར་རོ། །རྣལ་འབྱོར་ཡིད་ལ་བྱེད་པ་དང ། སོ་སོར་རྟོག་པ་ཞི་བ་དང་བདེ་བའི་རྒྱུན་གཅོད་པ་དང ། ཟས་དང ། སྐོམ་གྱི་རོ་ལ་བརྐམ་པ་དང ། རྙེད་པ་དང ། བཀུར་སྟི་ལ་བརྩོན་པ་འབྱུང་ངོ ། །ཁྱིམ་ན་གནས་པ་རྣམས་ལ་མཆོད་པ་བྱེད་པར་འགྱུར་ཏེ། ཆོས་འདོད་པ་རྣམས་ལ་བརྙས་པ་ཤིན་ཏུ་བྱེད་པས་ཆོས་སྨྲ་བའི་དགེ་འདུན་རྣམས་གཙུག་ལག་ཁང་གི་
416b
གནས་སྤངས་ཏེ་དགོན་པ་བས་མཐའི་མལ་སྟན་དག་ན་བཏང་སྙོམས་ལ་བསམ་གཏན་འཆའ་བར་འགྱུར་རོ། །དེ་ལྟར་ཆོས་མ་ཡིན་པའི་ཕྱོགས་ཀྱི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་དག་ནི། འཇིག་རྟེན་གྱི་ཁམས་གཞན་དུ་དོང་ངོ ། །ལ་ལ་དག་ནི། དགོན་པར་བཏང་སྙོམས་ཀྱི་བར་ལ་གནས་སོ། །གང་ཡུལ་དེ་ཡོངས་སུ་སྐྱོང་བའི་ལྷ་དེ་དག་ཀྱང་བཏང་སྙོམས་ལ་གནས་སོ། །ཡུལ་དེར་མུ་གེ་དང ། ནད་དང ། འཐབ་མོའང་འབྱུང་ངོ ། །དེར་སེམས་ཅན་རྣམས་གཅིག་ལ་གཅིག་འཆིང་ཞིང་གསོད་དེ། དེ་དག་གཅིག་ལ་གཅིག་འཇིགས་པས་ཡོག་པར་ལྟ་བ་གཞན་ལ་སྐྱབས་སུ་འགྲོ་ན། ངས་འདི་ལྟ་བུའི་ཟབ་མོ་ཆོས་ཐམས་ཅད་ཀྱི་ཚུལ་གྱི་བཟོད་པ་འདི་སུ་ཞིག་ལ་ཡོངས་སུ་གཏད་པར་བྱ། དེ་ནས་བྱང་ཆུབ་སེམས་དཔའི་འཁོར་ཐམས་ཅད་དང ། ཉན་ཐོས་ཆེན་པོ་དེ་དག་དང ། ལྷ་དང ། དྲི་ཟ་དང ། ལྷ་མ་ཡིན་མཐུ་ཆེན་པོ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཟབ་མོའི་ཆོས་ཀྱི་ཚུལ་ལ་བཟོད་པ་འདི་བདག་ཅག་གི་སུག་པར་གཏད་དུ་གསོལ། ཕོ་བྲང་འཁོར་གང་དང་ཡུལ་གང་ན་ཟབ་མོའི་ཆོས་ཀྱི་ཚུལ་ལ་བཟོད་པ་འདི་རབ་ཏུ་སྤྱོད་པར་འགྱུར་བའི་ཡུལ་དེར་བདག་ཅག་འཐབ་པ་དང ། རྩོད་པ་དང ། མུ་གེ་འབྱུང་བ་དང ། དགུང་ཆར་མི་འབབ་པ་དང ། བྲོ་ནད་དང ། གཞན་གྱི་འཁོར་བཟློག་པ་ལ་སྤྲོ་བར་བགྱིའོ།།
417a
༄#། །ཆོས་སྨྲ་བ་དང ། ཆོས་འཚལ་བ་དང ། ཆོས་དགོད་པའི་གང་ཟག་རྣམས་བསྲུང་བར་བགྱིའོ། །རྒྱལ་པོ་དང ། བློན་པོ་དང ། ཞམ་རིང་བ་དང ། གྲོང་རྡལ་དང ། ལྗོངས་ན་གནས་པ་རྣམས་ཆོས་དང་ལྡན་པ་ལ་སྦྱར་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞིན་བཟང་དག་།ལེགས་སོ་ལེགས་སོ། །སྤོབས་པ་བཟང་པོ། བརྩོན་པ་བཟང་པོ། འཇིགས་པ་མེད་པ། ཁྲོ་བ་མི་སྙན་པ། བརྙས་མ་ཤིན་བྱེད་པ། བཀྲེས་པ། སྐོམ་པ། དབྱུག་པས་འཚོག་པ། གྲང་བ་དང ། ཚ་བ་དང ། རླུང་གིས་གདུངས་ཀྱང་དམ་པའི་ཆོས་ཀྱི་མིག་གནས་ཀྱི་བར་དུ་ཡུལ་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། འོར་གྱི་གྲོང་དང ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཆོས་ཀྱི་མིག་འདི་ལ་བརྩོན་པར་བྱ་བ་དང ། ཟབ་མོ་ཆོས་ཐམས་ཅད་ཀྱི་སྒོའི་གཞི་དང ། བཟོད་པ་འདི་རབ་ཏུ་བསྟན་པ་དང ། བཟོད་པ་འདི་ལ་སེམས་ཅན་ཡང་རབ་ཏུ་སྦྱོར་བ་དང ། གང་བཟོད་པ་འདི་སྒོམ་པ་དང ། ཀློག་པ་དང ། གཞན་ལའང་ལུང་འབོགས་པ་དང ། ཀློག་ཏུ་འཇུག་པ་དང ། གང་ཡང་ཉན་པ་དང ། འབྲི་བ་དང ། འབྲིར་འཇུག་པ་དེ་དག་ལ་སྤྲོ་བར་བྱ་བ་དང ། ཆོས་དང་ལྡན་པ་དེ་དག་ཀྱང་བསྲུང་བ་དང ། བསྐྱབ་པ་དང ། བྱེད་པ་སྒྲུབ་པར་ཁྱེད་ལས་སུ་དག་སྤྲོ་བར་འགྱུར། དེའི་ཚེ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སྟོང་
417b
ཕྲག་བཅུ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བདག་ཅག་ནི། དམ་པའི་ཆོས་ཀྱི་སྦྱིན་གནས་ཀྱི་བར་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སེམས་ཅན་རྣམས་སྦྱར་བར་བགྱི་བའི་བར་དང ། གང་ཆོས་ཀྱི་རྣམ་གྲངས་འདི་གླེགས་བམ་ལ་འབྲིར་སྩལ་པ་དེ་དག་བདག་ཅག་ཆོས་དང་ལྡན་པ་ལ་སྦྱོར་བར་བགྱི་བར་སྤྲོའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་།སྐྱེས་བུ་ཆེན་པོའི་བྱེད་པ་བྱ་བ་དང ། ཇི་ལྟར་རིགས་ཀྱི་བུ་ཁྱེད་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདི་ཐོབ་པ་ནི། ལེགས་སོ་ལེགས་སོ། །རིགས་ཀྱི་བུ། ཇི་ཙམ་དུ་བཟོད་པ་འདིའི་སྟོབས་དང ། བརྩོན་པ་ཡང་དག་པར་འཛིན་ཅིང་བརྩོན་པ་ལ་དམིགས་པ་དེ་ཙམ་དུ་སྟོབས་དང་བརྩོན་པ་ཡང་དག་པར་འཛིན་པ་ལ་བརྩོན་པར་དམིགས་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང ། གླིང་བཞི་པ་ཐམས་ཅད་དང ། ཡུལ་དང ། གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་ཐམས་ཅད་དུ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱོས་ཤིང ། །རྒྱལ་པོ་ལམ་གཡོ་བར་བྱོས་ཤིག ། བློན་པོ་དང ། ཞམ་རིང་བ་རྣམས་ཀྱང་ཡལ་བར་མ་གཏང་ཞིག་།རིགས་ཀྱི་བུ། གང་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་ད་ལྟར་ནས་ཆོས་ཀྱི་རྒྱལ་མཚན་འཕེལ་བར་འགྱུར་གྱི་བར་དུ་
418a
