rKTs


H368

(e-text produced by ACIP)

see text in transliteration
Ka1b
༄##། །རྒྱ་གར་སྐད་དུ། ཨཱརྱ་མཧཱ་པ་རི་ནིརྦཱ་ཎཾ་ཎཱ་མ་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་༄#། །བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ། ། ༄#། །ཚོགས་གཉིས་མཐར་ཕྱིན་རྣམ་འདྲེན་ལྔ་པ་ཆེ། ། ༄#། །བྱང་སེམས་ཕྱག་ན་རྡོ་རྗེ་མཐུ་སྟོབས་དབང ། །
Ka2a
༄##། །དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྩཝ་མཆོག་གི་གྲོང་ཁྱེར་སྐྱེས་བུ་སྟོབས་པོ་ཆེ་འབྱུང་བའི་གནས་ཀླུང་ཧ་རི་ལ་བ་ཏིའི་འགྲམ་ཤིང་སཱ་ལ་དྲུང་གཉིས་ཀྱི་བར་ན། དགེ་སློང་ཆེན་པོའི་དགེ་འདུན་བརྒྱ་སྟོང་ཕྲག་བརྒྱད་ཅུ་སྙེད་ཀྱིས་ཡོངས་སུ་བསྐོར་ནས། མདུན་དུ་བདར་ཏེ་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་དཔྱིད་ཟླ། ༄#། །འཇམ་དཔལ་དབྱངས་དངོས་ཟླ་མེད་ཙོང་ཁ་པ། ། ༄#། །ཡང་དག་རིགས་ལ་མ་ཀུན་སྦྱོང་ཐུབ་བསྟན་མཚན། །
Ka2b
འབྲིང་པོའི་ཚེས་བཅོ་ལྔའི་ཉིན་པར་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་སུ་ཉེ་བ་ན། བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་གསུང་ཆེན་པོས་སྲིད་པའི་རྩེ་མོའི་བར་དུ་ཀུན་ཏུ་ཁྱབ་པར་སེམས་ཅན་ཐམས་ཅད་ལ་སོ་སོའི་སྐད་དུ་གསུང་འདི་སྐད་ཅེས་གྲགས་པར་གྱུར་ཏོ། །དེང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐྱེ་བོ་མང་པོ་རྣམས་ལ་ཐུགས་བརྩེ་བ། སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་མགོན་དུ་གྱུར་པ། སེམས་ཅན་ཐམས་ཅད་ལ་སྲས་སྒྲ་གཅན་འཛིན་དང་འདྲ་བའི་མཉམ་པར་གཟིགས་པ། སེམས་ཅན་གྱི་སྐྱབས་དང ། དཔུང་གཉེན་དང ། རྟེན་དང ། གནས་སུ་གྱུར་པ་དེང་ཡོངས་སུ་མྱ་ངན་ལས་འདའོ། །སོ་སོའི་སྐྱེ་བོ་དག་ཐེ་ཚོམ་དང་སོམ་ཉིར་གྱུར་པ་ཡོད་ན། ད་ཞུ་ཞིང་དྲི་བའི་དུས་
Ka3a
༄##། །ནང་གི་ཐ་མ་འདིར་ཞུ་ཞིང་གསོལ་ཅིག་།ཅེས་པའི་གསུང་གིས་ཡོངས་སུ་གྲགས་པར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་ཞལ་གྱི་སྒོ་ནས་འོད་རྣམ་པ་སྣ་ཚོགས་བཀྱེ་བ་ནི། འདི་ལྟ་སྟེ། སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དང ། ཤེལ་ལྟ་བུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དང ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་བར་དུ་ཡོངས་སུ་སྣང་བར་བྱས་ནས། དེ་དག་ན་གནས་པའི་ལམ་རྒྱུད་དྲུག་གི་སེམས་ཅན་དག་འོད་ཟེར་དེས་རེག་མ་ཐག་ཏུ་ཁ་ན་མ་ཐོ་བའི་ཉོན་མོངས་པ་ཐམས་ཅད་བྱང་བར་གྱུར་ཏོ། །དེའི་ཚེ་སོ་སོའི་སྐྱེ་བོ་དག་དེ་ལྟ་བུའི་ལྟས་མཐོང་ཞིང་ཐོས་ནས་མྱ་ངན་ཆེན་པོས་ཡིད་གདུངས་ཏེ། དུས་གཅིག་ཏུ་ཆོ་ངེས་རྡུང་ཞིང་ངུས་ནས་འདི་སྐད་དུ། ཨེ་མའོ། ཤིན་ཏུ་བྱམས་པའི་ཕ་མར་གྱུར་
Ka3b
པ། ཀྱི་ཧུད། ཀྱི་ཧུད་མྱ་ངན་ལས་འདས་སམ་ཞེས་སྨྲས་ནས། ཐལ་མོས་མགོ་དང་བྲང་ལ་རྡེབས་ཏེ་ཆོ་ངེ་རྡུང་ངོ ། །ཁ་ཅིག་ནི། ལུས་ཀྱང་རབ་ཏུ་འདར་ཞིང་བ་སྤུ་ཀུན་ལངས་ནས་སྐད་ཀྱིས་བརྣངས་པ་ཙམ་དུ་དུས་སོ། །དེའི་ཚེ་ན་ས་ཆེན་པོ་འདི་དང ། རི་དང་རྒྱ་མཚོའང་རབ་ཏུ་གཡོས་ཤིང་འཁྲུགས་སོ། །དེ་ནས་སེམས་ཅན་དེ་དག་གཅིག་ལ་གཅིག་སྤྲོ་བསྲིང་ཞིང་མྱ་ངན་བསང་བའི་ཕྱིར་འདི་སྐད་དུ། ཀྱེ། གྲོགས་པོ་དག་།མྱ་ངན་མ་བྱེད་པར་མྱུར་དུ་རྩཝ་མཆོག་གི་གྲོང་ཁྱེར་སྐྱེས་བུ་སྟོབས་པོ་ཆེ་འབྱུང་བའི་གནས་དེ་བཞིན་གཤེགས་པ་ག་ལ་བ་དེར་འདོང་ངོ ། །དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་མི་འདའ་བར་འཇིག་རྟེན་ན་བསྐལ་པ་གཅིག་གམ། བསྐལ་པ་གཅིག་འགྲིབས་ཀྱི་བར་དུ་བཞུགས་པར་གསོལ་དུ་འདེང་ངོ་ཞེས་སྨྲས་སོ། །ལ་ལ་ནི་གཅིག་གི་ལག་པ་ལ་གཅིག་གིས་འཇུས་ནས་འདི་སྐད་དུ་འཇིག་རྟེན་སྟོངས་ཏེ། སེམས་ཅན་གྱི་བསོད་ནམས་ཟད་པས་མི་དགེ་བའི་ལས་འཇིག་རྟེན་དུ་བྱུང་བར་གྱུར་གྱི། གྲོགས་པོ་དག་།དེ་བཞིན་གཤེགས་པ་ནི་རིང་པོ་མི་ཐོགས་པར་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་ངེས་ཀྱི། བདག་ཅག་མྱུར་དུ་འདེང་ངོ་ཞེས་སྨྲའོ། །ལ་ལ་ནི་འདི་སྐད་དུ་འཇིག་རྟེན་སྟོངས་སོ། །འཇིག་རྟེན་སྟོངས་སོ། །བདག་
Ka4a
༄#། །ཅག་ལ་དེང་སླན་ཆད་ནི་མགོན་དང་སྐྱབས་མེད་དེ། དབུལ་ཕོངས་པར་གྱུར་ཏོ། །དེང་ཁོ་ནར་བླ་ན་མེད་པའི་བཅོམ་ལྡན་འདས་དང་ཡོངས་སུ་བྲལ་བས། ད་སླན་ཆད་སོམ་ཉི་དང་ཐེ་ཚོམ་ཟ་བ་སུ་ལ་ཞུ་ཞེས་སྨྲའོ། །དེའི་ཚེ་ན་ཚད་མེད་པའི་ཉེ་གནས་ཆེན་པོ་ཚེ་དང་ལྡན་པ་ཀཱཏྱཱ་ཡ་ན་ཆེན་པོ་དང ། ཚེ་དང་ལྡན་པ་བ་ཀུ་ལ་དང ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སོགས་པ་དགེ་སློང་ཆེན་པོ་དེ་དག་ཀྱང ། སངས་རྒྱས་ཀྱི་འོད་ཀྱིས་རེག་པས་ལུས་ཀུན་འདར་ཞིང་མི་བཟོད་པ་ཙམ་དུ་རབ་ཏུ་གཡོས་ཏེ། སེམས་ཀྱང་མྱོས་ནས་ཆོ་ངེས་འདེབས་ཤིང་དེ་ལྟ་བུའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་ནོན་པར་གྱུར་ཏོ། །དེའི་ཚེ་ན་གཞན་ཡང་དགེ་སློང་བརྒྱ་སྟོང་ཕྲག་བརྒྱད་ཅུ་སྙེད་ཐམས་ཅད་ཀྱང་དགྲ་བཅོམ་པ། སེམས་ཀྱི་དབང་དུ་གྱུར་པ། བྱ་བ་བྱས་པ། ཉོན་མོངས་པ་ཡོངས་སུ་སྤངས་པ། དབང་པོ་ཐམས་ཅད་རབ་ཏུ་དུལ་བ། ཀླུའི་རྒྱལ་པོ་ཆེན་པོ་ལྟར་མཐུ་ཆེ་བ། སྟོང་པའི་ཤེས་རབ་དང་ལྡན་པ། ཕྱིས་བདག་གི་དོན་རབ་ཏུ་རྙེད་པ། ཙན་དན་གྱི་ཚལ་ལྟར་ཙན་དན་གྱིས་ཡོངས་སུ་བསྐོར་བ། སེང་གེའི་རྒྱལ་པོ་ལྟར་སེང་གེས་ཡོངས་སུ་བསྐོར་བ། དེ་ལྟ་བུའི་ཚད་མེད་པའི་ཡོན་ཏན་དང་ལྡན་པ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་སྲས་ཡང་དག་པ་ཤ་སྟག་གོ་།དེ་དག་ཀྱང་སྔ་དྲོ་ཉི་མ་ཤར་མ་ཐག་ཏུ་གནས་
Ka4b
ནས་བྱུང་སྟེ། སོ་ཤིང་འཆའ་བ་ན་སངས་རྒྱས་ཀྱི་འོད་ཀྱིས་རེག་ནས་གཅིག་ལ་གཅིག་འདི་སྐད་དུ། གྲོགས་པོ་དག་།མྱུར་དུ་ཁ་ལག་ཁྲུས་ཤིག་ཅེས་སྨྲས་སོ། །དེ་སྐད་ཅེས་སྨྲས་མ་ཐག་ཏུ་ལུས་ཀྱི་བ་སྤུ་ཀུན་ལངས་ནས། ལུས་ལ་ཁྱབ་པར་ཁྲག་གིས་རྒྱས་པ་ནི་མེ་ཏོག་པ་ལ་ཤ་ལྟ་བུར་གྱུར་ཏེ། མིག་མཆི་མས་གང་ནས་སྡུག་བསྔལ་ཆེན་པོ་མྱོང་བར་གྱུར་ཏོ། །དེ་དག་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར། ཐེག་པ་ཆེན་པོ་དོན་དམ་པའི་སྟོང་པ་ཉིད་ལ་རྣལ་འབྱོར་དུ་བསྒྲུབ་པའི་ཕྱིར། དེ་བཞིན་གཤེགས་པས་ཐབས་སུ་དགོངས་ཏེ་གསུངས་པ་དག་བསྟན་པའི་ཕྱིར། རྣམ་པ་སྣ་ཚོགས་སུ་ཆོས་སྟོན་པ་རྒྱུན་མི་གཅད་པའི་ཕྱིར། སེམས་ཅན་ཐམས་ཅད་ཡོངས་སུ་གདུལ་བའི་ཕྱིར། བཅོམ་ལྡན་འདས་གང་ན་བ་དེར་མྱུར་དུ་དོང་ནས་སྤྱི་བོས་སངས་རྒྱས་ཀྱི་ཞབས་ལ་ཕྱག་བཙལ་ཏེ། ལན་བརྒྱ་སྟོང་དུ་བསྐོར་ནས་ཐལ་མོ་སྦྱར་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་གཞན་ཡང་ཀུནྟ་ལའི་བུ་མོ་དགེ་སློང་མ་དཔལ་བཟང་དང ། དགེ་སློང་མ་བསྙེན་དགའ་མ་དང ། དགེ་སློང་མ་རྒྱ་མཚོའི་བློ་གྲོས་ལ་སོགས་ཏེ། དགེ་སློང་མ་ཁྲི་ཕྲག་དྲུག་ཅུ་སྙེད་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། སེམས་ཀྱི་དབང་དུ་གྱུར་པ། བྱ་བ་བྱས་པ། ཉོན་མོངས་པ་ཡོངས་སུ་སྤངས་པ། དབང་པོ་རབ་ཏུ་དུལ་བ། ཀླུ་ཆེན་པོ་ལྟར་གཟི་བརྗིད་
Ka5a
༄#། །རབ་ཏུ་ཆེ་བ། སྟོང་པ་ཉིད་ཀྱི་ཤེས་རབ་དང་ལྡན་པ་ཤ་སྟག་སྟེ། དེ་དག་ཀྱང་སྡ་དྲོའི་དུས་ཀྱི་ཚེ་ཉི་མ་ཐོག་མར་ཤར་བ་ན། ལུས་ཀྱི་བ་སྤུ་ཀུན་སྐྱི་བུད་ཞེས་བྱེད་ནས་ལུས་ལ་ཁྱབ་པར་ཁྲག་གིས་རྒྱས་པ་ནི་མེ་ཏོག་པ་ལ་ཤ་ལྟ་བུར་གྱུར་ཏེ། མིག་མཆི་མས་ཡོངས་སུ་གང་ནས་སྤུག་བསྡལ་ཆེན་པོ་མྱོང་བར་གྱུར་ཏོ། །དེ་དག་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར། ཐེག་པ་ཆེན་པོ་དོན་དམ་པའི་སྟོང་པ་ཉིད་ལ་རྣལ་འབྱོར་དུ་བསྒྲུབ་པའི་ཕྱིར། དེ་བཞིན་གཤེགས་པས་ཐམས་སུ་དགོངས་ཏེ་གསུངས་པ་དག་བསྟན་པའི་ཕྱིར། རྣམ་པ་སྣ་ཚོགས་སུ་ཆོས་སྟོན་པ་རྒྱུན་མི་གཅད་པའི་ཕྱིར། སེམས་ཅན་ཐམས་ཅད་ཡོངས་སུ་གདུལ་བའི་ཕྱིར་བཅོམ་ལྡན་འདས་གང་ན་བ་དེར་མྱུར་དུ་དོང་ནས་སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ཏེ། ལན་བརྒྱ་སྟོང་དུ་བསྐོར་ནས་ཐལ་མོ་སྦྱར་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དགེ་སློང་མ་དེ་དག་གི་ནང་ན་དགེ་སློང་མ་ཁ་ཅིག་ནི། བྱང་ཆུབ་སེམས་དཔའ་སྟེ། མིའི་ནང་ན་ཀླུ་ལྟ་བུ་ས་བཅུ་རབ་ཏུ་ནོན་པ། མི་གཡོ་བ་ལ་གནས་པ། སེམས་ཅན་གདུལ་བའི་ཕྱིར་བུད་མེད་ཀྱི་ལུས་སྟོན་ཀྱང་རྟག་ཏུ་ཚད་མེད་པ་བཞི་ལ་ནན་ཏན་བྱེད་པ། སེམས་ཀྱི་དབང་དུ་གྱུར་པས་སངས་རྒྱས་ཀྱི་སྐུར་ཡང་སྤྲུལ་པ་ཤ་སྟག་གོ་།དེའི་ཚེ་གཞན་ཡང་ཀླུང་གངྒཱ་གཅིག་གི་བྱེ་མ་
Ka5b
སྙེད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིའི་ནང་ན་ཀླུ་ལྟ་བུ་ས་བཅུ་རབ་ཏུ་ནོན་པ། མི་གཡོ་བ་ལ་རབ་ཏུ་གནས་པ། ཐབས་ཀྱིས་ལུས་སྟོན་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྒྱ་མཚོའི་དཔལ་དང ། བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ལ་སོགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཐོག་མར་དྲངས་ནས་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་བཀུར་སྟི་བྱེད་པ། ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པ། ཐེག་པ་ཆེན་པོ་ལ་ཤིན་ཏུ་མཁས་པ། ཐེག་པ་ཆེན་པོ་ལ་ཤིན་ཏུ་མོས་པ། ཐེག་པ་ཆེན་པོ་ལ་ཤིན་ཏུ་བསྲུང་བ། འཇིག་རྟེན་དུ་བཅས་པ་ཐམས་ཅད་ཀྱི་སེམས་དང་སྦྱོར་བ། མ་འོངས་པའི་དུས་སུམ་གྲོལ་བ་གྲོལ་བར་ཡི་དམ་འཆའ་བ། འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་བར་དུ་ཚུལ་ཁྲིམས་ཡོངས་སུ་བསྲུངས་པ། སྤྱོད་པ་ཡོངས་སུ་འཛིན་པ། མ་གྲོལ་བ་གྲོལ་བར་བྱེད་པ། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་འཚོབ་པ། མ་འོངས་པའི་དུས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བ། རྒྱན་ཆེན་པོས་ཤིན་ཏུ་བརྒྱན་པ་དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་ལྟ་བ་ཤ་སྟག་གོ་།དེ་དག་ཀྱང་སྔ་དྲོའི་དུས་ཉི་མ་ཤར་མ་ཐག་ཏུ་སངས་རྒྱས་ཀྱི་འོད་ཀྱིས་རེག་མ་ཐག་ཏུ་ལུས་ཀྱི་བ་སྤུ་ཀུན་ལའང་ཏེ། ལུས་ལ་ཁྱབ་པར་ཁྲག་གིས་རྒྱས་པ་ནི་ཇི་
Ka6a
༄#། །ལྟར་མེ་ཏོག་པ་ལ་ཤ་ལྟ་བུར་གྱུར་ཏེ། མིག་མཆི་མས་ཡོངས་སུ་གང་ནས་སྡུག་བསྔལ་མྱོང་བར་གྱུར་ཏོ། །དེ་དག་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར། ཐེག་པ་ཆེན་པོ་དོན་དམ་པའི་སྟོང་པ་ཉིད་ལ་རྣལ་འབྱོར་དུ་བསྒྲུབ་པའི་ཕྱིར། དེ་བཞིན་གཤེགས་པས་ཐབས་སུ་དགོངས་ཏེ་གསུངས་པ་བསྟན་པའི་ཕྱིར། རྣམ་པ་སྣ་ཚོགས་སུ་ཆོས་སྟོན་པ་རྒྱུན་མི་གཅད་པའི་ཕྱིར། སེམས་ཅན་ཐམས་ཅད་ཡོངས་སུ་གདུལ་བའི་ཕྱིར་བཅོམ་ལྡན་འདས་གང་ན་བ་དེར་མྱུར་དུ་དོང་ནས་ཕྱིན་པ་དང ། སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ནས་ལན་བརྒྱ་སྟོང་དུ་བསྐོར་ཏེ། ཐལ་མོ་སྦྱར་ནས་བསྟི་སྟང་དང་བཅས་པས་ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་གཞན་ཡང་ཀླུ་གངྒཱ་གཉིས་ཀྱི་བྱེ་མ་སྙེད་ཀྱི་དགེ་བསྙེན་ཕ་ཁྲིམས་ལྔ་ཡོངས་སུ་བསྲུང་བ་ལ་འདི་ལྟ་སྟེ། དགེ་བསྙེན་གཟི་བརྗིད་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་དང ། དགེ་བསྙེན་ལེགས་པའི་ཡོན་ཏན་ལ་སོགས་པས་ཐོག་མར་དྲངས་ཏེ། ཐམས་ཅད་ཀྱང་གཉེན་པོར་གྱུར་པའི་ཆོས་ལ་ཤིན་ཏུ་མོས་པ་ནི། འདི་ལྟ་སྟེ། སྡུག་བསྔལ་དང ། བདེ་བ་དང ། རྟག་པ་དང ། མི་རྟག་པ་དང ། ཡོངས་སུ་དག་པ་དང ། མ་དག་པ་དང ། བདག་དང ། བདག་མེད་པ་དང ། ངེས་པ་དང ། མ་ངེས་པ་དང ། སྐྱབས་སུ་འགྲོ་བ་དང་
Ka6b
སྐྱབས་སུ་མི་འགྲོ་བ་དང ། སེམས་ཅན་དང ། སེམས་ཅན་མ་ཡིན་པ་དང ། ཐེར་ཟུག་དང ། ཐེར་ཟུག་མ་ཡིན་པ་དང ། བདེ་བ་དང ། བདེ་བ་མ་ཡིན་པ་དང ། འདུས་བྱས་པ་དང ། འདུས་མ་བྱས་པ་དང ། ཆད་པ་དང ། ཆད་པ་མ་ཡིན་པ་དང ། མྱ་ངན་ལས་འདའ་བ་དང ། མྱ་ངན་ལས་འདའ་བ་མ་ཡིན་པ་དང ། ལྷག་པ་དང ། ལྷག་པ་མ་ཡིན་པ་ལ་སོགས་ཏེ། གཉེན་པོར་གྱུར་པའི་ཆོས་འདི་དག་ལ་རྟག་པར་ཤིན་ཏུ་མོས་པ་ཤ་སྟག་གོ་།གཞན་ཡང་བླ་ན་མེད་པའི་ཐེག་པ་ཆེན་པོ་ལ་ཐོས་པར་མོས་པ། ཇི་ལྟར་ཐོས་པ་བཞིན་དུ་གཞན་ལའང་སྟོན་ནུས་པ། ཚུལ་ཁྲིམས་ཡོངས་སུ་བསྲུང་བ། ཐེག་པ་ཆེན་པོ་ལ་སྐོམ་པས་གདུངས་པ་ལྟར་མོས་པ་བདག་ཀྱང་ཤིན་ཏུ་ངོམས་ལ། སྐོམ་པས་གདུངས་པ་གཞན་ཡང་ངོམས་པར་བྱེད་པ། བླ་ན་མེད་པའི་ཡེ་ཤེས་ལ་ཤིན་ཏུ་འཇུག་པ། ཐེག་པ་ཆེན་པོ་ལ་ཤིན་ཏུ་མོས་པ། ཐེག་པ་ཆེན་པོ་ལ་ཤིན་ཏུ་བསྲུང་བ། འཇིག་རྟེན་པ་ཐམས་ཅད་ཀྱི་སེམས་དང་ཤིན་ཏུ་སྦྱོར་བ། མ་རྒལ་བ་སྒྲོལ་བ། མ་གྲོལ་བ་འགྲོལ་བ། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་འཚོབ་པ། མ་འོངས་པའི་དུས་སུ་ཆོས་ཀྱི་འཁོར་ལོ་ཤིན་ཏུ་བསྐོར་བ་རྒྱན་ཆེན་པོས་རྣམ་པར་བརྒྱན་པ། སེམས་ཤིན་ཏུ་ཟབ་མོའི་རོལ་མོས་པ། ཚུལ་ཁྲིམས་ཡོངས་སུ་དག་པ། ཐམས་ཅད་ཀྱང་དེ་ལྟ་བུའི་ཡོན་ཏན་དང་ལྡན་པ། སེམས་ཅན་ཐམས་
Ka7a
༄#། །ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ཅིང་བུ་གཅིག་པ་དང་འདྲ་བར་གཉིས་སུ་མེད་པར་སྙོམས་པ་ཤ་སྟག་གོ་།དེ་དག་ཀྱང་སྔ་དྲོའི་དུས་ཉི་མ་ཤར་མ་ཐག་ཏུ་འོད་ཟེར་གྱིས་རེག་ནས་དེ་བཞིན་གཤེགས་པའི་པུར་ཞུགས་ལ་བཞེན་པའི་ཕྱིར་ཐམས་ཅད་ཀྱིས་སོ་སོ་ནས་སྤོས་ཀྱི་ཤིང་ཁྲི་ཕྲག་དུ་མ་བཤམས་པ་ལ་འདི་ལྟ་སྟེ། སྤོས་ཀྱི་ཤིང་ཙན་དན་དང ། ་ག་རུ་དང ། གོ་ཤིཪྵ་ཙན་དན་དང ། ལྷའི་ཤིང་བསུང་ཅན་ལ་སོགས་པའོ། །ཤིང་དེ་དག་ཀྱང་མཛེས་པའི་རི་མོ་དང་ལྡན་ཞིང་རིན་པོ་ཆེ་སྣ་བདུན་གྱིས་རྣམ་པར་བརྒྱན་པ། འོད་ཤིན་ཏུ་འཚེར་ཞིང་གསལ་བ་ནི། དཔེར་ན། རི་མོ་མཁན་གྱིས་ཚོན་སྣ་ཚོགས་བཀྱེ་བ་དང་འདྲ་སྟེ། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་འོད་ཁ་དོག་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དང་ལྡན་ཏེ། འགྲོ་བ་མང་པོས་མཐོང་ན་དགའ་བར་འགྱུར་བ་ཤ་སྟག་གོ། ཤིང་རྣམ་པ་མང་པོ་དེ་དག་ལ་གཞན་ཡང་རྣམ་པ་སྣ་ཚོགས་ཀྱི་སྤོས་ཀྱི་ལྡེ་གུ་དང ། གུར་གུམ་དང ། ་ག་རུ་དང ། པོག་ལ་སོགས་པས་ཡོངས་སུ་བསྐུས་ལ། མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས་གཏོར་ཅིང་བརྒྱན་པ་ནི། འདི་ལྟ་སྟེ། མེ་ཏོག་ཨུཏྤ་ལ་དང ། མེ་ཏོག་ཀུ་མུ་ད་དང ། མེ་ཏོག་པདྨོ་དང ། མེ་ཏོག་པུཎྜ་རི་ཀ་ལ་སོགས་པའོ། །ཤིང་དེ་དག་ལ་གཞན་ཡང་ཚོན་རྣམ་པ་ལྔ་དང་
Ka7b
ལྡན་པའི་བ་དན་ཤིན་ཏུ་འཇམ་ཞིང་མཛེས་པ་ཡོངས་སུ་དཔྱངས་པ་ནི། དཔེར་ན། ལྷའི་ན་བཟའ་ཀེའུ་ཤ་ཡའམ། ཤུ་མ་ལྟ་བུའོ། །སྤོས་ཀྱི་ཤིང་དེ་དག་ཀྱང་རིན་པོ་ཆེའི་ཤིང་རྟས་བསྐྱས་ཏེ། རིན་པོ་ཆེའི་ཤིང་རྟ་དེ་དག་ལས་ཀྱང་འོད་རྣམ་པ་སྣ་ཚོགས་བྱུང་བ་ནི། འདི་ལྟ་སྟེ། སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོའོ། །ཤིང་རྟའི་གཉའ་ཤིང་དང ། བར་གདང་ལ་སོགས་པའང་རིན་པོ་ཆེ་སྣ་བདུན་གྱིས་རྣམ་པར་སྤྲས་ཏེ། ཤིང་རྟ་དེ་རེ་རེའང་རྟ་བཞི་བཞིས་དྲངས་སོ། །རྟ་དེ་དག་ཀྱང་མགྱོགས་ཁྱད་རླུང་དང་འདྲའོ། །ཤིང་རྟ་དེ་རེ་རེའི་མདུན་ན་རིན་པོ་ཆེ་སྣ་བདུན་གྱི་རྒྱལ་མཚན་ལྔ་བཅུ་སྙེད་དངར་ཏེ། གསེར་གྱི་དྲ་བས་བླ་རེས་བྲེས་སོ། །རིན་པོ་ཆེའི་ཤིན་རྟ་དེ་རེ་རེའི་སྟེང་སྟེང་ཡང་རིན་པོ་ཆེའི་གདུགས་ལྔ་བཅུ་སྙེད་བྲེས་སོ། །ཤིང་རྟ་དེ་རེ་རེ་ལའང་མེ་ཏོག་གི་ཕྲེང་བ་དཔྱངས་པ་ནི། འདི་ལྟ་སྟེ། མེ་ཏོག་ཨུཏྤ་ལ་དང ། མེ་ཏོག་ཀུ་མུ་ད་དང ། མེ་ཏོག་པདྨོ་དང་པུཎྜ་རི་ཀ་རྣམས་ཏེ། འདབ་མ་ནི་གསེར། གེ་སར་ནི་རྡོ་རྗེ་ལས་བྱས་ཏེ། མེ་ཏོག་གེ་སར་དེ་དག་གི་ནང་ནའང་བུང་བ་ནག་པོ་ལྡིང་ཞིང་རྩེའོ། །གཞན་ཡང་སྒྲ་སྐད་ཤིན་ཏུ་སྙན་པ་དང ། དེ་མ་ཡིན་པ་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་ཉིད་དང ། བདག་མེད་པའི་སྒྲའང་འབྱིན་ཏོ། །དེ་དག་ལས་གཞན་ཡང་བྱང་ཆུབ་སེམས་དཔའི་སྔོན་སྤྱད་པ་སྤྱོད་པའི་སྒྲ་དང ། གཞན་ཡང་རོལ་མོ་རྣམ་པ་སྣ་ཚོགས་
Ka8a
༄#། །ཀྱི་སྒྲ་གྲག་པ་ནི། འདི་ལྟ་སྟེ། གླུ་དང ། གར་དང ། གླིང་བུ་དང ། དགུ་པོ་རྒྱུད་མང་དང ། སེའུ་དང ། ཤིར་དང ། རྔའི་སྒྲ་རྣམས་སོ། །རོལ་མོའི་སྒྲ་དེ་བསླས་གཞན་ཡང ། འདི་སྐད་དུ། ཀྱི་ཧུད། ཀྱི་ཧུད་འཇིག་རྟེན་སྟོངས་སོ་ཞེས་ཟེར་བའི་སྒྲའང་བྱུང་ངོ ། །ཤིང་རྟ་དེ་རེ་རེའི་མདུན་ན། དགེ་བསྙེན་རིན་པོ་ཆེ་སྣ་བཞིའི་ཁྲིའུ་ཐོགས་བ་རེ་རེ་ཡོད་དེ། ཁྲིའུ་དེའི་སྟེང་ན་རྣམ་པ་སྣ་ཚོགས་ཀྱི་མེ་ཏོག་སྤུངས་པ་ནི། འདི་ལྟ་སྟེ། མེ་ཏོག་ཨུཏྤ་ལ་དང ། ཀུ་མུ་ད་དང ། པདྨོ་དང ། པུཎྜ་རི་ཀ་དང ། གུར་གུམ་དང ། བྱུག་སྤོས་དང ། བདུག་སྤོས་ལ་སོགས་པ་མཆོག་ཏུ་གྱུར། ཕུལ་དུ་གྱུར་པ་རྣམས་བཤམས་སོ། །དགེ་བསྙེན་རྣམས་ཀྱིས་སངས་རྒྱས་དང་དགེ་འདུན་ལ་བསོད་སྙོམས་རྣམ་པ་སྣ་ཚོགས་བཤམས་པའང་ཐམས་ཅད་ཙན་དན་དང ། ་ག་རུའི་ཤིང་བསུང་ཅན་བསྲེགས་ཏེ། ཡོན་ཏན་བརྒྱད་དང་ལྡན་པའི་ཆུ་ལས་གཡོས་སུ་བྱས་སོ། །ཞལ་ཟས་དེ་དག་ཀྱང་རོ་རྣམ་པ་དྲུག་དང་ལྡན་ནོ། །འདི་ལྟ་སྟེ། ཁ་བ་དང ། སྐྱུར་བ་དང ། མངར་བ་དང ། ཚ་བ་དང ། ལན་ཚཝ་བྲོ་བ་དང ། བསྔལ་བའི་རོ་དང་ལྡན་ནོ། །གཞན་ཡང་ཡོན་ཏན་རྣམ་པ་གསུམ་དང་ལྡན་ཏེ། མཉེན་ཞིང་འཇམ་པ་དང ། གཙང་བ་དང ། ཆོས་བཞིན་བྱས་པའོ། །དེ་ལྟ་བུ་ལ་སོགས་པའི་མཆོད་པ་རྣམ་པ་སྣ་ཚོགས་བཤམས་ནས། སྟོབས་
Ka8b
པོ་ཆེ་འབྱུང་བའི་གནས་སཱ་ལའི་ཤིང་དྲུང་དུ་ལྷགས་སོ། །གཞན་ཡང་གསེར་གྱི་བྱེ་མས་ས་གཞིར་བརྡལ་ཏེ། ལྷའི་ན་བཟའ་ཀ་ཙ་ལིནད་དང ། ཁམ་པ་ལ་དང ། དར་གྱིས་དེའི་སྟེང་དུ་བཏིང་བ་ནི། ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བཅུ་གཉིས་ཚུན་ཆད་ཡོག་པར་བྱས་སོ། །སངས་རྒྱས་དང་དགེ་འདུན་བཞུགས་པའི་རིན་པོ་ཆེ་སྣ་བདུན་གྱི་སེངྒེའི་ཁྲི་བཤམས་ཏེ། ཁྲི་དེ་དག་ཀྱང་འཕང་དུ་མཐོ་ཁྱད་རི་རབ་ལྷུན་པོ་དང་མཉམ་མོ། ཁྲིད་དག་གི་སྟེང་ན་རིན་པོ་ཆེའི་གུར་ཕུབ་ནས་དོ་ཤལ་རྣམ་པ་མང་པོ་དབྱངས་སོ། །སཱ་ལའི་ཤིང་དེ་དག་ལའང་རྣམ་པ་སྣ་ཚོགས་ཀྱི་བ་དན་དཔྱངས་ཏེ། གདུགས་བྲེས་ནས་རྣམ་པ་སྣ་ཚོགས་ཀྱི་སྤོས་བསུང་ཅན་གྱི་ལྡེ་གུས་ཤིང་དེ་དག་ལ་བསྐུས་སོ། །ཤིང་གི་བར་ཡང་མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས་ཆལ་བར་བཀང་ངོ ། །དགེ་བསྙེན་དེ་རྣམས་སོ་སོ་ནས་ཡིད་ལ་འདི་སྙམ་དུ་སེམས་སོ། །སོ་སོའི་སྐྱེ་བོ་དག་གལ་ཏེ་བཟའ་བས་བྲེལ་ན་བཟའ་བ་བྱིན་ནོ། །བཏུང་བས་བྲེལ་བ་ལ་བཏུང་བ། མགོ་འདོད་པ་རྣམས་ལ་མགོ། མིག་འདོད་པ་རྣམས་ལ་མིག་།དེ་ལྟར་སོ་སོའི་སྐྱེ་བོ་དག་ཅི་འདོད་པ་བཞིན་དུ་སྦྱིན་པ་ཐམས་ཅད་བྱིན་ཏེ། སྦྱིན་པ་དེའང་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང ། རྙོག་པའི་སེམས་མེད་དོ། །དེ་ལས་གཞན་པ་འཇིག་རྟེན་གྱི་ལོངས་སྤྱོད་ཀྱི་ཕྱིར་བསམ་པའི་སེམས་མེད་ཀྱི། བླ་ན་མེད་པ་ཡོངས་སུ་དག་པའི་བྱང་
Ka9a
༄#། །ཆུབ་འབའ་ཞིག་གི་ཕྱིར་རོ། །དགེ་བསྙེན་དེ་དག་བླ་ན་མེད་པའི་བྱང་ཆུབ་ལ་བདེ་བར་གནས་ནས་ཡང་འདི་སྙམ་དུ་སེམས་སོ། །དེ་བཞིན་གཤེགས་པ་ནི་བདག་ཅག་གི་མཆོད་པ་འདི་བཞེས་ནས་ཡོངས་སུ་མྱ་ངན་ལས་འདའོ་སྙམ་བསམས་ནས། དེ་དག་གི་ལུས་ཀྱི་བ་སྤུ་ཀུན་ལངས་ཏེ། ལུས་ཁྲག་གིས་རྒྱས་པ་ནི་མེ་ཏོག་པ་ལ་ཤ་ལྟ་བུར་གྱུར། མཆི་མས་ནི་མིག་གང ། སྡུག་བསྔལ་ཆེན་པོས་ནི་ཡིད་གདུངས་པར་གྱུར་ཏེ། སོ་སོ་ནས་མཆོད་པའི་ཡོ་བྱད་བཤམས་པ་སྤོས་ཀྱི་ཤིང་དང ། རྒྱལ་མཚན་དང་བ་དན་དང ། གདུགས་དང ། ཞལ་ཟས་རྣམས་རིན་པོ་ཆེའི་ཤིང་རྟས་བསྐྱས་ནས་སངས་རྒྱས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང ། སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ནས་མཆོད་པའི་ཡོ་བྱད་བཤམས་པས་དེ་བཞིན་གཤེགས་པ་ལ་མཆོད་དེ། ལན་བརྒྱ་སྟོང་དུ་བསྐོར་ནས་སྐད་ཕྱུང་སྟེ་ངུས་སོ། །དུ་བའི་སྒྲས་གནམ་སའང་གཡོས་སོ། །བྲང་རྡུང་ཞིང་ཆོ་ངེས་འདེབས་ཏེ། མཆི་མ་ཆར་བཞིན་དུ་ཟག་ནས། གཅིག་ལ་གཅིག་འདི་སྐད་དུ། ཀྱི་ཧུད། ཀྱི་ཧུད་གྲོགས་པོ་དག་།འཇིག་རྟེན་སྟོངས་སོ། །འཇིག་རྟེན་སྟོངས་སོ་ཞེས་སྨྲས་ནས། དེ་བཞིན་གཤེགས་པའི་སྤྱན་སྔར་ལུས་བརྡབས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པས་ཐུགས་བརྩེ་བའི་
Ka9b
སླད་དུ་བདག་ཅག་གི་མཆོད་པ་བཤམས་པ་ནང་གི་ཐ་མ་འདི་བཞེས་ཤིག་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དུས་མཁྱེན་པས་ཅང་མི་གསུང་སྟེ་མ་བཞེས་ནས། དེ་བཞིན་དུ་ལན་གསུམ་གྱི་བར་དུ་གསོལ་ཀྱང་བཞེས་སུ་མ་གནང་ངོ ། །དགེ་བསྙེན་དེ་དག་བསམ་པ་བཞིན་དུ་མ་གྱུར་ནས། མྱ་ངན་གྱིས་ཡིད་གདུངས་ཏེ། ཅད་མི་སྨྲ་བར་འཁོད་པ་ནི། དཔེར་ན། ཕ་མ་ཤིན་ཏུ་བྱམས་པའི་བུ་གཅིག་པ་གློ་བུར་དུ་ནད་ཀྱིས་བཏབ་སྟེ། ཚེ་འཕོས་ནས་ངུར་དུ་བསྐྱལ་ཏེ། ཤིན་ཏུ་མྱ་ངན་གྱིས་ཡིད་གདུངས་པ་དང་འདྲ་བར་དགེ་བསྙེན་དེ་དག་ཀྱང་མྱ་ངན་གྱིས་ཡིད་གདུངས་པའང་དེ་དང་འདྲ་སྟེ། མཆོད་པའི་ཡོ་བྱད་རྣམས་གནས་གཅིག་ཏུ་བཞག་ནས་ཕྱོགས་གཅིག་ཏུ་ཅང་མི་སྨྲ་བར་འཁོད་དོ། །དེའི་ཚེ་གཞན་ཡང་ཀླུང་གངྒཱ་གསུམ་གྱི་བྱེ་མ་སྙེད་ཀྱི་དགེ་བསྙེན་མ་ཁྲིམས་ལྔ་ཡོངས་སུ་བསྲུང་བ། སྤྱོད་ལམ་དང་ལྡན་པ་འདི་ལྟ་སྟེ། དགེ་བསྙེན་མ་འཚོ་བའི་ཡོན་ཏན་དང ། དགེ་བསྙེན་མ་དཔལ་གྱི་ཕྲེང་བ་དང ། དགེ་བསྙེན་མ་བྱི་ཤ་ཀ་ལ་སོགས་པས་ཐོག་མ་དྲངས་ནས། དགེ་བསྙེན་མ་བརྒྱད་ཁྲི་བཞི་སྟོང་སྙེད་ཐམས་ཅད་ཀྱང་དམ་པའི་ཆོས་ཡོངས་སུ་འཛིན་པ། སེམས་ཅན་ཚད་མེད་པ་བརྒྱ་སྟོང་གདུལ་བའི་ཕྱིར་བུད་མེད་ཀྱི་ལུས་སུ་སྟོན་ཅིང་ཁྱིམ་གྱི་ཆོས་ཡོངས་སུ་སྨོད་པ། བདག་གི་ལུས་ལ་སྤྲུལ་གདུག་པ་བཞི་དང་འདྲ་བར་རྟོགས་པ། ལུས་ལ་རྟག་ཏུ་སྲིན་བུ་གྲངས་མེད་
Ka10a
༄#། །པས་ཟ་བ་དང ། ལུས་འདི་ལ་ཤིན་ཏུ་བཙོག་པ་དང ། འདོད་པས་ཡོངས་སུ་བཅིངས་པར་རྟོགས་པ། ལུས་འདི་ལ་ཁྱི་རོ་དང་འདྲ་བར་འཇིགས་སུ་རུང་བ་དང ། ལུས་འདི་ནི་མི་གཙང་བ་སྟེ། པུ་ག་དགུ་ནས་རྟག་ཏུ་ཟག་པར་རྟོགས་པ། ལུས་འདི་ནི་མཁར་དང་འདྲ་སྟེ། ཤ་དང་པགས་པ་དང་རྩ་དང་རྒྱུས་པས་རྣམ་པར་དཀྲིས་པ། ལག་པ་དང་རྐང་པ་ནི་མཁར་གྱི་ཉེན་ལྟ་བུར་གྱུར་བ། མིག་ནི་སྐར་ཁུང་ལྟ་བུར་གྱུར་པ། མགོ་ནི་ཁང་པ་ལྟ་བུར་གྱུར་ཏེ། སེམས་རྒྱལ་པོ་དང་འདྲ་བ་དེའི་ནང་ན་གནས་པར་རྟོགས་པ། ལུས་མཁར་དང་འདྲ་བ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་སྤངས་ཏེ། བུས་པ་སོ་སོའི་སྐྱེ་བོ་དག་ནི་དེ་ལ་ཆགས་པར་བྱེད་དོ། །འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་སྲིན་པོ་གནས་པར་རྟོགས་པ། ལུས་འདི་ནི་སྙིང་པོ་མེད་པ་སྟེ། འདམ་བུའི་མྱུ་གུ་འམ། ཨེ་རཎྜ་འམ། ཆུའི་ཆུ་བུར་རམ། ཆུ་ཤིང་ལྟ་བུར་རྟོགས་པ། ལུས་འདི་ནི་མི་རྟག་པ་སྟེ། སྐད་ཅིག་སྐད་ཅིག་ཏུ་འཕོ་ཞིང ། དཔེར་ན། གློག་གི་འོད་དམ། གཟར་པོའི་ཆུའམ། སྒྱུ་མའམ། སྨིག་རྒྱུ་འམ། ཆུ་ལ་རི་མོ་བྲིས་པ་ལྟ་བུར་རྟོགས་པ། ལུས་འདི་ནི་འགྱུར་ཞིང་འཕོ་བ་སྟེ། དཔེར་ན། ཆུ་འགྲམ་གཡང་སའི་སྡོང་པོ་ལྟ་བུར་རྟོགས་པ། ལུས་འདི་ནི་རིང་པོར་མི་ཐོགས་པ་སྟེ། སྤྱང་
Ka10b
ཀི་དང ། འཕར་བ་དང ། སྲིན་བྱ་དང ། འུག་པ་དང ། བྱ་རྒོད་དང ། ཁཝ་དང ། སྐེ་ཀ་དང ། ཁྱི་ལྟོགས་པའི་གཟན་དུ་འགྱུར་ཏེ། འདི་ལ་མཁས་པ་ཤེས་རབ་ཅན་སུ་ཞིག་མོས་ཤིང་ཆགས་པར་བྱེད་སྙམ་དུ་རྟོགས་པ། བ་རྨིག་གི་ནང་དུ་རྒྱ་མཚོ་ཆེན་པོའི་ཆུ་བླུགས་ཀྱང་བཟོད་ཀྱི། ལུས་འདི་ནི་མི་རྟག་པ་དང ། མི་གཙང་བ་དང ། བཙོག་པ་ནི་བརྗོད་སླ་བ་མ་ཡིན་པར་རྟོགས་པ། ས་ཆེན་པོ་འདི་རྒྱ་ཤུག་ཙམ་དུ་དྲིལ་ཏམ། ཆུང་ངུ་ན་ཡུངས་ཀར་གྱི་འབྲུའམ། རྡུལ་ཕྲ་མོར་གསེ་བ་ནི་སླའི། ལུས་འདིའི་ཉེས་པའི་སྐྱོན་བརྗོད་པ་ནི་སླ་བ་མ་ཡིན་པར་རྟོགས་པ། དེ་བས་ན་མཆིལ་མ་དང་འདྲ་བར་ཡོངས་སུ་སྤངས་ནས་དེའི་རྒྱུ། དེའི་རྐྱེན་གྱིས་དགེ་བསྙེན་མ་རྣམས་སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པའི་ཆོས་ལ་རྟག་ཏུ་ནན་ཏན་བྱེད་པ། ཐེག་པ་ཆེན་པོའི་མདོ་སྡེ་ཉན་ཅིང་འཛིན་པ་ལ་མོས་པ། ཐོས་ནས་ཀྱང་གཞན་ལ་རྒྱ་ཆེར་སྟོན་ནུས་པ། སྔོན་གྱི་སྨོན་ལམ་ཡོངས་སུ་འཛིན་པ། བུད་མེད་ཀྱི་ལུས་ལ་ཤིན་ཏུ་སྨོད་པ། ཤིན་ཏུ་སྐྱོན་ཆེ་བར་ཤེས་པ། སྙིང་པོ་མེད་པར་རྟོགས་པ། སེམས་རྟག་ཏུ་རྣལ་འབྱོར་དུ་སྤྱོད་པ། དེ་བཞིན་དུ་ཡང་དག་པར་རྟོག་ཅིང་མཐའ་མེད་པར་འཁོར་བའི་རྒྱུན་ཡོངས་སུ་གཅོད་པ། ཐེག་པ་ཆེན་པོ་ལ་སྐོམ་པས་གདུངས་པ་ལྟར་མོས་པ། བདག་ཤིན་ཏུ་ངོམས་པས་གཞན་ཡང་ཤིན་ཏུ་ངོམས་པར་བྱེད་པ། ཐེག་པ་
Ka11a
༄#། །ཆེན་པོ་ལ་རབ་ཏུ་མོས་པ། ཐེག་པ་ཆེན་པོ་ལ་ཤིན་ཏུ་བསྲུང་བ། བུད་མེད་ཀྱི་ལུས་སུ་སྟོན་ཀྱང་ཡང་དག་པར་བྱང་ཆུབ་སེམས་དཔའ་ཤ་སྟག་སྟེ། ཐམས་ཅད་ཀྱང་འཇིག་རྟེན་གྱི་བསམ་པ་དང་ཤིན་ཏུ་སྦྱོར་བ། མ་རྒལ་བ་སྒྲོལ་བ། མ་གྲོལ་བ་འགྲོལ་བ། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་འཚོབ་པ། མ་འོངས་པའི་དུས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བ། རྒྱན་ཆེན་པོས་ཡོངས་སུ་བརྒྱན་པ། ཚུལ་ཁྲིམས་ཡོངས་སུ་བསྲུང་བ། དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་སེམས་བསྐྱེད་ཅིང་བུ་གཅིག་པ་དང་འདྲ་པར་གཉིས་སུ་མེད་པར་མཉམ་པ་ཤ་སྟག་གོ་།དེ་དག་ཀྱང་སྔ་དྲོའི་དུས་ཉི་མ་ཐོག་མ་ཤར་བ་ན་འོད་ཀྱིས་རེག་ནས། གཅིག་ལ་གཅིག་འདི་སྐད་དུ། དེང་ནི་ཤིང་སཱ་ལ་དྲུང་གཉིས་ཀྱི་དྲུང་དུ་འདེང་ངོ་ཞེས་སྨྲས་སོ། །དགེ་བསྙེན་མ་རྣམས་ཀྱིས་མཆོད་པའི་ཡོ་བྱད་བཤམས་པ་སྔ་མ་བས་ཕྱེད་ཀྱིས་བཟང་བར་སྦྱར་ཏེ། སངས་རྒྱས་གང་ན་བར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ཏེ་ལན་བརྒྱ་སྟོང་བསྐོར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་སངས་རྒྱས་དང ། དགེ་འདུན་དུ་བཅས་པ་ལ་མཆོད་པའི་ཡོ་བྱད་བཤམས་པ་འདི་དེ་བཞིན་གཤེགས་པས་ཐུགས་བརྩེ་བའི་
Ka11b
སླད་དུ་བཞེས་ཤིག་ཅེས་གསོལ་ཏོ། །དེ་ལ་བཅོམ་ལྡན་འདས་ཅང་མི་གསུང་བས་བཞེས་སུ་མ་གནང་ངོ ། །དགེ་བསྙེན་མ་རྣམས་བསམས་པ་བཞིན་དུ་མ་གྱུར་པས་མྱ་ངན་གྱིས་ཡིད་གདུངས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་གཞན་ཡང་ཀླུང་གངྒཱ་བཞིའི་བྱེ་མ་སྙེད་ཀྱི་ལི་ཙ་བཱིའི་བུ་གྲོང་ཁྱེར་ཡངས་པ་ཅན་ན་གནས་པའི་སྐྱེས་པ་དང ། བུད་མེད་དང ། ཁྱེའུ་དང ། བུ་མོ་དང ། ཆུང་མ་དང ། འཁོར་རྣམས་དང ། གཞན་ཡང་ཛམྦུའི་གླིང་གི་རྒྱལ་རིགས་སུ་གཏོགས་པ་རྒྱལ་པོའི་འཁོར་དང་བཅས་ཏེ། ཐམས་ཅད་ཀྱང་ཆོས་འདོད་པའི་ཕྱིར་ཚུལ་ཁྲིམས་ཡོངས་སུ་བསྲུང་བ། སྤྱོད་ལམ་དང་ལྡན་པ། སློབ་པ་གཞན་ལ་ཞུགས་ཤིང ། དམ་པའི་ཆོས་ལ་སུན་འབྱིན་པ་ཤིན་ཏུ་ཚར་གཅོད་པ་ཤ་སྟག་གཅིག་ལ་གཅིག་འདི་སྐད་ཅེས་དམ་འཆའོ། །བདག་ཅག་གསེར་དང ། དངུལ་དང ། རིན་པོ་ཆེའི་གཏེར་མཛོད་ལྟ་བུར་ཡང་དག་པའི་ཆོས་ཤིན་ཏུ་ཟབ་མོ་བདུད་རྩི་ལྟ་བུར་ཟད་མི་ཤེས་པ་ཡུན་དུ་འཇིག་རྟེན་ན་གནས་པར་བྱས་ཏེ། བདག་ཅག་ཀྱང་དེ་དག་ལ་རྟག་ཏུ་ནན་ཏན་དུ་སྤྱོད་པར་གྱུར་ཅིག་།གལ་ཏེ་ཞལ་ནས་གསུངས་པའི་དམ་པའི་ཆོས་ལ་དབང་ཟ་ཞིང ། སྐུར་བ་ཞིག་ཡོད་ན་བདག་ཅག་གིས་དེའི་ལྕེ་གཅད་དོ་ཞེས་དམ་བཅས་ཤིང ། གཞན་ཡང་ཁྱིམ་ནས་ཁྱིམ་མ་ཡིན་པར་རབ་ཏུ་བྱུང་བ་དག་ཚུལ་ཁྲིམས་ལས་ཉམས་པར་གྱུར་ན། བདག་ཅག་གིས་ཁྱིམ་པར་
Ka12a
༄#། །ཕབ་སྟེ། ལས་བྱེད་དུ་གཞུག་གོ་ཞེས་པ་དང ། གལ་ཏེ་དམ་པའི་ཆོས་ལ་ནན་ཏན་དུ་བྱེད་ན། བདག་ཅག་གིས་ཕ་མ་དང་འདྲ་བར་རིམ་གྲོ་དང་བཀུར་སྟི་བྱའོ་ཞེས་པ་དང ། གལ་ཏེ་དགེ་འདུན་ལས་དམ་པའི་ཆོས་ལ་ནན་ཏན་དུ་སྤྱོད་པ་ཞིག་ཡོད་ན། བདག་ཅག་གིས་རྗེས་སུ་ཡི་རང་ཞིང་དེ་ལ་མཐུའང་སྦྱིན་པར་བྱའོ་ཞེས་དམ་བཅས་པ། རྟག་ཏུ་ཐེག་པ་ཆེན་པོའི་མདོ་སྡེ་ཐོས་པར་མོས་ཤིང ། ཐོས་ནས་ཀྱང་གཞན་ལ་རྒྱས་པར་སྟོན་པ་དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ཤ་སྟག་ལ་འདི་ལྟ་སྟེ། ལི་ཙ་བཱིའི་བུ་རྣམ་དག་དྲི་མ་མེད་པའི་སྙིང་པོ་དང ། ལི་ཙ་བཱིའི་བུ་བག་ཡོད་རྣམ་པར་དག་པ་དང ། ལི་ཙ་བཱིའི་བུ་རྟག་ཏུ་དྲི་མེད་རྣམ་དག་ཡོན་ཏན་ལ་སོགས་ཏེ། དེ་དག་གཅིག་ལ་གཅིག་འདི་སྐད་དུ། ཀྱེ། གྲོགས་པོ་དག། མྱུར་བར་དེ་བཞིན་གཤེགས་པ་གང་ན་བ་དེར་སོང་སྟེ། མཆོད་པ་ཕུན་སུམ་ཚོགས་པ་རྣམ་པ་སྣ་ཚོགས་ཀྱིས་མཆོད་དུ་འདེང་ངོ ། །དེ་ནས་ལི་ཙ་བཱི་དེ་དག་རེ་རེས་ཀྱང་བལ་གླང་བརྒྱད་ཁྲི་བཞི་སྟོང་དང ། རིན་པོ་ཆེའི་ཤིང་རྟ་རྟ་བཞི་དང་བཅས་པ་བརྒྱད་ཁྲི་བཞི་སྟོང་དང ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བརྒྱད་ཁྲི་བཞི་སྟོང་དང ། གཞན་ཡང་ཤིང་ཙན་དན་དང ། ་ག་རུ་སྦམས་པ་བརྒྱད་ཁྲི་བཞི་སྟོང་སྙེད་བཤམས་ཏེ། བལ་གླང་དེ་རེ་རེའི་མདུན་ན་རིན་པོ་ཆེའི་རྒྱལ་མཚན་དང ། བ་དན་དང ། གདུགས་ཀྱང་བཤམས་
Ka12b
སོ། །གདུགས་ནང་གི་ཆུང་ངུའང་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཁེབས་སོ། །བ་དན་ནང་གི་ཐུང་ངུའང་རིང་ཁྱད་དཔག་ཚད་སུམ་ཅུ་རྩ་གཉིས་སོ། །རིན་པོ་ཆེའི་རྒྱལ་མཚན་ནང་གི་ཆུང་བའང་མཐོ་ཁྱད་དཔག་ཚད་བརྒྱ་པ་སྟེ། དེ་ལྟ་བུའི་མཆོད་པའི་ཡོ་བྱད་བཤམས་ནས་སངས་རྒྱས་གང་ན་བར་ལྷགས་ཏེ་ཕྱིན་པ་དང ། སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ནས་ལན་བརྒྱ་སྟོང་དུ་བསྐོར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་གིས་སངས་རྒྱས་དང ། དགེ་སློང་གི་དགེ་འདུན་རྣམས་ལ་མཆོད་པའི་ཡོ་བྱད་འདི་དག་འབུལ་ན། དེ་བཞིན་གཤེགས་པས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་མཆོད་པ་འདི་དག་བཞེས་ཤིག་ཅེས་གསོལ་ཏོ། །དེ་ལ་དེ་བཞིན་གཤེགས་པ་ཅང་མི་གསུང་ནས་བཞེས་སུ་མ་གནང་ངོ ། །ལི་ཙ་བཱིའི་བུ་རྣམས་བསམས་པ་བཞིན་དུ་མ་གྱུར་ནས་ཤིན་ཏུ་མྱ་ངན་གྱིས་ནོན་ཏེ། བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་ས་ལས་ཤིང་ཏ་ལ་བདུན་སྲིད་དུ་འཕགས་ནས་སྟེང་གི་ནམ་མཁའ་ལ་ཅང་མི་སྨྲ་བར་འཁོད་དོ། །དེའི་ཚེ་གཞན་ཡང་ཀླུང་གངྒཱ་ལྔའི་བྱེ་མ་སྙེད་ཀྱི་བློན་པོ་ཆེན་པོ་དང ། ཁྱིམ་བདག་དང ། ཚོང་དཔོན་ཐེག་པ་ཆེན་པོ་ལ་ཤིན་ཏུ་མོས་པས་སློབ་པ་གཞན་ལ་ཞུགས་པ་གང་ཞིག་ཡང་དག་པའི་ཆོས་ལ་སྨོད་པ་ཞིག་ཡོད་ན། དེ་དག་གི་མཐུས་ཐུལ་བ་ནི། ཇི་ལྟར་རྩཝ་དང་ཤིང་ལ་སེར་བ་བབ་པ་ལྟ་བུ་ཤ་སྟག་ལ་འདི་ལྟ་
Ka13a
༄#། །སྟེ།་ཚོང་དཔོན་ཉི་མའི་འོད་དང ། ཚོང་དཔོན་འཇིག་རྟེན་སྐྱོང་དང ། ཚོང་དཔོན་ཆོས་སྐྱོང་ལ་སོགས་པས་ཐོག་མ་དྲངས་ཏེ། དེ་དག་གིས་སོ་སོ་ནས་མཆོད་པའི་ཡོ་བྱད་བཤམས་པ་ནི། སྔ་མ་བས་ལྔ་འགྱུར་ཙམ་བཤམས་ཏེ། ཤིང་སཱ་ལ་དྲུང་གཉིས་ཀྱི་བར་གང་ན་བར་སྟོང་སྟེ་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་བཙལ་ནས་ལན་བརྒྱ་སྟོང་དུ་བསྐོར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་གིས་སངས་རྒྱས་དང ། དགེ་སློང་གི་དགེ་འདུན་རྣམས་ལ་མཆོད་པའི་ཡོ་བྱད་འདི་དག་འབུལ་ན། བཞེས་ཤིག་ཅེས་གསོལ་ཏོ། །དེ་ལ་དེ་བཞིན་གཤེགས་པ་ཅང་མི་གསུང་བས་བཞེས་སུ་མ་གནང་ངོ ། །ཚོང་དཔོན་དེ་དག་བསམས་པ་བཞིན་དུ་མ་གྱུར་ནས་ཤིན་ཏུ་མྱ་ངན་གྱིས་ཡིད་གདུངས་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་ས་ལ་ཤིང་ཏ་ལ་བདུན་སྲིད་དུ་འཕགས་ནས། སྟེང་གི་ནམ་མཁའ་ལ་ཅང་མི་སྨྲ་བར་འཁོད་དོ། །དེའི་ཚེ་གཞན་ཡང་ཡུལ་ཡངས་པ་ཅན་གྱི་རྒྱལ་པོ་བཙུན་མོ་དང་སྲས་སུ་བཅས་པ། གཞན་ཡང་ཛམྦུ་གླིང་ན་རྒྱལ་པོ་མ་སྐྱེས་དགྲ་མ་གཏོགས་པར་རྒྱལ་ཕྲན་དེ་མ་ཡིན་པ་ཐམས་ཅད་དང ། གྲོང་ཁྱེར་དང ། ལྗོངས་དང ། གྲོང་འདབ་ཐམས་ཅད་ཀྱི་མི་ཐམས་ཅད་དང་བཅས་པ་ལ་འདི་ལྟ་སྟེ། རྒྱལ་པོ་ཟླ་
Ka13b
འོད་དྲི་མེད་རྒྱལ་པོ་ལ་སོགས་པས་ཐོག་མར་དྲངས་ནས་སོ་སོ་ནས་དམག་རྣམ་བཞི་དང་བཅས་ཏེ། སངས་རྒྱས་གང་ན་བར་ལྷགས་སོ། །རྒྱལ་པོ་དེ་དག་རེ་རེའང་འཁོར་ཁྲི་ཕྲག་བརྒྱད་ཅུ་དང་བཅས་སོ། །དམག་གི་ཚོགས་ཀྱང་བལ་གླང་དང་རྟ་པ་སྟེ། བལ་གླང་དེ་དག་ཀྱང་མཆེ་བ་དྲུག་དང་ལྡན་ལ། རྟ་རྣམས་ཀྱང་མགྱོགས་ཁྱད་རླུང་བཞིན་ཏེ། མཆོད་པའི་ཡོ་བྱད་བཤམས་པའང་སྔ་མ་བས་དྲུག་འགྱུར་གྱིས་ལྷག་གོ། རིན་པོ་ཆེའི་གདུགས་ནང་གི་ཆུང་ངུའང་ཆུ་ཞེང་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བརྒྱད་ཁེབས་སོ། །བ་དན་ནང་གི་ཐུང་ངུའང་རིང་ཁྱད་དཔག་ཚད་བཅུ་དྲུག་སྙེད་དོ། །རིན་པོ་ཆེའི་རྒྱལ་མཚན་ནང་གི་ཆུང་ངུའང་མཐོ་ཁྱད་དཔག་ཚད་སུམ་ཅུ་རྩ་དྲུག་གོ། རྒྱལ་པོ་དེ་དག་ཐམས་ཅད་ཀྱང་ཡང་དག་པའི་ཆོས་ལ་གནས་པས་ལོག་པའི་ཆོས་ཀུན་ལ་ཤིན་ཏུ་སྨོད་པ། ཐེག་པ་ཆེན་པོ་ལ་བཀུར་སྟི་བྱེད་པ། ཐེག་པ་ཆེན་པོ་ལ་ཤིན་ཏུ་མོས་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག་དང་འདྲ་བར་བྱམས་པ། ཞལ་ཟས་བཤམས་པའི་དྲིའང་དཔག་ཚད་བཞིའི་བར་དུ་བྲོ་བ་བཤམས་ནས། སྔ་དྲོའི་དུས་ཀྱི་ཚེ་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་ཐོགས་ཏེ། ཤིང་སཱ་ལ་དྲུང་གཉིས་ཀྱི་བར་དེ་བཞིན་གཤེགས་པ་གང་ན་བཞུགས་པ་དེར་སོང་ནས་ཕྱིན་པ་དང ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་གིས་སངས་རྒྱས་དང ། དགེ་སློང་གི་དགེ་འདུན་རྣམས་
Ka14a
༄#། །ལ་མཆོད་པ་འདི་དག་འབུལ་ན། དེ་བཞིན་གཤེགས་པས་ཐུགས་བརྩེ་བའི་སླད་དུ་བདག་གི་མཆོད་པ་ནང་གི་ཐ་མ་འདི་བཞེས་ཤིག་ཅེས་གསོལ་ཏོ། ། དེ་བཞིན་གཤེགས་པ་དུས་མཁྱེན་པས་བཞེས་སུ་མ་གནང་ངོ ། །རྒྱལ་པོ་དེ་དག་ཀྱང་བསམས་པ་བཞིན་དུ་མ་གྱུར་པས་ཤིན་ཏུ་མྱ་ངན་གྱིས་ཡིད་གདུངས་པར་གྱུར་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་གཞན་ཡང་ཀླུང་གངྒཱ་བདུན་གྱི་བྱེ་མ་སྙེད་ཀྱི་རྒྱལ་པོའི་བཙུན་མོ་རྣམས་ཚོགས་ཏེ། དེ་ལ་གཅིག་མ་གཏོགས་པ་ནི་མ་སྐྱེས་དགྲའི་བཙུན་མོ་འབའ་ཞིག་གོ། སེམས་ཅན་གདུལ་བའི་ཕྱིར་བུད་མེད་ཀྱི་ལུས་སུ་སྟོན་ཏེ། རྟག་ཏུ་ལུས་ཀྱིས་ནན་ཏན་དུ་སྤྱོད་ཅིང་སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པའི་ཆོས་ལ་སེམས་འདྲིས་ཤིང་གོམས་པར་བྱེད་པ་དེ་ལ་སོགས་ཏེ། བཙུན་མོ་ཁམས་གསུམ་བཟང་མོ་དང ། བཙུན་མོ་འདོད་པའི་ཡོན་ཏན་ལ་སོགས་པས་ཐོག་མར་དྲངས་སོ། །ཐམས་ཅད་ཀྱང་དམ་པའི་ཆོས་ལ་གནས་ཤིང་ཚུལ་ཁྲིམས་ཡོངས་སུ་བསྲུང་བ། སྤྱོད་ལམ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་བྱམས་པ་ཤ་སྟག་གོ། དེ་དག་ཀྱང་གཅིག་ལ་གཅིག་འདི་སྐད་དུ། བདག་ཅག་ཀྱང་མྱུར་བར་སངས་རྒྱས་གང་ན་བཞུགས་པར་འདེང་ངོ་ཞེས་སྨྲས་སོ། །རྒྱལ་པོའི་བཙུན་མོ་རྣམས་ཀྱིས་མཆོད་
Ka14b
པའི་ཡོ་བྱད་བཤམས་པ་ནི། སྔ་མ་བས་བདུན་འགྱུར་གྱིས་ལྷག་སྟེ། མེ་ཏོག་དང ། སྤོས་དང ། རིན་པོ་ཆེའི་རྒྱལ་མཚན་དང ། དར་གྱི་བ་དན་དང ། གདུགས་དང ། ཞལ་ཟས་མཆོག་རྣམས་སོ། །རིན་པོ་ཆེའི་གདུགས་ནང་གི་ཆུང་ངུའང་ཆུ་ཞེང་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བཅུ་དྲུག་ཁེབས་སོ། །བ་དན་ནང་གི་ཐུང་ངུའི་ཚད་ཀྱང་དཔག་ཚད་སུམ་ཅུ་རྩ་དྲུག་སྙེད་དོ། །རིན་པོ་ཆེའི་རྒྱལ་མཚན་ནང་གི་དམའ་བའི་ཚད་ཀྱང་དཔག་ཚད་དྲུག་ཅུ་རྩ་བརྒྱད་སྙེད་དོ། །ཞལ་ཟས་ཀྱི་དྲི་བསུང་གིས་ཀྱང་དཔག་ཚད་བརྒྱད་ཀྱི་བར་དུ་བྲོ་བ། མཆོད་པའི་ཡོ་བྱད་དེ་ལྟ་བུ་དག་བཤམས་ནས་དེ་བཞིན་གཤེགས་པ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ནས་ལན་བརྒྱ་སྟོང་དུ་མ་བསྐོར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་གིས་སངས་རྒྱས་དང ། དགེ་སློང་གི་དགེ་འདུན་རྣམས་ལ་མཆོད་པའི་ཡོ་བྱད་བཤམས་ཏེ་འབུལ་བ་འདི། དེ་བཞིན་གཤེགས་པས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་མཆོད་པ་ནང་གི་ཐ་མ་འདི་བཞེས་ཤིག་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་དུས་མཁྱེན་པས་ཅང་མི་གསུང་ནས་བཞེས་སུ་མ་གནང་ངོ ། །དེའི་ཚེ་རྒྱལ་པོའི་བཙུན་མོ་རྣམས་བསམས་པ་བཞིན་དུ་མ་གྱུར་ནས་ཤིན་ཏུ་མྱ་ངན་གྱིས་ཡིད་གདུངས་ཏེ། སྐྲ་འབལ་ཞིང་བྲང་ལ་ཐལ་
