rKTs


H31

(e-text produced by ACIP)

see text in transliteration
266b
།།རྒྱ་གར་སྐད་དུ། ཨཱརྱ་པྲ་ཛྙཱ་པ་ར་མི་ཏཱ་བཛྲ་ཀེ་ཏུ་མཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་རྒྱལ་མཚན་གྱི་མདོ་ཐེག་པ་ཆེན་པོ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་ཏེ། ཐམས་ཅད་དང་ལྡན་པའི་འཁོར་དང་ཐབས་ཅིག་གོ། དེ་ནས་དེའི་ཚེ་འཁོར་དེར་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་འདུག་པ་དེ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཆོས་གང་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་རྒྱལ་མཚན། ཆོས་རྣམ་པ་བཞི་དང་ལྡན་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མངོན་པ་དང ། འདུས་བྱས་ཐམས་ཅད་མི་རྟག་པ་དང ། སྡུག་བསྔལ་བར་ཤེས་པ་དང ། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་དུ་ལྡན་པ་དང ། ཐམས་ཅད་དུ་མི་རྟོག་མི་དམིགས་པར་བསྒོམ་པའོ། །གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་ན། ཤེས་རབ་སྐྱེ་བའི་རྒྱུ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དང་པོ་གང་ཟག་ཆོས་སྨྲ་བའི་མཁན་པོ་བསྟེན་པ་དང ། གཉིས་པ་དེའི་དམ་པའི་ཆོས་ཉན་པ་དང ། གསུམ་པ་དོན་ལ་འཇུག་ཅིང་སེམས་པ་དང ། བཞི་ང་གཞན་
267a
༄#། །ལ་ཚུལ་བཞིན་དུ་སྟོན་པར་མོས་པ་སྟེ། འདི་ནི། ཤེས་རབ་སྐྱེ་བའི་རྒྱུའོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་ལྟ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་སྟོང་པ་དང ། བདག་མེད་པ་དང ། དངོས་པོ་མེད་པའི་ངོ་བོ་ཉིད་དང ། མཚན་མ་མེད་པ་དང ། མ་བཅིངས་པ་དང ། མ་གྲོལ་བ་དང ། སྣང་བ་མེད་པ་དང ། མུན་པ་མེད་པའི་རང་བཞིན་དུ་ཤེས་པར་བྱའོ། །དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཆོས་ཐམས་ཅད་སྐྱེ་བ་མེད་པ་དང ། གནས་པ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དངོས་མེད་ངོ་བོ་ཉིད་དུ་བསྒོམ། །ཤེས་རབ་སྐྱེ་བའི་རྒྱུ་ལ་མོས། །མཚན་མ་ཐམས་ཅད་དང་བྲལ་བའི། །ཤེས་རབ་དོན་ལ་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་ལ་སོགས་པ་ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་རྒྱལ་མཚན་གྱི་མདོ་རྫོགས་སོ།། །།