༄#། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མི་སྐྱེ་བར་སྤྲོ་ཞིང་སྡིག་པ་འདོད་པ་ལོག་པར་ལྟ་བའི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་འཇུག་པ་དང ། རབ་ཏུ་དགོད་པ་དང ། ཉེས་པ་མང་པོའི་ཤས་ཆེ་བའི་སེམས་ཅན་རྣམས་ཁྱིམ་གྱི་གནས་ནས་ཕྱུང་སྟེ་ཞི་བ་ཡང་དག་པར་འཛིན་དུ་འཇུག་ཅིང་སྦྱོར་བ་དང ། བསླབ་པའི་གནས་ལ་རབ་ཏུ་འགོད་པ་དང ། ཉེས་པ་མང་པོས་ཉེན་ལ། ལུས་དང ། ངག་དང ། ཡིད་སྡོམ་པའི་ཚུལ་ཅན་གྱི་སེམས་ཅན་རྣམས་བསམ་གཏན་དང ། རྣམ་པར་ཐར་པ་དང ། གཟུངས་དང ། བཟོད་པ་ལ་སྦྱོར་ཞིང་སོ་སོར་འགོད་པ་དང་དགོན་པ་བས་མཐའི་མལ་སྟན་ལ་མངོན་པར་དགའ་ལ། སེམས་ཅན་ཡང་དེ་ལ་སྦྱོར་ཞིང་དེ་དག་ཕན་པ་ལ་སྦྱོར་བ་དང ། སེར་སྣ་ཅན་རྣམས་སྦྱིན་པ་ལ་སྦྱོར་བ་ནས་འཆལ་པའི་ཤེས་རབ་ཅན་སྡིག་པའི་བས་མཐའི་སྤྱོད་ཡུལ་དང་ལྡན་པ། ལྟ་བའི་ཐིབས་པོ་ལ་གནས་པ་རྣམས་འཕགས་པའི་ཤེས་རབ་ཀྱི་སྟོབས་ལ་སྦྱོར་ཞིང་སོ་སོར་འགོད་དེ། སེམས་ཅན་སྡུག་བསྔལ་སྣ་ཚོགས་ཀྱིས་ནོན་པ་རྣམས་ཡོངས་སུ་ཐར་པར་བྱེད་པ་ནི། བསོད་ནམས་ཀྱི་ཕུང་པོ་རབ་ཏུ་མང་བར་འཕེལ་ལོ། །འདི་ལ་གང་ཉོན་མོངས་པ་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་དམ་པའི་ཆོས་འཇིག་པའི་དུས་ཉིན་མཚན་བདུན་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་
418b
སྐྱོ་བ་བཟོད་ཅིང་བཟོད་པའི་སྟོབས་ཀྱི་མཐུ་འདིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་ཆུང་ངུ་ན་བཟོད་པ་འདི་ཡང་དག་པར་ལེན་དུ་འཛུད་དོ། །སེམས་ཅན་རྣམས་ལ་སྟོན་ཅིང་ཚིག་ཏུ་འདོན་པ་དང ། གླེགས་བམ་ལ་འབྲིར་འཇུག་པ་ནི། བསོད་ནམས་རབ་ཏུ་མང་དུ་འཕེལ་ཏེ། ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་དག་ཏུ་བྱང་ཆུབ་སེམས་དཔའ་གྲངས་མེད་པ་ཆུ་ཀླུང་གངྒཱའི་བཅུའི་བྱེ་མ་སྙེད་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པ་ནི། བསོད་ནམས་ཀྱི་ཕུང་པོ་དེ་སྙེད་དུ་མི་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དག་ནི། རང་བཞིན་གྱིས་སྙིང་རྗེ་ཆེན་པོ་དང་ལྡན་པའོ། །སེམས་ཅན་ཆེན་པོ་དེ་དག་ནི། དགོས་པ་ཆེན་པོ་ལ་བརྩོན་པ་དང་ལྡན་པའོ། །སེམས་ཅན་ཆེན་པོ་དེ་དག་ནི། བརྩོན་འགྲུས་ཆེ་བ། ཤེས་རབ་ཀྱིས་བརྒྱན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི། རབ་ཏུ་མྱུར་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བའོ། །གང་ཉོན་མོངས་པ་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པའི་སྟོབས་བསྐྱེད་པ་འདིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནས། གླེགས་བམ་ལ་འབྲིར་འཇུག་པའི་བར་དུ་སྦྱོར་ཞིང་དམ་པའི་ཆོས་འཇིག་པ་ན་ཆོས་ཀྱི་སྒྲོན་མ་འབར་བར་བྱེད་བས་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་དང་ལྡན་པ་