Ka15a
༄#། །མོས་རྡེབས་ཏེ་ཆོ་ངེས་རྡུང་བ་ནི། ཇི་ལྟར་བུའི་ནང་ན་སྡུག་པ་ཤི་བ་དང་འདྲ་བར་གྱུར་ནས་ཕྱོགས་གཅིག་ཏུ་ཅང་མི་སྨྲ་བར་འཁོད་དོ། །དེའི་ཚེ་གཞན་ཡང་ཀླུང་གངྒཱ་བརྒྱད་ཀྱི་བྱེ་མ་སྙེད་ཀྱི་ལྷའི་བུ་མོ་རྣམས་ལ་འདི་ལྟ་སྟེ། ལྷའི་བུ་མོ་ཡངས་པའི་མིག་ཅེས་བྱ་བས་ཐོག་མར་དྲངས་ནས་འདི་སྐད་ཅེས་སྨྲས་སོ། །ཀྱེ། གྲོགས་མོ་དག ། མཐོང་ངམ་ལྟོས་ཤིག་།འཁོར་གྱི་དཀྱིལ་འཁོར་མང་པོས་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་བཤམས་ནས་དེ་བཞིན་གཤེགས་པ་དང ། དགེ་སློང་གི་དགེ་འདུན་ལ་འབུལ་བ་མཐོང་ངམ། བདག་ཅག་ཀྱང་མཆོད་པའི་ཡོ་བྱད་བཤམས་ཏེ། དེ་བཞིན་གཤེགས་པ་ལ་མཆོད་ནས། དེ་བཞིན་གཤེགས་པས་བཞེས་པའི་འོག་ཏུ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་བར་བྱའོ། །ཀྱེ། གྲོགས་མོ་དག་།སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་གཤེགས་པའང་ཤིན་ཏུ་དཀའ། མཆོད་པ་ནང་གི་ཐ་མ་བཤམས་ཏེ་འབུལ་བའང་ཤིན་ཏུ་དཀའོ། །གལ་ཏེ་བཅོམ་ལྡན་འདས་མྱ་ངན་ལས་འདས་ན་འཇིག་རྟེན་སྟོང་པར་འགྱུར་རོ་ཞེས་སྨྲས་སོ། །ལྷའི་བུ་མོ་དེ་རྣམས་ཀྱང་ཐེག་པ་ཆེན་པོ་འདོད་པ། ཐེག་པ་ཆེན་པོ་ཐོས་པར་མོས་པ། ཐོས་ནས་ཀྱང་གཞན་ལ་རྒྱ་ཆེར་སྟོན་ནུས་པ། ཐེག་པ་ཆེན་པོ་ལ་སྐོམ་པས་གདུངས་པ་ལྟར་གྱུར་ཅིང ། བདག་ཤིན་ཏུ་ངོམས་པ་ལྟར་
Ka15b
སྐོམ་པས་གདུངས་པ་གཞན་དག་ཀྱང་ངོམས་པར་བྱེད་པ། ཐེག་པ་ཆེན་པོ་ལ་སྐྱོབ་པ། སློབ་པ་གཞན་ལ་ཞུགས་པ་དག་ཐེག་པ་ཆེན་པོ་ལ་སུན་འབྱིན་ཅིང་ཕྲག་དོག་བྱེད་པ་ཡོད་ན། ཇི་ལྟར་རྩཝ་ལ་སེར་བ་བབ་པ་བཞིན་དུ་ཤིན་ཏུ་ཐུལ་བ། ཚུལ་ཁྲིམས་ཡོངས་སུ་བསྲུང་བ། སྤྱོད་ལམ་དང་ལྡན་པ། འཇིག་རྟེན་ཐམས་ཅད་ཀྱི་ཡིད་དང་སྦྱོར་བ་ལ་ཤིན་ཏུ་མཁས་པ། མ་དུལ་བ་རྣམས་འདུལ་བ། མ་གྲོལ་བ་རྣམས་འགྲོལ་བར་བྱེད་པ། ཕྱི་མ་མ་འོངས་པའི་དུས་སུ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་འཚོབ་པ། ཐེག་པ་ཆེན་པོ་ལ་ནན་ཏན་བྱེད་ཅིང་རྒྱན་ཆེན་པོས་ཤིན་ཏུ་བརྒྱན་པ། དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་དང་ལྡན་པ། སེམས་ཅན་ཐམས་ཅད་ལའང་བུ་གཅིག་དང་འདྲ་བར་བྱམས་པ་ཤ་སྟག་སྟེ། དེ་དག་ཀྱང་སྔ་དྲོའི་དུས་ཉི་མ་ཐོག་མ་ཤར་བ་ན་སོ་སོ་ནས་རྣམ་པ་སྣ་ཚོགས་ཀྱི་ལྷའི་ཤིང་བསུང་ཅན་བཤམས་པ་ནི། མིའི་ཤིང་བསུང་ཅན་ལས་ཁྱད་པར་དུ་གྱུར་པ། ཤིང་གི་བསུང་དེས་མིའི་འཇིག་རྟེན་ན་མནམ་ཞིང་དྲི་མི་ཞིམ་པ་ཐམས་ཅད་ཞི་བར་བྱེད་པ། ཤིང་རྟ་དཀར་པོ་ལ་གདུགས་དཀར་པོ་བྲེས་ཏེ་རྟ་དཀར་པོ་བཞིས་དྲངས་པ། ཤིང་རྟ་དེ་རེ་རེའི་སྟེང་ཡང་གུར་དཀར་པོ་ཕུབ་པ་ལ་གུར་གྱི་མཐའ་མའང་གསེར་གྱི་དྲིལ་བུ་དཔྱངས་པ། རྣམ་པ་སྣ་ཚོགས་ཀྱི་ ་དང ། མེ་ཏོག་དང ། རིན་པོ་ཆེའི་རྒྱལ་མཚན་
Ka16a
༄#། །དང།་བ་དན་དང ། གདུགས་དང ། ཞལ་ཟས་མཆོག་དམ་པ་དང ། རོལ་མོའི་རྣམ་པ་སྣ་ཚོགས་བཤམས་ཏེ། སེང་གེའི་གདན་བཏིང་ངོ ། །སེང་གེའི་གདན་གྱི་རྐང་པ་བཞིའང་བཻ་ཌཱུརྱ་མཐོན་མཐིང་ལས་བྱས་པ། དེའི་རྒྱབ་ནི་རིན་པོ་ཆེ་སྣ་བདུན་གྱི་སྣམ་རྟེན་དང་བཅས་པ། མདུན་ཡང་གསེར་ལས་བྱས་པའི་སྔས་རེ་རེ་ཡོད་པ། རིན་པོ་ཆེ་སྣ་བདུན་གྱི་སྒྲོན་མའི་སྡོང་པོ་ལ་ནོར་བུ་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་སྒྲོན་མ་སྣང་བ། ས་གཞི་ཐམས་ཅད་ལྷའི་མེ་ཏོག་གིས་ཆལ་པར་བཀོད་པ་དེ་ལྟ་བུ་དག་ལྷའི་བུ་མོ་དེ་དག་གིས་བཤམས་ནས། ཡིད་གདུང་ཞིང་མཆི་མ་ཟགས་ཏེ་སྡུག་བསྔལ་ཆེན་པོ་སྐྱེས་ཀྱང ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཐེག་པ་ཆེན་པོ་དོན་དམ་པ་སྟོང་པ་ཉིད་དང་ལྡན་པར་བྱ་བ་དང ། དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་མངོན་དུ་བསྟན་པ་དང ། ཆོས་རྣམ་པ་སྣ་ཚོགས་སྨྲ་བ་རྒྱུན་མི་བཅད་པའི་ཕྱིར་བཅོམ་ལྡན་འདས་གང་ན་བར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ཏེ། ལན་བརྒྱ་སྟོང་དུ་བསྐོར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་མཆོད་པ་བཤམས་པ་ནང་གི་ཐ་མ་འདི་བཞེས་ཤིག་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དུས་མཁྱེན་པས་
Ka16b
ཅང་མི་གསུང་ནས་བཞེས་སུ་མ་གནང་ངོ ། །ལྷའི་བུ་མོ་རྣམས་བསམས་པ་བཞིན་དུ་མ་གྱུར་ནས་མྱ་ངན་གྱིས་ཡིད་གདུངས་ཏེ། ཅང་མི་སྨྲ་བར་ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་གཞན་ཡང་ཀླུང་གངྒཱ་དགུའི་བྱེ་མ་སྙེད་ཀྱི་ཀླུའི་རྒྱལ་པོ་ཕྱོགས་བཞི་ནས་ལྷགས་པ་ལ་འདི་ལྟ་སྟེ། ཀླུའི་རྒྱལ་པོ་འཇོག་པོ་དང ། ཀླུའི་རྒྱལ་པོ་དགའ་བོ་དང ། ཀླུའི་རྒྱལ་པོ་ཉེར་དགའ་བོ་ལ་སོགས་པས་ཐོག་མར་དྲངས་ནས། ཀླུའི་རྒྱལ་པོ་རྣམས་ཀྱང་སྔ་དྲོའི་དུས་ཉི་མ་ཐོག་མ་ཤར་བ་ན་ལྷ་དང་མི་ལས་ལྷག་པའི་མཆོད་པའི་ཡོ་བྱད་བཤམས་ནས། བཅོམ་ལྡན་འདས་གང་ན་བར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ནས་ལན་བརྒྱ་སྟོང་དུ་བསྐོར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་མཆོད་པ་ནང་གི་ཐ་མ་འདི་བཞེས་ཤིག་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་དུས་མཁྱེན་པས་ཅང་མི་གསུང་ནས་བཞེས་སུ་མ་གནང་ངོ ། །དེ་ནས་ཀླུའི་རྒྱལ་པོ་རྣམས་ཀྱང་བསམས་པ་བཞིན་དུ་མ་གྱུར་པས་མྱ་ངན་གྱིས་ཡིད་གདུངས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་གཞན་ཡང་ཀླུང་གངྒཱ་བཅུའི་བྱེ་མ་སྙེད་ཀྱི་གནོད་སྦྱིན་གྱི་རྒྱལ་པོ་ངལ་བསོས་པོ་ལ་སོགས་པས་ཐོག་མར་དྲངས་ནས་གཅིག་ལ་གཅིག་འདི་སྐད་དུ། ཀྱེ། སྐྱེས་བུ་དག་།མྱུར་བར་སངས་རྒྱས་གང་ན་བ་
Ka17a
༄#། །དེར་འདེང་ངོ་ཞེས་སྨྲས་ནས་མཆོད་པའི་ཡོ་བྱད་ཀླུ་བས་ལྷག་པར་བཤམས་ཏེ། བཅོམ་ལྡན་འདས་གང་ན་བར་ལྷགས་ནས་སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ཏེ། ལན་བརྒྱ་སྟོང་དུ་མ་བསྐོར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་མཆོད་པ་བཤམས་པ་ནང་གི་ཐ་མ་འདི་བཞེས་ཤིག་ཅེས་གསོལ་ཏོ། །དེ་ལ་བཅོམ་ལྡན་འདས་ཅང་མི་གསུང་བས་བཞེས་སུ་མ་གནང་ངོ ། །གནོད་སྦྱིན་གྱི་རྒྱལ་པོ་རྣམས་བསམས་པ་བཞིན་དུ་མ་གྱུར་པས་མྱ་ངན་གྱིས་ཡིད་གདུངས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་གཞན་ཡང་ཀླུང་གངྒཱ་ཉི་ཤུའི་བྱེ་མ་སྙེད་ཀྱི་ནམ་མཁའ་ལྡིང་གི་རྒྱལ་པོ་ཕས་རྒོལ་བ་བཅོམ་པ་ཞེས་བྱ་བས་ཐོག་མར་དྲངས་སོ། །གཞན་ཡང་ཀླུང་གངྒཱ་སམ་ཅུའི་བྱེ་མ་སྙེད་ཀྱི་དྲི་ཟའི་རྒྱལ་པོ་མཐུ་བོ་ཆེས་ཐོག་མར་དྲངས་སོ། །གཞན་ཡང་ཀླུང་གངྒཱ་བཞི་བཅུའི་བྱེ་མ་སྙེད་ཀྱི་མི་འམ་ཅིའི་རྒྱལ་པོ་ཤིན་ཏུ་མཐོང་བ་ཞེས་བྱ་བས་ཐོག་མར་དྲངས་སོ། །གཞན་ཡང་ཀླུང་གངྒཱ་ལྔ་བཅུའི་བྱེ་མ་སྙེད་ཀྱི་ལྟོ་འཕྱེ་ཆེན་པོའི་རྒྱལ་པོ་ཤིན་ཏུ་མཐོང་བ་ཆེན་པོ་ཞེས་བྱ་བས་ཐོག་མར་དྲངས་སོ། །གཞན་ཡང་ཀླུང་གངྒཱ་དྲུག་ཅུའི་བྱེ་མ་སྙེད་ཀྱི་ལྷ་མ་ཡིན་གྱི་རྒྱལ་པོ་ཁབ་བི་ལིས་ཐོག་མར་དྲངས་སོ། །གཞན་ཡང་ཀླུང་གངྒཱ་བདུན་ཅུའི་བྱེ་
Ka17b
མ་སྙེད་ཀྱི་ཏ་ན་པའི་རྒྱལ་པོ་དྲི་མེད་འབབ་ཆུ་དང ། བ་ཏི་ད་ཏ་ལ་སོགས་པས་ཐོག་མར་དྲངས་སོ། །གཞན་ཡང་ཀླུང་གངྒཱའི་བརྒྱད་ཅུ་བྱེ་མ་སྙེད་ཀྱི་སྲིན་པོའི་རྒྱལ་པོ་འཇིགས་སུ་རུང་བ་ཞེས་བྱ་བས་ཐོག་མར་དྲངས་སོ། །དེ་དག་ཀྱང་སྡིག་པ་མི་དགེ་བའི་སེམས་ཡོངས་སུ་སྤངས་ནས་མི་ལ་མི་ཟ་བ་དང ། དགྲ་དང་འཁོན་དུ་གྱུར་པ་ལ་བྱམས་ཤིང་སྙིང་རྗེའི་སེམས་སྐྱེ་བ་དང ། གཟུགས་མི་སྡུག་པའང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཐམས་ཅད་བཟང་ཞིང་སྡུག་པར་གྱུར་ཏོ། །གཞན་ཡང་ཀླུང་གངྒཱའི་དགུ་བཅུའི་བྱེ་མ་སྙེད་ཀྱི་ནགས་ཚལ་ལ་དབང་བའི་ལྷ་དྲི་བསུང་ལ་དགའ་བ་ཞེས་བྱ་བས་ཐོག་མར་དྲངས་སོ། །གཞན་ཡང་ཀླུང་གངྒཱ་སྟོང་གི་བྱེ་མ་སྙེད་ཀྱི་རིག་འཛིན་གྱི་རྒྱལ་པོ་རྫུ་འཕྲུལ་ཆེན་པོ་ཞེས་བྱ་བས་ཐོག་མར་དྲངས་སོ། །གཞན་ཡང་ཀླུང་གངྒཱ་འབུམ་གྱི་བྱེ་མ་སྙེད་ཀྱི་མདངས་ཟ་བའི་རྒྱལ་པོ་ཤིན་ཏུ་མཐོང་བ་ཞེས་བྱ་བས་ཐོག་མར་དྲངས་སོ། །གཞན་ཡང་ཀླུང་གངྒཱ་ཁྲི་ཕྲག་བརྒྱའི་བྱེ་མ་སྙེད་ཀྱི་ལྷའི་བུ་མོ་འདོད་ཆགས་ཅན་ལམ་པ་དང ། ུར་པ་ཤི་དང ། ཏི་ལོ་ཏྟ་མ་དང ། ཕྱིར་ཤ་ཙི་ལ་སོགས་པས་ཐོག་མར་དྲངས་སོ། །གཞན་ཡང་ཀླུང་གངྒཱ་ཁྲི་ཕྲག་སྟོང་གི་བྱེ་མ་སྙེད་ཀྱི་ས་ལ་གནས་པའི་ཡི་དྭགས་ཀྱི་རྒྱལ་པོ་གཞོག་དཀར་ཞེས་བྱ་བས་ཐོག་མར་དྲངས་སོ། །གཞན་ཡང་ཀླུང་གངྒཱ་འབུམ་ཕྲག་བཅུའི་བྱེ་མ་སྙེད་ཀྱི་ལྷའི་སྲས་པོ་རྣམས་དང ། ལྷའི་རྒྱལ་པོ་ལ་ཕྱོགས་བཞིའི་མགོན་པོས་ཐོག་མར་དྲངས་
Ka18a
༄#། །སོ། །གཞན་ཡང་ཀླུང་གངྒཱའི་འབུམ་ཕྲག་བཅུའི་བྱེ་མ་སྙེད་ཀྱི་ཀླུང་གི་ལྷས་ནི། ཕྱོགས་བཞི་ནས་ས་ལས་སྐྱེས་པའི་མེ་ཏོག་དུས་དང་དུས་མ་ཡིན་པ་རྣམས་སཱ་ལའི་ཤིང་དྲུང་དུ་ཆལ་པར་བཀང་ངོ ། །གཞན་ཡང་ཀླུང་གངྒཱ་འབུམ་ཕྲག་བཅུའི་བྱེ་མ་སྙེད་ཀྱི་རླུང་དང་ཆར་ལ་དབང་བའི་ལྷ་རྣམས་ནི། འདི་སྙམ་དུ་བདག་ཅག་གིས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཞུགས་ལ་བཞེན་པ་ན་ཆར་རབ་ཏུ་ཕབ་སྟེ་དུས་སུ་མེ་ཞི་བར་བྱ་བ་དང ། འཁོར་གྱི་དཀྱིལ་འཁོར་ལས་ཚ་བས་གདུངས་པ་རྣམས་ཀྱང་ཤིན་ཏུ་བསིལ་བར་བྱའོ་སྙམ་དུ་སེམས་སོ། །གཞན་ཡང་ཀླུང་གངྒཱ་ཉི་ཤུའི་བྱེ་མ་སྙེད་ཀྱི་སྤོས་ཀྱི་བལ་གླང་ཆེན་པོ་བལ་གླང་གི་རྒྱལ་པོ་ལ་ཧུ་དང ། བལ་གླང་གི་རྒྱལ་པོ་གསེར་ཅན་དང།་བལ་གླང་གི་རྒྱལ་པོ་མངར་བའི་རོ་དང ། བལ་གླང་གི་རྒྱལ་པོ་མཐོན་མཐིང་མིག་དང ། བལ་གླང་གི་རྒྱལ་པོ་བསུང་ཅན་ལ་སོགས་པས་ཐོག་མར་དྲངས་ཏེ། དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་བསྟི་སྟང་བྱེད་པ། ཐེག་པ་ཆེན་པོ་ལ་མོས་པ་ཤ་སྟག་སྟེ། དེ་དག་གིས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རིང་པོ་མི་ཐོགས་པར་མྱ་ངན་ལས་འདའ་བར་ཤེས་པས། སོ་སོ་ནས་པདྨོ་བཟང་པོ་ཚད་མེད་དཔག་ཏུ་མེད་པ་ཕྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་གང་ན་བར་ལྷགས་ནས་གདོང་གིས་ཕྱག་བཙལ་ཏེ་ཕྱོགས་གཅིག་
Ka18b
ཏུ་སྡོད་དོ། །གཞན་ཡང་ཀླུང་གངྒཱའི་ཉི་ཤུའི་བྱེ་མ་སྙེད་ཀྱི་རི་དྭགས་ཀྱི་རྒྱལ་པོ་སེང་གེ་སེང་གེ་སྒྲ་ཞེས་བྱ་བས་ཐོག་མར་དྲངས་ཏེ། སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་བྱིན་ནས་སོ་སོ་ནས་མེ་ཏོག་དང་འབྲས་བུ་ཐོགས་ཏེ། སངས་རྒྱས་གང་ན་བར་ལྷགས་ནས་སངས་རྒྱས་ཀྱི་ཞབས་ལ་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་སྡོད་དོ། །གཞན་ཡང་ཀླུང་གངྒཱ་ཉི་ཤུའི་བྱེ་མ་སྙེད་ཀྱི་བྱའི་རྒྱལ་པོ་ངང་པ་དང ། ངུར་པ་དང ། རྨ་བྱ་དང ། གཻ་ན་དར་པ་དང ། ཀ་ལནྟ་ཀ་དང ། གུ་ཡོག་དང ། ནེ་ཙོ་དང ། ཀོ་ཤི་ལ་དང ། བ་ཧི་ཀ་དང ། ཀ་ལ་པིངྐ་དང ། འཚོ་བྱེད་ལ་སོགས་པ་བྱའི་རྒྱལ་པོ་རྣམས་ཀྱང་སོ་སོ་ནས་མེ་ཏོག་དང ། འབྲས་བུ་ཐོགས་ཏེ། སངས་རྒྱས་གང་ན་བར་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་སྡོད་དོ། །གཞན་ཡང་ཀླུང་གངྒཱ་ཉི་ཤུའི་བྱེ་མ་སྙེད་ཀྱི་ཆུ་གླང་དང ། བ་དང ། ལུག་ལ་སོགས་པ་སངས་རྒྱས་གང་ན་བར་ལྷགས་ནས། གྲོང་ཁྱེར་རྩཝ་མཆོག་གི་འོབས་དང ། ཤང་ཤོང་ཐམས་ཅད་ཀྱང་དྲི་བསུང་དང་ལྡན་པ། ཁ་དོག་དང་རོ་བྲོ་བར་ལྡན་པའི་འོ་མས་ཀུན་ཏུ་གང་བར་བྱས་ནས་ཕྱོགས་གཅིག་ཏུ་སྡོད་དོ། །གཞན་ཡང་ཀླུང་གངྒཱ་ཉི་ཤུའི་བྱེ་མ་སྙེད་ཀྱི་གླིང་བཞི་ལ་གནས་པའི་དྲང་སྲོང་བཟོད་པ་ཅན་ཞེས་བྱ་བ་ལ་སོགས་པས་ཐོག་མར་དྲངས་ཏེ། སོ་སོ་ནས་མེ་ཏོག་དང ། སྤོས་དང ། འབྲས་བུ་མངར་བ་ལ་སོགས་པ་ཐོགས་ཏེ་སངས་
Ka19a
༄#། །རྒྱས་གང་ན་བར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ཏེ་ལན་གསུམ་བསྐོར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་མཆོད་པ་ནང་གི་ཐ་མ་འདི་ཞེས་ཤིག་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་དུས་མཁྱེན་པས་ཅང་མི་གསུང་ནས་བཞེས་སུ་མ་གནང་ནས། དྲང་སྲོང་རྣམས་བསམས་པ་བཞིན་དུ་མ་གྱུར་ནས་མྱ་ངན་གྱིས་ཡིད་གདུངས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཛམྦུའི་གླིང་གི་བུང་བའི་རྒྱལ་པོ་སྒྲ་སྙན་ཞེས་བྱ་བས་ཐོག་མར་དྲངས་ནས་དུང་པ་ཐམས་ཅད་ཀྱང་མེ་ཏོག་རྣམ་པ་སྣ་ཚོགས་ཐོགས་ཏེ། སངས་རྒྱས་གང་ན་བར་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ་ལན་གཅིག་བསྐོར་ནས་ཕྱོགས་གཅིག་ཏུ་སྡོད་དོ། །དེའི་ཚེ་ཛམྦུའི་གླིང་ན་གནས་པའི་དགེ་སློང་དང ། དགེ་སློང་མ་ཐམས་ཅད་འདུས་ཏེ། དེ་ལ་གཉིས་མ་གཏོགས་པ་ནི་འོད་སྲུང་ཆེན་པོ་དང ། དགའ་བོའོ། །གཞན་ཡང་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་ཀླུང་གངྒཱའི་བྱེ་མ་སྙེད་དང ། ཛམྦུའི་གླིང་གི་རིལ་སོགས་པ་རི་རབ་རིའི་རྒྱལ་པོས་ཐོག་མར་དྲངས་ཏེ། རི་དེ་དག་ཐམས་ཅད་ཀྱང་ཤིན་ཏུ་བརྒྱན་པ་ནི་ནགས་ཚལ་རྒྱས་པ་དང ། ཤིང་རྣམས་ཀྱི་ལོ་མ་དང ། ཡལ་གའང་རན་པར་ཉི་མའི་འོད་ཆོད་པ་དང ། མེ་
Ka19b
ཏོག་རྣམ་པ་སྣ་ཚོགས་རྒྱས་པ་དང ། ཁོ་ར་ཁོར་ཡུག་ཏུ་འབབ་ཆུ་དང་ཆུ་མིག་ཡོངས་སུ་དག་ཅིང་བསུང་དང་ལྡན་པ་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། རིག་འཛིན་དང ། དྲང་སྲོང་ལ་སོགས་པས་རོལ་མོ་རྣམ་པ་སྣ་ཚོགས་བྱེད་པས་ཡོངས་སུ་བར་གྱུར་ཏོ། །ལྷ་དང་དྲང་སྲོང་དེ་དག་ཀྱང་བཅོམ་ལྡན་འདས་གང་ན་བར་ལྷགས་ཏེ། སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། གཞན་ཡང་གྲངས་མེད་པའི་ཀླུང་གངྒཱའི་བྱེ་མ་སྙེད་ཀྱི་རྒྱ་མཚོ་བཞིའི་ལྷ་དང ། འབབ་ཆུ་ཀུན་གྱི་ལྷ་གཟི་བརྗིད་ཆེན་པོ་དང་ལྡན་པ། རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱང་སྔ་མ་བས་ལྷག་པར་མཆོད་པའི་ཡོ་བྱད་བཤམས་ཏེ། ལྷ་རྣམས་ཀྱི་ལུས་ཀྱི་འོད་དང ། རོལ་མོའི་ཆ་བྱད་དང ། མེ་མར་གྱིས་ཉི་ཟླའི་འོད་ཀྱང་མི་སྣང་བར་བྱས་ནས། མེ་ཏོག་ཙམྤ་ཀས་ཀླུང་ཧ་རི་བ་དི་ལོགས་སུ་གཏོར་ཏེ། སངས་རྒྱས་གང་ན་བར་ལྷགས་ནས་སངས་རྒྱས་ཀྱི་ཞབས་ལ་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་གྲོང་ཁྱེར་རྩཝ་མཆོག་གི་ཤིང་སཱ་ལའི་ཚལ་ཐམས་ཅད་ཀྱང་སྐྱ་བོར་གྱུར་ཏེ། སྟེང་གི་ནམ་མཁའ་ལ་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་འབུར་དང་རི་མོར་ལྡན་པ། རྒྱན་གྱིས་མཛེས་པ། ཁོ་ར་ཁོར་ཡུག་ཏུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། གཞལ་མེད་ཁང་གི་དྲུང་ན་ཆུ་མིག་
Ka20a
༄#། །དང ། རྫིང་བུ་དང ། མཚེའུ་ལས་མེ་ཏོག་པདྨོ་སྐྱེས་པ་ནི། བྱང་གི་སྒྲ་མི་སྙན་ནམ། སུམ་ཅུ་རྩ་གསུམ་གནམ་གྱི་སྐྱེད་མོས་ཚལ་ཤིན་ཏུ་དགའ་བ་ཞེས་བྱ་བ་དང་འདྲ་བ་རང་བྱུང་བར་གྱུར་ཏོ། །དེའི་ཚེ་ན་ཤིང་སཱ་ལའི་ཚལ་ཀུན་ཏུ་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ཅིང་ཤིན་ཏུ་ཡིད་དུ་འོང་བར་གྱུར་ཏོ། །དེའི་ཚེ་ལྷ་དང ། མི་དང ། ལྷ་མ་ཡིན་ལ་སོགས་པ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ལྟས་ཡིན་པར་རིག་ནས། ཐམས་ཅད་མྱ་ངན་གྱིས་ཡིད་གདུངས་ཏེ་མི་དགའ་བར་གྱུར་ཏོ། ། དེའི་ཚེ་རྒྱལ་ཆེན་བཞིའི་རྒྱལ་པོ་དང ། བརྒྱ་བྱིན་ལྷའི་དབང་ཕྱུག་དག་གཅིག་ལ་གཅིག་འདི་སྐད་དུ། ཀྱེ། སྐྱེས་བུ་དང ། འཇིག་རྟེན་དུ་བཅས་པ་ལྷ་དང ། མི་དང ། ལྷ་མ་ཡིན་ལ་སོགས་པས་མཆོད་པ་བཤམས་ཏེ་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པ་ལ་ལྟོས། བདག་ཅག་ཀྱང་དེ་བཞིན་དུ་མཆོད་པ་བྱའོ། །གལ་ཏེ་བདག་ཅག་གིས་ནང་གི་ཐ་མར་མཆོད་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་དུ་ངེས་སོ་ཞེས་སྨྲས་སོ། །དེ་ནས་རྒྱལ་ཆེན་རིས་བཞིའི་ལྷ་རྣམས་ཀྱིས་མཆོད་པ་སྔ་མ་ངས་ཤིན་ཏུ་ལྷག་པར་བཤམས་པ་ལ་འདི་ལྟ་སྟེ། མེ་ཏོག་མནྡཱ་ར་བ་དང ། མནྡཱ་ར་བ་ཆེན་པོ་དང ། མེ་ཏོག་ཀ་ཙི་ལི་ཀ་དང ། ཀ་ཙི་ལི་ཀ་ཆེན་པོ་དང ། མེ་ཏོག་མདྙྫུ་ཤ་ཀ་དང ། མཉྫུ་ཤ་ཀ་ཆེན་
Ka20b
པོ་དང ། མེ་ཏོག་སནྟ་ནི་ཀ་དང ། སནྟ་ནི་ཀ་ཆེན་པོ་དང ། མེ་ཏོག་ཡིད་དུ་འོང་བ་དང ། ཡིད་དུ་འོང་བ་ཆེན་པོ་དང ། མེ་ཏོག་ཀུན་ཏུ་བཟང་པོ་དང ། ཀུན་ཏུ་བཟང་པོ་ཆེན་པོ་དང ། མེ་ཏོག་དུས་ཅན་དང ། དུས་ཅན་ཆེན་པོ་དང ། མེ་ཏོག་བསུང་གི་གྲོང་ཁྱེར་དང ། བསུང་གི་གྲོང་ཁྱེར་ཆེན་པོ་དང ། མེ་ཏོག་རབ་ཏུ་དགའ་བ་དང ། རབ་ཏུ་དགའ་བ་ཆེན་པོ་དང ། མེ་ཏོག་འདོད་ལྡན་དང།་འདོད་ལྡན་ཆེན་པོ་དང ། མེ་ཏོག་བསུང་མྱོས་དང ། བསུང་མྱོས་ཆེན་པོ་དང ། མེ་ཏོག་ཀུན་ཏུ་བསུང་དང ། ཀུན་ཏུ་བསུང་ཆེན་པོ་དང ། མེ་ཏོག་ལྷའི་གསེར་འདབ་དང ། མེ་ཏོག་ཀླུ་ཞེས་བྱ་བ་དང ། ཤིང་པ་རི་ཙི་ཏྲའི་མེ་ཏོག་དང ། ཤིང་ཀོ་བི་དཱ་རའི་མེ་ཏོག་དང ། གཞན་ཡང་རྣམ་པ་སྣ་ཚོགས་ཀྱི་ཞལ་ཟས་རོ་བྲོ་བ་དང་ལྡན་པ་ཐོགས་ཏེ། སངས་རྒྱས་གང་ན་བར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ཏེ། ལྷ་རྣམས་ཀྱི་འོད་ཀྱིས་ཉི་ཟླའི་འོད་ཀྱང་ཟིལ་གྱིས་ནོན་ཏོ། །མཆོད་པའི་ཡོ་བྱད་དེ་དག་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བར་བཤམས་ནས། དེ་བཞིན་གཤེགས་པ་དུས་མཁྱེན་པས་ཅང་མི་གསུང་བར་བཞེས་གསུམ་གནང་ངོ ། །དེའི་ཚེ་ལྷ་རྣམས་ཀྱང་བསམས་པ་བཞིན་དུ་མ་གྱུར་པས་མྱ་ངན་གྱིས་ཡིད་གདུངས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་བརྒྱ་བྱིན་ལྷའི་དབང་ཕྱུག་དང ། སུམ་ཅུ་རྩ་གསུམ་གནམ་གྱི་ལྷ་རྣམས་ཀྱིས་སྔ་མ་བས་ཤིན་ཏུ་ལྷག་པའི་མཆོད་
Ka21a
༄#། །པའི་ཡོ་བྱད་བཤམས་ནས་མེ་ཏོག་ཐོགས་པའང་སྔ་མ་དང་འདྲ་སེ། དྲི་བསུང་གིས་ཤིན་ཏུ་ངད་པ་ནི་ཡིད་དུ་འོང་བ་སྟེ། གཞལ་མེད་ཁང་རྒྱལ་པར་འགྱུར་བ་ཞེས་བྱ་བ་དང ། གཞལ་མེད་ཁང་ཆུང་ངུའི་རྣམ་པ་བཤམས་ཏེ། སངས་རྒྱས་གང་ན་བར་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་ནི་ཐེག་པ་ཆེན་པོ་ལ་ཤིན་ཏུ་དད་ཅིང་མོས་ན་དེ་བཞིན་གཤེགས་པས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་མཆོད་པ་འདི་དག་བཞེས་ཤིག་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དུས་མཁྱེན་པས་ཅང་མི་གསུང་བར་བཞེས་སུ་མ་གནང་ངོ་།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་གཉིས་པ། དེ་ནས་བརྒྱ་བྱིན་དང་ལྷའི་འཁོར་རྣམས་བསམས་པ་བཞིན་དུ་མ་གྱུར་ནས་མྱ་ངན་གྱིས་ཡིད་གདུངས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། ། འདོད་པའི་ཁམས་ཀྱི་གནམ་རིམ་པ་དྲུག་གི་བར་དུ་མཆོད་པའི་ཡོ་བྱད་བཤམས་པ་ནི། རིན་པོ་ཆེའི་རྒྱལ་མཚན་དང ། བ་དན་དང ། གདུགས་གཅིག་པས་ཀྱང་གཅིག་བཟང་བའོ། །རིན་པོ་ཆེའི་གདུགས་ནང་གི་ཆུང་ངུའང་གླིང་བཞི་ཁེབས་སོ། །བ་དན་ནང་གི་ཐུང་ངུའང་རྒྱ་མཚོ་བཞི་འཁོར་རོ། །རྒྱལ་མཚན་ནང་གི་དམའ་བའང་གཞན་འཕྲུལ་དབང་
Ka21b
བྱེད་གནམ་ལ་རེག་སྟེ། རླུང་གིས་བསྐྱོད་ན་སྒྲ་སྐད་སྙན་པ་འབྱིན་པ་དང ། ཞལ་ཟས་ཕུལ་དུ་བྱུང་བ་རྣམ་པ་སྣ་ཚོགས་བཤམས་ནས་བཅོམ་ལྡན་འདས་གང་ན་བར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་མཆོད་པ་ནང་གི་ཐ་མ་འདི་བཞེས་ཤིག་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་དུས་མཁྱེན་པས་ཅང་མི་གསུང་བར་བཞེས་སུ་མ་གནང་ངོ ། །དེ་ནས་ལྷ་རྣམས་ཀྱང་བསམས་པ་བཞན་དུ་མ་གྱུར་པས་མྱ་ངན་གྱིས་ཡིད་གདུངས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །དེ་ལ་གཅིག་མ་གཏོགས་པ་ནི་སྲིད་པའི་རྩེ་མོ་སྟེ། ཚངས་པའི་རིས་ཀྱི་ལྷ་རྣམས་ཀྱང་འདུས་པར་གྱུར་ཏོ། །དེའི་ཚེ་ཚངས་པའི་རྒྱལ་པོ་དང ། ཚངས་པའི་རིས་ཀྱི་ལྷ་རྣམས་ཀྱི་འོད་ཀྱིས་གླིང་བཞི་ཀུན་སྣང་བར་བྱས་ནས། འདོད་པའི་ཁམས་ན་ལྷ་དང ། མི་དང ། ཉི་ཟླའི་འོད་ཀྱང་མི་སྣང་བར་བྱས་སོ། །དེ་དག་ཀྱང་སོ་སོ་ནས་རིན་པོ་ཆེའི་རྒྱལ་མཚན་དང ། བ་དན་དང ། གདུགས་ཐོགས་པ་ནི། བ་དན་ནང་གི་ཐུང་ངུའང་ཚངས་པའི་གནས་ནས་ཤིང་སཱ་ལའི་ཚལ་ལ་ཐུག་པ་ཐོགས་ནས་སངས་རྒྱས་གང་ན་བར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་ལ་ཐུགས་བརྩེ་བའི་སླད་
Ka22a
༄#། །དུ་བདག་ཅག་གི་མཆོད་པ་ནང་གི་ཐ་མ་འདི་བཞེས་ཤིག་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་དུས་མཁྱེན་པས་ཅང་མི་གསུང་བར་བཞེས་སུ་མ་གནང་ངོ ། །ཚངས་པའི་ལྷ་རྣམས་བསམས་པ་བཞིན་དུ་མ་གྱུར་ནས་མྱ་ངན་གྱིས་ཡིད་གདུངས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་བཟང་རིས་ཀྱང་འཁོར་དཔག་ཏུ་མེད་པ་དང་བཅས་ཏེ་ལྷགས་སོ། །དེ་རྣམས་ཀྱི་ལུས་ཀྱི་འོད་ཀྱང་ཚངས་པའི་ལྷ་བས་ཀྱང་ལྷག་པར་གྱུར་ཏེ། རིན་པོ་ཆེའི་རྒྱལ་མཚན་དང ། བ་དན་དང།་གདུགས་རྣམས་ཐོགས་ཏེ། གདུགས་ནང་གི་ཆུང་ངུའང་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ཁེབས་པ་དང ། ཕུལ་དུ་བྱུང་བའི་ཞལ་ཟས་མཆོག་རྣམས་ཐོགས་ནས་སངས་རྒྱས་གང་ན་བར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་མཆོད་པ་ནང་གི་ཐ་མ་འདི་བཞེས་ཤིག་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་དུས་མཁྱེན་པས་ཅང་མི་གསུང་བར་བཞེས་སུ་མ་གནང་ནས་ལྷ་མ་ཡིན་རྣམས་བསམས་པ་བཞིན་དུ་མ་གྱུར་བས་མྱ་ངན་གྱིས་ཡིད་གདུངས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་འདོད་པའི་ཁམས་ཀྱི་བདུད་ཀྱི་
Ka22b
རྒྱལ་པོ་བདུད་སྡིག་ཏོ་ཅན་ཡང་འཁོར་ལྷའི་བུ་མོ་གྲངས་མེད་དཔག་ཏུ་མེད་པ་དང་བཅས་ཏེ། སེམས་ཅན་དམྱལ་བའི་སྒོ་ཕྱེ་ནས་ཡོངས་སུ་བསིལ་ཞིང་དགའ་བའི་ཆུ་ཕབ་སྟེ། དེ་དག་ལ་འདི་སྐད་ཅེས་བསྒོའོ། །ཁྱེད་ལ་སོགས་པ་གཞན་ཅིའང་མི་ནུས་ཀྱི། སེམས་རྩེ་གཅིག་ཏུ་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲན་པར་གྱིས་ལ་མཆོད་པ་བྱེད་པ་ལ་རྗེས་སུ་ཡི་རང་བར་གྱིས་ཤིག་དང ། ཁྱེད་ཡུན་རིང་པོར་རབ་ཏུ་བདེ་བར་འགྱུར་རོ། །དེ་ནས་བདུད་སྡིག་ཅན་སེམས་ཅན་དམྱལ་བའི་མཚོན་ཆ་དང ། སྡུག་བསྔལ་དུ་འགྱུར་བའི་མེ་རབ་ཏུ་འབར་བའང་བསིལ་བའི་ཆར་གྱིས་ཞི་བར་བྱས་ནས་སངས་རྒྱས་ཀྱི་བྱིན་རླབས་ཀྱིས་བདུད་ཀྱི་འཁོར་རྣམས་ཀྱང་འདི་སྙམ་དུ་སེམས་བསྐྱེད་པར་གྱུར་ཏོ། །ཐམས་ཅད་ཀྱིས་རལ་གྲི་དང ། མདའ་གཞུ་དང ། གོ་ཆ་དང ། མཚོན་ཤཀྟི་དང ། ལྕགས་ཀྱུ་དང ། ལྕགས་ཐོ་དང ། དགྲ་སྟ་དང ། འཁོར་ལོ་དང ། ཞགས་པ་ལ་སོགས་ཏེ། མཚོན་ཆ་ཐམས་ཅད་སྤངས་ནས། མཆོད་པའི་ཡོ་བྱད་ལྷ་དང་མི་ལས་ཁྱད་པར་དུ་གྱུར་པ་བཤམས་སོ། །གདུགས་ནང་གི་ཆུང་ངུའང་སྟོང་འབྲིང་པོའི་འཇིག་རྟེན་གྱི་ཁམས་ཁེབས་པ་ཐོགས་ནས་སངས་རྒྱས་གང་ན་བར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་ཀྱང་ཐེག་
Ka23a
༄#། །པ་ཆེན་པོ་ལ་རབ་ཏུ་དད་ཅིང་མོས་ཏེ། ཐེག་པ་ཆེན་པོ་བསྲུང་བར་འཚལ་ལོ། །བཅོམ་ལྡན་འདས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཞིག་ཁེ་དང་གྲགས་པའི་ཕྱིར་རམ། གཞན་སྐྲག་པར་བྱ་བའི་ཕྱིར་རམ། གཞན་ལ་བརྫུན་བྱ་བའི་ཕྱིར་རམ། ནོར་དང་ཟང་ཟིང་གི་ཕྱིར་རམ། གཞན་གྱི་ཡིད་དང་སྦྱོར་བ་ཙམ་གྱི་ཕྱིར་ཐེག་པ་ཆེན་པོ་འདི་འཛིན་པར་བྱེད་ན། བདེན་ཡང་རུང ། རྫུན་ཡང་རུང ། བདག་ཅག་གིས་དེའི་ཚེ་གང་ཟག་དེའི་འཇིགས་པ་བསལ་བའི་ཕྱིར་གསང་སྔགས་འདི་འབུལ་ལོ། །ཙྱོག་ཀྱེ། ཏ་ཏ་ལ་ཙྱོག་ཀྱེ། ལོ་ཧ་ལེ། མ་ཧཱ་ལོ་ཧ་ལེ། ཨ་ལ་ཙ་ལ་ཏ་ལ་སཝཱཧཱ། སྔགས་འདི་ནི་སེམས་སྟོར་བ་རྣམས་དང ། འཇིགས་སྐྲག་པ་དང ། ཆོས་སྨྲ་བ་དང ། ཡང་དག་པའི་ཆོས་ཀྱི་བར་དུ་མི་གཅོད་པ་དང ། མུ་སྟེགས་ཅན་འདུལ་བ་དང ། བདག་གི་ལུས་བསྲུང་བ་དང ། ཡང་དག་པའི་ཆོས་བསྲུང་བ་དང ། ཐེག་པ་ཆེན་པོ་བསྲུང་བའི་སླད་དུ་གསང་སྔགས་འདི་འབུལ་ལོ། །གང་གིས་གསང་སྔགས་འདི་ཡིད་ལ་བགྱིད་ན་བལ་གླང་རྨིས་པའི་འཇིགས་པ་དང་བྲལ་བར་འགྱུར། གལ་ཏེ་འབྲོག་དགོན་པ་འམ། ཡུལ་ས་སྟོང་པ་བག་ཚ་བའི་གནས་སུ་མཆིས་ནའང་འཇིགས་པར་མི་འགྱུར། ཆུ་དང ། མེ་དང ། སེངྒེ་དང ། སྟག་དང ། སྤྱང་ཀི་དང ། དགྲས་འཇིགས་པ་དང ། རྒྱལ་པོའི་ཆད་པས་འཇིགས་པ་
Ka23b
ལས་ཀྱང་ཐར་བར་འགྱུར་རོ། །བཅོམ་ལྡན་འདས། གང་གིས་གསང་སྔགས་འདི་ཡིད་ལ་བགྱིད་ན་འཇིགས་པ་དེ་དག་ལ་སོགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །བཅོམ་ལྡན་འདས། གསང་སྔགས་འདི་འཛིན་པ་ལ་བདག་ཅག་གིས་བསྐྱབ་ཅིང་སྦ་བ་ནི་ཇི་ལྟར་རུས་སྦལ་ཡན་ལག་དྲུག་སྦེད་པ་བཞིན་ནོ། །བཅོམ་ལྡན་འདས། བདག་ཅག་ནི་གཡོ་དང་སྒྱུས་འདི་སྐད་དུ་སྨྲ་བ་མ་ལགས་ཀྱི། གང་གཟུངས་སྔགས་འདི་འཛིན་པ་ལ་བདག་ཅག་གིས་མཐུ་སྟོབས་བཏང་ངོ ། །བཅོམ་ལྡན་འདས། བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་མཆོད་པ་ནང་གི་ཐ་མ་འདི་བཞེས་སུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས། བདུད་སྡིག་ཏོ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེད་ཀྱིས་མཆོད་པ་ཞལ་ཟས་ཕུལ་བ་རྣམས་ནི་མི་བཞེས་སོ། །འགྲོ་བ་ཐམས་ཅད་དང ། འཁོར་རྣམ་བཞི་ལ་ཕན་པ་དང་བདེ་བའི་ཕྱིར་གསང་སྔགས་འདི་བཞེས་སོ་ཞེས་བཀའ་སྩལ་ནས། ཅང་མི་གསུང་བར་གཞན་ནི་བཞེས་སུ་མ་གནང་ངོ། །དེ་ལྟར་ལན་གསུམ་གྱི་བར་དུ་གསོལ་ཀྱང་བཞེས་སུ་མ་གནང་ནས། བདུད་སྡིག་ཏོ་ཅན་བསམས་པ་བཞིན་དུ་མ་གྱུར་པས་མྱ་ངན་གྱིས་ཡིད་གདུངས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །དེའི་ཚེ་ལྷ་དབང་སྒྱུར་ཆེན་པོའང་འཁོར་ལྷ་གྲངས་མེད་དཔག་ཏུ་མེད་པ་དང་བཅས་ཏེ། མཆོད་པའི་ཡོ་བྱད་བཤམས་པའང་ཚངས་པ་དང ། བརྒྱ་བྱིན་དང ། འཇིག་
Ka24a
༄#། །རྟེན་གྱི་མགོན་པོ་བཞི་དང ། ལྷ་དང ། མི་དང ། ལྷ་མ་ཡིན་སྡེ་བརྒྱད་དང ། མི་མ་ཡིན་ལ་སོགས་པའི་མཆོད་པའི་ཡོ་བྱད་རྣམས་ཟིལ་གྱིས་གནོན་པ་ནི།་ཇི་ལྟར་སོལ་བའི་དྲུང་ན་ཤེལ་བཞག་བ་དང་འདྲ་སྟེ། ཐམས་ཅད་མི་སྣང་བར་གྱུར་ཏོ། །རིན་པོ་ཆེའི་གདུགས་ནང་གི་ཆུང་ངུའང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོངས་སུ་ཁེབས་པའི་མཆོད་པའི་ཡོ་བྱད་ལ་སོགས་པ་ཐོགས་ཏེ། སངས་རྒྱས་གང་ན་པར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ནས་ལན་གྲངས་མེད་པ་བསྐོར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་གིས་མཆོད་པའི་ཡོ་བྱད་ནང་གི་ཐ་མ་འདི་འབུལ་བ་ནི།་ཇི་ལྟར་ན་བདག་ཅག་ལ་སྦྲང་བུས་མཆོད་པ་འབུལ་བའམ། ཆུ་སྙིམ་པ་གང་རྒྱ་མཚོ་ཆེན་པོར་བླུགས་པའམ། མེ་མར་ཆུང་ངུ་གཅིག་གི་འོད་ཀྱིས་ཉི་མ་བརྒྱ་སྟོང་ལ་བཏང་བའམ། དབྱར་མེ་ཏོག་ཤིན་ཏུ་རྒྱས་པའི་དུས་སུ་མེ་ཏོག་གཅིག་ཐོགས་ཏེ་མེ་ཏོག་མང་པོའི་ཁྲོད་དུ་བཞག་པའམ། ཡུངས་དཀར་འབྲུམ་བུ་གཅིག་ཙམ་རི་རབ་རིའི་རྒྱལ་པོ་ལ་བསྟངས་ན་རྒྱ་མཚོ་དང ། ཉི་མ་དང ། མེ་ཏོག་མང་པོ་དང ། རི་རབ་ལ་མི་སྨན་པ་དང་འདྲ་བར་བཅོམ་ལྡན་འདས་བདག་ཅག་གི་མཆོད་པའང་དེ་དང་འདྲའོ། །
Ka24b
གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྤོས་དང ། མེ་ཏོག་དང ། རོལ་མོ་དང ། བ་དན་དང ། གདུགས་དང ། རྒྱལ་མཚན་གྱིས་ཡོངས་སུ་བཀང་སྟེ་མཆོད་ཀྱང་སྨོས་པའི་རིན་དུ་མི་འཚལ་ཏོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་ནི་འགྲོ་བ་མང་པོའི་སླད་དུ་སེམས་ཅན་དམྱལ་བ་དང ། ཡི་དྭགས་དང ། བྱོལ་སོང་གི་སྐྱེ་གནས་སུ་སྡུག་བསྔལ་མང་པོ་ལེན་ཏོ། །དེ་བས་ན། བཅོམ་ལྡན་འདས། བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་མཆོད་པ་འདི་དག་བཞེས་ཤིག་ཅེས་གསོལ་ཏོ། །དེའི་ཚེ་འདི་ནས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་ཀླུང་གངྒཱའི་བྱེ་མ་གྲངས་མེད་དཔག་ཏུ་མེད་པ་འདས་པའི་ཕ་རོལ་སངས་རྒྱས་ཀྱི་ཞིང་ཡིད་དུ་འོང་བའི་སྒྲ་སྙན་ཞེས་བྱ་བ་ན། སངས་རྒྱས་ནམ་མཁའ་དང་མཉམ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པ། མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ། བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཏེ། དེའི་ཚེ་ན་སངས་རྒྱས་དེས་ཉེ་གནས་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་ཁྱོད་སོང་ལ། འདི་ནས་ནུབ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ན་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
Ka25a
༄#། །དག་པར་རྫོགས་པ། མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ། བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ།་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་རིང་པོ་མི་ཐོགས་པར་ཡོངས་སུ་མྱ་ངན་ལས་འདར་ཉེའོ། །རིགས་ཀྱི་བུ་ཁྱོད་འཇིག་རྟེན་གྱི་ཁམས་འདིའི་ཞལ་ཟས་བསུང་ཅན་དྲི་ཤིན་ཏུ་ཞིམ་པ། ཡིད་དུ་འོང་ཞིང་བདེ་བར་འགྱུར་བ་འདི་ཐོགས་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་ལ་ཕུལ་ཅིག། བཅོམ་ལྡན་འདས་དེ་གསོལ་ནས་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་སོ། །རིགས་ཀྱི་བུ་ཁྱོད་དེ་ལ་ཕྱག་འཚལ་ཞིང་ཐེ་ཚོམ་དུ་གྱུར་པའང་ཞུ་བའི་དུས་ལ་བབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་དཔག་ཏུ་མེད་པ་ཞེས་བྱ་བ་འདུག་པ་ལས་ལངས་ནས། སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ཏེ་ལན་གསུམ་བསྐོར་ནས། བྱང་ཆུབ་སེམས་དཔའ་གྲངས་མེད་དཔག་ཏུ་མེད་པ་དང་ཐབས་གཅིག་ཏུ་སངས་རྒྱས་ཀྱི་ཞིང་དེ་ནས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་གང་ན་བ་དེར་དོང་ངོ ། །དེའི་ཚེ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་ནས་འཁོར་གྱི་ནང་ན་ཚངས་པ་དང ། བརྒྱ་བྱིན་དང ། ཕྱོགས་བཞིའི་མགོན་པོ་དང ། བདུད་སྡིག་ཏོ་
Ka25b
ཅན་དང ། དབང་སྒྱུར་ཆེན་པོ་ལ་སོགས་པ་དེ་དག་གིས་ས་གཡོས་པ་མཐོང་ནས་ལུས་ཀྱི་བུང་ཞེས་བྱེད་དེ། ལྕེའང་སྐམས་པ་ཙམ་དུ་དངངས་སྐྲག་པར་གྱུར་ཏེ། སོ་སོར་འགྲོ་བར་ཆས་ནས་ལུས་ཀྱི་འོད་དང་གཟི་བརྗིད་ཀྱང་མི་སྣང་བར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་འདུག་པ་ལས་ལངས་ཏེ། འཁོར་གྱི་དཀྱིལ་འཁོར་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དག་།ཁྱེད་འཇིགས་པར་མ་བྱེད་ཅིག་།ཁྱེད་མ་འཇིགས་ཤིག་།དེ་ཅིའི་ཕྱིར་ཞེ་ན། འདི་ནས་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཀླུང་གངྒཱའི་བྱེ་མ་གྲངས་མེད་དཔག་ཏུ་མེད་པ་འདས་པའི་ཕ་རོལ་ན། འཇིག་རྟེན་གྱི་ཁམས་ཡིད་དུ་འོང་པའི་སྒྲ་སྙན་ཞེས་བྱ་བ་ན་སངས་རྒྱས་ནམ་མཁའ་དང་མཉམ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་བཞུགས་ཏེ། དེ་ན་བྱང་ཆུབ་སེམས་དཔའ་ལུས་དཔག་ཏུ་མེད་པ་ཞེས་བྱ་བ་འཁོར་བྱང་ཆུབ་སེམས་དཔའ་གྲངས་མེད་པ་དང་བཅས་ཏེ། འཇིག་རྟེན་གྱི་ཁམས་འདིར་དེ་བཞིན་གཤེགས་པ་ལ་མཆོད་དུ་འོང་བས་བྱང་ཆུབ་སེམས་དཔའ་དེའི་གཟི་བརྗིད་དང་བྱིན་གྱིས་ཁྱེད་ཀྱི་ལུས་ཀྱི་འོད་ཀྱང་མི་སྣང་བར་གྱུར་ཏོ། །དེ་བས་ན་ཁྱེད་མ་འཇིགས་པར་ཤིན་ཏུ་དགའ་བ་སྐྱེད་ཅིག། དེའི་ཚེ་ན་འཁོར་གྱི་དཀྱིལ་འཁོར་དེ་དག་ཐམས་ཅད་ཀྱིས་རྒྱང་མ་ནས་སངས་རྒྱས་
Ka26a
༄#། །དེ་དང ། འཁོར་མང་པོ་རྣམས་མཐོང་བ་ནི། ཇི་ལྟར་མེ་ལོང་གསལ་བའི་ནང་ན་བདག་གི་གཟུགས་བརྙན་མཐོང་བ་བཞིན་ནོ། །དེ་ནས་ཡང་འཇམ་དཔལ་གྱིས་འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་ཀྱིས་སངས་རྒྱས་དེ་མཐོང་བ་ནི། ཇི་ལྟར་སངས་རྒྱས་འདི་མཐོང་བ་དང་འདྲ་བར་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་གཞན་ཡང་སངས་རྒྱས་ཕྱོགས་བཅུ་ན་བཞུགས་པ་དཔག་ཏུ་མེད་པ་སྙེད་ཀྱང་མཐོང་བར་གྱུར་ཏོ། །དེའི་ཚེ་འཁོར་གྱི་དཀྱིལ་འཁོར་མང་པོས་གཅིག་ལ་གཅིག་འདི་སྐད་དུ། ཀྱི་ཧུད། ཀྱི་ཧུད། འཇིག་རྟེན་སྟོངས་སོ། །འཇིག་རྟེན་སྟོངས་སོ། །དེ་བཞིན་གཤེགས་པ་རིང་པོར་མི་ཐོགས་པར་ཡོངས་སུ་མྱ་ངན་ལས་འདའོ་ཞེས་སྨྲས་སོ། ། དེའི་ཚེ་འཁོར་གྱི་དཀྱིལ་འཁོར་མང་པོ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་ལུས་དཔག་ཏུ་མེད་པ་འཁོར་དང་བཅས་པ་མཐོང་བ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་དེའི་བ་སྤུའི་ཁུང་བུ་རེ་རེ་ནས་མེ་ཏོག་པདྨོ་ཆེན་པོ་རེ་རེ་བྱུང་ལ། པདྨོ་དེ་རེ་རེའི་སྟེང་ཡང་གྲོང་ཁྱེར་བདུན་ཁྲི་བརྒྱད་སྟོང་སྙེད་ཡོད་དོ། །གྲོང་ཁྱེར་དེའང་ཆུ་ཞེང་གབ་པར་གྲོང་ཁྱེར་ཡངས་པ་ཅན་དང་མཉམ་སྟེ། ར་བ་དང ། འོ་བས་ཀྱང་རིན་པོ་ཆེ་སྣ་བདུན་གྱིས་སྤྲས་ལ། རིན་པོ་ཆེའི་ཤིང་ཏ་ལ་རིམ་པ་བདུན་དངར་བ། དེ་ན་གནས་
Ka26b
པའི་མི་ཐམས་ཅད་ཀྱང་རབ་ཏུ་བདེ་ཞིང་སྐྱིད་པ། གྲོང་ཁྱེར་དེའི་ཅོག་པར་ཡང་ཛམྦུ་ཆུ་ཀླུང་གི་གསེར་ལས་བྱས་པ། ཅོག་པར་དེ་རེ་རེའི་བར་ན་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྣམ་པ་སྣ་ཚོགས་ཡོད་དེ། མེ་ཏོག་དང་འབྲས་བུ་ཤིན་ཏུ་རྒྱས་པ། རླུང་མི་དྲག་པས་བསྐྱོད་པ་ན་སྒྲ་སྐད་ཤིན་ཏུ་སྙན་པ་ནི། ཇི་ལྟར་ལྷའི་རོལ་མོ་ཟེར་བ་ལྟ་བུ་དེ་ན་གནས་པའི་མི་དག་གིས་ཐོས་ན་ཕུལ་དུ་བྱུང་བའི་རབ་ཏུ་བདེ་བ་མྱོང་བར་འགྱུར་རོ། །འོབས་ཀྱི་ནང་ནའང་ཡོངས་སུ་དག་པའི་ཆུ་བསུང་ཅན་བཻཌཱུརྱ་དང་འདྲ་བས་ཡོངས་སུ་གང་ངོ ། །ཆུ་དེ་དག་ལ་རིན་པོ་ཆེ་སྣ་བདུན་གྱི་གྲུ་ཡོད་དོ། །གྲུ་དེའི་སྟེང་ན་མི་དག་རྩེ་ཞིང་ཁྲུས་བྱེད་དེ། གཅིག་ལ་གཅིག་དགའ་ཞིང་རབ་ཏུ་བདེ་བ་མྱོང་ངོ ། །གཞན་ཡང་ཁ་དོག་རྣམ་པ་སྣ་ཚོགས་ཀྱི་པདྨོ་སྐྱེ་བ་ནི་ཨུཏྤ་ལ་དང ། ཀུ་མུ་དང ། པདྨ་དང ། བུཎྜ་རི་ཀ་ལ་སོགས་པ་ཤིང་རྟའི་འཁོར་ལོ་ཙམ་སྐྱེའོ། །འོབས་ཀྱི་གཡས་གཡོན་ན་སྐྱེད་མོས་ཚལ་མང་དུ་ཡོད་དེ། སྐྱེད་མོས་ཚལ་དེ་རེ་རེའི་ནང་དུའང་ཆུ་མིག་དང་བཅས་པའི་རྫིང་བུ་ལྔ་ལྔ་ཡོད་དོ། ། རྫིང་བུ་དེ་དག་གི་ནང་ན་ཡང་མེ་ཏོག་ཨུཏྤ་ལ་དང ། ཀུ་མུ་ད་དང ། པདྨ་དང ། པུཎྜ་རི་ཀ་ཆེ་ཁྱད་ཤིང་རྟའི་འཁོར་ལོ་ཙམ་སྐྱེས་ཏེ་དྲི་བསུང་ཤིན་ཏུ་མངར་བ། རབ་ཏུ་ཡིད་དུ་འོང་བ། ཆུ་ཤིན་ཏུ་གསལ་ཞིང་འཇམ་པ། ངང་པ་དང ། ངུར་པ་ལ་སོགས་པ་རྐྱལ་ཞིང་རྩེ་བ། སྐྱོད་མེས་ཚལ་དེ་ན་གཞན་ཡང་རིན་པོ་ཆེའི་གཞལ་མེད་ཁང་ཡོད་དེ། གཞལ་མེད་ཁང་དེ་རེ་རེའི་ཡང་ཆུ་
Ka27a
༄#། །ཞེང་གབ་པར་དཔག་ཚད་བཞི་ཡོད་དོ། །གཞལ་མེད་ཁང་དེའི་ར་བའང་རིན་པོ་ཆེ་སྣ་བཞི་ལས་བྱས་སོ། །འདི་ལྟས་སྟེ། གསེར་དང ། དངུལ་དང ། བཻ་ཌཱུརྱ་དང ། ཤེལ་ལས་བྱས་ཏེ། ཁ་བད་ཀྱང་གསེར་ལས་བྱས། ས་གཞི་ནི་མུ་ས་ལ་གརྦྷ་ལས་བླངས་ཏེ་གསེར་གྱི་བྱེ་མ་བདལ་བ། གཞལ་མེད་ཁང་དེའི་དྲུང་ན་རིན་པོ་ཆེ་སྣ་བདུན་གྱི་འབབ་ཆུ་དང ། ཆུ་མིག་དང ། རྫིང་བུ་ཡོད་དེ། རྫིང་བུ་དེ་རེ་རེ་ལའང་གསེར་གྱི་ཐེམ་སྐས་བཅོ་བརྒྱད་བཅོ་བརྒྱད་ཡོད་དོ། །ཆུ་ཞེང་ཡང་ཛམྦུ་ཆུ་ཀླུང་གི་གསེར་ལས་བྱས་ཏེ། སུམ་ཅུ་རྩ་གསུམ་གནམ་གྱི་སྐྱེད་མོས་ཚལ་རབ་ཏུ་བདེ་བ་ཅན་དང་འདྲའོ། །གྲོང་ཁྱེར་དེ་རེ་རེའི་ནང་ནའང་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་སྙེད་ཡོད་དོ། །རྒྱལ་པོ་དེ་རེ་རེ་ལའང་བཙུན་མོ་དང་ཕོ་བྲང་གི་སླས་གྲངས་མེད་པ་ཡོད་དོ། །དེ་དག་དང་ལྷན་ཅིག་ཏུ་རྩེ་ཞིང་དགའོ། །དེ་ན་གནས་པའི་མི་ཐམས་ཅད་ཀྱང་སོ་སོའི་གནས་ན་རྩེ་ཞིང་དགའོ། །དེ་ན་གནས་པའི་སེམས་ཅན་རྣམས་ནི་རྣ་བར་གཞན་མི་གྲག་གི་།བླ་ན་མེད་པའི་ཐེག་པ་ཆེན་པོའི་སྒྲ་འབའ་ཞིག་གྲག་གོ་།མེ་ཏོག་དེ་རེ་རེའི་ནང་ནའང་སེངྒེའི་ཁྲི་རེ་རེ་ཡོད་དེ། ཁྲི་དེའི་རྐང་བ་བཞིའང་བཻ་ཌཱུརྱ་མཐོན་མཐིང་ལ་བྱས་པ། ཁམས་གསུམ་ལས་འདས་པའི་ན་བཟའ་ཤིན་ཏུ་འཇམ་པ་དཀར་པོ་བཏིང་ངོ ། །ཁྲི་དེ་རེ་རེའི་སྟེང་ན་རྒྱལ་པོ་རེ་རེ་འདུག་སྟེ། ཐེག་པ་ཆེན་པོའི་ཆོས་ཀྱིས་སེམས་ཅན་རྣམས་འདུལ་ཏེ། དེ་