419a
༄#། །ཞེས་བྱ་སྟེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ། །བཅོམ་ལྡན་འདས་ཀྱིས་ཉོན་མོངས་པའི་སངས་རྒྱས་ཀྱི་ཞིང་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་བསྔགས་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆུ་ཀླུང་གངྒཱའི་བྱེ་མ་སྙེད་ཀྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་བཙལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བདག་ཅག་རྣམས་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གྲངས་མ་མཆིས་པ་དག་ཏུ་མཆིས་ཏེ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་བརྩམས་ཏེ་ད་ལྟར་ནས་མ་མཆིས་པའི་དུས་ཀྱི་བར་དུ་ཉོན་མོངས་པ་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དེ་དག་གི་སེམས་ཅན་དགེ་བའི་རྩ་བ་དང་བྲལ་བ་ཐམས་ཅད་བཏང་སྟེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མཆི་བར་སྡོམ་པ་བླངས་པ་ལས།་ད་ནི། བདག་ཅག་རྣམས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྡོམ་པ་བླངས་ཏེ་མ་མཆིས་པའི་དུས་ན་སླར་ཞིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་མི་བགྱིད་དོ། །སྨོན་ལམ་གྱི་དབང་གིས་བདག་ཅག་རྣམས་ཡོངས་སུ་མ་དག་པ་ཉོན་མོངས་པ་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་སྤྱད་པ་སྤྱོད་པར་བགྱིའོ། །དགེ་བའི་རྩ་
419b
བ་མ་མཆིས་པའི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་དམ་པ་དག་།བརྩོན་འགྲུས་ཆེན་པོ་ལ་དམིགས་ཏེ་བྱང་ཆུབ་སེམས་དཔའ་གང་དེ་དག་དགེ་བའི་རྩ་བ་དང་བྲལ་བའི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་ལེགས་སོ་ལེགས་སོ། །སྙིང་རྗེ་ཆེན་པོ་དང་ལྡན་ཞིང་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་སྤྱད་དེ་མངོན་པར་ཤེས་པ་དང ། བསྡུ་བའི་དངོས་པོ་ཆེན་པོ་ལ་གཞན་ལ་རག་མ་ལུས་ཤིང་ཡེ་ཤེས་ཆེན་པོའི་འབྱུང་གནས་དང་ལྡན་པ་དེ་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཡོངས་སུ་མ་དག་ཅིང་ཉོན་མོངས་པ་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དག་ཏུ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་ཅིང་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་ཉམས་པའི་སེམས་ཅན་རྣམས་དང ། སྡུག་བསྔལ་ཐམས་ཅད་ཀྱིས་ཉེན་པའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ། །རིགས་ཀྱི་བུ།་དེ་ལྟ་བས་ན། ཅི་ནས་ཀྱང་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདིས་སེམས་ཅན་ཡོངས་སུ་སྨིན་པར་གྱིས་ཤིག་།རིགས་ཀྱི་བུ། ཡུལ་གང་ན་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདི་རབ་ཏུ་འཆད་པའི་ཡུལ་དེར་ཡོན་ཏན་གྱི་ཁྱད་པར་དང ། དཔལ་ཕུན་སུམ་ཚོགས་པ་སྣ་ཚོགས་
420a
༄#། །འབྱུང་བར་འགྱུར་རོ། །དེའི་རྒྱལ་པོ་ཡོན་ཏན་དང་བསྔགས་པ་བཞི་འབྱུང་སྟེ། བཞི་གང་ཞེ་ན། རྒྱལ་པོ་ནད་མེད་པར་འགྱུར་བ་དང ། གནོད་པ་ཉུང་ཞིང་ཚེ་རིང་བར་འབྱུང་བ་དང ། རྡུལ་དང་བྲལ་ཞིང་རྒོལ་བ་དང་དགྲ་མེད་པར་འགྱུར་བ་དང ། སྟོབས་དང་རྩལ་ཐགས་ཐོགས་མེད་ཅིང་དགའ་བ་མང་ལ་ཆོས་འདོད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།་འདི་ལྟར་ཀླུ་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དང ། གནོད་སྦྱིན་གྱི་བདག་པོ་རྣམས་ཀྱིས་རབ་ཏུ་སྲུང་བར་འགྱུར་ཏེ། བཞིན་བཟང་དག་དང ། དེ་ལ་དེ་ལྟར་མཉམ་པ་མེད་དོ། །བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དང ། གནོད་སྦྱིན་གྱི་བདག་པོ་རྣམས་ཀྱིས་ཚིག་མཐུན་པར་གསོལ་པ། བཅོམ་ལྡན་འདས། དེ་ལྟ་ལགས་ཏེ། ཡུལ་གང་དུ་བཟོད་པ་འདི་འཆད་པར་འགྱུར་བའི་ཡུལ་དེའི་རྒྱལ་པོར་འགྱུར་བ་དེའི་སླད་བཞིན་དུ་བདག་ཅག་འབྲང་ཞིང་གནོད་པ་ལས་བསྐྱབ་པར་བགྱིའོ། །བྲོ་ནད་ཞི་བར་བགྱིའོ། །དེའི་ཚེ་བསྐྱང་བར་བགྱིའོ། །དེ་དགྲ་ལས་བསྐྱབ་པར་བགྱིའོ། །དཔལ་དང་སྐལ་པ་བཟང་པོ་དང་ཆོས་ལ་དགའ་བ་ཉེ་བར་བསྟན་པར་བགྱིའོ། །སྟོབས་དང་རྩལ་ཐགས་ཐོགས་མ་མཆིས་པ་ཕུན་སུམ་ཚོགས་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞིན་བཟང་དག་།ལེགས་སོ་ལེགས་སོ། །ཁྱོད་ཇི་སྐད་སྨྲས་པ་བཞིན་དུ་ཉམས་སུ་ལོངས་
420b