Ka27b
ལའང་སེམས་ཅན་ལ་ལ་ནི་ཐེག་པ་ཆེན་པོའི་མདོ་སྡེ་གླེགས་བམ་དུ་འདྲི་བ་དང ། འཆང་བ་དང ། འཛིན་པ་དང ། ཀློག་པ་དང ། འདོན་པ་དང ། ཇི་ལྟར་སྨྲས་པ་བཞིན་དུ་ནན་ཏན་དུ་བྱེད་པ་དང ། ཤིན་ཏུ་རྒྱས་པའི་བར་དུ་བྱེད་དོ། །དེའི་ཚེ་ན་བྱང་ཆུབ་སེམས་དཔའ་ལུས་དཔག་ཏུ་མེད་པ་དེས་བདག་གི་ལུས་ལ་སེམས་ཅན་ཚད་མེད་པ་སྙེད་བཀོད་པ་དེའང་འཇིག་རྟེན་གྱི་བདེ་བ་བཏང་ནས་ཐམས་ཅད་འདི་སྐད་དུ། ཀྱི་ཧུད། ཀྱི་ཧུད། འཇིག་རྟེན་སྟོངས་སོ། །དེ་བཞིན་གཤེགས་པ་ནི་རིང་པོ་མ་ལོན་པར་ཡོངས་སུ་མྱ་ངན་ལས་འདའོ་ཞེས་སྨྲའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ལུས་དཔག་ཏུ་མེད་པ་བྱང་ཆུབ་སེམས་དཔའི་འཁོར་ཚད་མེད་པ་སྙེད་ཀྱིས་བསྐོར་ཏེ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་བསྟན་ནས་མཆོད་པའི་ཡོ་བྱད་ཚད་མེད་པ་རྣམ་པ་སྣ་ཚོགས་དང ། ཞལ་ཟས་བསུང་ཅན་ཐོགས་ཏེ། གང་ཞིག་ལ་ཞལ་ཟས་དེའི་བསུང་གིས་རེག་ན་ཀུན་ནས་ཉོན་མོངས་པའི་དྲི་མ་ཐམས་ཅད་ཞི་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེའི་བྱིན་གྱི་རླབས་ཀྱིས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་རྫུ་འཕྲུལ་དེ་དག་མཐོང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ལུས་དཔག་ཏུ་མེད་པ་ནི་ལུས་ཆེན་པོ་དཔག་ཏུ་མེད་དེ། དེ་ནམ་མཁའ་དང་མཉམ་པས་སངས་རྒྱས་བཅོམ་ལྡན་འདས་མ་གཏོགས་པར་གཞན་གང་གིས་ཀྱང་བྱང་ཆུབ་སེམས་དཔའ་དེའི་ལུས་ཀྱི་མཐའ་ཤེས་པར་ནུས་པ་མེད་དོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ལུས་
Ka28a
༄#། །དཔག་ཏུ་མེད་པ་འཁོར་དང་བཅས་པས་མཆོད་པའི་ཡོ་བྱད་སྔ་མ་བས་ལྷག་པར་བཤམས་ནས། སངས་རྒྱས་གང་ན་བར་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ཏེ་ཐལ་མོ་སྦྱར། བསྟི་སྟང་དང་བཅས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་མཆོད་པ་འདི་དག་བཞེས་ཤིག་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་དུས་མཁྱེན་པས་ཅང་མི་གསུང་བར་བཞེས་སུ་མ་གནང་ནས། བྱང་ཆུབ་སེམས་དཔའ་ལུས་དཔག་ཏུ་མེད་པ་འཁོར་དང་བཅས་པ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་བཞིན་དུ་ལྷོ་དང ། ནུབ་དང ། བྱང་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་ཀུན་ནས་བྱང་ཆུབ་སེམས་དཔའ་ལུས་དཔག་ཏུ་མེད་པ་གྲངས་མེད་པ་སྙེད་ཀྱང་མཆོད་པའི་ཡོ་བྱད་སྔ་མ་བས་ལྷག་པར་བཤམས་ནས། སངས་རྒྱས་གང་ན་བར་ལྷགས་པ་ནས་ཕྱོགས་གཅིག་ཏུ་འཁོད་པའི་བར་དུ་རྒྱས་པར་རིག་པར་བྱའོ། །དེའི་ཚེ་ཤིང་སཱ་ལའི་དྲུང་གཉིས་ཀྱི་བར་བསོད་ནམས་ཀྱིས་གཞི་བཀྲ་ཤིས་ཀྱི་གནས་དེར་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་སུམ་ཅུ་རྩ་གཉིས་ཀྱི་བར་འཁོར་གྱི་དཀྱིལ་འཁོར་གྱིས་ས་སྟོང་ཅུང་ཟད་ཀྱང་མེད་པར་ཡོངས་སུ་གང་ངོ ། །དེའི་ཚེ་ཕྱོགས་བཞི་ནས་འདུས་པའི་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་ཏེ་འདུག་པའི་གནས་ནི་སྨྱུང་གི་རྩེ་མོ་འམ།
Ka28b
ཁབ་ཀྱི་རྩེ་མོ་ཙམ་མམ། རྡུལ་ཕྲ་མོ་ཙམ་མོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་རབ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་འདུས་པར་གྱུར། ཛམྦུའི་གླིང་ན་གནས་པའི་འཁོར་ཐམས་ཅད་ཀྱང་འདུས་པར་གྱུར་ཏེ། དེ་ལ་གཉིས་མ་གཏོགས་པ་ནི། འོད་སྲུང་ཆེན་པོ་དང ། དགའ་བོའོ། །རྒྱལ་པོ་མ་སྐྱེས་དགྲ་འཁོར་དང་བཅས་པ་དང ། སྦྲུལ་གདུག་པ་བལྟས་པ་ཙམ་གྱིས་འཆི་བར་བྱེད་པ་དང ། སྦུར་བ་དང ། ཟ་གདུག་དང ། སྡིག་པའི་བར་དུ་སྡིག་པ་ཅན་གྱི་ལས་སྤྱོད་པ་རྣམ་པ་བཅུ་དྲུག་པོ་མ་གཏོགས་པར་གཞན་ཐམས་ཅད་འདུས་པར་གྱུར་ཏོ། །སྲིན་པོ་ད་ན་པ་དང ། ལྷ་མ་ཡིན་ལ་སོགས་པ་ཐམས་ཅད་ཀྱིས་སྡིག་པའི་བསམ་པ་བཏང་ནས་གཅིག་ལ་གཅིག་བྱམས་ཤིང་སྡུག་པའི་སེམས་བསྐྱེད་པ་ནི་ཕའམ། མའམ། ཕུ་ནུ་ལྟ་བུར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱང་གཅིག་ལ་གཅིག་བྱམས་པའི་སེམས་བསྐྱེད་དེ། གཅིག་མ་གཏོགས་པ་ནི། ལོག་སྲེད་ཅན་ནོ། །དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ས་གཞི་ཐམས་ཅད་ཀྱང་འཇམ་པར་གྱུར་ཏེ། ངམ་གྲོག་དང ། བྱེ་མ་དང ། གསེག་མ་དང ། རྡོ་བ་དང ། ཤིང་ཚེར་མ་ཅན་དང ། རྩཝ་གདུག་པའང་མེད་པར་གྱུར་ཏེ། རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་ཤིན་ཏུ་བརྒྱན་
Ka29a
༄#། །པ་ནི།་ནུབ་ཕྱོགས་ཀྱི་སྔས་རྒྱས་ཚེ་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དང་འདྲ་བར་གྱུར་ཏོ། །དེའི་ཚེ་འཁོར་གྱི་དཀྱིལ་འཁོར་མང་པོ་ཐམས་ཅད་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་མོ་སྙེད་ཤིན་ཏུ་སྣང་བ་ནི། ཇི་ལྟར་མེ་ལོང་གསལ་བའི་ནང་ན་བདག་གི་གཟུགས་བརྙན་སྣང་བ་བཞིན་ནོ། །དེ་ནས་དེ་བཞིན་གཤེགས་པའི་ཞལ་གྱི་སྒོ་ནས་འོད་རྣམ་པ་ལྔ་བྱུང་སྟེ། འཁོར་གྱི་དཀྱིལ་འཁོར་མང་པོ་སྣང་བར་བྱས་ནས་དེ་དག་གི་ལུས་ཀྱི་འོད་ཟེར་མི་མངོན་པར་ཟིལ་གྱིས་མནན་ཏེ་བྱ་བ་བྱས་ནས་ཕྱིར་ཞལ་གྱི་སྒོར་ཞུགས་སོ། །དེའི་ཚེ་ལྷ་དང ། མི་དང ། ལྷ་མ་ཡིན་ལ་སོགས་པ་འཁོར་རྣམས་ཀྱིས་སངས་རྒྱས་ཀྱི་འོད་ཟེར་ཕྱིར་ཡང་ཞལ་གྱི་སྒོར་ཞུགས་པ་མཐོང་ནས་ཐམས་ཅད་འཇིགས་སྐྲག་སྟེ། ལུས་ཀྱི་བ་སྤུ་ཀུན་ཀྱང་ལངས་ནས། གཅིག་ལ་གཅིག་འདི་སྐད་དུ་དེ་བཞིན་གཤེགས་པས་འོད་ཟེར་བཀྱེ་ནས་སླར་ཞུགས་པ་འདི་ནི་རྒྱུ་མེད་པའམ། རྐྱེན་མེད་པ་མ་ཡིན་ཏེ། ཕྱོགས་བཅུར་མཛད་པ་ཀུན་མཛད་ནས་ཐ་མ་ཡོངས་སུ་མྱ་ངན་ལས་འདའ་བའི་ལྟས་ཡིན་དུ་ངེས་སོ། །ཀྱི་ཧུད། ཀྱི་ཧུད། དེ་བཞིན་གཤེགས་པས་ཚད་མེད་པ་བཞིའི་ཐུགས་བཏང་ནས་ལྷ་དང་མི་རྣམས་ཀྱི་མཆོད་པའང་བཞེས་སུ་མ་གནང་ངོ ། །དེང་སླན་ཆད་ནི་ཡེ་ཤེས་ཀྱི་ཉི་མའང་ནུབ་པར་གྱུར། བླ་ན་མེད་པའི་ཆོས་ཀྱི་གྲུའང་བྱིང་བར་
Ka29b
གྱུར་ཏོ། །ཀྱི་ཧུད་རེ་སྡུག་།འཇིག་རྟེན་སྡུག་བསྔལ་ཆེན་པོས་གདུངས་པར་གྱུར་ཏོ་ཞེས་སྨྲས་ནས། བྲང་ལ་ཁུ་ཚུར་གྱིས་རྡེག་ཅིང་ཆོ་ངེ་འདོན་པས་ལུས་ཀྱིས་མི་བཟོད་པ་ཙམ་དུ་ཤིན་ཏུ་འདར་ཏེ།་བ་སྤུའི་ཁུང་བུ་ཀུན་ནས་ཁྲག་ཀྱང་ཟག་པར་གྱུར་ཏོ། །དེའི་ཚེ་འཁོར་གྱི་དཀྱིལ་འཁོར་དེ་ན་གྲོང་ཁྱེར་རྩཝ་མཆོག་གི་ཤིང་མཁན་གྱི་བུ་དགེ་བསྙེན་ཙུནད་ཞེས་བྱ་བ་རིས་མཐུན་པའི་འཁོར་ལྔ་བཅུ་དང་ལྷན་ཅིག་ཏུ་འདུས་སོ། །དེས་འཇིག་རྟེན་དུ་བཅས་པ་དག་དགེ་བའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་སྔོན་གྱི་ཚུལ་བཏང་ནས་འདུག་པ་ལས་ལངས་ཏེ། བླ་གོས་ཕྱོགས་གཅིག་ཏུ་བྱས།་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར། མཆི་མ་བླགས་ཏེ། སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དགེ་སློང་གི་དགེ་འདུན་དང་བཅས་པས་བདག་ཅག་གིས་མཆོད་པ་ཐ་མ་འདི་བཞེས་སུ་གསོ། དེའང་སེམས་ཅན་དཔག་ཏུ་མ་མཆིས་པ་དག་བསྒྲལ་པའི་སླད་དུའོ། །བཅོམ་ལྡན་འདས། བདག་ཅག་ནི་དང་སླན་ཆད་མགོན་མ་མཆིས། སྐྱབས་མ་མཆིས། དཔུང་གཉེན་མ་མཆིས། རྟེན་མ་མཆིས། གནས་མ་མཆིས་ཏེ། ཤིན་ཏུ་དབུལ་ཕོངས་པས་དེ་བཞིན་གཤེགས་པ་ལ་སླད་མ་མ་མཆིས་པའི་དུས་ཀྱི་ཚོགས་ཙམ་ཞིག་གསོལ་ལོ། །བཅོམ་ལྡན་འདས། ཐུགས་བརྩེ་བའི་སླད་དུ་བདག་
Ka30a
༄#། །ཅག་གི་མཆོད་པ་ཐ་མ་འདི་བཞེས་ནས། གདོད་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་སུ་གསོལ། བཅོམ་ལྡན་འདས། དཔེར་ན། རྒྱལ་རིགས་སམ། བྲམ་ཟེའམ། གདོལ་པའང་རུང ། དབུལ་ཕོངས་པས་ཡུལ་གཞན་དུ་མཆིས་ཏེ། ཞིང་གི་ལས་ལ་ཞུགས་ནས་རྨོན་པ་དུལ་བ་དང ། ཞིང་ཡང་གཤིན་ལ་ས་གཞིའང་མཉམ་པ་དང ། གསེག་མ་དང ། ཞིང་གི་ངོ་ཡུར་མ་མཆིས་ན་དགུང་ཆར་འབའ་ཞིག་ལ་རེའོ། །བཅོམ་ལྡན་འདས། རྨོན་པ་དུལ་བ་ཞེས་བགྱི་བ་ནི། ལུས་དང་ངག་གི་ལས་བདུན་པོའི་དཔེའོ། །ཞིང་གཤིན་ལ་ས་གཞི་མཉམ་པ་ཞེས་བགྱི་བ་ནི། ཤེས་རབ་ཀྱི་དཔེའོ། །གསེག་མ་དང ། ཞིང་གི་ངོ་ཡུར་མ་མཆིས་པ་ཞེས་བགྱི་བ་ནི། ཉོན་མོངས་པའི་དཔེའོ། །བཅོམ་ལྡན་འདས། བདག་ཅག་ལའང་རྨོན་པ་དུལ་བ་དང ། ཞིང་གཤིན་པའང་མཆིས་ལ། ཞིང་གི་ངོ་ཡུར་མ་བསལ་ན་དེ་བཞིན་གཤེགས་པའི་བདུད་རྩིའི་ཆོས་ཀྱི་ཆར་འབའ་ཞིག་ལ་རེའོ། །རིགས་དབུལ་པོ་བཞི་ནི་བདག་ལགས་ཏེ། བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ཆོས་ཀྱི་རིན་པོ་ཆེས་དབུལ་ཏེ་ཕོངས་ན་ཐུགས་བརྩེ་བའི་སླད་དུ་བདག་ཅག་གི་དབུལ་ཕོངས་པའི་སྡུག་བསྔལ་བསལ་ཞིང་སྡུག་བསྔལ་གྱིས་ཡོངས་སུ་གདུངས་པའི་སེམས་ཅན་ཚད་མ་མཆིས་པ་བསྒྲལ་དུ་གསོལ། བདག་ཅག་གི་མཆོད་པ་འདི་ཤིན་ཏུ་ཆུང་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་
Ka30b
པའི་འཁོར་མང་པོ་ཀུན་གྱི་བསོད་སྙོམས་སུ་འཚལ་ན། བཅོམ་ལྡན་འདས། བདག་ཅག་ལ་མགོན་མ་མཆིས། སྐྱབས་མ་མཆིས། དཔུང་གཉེན་མ་མཆིས་ན་སྒྲ་གཅན་འཇིག་ལྟ་བུར་ཐུགས་བརྩེ་བར་དགོངས་སུ་གསོ། དེ་ནས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བས་ཙུནད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལེགས་སོ། །ལེགས་སོ། །ངས་ཁྱོད་ཀྱི་དབུལ་ཕོངས་པ་མེད་པ་དང ། བླ་ན་མེད་པའི་ཆོས་ཀྱི་ཆར་ཁྱོད་ཀྱི་ལུས་ལ་དབབ་ཅིང་ཆོས་ཀྱི་མྱུ་གུ་སྐྱེ་བར་བྱའོ། །ཁྱོད་ནི་ད་ལྟར་ཚེ་དང ། མདོག་དང ། སྟོབས་དང ། བདེ་བ་དང ། ཐོགས་པ་མེད་པའི་སོ་སོར་ཡང་དག་པར་ཤེས་པ་ཐོབ་པར་འདོད་དེ། ངས་ཁྱོད་ལ་ཚེ་དང ། མདོག་དང ། སྟོབས་དང ། བདེ་བ་དང ། ཐོགས་པ་མེད་པའི་སོ་སོར་ཡང་དག་པར་ཤེས་པ་རྟག་ཏུ་སྦྱིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཙུནྡ། ཟས་ཀྱི་སྦྱིན་པ་བྱིན་པས་ཁྱད་པར་མེད་པའི་འབྲས་བུ་རྣམ་པ་གཉིས་ཐོབ་པར་འགྱུར་རོ། །གཉིས་གང་ཞེ་ན། བཞེས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་དང ། བཞེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའོ། །ངས་ཀྱང་ཁྱོད་ཀྱི་མཆོད་པ་ནང་གི་ཐ་མ་འདི་བཞེས་པས་ཁྱོད་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཏོ། །དེ་ནས་ཙུནྡས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན་སྦྱིན་པ་བྱིན་པའི་འབྲས་བུ་རྣམ་པ་གཉིས་
Ka31a
༄#། །ཁྱད་པར་མ་མཆིས་སོ་ཞེས་བགྱི་བ་དེ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། སྔར་སྦྱིན་པ་བཞེས་པ་ནི་ཉོན་མོངས་པའང་མང་བས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཡོངས་སུ་རྫོགས་པར་མ་གྱུར། སེམས་ཅན་གྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བགྱིད་པའང་མ་ལགས་སོ། །སྦྱིན་པ་བྱིན་བ་སླད་ཀྱིས་བཞེས་པ་ནི་ཉོན་མོངས་པའང་བས་པར་གྱུར་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཡོངས་སུ་རྫོགས་ཤིང་སེམས་ཅན་གྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་བགྱིད་པ་ལགས་སོ། །སྦྱིན་པ་སྔར་བླངས་པ་ནི་སེམས་ཅན་ནོ། །སྦྱིན་པ་ཕྱིས་བ་ཞེས་པ་ནི་ལྷའི་ལྷའོ། །སྦྱིན་པ་སྔར་བླངས་པ་ནི་ཟས་དང་འདྲེས་པའི་ལུས། ཉོན་མོངས་པ་དང་བཅས་པའི་ལུས། ཐབ་ཅན་གྱི་ལུས། མི་རྟག་པའི་ལུས་སོ། །སྦྱིན་པ་ཕྱིས་བཞེས་པ་ནི་ཉོན་མོངས་པ་མ་མཆིས་པའི་སྐུ། རྡོ་རྗེ་ལྟ་བུའི་སྐུ། ཆོས་ཀྱི་སྐུ། རྟག་པའི་སྐུ། མཐའ་ཡས་པའི་སྐུ་ལགས་ན། ཅིའི་སླད་དུ་སྦྱིན་པ་རྣམ་པ་གཉིས་ཀྱི་འབྲས་བུ་ཁྱད་པར་མ་མཆིས་ཞེས་གསུངས། སྔར་སྦྱིན་པ་བླངས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་འགྱུར་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡོངས་སུ་རྫོགས་པར་མ་འགྱུར་ཏེ། ཤའི་མིག་འབའ་ཞིག་ཐོབ་ཀྱི་སངས་རྒྱས་ཀྱི་སྦྱིན་མི་ཐོབ་པ་ནས་ཤེས་རབ་ཀྱི་སྤྱན་གྱི་བར་དུ་ཐོབ་པ་མ་ལགས་སོ། །སྦྱིན་པ་
Ka31b
ཕྱིས་བཞེས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡོངས་སུ་རྫོགས་ལ། སངས་རྒྱས་ཀྱི་སྤྱན་དང་ལྡན་པ་ནས་ཤེས་རབ་ཀྱི་སྤྱན་གྱི་བར་དུ་ལྡན་པ་ལགས་ན། ཅིའི་སླད་དུ་སྦྱིན་པ་རྣམ་པ་གཉིས་ཀྱི་འབྲས་བུ་ཁྱད་པར་མ་མཆིས་ཞེས་གསུངས། བཅོམ་ལྡན་འདས། སྦྱིན་པ་སྔར་བླངས་པ་ནི་བླངས་མ་ཐག་ཏུ་འཚལ་ནས་དེ་མ་ཐག་ཏུ་ཞུ་བས་ཚེ་དང ། མདོག་དང ། སྟོབས་དང ། བདེ་བ་དང ། སོ་སོ་ཡང་དག་པར་རིག་པ་ཐོབ་པ་ལགས་སོ། །སྦྱིན་པ་ཕྱིས་བཞེས་པ་ནི་གསོལ་བ་དང་ཞུ་བའང་མ་མཆིས་ལ། འབྲས་བུ་རྣམ་པ་ལྔ་པོའང་མ་མཆིས་ན། ཅིའི་སླད་དུ་སྦྱིན་པ་རྣམ་པ་གཉིས་ཀྱི་འབྲས་བུ་ཁྱད་པར་མ་མཆིས་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི་བསྐལ་བ་ཚད་མེད་མཐའ་ཡས་གྲངས་མེད་པའི་བར་དུ་ཟས་སམ་ཉོན་མོངས་པ་དང་བཅས་པའི་སྐུ་མ་ཡིན། ནང་གི་ཐ་མའི་སྐུ་མ་ཡིན་ཏེ། རྟག་པའི་སྐུ། ཆོས་ཀྱི་སྐུ།་རྡོ་རྗེའི་སྐུའོ། །རིགས་ཀྱི་བུ། སངས་རྒྱས་ཀྱི་རང་བཞིན་མ་མཐོང་བ་ནི་ཉོན་མོངས་པའི་ལུས། ཟས་དང་བཅས་པའི་ལུས། ནང་གི་ཐ་མའི་ལུས་སོ། །བྱང་ཆུབ་སེམས་དཔའ་དེའི་ཚེ་བསོད་སྙོམས་བཞེས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བསོད་སྙོམས་ཞུ་མ་ཐག་ཏུ་སངས་རྒྱས་ཀྱི་རང་བཞིན་མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
Ka32a
༄#། །ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་བས་ན་སྦྱིན་པ་རྣམ་པ་གཉིས་ཀྱི་འབྲས་བུ་ཁྱད་པར་མེད་དོ་ཞེས་ངས་གསུངས་སོ། །བྱང་ཆུབ་སེམས་དཔའ་ཐོག་མའང་བདུད་བཞི་བཅོམ་ལ། ང་མྱ་ངན་ལས་འདའ་ཀར་ཡང་བདུད་རྣམ་བཞི་བཅོམ་པས། དེ་བས་ན་སྦྱིན་པ་རྣམ་པ་གཉིས་ཀྱི་འབྲས་བུ་ཁྱད་པར་མེད་དོ་ཞེས་ངས་གསུངས་སོ། །བྱང་ཆུབ་སེམས་དཔའ་དེའི་ཚེ་ན་མདོ་སྡེ་བཅུ་གཉིས་རྒྱས་པར་མ་གསུངས་མོད་ཀྱི། ཐམས་ཅད་སྔར་ཐུགས་སུ་ཆུད་ལ་ད་མྱ་ངན་ལས་འདའ་ཀར་སེམས་ཅན་རྣམས་ལ་རྒྱས་པར་ཕྱེ་ཞིང་བསྟན་པས་དེ་བས་ན་སྦྱིན་པ་རྣམ་པ་གཉིས་ལ་ཁྱད་པར་མེད་དོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྐུ་ནི་བསྐལ་པ་ཚད་མེད་གྲངས་མེད་པའི་བར་དུ་བསོད་སྙོམས་མི་གསོལ་མོད་ཀྱི། ཉན་ཐོས་རྣམས་ལ་འདི་སྐད་ཅེས་གསུངས་ཏེ། སྔོན་དེ་བཞིན་གཤེགས་པས་གནག་རྫི་མོ་ནནྟ་དང ། ནནྟ་པ་ལ་གཉིས་ཀྱིས་འོ་མའི་འཇམ་ཕུལ་བ་བཞེས་ནས། གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ང་ནི་ཡང་དག་པར་བཤོས་མི་གསོལ་ཏེ། འཁོར་གྱི་དཀྱིལ་འཁོར་མང་པོ་འདི་དག་གི་ཕྱིར་ཁྱོད་ཀྱི་མཆོད་པ་ཐ་མ་འདི་བཞེས་མོད་ཀྱི། ཡང་དག་པར་ན་གསོལ་བ་མེད་དོ། །དེའི་ཚེ་ན་འཁོར་གྱི་དཀྱིལ་འཁོར་དེ་རྣམས་བཅོམ་ལྡན་འདས་ཀྱིས་ཙུནདའི་མཆོད་པ་བཞེས་པ་མཐོང་ནས་
Ka32b
ཐམས་ཅད་དགའ་མགུ་རངས་ཏེ་སྐད་མཐུན་པས་ཙུནད་ལ་ལེགས་སོ། །ཤིན་ཏུ་ལེགས་སོ་ཞེས་སྨྲས་ཏེ། ཁྱོད་ཀྱི་མིང་བཏགས་པ་ཐོབ་ཏུ་བབ་བོ། །ཙུནད་ཞེས་བྱ་བ་ནི་དོན་དམ་པ་ལ་མཁས་པ་སྟེ།་ཁྱོད་ཀྱིས་ཀྱང་དེང་འདིར་དོན་ཆེན་པོ་བརྩམས་པས་དེ་བས་ན་དོན་ལས་མིང་ཙུནད་ཞེས་བཏགས་ཏེ། ཁྱོད་ཀྱིས་ནི་ཚེ་འདི་ཉིད་ལ་གྲགས་པ་དང ། ཕན་པའི་དོན་ཆེན་པོ་ཐོབ་ཅིང་སྨོན་པའང་ཡོངས་སུ་རྫོགས་པར་གྱུར་ཏེ། ངོ་མཚར་ཆེའོ། །ཙུནྡ། མིའི་ནང་དུ་སྐྱེས་ཀྱང་བླ་ན་མེད་པའི་བདེ་བ་ཤིན་ཏུ་རྙེད་དཀའ་བ་ཐོབ་བོ། །ལེགས་སོ། །ཙུནྡ། མེ་ཏོག་ཨུ་དུམ་ཝཱ་ར་ལྟར་འཇིག་རྟེན་ན་ཤིན་ཏུ་དཀོན་པ་སྟེ། སངས་རྒྱས་འཇིག་རྟེན་དུ་གཤེགས་པའང་ཤིན་ཏུ་རྙེད་དཀའ་ལ། སངས་རྒྱས་དང་ཕྲད་ནས་དད་པ་བསྐྱེད་པའང་ཤིན་ཏུ་དཀའ། ཆོས་ཐོས་པའང་ཤིན་ཏུ་དཀའ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་ཀར་མཆོད་པ་བཤམས་ཏེ་འབུལ་བའང་ཤིན་ཏུ་དཀའོ། །ཙུནད་ལ་ཕྱག་འཚལ་ལོ། །ཙུནད་ལ་ཕྱག་འཚལ་ལོ། །ཁྱོད་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཏེ། སྟོན་གྱི་ཚེས་བཅོ་ལྔའི་ཟླ་བ་ལྟར་རྒྱས་ཤིང་ཡོངས་སུ་དག་ལ། སྤྲིན་ནམ་ན་བུན་གྱིས་མ་ཆོད་ན་ཐམས་ཅད་ཀྱིས་བལྟ་པ་དང་འདྲ་བར་ཁྱོད་ཀྱང་དེ་དང་འདྲ་བར་བདག་ཅག་ལ་སོགས་པས་ཤིན་ཏུ་བལྟ་བར་གྱུར་ཏོ། །ཁྱོད་ཀྱི་མཆོད་པ་ནང་གི་ཐ་མ་བཞེས་པས་ཁྱོད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཏེ། ཙནད་ཁྱོད་ལ་ཕྱག་
Ka33a
༄#། །འཚལ་ལོ། །དེ་བས་ན་ཁྱོད་ནི་ཟླ་བ་ཡོངས་སུ་རྒྱས་པ་དང་འདྲ་སྟེ། སེམས་ཅན་གང་ཡང་མི་ལྟ་བ་མེད་དོ། །ཙུནད་ཁྱོད་ལ་ཕྱག་འཚལ་ལོ། །མིའི་ལུས་ཐོབ་ནས་ཀྱང་སེམས་ནི་སངས་རྒྱས་ཀྱི་ཐུགས་དང་འདྲ་བས་ཙུནད་ཁྱོད་ནི་སངས་རྒྱས་ཀྱི་སྲས་ཡང་དག་པ་སྟེ། སྒྲ་གཅན་འཛིན་དང་ཐ་མི་དད་དོ། །དེ་ནས་འཁོར་གྱི་དཀྱིལ་འཁོར་དེ་རྣམས་ཀྱིས་ཚིགས་སུ་བཅད་དེ་སྨྲས་པ། མི་ཡི་ནང་ན་ཁྱོད་སྐྱེས་པ། །དྲུག་པོ་ལྷ་ལས་ཤིན་ཏུ་འཕགས། །བདག་ཅག་འཁོར་རྣམས་ཐམས་ཅད་ཀྱིས། །ཁྱོད་ལ་ཕྱག་འཚལ་གསོལ་བ་འདེབས། །མི་ཡི་སྐྱེས་བུ་ཁྱུ་མཆོག་ནི། །ཡོངས་སུ་མྱ་ངན་འདའ་ཞེས་གསུངས། །བདག་ཅག་རྣམས་ལ་སྙིང་བརྩེའི་ཕྱིར། །སངས་རྒྱས་བཞུགས་པར་གསོལ་བ་ཐོབ། །ཡུན་དུ་འཇིག་རྟེན་འདིར་བཞུགས་ཤིང ། །ཚད་མེད་འཁོར་ལ་ཕན་པའི་ཕྱིར། །མཁས་པ་རྣམས་ཀྱིས་བསྔགས་པ་ཡི། །བླ་མེད་ཆོས་མཆོག་བཤད་དུ་གསོལ། །ཁྱོད་ཀྱིས་གསོལ་བ་མ་བཏབ་ན། །བདག་ཅག་རྣམས་ནི་མི་འཚོའོ། །དེ་བས་ཁྱོད་ཀྱིས་གསོལ་བ་ཐོབ། །ཁ་ལོ་སྒྱུར་བའི་སྟོན་པ་ལ་དེའི་ཚེ་ཙུནད་ཤིན་ཏུ་དགའ་མགུ་རངས་པ་ནི། དཔེར་ན། མི་ཞིག་ཕ་མ་ཤི་བ་ལས་ཕྱིར་སོས་པ་ཙམ་དུ་ཙུནདའང་ཤིན་ཏུ་དགའ་བར་གྱུར་ནས། སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ཏེ་ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ། །
Ka33b
ལེགས་སོ་བདེ་བའི་དོན་དུ་གྱུར། །མི་ཡི་ལུས་ཀྱང་ལེགས་པར་ཐོབ། །འདོད་ཆགས་ཞེ་སྡང་གཏི་མུག་བསལ། །ངན་སོང་གསུམ་ཡང་ཡོངས་སུ་སྤངས། །ལེགས་སོ་བདེ་བའི་དོན་གྱུར་ཏེ། ། རིན་ཆེན་གསེར་གྱི་རི་མཐོང་ནས། །སྟོན་པ་ཁ་ལོ་སྒྱུར་དང་མཇལ། །བྱོལ་སོང་ཁམས་སུ་སྐྱེ་མི་དོགས། །སངས་རྒྱས་ཨུ་དུམ་ཝཱ་ར་ལྟར། །ཕྲད་པའི་དུས་ཀྱང་ཤིན་ཏུ་དཀའ། །ཕྲད་ནས་དགེ་བའི་རྩ་བའང་བསྐྱེད། །ཡི་དྭགས་སྡུག་བསྔལ་ཡོངས་སུ་བཅོམ། །གཞན་ཡང་ཡོངས་སུ་བཅོམ་པ་ནི། །ལྷ་མ་ཡིན་གྱི་རིས་རྣམས་ཏེ། །ཁབ་རྩེས་ཡུངས་ཀར་བཟེད་པ་བས། །སངས་རྒྱས་འབྱུང་བ་དེ་བས་དཀའ། །བདག་ནི་སྦྱིན་པ་ཡོངས་རྫོགས་ཏེ། །ལྷ་དང་མི་ཡི་རྒྱུད་ལས་ཐར། །འཇིག་རྟེན་ཆོས་ཀྱིས་མ་གོས་པ། །པདྨོ་ཆུས་མི་ཆགས་བཞིན་ཏེ། །སྲིད་པའི་བར་དུ་ལེགས་པར་སྤངས། །འཁོར་བའི་རྒྱུན་ལས་ཡོངས་སུ་གྲོལ། །མི་ཡི་ལུས་ཐོབ་ཤིན་ཏུ་དཀའ། །སངས་རྒྱས་འབྱུང་དང་ཕྲད་པར་དཀའ། །ཇི་ལྟར་རྒྱ་མཚོ་ཆེན་པོའི་ནང ། །རུས་སྦལ་ལོང་བ་འབྱུང་བ་དེ། ། ཤིང་གི་བུ་གར་མགོ་ཆུད་བཞིན། །སངས་རྒྱས་འབྱུང་བ་དེ་བས་དཀའ། །བདག་གིས་མཆོད་པ་གསོལ་བ་འདི། །བླ་མེད་འབྲས་བུ་ཐོབ་པར་སྨོན། །ཀུན་ནས་ཉོན་མོངས་ཐམས་ཅད་ནི། །སྙིང་པོ་མེད་པས་ཐམས་ཅད་བཅོམ། །བདག་ཉིད་དེ་ལྟར་འདི་ཉིད་ན། །ལྷ་དང་མི་ཡི་ལུས་མི་རེ། །ཅི་སྟེ་ཐོབ་པར་གྱུར་ན་ཡང ། །དེ་ལ་དགའ་བ་མོས་པ་མེད། །བཅོམ་ལྡན་བདག་གི་མཆོད་
Ka34a
༄#། །བཞེས་པས། །ཤིན་ཏུ་དགའ་བ་དཔག་མ་མཆིས། །ེ་རཎྜ་ཡི་མེ་ཏོག་ལས། །ཙནྡན་བཟང་པོའི་དྲི་འབྱུང་བཞིན། །བདག་ནི་ཨེ་རན་འདྲ་བ་སྟེ། །བཅོམ་ལྡན་བདག་གི་མཆོད་བཞེས་པས། །ཙནྡན་བཟང་པོའི་བསུང་མངར་བཞིན། །དེ་བས་བདག་ནི་ཤིན་ཏུ་དགའ། །བདག་ནི་འབྲས་བུ་མངོན་དུ་ཐོབ། །བླ་མེད་མཆོག་གི་གནས་ཕྱིན་ཏེ། །ཚངས་པ་བརྒྱ་བྱིན་ལྷ་རྣམས་ཀྱང ། །ལྷགས་ནས་བདག་ལ་མཆོད་པ་བགྱིད། །འཇིག་རྟེན་བཅས་པ་ཐམས་ཅད་ནི། །སྡུག་བསྔལ་ཆེན་པོའི་མྱ་ངན་སྐྱེས། །སྣགས་རྒྱས་བཅོམ་ལྡན་འདས་བཞུགས་པ། །ཡོངས་སུ་མྱ་ངན་འདའ་ཞེས་རྟོགས། །ཐམས་ཅད་མཐུན་པར་སྐད་ཆེན་པོས། །འཇིག་རྟེན་ཁ་ལོ་སྒྱུར་པ་མེད། །སེམས་ཅན་ཐམས་ཅད་མི་སྤང་ཞིང ། །སྲས་དང་འདྲ་བར་གཟིགས་སུ་གསོལ། །བཅོམ་ལྡན་དགེ་འདུན་འཁོར་རྣམས་ལ། །བླ་ན་མེད་པའི་ཆོས་སྟོན་པ། །ཇི་ལྟར་རྒྱ་མཚོ་ཆེན་པོའི་དབུས། །རིན་ཆེན་རི་རབ་སྣང་བ་བཞིན། །བཅོམ་ལྡན་མི་ཤེས་ཡོངས་གཅོད་པ། །མ་རིག་པ་ཡི་མུན་སེལ་ཏེ། །ཇི་ལྟར་ནམ་མཁའ་བར་སྣང་ལ། །སྤྲིན་ཆོད་ཡོངས་སུ་སེལ་པ་བཞིན། །བཅོམ་ལྡན་ཡོངས་སུ་སེལ་བ་ནི། །ཀུན་ནས་ཉོན་མོངས་ཐམས་ཅད་དེ། །ཇི་ལྟར་ཉི་མ་ཤར་ནས་སུ། །སྤྲིན་མེད་ཀུན་ཏུ་སྣང་བ་བཞིན། །ད་ལྟར་སེམས་ཅན་འདི་དག་ནི། །ཤིན་ཏུ་
Ka34b
དུས་པས་མིག་ཀྱང་སྐྲངས། །ཐམས་ཅད་འཁོར་བར་འཁོར་བ་ཡི། །སྡུག་བསྔལ་འབབ་ཀླུང་གཡེངས་པར་གྱུར། །དེ་བས་སངས་རྒྱས་བཅོམ་ལྡན་འདས། །འགྲོ་བའི་དད་པ་བསྐྱེད་པ་དང ། འཁོར་བའི་སྡུག་བསྔལ་གཅད་པའི་ཕྱིར། །འཇིག་རྟེན་ཡུན་དུ་བཞུགས་པར་གསོལ། །བཅོམ་ལྡན་འདས་ཀྱིས་ཙུནད་ལ་བཀའ་སྩལ་པ། དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཁྱོད་ཀྱིས་སྨྲས་པ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་གཤེགས་པའང་ཤིན་ཏུ་དཀའ་བ་ནི་མེ་ཏོག་ཨུ་དུམ་ཝཱ་ར་དང་འདྲའོ། །སངས་རྒྱས་དང་ཕྲད་ནས་དད་པ་སྐྱེ་བའང་དེ་བས་ཤིན་ཏུ་དཀའོ། །སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་ཀར་མཆོད་པ་ཕུལ་བ་བཞེས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་པའང་དེ་བས་ཤིན་ཏུ་དཀའ་སྟེ། ཙུནད་ཁྱོད་མྱ་ངན་མ་བྱེད་པར་ཤིན་ཏུ་དགའ་བས་བདག་སྤྲོ་བ་སྐྱེད་ཅིག་།དེ་བཞིན་གཤེགས་པས་མཆོད་པ་ནང་གི་ཐ་མ་འདི་བཞེས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་པས་ཆོག་གི། བཅོམ་ལྡན་འདས་ལ་འཇིག་རྟེན་ན་ཡུན་དུ་བཞུགས་པར་གསོལ་བ་མ་འདེབས་ཤིག་།ཁྱོད་ཀྱིས་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཐམས་ཅད་མི་རྟག་ལ། འདུ་བྱེད་རྣམས་ཀྱི་མཚན་ཉིད་ཀྱང་དེའི་ཚུལ་དུ་རིག་པར་གྱིས་ཤིག་།དེ་ནས་ཙུནད་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། འཇིག་རྟེན་བཅས་པ་ཐམས་ཅད་ནི། །སྐྱེ་བ་
Ka35a
༄#། །ཡོད་ན་འཆི་བ་ཡོད། །ཚེ་ལོ་གྲངས་མེད་ཐུབ་པ་ཡང ། །ཐ་མར་ཟད་པར་རིག་པར་བྱ། །དར་བ་ཡོད་ན་རྒུད་པ་ཡོད། །འདུ་བ་ཡོད་ན་འབྲལ་བར་འགྱུར། །ལང་ཚོ་དེ་ཡང་མི་རྟག་སྟེ། །དར་བའི་མདོག་ཀྱང་ནད་ཀྱིས་འཕྲོག་།འཚོ་བའི་ཚེ་ཡང་འཆི་བས་འཕྲོག་།རྟག་པའི་ཆོས་ནི་གང་ཡང་མེད། །དབང་དུ་གྱུར་པའི་རྒྱལ་པོ་དག་།བྱིན་དང་མཐུ་སྟོབས་ཟླ་མེད་ཀྱང ། །ཐམས་ཅད་འགྱུར་ཞིང་འཕོ་བས་ན། །འཚོ་བའི་སྲོག་ཀྱང་དེ་བཞིན་ནོ། །སྡུག་བསྔལ་འཁོར་ལོ་མཐའ་མེད་དེ། །འཁོར་བར་འཁོར་བ་རྒྱུན་མི་འཆད། །ཁམས་གསུམ་ཐམས་ཅད་རྟག་པ་མེད། །སྲིད་པ་ཐམས་ཅད་བདེ་མ་ཡིན། །སྲིད་པའི་མཚན་ཉིད་དངོས་པོ་ནི། །ཐམས་ཅད་སྟོང་བ་མེད་པ་སྟེ། །འཇིག་པའི་ཆོས་ཅན་འགྱུར་ཞིང་འཕོ། །མྱ་ངན་སྐྱོན་དང་རྟག་ཏུ་བཅས། །སྐྱོན་མང་འཇིག་པའི་ཆོས་ཅན་ཏེ། །རྒ་དང་ན་འཆིས་རྟག་ཏུ་གཙེས། །སྲིད་པའི་ཆོས་ནི་མཐའ་ཡས་པས། །འགྱུར་ཞིང་འཕོ་བའི་དགྲ་དང་བཅས། །ཉོན་མོངས་ཀུན་ཏུ་གླགས་པ་ནི། །ཇི་ལྟར་དར་གྱི་སྲིན་བུ་བཞིན། །དེ་ལ་མཁས་པ་ཤེས་རབ་ཅན། །སུ་ཞིག་དགའ་ཞིང་མོས་པར་བྱེད། །ལུས་འདི་སྡུག་བསྔལ་ཕུང་པོ་སྟེ། །ཐམས་ཅད་མི་གཙང་བཙོག་པའོ། །སྐྱོན་གྱིས་བཅིངས་ཤིང་རྨ་དང་ལྡན། །ཕན་པའི་དོན་ནི་ཡེ་ནས་མེད། །ཡར་ན་ལྷ་ཡི་ལུས་བར་དུ། །ཐམས་ཅད་དེ་དང་འདྲ་བས་ན། །འདོད་པ་ཐམས་
Ka35b
ཅད་མི་རྟག་པས། །ང་ནི་དེ་ལ་ཆགས་མི་བྱེད། །འདོད་སྤངས་ལེགས་པར་ཡིད་བྱས་ན། །ཡང་དག་བདེན་པ་རིག་པར་འགྱུར། །སྲིད་པ་ཡོངས་སུ་གཅོད་པ་ནི། །དེང་འདིར་ཡོངས་སུ་མྱ་ངན་འདའ། །ང་ནི་སྲིད་པའི་ཕ་རོལ་ཕྱིན། །སྡུག་བསྔལ་ཀུན་ལས་ཤིན་ཏུ་འདས། །དེ་བས་ད་ལྟར་ཐོབ་པ་ནི། །བླ་མེད་བདེ་བ་འབའ་ཞིག་གོ་།དེ་ཡི་རྒྱུ་དང་རྐྱེན་གྱིས་ན། །སྤྲོས་པ་མེད་པའི་མཐའ་རིག་སྟེ། །བཅིང་བ་ཐམས་ཅད་ཡོངས་བཅད་ནས། །དེང་འདིར་ཡོངས་སུ་མྱ་ངན་འདའ། །ང་ལ་རྒ་ཤི་ན་བ་མེད། །སྐུ་ཚེའི་ཚད་ཀྱང་ཟད་མི་ཤེས། །དེང་དུ་མྱ་ངན་འདས་པ་ནི། །ཇི་ལྟར་མེ་ཆེན་ཤི་བ་བཞིན། །ཙུནད་ཁྱོད་ནི་མ་རྟོག་ཅིག་།དེ་བཞིན་གཤེགས་པའི་དོན་རྣམས་ལ། །དེ་བཞིན་གཤེགས་པའི་སྙིང་པོ་འདི། །རི་རབ་བཞིན་དུ་བརྟག་པར་བྱ། །ང་ནི་མྱ་ངན་འདས་བཞུགས་ཏེ། །མཆོག་གི་བདེ་བ་མྱོང་བར་འགྱུར། །སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཡིན། །དེ་བས་ངུ་བར་མི་བྱའོ། །དེ་ནས་ཙུནྡས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། དེ་དེ་བཞིན་ཏེ། །དེ་དེ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་བཞིན་ཏེ། བདག་འཚལ་བའི་ཤེས་རབ་ཤིན་ཏུ་ཆུང་བ་ནི། དཔེར་ན། སྦྲང་བུ་དང་འདྲ་བ་བདག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་པའི་དོན་ཟབ་མོ་ག་ལ་རིག་།བཅོམ་ལྡན་འདས། བདག་ནི་ཀླུང་ཆེན་པོ་དང་འདྲ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་
Ka36a
༄#། །ཆེན་པོ་ཀུན་ནས་ཉོན་མོངས་པ་དང ། ཟག་པ་ཐམས་ཅད་བས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་དང་མཉམ་པར་གྱུར་ཏོ། །བཅོམ་ལྡན་འདས་དཔེར་ན། གསར་བུ་རབ་ཏུ་བྱུང་བ་བསྙེན་པར་མ་རྫོགས་མོད་ཀྱི། དགེ་འདུན་གྱི་གྲངས་སུ་མཆི་བ་དང་འདྲ་བར་བདག་ཀྱང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱི་རླབས་ཀྱིས་དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་གི་གྲངས་སུ་གཏོགས་པར་གྱུར་ཏེ། དེ་བས་ན་བདག་ནི་དེ་བཞིན་གཤེགས་པ་ཡུན་དུ་འཇིག་རྟེན་ན་བཞུགས་ཤིང ། མྱ་ངན་ལས་མི་འདའ་བར་གསོལ་ལོ། །བཅོམ་ལྡན་འདས། དཔེར་ན། མི་བཀྲེས་པ་དེ་ནི་སླར་སློན་མི་གདའ་བ་སྟེ། བཅོམ་ལྡན་འདས། བདག་ཀྱང་དེ་དང་འདྲ་ན་མྱ་ངན་ལས་མི་འདའ་བར་འཇིག་རྟེན་ན་ཡུན་དུ་བཞུགས་པར་གསོལ་ལོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཙུནད་ལ་འདི་སྐད་ཅེས་སྨྲས་སོ། །ཙུནད་ཁྱོད་འདི་སྐད་དུ་དེ་བཞིན་གཤེགས་པ་འཇིག་རྟེན་ན་ཡུན་དུ་བཞུགས་ཤིང་ཡོངས་སུ་མྱ་ངན་ལས་མི་འདའ་བར་གསོལ་བ། ཇི་ལྟར་མི་ཤིན་ཏུ་བཀྲེས་པ་དེ་སྐྱུག་བྲོ་མི་སྲིད་དོ་ཞེས་དེ་སྐད་མ་ཟེར་བར་ཁྱོད་འདུ་བྱེད་རྣམས་ཀྱི་མཚན་ཉིད་ལ་ཤིན་ཏུ་རྟོགས་ཤིག་།དེ་ལྟར་འདུ་བྱེད་ལ་བརྟགས་ན་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་ལྡན་པར་འགྱུར་གྱི། ཡང་དག་པའི་ཆོས་འདོད་པ་དག་དེ་ལྟ་བུའི་ཚུལ་དུ་བསླབ་པར་བྱའོ།།
Ka36b
ཙུནྡས་འཇམ་དཔལ་ལ་སྨྲས་པ། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། ལྷ་དང་མིའི་ནང་ན་མཆོག་ཏུ་གྱུར། ཕུལ་དུ་གྱུར་ན། ཅི་དེ་བཞིན་གཤེགས་པ་འདུ་བྱེད་ལགས་སམ། ཅི་སྟེ་འདུ་བྱེད་ལགས་སྐྱེ་ཞིང་འགོག་པའི་ཆོས་ཅན་དུ་འགྱུར་ཏེ། དཔེར་ན། ཆུའི་ཆུ་བུར་ལྟར་དེ་མ་ཐག་ཏུ་འབྱུང་ལ། དེ་མ་ཐག་ཏུ་འཇིག་སྟེ། འཁོར་བར་འཁོར་བ་ནི་ཤིང་རྟའི་འཁོར་ལོ་དང་མཚུངས་ཏེ། འདུ་བྱེད་ཐམས་ཅད་ཀྱང་དེ་དང་མཚུངས་སོ། །བདག་གིས་སྔོན་ཐོས་པ་ལྟར་ན་ལྷ་རྣམས་ཀྱི་ཚེའི་ཚད་ཀྱང་ཤིན་ཏུ་རིང་ངོ་ཞེས་འབྱུང་ན། ཅིའི་སླད་དུ་བཅོམ་ལྡན་འདས་ལྷའི་ལྷ་སྐུ་ཚེ་རབ་ཏུ་ཐུང་སྟེ། ལོ་བརྒྱར་ཡང་མི་བཞུགས་པར་གྱུར། དཔེར་ན། དབང་དུ་གྱུར་པའི་གྲོང་རྡལ་གྱི་གཙོ་བོའང་དབང་དང་མཐུ་ཡོད་པས་ཕས་རྒོལ་བ་ཐུལ་ཏེ། ནམ་བསོད་ནམས་ཟད་དེ་དབུལ་ཕོངས་པར་གྱུར་ན་ཀུན་གྱིས་བརྙས་ཤིང་མཐོ་བཙམས་ཏེ་བཀོལ་བར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བྱིན་དང་མཐུ་ཉམས་པའི་ཕྱིར་རོ། །འོ་ན་བཅོམ་ལྡན་འདས་ཀྱང་འདུ་བྱེད་རྣམས་དང་མཐུན་པར་འགྱུར་རོ། །ཇི་སྟེ་འདུ་བྱེད་རྣམས་དང་མཐུན་པར་གྱུར་ན་ལྷའི་ལྷ་ཞེས་ཀྱང་གདགས་སུ་མི་རུང་ངོ ། །དེ་ཅིའི་སླད་དུ་ཞེ་ན། འདུ་བྱེད་རྣམས་ནི་སྐྱེ་ཤིའི་ཆོས་སོ།། དེ་བས་ན། འཇམ་དཔལ། དེ་བཞིན་གཤེགས་པ་ལ་འདུ་བྱེད་དང་མཐུན་པར་མི་བལྟའོ། །འཇམ་དཔལ། མཁྱེན་བཞིན་དུ་གསུང་ངམ། འོན་ཏེ་མི་མཁྱེན་པས་དེ་བཞིན་གཤེགས་
Ka37a
༄#། །པ་འདུ་བྱེད་རྣམས་དང་མཐུན་ནོ་ཞེས་གསུངས། ཅི་སྟེ་དེ་བཞིན་གཤེགས་པ་འདུ་བྱེད་རྣམས་དང་མཐུན་ན་ལྟ། དེ་བཞིན་གཤེགས་པ་ནི་འཇིག་རྟེན་གསུམ་ན་ལྷའི་ལྷ་སྟེ། དབང་དུ་གྱུར་པའི་ཆོས་ཀྱི་རྒྱལ་པོ་ཞེས་གདགས་སུ་མི་རུང་ངོ ། །དཔེར་ན། རྒྱལ་པོ་ཞིག་ལ་གྱད་སྟོབས་པོ་ཆེ་གཅིག་གིས་ཕས་རྒོལ་བ་སྟོང་ཐུབ་སྟེ་གང་གིས་ཀྱང་མི་ཐུབ་ན་དེ་ནི་མི་སྟོང་ཐུབ་པའི་གྱད་ཅེས་བྱ་སྟེ། གྱེད་དེ་ལ་ནི་རྒྱལ་པོས་ཀྱང་གནང་ལ་བྱ་དགའ་ཡང་གཞན་པས་ལྷག་པར་སྩལ་ཏོ། །གྱད་དེས་མི་སྟོང་ཐུབ་ཅེས་བྱ་བའང་གྱད་དེས་སྟོབས་འབའ་ཞིག་གིས་མི་སྟོང་ཐུབ་པ་མ་ཡིན་གྱི། རྩལ་རྣམ་པ་སྣ་ཚོགས་ཀྱིས་མི་སྟོང་ལས་ཕུལ་དུ་གྱུར་པས་ན་སྟོང་ཐུབ་པའི་གྱད་ཅེས་བཏགས་སོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ།་ཉོན་མོངས་པའི་བདུད་དང ། ཕུང་པོའི་བདུད་དང ། ལྷའི་བུའི་བདུད་དང ། འཆི་བདག་གི་འདུད་ཡོངས་སུ་བཅོམ་པས་དེ་བཞིན་གཤེགས་པ་ནི་ཁམས་གསུམ་ན་ཕུལ་དུ་གྱུར་པའི་ཞེས་གསུངས་ཏེ། ཇི་ལྟར་གྱད་གཅིག་གིས་མི་སྟོང་ཐུབ་པ་བཞིན་ནོ། །དེ་བས་ན་དེ་བཞིན་གཤེགས་པའང་རྣམ་པ་སྣ་ཚོགས་ཀྱི་ཡོན་ཏན་ཚད་མེད་པ་དང་ལྡན་པས་ན། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བཏགས་སོ། །འཇམ་དཔལ། རྣམ་པར་རྟོག་པས་དེ་བཞིན་གཤེགས་པ་ལ་འདུ་བྱེད་རྣམས་དང་མཐུན་ནོ། །ཞེས་རྣམ་
Ka37b
པར་རྟོག་པར་མི་རིགས་སོ། །དཔེར་ན། ཁྱིམ་བདག་ཕྱུག་པོ་ཞིག་གི་བུ་ཁྱེའུ་ཞིག་བཙས་ནས་མཚན་མཁན་གྱིས་བལྟས་ཏེ། ཚེ་ཐུང་ངོ་ཞེས་དཔྱད་ན། ཕ་མས་དེ་སྐད་ཅེས་ཐོས་མ་ཐག་ཏུ་རིགས་འཚོབ་པར་མི་འགྱུར་བར་ཤེས་པས་དེ་ལ་སྡུག་པར་མི་བྱེད་དེ། རྩཝ་ཙམ་གྱི་ཚོད་དུ་འཛིན་ཏོ། །གང་ཚེ་ཐུང་བ་དེ་ལ་ནི་དགེ་སྦྱོང་དང ། བྲམ་ཟེ་ལ་སོགས་པའི་ཁྱེའུ་དང་བུ་མོ་ཆེ་ཆུང་གི་བར་དུ་བཙུན་པར་མི་བྱེད་དོ། །ཅི་སྟེ་དེ་བཞིན་གཤེགས་པ་འདུ་བྱེད་རྣམས་དང་མཐུན་ན་ལྟ། འཇིག་རྟེན་དུ་བཅས་པ་ལྷ་དང ། མི་དང ། སེམས་ཅན་ཐམས་ཅད་ཀྱིས་ཀྱང་བཙུན་པར་མི་བྱེད་དོ། །དེ་བཞིན་གཤེགས་པས་གསུངས་པའི་ཡང་དག་པའི་ཆོས་མི་འགྱུར་མི་འཕོ་བའང་འཛིན་པ་མེད་པར་འགྱུར་རོ། །དེ་བས་ན། འཇམ་དཔལ། དེ་བཞིན་གཤེགས་པ་ལ་འདུ་བྱེད་རྣམས་དང་མཐུན་ནོ་ཞེས་གསུང་བ་མི་རིགས་སོ། །འཇམ་དཔལ། དཔེར་ན། བུད་མེད་དབུལ་མོ་གནས་མེད་པ། རྟེན་མེད་པ། སྐྱབས་མེད་པ་ཞིག་ནད་ཀྱིས་ཀྱང་གཟིར་ལ། ཟས་དང་སྐོམ་གྱིས་ཀྱང་ཕོངས་ཏེ། འཁྱམས་ཤིང་འགྲོ་བ་གཅིག་གི་ཁྱིམ་དུ་ཕྱིན་ནས་བུ་བཙས་ན། ཁྱིམ་བདག་དེས་འདུག་ཏུ་མི་སྟེར་ཏེ་སྐྲོད་དོ། །བུད་མེད་དེ་བུ་བཙས་ནས་རིང་པོ་མ་ལོན་ཀྱང་བུ་ཕང་དུ་ཐོགས་ཏེ། ཡུལ་གཞན་དུ་འགྲོ་བ་ལས་ལམ་དུ་རླུང་དང ། ཆར་པ་དང ། ལྷགས་པས་ཉོན་མོངས་ལ། སྦྲང་བུ་དང ། ཤ་སྦྲང་དང ། སྦྲུལ་གདུག་པ་དང་ཕྲད་དམ།
Ka38a
༄#། །ལམ་གྱི་བར་ཆུ་ཀླུང་གངྒཱས་ཆོད་ཀྱང་ཆུ་ཀླུང་ཤིན་ཏུ་ཟབ་ཅིང་དྲག་པ་དེ་ལས་བུ་བང་དུ་ཐོགས་ཏེ་འབོག་གོ་།དེ་ནས་མ་སྨད་གཉིས་ཀ་ཆུའི་ནང་དུ་ནུབ་བོ། །དེ་ལྟར་བུད་མེད་དེ་བུ་ལ་བྱམས་ཤིང་སྡུག་པས་བསམས་པའི་བསོད་ནམས་ཀྱིས་ཤི་མ་ཐག་ཏུ་ཚངས་པའི་ལྷར་སྐྱེས་སོ། །འཇམ་དཔལ། རིགས་ཀྱི་བུ་དག་དམ་པའི་ཆོས་བསྲུང་བའི་ཕྱིར་དེ་བཞིན་གཤེགས་པ་ལ་འདུ་བྱེད་རྣམས་དང་མཐུན་ནོ་ཞེའམ། འདུ་བྱེད་རྣམས་དང་མི་མཐུན་ནོ་ཞེས་བརྗོད་པར་མི་བྱའི། བདག་ནི་གཏི་མུག་གིས་ལྡོངས་པས་ཤེས་རབ་ཀྱི་མིག་མེད་དེ། དེ་བཞིན་གཤེགས་པའི་དམ་པའི་ཆོས་ནི་བསམ་གྱིས་མི་ཁྱབ་པས་མི་རྟོག་སྟེ། དེ་བས་ན་དེ་བཞིན་གཤེགས་པ་ནི་ངེས་པར་འདུས་བྱས་ཞེའམ། ངེས་པར་འདུས་མ་བྱས་ཞེས་བརྗོད་པར་མི་བྱའོ། །གང་ཡང་དག་པར་ལྟ་བས་ནི་དེ་བཞིན་གཤེགས་པ་ལ་ངེས་པར་འདུས་མ་བྱས་པའོ་ཞེས་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་དགེ་བར་འགྱུར་བའི་ཆོས་བསྐྱེད་ཅིང་འགྲོ་བ་མང་པོ་ལ་ཐུགས་བརྩེ་བའི་ཕྱིར་རོ། །ཇི་ལྟར་བུད་མེད་དབུལ་མོ་དེ་ཀླུང་གངྒཱ་ལ་རྒལ་བ་ན། བུ་སྡུག་པར་བསམས་ཏེ་ལུས་དང་སྲོག་ཀྱང་ཡལ་བར་གྱུར་པ་དང་འདྲ་བར། རིགས་ཀྱི་བུ་ཆོས་བསྲུང་བའི་བྱང་ཆུབ་སེམས་དཔའ་ཡང་དེ་བཞིན་དུ་ལུས་དང་སྲོག་ལ་བབ་ཀྱི་བར་དུ་དེ་བཞིན་གཤེགས་པ་ལ་འདུས་བྱས་དང་མཐུན་ཞེའམ།
Ka38b
དེ་བཞིན་གཤེགས་པ་ལ་འདུས་མ་བྱས་དང་མཐུན་ཞེས་བརྗོད་པར་མི་བྱའོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་གསུམ་པ། དེ་ལྟར་དེ་བཞིན་གཤེགས་པ་འདུས་མ་བྱས་པ་དང་མཐུན་ནོ་ཞེས་བརྗོད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བ་ནི། ཇི་ལྟར་བུད་མེད་དབུལ་མོ་དེ་ཚངས་པའི་ལྷར་སྐྱེས་པ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་བསྲུང་བའི་ཕྱིར་རོ། །དེ་ལ་ཆོས་བསྲུང་བ་གང་ཞེ་ན། དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པའོ་ཞེས་སྨྲ་བ་སྟེ། རིགས་ཀྱི་བུ། གང་ཟག་དེ་ནི་རྣམ་པར་གྲོལ་བ་ལ་མི་རེ་མོད་ཀྱི། རྣམ་པར་གྲོལ་བ་རང་ཐོབ་སྟེ། ཇི་ལྟར་བུད་མེད་དབུལ་མོ་དེ་ཚངས་པའི་ལྷར་མི་རེ་མོད་ཀྱི། ཚངས་པའི་ལྷར་རང་སྐྱེས་སོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། མི་ཞིག་ལམ་རིང་བོར་མགྲོན་དུ་སོང་བ་ལས་ལམ་དུ་ངལ་ཆད་དེ་གཞན་གྱི་ཁྱིམ་དུ་ཉལ་ཉལ་བ་ལས། དེའི་ཁྱིམ་མེས་འབར་ཏེ་རབ་ཏུ་འཇིགས་སྐྲག་ནས། དེ་འདི་སྙམ་དུ་བདག་ནི་གདོན་མི་ཟ་བར་འཆིའོ་སྙམ་བསམས་ནས་ཁྲེལ་ཞིང་ངོ་ཚ་བ་དང་ལྡན་པའི་ཕྱིར་གོས་ཀྱིས་ལུས་དཀྲིས་སོ། །དེ་ཚེ་འཕོས་ནས་སུམ་ཅུ་རྩ་གསུམ་གནམ་གྱི་ལྷར་སྐྱེས་སོ། །དེ་ནས་ཡང་ལན་བརྒྱད་ཅུའི་བར་དུ་ཚངས་པ་ཆེན་པོའི་རྒྱལ་པོར་སྐྱེས་སོ། །དེ་ནས་ལོ་བརྒྱ་སྟོང་ཚང་བར་མིའི་ནང་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྐྱེས་ཏེ། གང་ཟག་དེ་ནམ་དུའང་ངན་
Ka39a
༄#། །སོང་གསུམ་དུ་མ་སྐྱེས་ཀྱི། གོང་ནས་གོང་དུ་རབ་ཏུ་བདེ་བའི་གནས་སུ་སྐྱེས་སོ། །དེ་བས་ན། འཇམ་དཔལ། རིགས་ཀྱི་བུ་དག་ཁྲེལ་ཞིང་ངོ་ཚ་བ་དང་ལྡན་པ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་ལ་འདུས་བྱས་རྣམས་དང་མཐུན་པར་མི་བལྟའོ། །འཇམ་དཔལ། མུ་སྟེགས་ཅན་ངན་པར་ལྟ་བ་ནི་དེ་བཞིན་གཤེགས་པ་ལ་འདུས་བྱས་དང་མཐུན་ནོ་ཞེས་སྨྲའི། ཚུལ་ཁྲིམས་བསྲུང་བའི་དགེ་སློང་དག་ནི་དེ་ལྟར་དེ་བཞིན་གཤེགས་པ་ལ་འདུས་བྱས་པ་ཡིན་པར་མི་ལྟའོ། །ཅི་སྟེ་དེ་བཞིན་གཤེགས་པ་ལ་འདུས་བྱས་ཡིན་ནོ་ཞེས་བརྗོད་ན་དེ་ནི་བརྫུན་དུ་སྨྲ་བ་ཡིན་ཏེ། གང་ཟག་དེ་ནི་ཤི་མ་ཐག་ཏུ་སེམས་ཅན་དམྱལ་བར་སྐྱེ་བར་རིག་པར་བྱ་བ་ནི། ཇི་ལྟར་གང་ཟག་བདག་གི་ཁྱིམ་ན་གནས་པ་བཞིན་ནོ། །འཇམ་དཔལ། དེ་བཞིན་གཤེགས་པ་ནི་ཡང་དག་པར་འདུས་མ་བྱས་པའི་ཆོས་ཅན་ཡིན་པས་འདུས་བྱས་ཞེས་བརྗོད་པར་མི་བྱའོ། །འཇམ་དཔལ། དེང་སླན་ཆད་འཁོར་བར་འཁོར་བ་ན་ཤེས་པ་མེད་པར་སྤངས་ཏེ། ཡང་དག་པའི་ཡེ་ཤེས་བཙལ་བར་བྱའོ། །དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པ་སྟེ། གང་ཞིག་དེ་བཞིན་གཤེགས་པ་ལ་དེ་ལྟ་བུའི་ཚུལ་དུ་ལྟ་ན་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་
Ka39b