ཤིག་།དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འོས་དང་ལྡན་པའི་རྒྱལ་པོ་ཡུལ་གང་དུ་ཆོས་དང་ལྡན་པར་འགྱུར་བར་བདག་ཅག་མདངས་དང ། སྟོབས་དང ། གཟི་བརྗིད་དང ། འཁོར་འཕེལ་བར་འགྱུར་རོ། །དེ་དག་གིས་གསོལ་པ། བཅོམ་ལྡན་འདས། དེ་དེ་ལྟ་ལགས་ཏེ། ཡུལ་གང་དུ་བཟོད་པ་འདི་རབ་ཏུ་འཆད་པར་འགྱུར་བའི་ཡུལ་དེ་ང་རྒྱལ་པོའི་ཞམ་རིང་བ་དང ། བློན་པོ་རྣམས་ཀྱི་ཡོན་ཏན་དང ། ལེགས་པ་བཞི་འབྱུང་སྟེ། བཞི་གང་ཞེ་ན། ཡུལ་དེར་རྒྱལ་པོའི་ཞམ་རིང་བ་དང ། བློན་པོ་རྣམས་ཕན་ཚུན་བཟོད་པ་དང ། དེས་པ་དང ། དགའ་བ་དང ། གུས་པའི་སེམས་སུ་འགྱུར་བ་དང ། རྒྱལ་པོའང་བྱམས་པར་འགྱུར་བ་དང ། དགེ་སྦྱོང་དང ། བྲམ་ཟེ་དང ། གྲོང་རྡལ་གྱི་མི་དང ། ལྗོངས་ཀྱི་མི་སྐྱེས་པ་དང ། བུད་མེད་དང ། ཁྱེའུ་དང ། བུ་མོ་རྣམས་ཀྱི་ཡིད་དུ་འོང་ཞིང་དགའ་བར་འགྱུར་བ་དང ། ཆོས་འདོད་པར་འགྱུར་གྱི་རྙེད་པ་མི་འདོད་དེ། ཕྱོགས་བཅུར་གྲགས་པའི་སྒྲ་དང ། ཚིགས་སུ་བཅད་པ་རྒྱ་ཆེར་གྲགས་ཤིང་ཚེ་\?\་བ་དང ། བདེ་བ་དང ། ཡིད་བདེ་བ་མང་བར་འགྱུར་བ་སྟེ། ཡུལ་གང་དུ་བཟོད་པ་འདི་འཆད་པར་འགྱུར་བ་དེ་ནི། རྒྱལ་པོའི་ཞམ་རིང་བ་དང ། བློན་པོ་རྣམས་ཀྱི་ཡོན་ཏན་དང་བསྔགས་པར་འགྱུར་བ་ནི། དེ་དག་གོ་།གཞན་ཡང་ཡུལ་གང་དུ་བཟོད་པ་འཆད་པར་འགྱུར་བའི་ཡུལ་དེར་དགེ་སྦྱོང་དང ། བྲམ་ཟེ་རྣམས་ཀྱི་ཡོན་ཏན་དང་བསྔགས་པ་བཞི་འབྱུང་སྟེ།
421a
༄#། །བཞི་གང་ཞེ་ན། ཡུལ་དེར་དགེ་སྦྱོང་དང་བྲམ་ཟེ་རྣམས་ཆོས་གོས་དང ། བསོད་སྙོམས་དང ། མལ་ཆ་དང ། ན་བའི་གསོས་སྨན་དང ། ཡོ་བྱད་དག་རྙེད་པར་འགྱུར་བ་དང ། བསམ་གཏན་བྱེད་པ་ལ་བརྩོན་པར་འགྱུར་བ་དང ། རི་ལ་མངོན་པར་དགའ་ཞིང་རབ་ཏུ་དབེན་པར་འགྱུར་བ་དང ། སེམས་ལས་བྱུང་བའི་བདེ་བ་བཞི་ལ་གནས་པ་རྙེད་པར་འགྱུར་རོ། །ཡུལ་གང་དུ་བཟོད་པ་འདི་འཆད་པར་འགྱུར་བའི་ཡུལ་དེའི་གྲོང་རྡལ་དང་ལྗོངས་ཀྱི་མི་རྣམས་ཀྱི་ལེགས་པ་བཞི་འབྱུང་བར་འགྱུར་ཏེ། བཞི་གང་ཞེ་ན།་ཁྲོན་པ་དང ། ཆུ་མིག་དང་ལྡན་པར་འགྱུར་བ་དང ། གནོད་པ་མེད་པར་འགྱུར་བ་དང ། ལས་ཀྱི་མཐའ་གྲུབ་པར་འགྱུར་བ་དང ། སྦྱིན་པའི་གནས་སྣོད་དུ་གྱུར་པ་རྣམས་དང་མི་འབྲལ་བར་འགྱུར་བའོ། །གཞན་ཡང་ཡུལ་གང་དུ་བཟོད་པ་འདི་འཆད་པར་འགྱུར་བའི་ཡུལ་དེར་བུད་མེད་རྣམས་ཀྱི་ལེགས་པ་བཞི་འབྱུང་བར་འགྱུར་ཏེ། བཞི་གང་ཞེ་ན། ཡུལ་དེའི་བུད་མེད་ཕྲག་དོག་དང་ཁྲོ་བ་རྣམ་པར་སྤོང་བར་འགྱུར་བ་དང ། སྐྱེ་བོ་ཐམས་ཅད་ལ་བཟོད་པར་འགྱུར་བ་དང ། བུ་རྙེད་པར་འགྱུར་བ་དང ། ནད་ཉུང་བར་འགྱུར་བའོ། ། གཞན་ཡང་བུད་མེད་གང་བཟོད་པ་འདི་ཉན་པ་དེ་ལ་དད་པ་རྙེད་ཅིང་ཆོས་སྨྲ་བ་ལ་ཕན་པ་ཟེར་བ་དེ་ནི། བུད་མེད་དུ་གྱུར་པའི་ཐ་མ་ཡིན་ཏེ། སྙིང་པོ་བྱང་ཆུབ་ཀྱི་བར་དུ་བུད་མེད་ཐོབ་