པས་ཙུནད་ལ་སྨྲས་པ། ལེགས་སོ། །ལེགས་སོ། །རིགས་ཀྱི་བུ་ཁྱོད་ནི་ཤིན་ཏུ་ཚེ་རིང་བར་འགྱུར་བའི་རྒྱུ་མངོན་སུམ་དུ་གྱུར་ཏེ། དེ་བཞིན་གཤེགས་པ་ནི་རྟག་པའི་ཆོས་ཅན། མི་འགྱུར་མི་འཕོ་བའི་ཆོས་ཅན། འདུས་མ་བྱས་པའི་ཆོས་སུ་རྟོགས་པ་ལེགས་སོ། །ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་འདུས་བྱས་ཀྱི་མཚན་ཉིད་དུ་མ་བརྗོད་པ་ལེགས་སོ། །ཇི་ལྟར་མེས་འཚིག་པའི་གང་ཟག་དེ་ཁྲེལ་ཞིང་ངོ་ཚ་བ་དང་ལྡན་པས་གོས་ཀྱིས་ལུས་གཡོགས་པ་དང ། བསམ་པ་དེ་དགེ་བས་སུམ་ཅུ་རྩ་གསུམ་གནམ་གྱི་ལྷར་སྐྱེས་ཏེ། ཚངས་པའི་རྒྱལ་པོ་དང ། འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ཏེ། རྟག་ཏུ་གནས་བདེ་བར་སྐྱེས་ཀྱི། ངན་སོང་དུ་མ་སྐྱེས་སོ། །དེ་བཞིན་དུ་ཁྱོད་ཀྱང་དེ་བཞིན་གཤེགས་པའི་འདུས་བྱས་ཀྱི་མཚན་ཉིད་མ་བརྗོད་པས་ཕྱི་མ་མ་འོངས་པའི་དུས་སུ་གདོན་མི་ཟ་བར་མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུ་དང ། མ་འདྲེས་པའི་ཆོས་བཅོ་བརྒྱད་དང ། ཚེ་ཚད་མེད་པ་དང ། འཁོར་བར་མི་གནས་པ་དང ། རབ་ཏུ་བདེ་བ་དང ། རིང་པོར་མི་ཐོགས་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཙུནྡ། དེ་ནི་དེ་བཞིན་གཤེགས་པས་རྒྱས་པར་གསུང་བར་འགྱུར་གྱི། བདག་ཅག་གཉིས་ཀས་དེ་བཞིན་གཤེགས་པའི་འདུས་བྱས་ཀྱི་མཚན་ཉིད་མི་བརྗོད་པར་བྱའོ། །འདུས་བྱས་དང ། འདུས་མ་བྱས་པ་འདི་རེ་ཞིག་ཞོག་ལ་བསོད་སྙོམས་ཅི་
Ka40a
༄#། །འབྱོར་པ་མྱུར་དུ་ཕུལ་ཅིག་།སྦྱིན་པ་འདི་ནི་སྦྱིན་པ་སྦྱིན་པའི་ནང་ན་ཕུལ་དུ་འགྱུར་རོ། །དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་ལམ་རིང་པོ་ནས་འོངས་པ་ངལ་ཆད་པ་དག་ལ་ཡོངས་སུ་དག་པའི་སེམས་ཀྱིས་ཅི་འདོད་པ་མྱུར་དུ་ཕུལ་ཅིག་དང ། ཁྱོད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ས་བོན་དུ་འགྱུར་རོ། །ཙུནྡ། གང་གིས་ནང་གི་ཐ་མར་སངས་རྒྱས་དང ། དགེ་འདུན་ལ་མང་ཡང་རུང ། ཉུང་ཡང་རུང ། ཆོག་ཀྱང་རུང ། མཆོག་རུང ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་ཀར་མཆོད་པ་ཕུལ་ཅིག་།ཙུནྡས་འཇམ་དཔལ་ལ་སྨྲས་པ། ཅིའི་ཕྱིར་བསོད་སྙོམས་ལ་ཆགས་ཏེ། མང་བ་དང ། ཉུང་བ་དང ། ཆོག་པ་དང ། མཆོག་པ་དང ། དུས་སུ་ཕུལ་ཅིག་ཅེས་གསུང ། འཇམ་དཔལ། དེ་བཞིན་གཤེགས་པ་སྔོན་ལོ་དྲུག་གི་བར་དུ་དཀའ་བ་སྤྱོད་ཀྱང་བཟོད་ན། དེང་འདིར་སྐད་ཅིག་ཐང་ཅིག་ཙམ་ཐོགས་པ་ལྟ་ཅི་སྨོས། འཇམ་དཔལ། ཅི་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསོད་སྙོམས་འདི་ཡང་དག་པར་བཞེས་སོ་སྙམ་སེམས་སམ། བདག་ནི་དེ་བཞིན་གཤེགས་པའི་སྐུ་འདི་ངེས་པར་ཆོས་ཀྱི་སྐུ་ཡིན་གྱི། ཟས་ཀྱི་སྐུ་མ་ཡིན་པར་ཤེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་དེ་བཞིན་ནོ། །དེ་དེ་
Ka40b
བཞིན་ཏེ། ཙུནྡས་སྨྲས་པ་བཞིན་ནོ། །ཙུནྡ། ཤིན་ཏུ་ལེགས་སོ། །ཁྱོད་ནི་མཆོག་གི་ཡེ་ཤེས་ཆེན་པོ་དང་ལྡན་ཏེ། ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་ཟབ་མོའང་ལེགས་པར་རྟོགས་སོ། །འཇམ་དཔལ་གྱིས་ཙུནད་ལ་སྨྲས་པ། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་འདུས་མ་བྱས་པར་རྟོགས་པ་ནི། དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་ནི་ཤིན་ཏུ་རིང་བས་དེ་ལྟ་བུའི་ཚུལ་དུ་ཤེས་ན་དེ་བཞིན་གཤེགས་པས་ཀྱང་ཁྱོད་ལ་སྤྲོ་བ་གནང་བར་གྱུར་ཏོ། །ཙུནྡས་སྨྲས་པ། བདག་འབའ་ཞིག་ལ་སྤྲོ་བ་གནང་བ་མ་ཡིན་གྱི། སེམས་ཅན་ཐམས་ཅད་ལའང་སྤྲོ་བ་གནང་བ་ཡིན་ནོ། ། འཇམ་དཔལ་གྱིས་སྨྲས་པ། དེ་བཞིན་གཤེགས་པས་ཁྱོད་དང ། བདག་དང ། སེམས་ཅན་ཐམས་ཅད་ལའང་སྤྲོ་བ་གནང་བ་ཡིན་ནོ། །ཙུནྡས་སྨྲས་པ། འཇམ་དཔལ། དེ་བཞིན་གཤེགས་པས་སྤྲོ་བ་གནང་ངོ་ཞེས་མ་ཟེར་ཅིག་།སྤྲོ་བ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཏུ་འདུ་ཤེས་པའོ། །གང་ཕྱིན་ཅི་ལོག་ཏུ་འདུ་ཤེས་པ་ནི་འཁོར་བའོ། །གང་འཁོར་བ་དེ་ནི་འདུས་བྱས་ཀྱི་ཆོས་ཅན་ནོ། །དེ་བས་ན། འཇམ་དཔལ། དེ་བཞིན་གཤེགས་པ་ལ་འདུས་བྱས་སུ་མི་བལྟའོ། །ཅི་སྟེ་དེ་བཞིན་གཤེགས་པ་ལ་འདུས་བྱས་ཡིན་པར་སྨྲས་ན། སྐྱེས་བུ་ཁྱོད་དང་བདག་ཀྱང་ཕྱིན་ཅི་ལོག་སྤྱོད་པར་གྱུར་ཏོ། །འཇམ་དཔལ། དེ་བཞིན་གཤེགས་པ་ལ་ནི་སྡུག་པར་དགོངས་པ་མེད་དོ། །སྡུག་པར་སེམས་པ་ནི། དཔེར་ན། བ་བེའུ་ལ་སྡུག་པར་
Ka41a
༄#། །སེམས་ཏེ། ལྟོགས་སམ་སྐོམ་ཡང་འགྲོ་བཞིན་དུ་རྩཝ་དང་ཆུ་ཚོལ་ཏེ། ཆོག་ཀྱང་རུང ། མཆོག་ཀྱང་རུང ། དེ་མ་ཐག་ཏུ་བེའུ་ཚོལ་ཞིང་འོང་ངོ ། །སངས་རྒྱས་བཅོམ་ལྡན་འདས་ལ་ནི་དེ་ལྟ་བུའི་དགོངས་པ་མི་མངའི། ཐམས་ཅད་ལ་སྒྲ་གཅན་འཛིན་དང་འདྲ་བར་གཟིགས་སོ། །གང་དེ་ལྟར་དགོངས་པ་དེ་ནི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། རྒྱལ་པོ་ཆེན་པོའི་རྟ་ཤིན་ཏུ་དུལ་པ་ལས་བཅས་པའི་ཤིང་རྟ་ལ། བོང་བུའི་ཤིང་རྟས་སླེབས་སུ་རེ་བ་ནི་གནས་མེད་དོ། །སྐྱེས་བུ་ཁྱོད་དང ། བདག་ཀྱང་དེ་དང་འདྲ་སྟེ། དེ་བཞིན་གཤེགས་པའི་དགོངས་པ་ཟབ་མོའི་མཐའ་ཆུབ་པར་རྟོགས་སུ་རེ་བའང་གནས་མེད་དོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། བྱ་ནམ་མཁའ་ལྡིང་གི་རྒྱལ་པོ་སྟེང་གི་ནམ་མཁའ་ལ་དཔག་ཚད་གྲངས་མེད་པ་ཞིག་ལས་འཕགས་ཏེ། འོག་ཏུ་རྒྱ་མཚོ་ལ་བལྟས་ན་ཆུའི་ནང་ན་གནས་པ་ཉ་དང ། རུས་སྦལ་དང ། ཁོ་གོར་བབ་ཤ་དང ། ཆུ་སྲིན་དང ། ཀླུ་ལ་སོགས་པ་ཆུ་ལ་གནས་པའི་རིས་སུ་གཏོགས་པ་ཐམས་ཅད་གསལ་བར་མཐོང་བ་ནི། ཇི་ལྟར་མེ་ལོང་གསལ་བའི་ནང་ན་གཟུགས་བརྙན་སྣང་བ་དང་འདྲ་སྟེ། བུས་པ་ཤེས་པ་ཆུང་བ་དག་གིས་ནི་དཔག་ནུས་པ་མ་ཡིན་ནོ། །དེ་ལྟར་དེས་མི་མཐོང་བ་བཞིན་དུ་སྐྱེས་བུ་ཁྱོད་དང་བདག་ཀྱང་དེ་དང་འདྲ་སྟེ། དེ་བཞིན་གཤེགས་
Ka41b
པའི་ཡེ་ཤེས་ལ་དཔག་ནུས་པ་མ་ཡིན་ནོ། །འཇམ་དཔལ་གྱིས་ཙུནད་ལ་སྨྲས་པ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཁྱོད་ཀྱིས་སྨྲས་པ་བཞིན་ཏེ། ངས་དོན་འདི་དག་མ་རྟོགས་པ་ནི་མ་ཡིན་གྱི། ཁྱོད་དང་བྱང་ཆུབ་སེམས་དཔའ་རྣམས་བསྟན་པར་ཟད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཞལ་གྱི་སྒོ་ནས་འོད་ཟེར་རྣམ་པ་སྣ་ཚོགས་བཀྱེ་ནས། འོད་དེས་འཇམ་དཔལ་གྱི་ལུས་ལ་ཡོངས་སུ་སྣང་བར་བྱས་སོ། །འཇམ་དཔལ་ལ་འོད་དེས་རེག་མ་ཐག་ཏུ་དངོས་པོ་ཇི་ལྟ་བ་ཉིད་མོད་ལ་རྟོགས་ནས་ཙུནད་ལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པས་ལྟས་འདི་བསྟན་ནས་རིང་པོ་མི་ཐོགས་པར་ཡོངས་སུ་མྱ་ངན་ལས་འདས་པར་གཤེགས་ངེས་ཀྱི། ཁྱོད་ཀྱི་མཆོད་པ་ནང་གི་ཐ་མར་བཤམས་པ་བཅོམ་ལྡན་འདས་དང ། དགེ་འདུན་ཆེན་པོ་རྣམས་ལ་དབུལ་བའི་དུས་ལ་བབ་བོ། །ཙུནྡ། དེ་བཞིན་གཤེགས་པས་འོད་ཟེར་རྣམ་པ་སྣ་ཚོགས་བཀྱེ་བ་འདི་ནི་རྒྱུ་མེད་རྐྱེན་མེད་པ་མ་ཡིན་པར་རིག་པར་གྱིས་ཤིག་།ཙུནྡས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ཅང་མི་སྨྲ་བར་འདུག་གོ། བཅོམ་ལྡན་འདས་ཀྱིས་ཙུནད་ལ་བཀའ་སྩལ་པ། ཁྱོད་ཀྱིས་མཆོད་པ་བཤམས་པ་སངས་རྒྱས་དང ། དགེ་འདུན་རྣམས་ལ་དབུལ་བའི་དུས་ལ་བབ་བོ།། དེ་བཞིན་གཤེགས་པ་ནི་ཡོངས་སུ་མྱ་ངན་ལས་འདའོ་ཞེས་ལན་གཉིས་ལན་གསུམ་གྱི་བར་དུ་དེ་བཞིན་དུ་བཀའ་སྩལ་ཏོ། །དེའི་ཚེ་ཙུནྡས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་
Ka42a
༄#། །སྩལ་པ་ཐོས་མ་ཐག་ཏུ་སྐད་ཆེན་པོ་ཕྱུང་སྟེ་དུས་ནས་འདི་སྐད་དུ། ཀྱི་ཧུད། ཀྱི་ཧུད། འཇིག་རྟེན་སྟོངས་སོ་ཞེས་ཆོ་ངེ་རྡུང་ངོ ། །ཡང་འཁོར་གྱི་དཀྱིལ་འཁོར་རྣམས་ལ་འདི་སྐད་དུ། བདག་ཅག་གིས་ལུས་སྨད་ལྔ་ས་ལ་གཏུགས་ཏེ། ཐམས་ཅད་ཀྱིས་སྐད་མཐུན་པར་བཅོམ་ལྡན་འདས་མྱ་ངན་ལས་མི་འདའ་བར་གསོལ་པ་གདབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཙུནད་ལ་བཀའ་སྩལ་པ། སེམས་ཡོངས་སུ་གདུངས་ཤིང་མ་ངུ་བར། བདག་གི་ལུས་ལ་ཆུ་ཤིང་ལྟ་བུའམ། སྨིག་རྒྱུ་བའམ། ཆུའི་ཆུ་བུར་རམ། སྒྱུ་མའམ། དྲི་ཟའི་གྲོང་ཁྱེར་རམ། རྫ་སོ་མ་བཏང་བ་ལྟ་བུའམ། གློག་གི་འོད་དམ། ཆུ་ལ་རི་མོ་བྲིས་པའམ། གསོད་དུ་ཁྲིད་པའི་བཙོན་ལྟ་བུའམ། ཤིང་ཏོག་སྨིན་པ་ལྟ་བུའམ། ཤ་རུལ་པའམ། ཐགས་ཀྱི་རྒྱུ་ཟད་པའམ། གཏུན་ལྟ་བུར་བལྟའོ། །འདུ་བྱེད་རྣམས་ལ་དུག་དང་འདྲེས་པའི་ཟས་ལྟ་བུར་བལྟའོ། །འདུས་བྱས་ཀྱི་ཆོས་རྣམས་ལ་ཉེས་པའི་སྐྱོན་རྣམ་པ་མང་བར་བལྟའོ། །དེ་ནས་ཙུནྡས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་འཇིག་རྟེན་ན་ཡུན་དུ་བཞུགས་པར་མི་བགྱིས་ན་བདག་མི་ངུ་བའི་གཏོལ་ག་ལ་མཆིས། ཀྱི་ཧུད། ཀྱི་ཧུད། འཇིག་རྟེན་སྟོངས་སོ། །བཅོམ་ལྡན་འདས། བདག་ཅག་དང ། སེམས་ཅན་ཐམས་ཅད་ལ་ཐུགས་
Ka42b
བརྩེ་བའི་སླད་དུ་འཇིག་རྟེན་ན་ཡུན་དུ་བཞུགས་ཤིང་མྱ་ངན་ལས་མི་འདའ་བར་གསོལ་ལོ། །བཅོམ་ལྡན་འདས་ཀྱིས་ཙུནད་ལ་བཀའ་སྩལ་པ། བདག་ཅག་ལ་ཐུགས་བརྩེ་བའི་ཕྱིར་འཇིག་རྟེན་ན་ཡུན་དུ་བཞུགས་པར་གསོལ་ཞེས་མ་ཟེར་ཅིག་།ངས་ཁྱོད་ལ་སོགས་པ་འགྲོ་བ་ཐམས་ཅད་ལ་ཐུགས་བརྩེ་བའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་སོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཀྱང་དེ་ཡིན་ལ། འདུས་བྱས་ཀྱང་དེ་དང་འདྲའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་སྐད་ཅེས་གསུངས་སོ། །འདུས་བྱས་པ་ཡི་ཆོས་ཐམས་ཅད། རང་བཞིན་ཉིད་ཀྱིས་མི་རྟག་སྟེ། སྐྱེས་ནས་མི་གནས་པ་ཡིན་པས། །རབ་ཏུ་ཞི་བ་དེ་བདེའོ། །ཙུནད་ཁྱོད་འདུས་བྱས་ཐམས་ཅད་འདྲེས་པ་དང ། ཆོས་ཐམས་ཅད་ལ་བདག་མེད་པ་དང ། མི་རྟག་པ་དང ། རིང་དུ་མི་གནས་ཏེ། ལུས་འདི་ནི་ཤིན་ཏུ་སྐྱོན་མང་བས་ཆུ་བུར་ལྟ་བུར་ལྟོས་ལ་དེ་བས་ན་མ་དུ་ཞིག་།དེ་ནས་ཙུནྡས་བཅོམ་ལྡན་འདས་ལ་གསོལ་པ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་བཞིན་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བའང་ཐབས་སུ་བསྟན་པར་འཚལ་མོད་ཀྱི། བདག་གིས་མྱ་ངན་མི་བགྱིད་ཀྱང་མི་བཟོད་དོ། །ཡང་ཤིན་ཏུ་བསམས་ན་དགའ་ཞིང་སྤྲོ་བའང་སྐྱེའོ། །བཅོམ་ལྡན་འདས་ཀྱིས་ཙུནད་ལ་བཀའ་སྩལ་པ། ལེགས་
Ka43a
༄#། །སོ། །ཤིན་ཏུ་ལེགས་སོ། །དེ་བཞིན་གཤེགས་པས་སེམས་ཅན་དང་མཐུན་པའི་ཚུལ་དུ་མྱ་ངན་ལས་འདའ་བར་བསྟན་པ་ཤེས་པ་ལེགས་སོ། །ཙུནད་ཁྱོད་ལེགས་པར་ཉོན་ཅིག་།འདི་ལྟ་སྟེ། དཔེར་ན། བྱ་ས་ལ་ས་ཞེས་བྱ་བ་དབྱར་ཚ་བའི་དུས་སུ་ཐམས་ཅད་མཚོ་མ་དྲོས་པ་ཞེས་བྱ་བར་འདུའོ། །བཅོམ་ལྡན་འདས་ཀྱང་དེ་དང་འདྲ་སྟེ།་གནས་དེ་ཉིད་དུ་གཤེགས་སོ། །ཙུནད་ཁྱོད་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་རིང་ཞེའམ། ཐུང་ཞེས་མ་རྟོག་པར་ཆོས་ཐམས་ཅད་སྒྱུ་མ་དང་འདྲ་སྟེ། དེ་བཞིན་གཤེགས་པས་ཐབས་ཀྱིས་ཅི་ལའང་ཆགས་པར་མི་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཆོས་ཉིད་ཀྱིས་དེའོ། །ཙུནད་ཁྱོད་ཀྱི་མཆོད་པ་ནང་གི་ཐ་མར་བཤམས་པ་འདི་བཞེས་པ་ནི་ཁྱོད་འཁོར་བའི་ཀླུང་ལས་བསྒྲལ་བའི་ཕྱིར་རོ། །དེ་ལ་ལྷའམ་མིའམ། འཇིག་རྟེན་དུ་བཅས་པ་གང་ཡང་རུང ། ནང་གི་ཐ་མར་མཆོད་པ་བཤམས་ཏེ་ང་ལ་ཕུལ་ན། མི་གཡོ་བའི་འབྲས་བུ་ཐོབ་ཅིང་རྟག་ཏུ་བདེ་བ་མྱོང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ང་ནི་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་ཡིན་པའི་ཕྱིར་རོ། །ཁྱོད་ཀྱང་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་འགྱུར་བར་འདོད་ན་མཆོད་པ་བཤམས་པ་མ་ཐོགས་པར་མྱུར་དུ་ཕུལ་ཅིག་།དེ་ནས་ཙུནྡས་སེམས་ཅན་ཐམས་ཅད་རྣམ་པར་གྲོལ་བར་བྱ་བའི་ཕྱིར་
Ka43b
མགོ་སྨད་དེ། མཆི་མ་བླགས་བཞིན་དུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཤིན་ཏུ་ལེགས་སོ། །བཅོམ་ལྡན་འདས། བདག་བསོད་ནམས་ཀྱི་ཞིང་དུ་འགྱུར་ཡང་དག་ན་ལྟ། དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་བ་དང ། མྱ་ངན་ལས་འདའ་བ་མ་ལགས་པར་རྟོགས་པར་འགྱུར་བ་ཞིག་ན་བདག་ཅག་ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཡེ་ཤེས་ནི། སྦྲང་བུ་དང་འདྲ་བས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བ་དང ། མྱ་ངན་ལས་མི་འདའ་བ་དཔོག་མི་ནུས་སོ། །དེ་ནས་ཙུནད་འཁོར་དང་བཅས་པས་མཆི་མ་བླགས་ཏེ་དུ་བཞིན་དུ་དེ་བཞིན་གཤེགས་པ་ལ་བསྐོར་བ་བྱས། བདུག་སྤོས་དང ། མེ་ཏོག་གིས་གཏོར་ཏེ། མཆོད་པ་བྱས་ནས་འཇམ་དཔལ་དང་བཅས་སུ་འདུག་པ་ལས་ལངས་ཏེ། མཆོད་པ་ཤོམ་དུ་དོང་ངོ ། །དེ་ལྟར་སོང་མ་ཐག་ཏུ་དེའི་ཚེ་སའང་ཚངས་པའི་འཇིག་རྟེན་ལ་ཐུག་གི་བར་དུ་རྣམ་པ་དྲུག་ཏུ་གཡོས་སོ། །ས་གཡོས་བ་ལ་རྣམ་པ་གཉིས་ཏེ། ས་གཡོས་པ་དང ། རབ་ཏུ་གཡོས་པའོ། །ཅུང་ཟད་གཡོས་པ་ནི་ས་གཡོས་པ་ཞེས་བྱའོ། །ཆེར་གཡོས་པ་ནི་རབ་ཏུ་གཡོས་པ་ཞེས་བྱའོ། །སྐད་ཆུང་བ་ནི་ས་གཡོས་པ་ཞེས་བྱའོ། །སྐད་ཆེ་བ་ནི་རབ་ཏུ་གཡོས་པ་ཞེས་བྱའོ། ། ས་འབའ་ཞིག་གཡོས་པ་ནི་ས་གཡོས་པ་ཞེས་བྱའོ། །རི་དང་ཆུ་དང་ཤིང་དང་རྒྱ་མཚོ་ལ་སོགས་པ་ཐམས་ཅད་གཡོས་པ་ནི་རབ་ཏུ་གཡོས་པ་ཞེས་བྱའོ། །ཕྱོགས་གཅིག་ཏུ་
Ka44a
༄#། །གཡོས་པ་ནི་ས་གཡོས་པ་ཞེས་བྱའོ། །ཀུན་ཏུ་འཁོར་ཞིང་གཡོས་པ་ནི་རབ་ཏུ་གཡོས་པ་ཞེས་བྱའོ། །འགུལ་བ་ནི་ས་གཡོས་པ་ཞེས་བྱའོ། །འགུལ་བ་ན་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱང་གཡོས་པ་ནི་རབ་ཏུ་གཡོས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཐོག་མ་གནས་པ་དེ་ན་གནམ་ནས་བབས་ཏེ། ཛམྦུའི་གླིང་དུ་གཤེགས་པ་ན་རབ་ཏུ་གཡོས་པ་ཞེས་བྱའོ། །ཐོག་མ་བཙས་པ་དང ། རབ་ཏུ་བྱུང་བ་དང ། བླ་ན་མེད་པ་ཡང་དག་པར་རྫོགས་པར་སངས་རྒྱས་པ་དང ། ཆོས་ཀྱི་འཁོར་ལོ་བསྐོར་བ་དང ། ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་པ་ནི་རབ་ཏུ་གཡོས་པ་ཞེས་བྱའོ། །དེང་དེ་བཞིན་གཤེགས་པའང་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་པ་ལྟ་སྟེ། དེ་བས་ན་ས་འདིའང་རབ་ཏུ་གཡོས་སོ། །དེ་ནས་ལྷ་དང ། ཀླུ་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང ། མི་མ་ཡིན་པ་ལ་སོགས་པ་དེ་དག་ཐོས་མ་ཐག་ཏུ་ལུས་ཀྱི་བ་སྤུ་ཀུན་ལངས་ནས་ཐམས་ཅད་དུ་ངུས་ཏེ། སྐད་མཐུན་པར་ཚིགས་སུ་བཅད་པས་འདི་སྐད་ཅེས་གསོལ་ཏོ། །ཕྱག་འཚལ་ཁ་ལོ་སྒྱུར་བ་ལ། །བདག་ཅག་རྣམས་ནི་གསོལ་བ་འདེབས། །དྲང་སྲོང་ཆེན་པོས་བོར་བས་ན། །མགོན་སྐྱབས་རྟེན་མ་མཆིས་པར་གྱུར། །བཅོམ་ལྡན་མྱ་ངན་འདས་གཤེགས་པས། །བདག་ཅག་སྡུག་
Ka44b
བསྔལ་རྒྱ་མཚོར་ནུབ། །ཡིད་བློང་མྱ་ངན་གདུང་བ་ནི། །ཇི་ལྟར་བེའུ་དག་མ་སྟོར་བཞིན། །དབུལ་ཕོངས་མགོན་དང་སྐྱབས་མ་མཆིས། །ཇི་ལྟར་ཤིན་ཏུ་ན་བ་དེ། །སྨན་པ་མཁས་པ་མ་མཆིས་པས། །ཡིད་བཞིན་བཟའ་བ་ཅི་ཡང་འཚལ། །སེམས་ཅན་ཉོན་མོངས་ནད་ཀྱིས་གཟིར། །ལྟ་བ་རྣམས་ཀྱིས་རྟག་ཏུ་གཙེ། །ཆོས་ཀྱི་སྨན་པ་མཁས་དང་བྲལ། །ངན་པར་ལྟ་བའི་གདུག་པ་འཚལ། །དེ་བས་སངས་རྒྱས་བཅོམ་ལྡན་འདས། །བདག་ཅག་སྤང་བ་མི་མཛད་གསོལ། །དཔེར་ན་རྒྱལ་པོ་མི་བཞུགས་ན། །ཡུལ་མི་ཐམས་ཅད་ལྟོགས་པར་གྱུར། །བདག་ཅག་རྣམས་ཀྱང་དེ་འདྲ་སྟེ། །ཆོས་ཀྱི་རོ་དང་སྐྱབས་ཀྱང་སྟོར། །སངས་རྒྱས་མྱ་ངན་འདའ་ཐོས་པས། །བདག་ཅག་སེམས་ནི་མྱོས་པར་གྱུར། །ཇི་ལྟར་ས་ཆེན་རབ་གཡོས་ནས། །ཕྱོགས་རྣམས་ཤིན་ཏུ་བསླད་པ་བཞིན། །དྲང་སྲོང་མྱ་ངན་འདས་གཤེགས་པས། །སངས་རྒྱས་ཉི་མས་ལ་ལྷུང ། །ཆོས་ཀྱི་ཆུ་ཡང་བསྐམས་པར་གྱུར། །བདག་ཅག་གདོན་མི་ཟ་བར་འཆི། །བཅོམ་ལྡན་མྱ་ངན་འདས་གཤེགས་ན། །འགྲོ་བའི་སྡུག་བསྔལ་གདུང་བ་ནི། །དཔེར་ན་ཚོང་བ་ཞིག་གི་བུ། །གསར་དུ་ཕ་མ་ཤི་བ་བཞིན། །བཅོམ་ལྡན་མྱ་འདས་གཤེགས་ཏེ། །ཅི་སྟེ་མི་བཞུགས་པར་གྱུར་ན། །བདག་དང་སེམས་ཅན་ཐམས་ཅད་ནི། །མགོན་དང་སྐྱབས་མཆིས་པར་འགྱུར། །བཅོམ་ལྡན་མྱ་ངན་འདས་གཤེགས་ན། །བྱོལ་སོང་སྐྱེ་གནས་པར་དུ་ཡང ། །ཐམས་
Ka45a
༄#། །ཅད་སྡུག་བསྔལ་ཡི་བློང་ཞིང ། །གདུངས་པར་གྱུར་ཏེ་སྨྲེ་སྔགས་འདོན། །དེང་འདིར་བདག་ཅག་རྣམས་ཀྱིས་ནི། །མྱ་ངན་མི་བགྱིད་གཏོལ་མ་མཆིས། ། དེ་བཞིན་གཤེགས་པས་བོར་བ་ཡང ། །ཇི་ལྟར་མཆིལ་མ་ངར་སྣབས་བཞིན། །དཔེར་ན་ཉི་མ་ཤར་བ་ན། །འོད་ཟེར་ཀུན་ཏུ་ལྷམ་མེར་སྣང ། །ཀུན་ཏུ་སྣང་བར་བྱས་པས་ན། ། མུན་པ་ཐམས་ཅད་མེད་པར་གྱུར། །དེ་བཞིན་གཤེགས་པའི་རྫུ་འཕྲུལ་འོད། །བདག་ཅག་རྣམས་ཀྱི་ཉོན་མོངས་བསལ། །འཁོར་གྱི་ནང་དུ་བཞུགས་པ་ཡང ། །རི་རབ་རི་ཡི་རྒྱལ་པོ་བཞིན། །བཅོམ་ལྡན་འདས། དཔེར་ན། རྒྱལ་པོ་ཞིག་གི་སྲས་བུ་བྱད་གཟུགས་བཟང་བ་བལྟ་ན་སྡུག་པ་ཤིན་ཏུ་མཛེས་པ་དག་མཆིས་ན་ཤིན་ཏུ་བྱམས་པས་སྔར་རྩལ་སྣ་ཚོགས་བསླབས་ཏེ། ཁོང་དུ་ཆུད་པའི་འོག་ཏུ་གཤེད་མ་ལ་གསོད་ཅིག་ཅེས་གཏད་དོ། །བཅོམ་ལྡན་འདས། བདག་ཅག་ཀྱང་ཆོས་ཀྱི་སྲས་སུ་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་བསྟན་ཅིང་བཅོས་ན་ཡང་དག་པར་ལྟ་བ་དང་ལྡན་པར་འགྱུར་གྱི། བདག་ཅག་རྣམས་མི་སྤང་དུ་གསོལ། ཅི་སྟེ་བདག་ཅག་ཡོངས་སུ་སྤངས་པར་གྱུར་ན་རྒྱལ་པོའི་སྲས་དང་འདྲ་བར་མི་འགྱུར་རམ། མྱ་ངན་ལས་མི་འདའ་བར་འཇིག་རྟེན་ན་ཡུན་དུ་བཞུགས་པར་གསོལ། བཅོམ་ལྡན་འདས། དཔེར་ན། སྐྱེས་བུ་ཞིག་གཙུག་ལག་རྣམས་ལེགས་
Ka45b
པར་བསླབས་ནས་གཙུག་ལག་གིས་སྐྲག་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱང་དེ་དང་མཚུངས་ཏེ། ཆོས་ཐམས་ཅད་ཐུགས་སུ་ཆུད་ནས་ཆོས་ཀྱིས་བསྙེངས་པར་གྱུར་ཏོ། །གལ་ཏེ་དེ་བཞིན་གཤེགས་པ་འཇིག་རྟེན་ན་ཡུན་དུ་བཞུགས་ཤིང་བདུད་རྩི་ལྟ་བུའི་ཆོས་བསྟན་ཏེ། ཐམས་ཅད་ངོམས་པར་མཛད་ན་སེམས་ཅན་ཐམས་ཅད་ཀྱང་སེམས་ཅན་དམྱལ་བར་ལྟུང་གིས་མི་དོགས་སོ། །བཅོམ་ལྡན་འདས། དཔེར་ན། སྐྱེས་བུ་ཞིག་ལས་བྱེད་པའི་འཕྲོ་ལས་བཟུང་སྟེ། བཙོན་རར་བཅུག་ནས་དེ་ལ་མི་ཞིག་གིས། འདི་སྐད་དུ་ཁྱོད་འདི་ན་ཅི་བྱེད་ཅེས་དྲིས་ན་བདག་ནི་ཤིན་ཏུ་སྡུག་བསྔལ་ཆེན་པོ་མྱོང་ཞིང་འདུག་སྟེ། འདི་ལས་ཐར་ན་རབ་ཏུ་བདེ་བར་འགྱུར་རོ་ཞེས་མཆིའོ། །བཅོམ་ལྡན་འདས་ཀྱང་དེ་དང་འདྲ་སྟེ། བདག་ཅག་གི་སླད་དུ་སྤྱོད་པ་དཀའ་བ་མཛད་མཛད་དེ། བདག་ཅག་འཁོར་བའི་ཉོན་མོངས་པ་ལས་མཐར་ན་དེ་བཞིན་གཤེགས་པ་བདེ་བར་གལ་འགྱུར། བཅོམ་ལྡན་འདས། དཔེར་ན། སྨན་པ་ཤིན་ཏུ་མཁས་པ་ནི་སྨན་དཔྱད་གསང་བ་དག་བུ་ལ་སྟོན་གྱི། སློབ་མ་གཞན་ལ་མི་སྟོན་ནོ། །བཅོམ་ལྡན་འདས་ཀྱང་དེ་དང་འདྲ་སྟེ། དགོངས་ཏེ་གསུངས་པའི་སྙིང་པོ་ཤིན་ཏུ་ཟབ་མོའང་འཇམ་དཔལ་འབའ་ཞིག་ལ་བསྟན་གྱི། བདག་ཅག་རྣམས་ལ་བསྟན་པར་མ་གྱུར་ཏོ། །དེ་བཞིན་གཤེགས་པའང་སྨན་པ་ལྟ་བུ་འབའ་ཞིག་ལ་བསྟན་གྱི། སློབ་མ་གཞན་ལ་
Ka46a
༄#། །མི་སྟོན་པ་ལྟར་དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་ལ་ཕྲག་དོག་ཏུ་མ་གྱུར་པ་ལགས་སོ། །སྨན་པ་དེས་ཀུན་ལ་འདྲ་བར་མ་བསྟན་པ་ནི་བྱམས་སྡང་གི་སེམས་དང་བཅས་པས་གསང་སྟེ་སྟོན་པར་གྱུར་ན། དེ་བཞིན་གཤེགས་པའི་ཐུགས་ནི་བྱམས་སྡང་མི་མངའ་ན། ཅིའི་སླད་དུ་བདག་ཅག་ལ་བསྟན་པར་མ་གྱུར། བཅོམ་ལྡན་འདས་ཡུན་དུ་བཞུགས་ཤིང་མྱ་ངན་ལས་མི་འདའ་བར་གསོལ་ལོ། །བཅོམ་ལྡན་འདས། དཔེར་ན། རྒན་པོའམ། གཞོན་ནུའང་རུང ། ནད་ཀྱིས་སྡུག་བསྔལ་བར་གྱུར་ལ། ལམ་བཟང་པོ་སྤངས་ནས་ལམ་ཉམ་ང་བ་གཡང་ས་དང་བཅས་པ། ལམ་ངན་པར་ཞུགས་ན་ཤིན་ཏུ་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་ལ་མི་ཞིག་གིས་མཐོང་ནས་སྙིང་བརྩེ་བས་ལམ་ཉམ་ང་བ་མེད་པ་བཟང་པོ་བསྟན་ཏོ། །བཅོམ་ལྡན་འདས། བདག་ཅག་ཀྱང་དེ་དང་འདྲ་སྟེ། དེ་ལ་གཞོན་ནུ་ཞེས་བགྱི་བ་ནི་ཆོས་ཅན་གྱི་ལུས་མ་བསྐྱེད་པའི་དཔེའོ། །རྒན་པོ་ཞེས་བགྱི་བ་ནི་ཉོན་མོངས་པ་ཆེན་པོའི་དཔེའོ། །ན་བ་ནི་འཁོར་བ་ལས་མཐར་པའི་དཔེའོ། །ལམ་གཡང་ས་དང་ལྡན་པ་ནི་སྲིད་པ་ཉི་ཤུ་ལྔ་པོའི་དཔེའོ། །བཅོམ་ལྡན་འདས། བདག་ཅག་ལ་བདུད་རྩིའི་ལམ་ཡང་དག་པར་བསྟན་ཅིང་མྱ་ངན་ལས་མི་འདའ་བར་འཇིག་རྟེན་ན་ཡུན་དུ་བཞུགས་པར་གསོལ་ལོ། །
Ka46b
དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ཁྱེད་དགེ་སློང་དག། བྱིས་པ་མ་རབས་སམ། ལྷ་དང་མི་ལྟ་བུར་མྱ་ངན་དང་ངུ་བ་མ་བྱེད་པར་ཡང་དག་པར་དྲན་པ་ཉེ་བར་གཞག་པ་ལ་བརྩོན་འགྲུས་སུ་གྱིས་ཤིག་།དེའི་ཚེ་ལྷ་དང ། མི་དང ། ལྷ་མ་ཡིན་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་མ་ངུ་ཞིག་ཅེས་བཀའ་སྩལ་པ་ཐོས་ནས། དཔེར་ན། མི་ཞིག་བུ་ཤི་ནས་བུའི་ཤིད་བཏང་མ་ཐག་ཏུ་མ་ངུ་ཞིག་ཅེས་བསྒོ་བ་དང་མཚུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་དེ་དག་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཁྱེད་རྣམས་སོ་སོར་སྤྲོ་སྐྱེད་ལ། །མྱ་ངན་ཆེན་པོ་མ་བྱེད་ཅིག་།སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཡིན། །དེ་བས་ཅང་མི་གསུང་བར་བཞུགས། །བག་ཡོད་སྤྱོད་ལ་མོས་པར་བྱ། །ཡང་དག་དྲན་པས་སེམས་ཀྱང་སྲུང ། །ཆོས་མ་ཡིན་པ་རབ་སྤངས་ཏེ། །སྤྲོ་བ་སྐྱེད་ལ་དགའ་བར་གྱིས། །གཞན་ཡང་དགེ་སློང་དག་ཐེ་ཚོམ་དང་སོམ་ཉིར་གྱུར་པ་ཡོད་ན། ཐམས་ཅད་ཞུ་ཞིང་དྲིས་ཤིག།་སྟོང་པ་དང ། སྟོང་པ་མ་ཡིན་པ་དང ། རྟག་པ་དང ། མི་རྟག་པ་དང ། སྡུག་བསྔལ་བ་དང ། སྡུག་བསྔལ་མ་ཡིན་པ་དང ། གནས་དང ། གནས་མ་ཡིན་པ་དང ། སོང་བ་དང ། མ་སོང་བ་དང ། འོངས་པ་དང ། མ་འོངས་པ་མ་ཡིན་པ་དང ། ཐེར་ཟུག་དང ། ཐེར་ཟུག་མ་ཡིན་པ་དང ། ཆད་པ་དང ། རྟག་པ་དང ། སེམས་ཅན་དང ། སེམས་ཅན་མ་ཡིན་པ་
Ka47a
༄#། །དང།་ཡོད་པ་དང ། མེད་པ་དང ། བདེན་པ་དང ། མི་བདེན་པ་དང ། ཡང་དག་པ་དང ། ཡང་དག་པ་མ་ཡིན་པ་དང ། འགོག་པ་དང ། འགོག་པ་མ་ཡིན་པ་དང ། གསང་བ་དང ། མི་གསང་བ་དང ། གཉིས་དང ། མི་གཉིས་པ་ལ་སོགས་པའི་ཆོས་ལ་ཐེ་ཚོམ་དུ་གྱུར་པ་ཡོད་ན། ཞུ་བའི་སྐབས་ལ་བབ་ཀྱི། དྲིས་ཤིག་དང ། ཅི་དང་ཅི་དྲིས་པ་དེའི་ཐེ་ཚོམ་གཅད་དོ། །ཁྱེད་ལ་སྔར་བདུད་རྩི་ལྟ་བུའི་ཆོས་བསྟན་ཏེ། གདོད་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ། །དགེ་སློང་དག། སངས་རྒྱས་འཇིག་རྟེན་དུ་གཤེགས་པའང་ཤིན་ཏུ་དཀོན། མིའི་ལུས་ཐོབ་པའང་ཤིན་ཏུ་དཀའ། སངས་རྒྱས་དང་ཕྲད་ཅིང་དད་པ་བསྐྱེད་པའང་ཤིན་ཏུ་དཀའ། བཟོད་དཀའ་བ་བཟོད་པའང་ཤིན་ཏུ་དཀའ། ཚུལ་ཁྲིམས་རྫོགས་ཤིང་མ་གོད་མ་ཉམས་ཏེ། དགྲ་བཅོམ་པའི་འབྲས་བུ་ཐོབ་པའང་ཤིན་ཏུ་དཀའ་སྟེ། ས་ལེ་སྦྲམ་མམ། མེ་ཏོག་ཨུ་དུམ་ཝཱ་ར་ཚོལ་བ་བཞིན་ནོ། །དགེ་སློང་དག། མི་ཁོམ་པ་བརྒྱད་དང་བྲལ་ཏེ། མིའི་ལུས་ཐོབ་པར་དཀའ་བ་ཐོབ་ནས་ང་དང་ཕྲད་པར་གྱུར་ན་དོན་མེད་པར་ཆུད་མི་གསན་ཏོ། །ང་སྔོན་དཀའ་བ་རྣམ་པ་སྣ་ཚོགས་སྤྱད་པས་ད་ལྟར་འདི་ལྟ་བུའི་བླ་ན་མེད་པའི་ཐབས་མཁས་པ་དང་ལྡན་པར་གྱུར་ཏོ། །ཁྱེད་ལ་སོགས་པའི་ཕྱིར་བསྐལ་པ་ཚད་མེད་པའི་བར་དུ་ལུས་ཀྱི་ཡན་ལག་ལག་པ་དང ། རྐང་པ་དང །
Ka47b
མགོ་དང ། མིག་དང ། རྐང་དང ། ཀླད་པའང་ཡོངས་སུ་བཏང་ངོ ། །དེ་བས་ན་ཁྱེད་རྣམས་བག་མེད་པར་མི་བྱའོ། །དགེ་སློང་དག། ཇི་ལྟར་ན་ཡང་དག་པའི་ཆོས་ཀྱི་རིན་པོ་ཆེའི་མཁར་བརྒྱན་ཅིང་ཡོན་ཏན་རིན་པོ་ཆེ་རྣམ་པ་སྣ་ཚོགས་དང་ལྡན་ཞིང ། ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་ཀྱི་རབ་དང ། འོབས་དང ། ཉེན་ལྟ་བུར་འགྱུར་བར་བྱ་བ་སོམས་ཤིག།་ཁྱེད་སངས་རྒྱས་ཀྱི་ཆོས་རིན་པོ་ཆེའི་མཁར་ལྟ་བུ་དང་ཕྲད་པའི་འོག་ཏུ། ཡང་དག་པ་མ་ཡིན་པ། སྒྱུ་དང་བཅས་པ་ལེན་པའི་མི་རིགས་སོ། །དཔེར་ན། ཚོང་དཔོན་དག་རིན་པོ་ཆེ་ཡང་དག་པའི་གླིང་དུ་ཕྱིན་ན། གྱོ་མོ་དང་རྡོ་བ་བླངས་ཏེ། ཕྱིར་ཁྱིམ་དུ་འོངས་པ་འདྲ་བར་ཁྱེད་ཀྱང་དེ་དང་འདྲ་སྟེ། རིན་པོ་ཆེའི་གླིང་དུ་ཕྱིན་ནས་རྫས་སྒྱུ་མ་དག་ལེན་ཏོ། །དགེ་སློང་དག།་ཞུམ་པའི་བསམ་པས་ཆོག་པའི་སེམས་མ་སྐྱེད་ཅིག། ཁྱེད་རྣམས་རབ་ཏུ་བྱུང་མོད་ཀྱི། ཐེག་པ་ཆེན་པོ་ལ་མོས་པར་མི་བྱེད་དོ། །དགེ་སློང་དག། ཁ་དོག་བསྒྱུར་བའི་གོས་ངུར་སྨྲིག་གྱོན་མོད་ཀྱི། སེམས་ནི་ཐེག་པ་ཆེན་པོ་ཡོངས་སུ་དག་པའི་ཆོས་ལ་ཞེན་པར་མ་གྱུར་ཏོ། །དགེ་སློང་དག། བསོད་སྙོམས་ལ་ཞུགས་ཏེ་ཀུན་ཏུ་རྒྱུ་མོད་ཀྱི། ཐེག་པ་ཆེན་པོའི་ཆོས་ཀྱི་ཟས་མ་མྱོང་ངོ ། །དགེ་སློང་དག། སྐྲ་དང་ཁ་སྤུ་བྲེགས་མོད་ཀྱི། ཡང་དག་པའི་ཆོས་ཀྱི་ཀུན་ནས་ཉོན་མོངས་པ་མེད་པར་མ་བྱས་སོ། །དགེ་སློང་དང ། དེང་ཐམས་ཅད་
Ka48a
༄#། །ཚོགས་པ་འདིར་ཡང་དག་པར་གསུང་གིས་ཁྱེད་ལ་སྟོན་ཏོ། །དེ་བཞིན་གཤེགས་པའི་ཆོས་རྣམས་ཀྱི་མཚན་ཉིད་ནི་ཡང་དག་པ་སྟེ། ཕྱིན་ཅི་མ་ལོག་པའོ།། དེ་བས་ན་ཁྱེད་རྣམས་དཔའ་ཞིང་རྟུལ་ཕོད་པའི་སེམས་ཀྱིས་ཀུན་ནས་ཉོན་མོངས་པ་གཞོམ་པ་ལ་བརྩོན་པར་གྱིས་ཤིག། སྟོབས་བཅུ་དང་ལྡན་པའི་ཡེ་ཤེས་ཀྱི་ཉི་མ་ནུབ་པར་གྱུར་ན་ཁྱེད་རྣམས་ཀྱང་མ་རིག་པས་ཁེབས་པར་འགྱུར་རོ། །དགེ་སློང་དག། དཔེར་ན། ས་ཆེན་པོ་དང་རིལ་སྐྱེས་པའི་རྩི་ཤིང་ནི་སེམས་ཅན་རྣམས་ཀྱི་དགོས་པར་འགྱུར་རོ། །ངའི་ཆོས་ཀྱང་དེ་དང་འདྲ་སྟེ། ཤིན་ཏུ་དགེ་བའི་བདུད་རྩི་ལྟ་བུའི་ཆོས་ཀྱི་རོའང་སྐྱེ་ལ། སེམས་ཅན་གྱི་ཉོན་མོངས་པའི་ནད་རྣམ་པ་སྣ་ཚོགས་ཀྱི་སྨན་དུའང་འགྱུར་རོ། །ངས་དེང་འདིར་སེམས་ཅན་ཐམས་ཅད་དང ། ངའི་སྲས་སུ་གྱུར་པ་འཁོར་རྣམ་པ་བཞི་ཡང་དགོངས་ཏེ་གསུངས་པའི་སྙིང་པོ་ལ་བདེ་བར་དགོད་ཅིང་ངའང་དེ་ལ་བདེ་བར་གནས་ནས་ཡོངས་སུ་མྱ་ངན་ལས་འདའོ། །དེ་ལ་དགོངས་ཏེ་གསུངས་པའི་སྙིང་པོ་ཞེས་བྱ་བ་གང་ཞེ་ན། དཔེར་ན། ཡི་གེ་ཨི་ལྟ་བུ་ཐིག་ལེ་གསུམ་ཐད་ཀར་བཞག་གམ། དངར་ན་ཨིར་མི་འགྱུར་གྱི། དབང་སྒྱུར་ཆེན་པོའི་མིག་ལྟ་བུར་ཕོ་གསུམ་དུ་བཞག་ན་ཨིར་འགྱུར་ཏེ། ཐིག་ལེ་གསུམ་སོ་སོར་ཕྲལ་བ་ལས་ཀྱང་མ་ཡིན་ནོ། །ངའང་དེ་དང་འདྲ་སྟེ། རྣམ་པར་གྲོལ་བའི་ཆོས་
Ka48b
ཀྱང་མྱ་ངན་ལས་འདའ་བ་མ་ཡིན། དེ་བཞིན་གཤེགས་པའི་སྐུའང་མྱ་ངན་ལས་འདའ་བ་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་མྱ་ངན་ལས་འདའ་བ་མ་ཡིན། ཆོས་གསུམ་པོ་སོ་སོར་ཕྲལ་བ་ལས་ཀྱང་མྱ་ངན་ལས་འདའ་བའང་མ་ཡིན་ཏེ། ང་ནི་ཆོས་གསུམ་པོ་འདི་ལ་གནས་ནས་སེམས་ཅན་གྱི་ཕྱིར་མྱ་ངན་ལས་འདའ་བ་ཞེས་བྱ་སྟེ། ཇི་ལྟར་འཇིག་རྟེན་ན་ཡི་གེ་ཨི་ཞེས་གྲགས་པ་བཞིན་ནོ། །དེའི་ཚེ་ན་དགེ་སློང་རྣམས་སངས་རྒྱས་བཅོམ་ལྡན་འདས་ངེས་པར་ཡོངས་སུ་མྱ་ངན་ལས་འདའོ་ཞེས་གསུངས་པ་ཐོས་ནས་ཤིན་ཏུ་མི་དགའ་སྟེ། ལུས་ཀྱི་བ་སྤུ་ཐམས་ཅད་ལངས་ནས། མིག་མཆི་མས་གང་བཞིན་དུ་སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ནས་ལན་གྲངས་མེད་པར་བསྐོར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས། མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་ཉིད་དང ། བདག་མེད་པ་ལེགས་པར་གསུངས་སོ། །བཅོམ་ལྡན་འདས། དཔེར་ན། འགྲོ་བ་ཐམས་ཅད་ཀྱི་རྗེས་ཀྱི་ནང་ན་བལ་གླང་གི་རྗེས་མཆོག་གོ། །མི་རྟག་པའི་འདུ་ཤེས་ཀྱང་དེ་དང་འདྲ་སྟེ། འདུ་ཤེས་ཐམས་ཅད་ཀྱི་ནང་ན་མཆོག་གོ། གང་ཞིག་དེ་ལ་བརྩོན་འགྲུས་སུ་ནན་ཏན་བགྱིད་ན་འདོད་པའི་ཁམས་ཀྱི་འདོད་པ་ཐམས་ཅད་དང ། གཟུགས་དང ། གཟུགས་མེད་པའི་འདོད་པ་དང ། མ་རིག་པ་དང ། ང་རྒྱལ་དང ། མི་རྟག་པའི་འདུ་ཤེས་ཐམས་ཅད་ཀྱང་མ་མཆིས་
Ka49a
༄#། །པར་བགྱིད་དོ། །བཅོམ་ལྡན་འདས། གལ་ཏེ་དེ་བཞིན་གཤེགས་པ་མི་རྟག་པའི་འདུ་ཤེས་དང་བྲལ་ན། ད་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་པར་མི་རིགས་སོ། །ཅི་སྟེ་མ་བྲལ་ན་ཅིའི་སླད་དུ་མི་རྟག་པ་ལ་ནན་ཏན་བགྱིས་ནས་ཁམས་གསུམ་གྱི་འདོད་པ་དང ། མ་རིག་པ་དང ། ང་རྒྱལ་དང ། མི་རྟག་པའི་འདུ་ཤེས་དང་བྲལ་བར་འགྱུར་རོ་ཞེས་གསུངས། བཅོམ་ལྡན་འདས། དཔེར་ན། ཞིང་པ་དག་ནི་སྟོན་གྱི་དུས་སུ་ཞིང་རྨོས་ནས་ཞིང་གི་ངོ་ཡུར་མ་ཡོངས་སུ་སེལ་ཏོ། །མི་རྟག་པའི་འདུ་ཤེས་ཀྱང་དེ་དང་འདྲ་སྟེ། འདོད་པའི་ཁམས་ཀྱི་འདོད་པ་དང ། གཟུགས་དང ། གཟུགས་མ་མཆིས་པའི་འདོད་པ་དང ། མ་རིག་པ་དང ། ང་རྒྱལ་དང ། མི་རྟག་པའི་འདུ་ཤེས་ཀྱི་བར་དུ་སེལ་ཏོ། ། བཅོམ་ལྡན་འདས། དཔེར་ན། ཞིང་རྨོ་བའི་ནང་ན་སྟོན་ལོག་བཏབ་པ་བཟང་ངོ ། །རྗེས་ཐམས་ཅད་ཀྱི་ནང་བ་བལ་གླང་གི་རྗེས་མཆོག་གོ། འདུ་ཤེས་ཐམས་ཅད་ཀྱི་ནང་ནའང་མི་རྟག་པ་མཆོག་གོ་།བཅོམ་ལྡན་འདས། དཔེར་ན། རྒྱལ་པོ་ཆེན་པོ་ནི་འགུམ་པའི་བུས་བགྱིད་པ་ན། སྔར་མཐའ་བཞིར་ཤོ་བཏང་ནས་བཙོན་ཐམས་ཅད་ཐར་བའི་འོག་ཏུ་ཚེའི་བྱ་བ་བགྱིད་དོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་བར་སེམས་ཅན་ཐམས་ཅད་ཤེས་རབ་མེད་པའི་མ་རིག་པས་ཡོངས་སུ་ཁེབས་པ་ལས་བསྒྲལ་ཏེ་ཐར་པར་མཛད་ནས།
Ka49b
གདོད་མྱ་ངན་ལས་འདའ་བར་གཤེགས་པའི་རིགས་ཀྱི། བདག་ཅག་མ་བསྒྲལ་བར་ཅིའི་སླད་དུ་དེ་བཞིན་གཤེགས་པས་བདག་ཅག་ཡོངས་སུ་བཏང་སྟེ། ཡོངས་སུ་མྱ་ངན་ལས་འདས་པར་གཤེགས། བཅོམ་ལྡན་འདས། དཔེར་ན། མི་ཞིག་ཡི་དྭགས་ཀྱིས་བརླམས་ཏེ། སྔགས་མཁན་དང་ཕྲད་ན། སྔགས་ཀྱི་མཐུས་དེ་ལས་ཐར་པར་འགྱུར་རོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཉན་ཐོས་རྣམས་ཀྱིས་མ་རིག་པའི་ཡི་དྭགས་བསལ་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ། རྣམ་པར་གྲོལ་བ་ལ་སོགས་པའི་ཆོས་ལ་བདེ་བར་འགོད་པ་ནི།་ཇི་ལྟར་འཇིག་རྟེན་ན་ཡི་གེ་ཨི་ཞེས་གྲགས་པ་བཞིན་ནོ། །བཅོམ་ལྡན་འདས། དཔེར་ན། སྤོས་ཀྱི་གླང་པོ་ཆེ་ནི་མིས་བཅིངས་ན་འདུལ་མཁས་པའི་མཁན་པོ་མཆིས་ཀྱང་མི་ཐུལ་ཏེ། བཅིངས་པའི་ཐག་པ་བཅད་ནས་ཡིད་བཞིན་དུ་མཆིའོ། །དེ་ལྟར་བདག་ནི་ཉོན་མོངས་པ་ལྔ་བཅུ་རྩ་བདུན་གྱིས་བཅིངས་པ་ལས་ཡོངས་སུ་མ་གྲོལ་ན་ཅིའི་སླད་དུ་དེ་བཞིན་གཤེགས་པས་ཡོངས་སུ་བཏང་སྟེ་མྱ་ངན་ལས་འདའ་བར་གཤེགས། བཅོམ་ལྡན་འདས། དཔེར་ན། ཚ་བའི་ནད་ཀྱིས་བཏབ་པ་ནི་སྨན་པ་མཁས་པ་དང་ཕྲད་ན་དེ་མ་ཐག་ཏུ་འཚོའོ། །བདག་ཀྱང་དེ་དང་འདྲ་ན་ལོག་པར་འཆི་བའི་ཚ་བའི་ནད་མང་པོས་སྡུག་བསྔལ་བར་གྱུར་ཏེ། དེ་བཞིན་གཤེགས་པ་དང་མཇལ་ཀྱང་ནད་མ་བྱང་སྟེ། བླ་ན་མེད་པའི་བདེ་བ་རྟག་པའང་མ་ཐོབ་ན།
Ka50a
༄#། །ཅིའི་སླད་དུ་དེ་བཞིན་གཤེགས་པས་ཡོངས་སུ་སྤངས་ཏེ། མྱ་ངན་ལས་འདའ་བར་གཤེགས། བཅོམ་ལྡན་འདས། དཔེར་ན། མི་ར་རོ་བ་ནི་མི་དྲན་པས་ན་ཉེ་རིང་མ་ཤེས་ཏེ། མ་དང ། བུ་མོ་དང ། སྲིང་མོ་ལ་མི་འོས་མི་རིགས་པ་བྱེད་ཅིང་བག་མ་མཆིས་པར་སྨྲ་སྟེ། མི་གཙང་བའི་སྟེང་ན་ཉལ་ལོ། །དེ་ལ་སྨན་པ་མཁས་པས་སྨན་བཏང་སྟེ། ཆང་འཐུངས་པ་སླར་སྐྱུགས་ན། དེ་མ་ཐག་ཏུ་དྲན་ཏེ་འཛེམ་པ་དང་ངོ་ཚ་བའི་སེམས་སྐྱེས་ནས། ཆང་ནི་སྡིག་པ་མི་དགེ་བ་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། གང་གིས་ཡངས་སུ་སྤངས་ན། སྡིག་པ་ཐམས་ཅད་ཀྱང་སྤོང་བར་འགྱུར་རོ་ཞེས་འགྱོད་པ་སྐྱེའོ། །བཅོམ་ལྡན་འདས། བདག་ཅག་ཀྱང་དེ་དང་འདྲ་སྟེ། ཐོག་མ་མཆིས་པའི་དུས་ནས་འཁོར་བར་འཁོར་ཏེ། འདོད་པས་མྱོས་ནས་འདོད་པ་ལྔ་ལ་ཆགས་པས་མ་མ་ལགས་པ་མར་འདུ་ཤེས། སྲིང་མོ་མ་ལགས་པ་ལ་སྲིང་མོར་འདུ་ཤེས། བུ་མོ་མ་ལགས་པ་ལ་བུ་མོར་འདུ་ཤེས། སེམས་ཅན་མ་ལགས་པ་ལ་སེམས་ཅན་དུ་འདུ་ཤེས་བསྐྱེད་པས་འཁོར་བར་འཁོར་ཏེ། སྡུག་བསྔལ་མྱོང་བ་ནི་ཇི་ལྟར་མེ་ར་རོ་བ་ངན་སྐྱུགས་ཀྱི་སྟེང་ན་ཉལ་བ་བཞིན་ནོ། །དེ་བཞིན་གཤེགས་པས་ཀྱང་བདག་ལ་ཆོས་ཀྱི་སྨན་བཏང་ནས་ཉོན་མོངས་པའི་ཆང་སླར་སྐྱུགས་མོད་ཀྱི། ལེགས་པར་མ་སངས་པར་ཅིའི་སླད་དུ་དེ་བཞིན་གཤེགས་
Ka50b
པས་ཡོངས་སུ་སྤངས་ཏེ་མྱ་ངན་ལས་འདའ་བར་གཤེགས། བཅོམ་ལྡན་འདས། དཔེར་ན། གང་ཟག་གཅིག་ཤིང་ཆུ་ཤིང་ལ་སྲ་ཞིང་སྙིང་པོ་ཡོད་དོ་ཞེས་སྟོན་ན། དེ་ནི་གནས་མ་ལགས་སོ། །བཅོམ་ལྡན་འདས། སོ་སོའི་སྐྱེ་བོ་དག་ཀྱང་དེ་དང་འདྲ་སྟེ། བདག་དང ། གང་ཟག་དང ། སེམས་ཅན་དང ། འཚོ་བ་དང ། ཤེད་ཅན་དང ། ཤེད་བདག་དང ། ཤེས་པ་དང ། མཐོང་བ་དང ། བྱ་བ་དང ། བྱེད་པ་པོ་ལ་ཡང་དག་པ་བདེན་པའོ། །ཞེས་སྟོན་ན། དེའང་གནས་མ་ལགས་སོ། །བདག་ཅག་ཀྱང་དེ་ལྟར་བདག་མ་མཆིས་པ་ལ་ནན་ཏན་བགྱིད་དོ། །བཅོམ་ལྡན་འདས། དཔེར་ན། སྦྲང་མ་ནི་ཅིར་ཡང་མི་དགོས་ཏེ། ལུས་ཀྱང་དེ་དང་འདྲ་བར་བདག་མ་མཆིས། བདག་པོ་མ་མཆིས་སོ། །བཅོམ་ལྡན་འདས། མེ་ཏོག་འདབ་མ་བདུན་པ་ལ་དྲི་བསུང་མ་མཆིས་པ་དང་འདྲ་བར་ལུས་འདི་ལའང་བདག་མ་མཆིས། བདག་པོ་མ་མཆིས་ཏེ། བདག་ཅག་ཀྱང་དེ་ནལྟ་བུའི་སེམས་ཀྱིས་བདག་མ་མཆིས་པའི་འདུ་ཤེས་ལ་ནན་ཏན་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ཆོས་ཐམས་ཅད་ལ་བདག་དང་བདག་གི་བ་མ་མཆིས་ཏེ། དགེ་སློང་དག། དེ་ལྟ་བུའི་ཚུལ་དུ་ནན་ཏན་གྱིས་ཤིག། དེ་ལྟ་བུར་ནན་ཏན་བྱས་ན། ང་རྒྱལ་ཡོངས་སུ་སྤོང་བར་འགྱུར་རོ་ཞེས་གསུངས་པ་ལྟར། བདག་ཅག་གིས་ང་རྒྱལ་སྤངས་ནས་མྱ་ངན་ལས་འདའ་བར་གཤེགས་
Ka51a
༄#། །སུ་གསོལ་ལོ། །བཅོམ་ལྡན་འདས། དཔེར་ན། ནམ་མཁའ་ལ་འཕུར་བའི་བྱའི་རྗེས་ནི་མངོན་དུ་སྣང་བའི་གནས་མ་མཆིས་སོ། །གང་བདག་མ་མཆིས་པ་ལ་ནན་ཏན་བགྱིད་པ་ནི་ལྟ་བ་རྣམས་མཆིས་ཞེས་བགྱི་བའི་གནས་མ་མཆིས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ལེགས་སོ། །ཤིན་ཏུ་ལེགས་སོ། །ཁྱེད་རྣམས་ཀྱིས་བདག་མེད་པའི་འདུ་ཤེས་ལེགས་པར་བསྒོམས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་ནི་བདག་མ་མཆིས་པའི་འདུ་ཤེས་ལ་ནན་ཏན་བགྱིད་པར་མ་བས་ཀྱི། དེ་མ་ལགས་པ་གཞན་ཡང་སྡུག་བསྔལ་བར་འདུ་ཤེས་པ་དང ། སྟོང་པ་དང ། མི་རྟག་པ་དང ། བདག་མ་མཆིས་པར་འདུ་ཤེས་པ་ལའང་ནན་ཏན་བགྱིད་དོ། །བཅོམ་ལྡན་འདས། དཔེར་ན། མི་ར་རོ་བ་ནི་སེམས་མྱོས་པར་གྱུར་པས་རི་དང ། ཆུ་དང ། བྲག་དང ། ཤིང་དང ། ཁང་ཁྱིམ་དང ། ཉི་ཟླ་དང ། སྐར་མའི་བར་དུ་འཁོར་བ་སྙམ་བགྱིད་དེ། བཅོམ་ལྡན་འདས། གང་སྡུག་བསྔལ་བ་དང ། མི་རྟག་པ་དང ། བདག་མ་མཆིས་པའི་འདུ་ཤེས་ལ་སོགས་པ་ལ་ནན་ཏན་མི་བགྱིད་ན། གང་ཟག་དེ་ནི་འཕགས་པ་ཞེས་མི་བགྱི་སྟེ། བག་མ་མཆིས་པས་འཁོར་བར་ཡོངས་སུ་འཁོར་རོ། །བཅོམ་ལྡན་འདས། དེ་
Ka51b
བས་ན་བདག་ཅག་ནི་འདུ་ཤེས་དེ་དག་ལ་ཤིན་ཏུ་ནན་ཏན་བགྱིད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ལེགས་པར་ཉོན་ལ་ཤིན་ཏུ་ཡིད་ལ་གཟུང་ཞིག་།ཁྱེད་ཀྱིས་མི་ར་རོ་བ་ལ་དཔེ་བླངས་པ་ནི་ཚིག་དང་འབྲུ་ཙམ་ཤེས་པར་ཟད་ཀྱི། དོན་ནི་མ་རྟོགས་སོ། །དེ་ལ་དོན་ཞེས་བྱ་བ་གང་ཞེ་ན། དཔེར་ན། མི་ར་རོ་བས་ཉི་ཟླ་ལ་སོགས་པ་མི་འཁོར་བར་འཁོར་བར་འདུ་ཤེས་པ་དང་འདྲ་བར་སོ་སོའི་སྐྱེ་བོའང་དེ་དང་འདྲ་སྟེ། ཀུན་ནས་ཉོན་མོངས་པའི་མ་རིག་པས་ཡོངས་སུ་ཁེབས་པས་ན་ཕྱིན་ཅི་ལོག་གི་སེམས་བསྐྱེད་དེ། བདག་ལ་བདག་མེད་པར་འདུ་ཤེས། རྟག་པ་ལ་མི་རྟག་པར་འདུ་ཤེས། ཡོངས་སུ་དག་པ་ལ་ཡོངས་སུ་མ་དག་པར་འདུ་ཤེས། བདེ་བ་ལ་སྡུག་བསྔལ་བར་འདུ་ཤེས་ཏེ། ཀུན་ནས་ཉོན་མོངས་པས་ཡོངས་སུ་ཁེབས་པས་དེ་དང་འདྲ་བར་འདུ་ཤེས་མོད་ཀྱི། དོན་ཁོང་དུ་མ་ཆུད་པས་མི་ར་རོ་བ་དེ་འཁོར་བའི་གནས་མ་ཡིན་པ་ལ་འཁོར་བར་འདུ་ཤེས་བསྐྱེད་པ་བཞིན་ནོ། །བདག་ཅེས་བྱ་བ་ནི་སངས་རྒྱས་ཞེས་བྱ་བའི་དོན་ནོ། །རྟག་པ་ནི་ཆོས་ཀྱི་སྐུ་ཞེས་བྱ་བའི་དོན་ནོ། །བདེ་བ་ནི་མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ནོ། །ཡོངས་སུ་དག་པ་ནི་ཆོས་ཞེས་བྱ་བའི་དོན་ཡིན་ན། ཅིའི་ཕྱིར་དགེ་སློང་ཁྱེད་བདག་ཏུ་འདུ་ཤེས་པ་ནི་ང་རྒྱལ་ཅན་ཡིན་ཏེ། འཁོར་བ་ན་འཁོར་རོ་ཞེས་སྨྲ། ཁྱེད་སྨྲ་བ་ལྟར་ན་བདག་ཅག་ཀྱང་མི་རྟག་པ་དང ། སྡུག་བསྔལ་བ་
Ka52a
༄#། །དང།་བདག་མེད་པའི་འདུ་ཤེས་ལ་ནན་ཏན་བྱེད་དོ་ཞེས་བྱ་བ་ནི་ཡང་དག་པར་དོན་མེད་དོ། །ནན་ཏན་བྱེད་པ་གསུམ་པོ་དེ་ལ་ཡང་དག་པའི་དོན་མེད་པས་དེ་མ་ཡིན་པ་ནན་ཏན་བྱེད་པའི་ཆོས་གསུམ་པོ་ལས་ལྷག་པ་ངས་བཤད་པར་བྱའོ། །སྡུག་བསྔལ་ལ་བདེ་བར་འཛིན་པ་དང ། བདེ་བ་ལ་སྡུག་བསྔལ་དུ་འཛིན་པ་ནི་ཕྱིན་ཅི་ལོག་གི་ཆོས་སོ། །མི་རྟག་པ་ལ་རྟག་པར་འཛིན་པ་དང ། རྟག་པ་ལ་མི་རྟག་པར་འཛིན་པ་ནི་ཕྱིན་ཅི་ལོག་གི་ཆོས་སོ། །བདག་མེད་པ་ལ་བདག་ཏུ་འཛིན་པ་དང ། བདག་ལ་བདག་མེད་པར་འཛིན་པ་ནི་ཕྱིན་ཅི་ལོག་གི་ཆོས་སོ། །ཡོངས་སུ་མ་དག་པ་ལ་དག་པར་འཛིན་པ་དང ། ཡོངས་སུ་དག་པ་ལ་ཡོངས་སུ་མ་དག་པར་འཛིན་པ་ནི་ཕྱིན་ཅི་ལོག་གི་ཆོས་སོ། །ཕྱིན་ཅི་ལོག་གི་ཆོས་རྣམ་པ་བཞི་པོ་འདི་ནི་ཡང་དག་པར་ཇི་ལྟ་བུར་ནན་ཏན་བྱ་བ་གང་ཟག་གིས་མི་ཤེས་སོ། །དགེ་སློང་དག་།སྡུག་བསྔལ་གྱི་ཆོས་ལ་བདེ་བར་འདུ་ཤེས་སྐྱེད་ཅིག་།མི་རྟག་པ་ལ་རྟག་པར་འདུ་ཤེས་སྐྱེད་ཅིག་།བདག་མེད་པ་ལ་བདག་ཏུ་འདུ་ཤེས་སྐྱེད་ཅིག་།ཡོངས་སུ་མ་དག་པ་ལ་དག་པར་འདུ་ཤེས་སྐྱེད་ཅིག་།འཇིག་རྟེན་ནའང་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཡོད་དོ། །འཇིག་རྟེན་ལས་འདས་པ་ལའང་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཡོད་དོ། །འཇིག་རྟེན་གྱི་ཆོས་