421b
པར་མི་འགྱུར་ཏེ། གཞན་དུ་ན་བདག་ཉིད་ཀྱིས་འདོད་པ་ནི། མ་གཏོགས་སོ། །གཞན་ཡང་ཡུལ་གང་དུ་བཟོད་པ་འདི་འཆད་པར་འགྱུར་བ་དག་ན་གཞན་གྱི་འཁོར་དང ། ནང་གི་འཁོར་གྱིས་ཡུལ་ལ་གནོད་པར་མི་འགྱུར་རོ། །ཆར་མི་འབབ་པ་དང ། མུ་གེ་འབྱུང་བ་དང ། དུས་མ་ཡིན་པའི་རླུང་དང ། ཆར་དང ། གྲང་དྲོ་དང ། ཤ་སྦྲང་དང ། སྦྲང་བུ་མཆུ་སྨྱུང་དང ། སྦྲང་མ་དང ། བྱི་བ་དང ། འགྲོ་བ་ཁྲོ་བོ་དང ། སྦྲུལ་ཁྲོ་བོ་དང ། གཅན་གཟན་ཁྲོ་བོ་དང ། རོ་བྲོ་བ་མེད་པ་དང ། རྩུབ་པ་དང ། སྲེ་མོ་དང ། མི་བདེ་བར་རེག་པ་དང ། བཟའ་བ་དང ། བཏུང་བ་དང ། གོས་དང ། ལྕགས་སྒྲོག་དང ། ཤིང་སྒྲོག་དང ། དབྱིག་པ་དང ། གཤེ་བ་དང ། མི་སྙན་པར་ཟེར་བ་དང ། རྡེག་པ་དང ། དུས་མ་ཡིན་པར་འཆི་བ་དང ། ནད་ཀྱི་གནོད་པ་ཡུལ་དེ་ན་མེད་པར་འགྱུར་རོ། །ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དག་གིས་ཀྱང་ཡུལ་དེ་ཤིན་ཏུ་སྲུང་ཞིང་སྐྱོབ་པར་འགྱུར་རོ། །རིགས་ཀྱི་བུ་དག་།ཡུལ་གང་དུ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདི་འཆད་ཅིང་སྟོན་པར་འགྱུར་བའི་ཡུལ་དེར་གནོད་པ་བཅུ་པོ་དེ་དག་གི་ཡུལ་ཐམས་ཅད་མི་གཙེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། བཟོད་པ་འདི་ནི། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྤྱོད་པ་མཐའ་དག་ཡོངས་སུ་རྫོགས་པར་བྱེད་པ། ཕ་རོལ་ཏུ་
422a
༄#། །ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ་ནས་སངས་རྒྱས་ཀྱི་དགོངས་པ་མཐའ་དག་ཡོངས་སུ་ཐོབ་པར་བྱེད་པའོ། །བཟོད་པ་འདིའི་མིང་འབའ་ཞིག་གང་གི་རྣ་ལམ་དུ་ཐོས་པའང་སྙིང་པོ་བྱང་ཆུབ་ཀྱི་བར་དུ་གང་ཟག་དེ་མི་ཁོམ་པ་བརྒྱད་དང་བྲལ་བར་འགྱུར་རོ། །གང་གིས་བཟོད་པ་བསྒོམ་པ་འདི་ཐོག་ཐག་ཉན་པ་ནི། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཏེ། དེ་ལྟར་མཐུ་ཆེ་བའོ། །རིགས་ཀྱི་བུ། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བར་བྱེད་པ། རྒྱུན་དུ་བྱེད་པ། ཕྱིར་མི་ལྡོག་པར་བྱེད་པ། རྣམ་པར་རྩན་པར་བྱེད་པ། འཇུག་པར་བྱེད་པ། གཟུགས་ཞི་བར་བྱེད་པ། ཡོངས་སུ་སྨིན་པར་བྱེད་པ། འབྲལ་བར་བྱེད་པ། བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པའོ། །བཟོད་པ་འདི་དེ་ལྟར་བསྟན་པ་ན་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། རང་རང་གི་སངས་རྒྱས་ཀྱི་ཞིང་དུ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདི་སེམས་ཅན་རྣམས་ལ་བཤད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་དགོད་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་
422b
བཀའ་སྩལ་པ། རིགས་ཀྱི་བུ་དག་།ད་གང་གི་དུས་ལ་བབ་པར་སེམས་ནའོ། །དེ་ནས་ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང ། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ཆེན་པོས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། མེ་ཏོག་བནྡུ་འདི་བྱིན་གྱིས་བརླབ་ཏུ་གསོལ། གནས་དང ། གྲོང་དང ། གྲོང་ཁྱེར་དང ། ལྗོངས་གང་དུ་བཟོད་པ་འདི་འཆད་པར་འགྱུར་བ་དེ་དག་ཏུ་མེ་ཏོག་བནྡུ་འདི་རབ་ཏུ་སྤྱོད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་།དེ་ལྟར་དེ་བཞིན་དུ་གཉི་ག་བྱིན་གྱིས་བརླབ་པར་བྱའོ། །སངས་རྒྱས་ཀྱི་ཞིང་གང་ན་རིགས་ཀྱི་བུ་པོའམ། རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་དོན་དུ་གཉེར་བར་འགྱུར་བ་དང ། གླིང་བཞི་པ་གྲོང་དང ། ཡུལ་དང ། གྲོང་ཁྱེར་དང ། གྲོང་དང ། ལྗོངས་དང ། འོར་གྱི་གྲོང་དག་ཏུ་རིགས་ཀྱི་བུ་ཕོའམ། རིགས་ཀྱི་བུ་མོ་དག་བྱང་ཆུབ་དོན་དུ་གཉེར་བར་འགྱུར་བ་དེ་དག་ཏུ་བཟོད་པ་འདི་སྒོམ་པ་དང ། འཆད་པ་དང ། སྟོན་པ་དང ། འབྲི་བ་དང ། ཀློག་པ་དང ། སྒྲོག་པ་དང ། སྤྱོད་པར་འགྱུར་རོ། །བཟོད་པ་འདི་གང་ན་སྤྱོད་པ་དེར་མེ་ཏོག་བནྡུ་འདི་སྤྱོད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང ། ཕྱོགས་བཅུ་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་དང ། ལྷ་དང ། མི་དང །
423a
༄#། །ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཁོར་གྱི་འཇིག་རྟེན་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རབ་ཏུ་དགའ་སྟེ་མངོན་པར་བསྟོད་དོ། །ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།