Ka52b
ནི་བརྗོད་དུ་ཡོད་ལ་དོན་མེད་པའོ། །འཇིག་རྟེན་ལས་འདས་པ་ནི་བརྗོད་དུའང་ཡོད་ལ། དོན་ཡང་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཆོས་ནི་ཕྱིན་ཅི་ལོག་བཞི་དང་བཅས་པས་དོན་མི་རྟོགས་སོ། །དེ་ཇི་ལྟ་ཞེ་ན། འདུ་ཤེས་ཕྱིན་ཅི་ལོག་དང ། སེམས་ཕྱིན་ཅི་ལོག་དང ། ལྟ་བ་ཕྱིན་ཅི་ལོག་དང ། ཕྱིན་ཅི་ལོག་གསུམ་གྱིས་འཇིག་རྟེན་པ་ནི་བདེ་བ་ལ་སྡུག་བསྔལ་དུ་ལྟ། རྟག་པ་ལ་མི་རྟག་པར་ལྟ། བདག་ལ་བདག་མེད་པར་ལྟ། ཡོངས་སུ་དག་པ་ལ་ཡོངས་སུ་མ་དག་པར་ལྟ་སྟེ། ཕྱིན་ཅི་ལོག་ཅེས་བྱའོ། །ཕྱིན་ཅི་ལོག་པས་ན་འཇིག་རྟེན་པས་ནི་ཚིག་ཏུ་སྨྲ་བ་ཤེས་ཀྱི། དོན་མི་ཤེས་སོ། །དེ་ལ་དོན་ཞེས་བྱ་བ་གང་ཞེ་ན། བདག་མེད་པ་ནི་འཁོར་བ་ཞེས་བྱའོ། །བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །མི་རྟག་པ་ནི་ཉན་ཐོས་དང།་རང་སངས་རྒྱས་སོ། །རྟག་པ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའོ། །སྡུག་བསྔལ་བ་ནི་མུ་སྟེགས་ཅན་ཐམས་ཅད་དོ། །བདེ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའོ། ། ཡོངས་སུ་མ་དག་པ་ནི་འདུས་བྱས་པའི་ཆོས་སོ། །ཡོངས་སུ་དག་པ་ནི་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པའི་ཆོས་ཡིན་ཏེ། དེ་བས་ན་ཕྱིན་ཅི་མ་ལོག་པ་ཞེས་བྱའོ། །དེ་ལྟར་ན་ཕྱིན་ཅི་མ་ལོག་པས་ཚིག་ཏུ་བརྗོད་པའང་ཤེས་ལ་དོན་ཡང་ཤེས་སོ། །གང་ཞིག་ཕྱིན་ཅི་ལོག་བཞི་པོ་ཡོངས་སུ་སྤོང་བར་འདོད་ན། དེ་ལྟ་བུའི་ཚུལ་དུ་
Ka53a
༄#། །རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པར་རིག་པར་བྱའོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར། ཕྱིན་ཅི་ལོག་བཞི་རྟོག་པས་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཁོང་དུ་ཆུད་ཅེས་གསུངས་ན། དེ་བཞིན་གཤེགས་པ་ནི་ཕྱིན་ཅི་ལོག་བཞི་མི་མངའ་སྟེ། རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཐུགས་སུ་ཆུད་དོ། །དེ་ལྟར་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཐུགས་སུ་ཆུད་ན། ཅིའི་སླད་དུ་བསྐལ་པ་གཅིག་གམ། བསྐལ་པ་ཕྱེད་ཀྱི་བར་དུ་བཞུགས་ཤིང ། བདག་ཅག་གི་ཕྱིན་ཅི་ལོག་བཞི་ཡོངས་སུ་སྤོང་བར་འགྱུར་པ་མི་སྟོན་པར་བདག་ཅག་སྤངས་ཏེ། ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས། དེ་བཞིན་གཤེགས་པས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་བདག་ཅག་གི་སྟོན་པར་གྱུར་ན། བདག་ཅག་ཀྱང་རྩེ་གཅིག་པའི་སེམས་ཀྱིས་སྤྱི་བོས་ལེན་ཅིང་ནན་ཏན་བགྱིད་དོ། །གལ་ཏེ་དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་ན། བདག་ཅག་ཀྱང་དེ་ལྟར་གདུག་པ་ཅན་གྱི་ལུས་དང་ལྷན་ཅིག་ཏུ་གནས་ཏེ་ཚངས་པར་སྤྱད་པ་སྤྱོད། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་དུ་མྱ་ངན་ལས་འདའོ། །དེའི་ཚེ་བཅོམ་
Ka53b
ལྡན་འདས་ཀྱིས་དགེ་སློང་རྣམས་ལའང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་དེ་སྐད་མ་ཟེར་ཅིག་།ངས་ནི་བླ་ན་མེད་པའི་ཡང་དག་པའི་ཆོས་ཐམས་ཅད་ཀྱང་འོད་སྲུང་ཆེན་པོ་ལ་གཏད་དོ། ། འོད་སྲུང་ཆེན་པོ་ནི་ཁྱེད་ཀྱི་གནས་དང་རྟེན་དུ་འགྱུར་ཏེ། ཇི་ལྟར་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱི་གནས་དང་རྟེན་དུ་གྱུར་པ་བཞིན། འོད་སྲུང་ཆེན་པོ་འདིའང་ཁྱེད་ལ་སོགས་པ་ཐམས་ཅད་ཀྱི་གནས་དང་རྟེན་དུ་འགྱུར་རོ། །དཔེར་ན། རྒྱལ་པོ་ཆེན་པོ་དབང་དང་ལྡན་པ་ཡང་བསྲང་དུ་འགྲོ་བ་ན། ཡུལ་གྱི་སྲིད་ཐམས་ཅད་ཀྱང་བློན་པོ་ཆེན་པོ་ལ་གཏད་དོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་བར་དམ་པའི་ཆོས་ཐམས་ཅད་ཀྱང་འོད་སྲུང་ཆེན་པོ་ལ་གཏད་དོ། །ཁྱེད་རྣམས་མི་རྟག་པ་དང ། སྡུག་བསྔལ་བའི་འདུ་ཤེས་ལ་ནན་ཏན་བྱེད་པའང་ཡང་དག་པ་མ་ཡིན་ནོ། །དཔེར་ན། དབྱར་གྱི་དུས་སུ་རྫིང་ཆེན་པོའི་ནང་ན་གཟིངས་ཀྱི་སྟེང་ན་རྩེ་བ་ལས་རིན་པོ་ཆེ་བཻ་ཌཱུ་རྱ་ཆུར་ལྷུང་ན། དེའི་ཚེ་མི་མཁས་པ་ཐམས་ཅད་ཆུའི་ནང་དུ་ཞུགས་ནས། གྱོ་མོ་དང ། རྡོ་བ་དང ། རྩཝ་དང ། ཤིང་དང ། གསེག་མ་དག་སོ་སོ་ནས་ཕྱུང་སྟེ། རིན་པོ་ཆེའི་བཻ་ཌཱུརྱ་རྙེད་སྙམ་ནས་དགའ་བཞིན་དུ་ཕྱིར་བྱུང་ན། གདོད་ཡང་དག་པ་མ་ཡིན་པར་ཤེས་སོ། །དེའི་ཚེ་རིན་པོ་ཆེ་ཆུའི་ནང་ན་ཡོད་པས་རིན་པོ་ཆེའི་མཐུས་ཆུ་ཡོངས་སུ་དང་བས་ན། ཐམས་ཅད་ཀྱིས་ནོར་བུ་རིན་པོ་ཆེ་ཆུའི་གཏིང་ན་
Ka54a
༄#། །ཡོད་པར་ཤེས་ཏེ། ཇི་ལྟར་སྟེང་གི་ནམ་མཁའ་ལ་ཟླ་བ་ལྟ་བ་བཞིན་ནོ། །དེའི་ཚེ་ན་འཁོར་དེ་དག་གི་ནང་ན་མཁས་པ་ཐབས་དང་ལྡན་པས་ནི། དལ་གྱིས་ཆུའི་ནང་དུ་ཞུགས་ནས་རིན་པོ་ཆེ་ལེན་ཏོ། །དགེ་སློང་ཁྱེད་ཀྱང་མི་རྟག་པ་དང ། སྡུག་བསྔལ་བ་དང ། བདག་མེད་པ་དང ། ཡོངས་སུ་མ་དག་པའི་འདུ་ཤེས་ལ་ནན་ཏན་བྱེད་པ་ནི།་ཇི་ལྟར་མི་མང་པོ་དག་སོ་སོ་ནས་གྱོ་མོ་དང ། རྡོ་བ་དང ། རྩཝ་དང ། ཤིང་དང ། གསེག་མ་དག་ཕྱུང་ནས་ནོར་བུ་རིན་པོ་ཆེ་རྙེད་དོ་སྙམ་དུ་སེམས་པ་དང་འདྲའོ། །ཁྱེད་རྣམས་ཀྱང་ཐབས་ལ་ཤིན་ཏུ་མཁས་པར་གང་ནས་གང་དུ་གནས་ཀྱང་བདག་ཏུ་འདུ་ཤེས་པ་དང ། རྟག་པ་དང ། བདེ་བ་དང ། ཡོངས་སུ་དག་པར་འདུ་ཤེས་པ་ལ་མཁས་པར་གྱིས་ཤིག་།ཁྱེད་ཀྱིས་སྔར་ཆོས་རྣམ་པ་བཞི་པོའི་མཚན་མ་ཙམ་ལ་ནན་ཏན་བྱས་པ་ནི་ཐམས་ཅད་ཀྱང་ཕྱིན་ཅི་ལོག་ཏུ་ཙམ་ལ་ནན་ཏན་བྱས་པ་ནི་ཐམས་ཅད་ཀྱང་ཕྱིན་ཅི་ལོག་ཏུ་བཞིན་དུ་ནན་ཏན་དུ་སྒོམ་པ་ནི། ཇི་ལྟར་མཁས་པ་ཐབས་དང་ལྡན་པ་དེས་ནོར་བུ་རིན་པོ་ཆེ་ཕྱུང་བ་དང་འདྲ་བར་བདག་ཏུ་འདུ་ཤེས་པ་དང ། རྟག་པ་དང ། བདེ་བ་དང ། ཡོངས་སུ་དག་པར་འདུ་ཤེས་པ་ལ་ནན་ཏན་བྱའོ། །དེ་ནས་ཡང་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་སྔར་གསུངས་པ་
Ka54b
ལྟར་ན། ཆོས་ཐམས་ཅད་ལ་བདག་མེད་ཀྱི། ཁྱེད་དེ་ལྟ་བུའི་ཚུལ་དུ་ནན་ཏན་གྱིས་ཤིག་།དེ་ལྟར་ནན་ཏན་བྱས་ན། བདག་ཏུ་འདུ་ཤེས་པ་སྤོང་བར་འགྱུར་རོ། །བདག་ཏུ་འདུ་ཤེས་པ་སྤངས་ན། ང་རྒྱལ་དང་བྲལ་བར་འགྱུར་རོ། །ང་རྒྱལ་དང་བྲལ་ན་མྱ་ངན་ལས་འདའོ་ཞེས་གསུངས་པའི་དོན་ཇི་ལྟ་བུ་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། །ཤིན་ཏུ་ལེགས་སོ། །བདག་ཅག་གི་ཐེ་ཚོམ་གཅད་པའི་ཕྱིར་དོན་འདི་ལེགས་པར་དྲིས་སོ། །འདི་ལྟ་སྟེ། དཔེར་ན། རྒྱལ་པོ་མི་མཁས་པ་ཤེས་པ་ཆུང་བ་ལ་སྨན་པའང་མི་མཁས་པ་གླེན་པ་ཞིག་ཡོད་ན། རྒྱལ་པོས་མ་རྟོགས་པས་སྨན་པ་དེ་ལ་བྱ་དགའ་ཆེར་སྩལ་ཏོ། །སྨན་པ་གླེན་པ་དེ་ནི་ནད་ཐམས་ཅད་ལ་སྨན་དུ་འོ་མ་གཏོང་སྟེ། ནད་ཐོག་མ་ཅི་ལས་གྱུར་པའང་མི་ཤེས་ལ། སྨན་དུ་འོ་མ་གཏོང་བ་ལའང་མི་མཁས་པས། རླུང་ནད་དང ། བད་ཀན་དང ། མཁྲིས་པའི་ནད་ཐམས་ཅད་ལའང་སྨན་དུ་འོ་མ་གཏོང་སྟེ། རྒྱལ་པོས་ནི་སྨན་པ་ཉིད་ཀྱང་མ་རྟོགས་ལ། འོ་མ་བཟང་ངམ་ངན་པའི་བྱེ་བྲག་ཀྱང་མི་ཕྱེད་དོ། །དེ་ལ་སྨན་པ་མཁས་པ་རིག་པ་བརྒྱད་དང་ལྡན་པ། ནད་ཐམས་ཅད་གསོ་བ་ལ་ཤིན་ཏུ་མཁས་པ། དཔྱད་ཐམས་ཅད་ཁོང་དུ་ཆུད་པ་ཞིག་ཡུལ་གཞན་ནས་འོངས་ན། དེའི་ཚེ་སྨན་པ་མི་མཁས་པ་དེ་མཁས་པ་དེ་ལ་འདྲི་བའམ། སློབ་པར་མི་བྱེད་ཀྱི། ཕྱིར་ང་རྒྱལ་གྱི་
Ka55a
༄#། །སེམས་བསྐྱེད་དོ། །དེའི་ཚེ་སྨན་པ་མཁས་པ་དེ་མི་མཁས་པ་དེ་ལ་བརྟེན་ནས་སློབ་དཔོན་དུ་བཟུང་སྟེ། སྨན་དཔྱད་གསང་བ་དག་བསླབ་པའི་ཕྱིར་སྨན་པ་གླེན་པ་དེ་ལ་བདག་ནི་ཁྱོད་ལ་སློབ་དཔོན་དུ་གསོལ་གྱི། དཔྱད་རྣམས་བསྟན་ཅིང་བཤད་དུ་གསོལ། ཞེས་གསོལ་པ་བཏབ་ན། སྨན་པ་གླེན་པ་དེ་མཁས་པ་དེ་ལ་འདི་སྐད་ཅེས་དམ་འཆའོ། །ཁྱོད་ཅི་སྟེ་ལོ་བཞི་བཅུ་རྩ་བརྒྱད་ཀྱི་བར་དུ་ཁོ་བོའི་གཡོག་བྱ་ན། དཔྱད་ཐམས་ཅད་ཀྱང་བསྟན་ཏོ་ཞེས་བསྒོའོ། །དེ་ནས་སྨན་པ་མཁས་པ་དེས་མི་མཁས་པའི་ལུང་བཞིན་དུ་བགྱིའོ། །བདག་གིས་རྔོ་ཅི་ཐོག་གིས་ཁྱོད་ཀྱི་གཡོག་བགྱིའོ་ཞེས་སྨྲས་སོ། །དེ་ནས་སྨན་པ་གླེན་པ་དེ་སྨན་པ་གསར་པ་ཁྲིད་ནས་རྒྱལ་པོའི་ཕོ་བྲང་དུ་ཆས་སོ། །རྒྱལ་པོ་དང་ཕྲད་ནས། དེའི་ཚེ་སྨན་པ་གསར་པ་དེས་རྒྱལ་པོ་དེ་ལ་དཔྱད་རྣམ་པ་སྣ་ཚོགས་དང ། གཞན་ཡང་སྒྱུ་རྩལ་མང་པོའི་གཏམ་དང ། ཡུལ་གྱི་སྲིད་གཟུང་བ་དང ། ནད་པ་གསོ་བའི་ཐབས་འདིའོ། །རྒྱལ་པོ་ཆེན་པོ། ཐུགས་སུ་ཆུད་པར་གྱིས་ཤིག་ཅེས་གཏམ་བྱས་སོ། །དེའི་ཚེ་རྒྱལ་པོ་དེས་དེ་སྐད་སྨྲས་པ་ཐོས་པ་དང ། སྨན་པ་རྙིང་པ་དེ་མི་མཁས་པར་ཤེས་ནས། ཡུལ་དེ་ནས་བསྐྲད་དོ། །དེ་ནས་ཀྱང་སྨན་པ་གསར་པ་དེ་ལ་ལྷག་པར་རིམ་གྲོ་དང་བཀུར་སྟི་བསྐྱེད་དོ། །དེའི་ཚེ་སྨན་པ་གསར་པ་དེ་འདི་སྙམ་དུ་རྒྱལ་
Ka55b
པོ་འདི་ལ་བསྟན་པའི་དུས་ལ་བབ་བོ་སྙམ་དུ་བསམས་ནས། རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ་།རྒྱལ་པོ་ཆེན་པོ། བདག་ལ་དགོངས་པར་མོད་ན། བདག་གིས་གསོལ་པ་གཅིག་གནང་བར་མཛོད་ཅིག་།རྒྱལ་པོས་སྨྲས་པ། ཁོ་བོའི་ལག་པ་གཡས་པ་ནས་ལུས་ཀྱི་ཡན་ལག་ཐམས་ཅད་ཀྱི་བར་དུ་ཡིད་བཞིན་དུ་སློངས་ཤིག་དང ། ཐམས་ཅད་སྦྱིན་པར་བྱའོ། ། སྨན་པ་དེས་གསོལ་པ། འདི་ལྟར་རྒྱལ་པོའི་ལུས་ཀྱི་ཡན་ལག་ཐམས་ཅད་ཀྱང་བདག་ལ་འཚལ་བར་གནང་མོད་ཀྱི། བདག་ཀྱང་ཐུགས་མི་ཐུབ་ལ་མང་པོའང་མི་གསོལ་ན། དེང་སླན་ཆད་ཡུལ་མི་ཐམས་ཅད་ཀྱིས་སྨན་པ་རྙིང་པའི་དཔྱད་སྨན་དུ་འོ་མ་གཏོང་བ་ཤོས་བཅད་པ་བཀར་གདགས་སུ་གསོལ། དེ་ཅིའི་སླད་དུ་ཞེ་ན། སྨན་དེ་ནི་གདུག་པ་དང་བཅས་པས་མང་དུ་འཆི་བའི་ཕྱིར་རོ། །གལ་ཏེ་སྨན་དེ་གཏོང་བ་ཡོད་ན་ཡན་ལག་མགོ་བཅད་དོ་ཞེས་བཀར་བཏགས་ནས། སྨན་འོ་མ་གཏོང་བ་ཆོད་པས་དུས་མ་ཡིན་པར་འཆི་བ་མེད་དེ། ཐམས་ཅད་བདེ་ཞིང་སྐྱིད་པར་འགྱུར་གྱི། བདག་གིས་གསོལ་བ་འདི་གནང་བར་མཛོད་ཅིག་།དེ་ནས་རྒྱལ་པོས་སྨྲས་པ། ཁྱེད་གསོལ་བ་འདི་ཤིན་ཏུ་ཕན་པར་འགྱུར་བ་ཡིན་ཏེ། དེང་ཕྱིན་ཆད་ཡུལ་མི་ལས་ན་བ་ཞིག་ཡོད་ན། སྨན་དུ་འོ་མ་གཏོང་དུ་མི་གནང་ངོ ། །གལ་ཏེ་འོ་མ་གཏོང་བ་ཞིག་མོད་ན། ཡན་ལག་གི་དམ་པ་མགོ་བཅད་དོ་ཞེས་བཀར་བཏགས་སོ། །དེའི་ཚེ་
Ka56a
༄#། །ན་སྨན་པ་མཁས་པ་དེ་ཚ་བ་དང ། ཁ་བ་དང ། སྐྱུར་བ་དང ། མངར་བ་དང ། བསྔལ་བ་ལ་སོགས་ཏེ། རོ་རྣམ་པ་སྣ་ཚོགས་ཀྱི་སྨན་སྦྱར་ཏེ། ནང་གསོས་ན་གང་ཡང་མ་སོས་པ་མེད་དོ། །དེ་ནས་ཕྱིས་རིང་པོ་མ་ལོན་པར་རྒྱལ་པོ་དེ་ནད་ཀྱིས་བཏབ་ནས་སྨན་པ་དེ་བཀུག་སྟེ། འདི་ལྟར་ང་ནི་ནད་ཀྱིས་ཤིན་ཏུ་སྡུག་བསྔ་ལ་པར་གྱུར་ན་ཇི་ལྟར་གསོ་ཞེས་སྨྲས་པ་དང ། སྨན་པ་དེས་རྒྱལ་པོའི་ནད་བལྟས་ན་སྨན་དུ་འོ་མ་དགོས་པ་འདྲ་ནས། རྒྱལ་པོ་ལ་གསོལ་པ། རྒྱལ་པོའི་ནད་ཐབས་དང་སྦྱར་ན་སྨན་དུ་འོ་མ་གཏང་འཚལ་ཏེ། བདག་གིས་སྔར་སྨན་དུ་འོ་མ་གཏང་དུ་མི་རུང་ཞེས་གསོལ་པ་བརྫུན་དུ་གྱུར་ཏེ། སྨན་དུ་འོ་མ་ལས་བཟང་བ་མ་མཆིས་ལ། རྒྱལ་པོའི་ནད་ཀྱང་ཚ་བ་ལས་གྱུར་པས། སྨན་དུ་འོ་མ་བཏང་ན་བཟང་ངོ ། །རྒྱལ་པོས་སྨྲས་པ། སྨན་པ་ཁྱོད་འོན་ཏེ་མྱོས་སམ། ཚ་བའི་ནད་ཀྱིས་བཏབ་ན་ནད་འདི་ལ་འོ་མ་ཕན་ནོ་ཞེས་སྨྲ། ཁྱོད་ཀྱིས་སྔར་འོ་མ་ལ་དུག་ཡོད་དོ་ཞེས་སྨྲས་ན། ད་ཇི་ལྟར་བཏུང ། ཁྱོད་ཀྱིས་ང་ལ་བགམ་མམ། སྨན་པ་སྔ་མས་བསྔགས་པ་ལ་དུག་ཡོད་དོ་ཞེས་བྱས་པས་སྨན་པ་གཅིག་བསྐྲད་པའི་འོག་ཏུ། ང་ཡང་ན་བ་ལ་སྨན་དུ་འོ་མ་བཟང་ངོ་ཞེས་ཁྱོད་སྨྲ་བ་དང་སྦྱར་ན། ངའི་སྨན་པ་རྙིང་པ་ནི་ཁྱོད་པས་མཁས་ངེས་སོ། །དེ་ནས་སྨན་པས་ཡང་རྒྱལ་པོ་ལ་འདི་སྐད་
Ka56b
ཅེས་གསོལ་ཏོ། །རྒྱལ་པོ། དེ་སྐད་མ་གསུང་ཞིག་།དཔེར་ན། སྲིན་བུ་ཤིང་ཟན་གྱི་རྗེས་ལས་ཡི་གེར་རུང་བའང་ཡོད་དེ། སྲིན་བུས་ནི་ཡི་གེ་ཡིན་ནམ། མ་ཡིན་པ་མི་ཤེས་ཀྱི། དེ་ལ་མཁས་པ་ཤེས་རབ་ཅན་གྱིས་མཐོང་ན། སྲིན་བུ་ཡི་གེ་ཤེས་སོ་ཞེས་ངོ་མཚར་དུ་མི་འཛིན་ཏོ། །རྒྱལ་པོ་ཆེན་པོ། སྨན་པ་སྔ་མའང་དེ་དང་འདྲ་སྟེ། ནད་རྣམས་མི་རྟོགས་པས་ཐམས་ཅད་ལ་སྨན་འོ་མ་གཏོང་བ་ནི་ཇི་ལྟར་སྲིན་བུའི་རྗེས་ལས་ཡི་གེར་འགྱུར་བ་བཞིན་ཏེ། སྨན་པ་སྔ་མས་ནི་འོ་མ་བཟང་ངན་དང ། རུང་མི་རུང་ཡང་མི་ཤེས་སོ། །རྒྱལ་པོས་སྨྲས་པ། སྨན་པ་སྔམས་ཇི་ལྟ་བུར་མི་ཤེས། སྨན་པས་སྨྲས་པ། སྨན་འོ་མ་ཞེས་བྱ་བ་ནི་གདུག་པའང་ལགས་ལ། བདུད་རྩིའང་ལགས་སོ། །དེ་ལ་ཇི་ལྟར་ན། འོ་མ་དེ་གདུག་པའང་ཡིན་ལ། བདུད་རྩིའང་ཡིན་ཞེ་ན། གལ་ཏེ་བ་ཉིད་སྦང་མ་དང ། རྩཝ་སྦྱིན་པ་དང ། ཕུབ་མ་མ་ཟོས་ལ། པེའུ་ཡང་ཤིན་ཏུ་དུལ་ཞིང་འཚོ་བའི་སའང་རི་མཐོན་པོའི་སྟེང་མ་ཡིན། ནགས་ཁྲོད་མ་ཡིན་པ་ན་འཚོ་ཞིང ། ཆུའང་འབབ་ཆུ་དྭངས་མ་ལས་བླུང་དེ། དྲག་ཏུ་མི་གདའ། ཁྱུ་མཆོག་དང་ཁྱུ་གཅིག་ཏུ་མི་བཙོ་བར་བག་ཡངས་སུ་ཟ་ཞིང་འཐུང་ལ། འགྲོ་བ་དང་སྡོད་བའང་བག་ཡངས་སུ་འགྱུར་བའི་བའི་འོ་མ་ནི་ནད་རྣམས་ལ་ཕན་པས་བདུད་རྩི་ཞེས་བྱའོ། །དེ་མ་ཡིན་པ་ནི་ཐམས་ཅད་ཀྱང་གདུག་པ་དང་བཅས་པ་ཞེས་བྱའོ། །དེའི་ཚེ་ན་རྒྱལ་པོ་
Ka57a
༄#། །ཆེན་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་སྨན་པ་ལེགས་སོ། །ཤིན་ཏུ་ལེགས་པར་སྨྲས་སོ། །ད་སླན་ཆད་འོ་མ་བཟང་ངན་དང ། རུང་མི་རུང་ཡང་ཤེས་སོ། ། དེ་ནས་སྨན་དུ་འོ་མ་བཏང་ནས་ནད་ཀྱང་བྱང་བར་གྱུར་ཏེ། ཡུལ་མི་ཐམས་ཅད་ལ་ད་ཕྱིན་ཆད་སྨན་དུ་འོ་མ་ཐོང་ཞིག་ཅེས་བཀར་བཏགས་སོ། །ཡུལ་མི་རྣམས་ཀྱིས་དེ་སྐད་ཅེས་ཐོས་ནས་ཐམས་ཅད་གཤེ་སྟེ། རྒྱལ་པོ་ཆེན་པོ་འདི་ནི་ཡི་དྭགས་ཀྱིས་བརླམས་སམ། སྨྱོས་སམ་ཅི་ཉེས་ན། བདག་ཅག་བསླུས་ཏེ། སྨན་དུ་འོ་མ་ཐོང་ཞིག་ཅེས་གསུང ། ཡུལ་མི་ཐམས་ཅད་ཁྲོས་བཞིན་དུ་རྒྱལ་པོའི་སྤྱན་སྔར་ལྷགས་སོ། །དེ་ལ་རྒྱལ་པོས་བཀའ་སྩལ་པ། ཁྱེད་ང་ལ་མ་གཤེ་ཞིག་།སྨན་དུ་འོ་མ་བཏང་དུ་རུང་ངམ། མི་རུང་བ་ནི་སྨན་པ་འདིའི་དཔྱད་ཡིན་གྱི། དས་ནི་མ་ཉེས་སོ། །དེའི་ཚེ་རྒྱལ་པོ་ཆེན་པོ་དང ། ཡུལ་མི་ཐམས་ཅད་ཀྱང་ཤིན་ཏུ་དགའ་ཞིང་མགུ་བར་གྱུར་ནས། སྨན་པ་དེ་ལ་ལྷག་པར་རིམ་གྲོ་དང་བཀུར་སྟི་བསྐྱེད་དེ། ནད་པ་ཐམས་ཅད་ལ་སྨན་འོ་མ་བཏང་བས་ནད་ཀྱང་བྱང་བར་གྱུར་ཏོ། །དགེ་སློང་ཁྱེད་ཀྱང་དེ་ལྟ་བུའི་ཚུལ་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ། བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མི་
Ka57b
རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་དེ་ལྟར་རིག་པར་བྱ་སྟེ། སྨན་པ་ཆེན་པོ་ལྟ་བུར་འཇིག་རྟེན་དུ་གཤེགས་ནས། མུ་སྟེགས་ཅན་ངན་པར་ལྟ་བའི་སྨན་པ་ཐམས་ཅད་བཏུལ་ནས་རྒྱལ་པོ་ཐམས་ཅད་ལ་ང་ནི་སྨན་པའོ་ཞེས་བརྗོད་དེ། མུ་སྟེགས་ཅན་དག་གདུལ་བའི་ཕྱིར་འདི་སྐད་དུ་བདག་མེད་དོ། །གང་ཟག་མེད། སེམས་ཅན་མེད། འཚོ་བ་མེད། ཤེས་ཅན་མེད། ཤེད་བདག་མེད། ཤེས་པ་དང ། མཐོང་བ་དང ། བྱ་བ་དང ། བྱེད་པ་པོ་མེད་དོ་ཞེས་གསུངས་སོ། །དགེ་སློང་དག་།མུ་སྟེགས་ཅན་གྱིས་བདག་ཅེས་བརྗོད་པ་ནི་སྲིན་བུའི་རྗེས་ལས་ཡི་གེར་གྱུར་པའང་དེ་དང་འདྲ་སྟེ། དེ་བས་ན་དེ་བཞིན་གཤེགས་པས་ནི་སངས་རྒྱས་ཀྱི་ཆོས་ལ་བདག་མེད་དོ་ཞེས་གསུངས་ཏེ། དེ་ནི་སེམས་ཅན་གདུལ་པའི་ཕྱིར། དུས་མཁྱེན་པའི་ཕྱིར་དེ་ལྟར་བདག་མེད་ཅེས་གསུངས་པའང་རྒྱུ་ཡོད། རྐྱེན་ཡོད་པས་ན། བདག་ཡོད་ཅེས་གསུངས་པ་ནི་ཇི་ལྟར་སྨན་པ་མཁས་པས་འོ་མ་ལ་སྨན་དུ་རུང་བ་དང་མི་རུང་བ་ཤེས་པ་དང་འདྲ་སྟེ། བྱིས་པ་མ་རབས་ཀྱིས་བདག་ཏུ་འཛིན་པ་ལྟ་བུ་ནི་མ་ཡིན་ནོ། །བྱིས་པ་མ་རབས་ཀྱིས་བདག་ཏུ་འཛིན་པ་ནི་མཐེ་བོ་ཙམ་ཞེའམ། ཡུངས་ཀར་ཙམ་ཞེའམ། རྡུལ་ཕྲ་མོ་ཙམ་དུ་འཛིན་ཏོ། །དེ་བཞིན་གཤེགས་པ་བདག་ཅེས་བརྗོད་པ་ནི་དེ་ལྟ་བུ་མ་ཡིན་པས་ཆོས་ཐམས་ཅད་ལ་བདག་མེད་དོ་ཞེས་གསུངས་ཀྱང་ཡང་དག་པར་ན་བདག་མེད་པ་
Ka58a
༄#། །མ་ཡིན་ཏེ། བདག་ཅེས་བྱ་བ་ནི་ཆོས་གང་བདེན་པ། ཡང་དག་པ། རྟག་པ་གནས་པ། བདག་པོར་གྱུར་པ། མི་འགྱུར་མི་འཕོ་བ་དེ་ནི་བདག་ཅེས་བྱ་སྟེ། ཇི་ལྟར་སྨན་པ་ཆེན་པོ་དེ་སྨན་འོ་མ་ལ་མཁས་པ་བཞིན་ནོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སོ་སོའི་སྐྱེ་བོའི་ཕྱིར་ཆོས་ཐམས་ཅད་ལ་ཡང་དག་པར་བདག་ཡོད་དོ་ཞེས་གསུངས་ཀྱི། ཁྱེད་ལ་སོགས་པས་འཁོར་རྣམ་བཞིའང་དེ་ལྟ་བུའི་ཚུལ་དུ་ཆོས་ཐམས་ཅད་ལ་ནན་ཏན་གྱིས་ཤིག། །འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་བཞི་པ། བཅོམ་ལྡན་འདས་ཀྱིས་གཞན་ཡང་དགེ་སློང་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་།ཁྱེད་འདུལ་པ་ལ་ཇི་ཙམ་ཐེ་ཚོམ་དུ་གྱུར་པ་དེ་དག་ཇི་དགའ་བར་དྲིས་ཤིག་དང ། ངས་བསྟན་ཅིང་བཤད་དེ་ཁྱེད་ཀྱིས་སེམས་རངས་པར་བྱའོ། །ངས་ནི་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དུ་མངོན་པར་རྟོགས་ཏེ། དགེ་སློང་དག་།དེ་བཞིན་གཤེགས་པས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་རྟོགས་པར་ཟད་དོ་སྙམ་དུ་མི་བསམ་མོ། ། དགེ་སློང་དག་།འདུལ་བ་ལ་ཇི་ཙམ་དུ་ཐེ་ཚོམ་དུ་གྱུར་པ་དེ་དག་ད་ཞུ་བའི་དུས་ལ་བབ་བོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
Ka58b
བཅོམ་ལྡན་འདས། བདག་ཅག་ནི་ཤེས་རབ་དང་མི་ལྡན་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཞུ་ཞིང་གསོལ་བའི་མཐུ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པའི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པས་ཏིང་ངེ་འཛིན་ཡང་བསམ་གྱིས་མི་ཁྱབ་ལ། སྟོན་པས་བསྟན་པའང་བསམ་གྱིས་མི་ཁྱབ་པས་བདག་ཅག་ནི་ཤེས་རབ་ཞན་ཏེ། དེ་བཞིན་གཤེགས་པ་ལ་ཞུ་ཞིང་གསོལ་བའི་མཐུ་མ་མཆིས་སོ། །བཅོམ་ལྡན་འདས། དཔེར་བགྱི་ན། རྒན་པོ་ལ་བརྒྱ་ཉི་ཤུ་ལོན་པ། རྒས་འཁོགས་པ། རྟག་ཏུ་ན་བས་རྩོལ་བའི་མཐུ་མ་མཆིས་པ། ཉམ་ཆུང་བ། ཚེའི་དབང་དུ་མ་གྱུར་པ་གཅིག་ལ། མི་ཕྱུག་པོ་དོན་གཉེར་བའི་ཕྱིར་ཡུལ་གཞན་དུ་མཆི་བ་ཞིག་གསེར་སྲང་བརྒྱ་སྟོང་དུ་མ་རྒན་པོ་ལ་གཏམས་ནས། འདི་སྐད་དུ་བདག་གི་ནོར་བུ་རིན་པོ་ཆེ་འདི་ཁྱོད་ལ་གཏམས་ཀྱི། ལོ་བཅུ་འམ། གལ་ཏེ་ལོ་ཉི་ཤུ་ན་ཕྱིར་འཁོར་གྱི། སླར་བྱིན་ཅིག་ཅེས་སྨྲས་སོ། །རྒན་པོ་དེས་རིན་པོ་ཆེ་དེ་བླངས་ནས་རིང་པོ་མ་ལོན་པར་ནད་ཀྱིས་ཤི་སྟེ། རབས་ཀྱང་ཆད་པས་རིན་པོ་ཆེ་དེས་ཅི་གཏམས་པ་རྣམས་ཀྱང་ཐམས་ཅད་འཁྱམས་པར་གྱུར་ཏོ། །ནོར་བདག་ཕྱིར་ལོག་ནས་སླར་བླངས་པའི་གནས་མ་མཆིས་པར་གྱུར་ཏོ། །དེ་ལྟར་གླེན་པ་དེ་གཏམས་པའི་རིགས་སམ། མི་རིགས་པའི་གནས་མི་འཚལ་བས་
Ka59a
༄#། །ཡུལ་གཞན་ནས་སླར་འཁོར་ཡང་རིན་པོ་ཆེ་ཀུན་འཁྱམས་ཏེ་སླར་བླང་བའི་གནས་མ་མཆིས་སོ། །བཅོམ་ལྡན་འདས། བདག་ཅག་ཉན་ཐོས་རྣམས་ཀྱང་དེ་དང་འདྲ་སྟེ། དེ་བཞིན་གཤེགས་པས་ཡང་དང་ཡང་ནན་ཏན་དུ་འདུལ་བ་བསན་པ་ནི་ཐོས་ནས་གཟུངས་སུ་འཛིན་ཅིང ། ཆོས་ཡུན་དུ་གནས་པར་བགྱིད་མི་ནུས་པ་ནི། ཇི་ལྟར་རྒན་པོ་དེས་ཕ་རོལ་པོས་གཏམས་པ་བླངས་པ་དང་མཚུངས་ཏེ། བདག་ཅག་ལ་ཤེས་རབ་མ་མཆིས་པས་འདུལ་བ་རྣམས་ལ་གང་ཞུ་ཞིང་འདྲི་བའི་ཆའང་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་བཀའ་སྩལ་པ། ཁྱེད་དེང་ང་ལ་ཞུས་ན་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ་འགྱུར་གྱི། དེ་བས་ན་ཁྱེད་ཅི་དང་ཅི་འདོད་པ་དྲིས་ཤིག ། དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དཔེར་ན། སྐྱེས་བུ་ཚད་ལ་བབ་པ། ལོ་ཉི་ཤུ་རྩ་ལྔ་ལོན་པ། ཤིན་ཏུ་ལང་ཚོ་བ།་བྱད་གཟུགས་དང་ལྡན་པ། ནོར་རིན་པོ་ཆེ་གསེར་དང ། དངུལ་དང ། བཻ་ཌཱུརྱ་རབ་ཏུ་མང་བ། ཕ་དང ། མ་དང ། ཆུང་མ་དང ། བུ་དང ། འཁོར་དུ་བཅས་པ་ཞིག་ལ། གལ་ཏེ་མི་ཞིག་གིས་ནོར་རིན་པོ་ཆེ་དག་གཏམས་ཏེ། དེ་ལ་འདི་སྐད་དུ་བདག་ནི་དོན་གཉེར་ཞིང་ཡུལ་གཞན་དུ་མཆིའི། ནོར་རིན་པོ་ཆེ་འདི་དག་ཁྱོད་ལ་གཏམས་ཀྱི། ནམ་
Ka59b
འཁོར་བ་ན་སླར་སྩོལ་ཅིག་ཅེས་སྨྲས་སོ། །དེ་ནས་སྐྱེས་བུ་དེས་བདག་གི་ནོར་དང་འདྲ་བར་ཤིན་ཏུ་བསྲུངས་སོ། །སྐྱེས་བུ་དེ་ཕྱིས་ནད་ཀྱིས་བཏབ་ནས་དྲུང་གི་འཁོར་ཀུན་བསྡུས་ཏེ། འདི་སྐད་དུ་རིན་པོ་ཆེ་པོ་འདི་དག་ནི་ཆེ་གེ་མོ་ཞིག་གིས་གཏམས་ཀྱི། ནམ་ལེན་དུ་འོངས་པ་དང་སླར་བྱིན་ཅིག་ཅེས་བསྒོའོ། །མཁས་པ་ཤེས་རབ་ཅན་ནི་དེ་ལྟར་གཏམས་པ་དང ། མི་གཏམས་པའི་གནས་འཆལ་བས་སླར་འཁོར་མ་ཐག་ཏུ་རིན་པོ་ཆེ་ཀུན་ཐོབ་བོ། །བཅོམ་ལྡན་འདས། དེ་བཞིན་དུ་ཆོས་ཀྱི་དཀོན་མཆོག་འདིའང་གལ་ཏེ། དགའ་བོའམ། དགེ་སློང་དག་གཏམས་ན་ཡུན་རིང་པོར་མི་གནས་སོ། །དེ་ཅིའི་སླད་དུ་ཞེ་ན། འོད་སྲུང་ཆེན་པོ་དང ། ཉན་ཐོས་ཐམས་ཅད་ནི་མི་རྟག་པ་སྟེ། ཇི་ལྟར་རྒན་པོ་དེས་གཞན་གྱིས་གཏམས་པའི་ནོར་ལེན་པ་དང་མཚུངས་སོ། །དེ་བས་ན་བླ་ན་མ་མཆིས་པའི་ཆོས་ཀྱི་དཀོན་མཆོག་འདི་བྱང་ཆུབ་སེམས་དཔའ་རྣམས་ལ་གཏམས་ན་བྱང་ཆུབ་སེམས་དཔའ་རྣམས་ནི་འདྲི་པ་དང་ལན་གླན་པ་ལ་མཁས་པས་ཆོས་རིན་པོ་ཆེ་འདི་ཡུན་དུ་གནས་ཤིང་བསྐལ་བ་ཚད་མེད་པའི་བར་དུ་ཤིན་ཏུ་རྒྱས་པར་འགྱུར་ལ། སེམས་ཅན་ལ་ཕན་པའི་དོན་དུ་འགྱུར་ཏེ། ཇི་ལྟར་སྐྱེས་བུ་ལང་འཚོ་ལ་ནོར་རིན་པོ་ཆེ་གཏམས་པ་དང་མཚུངས་སོ། །དེ་ལྟར་བས་ན་བྱང་ཆུབ་སེམས་དཔའ་ཆེན་པོས་ནི་ཞུ་ཞིང་གསོལ་བའི་མཐུ་མཆིས་ཀྱི། བདག་ཅག་སྦྲང་བུ་དང་འདྲ་བའི་ཤེས་
Ka60a
༄#། །རབ་ཀྱིས་ནི་དེ་བཞིན་གཤེགས་པའི་ཆོས་ཤིན་ཏུ་ཟབ་མོ་ལ་ཞུ་བའི་མཐུ་མ་མཆིས་སོ། །ཞེས་གསོལ་ནས་ཅང་མི་སྨྲ་བར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཤིན་ཏུ་ལེགས་སོ། །ཤིན་ཏུ་ལེགས་སོ། །ཞེས་བསྟོད་ནས། དགེ་སློང་དག་།ཁྱེད་ཀྱིས་ཟག་པ་མེད་པའི་སེམས་དང ། དགྲ་བཅོམ་པའི་སེམས་ལེགས་པར་ཐོབ་བོ། །ངའང་དེ་སྙམ་དུ་དགོངས་ཏེ། རྐྱེན་རྣམ་པ་དེ་གཉིས་ཀྱིས་ཐེག་པ་ཆེན་པོ་འདི་བྱང་ཆུབ་སེམས་དཔའ་ལ་གཏམས་ན་དམ་པའི་ཆོས་ཡུན་དུ་གནས་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་ན་འདུས་པའི་རིགས་ཀྱི་བུ་དང ། རིགས་ཀྱི་བུ་མོ་རྣམས་ལ་བཀའ་སྩལ་པ། ངའི་སྐུ་ཚེ་ནི་ཚད་དཔག་ཏུ་མེད་དོ། །སོ་སོ་ཡང་དག་པར་ཤེས་པའང་ཟད་མི་ཤེས་མོད་ཀྱི། ཁྱེད་འདུལ་བ་དང་ཆོས་མངོན་པ་ལས་ཅི་དང་ཅི་འདོད་པ་ཡིད་བཞིན་དུ་དྲིས་ཤིང ། །ཅེས་ལན་གཉིས་ལན་གསུམ་གྱི་བར་དུ་བཀའ་སྩལ་ཏོ། །དེའི་ཚེ་འཁོར་གྱི་དཀྱིལ་འཁོར་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲོང་ཁྱེར་ཏ་ལ་ཞེས་བྱ་བ་ན་གནས་པ་བྲམ་ཟེའི་རིགས་འོད་སྲུང་ཆེན་པོ་ཞེས་བྱ་བ་རབ་ཏུ་གཞོན་པ་ཞིག་སངས་རྒྱས་ཀྱིས་བྱིན་གྱི་བརླབས་ཀྱི་འདུག་པ་ལས་ལངས་ནས་བླ་གོས་ཕྱོགས་གཅིག་ཏུ་བྱས་ཏེ། ལན་བརྒྱ་སྟོང་དུ་མར་བསྐོར་ནས་པུས་མོ་གཡས་
Ka60b
པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་བདག་གིས་ཞུས་ནས་ཞུས་པའི་ལུང་བསྟན་པར་བཅོམ་ལྡན་འདས་ཀྱིས་སྐབས་དབྱེ་པར་གནང་ན། བདག་གིས་དེ་བཞིན་གཤེགས་པ་ལ་ཕྱོགས་གཅིག་ཅིག་ཞུའོ། །བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། ཁྱོད་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང ། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རང་ཤིང་ཐེ་ཚོམ་མེད་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་སྲུང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ཞུ་བར་གནང་ན་བདག་གི་ཤེས་རབ་ནི་སྦྲང་བུ་ལྟ་བུར་གྱུར་ལ། དེ་བཞིན་གཤེགས་པའི་ཡོན་ཏན་ནི་ཤིན་ཏུ་མཐོ་བས། གཅན་གཟན་དང ། སེངྒེ་ལྟ་བུ་རྣམ་པར་མི་ཤིགས་པའི་འཁྲོ་གྱིས་ཡོངས་སུ་བསྐོར་ཏེ། དེ་བཞིན་གཤེགས་པའི་སྐུའང་རྡོ་རྗེ་ལྟ་བུ་ལ་མདོག་བཻཌཱུརྱ་འདྲ་སྟེ་མི་ཤིགས་པ་ལགས་ལ། ཡེ་ཤེས་དང་ཤེས་\?\་རབ་རྒྱ་མཚོ་ལྟ་བུས་ཡོངས་སུ་བསྐོར་ཅིང ། འཁོར་གྱི་དཀྱིལ་འཁོར་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སོགས་པའང་ཚད་མེད། མཐའ་ཡས་པའི་ཡོན་ཏན་མཆོག་དང་ལྡན་ཏེ། སྤོས་ཀྱི་གླང་པོ་ཆེ་ལྟ་བུའི་འཁོར་གྱི་དཀྱིལ་
Ka61a
༄#། །འཁོར་འདིའི་ནང་ན་འདྲེ་བར་ག་ལ་སྤོབས་མོད་ཀྱི། འོན་གྱིས་ཀྱང་སངས་རྒྱས་ཀྱི་བྱིན་གྱི་རླབས་དང ། འཁོར་མང་པོའི་དགེ་བའི་རྩ་བའི་ཤུགས་ཀྱིས་ཅུང་ཟད་ཅིག་ཞུ་བར་འཚལ་ཏོ། །ཞེས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། ཚེ་རིང་བར་ནི་ཅིས་འགྱུར་ཞིང ། །མི་འཇིག་རྡོ་རྗེའི་ལུས་ཅིས་འཐོབ། །ཅི་ཡི་རྒྱུ་དང་རྐྱེན་གང་གིས། །ཤིན་ཏུ་བསྟན་པའི་སྟོབས་ཀྱང་འཐོབ། །ཇི་ལྟར་མདོ་སྡེ་འདི་ཉིད་ཀྱིས། །མཐར་ཐུག་ཕ་རོལ་ཕྱིན་པར་འགྱུར། །བཅོམ་ལྡན་འདས་ཀྱིས་དགོངས་པ་གང ། །སེམས་ཅན་དག་ལ་བཤད་དུ་གསོལ། །ཇི་ལྟར་ཆེ་བ་ཉིད་འཐོབ་ཅིང ། །ཀུན་གྱི་རྟེན་དང་གནས་སུ་འགྱུར། །དགྲ་བཅོམ་པ་ཉིད་མ་ཡིན་པར། །དགྲ་བཅོམ་པ་དང་མཉམ་པ་ལགས། །ཇི་ལྟར་ལྷ་ཡི་བདུད་རྣམས་ཀྱིས། །བར་ཆད་བགྱིད་པ་འཚལ་བར་བགྱི། །བཅོམ་ལྡན་གསུང་དང་བདུད་ཀྱི་ཚིག། ཇི་ལྟར་རྟོགས་ཤིང་འཚལ་བར་བགྱི། །ཇི་ལྟར་ཁ་ལོ་སྒྱུར་བ་དང ། །དགྱེས་བཞིན་དོན་དམ་བདེན་པ་གསུངས། །ཡང་དག་དགེ་དང་ལྡན་བཞིན་དུ། །ཕྱིན་ཅི་ལོག་བཞི་སྟོན་པ་ལགས། །ཇི་ལྟར་དགེ་བའི་ལས་བགྱིད་པ། །དྲང་སྲོང་ཆེན་པོས་བཤད་དུ་གསོལ། །ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས། །ལྟ་དཀའ་ཉིད་ཀྱང་མཐོང་བར་འགྱུར། །ཇི་ལྟར་རྫོགས་པའི་དོན་ཆུད་ཅིང ། །
Ka61b
དོན་གྱི་ཕྱེད་ཙམ་རྟོགས་པ་ལགས། །ཇི་ལྟར་འཕགས་དང་མཐུན་སྤྱོད་ཅིང ། །ས་ལ་ས་ཞེས་བྱ་ལྟ་བུ། །ཀ་ལིང་ཏེ་དང་ཉི་ཟླ་དང ། །ཕོད་དང་སྐར་ཆེན་ལྟ་བུ་ལགས། །ཇི་ལྟར་སེམས་ནི་མ་བསྐྱེད་པར། །བྱང་ཆུབ་སེམས་དཔའ་ཞེས་སུ་གདགས། །ཇི་ལྟར་འཁོར་གྱི་དཀྱིལ་འཁོར་དུ། །མི་འཇིགས་པ་ཡི་སེམས་ཐོབ་ཅིང ། །ཛམྦུ་ཆུ་ཀླུང་གསེར་ལྟ་བུར། །སྐྱོན་དང་རྣམ་པར་བྲལ་བ་ལགས། །ཇི་ལྟར་འཇིག་རྟེན་རྙོག་པ་འདིར། །པདྨོ་བཞིན་དུ་མི་ཆགས་འགྱུར། །ཇི་ལྟར་ཀུན་ནས་ཉོན་མོངས་ཀྱང ། །ཀུན་ནས་ཉོན་མོངས་ཆགས་མི་འགྱུར། །སྨན་པ་མཁས་པས་ནད་གསོས་པ། །ནད་མི་འགོ་བ་ལྟ་བུ་ལགས། །འཁོར་བའི་རྒྱ་མཚོ་ཆེན་པོར་ནི། །ཇི་ལྟར་དེད་དཔོན་ལྟ་བུར་འགྱུར། །ཇི་ལྟར་འཁོར་བ་ཡོངས་སྤངས་པ། །སྦྲུལ་ལྤགས་རྗེ་བ་ལྟ་བུ་ལགས། །ཇི་ལྟར་དཀོན་མཆོག་གསུམ་པོ་ལ། །ཡིད་བཞིན་ལྷ་ཡི་ཤིང་ལྟ་བུ། །ཐེག་པ་གསུམ་གྱི་རིགས་མེད་ན། །ཅི་ཡི་སླད་དུ་གསུངས་པར་གྱུར། །དཔེར་ན་བདེ་བ་མ་སྐྱེས་པར། ཇི་ལྟར་བདེ་བ་མྱོང་ཞེས་བགྱི། །ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས། །མི་ཤིགས་པ་ཡི་འཁོར་ཡང་འཐོབ། །ཇི་ལྟར་ལྡོངས་ཤིང་འཐོམས་པ་ཡི། །འདྲེན་པ་ཡི་ནི་མིག་ཏུ་འགྱུར། ། ཇི་ལྟར་མགོ་མང་སྟོན་པ་ཡང ། །དྲང་སྲོང་ཆེན་པོས་བཤད་དུ་གསོལ། །ཇི་ལྟར་ཆོས་རྣམས་སྨྲ་བ་དག་།ཟླ་བ་ཚེས་པ་བཞིན་དུ་སྐྱེ། །ཇི་ལྟ་བུར་ན་མཐར་ཕྱིན་པའི། །མྱ་ངན་འདའ་བ་
Ka62a
༄#། །སྟོན་པ་ལས། །ཇི་ལྟར་དཔའ་ཞིང་བརྩོན་པ་ལ། །མི་དང་ལྷ་དང་བདུད་ལམ་སྟོན། །ཇི་ལྟར་ཆོས་ཀྱི་མཚན་ཉིད་ཤེས། །ཆོས་ཀྱི་བདེ་བ་མྱོང་བ་ལགས། ། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས། །ཐམས་ཅད་ནད་དང་བྲལ་བ་ལགས། །ཇི་ལྟར་སོ་སོའི་སྐྱེ་བོའི་ཕྱིར། །དགོངས་ཏེ་གསུངས་པ་སྟོན་པ་ལགས། །མཐར་ཕྱིན་པ་ཡི་དོན་ནི་གང ། །ཇི་ལྟར་མཐར་མ་ཕྱིན་པ་ལགས། །ཐེ་ཚོམ་གཅོད་པའི་ཕྱིར་གསུངས་ན། །གཅིག་ཏུ་ངེས་པར་ཅིས་མི་གསུང ། །ཇི་ལྟར་གྱ་ནོམ་བླ་མེད་པའི། །བྱང་ཆུབ་ལ་ནི་བསྙེན་པར་འགྱུར། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར། །དེ་བཞིན་གཤེགས་ལ་བདག་ཞུའོ། །སྤྱོད་པ་ཤིན་ཏུ་ཟབ་མོ་ཡི། །དམ་པ་དག་ནི་བཤད་དུ་གསོལ། །རྣམ་པ་ཐམས་ཅད་ཆོས་ཀྱི་ནང ། །བདེ་བའི་རང་བཞིན་ཀུན་མཆིས་ན། །དྲང་སྲོང་ཆེན་པོ་མཆོག་གིས་སུ། །རྣམ་པར་ཕྱེ་སྟེ་བསྟན་དུ་གསོལ། །སྐྱེ་བོའི་རྟེན་དང་གནས་འགྱུར་བ། །རྐང་གཉིས་མཆོག་སྟེ་སྨན་ལྟ་བུ། །ཕུང་པོ་རྣམས་ལས་ཞུ་བརྩམས་ཀྱང ། །འཚལ་བའི་ཤེས་རབ་མ་མཆིས་སོ། །དེ་ལྟར་ཤིན་ཏུ་ཟབ་མོ་ཡི། །སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ནི། །བྱང་ཆུབ་སེམས་དཔའ་བརྩོན་པ་ཡང ། །ཤེས་པར་ནུས་པ་མ་ལགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་ཤིན་ཏུ་ལེགས་སོ། །
Ka62b
ཤིན་ཏུ་ལེགས་སོ་ཞེས་བྱ་བ་བྱིན་ནས། རིགས་ཀྱི་བུ་ཁྱོད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཐོབ་མོད་ཀྱི། ཁྱོད་ཀྱིས་ཤིན་ཏུ་ཟབ་མོའི་སྙིང་པོ་ཞུ་ཞིང་གསོལ་བ་འདི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་འདྲི་བ་དང་ཐ་མི་དད་དོ། །རིགས་ཀྱི་བུ། སྔོན་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྙིང་པོར་བྱང་ཆུབ་སྟེ་མངོན་པར་སངས་རྒྱས་པ་ན། དེའི་ཚེ་ན་ཡང་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ནས་བྱང་ཆུབ་སེམས་དཔའ་རྣམས་ལྷགས་ཏེ། ང་ལ་ཤིན་ཏུ་ཟབ་མོའི་དོན་དྲིས་པའི་ཚིག་གི་རྣམ་གྲངས་དང ། དོན་དང ། ཡོན་ཏན་ཡང་འདི་དང་འདྲ་སྟེ་ཐ་མི་དད་དོ། །གང་གིས་འདི་སྐད་དུ་འདྲི་བ་ནི་སེམས་ཅན་ཚད་མེད་པ་སྙེད་ལ་ཕན་པ་དང ། བདེ་བའི་དོན་དུ་སྤྱོད་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ལ་ཤེས་རབ་མ་མཆིས་པས་འདི་ལྟ་བུ་ཤིན་ཏུ་ཟབ་མོའི་དོན་དྲི་བའི་མཐུ་མ་མཆིས་སོ། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་ན། སྦྲང་བུ་དག་ནི་རྒྱ་མཚོའི་ཕ་རོལ་ཏུ་འཕུར་ནུས་པའི་མཐུའམ། ནམ་མཁའི་དབྱིངས་ཀུན་ཏུ་ཕྱིན་པའི་མཐུ་མ་མཆིས་སོ། །བདག་ཀྱང་དེ་དང་འདྲ་བར་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རྒྱ་མཚོའི་ཆོས་ཉིད་ནམ་མཁའ་ལྟ་བུ་ཤིན་ཏུ་ཟབ་མོའི་དོན་དྲི་བའི་མཐུ་མ་མཆིས་སོ། །བཅོམ་ལྡན་འདས། དཔེར་ན།
Ka63a
༄#། །རྒྱལ་པོའི་གཙུག་ཕུད་ལ་འདོགས་པའི་ནོར་བུ་རིན་པོ་ཆེ་བང་མཛོད་སྲུང་བའི་བློན་པོ་ལ་བཞག་ན་བློན་པོ་དེས་སྤྱི་བོས་ལེན་ཏེ། སྲུང་བའི་དམ་བཞག་ཆེར་བགྱིད་དོ། །བདག་ཀྱང་དེ་བཞིན་དུ་དེ་བཞིན་གཤེགས་པས་གསུངས་པའི་དོན། ཤིན་ཏུ་རྒྱས་པའི་དོན་ཟབ་མོ་འདི་སྤྱི་བོས་ལེན་ཏེ་སྲུང་བའི་ནན་ཏན་ཆེར་བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན། བདག་གིས་ཤེས་རབ་ཤིན་ཏུ་ཟབ་མོ་བསྒྲུབས་པའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་བཀའ་སྩལ་པ། རིགས་ཀྱི་བུ། ཤིན་ཏུ་ལེགས་པར་ཉོན་ཅིག་དང ། དེ་བཞིན་གཤེགས་པའི་སྐུ་ཚེ་རིང་བའི་ལས་ཁྱོད་ལ་བཤད་དོ། །བྱང་ཆུབ་སེམས་དཔའ་ལས་དེའི་རྒྱུ་དང་རྐྱེན་ཐོས་པས་ཚེ་རིང་བར་འགྱུར་གྱི། དེ་བས་ན་ཤིན་ཏུ་ལེགས་པར་ཉོན་ཅིག། ཅི་ཙམ་དུ་ལས་གང་གིས་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་དེ་ལ་ནི་ཤིན་ཏུ་ལེགས་པར་གཟུང་ཞིང་མཉན་པར་བྱའོ། །ཐོས་ནས་ཀྱང་གཞན་ལ་རྒྱ་ཆེར་བསྟན་པར་བྱའོ། །རིགས་ཀྱི་བུ། ངས་ཀྱང་སྔོན་ལས་དེ་དག་སྒྲུབ་པའི་ནན་ཏན་ཤིན་ཏུ་བྱས་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ། དེ་ཡང་ཁྱོད་ལ་རྒྱས་པར་བཤད་པར་བྱའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རྒྱལ་བུ་རྒྱལ་ཚབ་གཅིག་མཉེས་པ་བྱས་ཏེ་བཙས་ནས་རྒྱལ་པོ་དེ་བྱམས་ཤིང་
Ka63b
དྲན་པའི་ཕྱིར་གང་ནས་གང་དུ་བཙས་པའི་གནས་དེ་དག་ཏུ་བལྟར་འགྲོའོ། །བྱང་ཆུབ་སེམས་དཔའ་ཡང་ཚེ་རིང་བར་འདོད་ན་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་བུ་དང་འདྲ་བར་བསྲུང་ཞིང་བྱམས་པ་དང ། སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་ཆེན་པོ་བསྐྱེད་དེ། སྲོག་མི་གཅོད་པའི་ཁྲིམས་གཟུང་བར་བྱའོ། །དགེ་བའི་ཆོས་ལ་གཟུད་ཅིང་སེམས་ཅན་ཐམས་ཅད་ཁྲིམས་ལྔ་དང ། དགེ་བ་བཅུའི་ལས་ཀྱི་ལམ་ལ་དགོད་དོ། །གཞན་ཡང་སེམས་ཅན་དམྱལ་བ་དང ། ཡི་དྭགས་དང ། བྱོལ་སོང་དང ། ལྷ་མ་ཡིན་གྱི་གནས་དང ། རྒྱུད་ཐམས་ཅད་དུ་སྡུག་བསྔལ་བའི་སེམས་ཅན་ཐམས་ཅད་བསྒྲལ་བ་ནི་མ་གྲོལ་པ་རྣམས་གྲོལ་བར་བྱ་བ་དང ། ཕ་རོལ་ཏུ་མ་ཕྱིན་པ་རྣམས་ཕ་རོལ་ཏུ་ཕྱིན་པར་བྱ་བ་དང ། མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་འདའ་བར་བྱ་བ་དང ། འཇིགས་སྐྲག་པ་རྣམས་བདེ་བར་སྤྲོ་བསྲིང་ངོ ། །དེ་ལྟ་བུའི་ལས་ཀྱི་རྒྱུ་དང་རྐྱེན་གྱིས་བྱང་ཆུབ་སེམས་དཔའ་ཚེ་རིང་བར་འགྱུར་ཞིང་ཤེས་རབ་ཀྱི་དབང་ཐོབ་པ་དང ། གང་ནས་གང་དུ་ཚེ་འཕོས་ཀྱང་མཐོ་རིས་ཀྱི་ལྷར་སྐྱེ་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་འདུ་ཤེས་བསྐྱེད་དོ་ཞེས་བགྱི་བའི་དོན་ཤིན་ཏུ་ཟབ་\?\་
Ka64a
༄#། །བདག་གིས་མི་རིག་གོ་།བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་བུ་གཅིག་པ་དང་འདྲ་བར་འདུ་ཤེས་བསྐྱེད་དོ་ཞེས་དེ་བཞིན་གཤེགས་པས་གསུངས་པ་མི་རིགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་བསྟན་པ་ལ་ཞུགས་པ་དག་ཁ་ཅིག་ནི་ཚུལ་ཁྲིམས་ཉམས་པའང་མཆིས། ཁ་ཅིག་ནི་ཁ་ན་མ་ཐོ་བའི་ཆོས་བགྱིད། ཁ་ཅིག་ནི་དམ་པའི་ཆོས་ཉམས་པར་བགྱིད་པ་དག་ཀྱང་མཆིས་ན། ཇི་ལྟ་བུར་དེ་དག་ལ་བུ་གཅིག་པ་དང་འདྲ་བར་འདུ་ཤེས་བསྐྱེད་པར་བགྱི། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ང་ནི་སེམས་ཅན་ཐམས་ཅད་ལ་སྲས་སྒྲ་གཅན་འཛིན་དང་འདྲ་བར་བུར་འདུ་ཤེས་སོ། །བཅོམ་ལྡན་འདས་ལ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །སྔོན་ཟླ་བ་ཉ་བ་བཅོ་ལྔའི་ཉིན་པར་དགེ་འདུན་ཡོངས་སུ་དག་པ་དག་གསོ་སྦྱོང་བགྱིད་པ་ནི་ཁྱེའུ་གཞོན་ནུ་ལུས་དང ། ངག་དང ། ཡིད་མ་བྱང་བ་ཞིག་དབེན་པའི་གནས་ནས་དགེ་འདུན་གསོ་སྦྱོང་བགྱིད་པ་མཉན་པས་ལག་ན་རྡོ་རྗེ་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་རྡོ་རྗེའི་གཏུན་གྱིས་རྡུལ་བཞིན་དུ་བགྱིས་ནས། བཅོམ་ལྡན་འདས། ལག་ན་རྡོ་རྗེ་དེ་ཤིན་ཏུ་ཁྲོ་བས་ཁྱེའུ་དེ་སྲོག་དང་ཕྲལ་ན་ཅིའི་སླད་དུ་དེ་བཞིན་གཤེགས་པས་
Ka64b
སེམས་ཅན་ཐམས་ཅད་ལ་སྲས་སྒྲ་གཅན་འཛིན་དང་འདྲའོ་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། ཁྱོད་དེ་སྐད་མ་ཟེར་ཅིག། ཁྱེའུ་གཞོན་ནུ་དེའང་སྤྲུལ་པ་ཙམ་དུ་ཟད་ཀྱི། ཡང་དག་པར་ན་མི་མ་ཡིན་ཏེ། དེ་ནི་ཚུལ་ཁྲིམས་ཉམས་པ་དག་དགེ་འདུན་ཡོངས་སུ་དག་པའི་ནང་ནས་དབྱུང་པའི་ཕྱིར་རོ། །ལག་ན་རྡོ་རྗེའང་སྤྲུལ་པ་ཙམ་དུ་ཟད་དོ། འོད་སྲུང ། དམ་པའི་ཆོས་མ་རུང་བར་བྱས་པ་དང ། ལོག་སྲེད་ཅན་དང ། སྲོག་གཅོད་པ་དང ། ངན་པར་ལྟ་བ་དང ། ཚུལ་ཁྲིམས་ཉམས་པ་དག་ལའང་ང་ནི་ཐུགས་རྗེ་ཆེན་པོ་བསྐྱེད་དེ། སྲས་སྒྲ་གཅན་འཛིན་དང་འདྲ་བར་ལྟའོ། །རིགས་ཀྱི་བུ། དཔེར་ན། རྒྱལ་པོ་ནི་བློན་པོ་དག་ཉེས་པ་བྱུང་སྟེ་ཁྲིམས་ལས་འགལ་ན་མི་གཏོང་སྟེ། ཁྲིམས་ཅི་ལ་བབ་པ་དང་སྦྱོར་རོ། །དེ་བཞིན་གཤེགས་པ་ནི་དེ་ལྟ་མ་ཡིན་ཏེ། བསྟན་པ་ལས་ཉམས་པ་ཡོད་ན་བསྐྲད་པའི་ལས་བྱ་བ་དང ། སྤྱོ་བའི་ལས་བྱ་བ་དང ། གཞག་པའི་ལས་བྱ་བ་དང ། ཉེས་པ་གླེང་བའི་ལས་བྱ་བ་དང ། མི་སྣང་བར་བྱ་བའི་ལས་བྱ་བ་དང ། ཞི་བར་བྱ་བའི་ལས་བྱ་བ་དང ། ངན་པར་ལྟ་བ་སྤོང་བའི་ལས་བྱེད་དོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པས་ནི་ཆོས་ལ་སྐུར་པ་དག་ལ་ཡོངས་སུ་གདུལ་བའི་ལས་བྱེད་དེ། ངན་པར་སྤྱོད་པ་དག་རྣམ་པར་སྨིན་པའི་འབྲས་བུ་སྟོན་པར་བྱེད་དོ། །རིགས་ཀྱི་བུ། འདི་ལྟར་རིག་པར་བྱ་སྟེ། དེ་
Ka65a
༄#། །བཞིན་གཤེགས་པས་ནི་སེམས་ཅན་ངན་པ་དག་ལ་མི་འཇིགས་པ་སྦྱིན་པ་ཡིན་ནོ། །གལ་ཏེ་འོད་ཟེར་གཅིག་གམ། གཉིས་སམ། ལྔ་བཀྱེ་བས་གང་ལ་རེག་པའི་སེམས་ཅན་དེ་དག་ནི་སྡིག་པ་ཡོངས་སུ་སྤོང་བར་འགྱུར་རོ། །དེ་བས་ན་དེ་བཞིན་གཤེགས་པ་ནི་དེ་ལྟ་བུའི་མཐུ་ཚད་མེད་པ་དང་ལྡན་ནོ། །རིགས་ཀྱི་བུ། གང་མ་མཐོང་པའི་ཆོས་རྣམས་ཁྱོད་ཀྱིས་མཐོང་བར་འདོད་ན་ཁྱོད་ལ་དེའི་ཕྱོགས་ཙམ་ཞིག་བསྟན་པར་བྱའོ། །ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཕྱོགས་གང་ན་དགེ་སློང་ཚུལ་ཁྲིམས་དང་ལྡན་ཞིང་སྤྱོད་ལམ་མ་ཉམས་པ། དམ་པའི་ཆོས་ཡོངས་སུ་སྲུང་བ་དག་གིས་ཆོས་མ་རུང་བར་བྱེད་པ་རྣམས་མཐོང་ནས་སྐྲོད་ཅིང་ཆད་པས་ཀྱང་གཅོད་པའི་སྐྱེས་བུ་དེ་ནི་བསོད་ནམས་ཚད་མེད་དཔག་ཏུ་མེད་པ་ཐོབ་པར་རིག་པར་བྱའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རྒྱལ་པོ་ཆོས་ངན་པ་འབའ་ཞིག་སྤྱོད་པ་ཞིག་ནད་ཀྱིས་བཏབ་པ་ལས་ཡུལ་དེ་དང་ཉེ་བའི་རྒྱལ་པོ་ཞིག་དེ་ལྟར་ན་པར་གྱུར་པ་ཐོས་ནས། རྒྱལ་པོ་ནད་པ་དེ་མེད་པར་བྱ་བའི་ཕྱིར་དམག་དྲངས་སོ། །རྒྱལ་པོ་ནད་པ་དེ་མཐུ་དང་དཔུང་ཆུང་བས་འཇིགས་སྐྲག་སྟེ། མི་དགེ་བ་བཏང་ནས་དགེ་བ་ལ་བརྩོན་པར་གྱུར་ན་ཕས་རྒོལ་བའི་རྒྱལ་པོ་དེས་བསོད་ནམས་ཚད་མེད་པ་འཐོབ་པར་འགྱུར་རོ། །དེ་བཞིན་དུ་ཆོས་འཛིན་པའི་དགེ་སློང་དག་ཀྱང་དེ་དང་
Ka65b
འདྲ་བར་ཆོས་མ་རུངས་པར་བྱེད་པའི་གང་ཟག་དག་སྐྲོད་པ་དང ། ཆད་པས་གཅོད་པའི་ལས་བྱས་ཏེ་དགེ་བའི་ཆོས་ལ་བཙུད་ན་བསོད་ནམས་ཚད་མེད་པ་འཐོབ་པར་འགྱུར་རོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཁྱིམ་བདག་གཅིག་གི་ཁྱིམ་དུ་དུག་གི་སྡོང་པོ་སྐྱེས་ན་ཁྱིམ་བདག་དེས་དུག་ཡིན་པར་ཤེས་མ་ཐག་ཏུ་རྩ་བ་ནས་མེད་པར་བྱེད་དོ། །གཞན་ཡང་སྐྱེས་བུ་ལང་ཚོ་བའི་མགོ་ལ་སྐྲ་དཀར་ཞིག་བྱུང་ན་དེ་ངོ་ཚ་སྟེ་དེ་མ་ཐག་ཏུ་རྩ་བ་ནས་བཏོན་ཏེ་ཕྱིས་མི་སྐྱེ་བའི་ཆོས་སུ་མེད་པར་བྱེད་དོ། །ཆོས་འཛིན་པའི་དགེ་སློང་ཡང་དེ་དང་འདྲ་སྟེ། དགེ་སློང་ཚུལ་ཁྲིམས་ཉམས་པ་དམ་པའི་ཆོས་མ་རུངས་པར་བྱེད་པ་མཐོང་ན་གནས་ནས་བསྐྲད་ཅིང་ཆད་པས་གཅད་པར་བྱའོ། །དགེ་སློང་དགེ་བས་བསླབ་ཚིགས་ཉམས་པ་དག་མཐོང་སྟེ་གནས་ནས་མ་བསྐྲད་དམ། ཆད་པས་མ་བཅད་ན་དེ་ནི་སངས་རྒྱས་ཀྱིས་བསྟན་པའི་ཆོས་ཀྱི་དགྲ་ཡིན་པར་རིག་པར་བྱའོ། །གང་གིས་གནས་ནས་སྐོང་དམ། ཆད་པས་གཅོད་ན་དེ་ནི་ངའི་ཉེ་གནས་ཉན་ཐོས་ཡང་དག་པ་ཡིན་ནོ། །ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན་སེམས་ཅན་ཐམས་ཅད་ལ་སྲས་སྒྲ་གཅན་འཛིན་དང་འདྲ་བར་གཟིགས་སོ་ཞེས་བགྱི་བ་མ་རུང་ངོ ། །བཅོམ་ལྡན་འདས། གལ་ཏེ་གང་ཟག་གཅིག་གིས་མཚོན་ཐོགས་ཏེ་སངས་རྒྱས་ལ་འདེབས་པ་དང ། །
Ka66a
༄#། །གང་ཟག་གཅིག་གིས་ཙནྡན་གྱི་ལྡེ་གུས་སངས་རྒྱས་ཀྱི་སྐུ་ལ་བྱུགས་པ་གཉིས་ལ། བཅོམ་ལྡན་འདས་ཀྱིས་ཐུགས་མཉམ་པར་གཟིགས་ན། ཅིའི་སླད་དུ་བསླབ་ཚིགས་ཉམས་པ་དག་ཆད་པས་བཅད་དོ་ཞེས་གསུངས། ཅི་སྟེ་བསླབ་ཚིགས་ཉམས་པ་དག་ཆད་པས་བཅད་ན་གསུང་བ་དང་འགལ་ལོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་བཀའ་སྩལ་པ། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རྒྱལ་པོའམ། བློན་པོ་ཆེན་པོ་ཞིག་ལ་བུ་གཟུགས་བྱད་དང་ལྡན་པ་ཤེས་རབ་རྣོ་བ་གཉིས་སམ། གསུམ་མམ། བཞི་ཡོད་དེ། སློབ་དཔོན་སྟོན་པ་མཁས་པ་ལ་གནས་བཅས་ནས། འདི་སྐད་དུ་བདག་གིས་བུ་འདི་དག་ཚུལ་དང ། གཙུག་ལག་དང ། རྩལ་དང།་ཡི་གེ་དང ། བགྲང་བ་དང ། རྩིས་ལོབས་པ་ཞིག་ཏུ་བསླབ་པར་གསོལ་ལོ། །བདག་གིས་བུ་བཞི་པོ་འདི་ཁྱོད་ལ་བཅོལ་གྱི། ཅི་སྟེ་བུ་གསུམ་ལྕག་འོག་ཏུ་ཤིའང་བླའི། བུ་གཅིག་བསླབ་པ་ལོབས་པར་བྱ་བའི་ཕྱིར་ནན་ཏུར་སྐྱེད་ཅིག་།བུ་གསུམ་པོ་ཤིའང་བདག་ནི་འཁོན་དུ་མི་འཛིན་ཏོ། །འོད་སྲུང ། དེ་ལ་ཇི་སྙམ་དུ་སེམས། བུ་དེའི་པ་དང ། སློབ་པའི་སློབ་དཔོན་དེ་གསོད་པའི་ཉེས་པ་ཐོབ་བམ། གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། སྡུག་པར་བསམས་ཏེ། བསླབ་པ་ལོབས་པར་
Ka66b
བགྱི་བ་ལགས་ཀྱི། མི་སྡུག་པར་བསམས་ཏེ་བསླབ་པ་མ་ལགས་པས། བསོད་ནམས་ཚད་མེད་པ་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། བསླབ་ཚིགས་ཉམས་པ་དག་ལའང་བུ་གཅིག་པ་དང་འདྲ་བར་གཟིགས་སོ། །དེ་བཞིན་གཤེགས་པས་བླ་ན་མེད་པའི་དམ་པའི་ཆོས་ནི་རྒྱལ་པོ་དང ། བློན་པོ་ཆེན་པོ་དང ། དགེ་སློང་དང།་དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་ལ་གཏམས་ཤིང་གཏད་པས་རྒྱལ་པོ་དང ། འཁོར་རྣམ་བཞིས་གང་བསླབ་པ་ལ་ཞུགས་པ་དག་ལྷག་པའི་ཚུལ་ཁྲིམས་དང།་ཏིང་ངེ་འཛིན་དང ། ཤེས་རབ་ཐོབ་པར་སྐུལ་ཅིག་།གང་བསླབ་པ་གསུམ་པོ་འདི་ལ་མི་སློབ་ཅིང་ལེ་ལོ་བྱེད་པ་དང ། ཚུལ་ཁྲིམས་ཉམས་པ་དང ། ཆོས་མ་རུང་བར་བྱེད་ན་རྒྱལ་པོ་དང ། བློན་པོ་ཆེན་པོ་དང ། འཁོར་རྣམ་བཞིས་ཆད་པས་ཆོད་ཅིག་།རིགས་ཀྱི་བུ། རྒྱལ་པོ་དེ་དང ། འཁོར་རྣམ་བཞི་པོ་དེ་ཁ་ན་མ་ཐོ་བའི་སྡིག་འཐོབ་པར་འགྱུར་རམ། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་ལྟར་རྒྱལ་པོ་དེ་དང ། འཁོར་རྣམ་བཞི་པོ་དེའང་སྡིག་པར་མི་འགྱུར་ན་དེ་བཞིན་གཤེགས་པ་ལྟ་སྨོས་ཀྱང་ཅི་དགོས། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི་དེ་ལྟར་མཉམ་པའི་ཐུགས་ཀྱིས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་དགོངས་སོ། །གང་དེ་ལྟར་སེམས་
Ka67a
༄#། །པ་དེ་ནི་བྱང་ཆུབ་སེམས་དཔའ་མཉམ་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་འདུ་ཤེས་པ་ཞེས་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་གང་དེ་ལྟར་ལས་དེ་ལ་ནན་ཏན་བྱེད་པ་ནི་ཚེ་རིང་བར་འགྱུར་ཞིང་སྔོན་གྱི་གནས་ཀྱང་ཤེས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་ཀྱིས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའ་གང་མཉམ་པའི་སེམས་ལ་ནན་ཏན་བྱས་ཏེ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་འདུ་ཤེས་པས་ཚེ་རིང་བར་འགྱུར་རོ་ཞེས་དེ་བཞིན་གཤེགས་པས་དེ་སྐད་གསུང་བ་མི་རིགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟ་སྟེ། ཤེས་རབ་དང་ལྡན་པའི་སྲི་ཞུར་བགྱི་བའི་ཆོས་རྣམ་པ་སྣ་ཚོགས་ཀྱང་སྟོན་མཁས་པ་ཞིག་ཁྱིམ་དུ་མཆིས་ནས་ཕ་མ་ལ་རྡོ་དབྱུག་གིས་འཚོག་གོ། ཕ་མ་ནི་བསོད་ནམས་ཀྱི་ཞིང་ལགས་ཏེ། ཕན་པ་དང་བདེ་བ་འབའ་ཞིག་བགྱིད་ཅིང་ཤིན་ཏུ་ཕྲད་དཀའ་བས་དེ་ནི་མཆོད་པར་འོས་ན། དེ་ལ་གནོད་པས་རྣམ་པར་གཙེས་ན་ཆོས་འཚལ་བ་དེ་སྨྲ་བ་དང་བགྱིད་པར་མི་མཐུན་ཏེ་འགལ་ལོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་མཉམ་པ་ལ་ནན་ཏན་བགྱིད་ཅིང་སེམས་ཅན་ཐམས་ཅད་ལ་བུ་གཅིག་དང་འདྲ་བར་འདུ་ཤེས་པས་ཚེ་
Ka67b
རིང་ཞིང་སྔོན་གྱི་གནས་ཤེས་པར་འགྱུར་ལ་མི་འཕོ་སྟེ། རྟག་ཏུ་འཇིག་རྟེན་ན་གནས་པ་ཞིག་ལགས་ན། ཅིའི་སླད་དུ། བཅོམ་ལྡན་འདས། མི་དང་འདྲ་བར་སྐུ་ཚེ་རབ་ཏུ་ཐུང་བར་གྱུར། དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ལ་དགྲ་ལྟ་བུར་དགོངས་པ་མངའམ། བཅོམ་ལྡན་འདས། སྔོན་སྡིག་པ་ཅི་ཞིག་མཛད་ཅིང་ཇི་སྙེད་ཀྱི་སྲོག་གི་དབང་པོ་དང་ཕྲལ་ན་འདི་ལྟར་སྐུ་ཚེ་ལོ་བརྒྱའང་མ་ཐུབ་པར་རབ་ཏུ་ཐུང་བར་གྱུར། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཅིའི་ཕྱིར་དེ་བཞིན་གཤེགས་པའི་སྤྱན་སྔར་མ་རྩིས་པའི་ཚིག་འདི་ལྟ་བུ་སྨྲས། དེ་བཞིན་གཤེགས་པའི་སྐུ་ཚེ་ནི་ཚེའི་ནང་ན་མཆོག་ཏུ་གྱུར། ཕུལ་དུ་གྱུར་ཏེ། རྟག་པའི་ཆོས་ཀྱི་ནང་ནའང་མཆོག་ཏུ་གྱུར། ཕུལ་དུ་གྱུར་ཏོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་གསོལ་བ། དེ་བཞིན་གཤེགས་པའི་སྐུ་ཚེ་རིང་ཞེས་བགྱི་བ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། རིགས་ཀྱི་བུ།་ཆུ་ཀླུང་ཆེན་པོ་བརྒྱད་ཡོད་དེ། གངྒཱ་ཞེས་བྱ་བ་དང ། ཡམ་པ་ལ་དང ། ས་ལ་དང ། ་ལི་ལ་བར་ཏ་དང ། མ་ཧཱ་དང ། སིནྡྷུ་དང ། པཀྵུ་དང ། སི་ཏ་ཞེས་བྱ་བ་ཆུ་ཀླུང་ཆེན་པོ་བརྒྱད་དང ། དེ་མ་ཡིན་པའི་ཆུ་བྲན་ཐམས་ཅད་ཀྱང་རྒྱ་མཚོ་ཆེན་པོར་འབབ་བོ། །འོད་སྲུང་དེ་བཞིན་དུ་ལྷ་དང་བཅས་པ་དང ། ས་དང་ནམ་མཁའ་ལ་གནས་པ་ཐམས་ཅད་ཀྱི་ཚེ་སྲོག་གི་ཆུ་
Ka68a
༄#། །ཀླུང་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་ཚེའི་རྒྱ་མཚོར་འབབ་བོ། །དེ་བས་ན་དེ་བཞིན་གཤེགས་པའི་སྐུ་ཚེ་ནི་ཚད་མེད་དོ། །འོད་སྲུང ། གཞན་ཡང་འདི་ལྟ་སྟེ། མཚོ་མ་དྲོས་ཞེས་བྱ་བ་ལས་ཆུ་ཀླུང་ཆེན་པོ་བཞི་འབབ་བོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་བར་ཚེ་ཐམས་ཅད་ཀྱི་འབྱུང་གནས་ཡིན་ནོ། །འོད་སྲུང་འདི་ལྟ་སྟེ། རྟག་པའི་ཆོས་ཐམས་ཅད་ཀྱི་ནང་ན་ནམ་མཁའ་ནི་མཆོག་གོ། དེ་བཞིན་གཤེགས་པའང་དེ་བཞིན་དུ་རྟག་པའི་ནང་ན་མཆོག་ཏུ་གྱུར། ཕུལ་དུ་གྱུར་ཏོ། །འོད་སྲུང་འདི་ལྟ་སྟེ། སྨན་གྱི་ནང་ན་མར་གྱི་སྙིང་པོ་ནི་མཆོག་གོ་།དེ་བཞིན་དུ་དེ་བཞིན་གཤེགས་པའང་སེམས་ཅན་ཐམས་ཅད་ཀྱི་ནང་ན་སྐུ་ཚེའི་མཆོག་ཏུ་གྱུར་ཏོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་གསོལ་པ། དེ་བཞིན་གཤེགས་པའི་སྐུ་ཚེ་དེ་ལྟར་གྱུར་ན། བསྐལ་པ་གཅིག་གམ། བསྐལ་པ་གཅིག་འགྲིབས་ཀྱི་བར་དུ་བཞུགས་ཏེ། དམ་པའི་ཆོས་ཀྱི་ཆར་རྟག་ཏུ་དབབ་པའི་རིགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང ། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་འགོག་པའམ། ཟད་པའི་འདུ་ཤེས་མ་སྐྱེད་ཅིག། འོད་སྲུང ། ཅི་སྟེ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། མུ་སྟེགས་ཅན་གྱི་བར་དུ་མངོན་པར་ཤེས་པ་ལྔ་དང་ལྡན་པ་དབང་དུ་གྱུར་པ་དག་ཀྱང་
Ka68b
བསྐལ་པ་གཅིག་གམ། བསྐལ་པ་གཅིག་འགྲིབས་ཀྱི་བར་དུ་ནམ་མཁའ་སྟོང་པ་ལ་འགྲོ་བ་དང ། སྡོད་པ་དང ། འདུག་པ་དང ། ཉལ་བའི་དབང་ཐོབ་ནས་རྩིབ་ལོགས་གཡོན་ནས་ནི་མེ་འབར། རྩིབ་ལོགས་གཡས་ནས་ནི་ཆུ་འབབ། ལུས་ཀྱི་སྟོད་ནས་ནི་དུད་པ་འཐུལ་ཏེ། མེའི་ཕུང་པོ་ཆེན་པོ་ལྟ་བུར་ཡང་བསྒྱུར་ལ། གལ་ཏེ་ཚེའི་བར་དུ་གནས་པར་འདོད་ནའང་ཡིད་བཞིན་དུ་གནས་ཏེ། ཚེ་རིང་ཐུང་གི་དབང་ཐོབ་ནས་དེ་ལྟར་མངོན་པར་ཤེས་པ་ལྔ་ཐོབ་པ་ཙམ་གྱིས་ཀྱང་ཡིད་བཞིན་གྱི་མཐུ་དང་ལྡན་ན། དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་མཐུ་བརྙེས་པ་ལྟ་ཅི་སྨོས་ཏེ། སྐུ་ཚེ་བསྐལ་པ་ཕྱེད་དམ། བསྐལ་པ་གཅིག་གམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་ཚད་མེད་པའི་བར་དུ་གནས་པ་ལྟ་ཅི་སྨོས་ཏེ། དོན་དེ་ལྟ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པའི་སྐུ། གནས་པའི་ཆོས་ཅན། མི་འགྱུར་བའི་ཆོས་ཅན་དུ་རིག་པར་བྱའོ། །དེ་བཞིན་གཤེགས་པའི་སྐུ་ནི་སྤྲུལ་པའི་སྐུ་སྟེ། ཟས་རྣམས་ཀྱི་སྐུ་མ་ཡིན་གྱི། སེམས་ཅན་བསྒྲལ་པའི་ཕྱིར་དུག་གི་སྡོང་པོ་དང་འདྲ་བར་བསྟན་ཏེ། དེ་བས་ན་ཡོངས་སུ་མྱ་ངན་ལས་འདའ་བ་བསྟན་པར་རིག་པར་བྱའོ། །འོད་སྲུང ། དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པའི་ཆོས་ཅན། མི་འགྱུར་བའི་ཆོས་ཅན་དུ་རིག་པར་བྱ་སྟེ། ཁྱེད་ལ་སོགས་པས་དོན་དམ་པ་ལ་བརྩོན་འགྲུས་ཤིན།
Ka69a
༄#། །ཏུ་ནན་ཏན་བྱའོ། །ཤིན་ཏུ་ནན་ཏན་བྱས་ནས་ཀྱང་གཞན་དག་ལ་རྒྱ་ཆེར་བཤད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །འཇིག་རྟེན་ལས་འདའ་བའི་ཆོས་དང ། འཇིག་རྟེན་གྱི་ཆོས་ལ་བྱེ་བྲག་དང་ཁྱད་པར་ཅི་མཆིས། སངས་རྒྱས་ཀྱིས་གསུངས་པ་ལྟར་སངས་རྒྱས་ཀྱང་རྟག་པའི་ཆོས་ཅན། མི་འགྱུར་བའི་ཆོས་ཅན་ལགས་ན། འཇིག་རྟེན་པ་ཚངས་པའི་ལྷའང་རྟག་ལ། དབང་སྒྱུར་གྱི་ལྷའང་རྟག་སྟེ། མི་འགྱུར་བའི་ཆོས་ཅན་བདག་ཅེས་བྱ་བའང་རྟག་ལ། རང་བཞིན་ཡང་རྟག་།རྡུལ་ཕྲ་མོ་ཡང་རྟག་ཅེས་མཆི་ན། ཅི་སྟེ་དེ་བཞིན་གཤེགས་པའང་རྟག་པའི་ཆོས་ཅན་ལགས་ན། དེ་བཞིན་གཤེགས་པས་ཅིའི་སླད་དུ་རྟག་པ་མངོན་པར་མི་སྟོན། ཅི་སྟེ་རྟག་པ་མངོན་པར་མི་སྟོན་ན་བྱེ་བྲག་དང་ཁྱད་པར་ཡང་ཅི་ཞིག་མཆིས། ཚངས་པའི་ལྷ་ནས་རྡུལ་ཕྲ་མོ་དང ། རང་བཞིན་རྟག་ཅེས་མཆི་བའང་མངོན་པར་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། འདི་ལྟ་སྟེ། དཔེར་ན། ཁྱིམ་བདག་གཅིག་ལ་བ་རྣམ་པ་མང་པོ་བདོག་པའི་སྤུ་མདོག་མི་མཐུན་ཡང ། ཁྱུ་གཅིག་ཏུ་རྫིའུ་ལ་གཏད་དེ། རྩཝ་དང་ཆུ་ག་ལ་ཡོད་པར་སྙེགས་ཤིང་འཚོའོ། །དེའང་ཞོ་དང་འོ་མ་ཙམ་གྱི་ཕྱིར་མ་ཡིན་གྱི། མར་གྱི་སྙིང་པོ་
Ka69b
འདོད་པའི་ཕྱིར་རོ། །ཁྱིམ་བདག་དེ་ཕྱིས་ཤི་ནས་བ་རྣམས་ཀྱང་རྐུན་པོས་དེད་དོ། །རྐུན་པོ་དེ་དག་ལ་བུད་མེད་མེད་པས། བ་བཞོས་ནས་སོ་སོར་འཐུངས་སོ། །ཕྱིས་རྐུན་པོ་དེ་དག་གཅིག་ལ་གཅིག་འདི་སྐད་དུ་སྔོན་ཁྱིམ་བདག་ཆེན་པོ་དེ་བ་འདི་སྙེད་གསོ་བའང་ཞོ་དང་འོ་མ་ཙམ་གྱི་ཕྱིར་མ་ཡིན་གྱི། མར་གྱི་སྙིང་པོ་འབའ་ཞིག་འདོད་པར་ཟད་ན། ད་བདག་ཅག་གིས་ཀྱང་ཐབས་ཅི་ཞིག་བྱས་ན། མར་གྱི་སྙིང་པོ་ཐོབ་པར་འགྱུར་ཞེས་བགྲོས་སོ། །མར་གྱི་སྙིང་པོ་ཞེས་བྱ་བ་ནི་འཇིག་རྟེན་ན་རོ་བྲོ་བ་ཐམས་ཅད་ཀྱི་ནང་ན་མཆོག་ཡིན་ཏེ། ཅི་སྟེ་འོ་མ་ཡོད་དུ་ཟིན་གྱིས་ཀྱང ། བླུགས་པའི་སྣོད་མེད་ཅེས་སྨྲས་སོ། །ཡང་འདི་སྐད་དུ་བདག་ཅག་ལ་རྐྱལ་པ་ཡོད་པས་རྐྱལ་པར་བླུགས་ཞེས་བགྲོས་ཏེ་བླུགས་པའི་གནས་ཡོད་དུ་ཟིན་གྱིས་ཀྱང་ཞོ་དང་སྲུབ་པའི་ཐབས་མི་ཤེས་པས་དེ་དག་གིས་དར་བ་ཙམ་ཡང་ཐོབ་པར་མི་ནུས་ན་མར་ཐ་མལ་པ་ལ་ལྟ་ཅི་སྨྲོས་ཏེ། དེའི་ཚེ་རྐུན་པོ་མ་རུངས་པ་དེ་དག་མར་གྱི་སྙིང་པོ་འདོད་པའི་ཕྱིར་ཡང་དང་ཡང་ཆུ་བསྣན་པས་འོ་མ་དང ། ཞོ་དང་མར་གྱི་སྙིང་པོའི་བར་དུ་བཅས་ཏེ་ཉམས་པར་གྱུར་ཏེ། སྐྱེ་བོ་གླེན་པའང་དེ་དང་འདྲ་སྟེ། དགེ་པའི་བག་ཅུང་ཟད་ཡོད་པའང་དེ་བཞིན་གཤེགས་པའི་དམ་པའི་ཆོས་ལས་བྱུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་
Ka70a
༄#། །དེ་བཞིན་གཤེགས་པའི་དགེ་བའི་ཆོས་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་ཀྱི་ཆ་ལས་བརྐུས་པ་ནི་ཇི་ལྟར་རྐུན་པོ་རྣམས་ཀྱིས་བ་བརྐུས་པ་བཞིན་ནོ། །སྐྱེ་བོ་གླེན་པ་དག་ཀྱང་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་ཀྱི་ཆ་ཙམ་ཐོབ་མོད་ཀྱི། སྦྱོར་བའི་ཐབས་མེད་པས་རྣམ་པར་གྲོལ་ཞིང་སྟོན་མི་ནུས་སོ། །དོན་དེ་ལྟ་བས་ན་རྟག་པའི་ཚུལ་ཁྲིམས་སམ། རྟག་པའི་ཏིང་ངེ་འཛིན་ནམ། རྟག་པའི་ཤེས་རབ་བམ། རྣམ་པར་གྲོལ་བའི་བར་དུ་ཐོབ་པར་མི་ནུས་པ་ནི་རྐུན་པོ་དེ་དག་ཐབས་མི་ཤེས་ཏེ། མར་གྱི་སྙིང་པོ་མི་ཐོབ་པ་དང་མཚུངས་སོ། །རྐུན་པོ་དེ་དག་མར་གྱི་སྙིང་པོ་འདོད་པའི་ཕྱིར་ཆུ་བསྣན་པ་ལྟར་སྐྱེ་བོ་མ་རབས་ཀྱང་དེ་དང་འདྲ་སྟེ། རྣམ་པར་ཐར་པ་འདོད་པའི་ཕྱིར་བདག་དང ། སེམས་ཅན་དང ། སྲོག་དང ། སྐྱེས་བུ་དང ། ཚངས་པ་དང ། དབང་སྒྱུར་གྱི་ལྷ་དང ། རྡུལ་ཕྲ་མོ་དང ། འཇིག་རྟེན་གྱི་རང་བཞིན་དང ། ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་དང ། རྣམ་པར་གྲོལ་བ་དང ། འདུ་ཤེས་མེད་པ་དང ། འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་དུ་མྱ་ངན་ལས་འདས་པའོ་ཞེས་སྨྲས་ཏེ། དེ་ནི་ཡང་དག་པར་རྣམ་པར་གྲོལ་བའམ། མྱ་ངན་ལས་འདའ་པ་མི་ཐོབ་པ་ནི། ཇི་ལྟར་རྐུན་པོ་དེ་དག་མར་གྱི་སྙིང་པོ་མི་ཐོབ་པ་བཞིན་ནོ། །སྐྱེ་བོ་མ་རབས་དག་ཚངས་པར་སྤྱོད་པ་ཅུང་ཟད་ཙམ་དང ། ཕ་མ་ལ་
Ka70b
སྲི་ཞུ་བྱས་པ་ཙམ་གྱི་རྒྱུ་དང་རྐྱེན་གྱིས་མཐོ་རིས་ཀྱི་ལྷར་སྐྱེ་སྟེ། བདེ་བའི་ལོངས་སྤྱོད་ཅུང་ཟད་མྱོང་བ་ནི། ཇི་ལྟར་རྐུན་པོ་དེ་དག་འོ་མ་ལ་ཆུས་བསྣན་པ་བཞིན་ནོ། །སྐྱེ་བོ་མ་རབས་དག་ནི་ཚངས་པར་སྤྱོད་པ་ཅུང་ཟད་ཙམ་དང ། ཕ་མ་ལ་སྲི་ཞུ་བྱས་པ་ཙམ་གྱི་རྒྱུས་མཐོ་རིས་ཀྱི་ལྷར་སྐྱེས་པར་མི་ཤེས་སོ། །གཞན་ཡང་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་དང ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་མི་ཤེས་སོ། །དེ་ལྟར་མི་ཤེས་པས་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་སྨྲ་མོད་ཀྱི། དེའང་མི་ཤེས་སོ། །དེ་བས་ན་དེ་བཞིན་གཤེགས་པ་འཇིག་རྟེན་དུ་གཤེགས་ནས་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་བསྟན་ཅིང་བཤད་དོ། །ཇི་ལྟར་འཁོར་ལོས་བསྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་ན། དེའི་བསོད་ནམས་ཀྱི་ཤུགས་ཀྱིས་རྐུན་པོ་མ་རུངས་པ་དག་སོ་སོར་འབྱེར་ཞིང་འབྲོས་སོ། །བ་རྣམས་མ་ཤི་བས་འཁོར་ལོས་བསྒྱུར་བའི་རྒྱལ་པོས་རྫིའུ་ཐབས་དང་ལྡན་པ་ལ་གཏད་དེ། རྫིའུ་ཐབས་དང་ལྡན་པས་མར་གྱི་སྙིང་པོའང་ཡོད་པར་གྱུར་ཏོ། །མར་གྱི་སྙིང་པོ་ཡོད་པས་སེམས་ཅན་ཐམས་ཅད་ཀྱང་ནད་ཀྱི་སྡུག་བསྔལ་དང་བྲལ་ལོ། །ཆོས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་གཤེགས་ནས་སྐྱེ་བོ་མ་རབས་དག་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་སྟོན་མི་ནུས་ཏེ། སོ་སོར་འབྱེར་ཞིང་འབྲོས་སོ། །
Ka71a
༄#། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱིས་ཆོས་དང ། འཇིག་རྟེན་ལས་འདས་པའི་ཆོས་སེམས་ཅན་གྱི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན་ཅིང་བཤད་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་མར་གྱི་སྙིང་པོ་ལྟ་བུ་ཐོབ་པར་གྱུར་ཏེ། གཞན་ཡང་སེམས་ཅན་མཐའ་ཡས་དཔག་ཏུ་མེད་པ་དག་བླ་ན་མེད་པའི་ཆོས་བདུད་རྩི་ལྟ་བུ་ཐོབ་པར་བྱ་བ་ནི། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པའི་ཆོས་རྣམས་སོ། །དོན་དེ་ལྟ་བས་ན། རིགས་ཀྱི་བུ།་དེ་བཞིན་གཤེགས་པ་ནི་རྟག་པ་དང་མི་འགྱུར་བའི་ཆོས་ཅན་ཡིན་ཏེ། འཇིག་རྟེན་པ་སྐྱེ་བོ་མ་རབས་དག་གིས་ཚངས་པའི་ལྷ་ལ་སོགས་པ་ལ་རྟག་པའི་ཆོས་ཅན་ཡིན་ནོ་ཞེས་སྨྲ་བ་དང་མི་འདྲ་སྟེ། རྟག་པའི་ཆོས་སུ་གྲགས་པ་འདི་ནི། མདོར་ན་དེ་བཞིན་གཤེགས་པ་ལ་བྱའི། ཆོས་གཞན་དག་ནི་མ་ཡིན་ནོ། །འོད་སྲུང ། དེ་ལྟ་བས་ན་དེ་བཞིན་གཤེགས་པའི་སྐུར་རིག་པར་བྱའོ། །འོད་སྲུང ། གང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་ནི་རྟག་ཏུ་རྩེ་གཅིག་པའི་སེམས་ཀྱིས་སངས་རྒྱས་རྟག་པ་དང་གནས་པའོ་ཞེས་བྱ་བའི་ཚིག་འདི་གཉིས་ལ་ནན་ཏན་བྱའོ། །འོད་སྲུང ། གང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་ནི་ཚིག་འདི་གཉིས་ལ་ནན་ཏན་བྱེད་ན། གང་ཟག་དེ་ནི་ངའི་རྗེས་སུ་སྤྱོད་ཅིང་ངས་ཕྱིན་པའི་གནས་
Ka71b
སུ་ཕྱིན་པར་རིག་པར་བྱའོ། །རིགས་ཀྱི་བུ། གང་གིས་ཚིག་འདི་གཉིས་ལ་ནན་ཏན་བྱེད་པ་དེ་མཚན་མ་སྤངས་ན་དེ་བཞིན་གཤེགས་པས་ཡོངས་སུ་མྱ་ངན་ལས་འདའ་བར་དགོངས་པར་རིག་པར་བྱའོ། །རིགས་ཀྱི་བུ། མྱ་ངན་ལས་འདའ་བའི་དོན་ནི་སངས་རྒྱས་ཀྱི་ཆོས་ཉིད་དོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས། ཆོས་ཉིད་ཅེས་བགྱི་བའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། བདག་ནི་ཆོས་ཉིད་ཀྱི་དོན་ཇི་ལྟ་བུ་ལགས་པ་མི་འཚལ་ན། དེ་བཞིན་གཤེགས་པས་ཐུགས་བརྩེ་བའི་སླད་དུ་རྒྱས་པར་བསྟན་དུ་གསོལ། ཆོས་ཉིད་ཅེས་བགྱི་བ་ནི་ལུས་དང་རྣམ་པར་བྲལ། ལུས་དང་བྲལ་བ་ནི་ཅིའང་མ་མཆིས་པ་སྟེ། ཅིའང་མ་མཆིས་ན་ལུས་ཞེས་བགྱི་བའང་ཇི་ལྟར་རྣམ་པར་གཞག་།ལུས་རྣམ་པར་བཞག་ཏུ་མཆིས་ན་ནི་ལུས་ལ་ཆོས་ཉིད་ཀྱང་མ་མཆིས་པར་འགྱུར་རོ། །ལུས་ལ་ཆོས་ཉིད་ཀྱང་མ་མཆིས་པར་གྱུར་ན་ཇི་ལྟ་བུར་རྣམ་པར་གཞག། བདག་གིས་དོན་དེ་དག་ཇི་ལྟར་རིག་པར་བགྱི་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ཀྱིས་འདི་ལྟར་ཆོས་ཉིད་དགག་པར་མི་བྱའོ། །ཆོས་ཉིད་ཅེས་བྱ་བ་ལ་ནི་འགོག་པ་མེད་དོ། །རིགས་ཀྱི་བུ། དཔེར་ན། འདུ་ཤེས་མེད་པའི་ལྷ་དག་གཟུགས་ཀྱི་ཕུང་པོ་དང་ལྡན་མོད་ཀྱི། གཟུགས་ཀྱི་
Ka72a
༄#། །འདུ་ཤེས་མེད་པས་ལྷ་དེ་ལ་ནི་ཇི་ལྟར་གནས། བདེ་བ་ལ་ཇི་ལྟར་ལོངས་སྤྱོད། ཇི་ལྟར་འདུ་ཤེས་ལ་སྤྱོད། ཇི་ལྟར་ཐོས་ཤིང་མཐོང་ཞེས་འདྲི་བའི་མི་རིགས་སོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པ་མ་ཡིན་ནོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྐུ་ལ་ནི་འགོག་པའི་ཆོས་སོ་ཞེས་སྨྲ་བར་མི་བྱའོ། །རིགས་ཀྱི་བུ། འགོག་པའི་ཆོས་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པ་མ་ཡིན་ནོ། །རིགས་ཀྱི་བུ། ཁྱོད་ཀྱིས་ནི། དེ་བཞིན་གཤེགས་པ་གང་དུ་གནས། གང་དུ་སྤྱོད། གང་དུ་གཟིགས། ཅི་ལ་ལོངས་སྤྱོད་པ་རྟོག་ཅིང་དཔག་པར་མི་བྱའོ། །རིགས་ཀྱི་བུ། དོན་དེ་དག་ནི་ཁྱོད་ལ་སོགས་པས་ཤེས་ཤིང་རྟོགས་པ་མ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་དང ། རྣམ་པ་སྣ་ཚོགས་ཀྱི་ཐབས་ནི་བསམ་གྱིས་མི་ཁྱབ་བོ། །རིགས་ཀྱི་བུ། གཞན་ཡང་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་རྟག་ཏུ་དྲན་ཞིང་ནན་ཏན་བྱའོ། །ཆོས་རྣམ་པ་གསུམ་པོ་འདི་ནི་ཐ་དད་པ་མ་ཡིན་པའི་མཚན་ཉིད། མི་རྟག་པ་མ་ཡིན་པའི་མཚན་ཉིད། མི་འཕོ་བའི་མཚན་ཉིད་དོ། །གང་ཞིག་ཆོས་རྣམ་པ་གསུམ་པོ་འདི་ལ་ཐ་དད་པར་འདུ་ཤེས་ན་སྐྱེ་བོ་དེ་ནི་སྐྱབས་སུ་འགྲོ་བ་གསུམ་ལ་མི་གནས་པ། ཚུལ་ཁྲིམས་དང་མི་ལྡན་པ་ཞེས་བྱ་བ་སྟེ། ཉན་ཐོས་
Ka72b
དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱང་ཐོབ་པར་མི་ནུས་སོ། །གང་གིས་བསམ་གྱིས་མི་ཁྱབ་པ་དེ་ལ་རྟག་པའི་འདུ་ཤེས་ཀྱིས་ནན་ཏན་བྱེད་ན་དེ་ནི་སྐྱབས་སུ་འགྲོ་བའི་གནས་ཡིན་ནོ། །རིགས་ཀྱི་བུ།་དཔེར་ན། ཤིང་ཡོད་པའི་རྐྱེན་གྱིས་གྲིབ་མ་ཡོད་དོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། རྟག་པའི་ཆོས་ཡོད་པས་སྐྱབས་སུ་འགྲོ་བའི་གནས་ཡོད་ཀྱི། མི་རྟག་པ་ནི་མ་ཡིན་ནོ། །གང་ཞིག་དེ་བཞིན་གཤེགས་པ་ལ་མི་རྟག་པའོ་ཞེས་སྨྲ་ན། དེ་བཞིན་གཤེགས་པའང་ལྷ་དང་འཇིག་རྟེན་དུ་བཅས་པའི་སྐྱབས་སུ་འགྲོ་བའི་གནས་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དཔེར་ན། ནམ་རྨུས་ན་སྐྱེས་ཤིང་མཆིས་ཀྱང་གྲིབ་མ་ནི་མ་མཆིས་སོ། །བཀའ་སྩལ་པ། འོད་སྲུང ། ཤིང་ཡོད་ལ་གྲིབ་མ་མེད་ཅེས་མི་བྱའོ། །དེ་ནི་ཤའི་མིག་གིས་མི་མཐོང་བའི་ཕྱིར་རོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། རང་བཞིན་ཉིད་ཀྱིས་རྟག་ཏུ་གནས་ལ་མི་འགྱུར་མི་འཕོ་མོད་ཀྱི། ཤེས་རབ་ཀྱི་མིག་མེད་པས་ནི་མཐོང་བར་མི་ནུས་ཏེ། ཇི་ལྟར་ནམ་རྨུས་པའི་ཚེ་ཤིང་གི་གྲིབ་མ་མི་མཐོང་བ་བཞིན་ནོ། །སྐྱེ་བོ་མ་རབས་ཀྱང་སངས་རྒྱས་མྱ་ངན་ལས་འདས་ནས་གང་གིས་དེ་བཞིན་གཤེགས་པ་ནི་མི་རྟག་པའོ་ཞེས་སྨྲ་བའང་དེ་དང་འདྲ་སྟེ། གང་གིས་དེ་བཞིན་གཤེགས་པ་ནི་ཆོས་དང ། དགེ་
Ka73a
༄#། །འདུན་དང་ཐ་དད་དོ་ཞེས་སྨྲ་ན། དེ་ནི་སྐྱབས་སུ་འགྲོ་བའི་གནས་གསུམ་པོར་མི་འགྱུར་རོ། །དཔེར་ན། ཁྱོད་ཀྱི་ཕ་མ་ནི་སོ་སོ་ཐ་དད་པའི་ཕྱིར་མི་རྟག་ཅེས་བྱར་རུང་ངོ ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ནི་གདོད་སངས་རྒྱས་དང ། ཆོས་དང ། དགེ་འདུན་རྟག་པ་དང ། རབས་བདུན་གྱི་ཕ་མའི་བར་དུ་དྲན་པར་གྱུར་པ་ནི་ངོ་མཚར་ཆེའོ། །བཅོམ་ལྡན་འདས། བདག་གིས་དེ་བཞིན་གཤེགས་པ་དང ། ཆོས་དང ། དགེ་འདུན་བསམ་གྱིས་མི་ཁྱབ་པ་ལ། གོམས་པར་བགྱིད་དེ། བདག་དེ་ལ་གོམས་ནས་གཞན་དག་ལའང་དོན་དེ་རྒྱ་ཆེར་བསྟན་པར་བགྱིའོ། །གང་ཞིག་འདི་ལ་ཡིད་མི་ཆེས་པ་དེ་ནི་ཡུན་རིང་པོ་ནས་མི་རྟག་པ་བསྒོམ་པ་སྟེ། བདག་གིས་དེ་ལ་ནི་བ་མོ་འམ། སེར་བ་ལྟ་བུར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་ལེགས་སོ། །ལེགས་སོ། །ཞེས་བཀའ་སྩལ་ནས། ཁྱོད་ནི་དམ་པའི་ཆོས་ཤིན་ཏུ་སྲུང་ཞིང་ཡོངས་སུ་འཛིན་པ་སྟེ། དེ་ལྟར་ཆོས་སྲུང་ཞིང་སེམས་ཅན་ལ་མི་སླུ་པའི་དགེ་བའི་ལས་དེ་ཉིད་ཀྱི་རྐྱེན་གྱིས་ཚེ་རིང་བ་དང་སྔོན་གྱི་གནས་ཤེས་པར་འགྱུར་རོ། །འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། སྐུ་ཚེའི་
Ka73b
ལེའུ་ཞེས་བྱ་སྟེ་གཅིག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྐུ་ཞེས་བྱ་བ་ནི་རྟག་ཏུ་གནས་པའི་སྐུ། མི་འཇིག་པའི་སྐུ། རྡོ་རྗེའི་སྐུ། ཟས་རྣམས་ཀྱི་སྐུ་མ་ཡིན་གྱི། ཆོས་ཀྱི་སྐུའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་སྐུ་དེ་དག་ནི་བདག་གིས་མ་མཐོང་གི་།མི་རྟག་པ་དང ། འཇིག་པ་དང ། རྡུལ་དང ། ཟས་རྣམས་ཀྱི་སྐུར་མཐོང་ངོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པར་གཤེགས་པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། ཁྱོད་ཀྱིས་དེ་བཞིན་གཤེགས་པའི་སྐུ་ལ་སྙིང་པོ་མེད་པའམ། འཇིག་པ་ཅན་སྐྱེ་བོ་མ་རབས་ཀྱི་ལུས་དང་འདྲ་བར་མི་བལྟའོ། །རིགས་ཀྱི་བུ་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། དེ་བཞིན་གཤེགས་པའི་སྐུ་ནི་བསྐལ་པ་ཚད་མེད་པའི་བར་དུ་བརྟན་པ། སྙིང་པོ་ཅན་མི་འཇིག་པ། ལྷ་དང་མིའི་ལུས་ལྟ་བུ་མ་ཡིན་པ། འཇིག་པའི་སྐུ་མ་ཡིན་པ། ཟས་རྣམས་ཀྱི་སྐུ་མ་ཡིན་པའོ། །དེ་བཞིན་གཤེགས་པའི་སྐུ་ནི་སྐུ་མ་ཡིན་པའི་སྐུ། མི་སྐྱེ་མི་འགོག་པ། མ་བསྡུས་པ། མ་ཆད་པ། ཚད་མེད་པ། མཐའ་ཡས་པ། རྗེས་མེད་པ། ཤེས་པ་མེད་པ། གཟུགས་
Ka74a
༄#། །མེད་པ། མཐའ་རྣམ་པར་དག་པ། མི་གཡོ་བ། ཚོར་བ་མེད་པ། འདུ་བྱེད་མེད་པ། མི་གནས་པ། མ་བྱས་པ། བྲོ་བ་མེད་པ། མ་འདྲེས་པ། འདུས་བྱས་པ་མ་ཡིན། ལས་མ་ཡིན། འབྲས་བུ་མ་ཡིན། སྤྱོད་པ་མ་ཡིན། འགོག་པ་མ་ཡིན། སེམས་མ་ཡིན། བགྲང་བ་མ་ཡིན། བསམ་གྱིས་མི་ཁྱབ་པ། དཔག་ཏུ་མེད་པ།་རྣམ་པར་མི་ཤེས་པ། སེམས་དང་བྲལ་བ། སེམས་དང་བྲལ་བའང་མ་ཡིན་པ། སེམས་མཉམ་པ་མེད་པ། མེད་པའང་མ་ཡིན་པ། སོང་བ་དང་འོང་བ་མེད་པ། སོང་བ་དང་འོང་བ་མེད་པའང་མ་ཡིན་པ། མི་འཇིག་པ། མ་ཉམས་པ། མི་ཆད་པ། མི་ཆད་པ། མ་བྱུང་བ། མི་འགོག་པ། བདག་པོ་མེད་པ། བདག་པོ་མེད་པའང་མ་ཡིན་པ། ཡོད་པའང་མ་ཡིན། མེད་པའང་མ་ཡིན། ཚོར་བའང་མ་ཡིན། རྟོག་པ་མ་ཡིན། ཡི་གེ་མ་ཡིན། ཡི་གེ་མེད་པ་མ་ཡིན། ཏིང་ངེ་འཛིན་མ་ཡིན། ཏིང་ངེ་འཛིན་མེད་པ་མ་ཡིན། བལྟར་མེད་པ། མངོན་པར་སྣང་བ། གནས་མེད་པ། གནས་མེད་པ་མ་ཡིན་པ། རྟེན་མེད་པ། རྟེན་མེད་པའང་མ་ཡིན་པ། མུན་པ་མ་ཡིན་པ། སྣང་བ་མ་ཡིན་པ། ཞི་བ་མ་ཡིན་པ། མ་ཞི་བ་མ་ཡིན། ཅིའང་མེད་པ། མི་ལེན་པ། མི་ལེན་པ། མི་གཏོང་བ། རྣམ་པར་དག་པ། དྲི་མ་མེད་པ། རྩོད་པ་མེད་པ། རྩོད་པ་ཆད་པ། གནས་མེད་པར་གནས་པ།
Ka74b
མི་ལེན་པ། མི་ལྟུང་བ། ཆོས་མ་ཡིན་པ། ཆོས་མ་ཡིན་པའང་མ་ཡིན་པ། བསོད་ནམས་ཀྱི་ཞིང་མ་ཡིན་པ། བསོད་ནམས་ཀྱི་ཞིང་མ་ཡིན་པའང་མ་ཡིན་པ། མི་ཟད་པ། ཟད་པ་མེད་པ།་ཟད་པ་ཐམས་ཅད་དང་བྲལ་བ། སྟོང་པ་ཉིད་སྟོང་པ་དང་བྲལ་བ། རྟག་ཏུ་གནས་པ་མ་ཡིན་པ། སྐད་ཅིག་པའི་རྒྱུན་གྱིས་འགོག་པ་མ་ཡིན་པ། རྙོག་པའི་དྲི་མ་མེད་པ། ཡི་གེ་མེད་པ།་ཡི་གེ་དང་བྲལ་བ། སྒྲ་མ་ཡིན། བཤད་པ་མ་ཡིན། གོམས་པར་བསྒོམས་པ་མ་ཡིན། བརྗོད་པ་མ་ཡིན། དཔོག་པ་མ་ཡིན། གཅིག་མ་ཡིན། ཐ་དད་པ་མ་ཡིན། གཟུགས་མ་ཡིན། མཚན་མ་ཡིན། མཚན་རྣམ་པས་བརྒྱན་པ། དཔའ་བ་མ་ཡིན། སྐྲག་པ་མ་ཡིན། ཞི་བ་མེད་པ། མ་ཞི་བ། མ་གདུངས་པ། མི་གདུང་བ། བལྟར་མེད་པ། མཚན་མ་མེད་པ། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཀྱང་སེམས་ཅན་གྱི་དོན་བྱས་པ་མེད་པ། སེམས་ཅན་རྣམ་པར་བཀྲོལ་ཡང་རྣམ་པར་བཀྲོལ་པ་མེད་པ། སེམས་ཅན་མངོན་པར་འཚང་རྒྱ་བར་མཛད་ཀྱང་མངོན་པར་འཚང་རྒྱ་བ་མེད་པ། གཉིས་སུ་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པ། དཔག་ཏུ་མེད་པ། མི་མཉམ་པ་དང་མཉམ་པ། ནམ་མཁའ་དང་མཉམ་པ། གཟུགས་མེད་པ། མ་སྐྱེས་པ་ཉིད་དང་མཐུན་པ། མི་ཆད་པ། མི་རྟག་པ། རྟག་ཏུ་ཐེག་པ་གཅིག་ལ་སྤྱོད་ཀྱང་སེམས་ཅན་
Ka75a
༄#། །གྱིས་གསུམ་དུ་མཐོང་བ། མི་འགྱུར་བ། མི་ལྡོག་པ། ཀུན་ནས་ཉོན་མོངས་པ་ཐམས་ཅད་བཅད་པ། མི་རྩོད་པ། མི་གཅིག་པ། མཚན་ཉིད་མ་ཡིན་པ། མཚན་ཉིད་ལ་གནས་པ། འདུས་པ་མ་ཡིན། གྱེས་པ་མ་ཡིན། རིང་བ་མ་ཡིན། ཐུང་བ་མ་ཡིན། ཟླུམ་པོ་མ་ཡིན། གྲུ་བཞི་མ་ཡིན། ཕུང་པོ་དང་སྐྱེ་མཆེད་དང་ཁམས་མ་ཡིན།་ཕུང་པོ་དང་སྐྱེ་མཆེད་དང་ཁམས་མ་ཡིན་པའང་མ་ཡིན། འཕེལ་བ་མ་ཡིན། འབྲི་བ་མ་ཡིན། བཟང་པོ་མ་ཡིན། ངན་པ་མ་ཡིན་ནོ། །དེ་བཞིན་གཤེགས་པའི་སྐུ་ནི་དེ་ལྟར་ཡོན་ཏན་ཚད་མེད་པ་དང་ལྡན་ཏེ། ཤེས་པ་མེད་ཅིང་མི་ཤེས་པའང་མེད། མཐོང་བ་མེད་ཅིང་མི་མཐོང་བའང་མེད། འདུས་བྱས་པ་མ་ཡིན། འདུས་མ་བྱས་པ་མ་ཡིན།་འཇིག་རྟེན་མ་ཡིན། འཇིག་རྟེན་མ་ཡིན་པའང་མ་ཡིན། བྱས་པ་མ་ཡིན། མ་བྱས་པའང་མ་ཡིན། གནས་མ་ཡིན། མི་གནས་པ་མ་ཡིན། ཆེན་པོ་བཞི་མ་ཡིན། ཆེན་པོ་བཞི་མ་ཡིན་པའང་མ་ཡིན། རྒྱུ་མ་ཡིན། རྒྱུ་མེད་པའང་མ་ཡིན། སེམས་ཅན་མ་ཡིན། སེམས་ཅན་མེད་པ་མ་ཡིན། དགེ་སྦྱོང་མ་ཡིན། བྲམ་ཟེ་མ་ཡིན། སེངྒེ་ལྟ་བུ།་སེངྒེ་ཆེན་པོ། སྐུ་མ་ཡིན། སྐུ་མ་ཡིན་པའང་མ་ཡིན་པ། བརྗོད་དུ་མེད་པ། ཆོས་གཅིག་ཙམ་གྱི་མཚན་ཉིད་དང་ཡང་བྲལ་བ། བརྩི་བའམ་འགྲང་བར་མི་རུང་བ།
Ka75b
མྱ་ངན་ལས་འདའ་བ་ན་མྱ་ངན་ལས་མི་འདའ་བ་སྟེ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་དམ་པ་དང་ལྡན་ནོ། །འོད་སྲུང ། དེ་ནི་དེ་བཞིན་གཤེགས་པ་ཉག་གཅིག་གིས་མཁྱེན་གྱི། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པ་མ་ཡིན་ནོ། །འོད་སྲུང ། དེ་ལྟར་དེ་བཞིན་གཤེགས་པའི་སྐུ་ནི་ཡོན་ཏན་ཚད་མེད་པ་དང་ལྡན་ཏེ། ཟས་རྣམས་ཀྱིས་བསྐྱེད་ཅིང་གསོ་བའི་སྐུ་ནི་མ་ཡིན་ནོ། །འོད་སྲུང ། དེ་བཞིན་གཤེགས་པའི་སྐུ་ཡང་དག་པའི་ཡོན་ཏན་ནི་འདི་ལྟ་བུ་ཡིན་ན་དེ་ལ་ན་བ་འམ། སྡུག་བསྔལ་བའམ། སྙིང་པོ་མེད་པའམ། མི་བརྟན་པ་རྫ་སོ་མ་བཏང་བ་ལྟ་བུ་ག་ལ་ཞིག་ཡོད། འོད་སྲུང ། དེ་བཞིན་གཤེགས་པས་ན་བ་དང་སྡུག་བསྔལ་བ་བསྟན་པ་ནི་སེམས་ཅན་གདུལ་བའི་ཕྱིར་རོ། །རིགས་ཀྱི་བུ་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། དེ་བཞིན་གཤེགས་པའི་སྐུ་ནི་རྡོ་རྗེའི་སྐུ་ཡིན་ཏེ། དེང་ཕྱིན་ཆད་ཁྱོད་ཀྱིས་དོན་འདི་རྩེ་གཅིག་པའི་སེམས་ཀྱིས་ཡིད་ལ་བྱའི། ཟས་རྣམས་ཀྱི་སྐུར་ནི་མི་བསམ་མོ། །གཞན་ལའང་དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་ཡིན་པར་སྟོན་ཅིག་།དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གདེ་ལྟར་དེ་བཞིན་གཤེགས་པ་དེ་ལྟ་བུའི་ཡོན་ཏན་དང་ལྡན་ན་སྙུན་པ་དང ། མི་རྟག་པ་དང །
Ka76a
༄#། །འཇིག་པ་ལྟ་ག་ལ་ཞིག་མཆིས་ཏེ། བདག་ནི་དེང་སླན་ཆད་དེ་བཞིན་གཤེགས་པའི་སྐུ་ནི་རྟག་པ། ཆོས་ཀྱི་སྐུ་རབ་ཏུ་བདེ་བའི་སྐུར་ཡིད་ལ་བགྱིད་དེ། གཞན་དག་ལའང་དེ་བཞིན་དུ་བསྟན་པར་འཚལ་ལོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་རྡོ་རྗེ་ལྟ་བུར་མི་འཇིག་པ་ལགས་ན། ཅིའི་རྒྱུ་ལས་གྱུར་པ་ནི་བདག་གིས་མི་འཚལ་ཏོ། །བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། དམ་པའི་ཆོས་སྲུང་ཞིང་འཛིན་པ་དེའི་རྒྱུ་དང ། དེའི་རྐྱེན་གྱིས་རྡོ་རྗེའི་སྐུ་དང་ལྡན་པར་གྱུར་ཏོ། །འོད་སྲུང ། ངས་སྔོན་ཆོས་ཡོངས་སུ་བསྲུང་བའི་རྒྱུ་དང་རྐྱེན་གྱིས་རྡོ་རྗེའི་སྐུ་དང་ལྡན་ཏེ། རྟག་ཏུ་གནས་པ་དང་མི་འཇིག་པར་གྱུར་ཏོ། །རིགས་ཀྱི་བུ། དམ་པའི་ཆོས་སྲུང་ཞིང་སྲུང་བ་ནི་ཁྲིམས་ལྔའང་མི་འཛིན་ཏེ། སྤྱོད་ལམ་ཡང་མི་སྲུང་བར་མཚོན་ཆ་རལ་གྲི་དང ། འདའ་གཞུ་དང ། མདུང་ལ་སོགས་པ་ཐོགས་ཏེ། དགེ་སློང་ཚུལ་ཁྲིམས་ཡོངས་སུ་དག་པ་དག་བསྲུང་བའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །ཡང་བཅོམ་ལྡན་འདས། དགེ་སློང་གང་སྲུང་བ་བཏང་སྟེ། དབེན་པའི་གནས་དུར་ཁྲོད་དམ། ཤིང་དྲུང་ན་གནས་པ་ནི་དགེ་སློང་ཡང་དག་པ་ལགས་ཀྱི། གང་སྲུང་བའི་རྗེས་སུ་སྤྱོད་པ་ནི་ཁྱིམ་བདག་མགོ་
Ka76b
རེག་གོ་ཞས་འབྱུང་ངོ ། །བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། ཁྱིམ་བདག་མགོ་རེག་ཅེས་མ་ཟེར་ཅིག་།དགེ་སློང་གང་དུ་གནས་ཀྱང་ལུས་ཀྱི་ཡོ་བྱད་ཙམ་ཆོག་པར་ལེན་ཅིང ། མདོ་སྡེ་ཀློག་པ་དང ། འདོན་པ་དང ། བསམ་གཏན་ཡིད་ལ་བྱེད་པ་དང ། ཆོས་འདྲི་བ་ཡོད་ན། དེ་ལ་སྦྱིན་པ་དང ། ཚུལ་ཁྲིམས་དང ། བསོད་ནམས་ཀྱི་ཚོགས་དང ། འདོད་པ་ཉུང་བ་དང ། ཆོག་ཤེས་པ་ལ་སོགས་པ་ཆོས་རྣམ་པ་སྣ་ཚོགས་སྟོན་ཀྱང ། དེ་ནི་སེངྒེའི་སྒྲ་སྒྲོག་པ་ཞས་མི་བྱ། སེངྒེས་ཡོངས་སུ་བསྐོར་བ་ཞེས་ཀྱང་མི་བྱ། ཆོས་ངན་པ་སྤྱོད་པ་གདུལ་ནུས་པ་མ་ཡིན། དགེ་སློང་དེ་ནི་བདག་གི་དོན་ཀྱང་བྱེད་མི་ནུས་ལ། གཞན་གྱི་དོན་བྱེད་པའང་མ་ཡིན་ཏེ། དེ་ནི་བག་མེད་པ་ལེ་ལོ་ཅན་ཡིན་ཏེ། ཚུལ་ཁྲིམས་སྲུང་ཞིང་ཚངས་པར་སྤྱོད་ཀྱང་དེ་ནི་ཅིའང་མི་ནུས་པར་རིག་པར་བྱའོ། །དགེ་སློང་གང་འཚོ་བའི་ཡོ་བྱད་ཀྱང་མང་དུ་ཡོད་ལ། ཚུལ་ཁྲིམས་ཀྱང་ཡོངས་སུ་སྲུང་ཞིང་སེང་གེའི་སྒྲ་སྒྲོག་སྟེ། དམ་པའི་ཆོས་མདོ་སྡོའི་སྡེ་དང ། དབྱངས་ཀྱིས་བསྙད་པ་དང ། ལུང་དུ་བསྟན་པ་དང ། ཚོགས་སུ་བཅད་པ་དང ། ཆེད་དུ་བརྗོད་པ་དང ། སྐྱེས་པའི་རབས་དང ། དེ་ལྟ་བུ་བྱུང་བ་དང ། གླེང་གཞི་དང ། རྨད་དུ་བྱུང་བ་དང ། རྟོགས་པ་བརྗོད་པ་དང ། ཤིན་ཏུ་རྒྱས་པ་དང ། གཏམ་ལ་བབ་པར་བསྟན་པ་ལ་སོགས་པ་མདོ་སྡེ་དགུ་པོ་དག་
Ka77a
༄#། །འདོན་ཅིང་གཞན་དག་ལ་རྒྱ་ཆེར་སྟོན་ལ། སེམས་ཅན་ལ་ཕན་པ་དང་བདེ་བའི་ཕྱིར། འདི་སྐད་དུ། མྱ་ངན་ལས་འདའ་བའི་མདོ་ལས། དགེ་སློང་རྣམས་བྲན་ཁོལ་དང ། བ་ལང་དང ། ལུག་ལ་སོགས་པ་ཆོས་མ་ཡིན་པའི་དངོས་པོ་འཆང་དུ་མི་གནང་ངོ ། །ཞེས་འབྱུང་སྟེ། དགེ་སློང་མ་བརྟགས་པའི་དངོས་པོ་དེ་དག་འཆང་ན་ཆད་པས་ཆོད་ཅིག་ཅེས་སྨྲས་ལ། དེ་བཞིན་གཤེགས་པས་སྔོན་མདོ་སྡེ་གཞན་དག་ལས་ཀྱང་དགེ་སློང་མ་བརྟགས་པའི་དངོས་པོ་དེ་དག་བཅངས་པས་རྒྱལ་པོ་ཆེ་གེ་མོ་ཞིག་གིས་ཆད་པས་བཅད་དེ། ཁྱིམ་པར་ཕབ་བོ། །ཞེས་དགེ་སློང་གང་འདི་སྐད་དུ་སེང་གེའི་སྒྲ་སྒྲོག་པ་ནི་ཚུལ་ཁྲིམས་ངན་པ་ཅན་དག་དེ་སྐད་ཅེས་ཐོས་ནས་ཞེ་སྡང་སྐྱེས་ཏེ། ཆོས་སྨྲ་བ་དེ་གསོད་དོ། །ཆོས་སྨྲ་བ་དེ་ཅི་སྟེ་ཚེ་འཕོས་ནས་ཡང་ཚུལ་ཁྲིམས་འཛིན་ཅིང་བདག་དང་གཞན་གྱི་དོན་བྱེད་པ་ཞེས་བྱ་སྟེ། དེ་ལྟ་བས་ན་ངན་ནི་རྒྱལ་པོ་དང ། བློན་པོ་ཆེན་པོ་དང ། དགེ་བསྙེན་རྣམས་ཀྱིས་ཆོས་སྨྲ་བ་དག་བསྲུང་བར་གནང་ངོ ། །གང་དམ་པའི་ཆོས་བསྲུང་བར་འདོད་པ་ནི་དེ་ལྟར་བསླབ་པར་བྱའོ། །འོད་སྲུང ། དེ་ལྟར་ཚུལ་ཁྲིམས་ཉམས་ཤིང་ཆོས་སྲུང་བ་ནི་ཁྱིམ་བདག་མགོ་རེག་ཅེས་བྱའི། ཚུལ་
Ka77b
ཁྲིམས་སྲུང་བ་ལ་ནི་མ་ཡིན་ནོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་ལྔ་པ། རིགས་ཀྱི་བུ། སྔོན་གྱི་བསྐལ་པ་ཚད་མེད་མཐའ་ཡས་གྲངས་མེད་པ་འདས་པའི་ཕ་རོལ་ན་གྲོང་ཁྱེར་རྩཝ་མཆོག་འདི་ཉིད་དུ་སངས་རྒྱས་བཅོམ་ལྡན་འདས་རབ་ཏུ་དགའ་བ་བསྐྱེད་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པ། མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ། བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མངོན་པར་བྱུང་ངོ ། །དེའི་ཚེ་དེའི་དུས་ན་འཇིག་རྟེན་གྱི་ཁམས་འདིའང་ཤིན་ཏུ་ཡངས་ཤིང་ཡོངས་སུ་དག་ལ། མི་རབ་ཏུ་མང་ཞིང་བདེ་སྐྱིད་པ་དང ། ཟས་དང་སྐོམ་གྱིས་མི་བྲེལ་བ་ནི། ཇི་ལྟར་རབ་ཏུ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ཀྱི་བྱང་ཆུབ་སེམས་དཔའ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་དེ་འཇིག་རྟེན་ན་ཚད་མེད་པའི་བར་དུ་བཞུགས་ནས་སེམས་ཅན་གྱི་དོན་མཛད་དེ། ཤིང་སཱ་ལ་ཟུང་གཉིས་ཀྱི་བར་དུ་ཡོངས་སུ་མྱ་ངན་ལས་འདས་སོ། །སངས་རྒྱས་དེ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ལོ་ཁྲི་ཕྲག་ཚད་མེད་པ་བཞི་བཅུ་ལྷག་གི་བར་དུ་གནས་པར་གྱུར་ཏོ། །དེའི་ཚེ་ན་དགེ་སློང་ཚུལ་ཁྲིམས་ཤིན་ཏུ་སྲུང་བ་ཡོན་ཏན་བློ་
Ka78a
༄#། །གྲོས་ཞེས་བྱ་བ་ཞིག་ལ་འཁོར་ཤིན་ཏུ་མང་ཞིང་འཁོར་རྣམས་ལ་སེངྒེའི་སྒྲ་སྒྲོགས་ཏེ། མདོ་སྡེ་དགུའང་རྒྱས་པར་སྟོན་པ་ལ་ཤིན་ཏུ་མཁས་པས། དགེ་སློང་རྣམས་བྲན་ཕོ་དང ། བྲན་མོ་དང ། བ་ལང་དང ། ལུག་ལ་སོགས་པ་ཆོས་མ་ཡིན་པའི་དངོས་པོ་རྣམས་གསོར་མི་གནང་ངོ ། །ཞེས་བསྒོའོ། །དེའི་ཚེ་ན་དགེ་སློང་ཚུལ་ཁྲིམས་ཉམས་པ་ཤིན་ཏུ་མང་བས། དེ་དག་གིས་དེ་སྐད་ཅེས་བསྒོ་བ་ཐོས་ནས་ཐམས་ཅད་ཞེ་སྡང་གི་སེམས་སྐྱེས་ཏེ། མཚོན་ཆ་ཐོགས་ནས་ཆོས་སྨྲ་བ་དེ་ལ་བསྙེན་ཏོ། །དེའི་ཚེ་དེའི་དུས་ན་ཡུལ་དེའི་རྒྱལ་པོ་ཡོན་ཏན་ཅན་ཞེས་བྱ་བ་དེས་དེ་ལྟ་བུར་གྱུར་པ་ཐོས་ནས། ཆོས་བསྲུང་བའི་ཕྱིར་དེ་མ་ཐག་ཏུ་ཆོས་སྨྲ་བ་ག་ལ་བའི་དྲུང་དུ་སོང་སྟེ། དགེ་སློང་ཚུལ་ཁྲིམས་ཉམས་པ་མ་རུངས་པ་དག་དང་གཡུལ་བཤམས་ཏེ་འཐབས་ནས། ཆོས་སྨྲ་བའི་དགེ་སློང་དེ་བགེགས་དེ་ལས་ཐར་བར་བྱས་སོ། །དེའི་ཚེ་རྒྱལ་པོ་དེའི་ལུས་ལ་རལ་གྲི་དང ། མདའ་དང ། མཚོན་ཤཀྟི་ལ་སོགས་པ་མཚོན་ཆའི་རྨས་ཡུངས་ཀར་ཙམ་ཡང་གསོན་པ་མེད་དོ། །དེའི་ཚེ་དགེ་སློང་ཡོན་ཏན་བློ་གྲོས་ཀྱི་རྒྱལ་པོ་དེ་ལ་ཤིན་ཏུ་ལེགས་སོ། །ཤིན་ཏུ་ལེགས་སོ། །རྒྱལ་པོ་ཁྱོད་ནི་ཡང་དག་པར་དམ་པའི་ཆོས་ཤིན་ཏུ་བསྲུང་བ་སྟེ། མ་འོངས་པའི་དུས་སུ་ཚད་མེད་པའི་ཆོས་ཀྱི་སྣོད་དུ་འགྱུར་
Ka78b
རོ་ཞེས་སྨྲས་སོ། །རྒྱལ་པོ་དེས་དེའི་ཚེ་ན་ཆོས་ཐོས་པས་སེམས་རབ་ཏུ་དགའ་བར་གྱུར་ནས་དེ་མ་ཐག་ཏུ་ཚེ་འཕོས་ཏེ། མི་གཡོ་བ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་ནས་སངས་རྒྱས་དེའི་ཉེ་གནས་མཆོག་ཏུ་གྱུར་ཏོ། །རྒྱལ་པོ་དེའི་འཁོར་གཡུལ་དུ་ཞུགས་ཏེ་བརྒལ་བ་དང ། དགའ་སྟེ་རྗེས་སུ་ཡི་རང་བ་རྣམ་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལས་ཕྱིར་མི་ལྡོག་པར་གྱུར་ཏེ། ཚེ་འཕོས་ནས་ཐམས་ཅད་མི་གཡོ་བའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་སོ། །དགེ་སློང་ཡོན་ཏན་བློ་གྲོས་ཀྱང་ཕྱིས་ཚེ་འཕོས་ནས། དེ་བཞིན་དུ་མི་གཡོ་བ་དེ་བཞིན་གཤེགས་པའི་ཞིང་དུ་སྐྱེས་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་ནི་ཉན་ཐོས་ཀྱི་དགེ་འདུན་གྱི་ནང་ན་རབ་འོག་ཏུ་གྱུར་ཏོ། །དེ་བས་ན་དམ་པའི་ཆོས་ནུབ་ཅིང་ཟད་དུ་ཉེ་བ་ན་དེ་ལྟར་བསྲུང་ཞིང་བསྐྱབ་པར་བྱའོ། །འོད་སྲུང ། དེའི་ཚེ་དེའི་དུས་ན་རྒྱལ་པོ་དེ་ནི་ང་ཡིན་ནོ། །ཆོས་སྨྲ་བའི་དགེ་སློང་དེ་ནི་སངས་རྒྱས་འོད་སྲུང་ཞེས་བྱ་བ་ཡིན་ནོ། །འོད་སྲུང ། དམ་པའི་ཆོས་བསྲུངས་པས་དེ་ལྟ་བུ་ལ་སོགས་པ་ཚད་མེད་པའི་འབྲས་བུའང་ཐོབ་ལ། དེའི་རྒྱུ་དེའི་རྐྱེན་གྱིས་འདི་ལྟར་ང་ནི་རྣམ་པ་སྣ་ཚོགས་ཀྱི་མཚན་དང་དཔེ་བྱད་བཟང་པོ་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་བརྒྱན་པའི་ཆོས་ཀྱི་སྐུ་དང ། མི་ཤིགས་པའི་སྐུ་ལྷུན་གྱིས་གྲུབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་
Ka79a
༄#། །གསོལ་ཏོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པའི་སྐུ་རྟག་པ་ནི་རྡོ་ལ་རི་མོ་བྲིས་པ་དང་འདྲའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། དེ་ལྟ་བས་ན་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་དག་ཤིན་ཏུ་བརྩོན་འགྲུས་བསྐྱེད་དེ། དམ་པའི་ཆོས་བསྲུང་བར་བྱའོ། །དམ་པའི་ཆོས་བསྲུངས་པའི་འབྲས་བུ་ནི་རྒྱ་ཆེ་སྟེ་ཚད་མེད་དོ། །རིགས་ཀྱི་བུ། དེ་བས་ན་ཆོས་སྲུང་བའི་དགེ་བསྙེན་དག་ལག་ན་མཚོན་ཆ་ཐོགས་ཏེ། ཆོས་སྲུང་བའི་དགེ་སློང་ལ་བསྲུང་ཞིང་བསྐྱབ་པར་བྱའོ། །གང་ཚུལ་ཁྲིམས་ལྔ་སྲུང་བ་ཙམ་གྱིས་ཐེག་པ་ཆེན་པོའི་གང་ཟག་ཅེས་མི་བྱའི། ཚུལ་ཁྲིམས་ལྔ་མ་བསྲུངས་ཀྱང ། དམ་པའི་ཆོས་སྲུང་ན་ཐེག་པ་ཆེན་པོ་ཞེས་བྱའོ། །དམ་པའི་ཆོས་སྲུང་ན་ལག་ན་མཚོན་ཆ་ཐོགས་ཏེ། ཆོས་སྨྲ་བ་ལ་བསྲུང་བར་བྱའོ། །བཅོམ་ལྡན་འདས་ལ་འོད་སྲུང་གིས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དགེ་སློང་གང་དེ་ལྟར་དགེ་བསྙེན་མཚོན་ཆ་ཐོགས་པ་དང་ལྷན་ཅིག་འགྲོགས་བརྟེན་ན་དེ་ལ་སྟོན་པ་ཞེས་བགྱིའམ། སྟོན་པ་ཞེས་མི་བགྱི། དེ་ཚུལ་ཁྲིམས་བསྲུང་བ་ལགས་སམ། ཚུལ་ཁྲིམས་ཉམས་པ་ལགས། བཅོམ་ལྡན་འདས་ཀྱིས་
Ka79b
འོད་སྲུང་ལ་བཀའ་སྩལ་པ། དེ་དག་ལ་ཚུལ་ཁྲིམས་ཉས་པའོ་སྙམ་དུ་མ་སེམས་ཤིག་།རིགས་ཀྱི་བུ། ང་ཡོངས་སུ་མྱ་ངན་ལས་འདས་ནས་རྙོག་པ་ཅན་གྱི་འཇིག་རྟེན་ན་ཡུལ་འཁྲུགས་ཏེ། གཅིག་ལ་གཅིག་འཕྲོག་པས་མུ་གེས་ཉེན་པར་འགྱུར་རོ། །དེའི་ཚེ་ན་མང་དུ་འཚོ་བས་ཕོངས་པའི་ཕྱིར་རབ་ཏུ་བྱུང་བར་རྩོལ་ཏེ། དེ་དག་ནི་མགོ་རེག་ཅེས་བྱའོ། །གང་ཟག་མགོ་རེག་དེ་དག་གང་དགེ་སློང་ཚུལ་ཁྲིམས་འཛིན་ཅིང་སྤྱོད་ལམ་དང་ལྡན་པ། ཡོངས་སུ་དག་པ། དམ་པའི་ཆོས་སྲུང་བ་ཡོད་ན་སྐྲོད་དོ། །གསོད་དོ། །གནོད་པ་བྱེད་དོ། །ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །དགེ་སློང་ཚུལ་ཁྲིམས་སྲུང་ཞིང་དམ་པའི་ཆོས་ཡོངས་སུ་འཛིན་པ་དག་ཇི་ལྟར་གྲོང་ཁྱེར་དང་ལྗོངས་སུ་སེམས་ཅན་གདུལ་བའི་ཕྱིར་རྒྱུ་ཞིང་མཆི་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་བས་ན་གང་ཚུལ་ཁྲིམས་འཛིན་པ་དག་ཁྱིམ་པ་མཚོན་ཆ་ཐོགས་པ་ལ་བརྟེན་ཅིང་འགྲོགས་ཤིག་ཅེས་ངས་གནང་བ་ཡིན་ནོ། །གལ་ཏེ་རྒྱལ་པོའམ། བློན་པོའམ། ཁྱིམ་བདག་གམ། དགེ་བསྙེན་ལ་སོགས་པ་ཆོས་བསྲུང་བའི་ཕྱིར་མཚོན་ཆ་ཐོགས་ཀྱང་དེ་ནི་ཚུལ་ཁྲིམས་སྲུང་བ་ཞེས་བྱ་སྟེ། མཚོན་ཆ་ཐོགས་མོད་ཀྱི། སྲོག་མི་གཅོད་པས་དེ་ན་ཚུལ་ཁྲིམས་སྲུང་བའི་མཆོག་ཅེས་བྱའོ། །འོད་སྲུང་གིས་ཡང་གསོལ་ང ། བཅོམ་ལྡན་འདས།
Ka80a
༄#། །ཆོས་སྲུང་བ་ནི་ཡང་དག་པར་ལྟ་བ་དང་ལྡན་ཏེ། ཐེག་པ་ཆེན་པོའི་མདོ་སྡེ་རྒྱས་པར་སྟོན་པ་ནི་རྒྱལ་པོའི་རིན་པོ་ཆེའི་གདུགས་དང ། མར་སྣོད་དང ། ཁྲེ་འབྲས་དང ། ཤིང་ཏོག་རྣམ་པ་སྣ་ཚོགས་ལ་ནམ་དུའང་དབང་མི་བགྱིད་དེ། རྙེད་པ་དང ། བཀུར་སྟི་ཙམ་གྱི་སླད་དུ་རྒྱལ་པོ་དང ། བློན་པོ་དང ། ཁྱིམ་བདག་ལ་མི་རྟེན། ཡོན་དག་ལ་གཡོ་དང་སྒྱུས་འཚོ་བའི་སེམས་ཀྱང་མ་མཆིས་སོ། །སྤྱོད་ལམ་དང་ལྡན་པས་ཚུལ་ཁྲིམས་ཉམས་པའི་གང་ཟག་མ་རུངས་པ་དག་བཏུལ་ཀྱང ། དེ་ནི་ཚུལ་ཁྲིམས་འཛིན་ཅིང་ཆོས་སྲུང་བའི་སྟོན་པ་ཞེས་བགྱིའོ། །སེམས་ཅན་མང་པོའི་དགེ་བའི་བཤེས་གཉེན་ཡང་དག་པ་ཡིན་པས་རྒྱ་མཚོ་ལྟར་སེམས་རྒྱ་ཆེ་ཞིང་ཡངས་སོ། །འོད་སྲུང ། དགེ་སློང་གང་རྙེད་པ་དང་བཀུར་སྟིའི་ཕྱིར་གཞན་ལ་ཆོས་སྟོན་ན་གང་ཟག་དེའི་འཁོར་དུ་གཏོགས་པ་ཐམས་ཅད་ཀྱང་རྙེད་པ་དང་བཀུར་སྟིའི་ཕྱིར་ཆོས་སྟོན་ཏེ། གང་ཟག་དེས་བདག་གི་དགེ་འདུན་གྱི་འཁོར་ཡང་མ་རུང་བར་བྱེད་དོ། །འོད་སྲུང ། དགེ་འདུན་ལ་རྣམ་པ་གསུམ་སྟེ། ཚུལ་ཁྲིམས་ཉམས་པ་གོ་འདུན་གྱི་དགེ་འདུན་དང ། གླེན་ཞིང་གཏི་མུག་པའི་དགེ་འདུན་དང ། ཚུལ་ཁྲིམས་འཛིན་ཅིང་ཡོངས་སུ་དག་པའི་དགེ་འདུན་ནོ། །ཚུལ་ཁྲིམས་ཉམས་ཤིང་གོ་འདུན་གྱི་དགེ་འདུན་ནི་འཇིགས་ཀྱང་སླའི། ཚུལ་ཁྲིམས་འཛིན་ཅིང་ཡོངས་སུ་དག་པའི་དགེ་འདུན་ནི་རྙེད་པ་
Ka80b
དང་བཀུར་སྟིའི་རྐྱེན་གྱིས་འཇིག་ནུས་པ་མ་ཡིན་ནོ། །དེ་ལ་ཇི་ལྟར་ན་ཚུལ་ཁྲིམས་ཉམས་ཤིང་གོ་འདུན་གྱི་དགེ་འདུན་ཞེ་ན། དགེ་སློང་གང་ཚུལ་ཁྲིམས་སྲུང་ཡང་རྙེད་པ་དང་བཀུར་སྟིའི་ཕྱིར་ཚུལ་ཁྲིམས་ཉམས་པ་ལ་བརྟེན་ཏེ་ལྷན་ཅིག་ཏུ་འདུག་གམ། འགྲོའམ། སྡོང་དམ། འགྲོགས་སམ། གཅིག་ལ་གཅིག་བཤེས་པར་བྱེད་ཅིང་ལས་མཐུན་པར་བྱེད་ན། དེ་ནི་ཚུལ་ཁྲིམས་ཉམས་པ་ཞེས་ཀྱང་བྱ། གོ་འདུན་གྱི་དགེ་འདུན་ཞེས་བྱའོ། །དེ་ལ་ཇི་ལྟར་ན་གླེན་ཞིང་གཏི་མུག་པའི་དགེ་འདུན་ཞེ་ན། དགེ་སློང་གང་བས་མཐར་གནས་ཤིང་དབང་པོ་མི་རྣོ་ལ། རྟུལ་བ་གླེན་པ། འདོད་པ་ཉུང་ཞིང་བསོད་སྙོམས་བྱེད་ལ། གསོ་སྦྱིན་གྱི་ཉི་མ་དང ། ཚུལ་ནས་བྱུང་བའི་དུས་སུ་ཉེ་གནས་སུ་གྱུར་པ་རྣམས་ནི་ཡོངས་སུ་དག་པར་འཆགས་ཤིང་མཐོལ་དུ་འཛུད་ཀྱི། ཉེ་གནས་མ་ཡིན་པ་ཚུལ་ཁྲིམས་ཉམས་པ་དག་མཐོང་ན་ཡོངས་སུ་དག་པར་འཆགས་ཤིང་མཐོལ་དུ་མི་འཇུག་པར་ལྷན་ཅིག་ཏུ་གསོ་སྦྱོང་དང ། ཚུལ་ནས་འབྱུང་བའི་ལས་བྱེད་པ་ནི་གླེན་ཞིང་གཏི་མུག་པའི་དགེ་འདུན་ཞེས་བྱའོ། །དེ་ལ་ཇི་ལྟར་ན་ཡོངས་སུ་དག་པའི་དགེ་འདུན་ཞེ་ན། དགེ་སློང་གི་དགེ་འདུན་གང་བདུད་ཁྲི་ཕྲག་བརྒྱ་སྟོང་གིས་ཀྱང་མི་ཕྱེད་མི་ཤིགས་ན། དེ་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་རང་བཞིན་གྱིས་རྣམ་པར་དག་པ་སྟེ། དགེ་འདུན་གོང་དུ་སྨོས་པ་
Ka81a
༄#། །རྣམ་པ་གཉིས་པོའང་བཏུལ་ཏེ། ཡོངས་སུ་དག་པའི་དགེ་འདུན་གྱི་ནང་དུ་བཙུད་ན། དེ་ནི་ཆོས་སྲུང་བའི་བླ་ན་མེད་པའི་དགེ་འདུན་གྱི་སློབ་དཔོན་ཆེན་པོ་ཞེས་བྱའོ། །འདུལ་བ་ལ་མཁས་པ་ནི། སེམས་ཅན་ལ་ཕན་པ་དང་གདུལ་བའི་ཕྱིར་ཚུལ་ཁྲིམས་ཀྱི་མཚན་ཉིད་ལྕི་བ་དང་ཡང་བ་ལ་ཤིན་ཏུ་མཁས་ཏེ། གང་ཚུལ་ཁྲིམས་མ་ཡིན་པ་ནི་ཤེས་པར་མི་རྩོལ་ལོ། །གང་ཚུལ་ཁྲིམས་ཀྱི་ཕྱོགས་ལ་ནི་རྟོགས་ཤིང་ཤེས་པར་བྱེད་དོ། །དེ་ལ་ཇི་ལྟར་ན་སེམས་ཅན་གདུལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་དག་རྟག་ཏུ་དུས་མེད་པར་གྲོང་ཁྱེར་དུ་འཇུག་ཅིང ། ཡུགས་ས་མོ་དང ། སྨད་འཚོང་མའི་གནས་སུའང་འཇུག་ཅིང་ལྷན་ཅིག་ཏུའང་གནས་ལ། ལོ་མང་པོར་ཐོགས་པ་ནི། ཉན་ཐོས་དག་གིས་དེ་ལྟར་མི་བྱ་སྟེ། དེ་ནི་སེམས་ཅན་ལ་ཕན་པ་དང་བདེ་བའི་ཕྱིར་གདུལ་བ་ཞེས་བྱའོ། །ཇི་ལྟར་ན་ལྕི་བ་ཤེས་པར་བྱ་ཞེ་ན། དེ་བཞིན་གཤེགས་པས་དངོས་པོ་གཅིག་ལས་ཚུལ་ཁྲིམས་བཅས་ཏེ། ཁྱེད་དེང་ཕྱིན་ཆད་འདི་ལས་ཉམས་པར་མ་བྱེད་ཅིག་ཅེས་བྱ་བ་རྩ་བ་བཞི་ལྟ་བུ་སྟེ། རབ་ཏུ་བྱུང་བ་དག་བྱེད་དུ་མི་གནང་ངོ་ཞེས་བཅས་པ་ལས་ཆེད་དུ་བྱས་ན། དེ་ནི་དགེ་སྦྱོང་མ་ཡིན། ཤཱཀྱའི་སྲས་མ་ཡིན་ཏེ། དེ་དག་ནི་ལྕི་བ་ཞེས་བྱའོ། །ཇི་ལྟར་ན་ཡང་བ་གང་ཞེ་ན། ཡང་བའི་དངོས་པོ་ལ་ལན་གསུམ་གྱི་བར་དུ་བསྐུལ་
Ka81b
ཏེ་བཏང་ན་ནི་ཡང་བ་ཞེས་བྱའོ། །ཚུལ་ཁྲིམས་ལས་མི་འབྱུང་བ་ནི་གང་ཡོངས་སུ་མ་དག་པའི་དངོས་པོ་སྤྱོད་པའི་ཆ་མ་ཡིན་པར་གསུངས་པ་དང་ལྷན་ཅིག་ཏུ་མི་སྤྱོད་པའོ། །འདུལ་བ་ལས་འབྱུང་བ་ནི་ཚུལ་ཁྲིམས་ཤིན་ཏུ་སློབ་ཅིང ། ཚུལ་ཁྲིམས་ཉམས་པ་ལ་མི་རྟེན་པ་དང ། གང་ཚུལ་ཁྲིམས་ཀྱི་རྗེས་སུ་གཞོལ་ཞིང་སྤྱོད་པ་མཐོང་ན་རབ་ཏུ་དགའ་བའི་སེམས་སྐྱེ་བ་དང ། དེ་ལྟར་སངས་རྒྱས་ཀྱི་ཆོས་སུ་བྱ་བ་ཀུན་ཤེས་ཤིང་ཤིན་ཏུ་སྟོན་མཁས་པ་ནི་ཚུལ་ཁྲིམས་ཀྱི་སློབ་དཔོན་ཞེས་བྱ་སྟེ། ཡི་གེ་འབྲུ་གཅིག་ཙམ་ལ་ཤིན་ཏུ་མཁས་པའམ། མདོ་སྡེ་ཤིན་ཏུ་འཛིན་པའང་དེ་དང་འདྲའོ། །དེ་ལྟར་ན། རིགས་ཀྱི་བུ། སངས་རྒྱས་ཀྱི་ཆོས་ཚད་མེད་དེ་བསམ་གྱིས་མི་ཁྱབ་ལ། དེ་བཞིན་དུ་དེ་བཞིན་གཤེགས་པའང་བསམ་གྱིས་མི་ཁྱབ་བོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་ཏེ། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་ལ། དེ་བཞིན་གཤེགས་པའང་བསམ་གྱིས་མི་ཁྱབ་པས་དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པ་དང།་མི་འཇིག་པ། མི་འགྱུར་བ་སྟེ། བདག་ཀྱང་དེ་ལ་ཤིན་ཏུ་ནན་ཏན་བགྱིད། གཞན་དག་ལའང་དོན་དེ་དག་རྒྱས་པར་བསྟན་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་
Ka82a
༄#། །ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་ལེགས་སོ། །ཤིན་ཏུ་ལེགས་སོ་ཞེས་བྱ་བ་བྱིན་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པའི་སྐུ་ནི་རྡོ་རྗེའི་སྐུ། མི་འཇིག་པའི་སྐུ་སྟེ། བྱང་ཆུབ་སེམས་དཔའ་དག་དེ་ལྟར་ཤིན་ཏུ་བསླབ་ཅིང་མཐོང་བ་དང་ཤེས་པར་བྱའོ། །གང་གིས་དེ་ལྟར་མངོན་པར་ཤེས་ཤིང་མཐོང་བ་ནི། དེ་བཞིན་གཤེགས་པའི་སྐུ་དང་མི་ཤིགས་པའི་སྐུ་མཐོང་བ་ཞེས་བྱ་བ་སྟེ། ཇི་ལྟར་མེ་ལོང་གི་ནང་ན་གཟུགས་བརྙན་མཐོང་བ་བཞིན་ནོ། །འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། རྡོ་རྗེའི་སྐུ་ཞེས་བྱ་བའི་ལེའུ་སྟེ་གཉིས་སོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ཀྱིས་མདོ་སྡེ་འདིའི་མིང་དང ། ཚིག་དང ། ཡོན་ཏན་རྣམས་ལེགས་པར་གཟུང་ཞིག་།རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་མདོ་སྡེ་འདིའི་མིང་ཐོས་པ་ཙམ་གྱིས་ཀྱང་ལམ་རྒྱུད་བཞིར་སྐྱེ་བའི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་དཔག་ཏུ་མེད་པས་བསྒྲུབས་པའི་ཡོན་ཏན་དུ་གྱུར་པ་ངས་བརྗོད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། མདོ་སྡེ་འདིའི་མཚན་ཅི་ཞེས་བགྱི། བྱང་ཆུབ་སེམས་
Ka82b
དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཡོངས་སུ་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། མདོ་སྡེ་འདིའི་མིང་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཐོག་མར་ཡང་དགེ། བར་དུའང་དགེ། ཐ་མར་ཡང་དགེ། དོན་བཟང་བ། ཚིག་འབྲུ་བཟང་བ། མ་འདྲེས་པ། རྣམ་པར་དཀར་བ། ཚངས་པར་སྤྱོད་པ་འབའ་ཞིག་རྡོ་རྗེ་ལྟ་བུའི་རིན་པོ་ཆེའི་མཛོད་མ་ཉམས་པ་ཞེས་བྱ་སྟེ། ཁྱོད་ཤིན་ཏུ་ལེགས་པར་ཉོན་ཅིག་དང ། ངས་ཁྱོད་ལ་བསྟན་པར་བྱའོ། །རིགས་ཀྱི་བུ། དེ་ལ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་བ་ནི་རྟག་ཅེས་བྱ་བའི་དོན་ཏེ། དཔེར་ན། ཆུ་ཀླུང་ཆེན་པོ་བརྒྱད་ནི་ཐམས་ཅད་རྒྱ་མཚོར་འབབ་པ་བཞིན་དུ་མདོ་སྡེ་འདིའང་ཀུན་ནས་ཉོན་མོངས་པ་ཐམས་ཅད་དང ། བདུད་ཀྱི་རིས་རྣམས་བཏུལ་ནས་མཐར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལུས་དང་སྲོག་གཏོང་བར་འགྱུར་བས། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །རིགས་ཀྱི་བུ། དཔེར་ན། སྨན་པ་མཁས་པའི་སྨན་དཔྱད་བཟང་པོ་ལ་སྨན་གྱི་དཔྱད་ཐམས་ཅད་འདུས་པ་བཞིན་དུ། རིགས་ཀྱི་བུ། དེ་བཞིན་གཤེགས་པས་གསུངས་པའི་ཆོས་ཤིན་ཏུ་ཟབ་མོ་རྣམ་པ་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོར་འདུས་པས། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། ཞིང་པ་དག་ནི་
Ka83a
༄#། །དབྱར་ཞིང་ལ་ས་བོན་བཏབ་ནས་རྟག་ཏུ་རེ་བའི་སེམས་ཡོད་དེ། འབྲས་བུ་ལག་ཏུ་ཐོབ་ནས་རེ་བ་ཐམས་ཅད་ཞིའོ། །རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། མདོ་སྡེ་གཞན་ལ་སྒོམ་པ་ནི་རྟག་ཏུ་ཆོས་ཀྱི་རོ་འདི་ལ་རེའོ། །ཅི་སྟེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ཐོས་ནས་མདོ་སྡེ་གཞན་གྱི་ཆོས་ཀྱི་རོ་ལ་རེ་བ་ཐམས་ཅད་ཞི་བར་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདིས་སེམས་ཅན་ཐམས་ཅད་སྲིད་པ་ལས་སྒྲོལ་བའི་ཕྱིར་རོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རྗེས་ཐམས་ཅད་ཀྱི་ནང་ན་བལ་གླང་གི་རྗེས་མཆོག་གོ་།དེ་བཞིན་དུ་མདོ་སྡེ་འདིའང་མདོ་སྡེ་གཞན་ཐམས་ཅད་ཀྱི་ཏིང་ངེ་འཛིན་པས་མཆོག་གོ། །རིགས་ཀྱི་བུ། འདི་ལྟ་སྟེ། ཞིང་རྨོས་པའི་ནང་ན་སྟོན་ལོག་བཏབ་པ་ནི་ཞིང་གི་ནང་ན་མཆོག་གོ་།དེ་བཞིན་དུ་མདོ་སྡེ་འདིའང་མདོ་སྡེ་ཀུན་གྱི་མཆོག་གོ་།རིགས་ཀྱི་བུ། འདི་ལྟ་སྟེ། སྨན་གྱི་ནང་ན་མར་གྱི་སྙིང་པོ་མཆོག་གོ། དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདིའང་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པས་གདུང་བའི་སེམས་ཞི་བར་བྱེད་པས་མཆོག་གོ་།རིགས་ཀྱི་བུ། དཔེར་ན། མར་མངར་དུ་ནི་རོ་རྣམ་པ་བརྒྱད་དང་ལྡན་ནོ། །དེ་བཞིན་དུ་མྱ་ངན་ལས་འདས་པ་ཆེན་པོ་འདིའང་རོ་བརྒྱད་དང་ལྡན་ནོ། །བརྒྱད་གང་ཞེ་ན། རྟག་པ་དང ། ཐེར་ཟུག་དང ། བདེ་བ་
Ka83b
དང ། བསིལ་བ་དང ། མི་རྒ་བ་དང ། མི་འཆི་བ་དང ། དྲི་མ་མེད་པ་དང ། རབ་ཏུ་སྐྱིད་པ་སྟེ། རོ་བརྒྱད་ཅེས་བྱའོ། །རོ་བརྒྱད་དང་ལྡན་པས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འདི་ལ་རབ་ཏུ་གནས་ཤིང ། བར་བར་གནས་དེ་ཉིད་ཀྱིས་མྱ་ངན་ལས་འདའ་བ་སྟོན་པ་དེ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །འོད་སྲུང ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོས་མྱ་ངན་ལས་འདའ་བར་འདོད་ན་འདི་བཞིན་དུ་བསླབ་པར་བྱའོ། །དེ་བཞིན་གཤེགས་པ་ནི་རྟག་པ་གནས་པའི་ཆོས་ཅན་ཏེ། ཆོས་དང་དགེ་འདུན་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །ངོ་མཚར་ཆེའོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པའི་ཡོན་ཏན་ཡང་བསམ་གྱིས་མི་ཁྱབ། ཆོས་དང ། དགེ་འདུན་ཡང་བསམ་གྱིས་མི་ཁྱབ་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའང་བསམ་གྱིས་མི་ཁྱབ་བོ། །གང་སུ་ཞིག་མདོ་སྡེ་འདི་སློབ་པ་ནི་ཡང་དག་པའི་ཆོས་ཀྱི་སྒོ་ཐོབ་ཅིང ། སྨན་པ་མཁས་པ་ཞེས་བགྱི་ལ།་གང་མི་སློབ་པ་དེ་དག་ནི་ལྡོངས་པ། ཤེས་རབ་ཀྱི་མིག་མ་མཆིས་པ། མ་རིག་པས་ཡོངས་སུ་ཁེབས་པ་ལགས་པར་འཚལ་ལོ། །འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་
Ka84a
༄#། །ཆེན་པོའི་མདོ་ལས། མཚན་གྱི་ཡོན་ཏན་བརྗོད་པ་ཞེས་བྱ་བའི་ལེའུ་སྟེ་གསུམ་མོ།། །།དེ་ནས་བཅོམ་ལྡན་འདས་ཀྱི་འོད་སྲུང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འབྱེད་ཅིང་སྟོན་པ་དག་མཚན་ཉིད་རྣམ་པ་འདི་བཞི་ལ་མཁས་པར་བྱའོ། །བཞི་གང་ཞེ་ན། བདག་ཚུལ་བཞིན་དུ་བྱ་བ་དང ། གཞན་ཚུལ་བཞིན་དུ་འཆོས་པ་དང ། ཇི་སྐད་དྲིས་པ་དེ་བཞིན་དུ་ལན་འདེབས་པ་དང ། རྟེན་ཅིང་འབྲེལ་ཏེ་བྱུང་བ་ལ་མཁས་པའོ། །དེ་ལ་བདག་ཚུལ་བཞིན་དུ་བྱེད་པ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་ཏེ་བྱུང་བ་གཟིགས་ཏེ་གསུང་བ།་དཔེར་ན། དགེ་སློང་ཞིག་མེའི་ཕུང་པོ་ཆེན་པོ་མཐོང་ན་དེ་འདི་སྐད་དུ་བདག་ནི་མེའི་ཕུང་པོ་ཆེན་པོར་ཞུགས་ཏེ་ཚིག་ཀྱང་སླའི། །དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་བཅུ་གཉིས་དང་དགོངས་ཏེ་གསུངས་པའི་སྙིང་པོ་ལ་འདི་ནི་བདུད་སྡིག་ཏོ་ཅན་གྱིས་བཤད་པ་ཡིན་ནོ་ཞེས་སྐུར་བ་མི་འདེབས་སོ། །ཇི་ཙམ་དུ་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་མི་རྟག་གོ་ཞེས་སྨྲ་བ་དེ་ནི་བདག་ཀྱང་བསླུས་ལ། ཕ་རོལ་པོ་གཞན་ཡང་བསླུས་པ་ཡིན་ཏེ། གལ་ཏེ་རལ་གྲི་རྣོན་པོས་ལྕེ་བཅད་ཀྱང་སླའི། སངས་རྒྱས་དང ། ཆོས་
Ka84b
དང།་དགེ་འདུན་ལ་མི་རྟག་གོ་ཞེས་མི་སྨྲའོ། །གཞན་དེ་སྐད་སྨྲ་བ་ལའང་ཡིད་མི་ཆེས་ཏེ། དེ་སྐད་དུ་སྨྲ་བ་དེ་ལ་སྙིང་རྗེའི་སེམས་བསྐྱེད་དོ། །སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་བསམ་གྱིས་མི་ཁྱབ་པར་བཟུང་སྟེ། བདག་གི་ལུས་ལ་མེའི་ཕུང་པོ་ལྟར་རྟོག་པ་ནི་བདག་ཚུལ་བཞིན་དུ་བྱེད་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་གཞན་ཚུལ་བཞིན་དུ་འཆོས་པ་གང་ཞེ་ན། བཅོམ་ལྡན་འདས་ཆོས་སྟོན་པའི་ཚེ། བུད་མེད་གཅིག་ཅིག་བུ་ནུ་ཞོ་བསྣུན་པ་ཐོགས་ཏེ། བཅོམ་ལྡན་འདས་གང་ན་བར་འོངས་ནས་སངས་རྒྱས་ཀྱི་ཞབས་ལ་ཕྱག་བཙལ་ཏེ་སངས་རྒྱས་ལ་ཞུ་བར་བསམས་པ་ཡིད་ལ་བྱས་བཞིན་དུ་ཕྱོགས་གཅིག་ཏུ་འདུག་གོ་།དེའི་ཚེ་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་བུད་མེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་བུ་སྡུག་པར་བསམས་ནས་མར་མང་དུ་བསྙོད་དེ། ཞུའམ་མ་ཞུ་རྟོགས་པའི་ཕྱིར་འོངས་སམ། དེ་ནས་བུད་མེད་དེས་བཅོམ་ལྡན་འདས་ལ་གསོལ་པ། ངོ་མཚར་ཆེའོ། །བཅོམ་ལྡན་འདས། བདག་གི་ཡིད་ལ་བསམས་པ་བཞིན་དུ་མཁྱེན་ཏོ། །བདག་གིས་མར་སྩལ་བ་མང་ངམ། ཉུང་བ། བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། བཅོམ་ལྡན་འདས། བདག་གིས་དེང་བུ་འདི་མར་ཞིག་སྩལ་ཏེ་མ་ཞུ་བས་ཚེའི་བར་ཆད་དུ་འགྱུར་གྱིས་དོགས་ན། དེ་བཞིན་གཤེགས་པས་བདག་ལ་བསྟན་དུ་གསོལ། དེ་ལ་བཅོམ་ལྡན་འདས་
Ka85a
༄#། །ཀྱིས་བཀའ་སྩལ་པ། ཁྱོད་ཀྱི་བུས་ཟོས་པའི་མར་ནི་དེ་མ་ཐག་ཏུ་ཞུ་སྟེ་ཚེ་དང་ལུས་ཀྱི་མཆོག་ཏུ་གྱུར་ཏོ། །བུད་མེད་དེས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་ནས་རབ་ཏུ་དགའ་རངས་ཏེ། ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཡང་དག་བར་གསུངས་པས་བདག་རབ་ཏུ་དགའ་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་འདི་ལྟར་སེམས་ཅན་གདུལ་བའི་སླད་དུ་ཞུ་བ་དང ། མི་ཞུ་བ་རྣམ་པར་ཕྱེ་སྟེ་གསུངས་པ་དང ། གཞན་ཡང་ཆོས་ཐམས་ཅད་བདག་མེད་པ་དང ། མི་རྟག་པར་གསུངས་པ་ཤིན་ཏུ་ལེགས་སོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་རྟག་པ་སྔར་བཤད་ན། འདུལ་བའི་འཁོར་འདི་དག་འདི་སྐད་དུ་ཆོས་འདི་ནི་མུ་སྟེགས་ཅན་དང་མཐུན་ནོ་ཞེས་མཆི་སྟེ་སྤོང་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བུད་མེད་དེ་ལ་བཀའ་སྩལ་པ། ཁྱོད་ཀྱི་བུ་དེ་སྐྱེས་ཏེ་རྒྱུག་ནུས་པ་ཙམ་ན་ཁ་ཟས་འཇུ་དཀའ་བའང་ཞུ་སྟེ་སྔར་བྱིན་པའི་མར་ཙམ་གྱིས་ནི་ཆོག་པ་མ་ཡིན་ནོ། །ངའི་ཉན་ཐོས་ཀྱི་ཉེ་གནས་ཀྱང་ཁྱོད་ཀྱི་བུ་ཆུང་ངུ་དེ་དང་འདྲ་སྟེ། རྟག་པའི་ཆོས་འདི་འཇུ་མི་ནུས་སོ། །དེ་བས་ན་ངས་སྔར་སྡུག་བསྔལ་བ་དང ། མི་རྟག་པ་ལ་སོགས་པ་བཤད་པ་ཡིན་ནོ། །ངའི་ཉན་ཐོས་ཀྱི་ཉེ་གནས་ཡོན་ཏན་དང་ལྡན་པ་ཐེག་པ་ཆེན་པོའི་མདོ་ལ་ནན་ཏན་དུ་སྤྱོད་བཟོད་པ་དག་
Ka85b
ལ་ནི། ངས་མདོ་སྡེ་འདི་ཉིད་ཀྱི་རོ་རྣམ་པ་དྲུག་བསྟན་ཏོ། །རོ་རྣམ་པ་དྲུག་གང་ཞེ་ན། སྡུག་བསྔལ་ནི་སྐྱུར་བའི་རོ་ལྟ་བུའོ། །མི་རྟག་པ་ནི་ལན་ཚཝའི་རོ་ལྟ་བུའོ། །བདག་མེད་པ་ནི་ཁ་བའི་རོ་ལྟ་བུའོ། །བདེ་བ་ནི་མངར་བའི་རོ་ལྟ་བུའོ། །བདག་ནི་ཚ་བའི་རོ་ལྟ་བུའོ། །རྟག་པ་ནི་བསྐ་བའི་རོ་ལྟ་བུའོ། །འཇིག་རྟེན་ན་རོ་རྣམ་པ་གསུམ་སྟེ། མི་རྟག་པ་དང ། བདག་མེད་པ་དང ། བདེ་བ་མེད་པ་སྟེ། ཉོན་མོངས་པ་ནི་ཤིང་ལྟ་བུ། ཤེས་རབ་ནི་མེ་ལྟ་བུ་སྟེ། དེའི་རྒྱུ་དང ། དེའི་རྐྱེན་གྱིས་མྱ་ངན་ལས་འདས་པའི་ཟས་སུ་གྱུར་པ་ནི་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་སྟེ། ཉེ་གནས་སུ་གྱུར་པ་རྣམས་རོ་དེ་ལ་དགོད་དེ། །ཡང་བུད་མེད་དེ་ལ་བཀའ་སྩལ་པ། ཁྱོད་དོན་གཉེར་ཅིང་གཞན་དུ་འགྲོ་ན་ཁྱོད་ཀྱི་བུ་མ་རུངས་པ་ཁྱིམ་ནས་ཕྱུང་ལ། རིན་པོ་ཆེའི་གཏེར་རྣམས་བུ་མཛངས་པ་ལ་གཏོད་ཅིག་།བུད་མེད་ཀྱིས་གསོལ་པ། བཅོམ་ལྡན་འདས། འཕགས་པའི་བཀའ་བཞིན་ཏེ། རིན་པོ་ཆེའི་གཏེར་རྣམས་བུ་མཛངས་པ་ལ་སྟོན་གྱི། བུ་ངན་པ་ལ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངའང་དེ་དང་འདྲ་སྟེ། ཡོངས་སུ་མྱ་ངན་ལས་འདའ་བ་ན། དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ། བླ་ན་མེད་པའི་ཆོས་ཀྱི་གཏེར་ཉན་ཐོས་ཀྱི་ཉེ་གནས་རྣམས་ལ་མི་སྟོན་པའང ། ཁྱོད་ཀྱིས་རིན་པོ་ཆེའི་
Ka86a
༄#། །གཏེར་བུ་ངན་པ་ལ་མི་སྟོན་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ཤིང་གཏད་པ་ནི། ཇི་ལྟར་ཁྱོད་ཀྱིས་རིན་པོ་ཆེའི་གཏེར་རྣམས་བུ་མཛངས་པ་ལ་གཏད་པ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་ཀྱི་ཉེ་གནས་དག་ནི་སྐྱེ་བ་དང ། འཕོ་བའི་འདུ་ཤེས་དང་བཅས་པས། སངས་རྒྱས་བཅོམ་ལྡན་འདས་ནི་ཡང་དག་པར་མྱ་ངན་ལས་འདས་སོ་སྙམ་སྟེ། ང་ནི་ཡང་དག་པར་མྱ་ངན་ལས་འདས་པ་མ་ཡིན་ནོ། །དཔེར་ན། ཁྱོད་ལམ་རིང་པོར་སོང་བ་ལས་ཕྱིར་མ་འཁོར་གྱི་བར་དུ་ཁྱོད་ཀྱི་བུ་མ་རུངས་པས་ཁྱོད་མ་ཤི་བར་ཤི་ཞེས་ཟེར་བ་དང་འདྲའོ། །བྱང་ཆུབ་སེམས་དཔའ་དག་ནི་དེ་བཞིན་གཤེགས་པ་རྟག་པ། མི་འཕོ་བ། མི་འགྱུར་བའོ་ཞེས་ཟེར་ཏེ། ཇི་ལྟར་ཁྱོད་ཀྱི་བུ་མཛངས་པ་ཁྱོད་མ་ཤིའོ་ཞེས་ཟེར་བ་དང་འདྲའོ། །དོན་དེ་ལྟ་བས་ན་ངས་བླ་ན་མེད་པ་དགོངས་ཏེ་གསུངས་པ་ཆོས་ཀྱི་གཏེར་བྱང་ཆུབ་སེམས་དཔའ་རྣམས་ལ་གཏད་དོ། ། རིགས་ཀྱི་བུ། སེམས་ཅན་གང་ཞིག་སངས་རྒྱས་རྟག་པ་གནས་པ་མི་འཕོ་མི་འགྱུར་བར་འཛིན་ན། གནས་དེ་ཉིད་ན་སངས་རྒྱས་བཞུགས་པར་རིག་པར་བྱ་སྟེ། དེ་དག་ནི་ཚུལ་བཞིན་དུ་གཞན་འཆོས་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་དྲིས་པ་བཞིན་དུ་ལན་འདེབས་པ་ཞེ་ན། གལ་ཏེ་གང་ཟག་གཅིག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་འདི་སྐད་དུ། བདག་
Ka86b
གིས་ནོར་དང ། ཟང་ཟིང་ཅིའང་མ་བཏང་བར་སྦྱིན་བདག་ཆེན་པོའི་མིང་དུ་གྲགས་པར་འགྱུར་ཞེས་སྨྲ་ན། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་འདོད་པ་ཉུང་ཞིང་ཆོག་ཤེས་པ། མ་བརྟགས་པའི་ཡོ་བྱད་མི་འཆང ། མི་གསོག་པ་ལ་བྲན་ཕོ་དང ། བྲན་མོ་དང ། ལས་བྱེད་པའི་མི་བྱིན་པ་དང ། ཚངས་པར་སྤྱོད་པ་ལ་བུད་མེད་བྱིན་པ་དང ། ཤ་ཆང་བཅད་པ་ལ་ཤ་ཆང་བྱིན་པ་དང ། ཕྱི་དྲོ་ཕན་ཆད་མི་ཟ་བ་ལ་ཁ་ཟས་བྱིན་པ་དང ། འཇོ་བའི་མེ་ཏོག་དང་སྤོས་མི་ཐོགས་པ་ལ་མེ་ཏོག་དང་སྤོས་བྱིན་པ་དང ། སྦྱིན་པའི་མིང་ནི་ཀུན་ཏུ་གྲགས་པར་ཡང་འགྱུར་ལ། ནོར་དང་ཟང་ཟིང་ཅུང་ཟད་ཙམ་ཡང་མི་ཉམས་ཏེ། འདི་དག་ནི་དྲིས་པ་བཞིན་དུ་ལན་བཏབ་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཤ་མི་འཚལ་བ་ལ་ཤ་སྩལ་བ་མི་རིགས་མོད། །དེ་ཅིའི་སླད་དུ་ཞེ་ན། བདག་ནི་ཤ་མི་འཚལ་བ་དག་ལ་ཡོན་ཏན་ཆེན་པོ་བརྒྱད་དང་ལྡན་པར་མཐོང་ངོ ། །བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། ཤིན་ཏུ་ལེགས་སོ། །ཁྱོད་ཀྱིས་ངའི་དགོངས་པ་ཤེས་པ་ཤིན་ཏུ་ལེགས་སོ། །ཆོས་སྲུང་བའི་བྱང་ཆུབ་སེམས་དཔའ་དག་ནི་འདི་ལྟར་རིག་པར་བྱའོ། །རིགས་ཀྱི་བུ།
Ka87a
༄#། །དེང་ཕན་ཆད་ཉན་ཐོས་ཀྱི་ཉེ་གནས་དག་ཤ་ཟར་མི་གནང་ངོ ། །གལ་ཏེ་ཡོན་བདག་དད་པས་བྱིན་ནའང ། དེ་ལ་བུའི་ཤ་ལྟ་བུར་འདུ་ཤེས་བསྐྱེད་དོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ་དེ་བཞིན་གཤེགས་པས་ཤ་འཚལ་དུ་མི་གནང ། བཀའ་སྩལ་པ། རིགས་ཀྱི་བུ། ཤ་ཟ་བ་ནི་སྙིང་རྗེ་ཆེན་པོའི་རིགས་གཅོད་པ་ཡིན་ནོ། །འོད་སྲུང་གིས་གསོལ་པ། སྔོན་བཅོམ་ལྡན་འདས་ཀྱིས་ཤ་བརྟགས་པ་རྣམ་གསུམ་འཚལ་དུ་གནང་བ་མ་ལགས་སམ། བཀའ་སྩལ་པ། འོད་སྲུང་ཤ་བརྟགས་པ་རྣམ་གསུམ་ཟར་གནང་བ་ནི་བགས་ཀྱིས་བཅད་པའི་ཐབས་སུ་གསུངས་སོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། ཅིའི་སླད་དུ་མ་བརྟགས་པ་རྣམ་པ་བཅུ་དང ། བརྟགས་པ་རྣམ་པ་དགུའི་བར་དུ་འཚལ་དུ་མི་གནང ། བཅོམ་ལྡན་འདས་ཀྱི་འོད་སྲུང་ལ་བཀའ་སྩལ་པ། དེའང་བགས་ཀྱིས་བཅད་པའི་དོན་དུ་གསུངས་ཏེ། མདོར་ན་ཤ་བཅད་པའི་དོན་དུ་བསྟན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ་དེ་བཞིན་གཤེགས་པས་ཉའི་ཤ་ལ་བསོད་པའི་ཟས་སོ་ཞེས་གསུངས། བཀའ་སྩལ་པ། རིགས་ཀྱི་བུ། ངས་ནི་ཉ་ཤ་ལ་སོགས་པ་ལ་བསོད་པའི་
Ka87b
ཟས་སོ་ཞེས་མ་གསུངས་ཀྱི། བུ་རམ་གྱི་ཤིང་དང ། འབྲས་དང ། ཁ་ར་དང ། ཁྲེ་དང ། ནས་ལ་སོགས་པ་དང ། ཧ་སེ་དང ། འོ་མ་དང ། ཞོ་དང ། མར་དང ། འབྲུ་མར་ལ་སོགས་པ་ལ་བསོད་པའི་ཟས་སོ་ཞེས་གསུངས་ཏེ། གོས་རྣམ་པ་མང་པོའང་འཆང་དུ་གནང་བར་ངས་གསུངས་མོད་ཀྱི། འཆང་དུ་གནང་བ་དེའང་ཁ་དོག་བསྒྱུར་བ་ལ་བྱ་ན། ཉའི་ཤ་ལ་ཆགས་པ་ལྟ་སྨོས་ཀྱང་ཅི་དགོས། འོད་སྲུང་གིས་གསོལ་པ། དེ་བཞིན་གཤེགས་པས་ཉ་ཤ་འཚལ་དུ་མི་གནང་ན་རོ་རྣམ་པ་ལྔ་པོ། འོ་མ་དང ། ཞོ་དང ། དར་བ་དང ། མར་དཀར་དང ། ཞུན་མར་དང ། ཏིལ་མར་ལ་སོགས་པ་དང ། གོས་ཀེའུ་ཤ་ཡ་དང ། དོ་ཤལ་དང ། ཀོ་ལྷམ་དང ། གསེར་དངུལ་གྱི་སྣོད་ལ་སོགས་པའང་འཆང་དུ་མི་གནང་བའི་རིགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ། གཅེར་བུ་པའི་ལྟ་བ་དང་མཐུན་པ་མ་ཡིན་གྱི། དེ་བཞིན་གཤེགས་པས་ཚུལ་ཁྲིམས་བཅས་པ་རྣམས་ནི་སོ་སོར་དགོངས་ཏེ་གསུངས་པ་ཡིན་པས་དགོངས་པ་ཐ་དད་པའི་ཕྱིར་ཤ་བརྟགས་པ་རྣམ་གསུམ་ཟར་གནང་བ་ཡིན་ནོ། །འདུ་ཤེས་ཐ་དད་པའི་ཕྱིར་ཤ་རྣམ་པ་བཅུ་བཅད་པ་ཡིན་ནོ། །འདུ་ཤེས་ཐ་དད་པས་རང་ཤི་བ་ལ་སོགས་པ་ཤ་ཐམས་ཅད་ཟར་མི་གནང་བ་ཡིན་ནོ། །འོད་སྲུང་ངས་ནི་དེང་ཕན་ཆད་ཉེ་གནས་སུ་གྱུར་པ་རྣམས་ཀྱིས་ཤ་ཐམས་ཅད་ཟར་མི་རུང་ངོ ། །
Ka88a
༄#། །ཞེས་གསུངས་སོ། །འོད་སྲུང་ཤ་ཟ་བ་དག་ནི་འགྲོའམ། སྡོད་དམ། འདུག་གམ། ཉལ་ཡང་སེམས་ཅན་གང་ལ་དྲིས་ཕོག་པ་ཐམས་ཅད་འཇིགས་སྐྲག་གོ་།འདི་ལྟ་སྟེ། དཔེར་ན། མི་ཞིག་སེང་གེའི་དྲི་བྲོ་བས་ཐམས་ཅད་འཇིགས་ཤིང་སྐྲག་གོ་།རིགས་ཀྱི་བུ། དཔེར་ན། མི་ཞིག་སྒོག་པ་ཟོས་ན་མནམ་པས་ཐམས་ཅད་ཀྱིས་མི་འདོད་དེ་འབྱོལ་ན། དེ་ལ་ཉེ་བར་བསྙེན་པ་ལྟ་ཅི་སྨོས། ཤ་ཟ་བ་རྣམས་ཀྱང་དེ་དང་འདྲ་སྟེ། སེམས་ཅན་རྣམས་ལ་ཤའི་དྲིས་ཕོག་ན་སྐྲག་སྟེ། ཤི་བས་འཇིགས་པའི་འདུ་ཤེས་འབྱུང་ངོ ། །ཆུ་ལ་གནས་པ་དང ། ཐང་ལ་གནས་པ་དང ། ནམ་མཁའ་ལ་འགྲོ་བའི་སྲོག་ཆགས་ཐམས་ཅད་འབྱོལ་ཞིང་འབྲོས་ཏེ། འདི་ནི་བདག་ཅག་གི་དགྲ་ཡིན་ནོ་ཞེས་ཟེར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་དག་ཤ་ཟ་བར་མི་རྩོལ་ལོ། །སེམས་ཅན་སྒྲོལ་བའི་ཕྱིར་ཤ་ཟ་བ་སྟོན་ཏེ། ཟ་བ་ལྟར་བྱེད་ནའང་ཡང་དག་པར་ན་མི་ཟའོ། །རིགས་ཀྱི་བུ། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་ཡོངས་སུ་དག་པའི་ཟས་ཀྱང་མི་ཟ་ན་ཤ་ཟ་བ་ལྟ་སྨོས་ཀྱང་ཅི་དགོས། རིགས་ཀྱི་བུ། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཚད་མེད་པ་བརྒྱ་ན་འཕགས་པའི་ལམ་བཞིས་བྱུང་བའི་འཕགས་པ་ཀུན་ཀྱང་མྱ་ངན་ལས་འདས་ནས་དམ་པའི་ཆོས་ནི་ནུབ། གཟུགས་བརྙན་
Ka88b
ལ་ཆོས་སུ་བྱེད་པ་ན། དགེ་སློང་དག་འདུལ་བ་འཛིན་པ་དང་འདྲ་བར་འཆོས་ཤིང་མདོ་སྡེ་ཀློག་པ་དང་འདོན་པ་ནི་ཉུང་གི་།ལུས་གསོ་བའི་ཕྱིར་ཁ་ཟས་ལ་ནི་ཆགས། ལུས་ལ་ནི་གོས་ངན་པ་རྩུབ་པོ་གྱོན་ལ། མདོག་ཀྱང་ནག་པོར་གྱུར། གཟི་བརྗིད་ཀྱང་མེད་ལ། བ་ལང་དང ། ལུག་ཀྱང་འཚོ། ཤིང་དང་རྩའང་ཁུར་དུ་ཁྱེར་ཏེ། སྐྲ་དང ། སེན་མོ་ནི་རིང་དུ་བསྐྱེད་པ་དག་ཀྱང་འབྱུང་སྟེ། ངུར་སྨྲིག་གི་གོས་གྱོན་མོད་ཀྱི། རྔོན་པ་དང་འདྲ་སྟེ། མིག་ཕབ་ལ་གོམ་པ་དལ་ཡང་བྱི་ལ་བྱི་བ་ལ་འཇབ་པ་དང་མཚུངས་ཏེ། བདག་ནི་དགྲ་བཅོམ་པ་ཡིན་ནོ་ཞེས་རྟག་ཏུ་བརྗོད་ཀྱང ། ནད་དང ། སྡུག་བསྔལ་དང ། གཉིད་དང ། མི་གཙང་བས་གཟིར་ཏེ། ཕྱི་རོལ་གྱི་ཚུལ་འཆོས་ཀྱང་ནང་གི་སེམས་ནི་ཕྲག་དོག་དང་འདོད་པས་ཟིལ་གྱིས་ནོན་པས་ཆོས་ལོག་པ་ཅན་གྱིས་བྲམ་ཟེ་ལ་སོགས་པ་དང་མཚུངས་སོ། །དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་གི་གཟུགས་སྟོན་ཅིང ། ངན་པར་ལྟ་བ་བསྐྱེད་ནས་ཡང་དག་པའི་ཆོས་ལའང་སྐུར་བ་འདེབས་སོ། །གང་ཟག་དེ་དག་གིས་དེ་བཞིན་གཤེགས་པས་བཅས་པའི་ཚུལ་ཁྲིམས་དང ། འདུལ་བ་དང ། སྤྱོད་ལམ་དང ། རྣམ་པར་གྲོལ་བའི་འབྲས་བུ་བསྟན་པ་དང ། མ་བརྟགས་པའི་ཆོས་སྤང་བ་བསྟན་པའང་མ་རུང་བར་བྱས། དགོངས་ཏེ་གསུངས་པ་ཤིན་ཏུ་ཟབ་མོའང་མ་རུང་བར་བྱས་ནས། སོ་སོའི་རང་
Ka89a
༄#། །བཟོས་མདོ་སྡེ་དང་འདུལ་བ་བཤད་དེ། འདི་སྐད་དུ་དེ་བཞིན་གཤེགས་པས་བདག་ཅག་ཤ་ཟ་བར་གནང་ངོ་ཞེས་ཟེར་ཏེ། ཡི་གེར་བྲིས་ནས་སངས་རྒྱས་ཀྱིས་གསུངས་སོ་ཞེས་ཕན་ཚུན་དུ་རྩོད་ཅིང་སོ་སོ་ནས་བདག་ནི་དགེ་སྦྱོང་ཤཱཀྱའི་སྲས་སོ་ཞེས་སྒྲོགས་སོ། །རིགས་ཀྱི་བུ། དེའི་ཚེ་ན་གཞན་ཡང་དགེ་སྦྱོང་དག་འབྲུ་མང་དུ་གསོག་ཅིང ། ཉའི་ཤ་ལ་ལག་དར་ཏེ་སྤྱོད་དོ། །མར་གྱི་སྣོད་དང ། རིན་པོ་ཆེའི་གདུགས་དང ། ཀོ་ལྷམ་དག་འཆང་ཞིང ། རྒྱལ་པོ་དང ། བློན་པོ་དང ། ཁྱིམ་བདག་ལ་བརྟེན་ནས་མཚན་ལྟ་བ་དང ། སྐར་མ་ལྟ་བ་དང ། མོ་དང་སྨན་དཔྱད་དག་སློབ་ཅིང ། བྲན་ཕོ་དང ། བྲན་མོ་དང ། གསེར་དང ། དངུལ་དང ། མུ་ས་ལ་གརྦྷ་དང ། སྤུག་དང ། ཤེལ་དང ། མུ་ཏིག་དང ། བྱུ་རུ་དང ། སྦུར་ལོང་དང ། ཤེལ་གྱི་སྣམ་བུ་དང ། དོ་ཤལ་ལ་སོགས་པ་དང ། ཤིང་ཏོག་རྣམ་པ་སྣ་ཚོགས་ལ་སྤྱོད་དེ། གཞན་ཡང་རྩལ་དང།་རི་མོ་དང ། འཇི་བ་ལ་སྤྱོད་པ་དང ། ཡི་གེ་སློབ་པའི་སློབ་དཔོན་དང ། ཞིང་རྨོ་བ་དང ། ཞིང་རྔ་བ་དང ། བྱད་སྟེམ་དང ། སྔགས་དང་སྨན་སྦྱོར་བ་དང ། གླུ་གར་དང།་རོལ་མོ་དང ། སྤོས་དང ། མེ་ཏོག་གིས་འཇོ་བ་དང ། ུག་ཤུད་དང ། མིག་མང་དང ། བཟོ་རྣམ་པ་སྣ་ཚོགས་སློབ་ཅིང་བྱེད་པ་དག་འབྱུང་ངོ ། །དགེ་སློང་གང་
Ka89b
ཞིག་མི་དགེ་བའི་དངོས་པོ་དེ་དག་སྤངས་ན། གང་ཟག་དེ་ནི་ངའི་ཉེ་གནས་ཡང་དག་པ་ཡིན་པར་རིག་པར་བྱའོ། །དེ་ནས་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་ཡོན་བདག་ལ་ལྟོས་ཏེ་འཚོ་བ་དག་།བསོད་སྙོམས་བྱེད་པའི་ཚེ། ཤ་དང་འདྲེས་པའི་ཟས་ཤིག་སྩལ་ན། ཇི་ལྟར་འཚལ་བ་བགྱི། ཅིས་བརྟགས་པར་འགྱུར། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། ཤ་དང ། ཟས་སོ་སོར་ཕྱེ་ལ། ཆུས་བཀྲུས་ཏེ་བཟའ་བར་བྱའོ། །གལ་ཏེ་ལྷུང་བཟེད་ཤ་དང ། འབགས་ཀྱང་བྲོ་བའི་རོ་མེད་ན། སྤྱོད་ཀྱང་ཉེས་པ་མེད་དོ། །གལ་ཏེ་བསོད་སྙོམས་ཀྱི་ནང་ན་ཤ་མང་དུ་འོངས་ནའང་བླང་བར་མི་བྱའོ། །གལ་ཏེ་ཟས་ཀྱི་ནང་ན་ཤ་སྣང་ན་མ་ཟ་ཞིག་།ཟོས་ན་ཉེས་པ་དང་བཅས་པ་སྟེ། ངས་ཤ་ཟར་མི་གནང་བ་དང་བཅས་པ་འདི་རྒྱས་པར་བསྟན་ན་ཟད་པའི་མཐའ་མེད་དེ། མྱ་ངན་ལས་འདའ་བའི་དུས་ལ་བབ་པས་ཕྱོགས་ཙམ་ཞིག་བཤད་དོ། །འདི་དག་ནི་དྲིས་པའི་ལན་བཏབ་པ་ཞེས་བྱའོ། །འོད་སྲུང ། དེ་ལ་ཇི་ལྟར་ན་རྟེན་ཅིང་འབྲེལ་ཏེ་བྱུང་བའི་དོན་ལ་མཁས་པ་ཞེ་ན། འདི་ལྟ་སྟེ། འཁོར་རྣམ་བཞི་ངའི་དྲུང་དུ་ལྷགས་ཏེ། བཅོམ་ལྡན་འདས་ཀྱིས་དོན་འདི་དག་དེ་བཞིན་གཤེགས་པ་ཐོག་མ་མངོན་པར་
Ka90a
༄#། །བྱང་ཆུབ་ནས་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ལ་ཆོས་ཀྱི་གཞུང་ཤིན་ཏུ་ཟབ་མོ་འདི་ཅིའི་སླད་དུ་མ་གསུངས། བར་བར་ནི་ཤིན་ཏུ་ཟབ་པར་ཡང་གསུངས་བར་བར་ནི་མི་ཟབ་པར་ཡང་གསུངས། བར་བར་ནི་ཉམས་པ་ཞེས་ཀྱང་བགྱི། བར་བར་ནི་མ་ཉམས་པ་ཞེས་ཀྱང་བགྱི་ན། དེ་ལ་ཇི་ལྟར་ན་ལྟུང་བ་ཞེས་བགྱི། འདུལ་བ་ནི་གང།་སོ་སོར་ཐར་པ་ཞེས་བགྱི་བ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོ་སོར་ཐར་པ་ཞེས་བྱ་བ་ནི་ཆོག་ཤེས་པ། སྤྱོད་ལམ་དང་ལྡན་པ། ཅིའང་མི་གསོག་པ། འཚོ་བ་ཡོངས་སུ་དག་པའོ། །ལྟུང་བ་ནི་རྒྱུད་བཞིར་ལྟུང་བའོ། །གཞན་ཡང་ལྟུང་བ་ནི་སེམས་ཅན་དམྱལ་བ་དང ། མཚམས་མེད་པའི་བར་དུ་ལྟུང་བ་སྟེ། མགྱོགས་བུལ་ནི་ཆར་པ་དྲག་པོའི་གཏོལ་མེད་དོ། །དེ་ཐོས་པ་ཙམ་གྱིས་ཀྱང་འཇིགས་སྐྲག་སྟེ། ཚུལ་ཁྲིམས་སྲུང་བ་དང ། སྤྱོད་ལམ་སྡོམ་པ་དང ། ཆོག་ཤེས་པ་ལ་ནན་ཏན་བྱེད་པ་དང ། མ་བརྟགས་པའི་ཟང་ཟིང་ཐམས་ཅད་མི་ལེན་པར་འགྱུར་རོ། །གཞན་ཡང་ལྟུང་བ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང ། བྱོལ་སོང་དང ། ཡི་དྭགས་ཀྱི་ཁམས་སུ་བསྐྱེད་པ་སྟེ། དོན་དེ་ལྟ་བས་ན་ལྟུང་བ་ཞེས་བྱའོ། །གཞན་ཡང་སོ་སོར་ཐར་པ་ཞེས་བྱ་བ་ནི་ལུས་དང ། ངག་དང ། ཡིད་ཀྱི་མི་དགེ་བའི་ལས་ངན་པ་ཡོངས་སུ་སྤོང་
Ka90b
བའོ། །འདུལ་བ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང ། མདོ་སྡེའི་དོན་ཤིན་ཏུ་ཟབ་མོ་ལ་འཇུག་ཅིང་མ་བརྟགས་པའི་ཟང་ཟིང་ཐམས་ཅད་དང ། མ་བརྟགས་པའི་རྒྱུ་དང་རྐྱེན་ལེན་དུ་མི་གནང་བའོ། །གཞན་ཡང་ཕས་ཕམ་པ་བཞི་དང ། དགེ་འདུན་གྱི་ལྷག་མ་བཅུ་གསུམ་དང ། མ་ངེས་པའི་ཆོས་གཉིས་དང ། སྤང་བ་ལྟུང་བའི་ཆོས་སུམ་ཅུ་དང ། ལྟུང་བ་དགུ་བཅུ་རྩ་གཅིག་དང ། སོ་སོར་བཤགས་པའི་ཆོས་བཞི་དང ། བསླབ་པ་མང་པོ་དང ། བདུན་ཤིན་ཏུ་ཞི་བ་ལ་སོགས་པ་ཉམས་སུ་མི་གནང་ངོ ། །གང་ཟག་ལ་ནི་ཚུལ་ཁྲིམས་ཐམས་ཅད་ཉམས་པའང་ཡོད་དོ། །ཐམས་ཅད་ཅེས་བྱ་བ་ནི་ཕས་ཕམ་པ་བཞི་ནས་བདུན་ཤིན་ཏུ་ཞི་བའི་བར་ལ་བྱའོ། །གང་ཟག་ལ་ལ་ནི་ཡང་དག་པའི་ཆོས་ཤིན་ཏུ་ཟབ་མོ་ལ་སྐུར་ཏེ་ལོག་སྲེད་ཅན་དུ་གྱུར་ནས། མཚན་ཉིད་ཐམས་ཅད་དང ། རྒྱུ་རྐྱེན་མེད་པ་རྫོགས་པར་འཛིན་ཏེ། གང་ཟག་དེ་དག་བདག་ནི་དབང་པོ་རྣོ་ཞིང་ཤེས་རབ་དང་ལྡན་པའོ་ཞེས་ཁས་འཆེས་ཏེ་ཁ་ན་མ་ཐོ་བ་ལྕི་བ་དང ། ཡང་བ་ཐམས་ཅད་འཆབ་ཅིང་སྦ་བ་ནི། ཇི་ལྟར་རུས་སྦལ་ཡན་ལག་དྲུག་སྦེད་པ་བཞིན་ནོ། །དེ་ལྟར་ཁ་ན་མ་ཐོ་བ་རྣམས་ཡུན་རིང་པོ་ནས་མི་འགྱོད་དེ། དེ་ལྟར་མི་འགྱོད་པས་ཉིན་མཚན་དུ་སྐྱེ་ཞིང་འཕེལ་བར་འགྱུར་རོ། །དགེ་སློང་དེ་དག་ཉེས་པ་བྱུང་བ་རྣམས་ནམ་དུའང་མི་འགྱོད་དེ།
Ka91a
༄#། །དེ་བས་ན་ཉེས་པས་ཀུན་ཏུ་གླགས་ནས་དེའི་ཕྱིར་དེ་བཞིན་གཤེགས་པས་དངོས་པོ་དེ་དག་མཁྱེན་ཏེ། བགས་ཀྱིས་བཅས་ཀྱི། གཅིག་ཅར་ནི་མ་ཡིན་ནོ། །དེའི་ཚེ་ན་རིགས་ཀྱི་བུ་དང ། རིགས་ཀྱི་བུ་མོ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པས་དེ་ལྟར་མཁྱེན་བཞིན་ཅིའི་སླད་དུ་སྔར་མ་བཅས། བཅོམ་ལྡན་འདས་ཀྱིས་སེམས་ཅན་དག་མཚམས་མེད་པའི་སེམས་ཅན་དམྱལ་བར་བཏང་བ་མ་ལགས་སམ། དཔེར་ན། མི་མང་པོ་ཡུལ་གཞན་དུ་འགྲོ་བ་ལས་འབྲོག་བསླད་ནས་ལམ་དང་བྲལ་ཏེ། ལམ་མ་ཡིན་པར་ཞུགས་ཀྱང་མི་དེ་དག་འབྲོག་བསླད་པར་མི་འཚལ་ཏེ་ལམ་མོ་སྙམ་ནས། གཞན་ལ་ལམ་ཡིན་ནམ་མ་ཡིན་པར་དྲི་བའི་གནས་ཀྱང་མེད་དོ། །དེ་བཞིན་དུ་སེམས་ཅན་དག་སངས་རྒྱས་ཀྱི་ཆོས་ཀྱིས་བསླད་དེ། དེ་ཡང་དག་པ་གང་ལགས་པ་མི་མཐོང་ན། དེ་བཞིན་གཤེགས་པས་སྔར་ཡང་དག་པའི་ལམ་བསྟན་ཏེ་དགེ་སློང་དག་འདི་ནི་ཚུལ་ཁྲིམས་ཉམས་པའོ། །འདི་ནི་ཚུལ་ཁྲིམས་སྲུང་བའོ་ཞེས་བཀའ་སྩལ་ཏེ། ཚུལ་ཁྲིམས་བཅའ་བའི་རིགས་ན། ཅིའི་སླད་དུ་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པ། ཡང་དག་པའི་ལམ་མཁྱེན་ཅིང་གཟིགས་པ། ལྷའི་ནང་ན་ལྷ་ལྟ་བུ། དགེ་བ་བཅུའི་ཡོན་ཏན་
Ka91b
དང་དོན་སྟོན་པ་ལ་ཤིན་ཏུ་མཁས་པ། ཅིའི་སླད་དུ་ཚུལ་ཁྲིམས་འདི་སྔར་མ་བཅས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་བཞིན་གཤེགས་པས་སེམས་ཅན་ལ་དགེ་བ་བཅུའི་ཡོན་ཏན་སྟོན་པའང་བདེན་ཏེ། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་སྲས་སྒྲ་གཅན་འཛིན་དང་འདྲ་བར་གཟིགས་ན། ཅིའི་ཕྱིར་ཁྱོད་ཀྱིས་འདི་སྐད་དུ། བཅོམ་ལྡན་འདས་ཀྱིས་སེམས་ཅན་དག་དམྱལ་བར་བཏང་བ་མ་ཡིན་ནམ་ཞེས་སྨྲ། ངས་གང་ཟག་འགའ་ཞིག་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་བའི་རྒྱུ་དང་ལྡན་པར་གཟིགས་ནའང་གང་ཟག་དེའི་ཕྱིར་བསྐལ་པ་གཅིག་གམ། བསྐལ་པ་གཅིག་འགྲིབས་ཀྱི་བར་དུའང་འཇིག་རྟེན་ན་བཞུགས་སོ། །ང་ནི་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཡིན་ནོ། །དེའི་ཕྱིར་སྲས་ལྟ་བུར་འདུ་ཤེས་པ་དག་སེམས་ཅན་དམྱལ་བར་གཏོང ། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན།་རྒྱལ་པོའི་ཁམས་འདི་ན་ཚེམ་བུ་གྱོན་པ་དག་།གོས་ལ་བུག་རྡོལ་ཡོད་ན། གདོད་ལྷན་པས་གློན་ནོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སེམས་ཅན་གང་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་བའི་རྒྱུ་དང་རྐྱེན་གཅིག་གཟིགས་ན། དགེ་བའི་ཚུལ་ཁྲིམས་ཀྱིས་དེ་སྲུང་བར་བྱེད་དོ། །རིགས་ཀྱི་བུ། འདི་ལྟ་
Ka92a
༄#། །སྟེ།་དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོའང་སྔར་སེམས་ཅན་ལ་དགེ་བ་བཅུའི་ཆོས་ཀྱིས་འདུལ་ལོ། །ཕྱིས་མི་དགེ་བ་སྤྱོད་པ་ཡོད་ན་དེ་ལ་ཅི་རིགས་སུ་བགས་ཀྱིས་ཆད་པས་གཅོད་དོ། །ཉེས་པའི་ཆད་པས་བཅད་ནས་གདོད་འཕྲུལ་གྱི་རྒྱལ་པོའི་ཆོས་སྤྱོད་དོ། །རིགས་ཀྱི་བུ། ངའང་དེ་དང་འདྲ་སྟེ། བསྟན་པ་ཡོད་ཀྱང་སྔར་མ་བཅས་པ་ནི། དགེ་སློང་དག་ཆོས་མ་ཡིན་པར་སྤྱོད་དུ་བྱེད་ན་གདོད་ཅི་རིགས་སུ་བགས་ཀྱིས་བཅས་བས་ན། གང་ཆོས་ལ་མོས་པའི་སྐྱེ་བོ་དག་ནི་སྟོན་པའི་རྗེས་སུ་སྤྱོད་པར་འགྱུར་རོ། །དེ་བས་ན་འཁོར་དེ་དག་གིས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་མཐོང་བར་གྱུར་ཏོ། །འདི་ལྟ་སྟེ། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་ནི་བསམ་གྱིས་མི་ཁྱབ་བོ། །དེ་བཞིན་གཤེགས་པའང་དེ་བཞིན་དུ་བསམ་གྱིས་མི་ཁྱབ་སྟེ། ཆོས་དང་དགེ་འདུན་ཡང་བསམ་གྱིས་མི་ཁྱབ་ལ། ཆོས་སྟོན་པ་དང ། ཆོས་ཉན་པའང་བསམ་གྱིས་མི་ཁྱབ་སྟེ། འདི་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་མཁས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དེ་ལྟར་མཚན་ཉིད་རྣམ་པ་འདི་བཞིའི་དོན་རྣམ་པར་འབྱེད་པ་ལ་མཁས་པ་ནི། ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་ནང་ན་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་དོན་ལ་མཁས་པ་ཞེས་བྱའོ། །དེ་ལ་
Ka92b
གཞན་ཡང་བདག་ཚུལ་བཞིན་དུ་བྱེད་པ་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འཐོབ་པའོ། །གཞན་ཚུལ་བཞིན་དུ་འཆོས་པ་ནི་ངས་དགེ་སློང་དག་ལ་དེ་བཞིན་གཤེགས་པ་ནི་རྟག་པ་མི་འཕོ་བའོ་ཞེས་བསྟན་པའོ། །དྲིས་པའི་ལན་བཏབ་པ་ནི་འོད་སྲུང་ཁྱོད་ཀྱིས་དྲིས་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང ། དགེ་སློང་དང།་དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་ལ་ཤིན་ཏུ་ཟབ་མོའི་དོན་རྒྱས་པར་བསྟན་པའོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བའི་དོན་ནི་ཉན་ཐོས་དང ། རང་སངས་རྒྱས་དག་ཤིན་ཏུ་ཟབ་མོའི་དོན་འདི་ལྟ་བུ་མི་ཤེས་ཤིང་ཡི་གེའི་འབྲུ་ཨི་ལྟ་བུ་ཐིག་ལེ་གསུམ་གྱིས་སྨྲ་བ་དང ། རྣམ་པར་གྲོལ་བ་མྱ་ངན་ལས་འདའ་བའི་ཤེས་རབ་ཆེན་པོ་དགོངས་ཏེ་གསུངས་པའི་སྙིང་པོ་མ་ཐོས་པ་རྣམས་ངས་དེང་འདིར་ཉན་ཐོས་པ་དག་ལ་རྣམ་པར་ཕྱེ་སྟེ་བསྟན་པས་ཤེས་རབ་ཀྱི་མིག་བསྐྱེད་དོ། །གལ་ཏེ་གང་ཟག་ལ་ལ་ཞིག་འདི་སྐད་དུ་དངོས་པོ་རྣམ་པ་བཞི་པོ་འདི་གཅིག་གོ་ཞེས་སྨྲ་ན། རྫུན་དུ་མ་གྱུར་ཏམ་ཞེས་ཟེར་ན། དེ་ལ་འདི་སྐད་དུ་ནམ་མཁའ་ནི་ཅིའང་མེད་པ་སྟེ། མི་གཡོ་མི་འཁྲུག་པ་ཡིན་ན་དངོས་པོ་བཞི་པོ་ལ་ཐ་དད་པ་ཅི་ཡོད་ན། དེ་ལ་རྫུན་ཞེས་བྱར་རུང་ངམ། གསོལ་པ། མ་ལགས་སོ། །བཅོམ་ལྡན་འདས། ཚིག་མང་པོ་དེ་དག་ནི་དོན་གཅིག་གོ་།འདི་ལྟ་སྟེ། སྟོང་
Ka93a
༄#། །པ་ཉིད་ཀྱི་དོན་ཏོ། །བདག་དང་གཞན་ཚུལ་བཞིན་དུ་བྱེད་པ་དང ། དྲིས་པའི་ལན་འདེབས་པ་དང ། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་དོན་ཡང་དེ་འདྲ་སྟེ། མྱ་ངན་ལས་འདས་པ་ཆེན་པོ་དང་མཉམ་པར་ཐ་མི་དད་དོ། །བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པ་ནི་མི་རྟག་གོ་།ཇི་ལྟ་བུར་མི་རྟག་ཅེ་ན། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ཉོན་མོངས་པ་ཐམས་ཅད་འགགས་པས་མྱ་ངན་ལས་འདའ་བ་ཞེས་བྱ་སྟེ། དཔེར་ན། མེ་ཤིན་ཅིའང་མེད་པ་བཞིན་དུ། ཉོན་མོངས་པ་ཐམས་ཅད་འགགས་པའང་དེ་དང་འདྲ་སྟེ། དེ་ལ་མྱ་ངན་ལས་འདས་པ་ཞེས་བྱ་ན། དེ་ལ་ཅིའི་ཕྱིར་དེ་བཞིན་གཤེགས་པ་རྟག་ཏུ་གནས་པའི་ཆོས་ཅན་མི་འགྱུར་མི་འཕོ་བ་ཞེས་སྨྲའམ། ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་སྲིད་པ་དང་བྲལ་བས་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། མྱ་ངན་ལས་འདས་པ་དེ་ལ་ནི་སྲིད་པ་གང་ཡང་མེད་ན། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པ་ནི་རྟག་ཏུ་གནས་པའི་ཆོས་ཅན་མི་འགྱུར་མི་འཕོ་བ་ཞེས་བྱ།་དཔེར་ན། གོས་ཟད་དེ་ཞིག་ན་དངོས་པོ་ཅིའང་མེད་པ་བཞིན་དུ་མྱ་ངན་ལས་འདས་པའང་དེ་དང་འདྲ་སྟེ། ཉོན་མོངས་པ་ཐམས་ཅད་འགགས་པས་དངོས་པོ་ཞེས་བྱ་བ་
Ka93b
ཅིའང་མེད་ན། དེ་ལ་ཅིའི་ཕྱིར་དེ་བཞིན་གཤེགས་པ་ནི་རྟག་ཏུ་གནས་པའི་ཆོས་ཅན་མི་འགྱུར་མི་འཕོ་བ་ཞེས་སྨྲའམ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན་འདོད་པ་དང་བྲལ་ཏེ་རབ་ཏུ་ཞི་བ་ནི་མྱ་ངན་ལས་འདའ་བ་ཞེས་བྱ་སྟེ། དཔེར་ན། མི་ཞིག་མགོ་བོ་བཅད་ན་མགོ་བོ་མེད་པ་ཞེས་བྱ་བ་དང་འདྲ་བར་འདོད་པ་དང་བྲལ་བ་རབ་ཏུ་ཞི་བའང་དེ་དང་འདྲ་སྟེ། སྟོང་པ་ཅིའང་མེད་པས་མྱ་ངན་ལས་འདས་པ་ཞེས་བྱ་ན། དེ་ལའང་ཅིའི་ཕྱིར་དེ་བཞིན་གཤེགས་པ་ནི་རྟག་ཏུ་གནས་པའི་ཆོས་ཅན་མི་འགྱུར་མི་འཕོ་བ་ཞེས་སྨྲའམ། གཞན་ཡང་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །དཔེར་ན་རབ་ཏུ་ཚ་བའི་ལྕགས། །ཐོ་བས་བརྡུངས་ན་ཚ་བ་འབྱུང ། །གྱེས་ནས་དེ་མ་ཐག་ཏུ་མེད། །དེ་ཡི་གནས་ཀྱང་ཤེས་མི་ནུས། །ཡང་དག་རྣམ་པར་གྲོལ་བའང ། །མཚན་ཉིད་དེ་དང་འདྲ་བ་སྟེ། །འདོད་པ་ཐམས་ཅད་ཡོངས་སྤངས་ནས། །སྲིད་པའི་འདམ་ལས་རབ་བརྒལ་ཏེ། །མི་གཡོ་བ་ཡི་གནས་ཐོབ་ནས། །ཕྱིན་པའི་གནས་ནི་ཤེས་མི་ནུས། །ཞེས་དེ་སྐད་བཀའ་སྩལ་པ་དེ་ལའང་ཅིའི་ཕྱིར་དེ་བཞིན་གཤེགས་པ་ནི་རྟག་ཏུ་གནས་པའི་ཆོས་ཅན་མི་འགྱུར་མི་འཕོ་བའི་ཆོས་ཅན་ཞེས་སྨྲ་ན། འོད་སྲུང ། དེ་སྐད་དུ་སྨྲ་བའི་གང་ཟག་དེ་ནི་ལོག་པར་སྨྲ་བ་ཡིན་ནོ། །འོད་སྲུང་ཁྱོད་ཀྱང་དེ་བཞིན་
Ka94a
༄#། །གཤེགས་པ་ཉིད་ལ་འགོག་པ་དང་ཟད་པའི་འདུ་ཤེས་མ་སྐྱེད་ཅིང་།འོད་སྲུང ། ཉོན་མོངས་པ་འགགས་པ་ནི་དངོས་པོ་ཞེས་མི་གདགས་སོ། ། དེ་ཅིའི་ཕྱིར་ཞེ་ན། མཐར་ཕྱིན་པའི་ཕྱིར་རྟག་པ་ཞེས་བྱའོ། །ཚིག་འདི་ནི་རབ་ཏུ་ཞི་བ་སྟེ་བླ་ན་མེད་པའོ། །མཚན་མ་ཐམས་ཅད་ལྷག་མ་མ་ལུས་པར་ཟད་པའོ། །ཚིག་འདི་ནི་རྣམ་པར་དཀར་བ། རྟག་པ་གནས་པ་ཕྱིར་མི་ལྡོག་པ་སྟེ། དེའི་ཕྱིར་ན་མྱ་ངན་ལས་འདས་པ་ལ་རྟག་པ་གནས་པ་ཞེས་བྱའོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། རྟག་པ་གནས་པ་མི་འགྱུར་བའོ། །མི་རྟག་ཅེས་བྱ་བ་ནི་ཉོན་མོངས་པའོ། །སོ་སོར་གྱེས་ནས་མེད་པར་འགྱུར་ཏེ་གནས་ཀྱང་མི་རྙེད་དོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པས་ཉོན་མོངས་པ་ཐམས་ཅད་འགགས་ནས་རྒྱུད་ལྔ་ལ་མི་གནས་པའོ། །དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པ་གནས་པའི་ཆོས་ཅན་མི་འགྱུར་མི་འཕོ་བའོ། །གཞན་ཡང་འོད་སྲུང ། སངས་རྒྱས་རྣམས་ཀྱིས་སྟོན་པ་ནི་ཆོས་སོ། །དེ་བས་ན་དེ་བཞིན་གཤེགས་པའང་བཀུར་སྟི་དང་མཆོད་པ་མཛད་དོ། །ཆོས་རྟག་པའི་ཕྱིར་སངས་རྒྱས་རྣམས་ཀྱང་རྟག་གོ ། དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཉོན་མོངས་པའི་མེ་འགགས་པས་དེ་བཞིན་པའང་འགགས་
Ka94b
ན།་དེ་བཞིན་གཤེགས་པ་ནི་རྟག་ཏུ་གནས་པ་མ་ལགས་ཏེ། དཔེར་ན། ལྕགས་བསྲེགས་པ་ཁ་དོག་དམར་པོ་ཞི་སྟེ་མི་རྙེད་པ་བཞིན་དུ་དེ་བཞིན་གཤེགས་པའི་ཉོན་མོངས་པའང་དེ་དང་འདྲ་སྟེ། ཞི་བའི་གནས་ཀྱང་མི་རྙེད་དོ། །གཞན་ཡང ། དཔེར་ན། ལྕགས་དེ་ལ་ཚ་བ་དང་དམར་བ་ཞི་ནས་མ་མཆིས་པར་འགྱུར་བ་བཞིན་དུ་དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཞི་ནས་རྟག་པ་མེད་པས་ཉོན་མོངས་པའི་མེ་འགགས་ནས་ཡོངས་སུ་མྱ་ངན་ལས་འདས་པར་ཞུགས་པས་དེ་བཞིན་གཤེགས་པ་ནི་རྟག་པའོ། །བཀའ་སྩལ་པ། རིགས་ཀྱི་བུ་ལྕགས་ཞས་བྱ་བ་ནི་བུས་པ་མ་རབས་ལ་བྱ་སྟེ། བུས་པ་མ་རབས་ནི་ཉོན་མོངས་པ་འགགས་ཀྱང ། འགགས་མ་ཐག་ཏུ་ཕྱིས་སྐྱེ་བས་མི་རྟག་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ནི་དེ་ལྟར་མ་ཡིན་ཏེ། འགགས་ནས་ཕྱིར་མི་སྐྱེ་བའི་ཕྱིར་རྟག་པ་ཞེས་བྱའོ། །འོད་སྲུང་གིས་གསོལ་པ། དཔེར་ན། ལྕགས་ནི་ཁ་དོག་དམར་པོ་ཞི་བའི་འོག་ཏུ་ཕྱིས་མེར་སྩལ་ན་སླར་ཡང་ཁ་དོག་དམར་པོར་འགྱུར་རོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་ན་ལྟ་ཉོན་མོངས་པ་སླར་ཡང་སྐྱེས་ཏེ། ཉོན་མོངས་པ་སླར་ཡང་སྐྱེ་བས་མི་རྟག་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། ཁྱོད་འདི་སྐད་དུ་དེ་བཞིན་གཤེགས་པ་ལ་མི་རྟག་གོ་ཞེས་མ་ཟེར་ཅིག་།དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་
Ka95a
༄#། །ནི་རྟག་པའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཤིང་འཚིག་ཀྱང་ཐལ་བ་ཡོད་དོ། །ཉོན་མོངས་པ་འགགས་ན་མྱ་ངན་ལས་འདའ་བ་ཡོད་དེ། གོས་ཞིག་པའམ། མགོ་བཅད་པའམ། སྣོད་ཆག་པ་ལ་སོགས་པའི་དཔེ་དང་འདྲ་སྟེ། དངོས་པོ་དེ་དག་ཀྱང་སོ་སོ་ན་གོས་ཞིག་པ་དང ། མགོ་བཅད་པ་དང ། སྣོད་ཆག་པ་ཞེས་བྱ་བའི་མིང་ཡོད་པ་དང་འདྲའོ། །འོད་སྲུང ། ལྕགས་ཚ་བ་གྲང་ཡང་ཕྱིས་ཚ་བར་འགྱུར་གྱི། དེ་བཞིན་གཤེགས་པ་ནི་དེ་ལྟ་མ་ཡིན་ཏེ། ཉོན་མོངས་པ་བཅད་ནས་མཐར་ཡོངས་སུ་བསིལ་བས་ཉོན་མོངས་པའི་མེ་ཕྱིས་མི་སྐྱེའོ། །འོད་སྲུང ། སེམས་ཅན་ཚད་མེད་པ་རྣམས་ནི་ལྕགས་དེ་དང་འདྲ་སྟེ། ངས་ཟག་པ་མེད་པའི་ཤེས་རབ་ཀྱི་མེས་སེམས་ཅན་དེ་དག་གི་ཀུན་ནས་ཉོན་མོངས་པ་བསྲེག་པར་རིག་པར་བྱའོ། །ཡང་འོད་སྲུང་གིས་གསོལ་པ། ཤིན་ཏུ་ལེགས་སོ། །ཤིན་ཏུ་ལེགས་སོ། །བདག་གིས་ནི་དེང་དེ་བཞིན་གཤེགས་པ་རྟག་པ་ལགས་པར་ལེགས་པར་ཐོས་སོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། །བམ་པོ་དྲུག་པ། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། འདི་ལྟ་སྟེ། དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་འཆག་པའི་ཕྱིར་ཕོ་བྲང་གི་ཕྱི་རོལ་ཏུ་སོང་སྟེ། སླས་མང་པོའི་འཁོར་ན་
Ka95b
མེད་ཀྱང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་ཤིའོ་ཞེས་བྱར་མི་རུང་ངོ ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཛམྦུའི་གླིང་གི་ཁམས་འདི་ན་མི་སྣང་སྟེ། མྱ་ངན་ལས་འདའ་བར་ཞུགས་ཀྱང་མི་རྟག་གོ་ཞེས་མི་བྱའོ། །དེ་བཞིན་གཤེགས་པ་ནི་ཉོན་མོངས་པ་ཚད་མེད་པ་ལས་བྱུང་སྟེ། མྱ་ངན་ལས་འདས་པར་ཞུགས་ནས་རབ་ཏུ་བདེ་བའི་གནས་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་ལ་རྒྱུ་ཞིང་རབ་ཏུ་བདེ་བས་འཚོའོ། །ཡང་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན་ང་ནི་ཡུན་རིང་པོ་ནས་ཉོན་མོངས་པའི་རྒྱ་མཚོ་ལས་བརྒལ་ཏོ་ཞེས་གསུངས་ན། གལ་ཏེ་བཅོམ་ལྡན་འདས་ཉོན་མོངས་པའི་རྒྱ་མཚོ་ལས་བརྒལ་ལགས་ན། ཅིའི་སླད་དུ་གྲགས་འཛིན་ལས་སྲས་སྒྲ་གཅན་འཛིན་ལྟ་བུ་བལྟམས་པར་གྱུར། དེ་བས་ན་དེ་བཞིན་གཤེགས་པ་ནི་ཉོན་མོངས་པ་དང་ཀུན་ནས་ཉོན་མོངས་པའི་རྒྱ་མཚོ་ལས་མ་གྲོལ་བ་འདྲ་ན། བཅོམ་ལྡན་འདས། དེའི་རྒྱུ་དང་དེའི་རྐྱེན་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། ཁྱོད་དེ་བཞིན་གཤེགས་པ་ལ་ཡུན་རིང་པོ་ནས་ཉོན་མོངས་པའི་རྒྱ་མཚོ་ལས་བརྒལ་ན། ཅིའི་ཕྱིར་གྲགས་འཛིན་ལས་སྲས་སྒྲ་གཅན་འཛིན་བལྟམས་པར་གྱུར། དེ་བས་ན་དེ་བཞིན་གཤེགས་པ་ནི་ཉོན་མོངས་པ་དང ། ཀུན་ནས་ཉོན་མོངས་པའི་རྒྱ་
Ka96a
༄#། །མཚོ་ཆེན་པོ་ལས་མ་བརྒལ་བ་དང་འདྲའོ་ཞེས་དེ་སྐད་མ་སྨྲ་ཞིག་།རིགས་ཀྱི་བུ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ནི་དོན་ཆེན་པོ་རྣམ་པར་བཞག་པ་ཡིན་གྱི། ཁྱེད་རྣམས་ཤིན་ཏུ་བརྟགས་པར་ཉོན་ཏེ་གཞན་ལའང་རྒྱ་ཆེར་སྟོན་ལ་ཐེ་ཚོམ་དང་འཇིགས་པ་མ་སྐྱེད་ཅིག་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་ན་རི་རབ་རིའི་རྒྱལ་པོ་ལྟར་མཐོ་ཞིང་ཆེ་བ་ཡུངས་ཀར་གྱི་འབྲུམ་བུ་གཅིག་གི་ནང་དུ་བཅུགས་པ། རི་རབ་ལྷུན་པོ་ལ་གནས་པའི་སེམས་ཅན་དེ་དག་གཅིག་ལ་གཅིག་དོག་པའམ། ཕན་ཚུན་དུ་བསྐྱོད་པར་མི་ཤེས་སོ། །གང་འདུལ་བའི་རིགས་པ་དེ་དག་ནི་བྱང་ཆུབ་སེམས་དཔས་རི་རབ་ལྷུན་པོ་དེ་ཡུངས་ཀར་གྱི་ནང་དུ་བཅུག་ཀྱང་ཕྱིར་གནས་སུ་བཞག་པར་ཡང་མཐོང་ངོ ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡུངས་ཀར་གཅིག་གི་ནང་དུ་བཅུག་ཀྱང ། དེ་ན་གནས་པའི་སེམས་ཅན་དག་གཅིག་ལ་གཅིག་དོག་པའམ། གནས་ཕན་ཚུན་དུ་བསྐྱོད་པར་མི་ཤེས་སོ། །གང་འདུལ་བའི་རིགས་པ་འབའ་ཞིག་གིས་ནི་བྱང་ཆུབ་སེམས་དཔས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡུངས་ཀར་
Ka96b
གྱི་ནང་དུ་བཅུག་པ་དང ། ཕྱིར་བཞག་པར་ཡང་ཤེས་སོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོལ་གནས་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་བ་སྤུའི་བུ་ག་གཅིག་ཏུ་བཅུག་པ་ནས་ཕྱིར་གནས་སུ་བཞག་པའི་བར་དུ་རྒྱས་པར་རོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་བླངས་ཏེ། ཁབ་ཀྱི་རྩེ་མོ་ལ་བཞག་གམ། སངས་རྒྱས་ཀྱི་ཞིང་གཞན་དུ་འཕངས་ཀྱང་དེ་ན་གནས་པའི་སེམས་ཅན་ཐམས་ཅད་གང་ནས་འོངས་པ་དང ། གང་དུ་སོང་བ་མི་ཤེས་སོ། །གང་འདུལ་བའི་རིགས་པ་འབའ་ཞིག་གིས་ནི་མཐོང་བ་ནས་ཕྱིར་གནས་སུ་བཞག་པའི་བར་དུ་ཤེས་སོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པ་ནི་ཕྱོགས་བཅུའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ལག་པ་གཡས་པས་བླངས་ནས་རྫ་མཁན་གྱི་འཁོར་ལོ་ལྟར་བསྐོར་ཏེ། འཇིག་རྟེན་གྱི་ཁམས་རྡུལ་ཕྲ་རབ་སྙེད་ཀྱི་ཕ་རོལ་ཏུ་འཕངས་ཀྱང་སེམས་ཅན་དེ་དག་ལ་གཅིག་ཙམ་ཡང་སོང་བའམ། འོངས་པར་མི་ཚོར་ཏེ། གང་འདུལ་བའི་རིགས་པ་འབའ་ཞིག་གིས་ནི་མཐོང་བ་ནས་ཕྱིར་གནས་སུ་འོངས་པའི་བར་དུ་ཤེས་སོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་
Ka97a
༄#། །སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པ་ནི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཐམས་ཅད་བདག་གི་ཁོང་པར་བཅུག་ཀྱང་དེ་ན་གནས་པའི་སེམས་ཅན་དག་གཅིག་ལ་གཅིག་གཟེར་ཅིང་དོག་པའམ། སོང་བའམ། འོངས་པའམ། གནས་པར་མི་ཤེས་ཏེ། གང་འདུལ་བའི་རིགས་པ་འབའ་ཞིག་གིས་ནི་མཐོང་བ་ནས་ཕྱིར་གནས་སུ་འོངས་པའི་བར་དུ་ཤེས་སོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་རྡུལ་ཕྲ་རབ་གཅིག་གི་ནང་དུ་བཅུག་ཀྱང་དེ་ན་གནས་པའི་སེམས་ཅན་གཅིག་ལ་གཅིག་གཟེར་ཅིང་དོག་པའམ། སོང་བ་དང ། འོངས་བ་མི་ཤེས་ཏེ། གང་འདུལ་བའི་རིགས་པ་འབའ་ཞིག་གིས་ནི་མཐོང་བ་ནས་གནས་སུ་ཕྱིན་པའི་བར་དུ་ཤེས་སོ། །རིགས་ཀྱི་བུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པས་དེ་ལྟ་བུའི་མངོན་པར་ཤེས་པའི་ཆོ་འཕྲུལ་ཚད་མེད་པ་སྙེད་སྟོན་ཏེ། དེ་བས་ན་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པའི་ཆོ་འཕྲུལ་ཚད་མེད་པར་བསྟན་པ་དེ་ལ་ནི་སེམས་ཅན་ཐམས་ཅད་ཀྱིས་དཔག་པའམ་རིག་པར་མི་ནུས་ན། ཁྱོད་
Ka97b
ཀྱིས་དེ་བཞིན་གཤེགས་པ་འདོད་ཆགས་ཀྱི་ཕྱོགས་ལ་ཉེ་བས། སྲས་སྒྲ་གཅན་འཛིན་བལྟམས་པར་ཤེས་པར་ག་ལ་རུང ། རིགས་ཀྱི་བུ། ཡུན་རིང་པོ་ནས་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་གནས་ནས་མངོན་པར་ཤེས་པའི་ཆོས་འཕྲུལ་རྣམ་པ་སྣ་ཚོགས་སྟོན་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཉི་ཟླ་ཕྲག་བརྒྱ་དང ། ཛམྦུའི་གླིང་ཕྲག་བརྒྱ་ལ་རྣམ་པ་སྣ་ཚོགས་སུ་སྟོན་པ་ནི། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས་རྒྱས་པར་བསྟན་པ་བཞིན་ནོ། །ངས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཛམྦུའི་གླིང་འདིར་ཡོངས་སུ་མྱ་ངན་འདའ་བར་བསྟན་ཀྱང་མཐར་ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་ནོ། །ཛམྦུའི་གླིང་འདིར་ཡུམ་གྱི་ལྷུམས་སུ་བལྟམས་པ་བསྟན་པའང ། ཡབ་དང་ཡུམ་ང་ལ་སྲས་སུ་འདུ་ཤེས་གཞག་པར་བྱ་བའི་ཕྱིར་ཡིན་གྱི། ངའི་སྐུ་ནི་མཐར་འདོད་ཆགས་འདུས་པ་ལས་སྐྱེས་པ་མ་ཡིན་ནོ། །ང་ནི་བསྐལ་པ་ཡུན་རིང་པོ་ཚད་མེད་པའི་བར་དུ་འདོད་པ་ཡོངས་སུ་སྤངས་པས། ངའི་སྐུ་འདི་ནི་ཆོས་ཀྱི་སྐུ་སྟེ། འཇིག་རྟེན་པའི་རྗེས་སུ་མངལ་དུ་ཞུགས་པ་བསྟན་པ་ཡིན་ནོ། །རིགས་ཀྱི་བུ། ཛམྦུའི་གླིང་འདིར་ལུམྦིའི་ཚལ་དུ་ཡུམ་ལྷ་མཛེས་ཀྱི་ལྷུམས་ནས་བལྟམས་ཏེ། བལྟམས་མ་ཐག་ཏུ་ཤར་ཕྱོགས་སུ་གོམ་པ་བདུན་པོར་ནས། འདི་སྐད་དུ་ང་ནི་ལྷ་དང ། མི་དང །
Ka98a
༄#། །ལྷ་མ་ཡིན་དུ་བཅས་པའི་ནང་ན་མཆོག་ཏུ་གྱུར། ཕུལ་དུ་གྱུར། གཙོ་བོར་གྱུར་ཏོ་ཞེས་སྨྲ་སྟེ། ཡབ་དང ། ཡུམ་དང ། འཇིག་རྟེན་དུ་བཅས་པ་ལྷ་དང་མིས་མཐོང་བ་ཐམས་ཅད་དགའ་ནས་ངོ་མཚར་རྨད་ཀྱི་སེམས་སྐྱེས་སོ། །མི་ཐམས་ཅད་ཀྱིས་ནི་ངལ་བུས་བ་ཆུང་ངུར་འཛིན་ཏེ། ངའི་སྐུ་འདི་ནི་བསྐལ་པ་ཚད་མེད་པ་ནས་ཉོན་མོངས་པའི་ཆོས་དེ་ལྟ་བུ་དང་བྲལ་ལོ། །དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་སྟེ། ཤ་དང ། ཁྲག་དང ། རྒྱུས་པ་དང ། རྩ་དང ། རུས་པ་དང ། རྐང་ལས་བསྒྲུབས་པའི་ལུས་མ་ཡིན་མོད་ཀྱི། འཇིག་རྟེན་པའི་རྗེས་སུ་བུས་པ་ཆུང་ངུའི་ལུས་བསྟན་ཏོ། །ལྷོ་ཕྱོགས་སུ་གོམ་པ་བདུན་པོར་ནས་སེམས་ཅན་ཚད་མེད་པ་ལ་བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་མངོན་པར་བསྟན་ཏོ། །ནུབ་ཕྱོགས་སུ་གོམ་པ་བདུན་བོར་བ་ནི་སྐྱེ་བ་ཟད་པ་དང ། རྒ་བ་དང ། འཆི་བ་མེད་པའི་སྐུ་ཐ་མ་བསྟན་པའི་ཕྱིར་རོ། ། བྱང་ཕྱོགས་སུ་གོམ་པ་བདུན་པོར་བ་ནི་སྲིད་པའི་འཁོར་བ་ཐམས་ཅད་ལས་གྲོལ་བར་བསྟན་ཏོ། །ཤར་ཕྱོགས་སུ་གོམ་པ་བདུན་བོར་བ་ནི་སེམས་ཅན་གྱི་སྟོན་པ་ཡིན་པར་མངོན་པར་བསྟན་པ་ཡིན་ནོ། །ཕྱོགས་མཚམས་བཞིར་གོམ་པ་བདུན་བདུན་བོར་བ་ནི། ཉོན་མོངས་པ་རྣམ་པ་སྣ་ཚོགས་དང ། བདུང་རྣམ་བཞི་ཡོངས་སུ་བཅོམ་སྟེ། དེ་བཞིན་
Ka98b
གཤེགས་པ་ཡང་དག་པར་རྫོགས་པར་མངོན་པར་སངས་རྒྱས་པ་བསྟན་པའོ། །བླ་མ་ཕྱོགས་སུ་གོམ་པ་བདུན་བོར་བ་ནི། གང་མི་གཙང་བའི་དངོས་པོ་ཐམས་ཅད་གྱིས་མི་གོས་ཏེ། ནམ་མཁའ་ལྟ་བུར་གྱུར་པ་བསྟན་པའོ། །འོག་མའི་ཕྱོགས་སུ་གོམ་པ་བདུན་པོར་བ་ནི། ཆོས་ཀྱི་ཆར་གྱིས་སེམས་ཅན་དམྱལ་བའི་མེ་བསད་དེ། སེམས་ཅན་དེ་དག་རབ་ཏུ་བདེ་བ་མྱོང་བ་དང ། ཚུལ་ཁྲིམས་ངན་པ་ཅན་ལ་བ་མོ་དང་སེར་བ་ལྟ་བུ་བསྟན་པའོ། །ཛམྦུའི་གླིང་དུ་སྐྱེས་ནས་ཞག་བདུན་ལོན་པ་དང ། སྐྲ་བྲེགས་པ་བསྟན་ཏེ། མི་ཐམས་ཅད་ཀྱིས་ནི་ང་ལ་བུས་པར་འཛིན་ཏོ། །ཐོག་མ་སྐྲ་འདྲེག་པ་ན། འཇིག་རྟེན་དུ་བཅས་པ་ལྷ་དང ། མི་དང ། བདུང་དང ། ཚངས་པ་དང ། བྲམ་ཟེ་ལ་སོགས་པ་གང་གིས་ཀྱང ། ངའི་སྤྱི་གཙུག་གི་མཚན་ཡང་མཐོང་བར་མི་ནུས་ན། གྲི་ཐོགས་ཏེ་ངའི་སྐྲ་འདྲེག་པ་ལྟ་ཅི་སྨོས། གྲི་ཐོགས་ཏེ་ངའི་སྤྱི་གཙུག་འདྲེག་པ་ནི་གནས་མེད་དོ། །ང་ཡུན་རིང་པོ་ནས་བསྐལ་པ་ཚད་མེད་པའི་བར་དུ་སྐྲ་དང་ཁ་སྤུ་བྲེགས་ཏེ། ངའང་འཇིག་རྟེན་པའི་རྗེས་སུ་སྐྲ་བྲེགས་པ་བསྟན་པ་ཡིན་ནོ། །ང་ཐོག་མ་བལྟམས་ནས་ཡབ་དང་ཡུམ་གྱིས་ང་ལྷ་ལ་བསྟན་པའི་ཕྱིར་ལྷའི་རྟེན་གྱི་ནང་དུ་ཁྲིད་ནས། ལྷ་དབང་སྒྱུར་ཆེན་པོ་ལ་བསྟན་པ་ན། ལྷ་དབང་སྒྱུར་ཆེན་པོས་ང་མཐོང་བའི་ཚེ་ཐལ་མོ་སྦྱར་ཏེ་བསྟི་སྟང་དང་བཅས་པས་ཕྱོགས་གཅིག་ཏུ་འགྲེང་ངོ ། །ང་ནི་ཡུན་རིང་པོ་
Ka99a
༄#། །ནས་བསྐལ་པ་ཚད་མེད་པའི་བར་དུ་ལྷའི་རྟེན་གྱི་ནང་དུ་འགྲོ་བ་སྤངས་མོད་ཀྱི། འཇིག་རྟེན་པའི་རྗེས་སུ་མཐུན་པར་བྱ་བའི་ཕྱིར་དེའང་བསྟན་ཏོ། །ང་ནི་ཛམྦུའི་གླིང་དུ་རྣ་བ་ཕུག་པའང་བསྟན་ཏེ། སེམས་ཅན་ཐམས་ཅད་ཀྱིས་ཡང་དག་པར་ངའི་རྣ་བ་དབུག་ནུས་པ་མེད་དེ། འཇིག་རྟེན་པའི་རྗེས་སུ་མཐུན་པར་བྱ་བའི་ཕྱིར་དེའང་མངོན་པར་བསྟན་ཏོ། །རིན་པོ་ཆེ་ལས་རྣ་ཆ་སེང་གེ་ཅན་བྱས་ཏེ། ངའི་རྣ་བ་ལ་བཏགས་མོད་ཀྱི། ང་ནི་བསྐལ་པ་ཚད་མེད་པའི་བར་དུ་བརྒྱན་པའི་རྒྱན་ཡོངས་སུ་སྤངས་ཏེ། འཇིག་རྟེན་པའི་རྗེས་སུ་མཐུན་པར་བྱ་བའི་ཕྱིར་དེའང་བསྟན་ཏོ། །ཡི་གེའི་གྲཝར་ཡིག་རྩིས་ཀྱང་བསླབས་ཏེ། ང་ནི་བསྐལ་པ་ཚད་མེད་པའི་བར་དུ་ཕུན་སུམ་ཚོགས་པ་དང་ལྡན་པས་ཁམས་གསུམ་དུ་བརྟགས་ན་སེམས་ཅན་གང་ཡང་ངའི་སློབ་དཔོན་དུ་འགྱུར་བ་མེད་མོད་ཀྱི། འཇིག་རྟེན་པའི་རྗེས་སུ་མཐུན་པར་བྱ་བའི་ཕྱིར་བསླབ་པའི་གྲཝར་ཞུགས་པའང་བསྟན་ཏོ། །དེ་བས་ན་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །གླང་པོ་ཆེའི་རྐྱལ་བསླབ་པ་དང ། རྟ་གདུལ་བ་དང ། སྟོབས་རྒོལ་བ་དང ། ཉམ་རྩལ་རྣམ་པ་སྣ་ཚོགས་སྦྱང་བའི་བར་དུ་བསྟན་ཏོ། །ཛམྦུའི་གླིང་དུ་རྒྱལ་ཆབ་ཀྱང་བསྟན་ཏེ། སེམས་ཅན་དག་ང་ལ་རྒྱལ་ཚབ་ཏུ་བཟུང་ནས། འདོད་པ་ལྔ་
Ka99b
ལ་རབ་ཏུ་ལོངས་སྤྱོད་པར་ཡང་མཐོང་ངོ ། །ང་ནི་བསྐལ་པ་ཚད་མེད་པའི་བར་དུ་འདོད་པ་ལྔའི་བདེ་བ་ཡོངས་སུ་སྤངས་མོད་ཀྱི། འཇིག་རྟེན་པའི་རྗེས་སུ་དེའང་བསྟན་ཏོ། །མཚན་མཁན་ཀྱིས་ངའི་མཚན་བལྟས་པ་ན། གལ་ཏེ་རབ་ཏུ་མ་བྱུང་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ཏེ། ཛམྦུའི་གླིང་ལ་དབང་བསྒྱུར་རོ་ཞེས་སེམས་ཅན་ཐམས་ཅད་ཡིད་ཆེས་སོ། །ང་ནི་བསྐལ་པ་ཚད་མེད་པའི་བར་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཐབས་བཏང་སྟེ། ཆོས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་ཞུགས་སོ། །ཛམྦུའི་གླིང་ན་བུད་མེད་མང་པོ་དང ། འདོད་པ་ལྔ་སྤངས་ཏེ། རྒ་བ་དང ། ན་བ་དང ། འཆི་བ་དང ། དགེ་སྦྱོང་མཐོང་ནས་རབ་ཏུ་བྱུང་བ་བསྟན་པས་སེམས་ཅན་ཐམས་ཅད་ཀྱིས་རྒྱལ་ཚབ་བཟང་སྦྱིན་གདོད་རབ་ཏུ་འབྱུང་ངོ་ཞེས་ཟེར་རོ། །ང་ནི་བསྐལ་པ་ཚད་མེད་པའི་བར་དུ་རབ་ཏུ་བྱུང་སྟེ་ལམ་བསྒོམས་ཀྱང ། འཇིག་རྟེན་པའི་རྗེས་སུ་མཐུན་པར་བྱ་བའི་ཕྱིར་དེའང་མངོན་པར་བསྟན་ཏོ། །ངས་ཛམྦུའི་གླིང་དུ་ཁྱིམ་ནས་ཁྱིམ་མ་ཡིན་པར་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་ཏེ་ལམ་ལ་ཤིན་ཏུ་ནན་ཏན་བྱས་པས། རྒྱུན་དུ་ཞུགས་པའི་འབྲས་བུ་དང ། ལན་གཅིག་ཕྱིར་ལྡོག་པའི་འབྲས་བུ་དང ། ཕྱིར་མི་ལྡོག་པའི་འབྲས་བུ་དང ། དགྲ་བཅོམ་པའི་འབྲས་བུའི་བར་དུ་ཐོབ་པ་བསྟན་ཏོ། །སོ་སོའི་སྐྱེ་བོ་དག་ནི་དགྲ་བཅོམ་པའི་འབྲས་བུ་
Ka100a
༄#། །ཐོབ་པར་མི་དཀའ་སྟེ། སླ་བ་ཞིག་གོ་སྙམ་དུ་སེམས་སོ། །ང་ནི་བསྐལ་པ་གྲངས་མེད་པའི་སྔ་རོལ་དུ་དགྲ་བཅོམ་པའི་འབྲས་བུ་ཐོབ་ཀྱང་སེམས་ཅན་གདུལ་པའི་ཕྱིར་དེའང་བསྟན་ཏོ། །སྙིང་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་རྩ་བཏིང་བ་ལ་འདུག་ནས་བདུད་ཀྱི་རིས་རྣམས་བཏུལ་ཏེ། སོ་སོའི་སྐྱེ་བོ་དག་ནི་ངས་གདོད་སྙིང་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་ཀྱི་རིས་རྣམས་བཏུལ་སྙམ་སེམས་ཏེ། ང་ནི་བསྐལ་པ་གྲངས་མེད་པའི་སྔ་རོལ་དུ་བདུད་ཐམས་ཅད་བཏུལ་ཟིན་མོད་ཀྱི། སེམས་ཅན་མ་དུལ་བ་དག་གདུལ་བའི་ཕྱིར་བདུད་བཏུལ་བ་དེའང་མངོན་པར་བསྟན་ཏོ། །ངས་ནི་བཤང་གཅི་ཆེ་ཆུང་དང ། དབུགས་ཕྱི་ནང་དུ་རྒྱུ་བའང་བསྟན་པས་སོ་སོའི་སྐྱེ་བོ་དག་ནི་ང་ལ་བཤང་གཅི་ཆེ་ཆུང་དང ། དབུགས་ཕྱི་ནང་དུ་རྒྱུ་བ་ཡོད་སྙམ་སེམས་ཏེ། ངའི་སྐུ་འདི་བསོད་ནམས་ཀྱི་འབྲས་བུ་ཡིན་པས་དེ་ལྟ་བུའི་བཤང་གཅི་ཆེ་ཆུང་དང ། དབུགས་ཕྱི་ནང་དུ་རྒྱུ་བའི་བག་མེད་ཀྱང་འཇིག་རྟེན་པའི་རྗེས་སུ་མཐུན་པར་བྱ་བའི་ཕྱིར་དེའང་མངོན་པར་བསྟན་ཏོ། །ངས་ནི་ཕ་རོལ་པོས་སྦྱིན་པ་བྱིན་པ་བླངས་པའང་བསྟན་ཏེ། ངའི་སྐུ་འདི་ལ་ནི་བཀྲེས་པའམ་སྐོམ་པའི་བག་མེད་དོ། །འོན་ཀྱང་འཇིག་རྟེན་པའི་རྗེས་སུ་མཐུན་པར་བྱ་བའི་ཕྱིར་དེའང་མངོན་པར་བསྟན་ཏོ། །གཞན་ཡང་སོ་སོའི་སྐྱེ་བོ་དང་མཐུན་པར་ཉལ་བ་དང་གཉིད་ལོག་པའང་བསྟན་ཏེ། ང་ནི་བསྐལ་པ་གྲངས་
Ka100b
མེད་པའི་བར་དུ་ཤིན་ཏུ་ཟབ་མོའི་ཤེས་རབ་དང་ལྡན་ཏེ། སྲིད་པ་གསུམ་དང་ཡོངས་སུ་བྲལ་ཡང ། འགྲོ་བ་དང ། སྡོད་པ་དང ། སྤྱོད་ལམ་དང ། ཀླད་པ་ན་བ་དང ། ལྟོ་ན་བ་དང ། རྒྱབ་ན་བ་དང ། འབྲུམ་བུ་དང ། བཀྲུས་པ་དང ། རྐང་པ་འཁྲུ་བ་དང ། ལག་པ་འཁྲུ་བ་དང ། གདོང་འཁྲུ་བ་དང ། ཁ་འཁྲུ་བ་དང ། སོ་ཤིང་འཆའ་བའི་བར་དུ་བསྟན་ཏེ། སོ་སོའི་སྐྱེ་བོ་དག་ནི་ང་ལ་དེ་དག་ཀུན་ཡོད་དོ་ཞེས་སེམས་ཏེ། ངའི་སྐུ་ལ་ནི་དེ་དག་གང་ཡང་མེད་དོ། །ངའི་ཞབས་པདྨོ་ལྟར་ཡོངས་སུ་དག་ཅིང་ཞལ་གྱི་དྲི་མེ་ཏོག་ཨུཏྤལ་བྲོ་མང་སོ་སོའི་སྐྱེ་བོ་དག་ནི་ང་ལ་གང་ཟག་སྙམ་དུ་སེམས་ཏེ། ཡང་དག་པར་ན་ང་ནི་གང་ཟག་མ་ཡིན་ནོ། །ངའང་ཚེམ་བུ་གྱོན་ཅིང་འཁྲུ་བ་དང ། འཚེད་པ་དང ། འཆག་པར་བསྟན་ཏེ། ང་ནི་སྔོན་ཡུན་རིང་པོ་ནས་གོས་མི་དགོས་པར་གྱུར་ཏོ། །སོ་སོའི་སྐྱེ་བོ་དག་ནི་སྒྲ་གཅན་འཛིན་ལ་ངའི་བུ་སྙམ། རྒྱལ་པོ་ཟས་གཙང་མ་ནི་ངའི་ཡབ་སྙམ། ལྷ་མཛེས་ནི་ཡུམ་སྙམ། འཇིག་རྟེན་གྱི་བདེ་བ་ལའང་ལོངས་སྤྱད་ནས་དངོས་པོ་དེ་དག་ཐམས་ཅད་བཏང་སྟེ། རབ་ཏུ་བྱུང་ནས་ལམ་ལ་ནན་ཏན་དུ་བྱེད་དོ་སྙམ་སེམས་སོ། །གཞན་ཡང་ཁ་ཅིག་ནི། རྒྱལ་པོ་ཆེན་པོའི་རྒྱལ་ཚབ་ཐུ་བོ་གཽ་ཏ་མའི་རིགས་ཆེན་པོ་ལ་གཏོགས་པའི་འཇིག་རྟེན་གྱི་བདེ་བ་ཐམས་ཅད་སྤངས་ནས་འཇིག་རྟེན་ལས་འདའ་བའི་ཆོས་ཚོལ་ལོ་སྙམ་སྟེ། ང་ནི་ཡུན་
Ka101a
༄#། །རིང་པོ་ནས་འཇིག་རྟེན་གྱི་འདོད་པའི་དངོས་པོ་ཐམས་ཅད་ཡོངས་སུ་སྤངས་ཏེ། དེ་དག་ཐམས་ཅད་ནི་བསྟན་པ་ཙམ་དུ་ཟད་དོ། །རིགས་ཀྱི་བུ། ང་ནི་ཛམྦུའི་གླིང་འདིར་ཡང་དང་ཡང་མྱ་ངན་ལས་འདས་པ་བསྟན་ཀྱང ། མཐར་ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་ཏེ། སོ་སོའི་སྐྱེ་བོ་དག་ནི་དེ་བཞིན་གཤེགས་པ་ཡང་དག་པར་འགོག་པ་ཟད་དོ་སྙམ་སྟེ་།དེ་བཞིན་གཤེགས་པ་ནི་མཐར་ཟད་པ་མ་ཡིན་པས་རྟག་ཏུ་གནས་པའི་ཆོས་ཅན། མི་འགྱུར་མི་འཕོ་བའི་ཆོས་ཅན་དུ་རིག་པར་བྱའོ། །རིགས་ཀྱི་བུ། མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་དབྱིངས་སོ། །གཞན་ཡང་ངས་ཛམྦུའི་གླིང་འདིར་འཇིག་རྟེན་དུ་མངོན་པར་འབྱུང་བ་བསྟན་ཏེ། སོ་སོའི་སྐྱེ་བོ་དག་ནི་ང་གདོད་མངོན་པར་སངས་རྒྱས་སོ་སྙམ་སེམས་ཏེ། ང་ནི་བསྐལ་པ་གྲངས་མེད་པའི་བར་དུ་བྱ་བ་ཐམས་ཅད་བྱས་ཀྱང་འཇིག་རྟེན་པའི་རྗེས་སུ་ཛམྦུའི་གླིང་འདིར་གདོད་མངོན་པར་སངས་རྒྱས་པ་བསྟན་ཏོ། །ངའང་ཛམྦུའི་གླིང་འདིར་ཚུལ་ཁྲིམས་མ་བསྡམས་ཏེ་རྩ་བ་བཞིའང་ཉམས་པ་བསྟན་པས་སོ་སོའི་སྐྱེ་བོ་དག་ནི་ཡང་དག་པར་ངས་ཚུལ་ཁྲིམས་ཉམས་སོ་སྙམ་དུ་སེམས་ཀྱང ། ང་ནི་བསྐལ་པ་ཚད་མེད་པའི་བར་དུ་ཚུལ་ཁྲིམས་བསྲུངས་པ་ལ་ཉམས་པ་མེད་དོ། །
Ka101b
ངའང་ཛམྦུའི་གླིང་འདིར་ལོག་སྲེད་ཅན་དུ་བསྟན་ཏེ། སོ་སོའི་སྐྱེ་བོ་དག་ནི་ཐམས་ཅད་ཀྱིས་ང་ལ་ལོག་སྲེད་ཅན་ཡིན་པར་སེམས་ཀྱང ། ང་ནི་ཡང་དག་པར་ལོག་སྲེད་ཅན་མ་ཡིན་ནོ། ། གལ་ཏེ་ལོག་སྲེད་ཅན་ཡིན་ན། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་གྱུར། ངའང་ཛམྦུའི་གླིང་འདིར་དགེ་འདུན་འདུམ་པའི་དབྱེན་བྱས་པ་བསྟན་ཏེ། སོ་སོའི་སྐྱེ་བོ་དག་ནི་ང་ལ་དགེ་འདུན་འདུམ་པའི་དབྱེན་བྱས་སོ་སྙམ་དུ་སེམས་ཀྱང ། ངས་རྣམ་པར་བལྟས་ན་འཇིག་རྟེན་དུ་བཅས་པ་ལྷ་དང་མིའི་ནང་ན་དགེ་འདུན་འདུམ་པའི་དབྱེན་བྱེད་ནུས་པ་མ་མཐོང་ངོ ། །ངའང་ཛམྦུའི་གླིང་འདིར་དམ་པའི་ཆོས་ཡོངས་སུ་སྲུང་བ་བསྟན་ཏེ། སོ་སོའི་སྐྱེ་བོ་དག་ནི་ང་ལ་ཆོས་སྲུང་བ་ཡིན་ནོ་སྙམ་ནས། ཐམས་ཅད་ངོ་མཚར་དུ་གྱུར་ཏེ། སངས་རྒྱས་རྣམས་ཀྱི་ཆོས་ཉིད་དེ་ཡིན་པས་དེ་ལ་ནི་ངོ་མཚར་དུ་མི་བྱའོ། །ངའང་ཛམྦུའི་གླིང་འདིར་བདུད་སྡིག་ཏོ་ཅན་གྱི་ལུས་སུ་བསྟན་ཏེ། སོ་སོའི་སྐྱེ་བོ་དག་ནི་ཡང་དག་པར་ང་ལ་བདུད་སྡིག་ཏོ་ཅན་ཡིན་ནོ་ཞེས་སེམས་ཀྱང ། ང་ནི་བསྐལ་པ་ཚད་མེད་པའི་བར་དུ་བདུད་ཀྱི་ལས་དང་ཡོངས་སུ་བྲལ་ཏེ། པདྨོ་ལྟར་ཡོངས་སུ་དག་པ་ལ་འགོ་བ་མེད་དོ། །ངའང་ཛམྦུའི་གླིང་འདིར་བུད་མེད་ཀྱི་ལུས་ཀྱིས་སངས་རྒྱས་པ་བསྟན་ཏེ། སོ་སོའི་སྐྱེ་བོ་དག་ནི་འདི་ལྟར་ངོ་མཚར་ཆེ་སྟེ། བུད་མེད་ཀྱིས་བླ་ན་མེད་པ་ཡང་དག་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་
Ka102a
༄#། །སངས་རྒྱས་སོ་སྙམ་སེམས་ཏེ། དེ་བཞིན་གཤེགས་པ་ནི་ནམ་དུ་བུད་མེད་ཀྱི་ལུས་མི་ལེན་ཀྱང་སེམས་ཅན་ཚད་མེད་པ་སྙེད་གདུལ་བའི་ཕྱིར་བུད་མེད་ཀྱི་གཟུགས་སུ་བསྟན་ཏོ། །སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བའི་ཕྱིར་གཟུགས་བྱད་རྣམ་པ་སྣ་ཚོགས་བསྟན་པ་ཡིན་ནོ། །ངའང་ཛམྦུའི་གླིང་འདིར་ལམ་རྒྱུད་བཞིར་སྐྱེ་བ་བསྟན་ཏེ། ང་ནི་ཡུན་རིང་པོ་ནམ་ལམ་གྱི་རྒྱུད་དུ་འགྱུར་བའི་རྒྱུན་བཅད་དོ། །ལས་ཀྱི་རྒྱུས་ལམ་རྒྱུད་བཞིར་ལྷུང་ནས་སེམས་ཅན་དེ་དག་གདུལ་བའི་ཕྱིར་དེ་དག་ཏུ་སྐྱེ་པའང་མངོན་པར་བསྟན་ཏོ། །ངའང་ཛམྦུའི་གླིང་འདིར་ཚངས་པའི་ལྷའི་རྒྱལ་པོ་བྱས་ཏེ། གང་ཚངས་པའི་ལྷ་ལ་རྗེད་པ་དག་ཡང་དག་པའི་ཆོས་ལ་དགོད་པའི་ཕྱིར་གྱི། ཡང་དག་པར་ཚངས་པ་ནི་མ་ཡིན་ཡང་སོ་སོའི་སྐྱེ་བོ་དག་ནི་ང་ལ་ཡང་དག་པར་ཚངས་པའི་ལྷའི་རྒྱལ་པོ་སྙམ་སེམས་ཏེ། ལྷའི་གཟུགས་སུ་ལྷ་གཞན་དག་ཏུ་བསྟན་པའང་དེ་བཞིན་ནོ། །ངའང་ཛམྦུའི་གླིང་འདིར་བུད་མེད་སྦྲུལ་འཚོང་མའི་གནས་སུ་འགྲོ་བ་བསྟན་ཏེ། ང་ལ་ནི་ཡང་དག་པར་འདོད་ཆགས་པའི་འདུ་ཤེས་མེད་ལ། པདྨོ་ལྟར་ཡོངས་སུ་དག་ཅིང་ཅིས་ཀྱང་མི་འགོའང་སེམས་ཅན་གང་འདོད་ཆགས་ཀྱིས་ཟིལ་གྱིས་ནོན་པ་དག་།ལམ་སྲང་བཞི་མདོར་དམ་པའི་ཆོས་བསྟན་པའི་ཕྱིར་གྱི། ང་ལ་ཡང་དག་པར་
Ka102b
འདོད་ཆགས་ཀྱི་སེམས་མེད་ཀྱང ། སོ་སོའི་སྐྱེ་བོ་དག་ནི་ང་ལ་བུད་མེད་ཀྱི་དབང་བྱེད་དོ་སྙམ་སེམས་སོ། །ངའང་ཛམྦུའི་གླིང་འདིར་གོས་སྔོན་པོ་གྱོན་པའི་རིགས་སུ་འགྲོ་བ་བསྟན་ཏེ།་དེའང་བྲན་མོར་གྱུར་པ་ཡང་དག་པའི་ཆོས་ལ་དགོད་པའི་ཕྱིར་གྱི། ང་ལ་ནི་ཡང་དག་པར་གོས་སྔོན་པོ་གྱོན་པའི་གནས་སུ་ལྟུང་བའི་ལས་མེད་པར་རིག་པར་བྱའོ། །ངའང་ཛམྦུའི་གླིང་འདིར་སློབ་དཔོན་ལྟ་བུར་བསྟན་ཏེ། བུས་པ་གཞོན་ནུ་ཤེད་མ་བྱེ་བ་ཡང་དག་པའི་ཆོས་ལ་དགོད་པའི་ཕྱིར་རོ། །ངའང་ཛམྦུའི་གླིང་འདིར་ཆང་འཐུང་བ་དང ། རྒྱལ་པོའི་གནས་དང ། ཕམ་རྒྱལ་གྱི་ཕྱིར་འཐབ་མོ་བྱས་པའང་བསྟན་ཏེ། དེའང་སེམས་ཅན་དེ་དག་གདུལ་ཞིང་བསྒྲལ་བའི་ཕྱིར་གྱི། ང་ལ་ནི་དེ་ལྟ་བུའི་ལས་ངན་པ་མེད་ཀྱང་སོ་སོའི་སྐྱེ་བོ་དག་ནི་ང་ལ་དེ་ལྟ་བུའི་ལས་ཀྱང་བྱེད་དོ་སྙམ་སེམས་སོ། །ངའང་ཡུན་རིང་པོར་དུར་ཁྲོད་ན་བྱ་རྒོད་ཀྱི་ལུས་སུ་བསྟན་ཏེ། དེའང་བྱ་ཐམས་ཅད་བསྒྲལ་བའི་ཕྱིར་གྱི། སོ་སོའི་སྐྱེ་བོ་དག་ནི་ང་ལ་ཡང་དག་པར་བྱ་རྒོད་ཀྱི་ལུས་སུ་སེམས་ཏེ། ང་ནི་ཡུན་རིང་པོ་ནས་ལས་དེ་ལྟ་བུ་དང་བྲལ་ཡང་བྱ་རྣམས་བསྒྲལ་བའི་ཕྱིར་དེའང་མངོན་པར་བསྟན་ཏོ། །ངའང་ཛམྦུའི་གླིང་འདིར་སེམས་ཅན་ཚད་མེད་པ་གདུལ་ཞིང ། དམ་པའི་ཆོས་ལ་དགོད་པའི་ཕྱིར་ཁྱིམ་བདག་གི་ལུས་ཀྱང་བསྟན་ཏོ། །གཞན་ཡང་རྒྱལ་པོ་དང ། བློན་པོ་དང ། རྒྱལ་བུ་དང ། བློན་པོ་ཆེན་པོར་གྱུར་
Ka103a
༄#། །ཏེ།་དེ་དག་ཀུན་ཏུའང་གཙོ་བོ་དང་ཕུལ་དུ་གྱུར་ཅིང ། དམ་པའི་ཆོས་ལ་ནན་ཏན་བྱ་བའི་ཕྱིར་རྒྱལ་པོའི་ཐབས་སུའང་ཞུགས་སོ། །ངའང་ཛམྦུའི་གླིང་འདིར་ནད་ཀྱི་བསྐལ་པ་བྱུང་ནས། སེམས་ཅན་མང་པོ་ནད་ཀྱིས་རྣམ་པར་གཟིར་བདག་སྨན་གྱིས་གསོས་ཏེ། དེའི་འོག་ཏུ་དམ་པའི་ཆོས་བསྟན་ནས་བླ་ན་མེད་པའི་བྱང་ཆུབ་ལ་བཀོད་དེ། སོ་སོའི་སྐྱེ་བོ་དག་ནི་ནད་ཀྱི་བསྐལ་པ་བྱུང་སྙམ་སེམས་སོ། །གཞན་ཡང་ཛམྦུའི་གླིང་འདིར་མུ་གེའི་བསྐལ་པ་བྱུང་བ་ན། དེ་དག་ཅི་འདོད་པ་བཞིན་བཟའ་བ་དང་བཏུང་བ་བྱིན་ནས་གདོད་དམ་པའི་ཆོས་བསྟན་ཏེ། བླ་ན་མེད་པའི་བྱང་ཆུབ་ལ་བཀོད་དོ། །གཞན་ཡང་ཛམྦུའི་གླིང་འདིར་མཚོན་གྱི་བསྐལ་པ་བྱུང་བ་ན། དེ་ལ་དམ་པའི་ཆོས་བསྟན་ཏེ། དགྲར་འཁོན་དུ་འཛིན་པ་སྤངས་ནས། བླ་ན་མེད་པའི་བྱང་ཆུབ་ལ་བཀོད་དོ། །གཞན་ཡང་རྟག་པར་འཛིན་པ་དག་ལ་མི་རྟག་པའི་འདུ་ཤེས་བསྟན་པ་དང ། བདེ་བར་འདུ་ཤེས་པ་ལ་སྡུག་བསྔལ་བའི་འདུ་ཤེས་བསྟན་པ་དང ། བདག་ཏུ་འདུ་ཤེས་པ་དག་ལ་བདག་མེད་པར་བསྟན་པ་དང ། ཡོངས་སུ་དག་པར་འདུ་ཤེས་པ་དག་ལ་ཡོངས་སུ་མ་དག་པའི་འདུ་ཤེས་བསྟན་པའི་ཕྱིར་རོ། །སེམས་ཅན་གང་ཞིག་ཁམས་གསུམ་ལ་ཆགས་ན་དེ་ལ་དམ་པའི་ཆོས་བསྟན་ཏེ་གནས་དེ་སྤོང་བར་
Ka103b
བྱེད་དོ། །སེམས་ཅན་གདུལ་ཞིང་བསྒྲལ་བའི་ཕྱིར་བླ་ན་མེད་པའི་དམ་པའི་ཆོས་སྨན་ལྟ་བུ་སྟོན་ཏོ། །ཀུན་ཏུ་ཉོན་མོངས་པའི་ཤིང་ཐམས་ཅད་གཅད་པའི་ཕྱིར་བླ་ན་མེད་པའི་ཆོས་ཀྱི་སྨན་གྱི་ཤིང་བསྐྱེད་དོ། །མུ་སྟེགས་ཅན་གྱི་ཆོས་རྣམས་གདུལ་ཞིང་བསྒྲལ་བའི་ཕྱིར་ཡང་དག་པའི་ཆོས་སྟོན་ཏོ། །སེམས་ཅན་ཐམས་ཅད་ཀྱི་སྟོན་པར་མངོན་པར་བསྟན་ཀྱང་ཐོག་མ་ནས་སེམས་ཅན་གྱི་སྟོན་པའོ་སྙམ་དུ་མི་དགོངས་སོ། །བུས་པ་མ་རབས་བསྒྲལ་བའི་ཕྱིར་དེ་དག་ཏུ་འགྲོ་བའང་མངོན་པར་སྟོན་ཏེ། ཆོས་བསྟན་པའི་ཕྱིར་གྱི། ལས་ངན་པས་དེའི་ལུས་ལེན་པ་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་དེ་ལྟར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་བདེ་བར་གནས་པ་སྟེ། དེ་བས་ན་རྟག་ཏུ་གནས་པ་མི་འགྱུར་བའི་ཆོས་ཅན་ཞེས་བྱའོ། །ཇི་ལྟར་ཛམྦུའི་གླིང་ལྟར་ཤར་གྱི་ལུས་འཕགས་གླིང་དང ། ནུབ་ཀྱི་བ་ལང་སྤྱོད་དང ། བྱང་གི་སྒྲ་མི་སྙན་ཡང་དེ་བཞིན་དུ་རྒྱས་པར་རོ། །གླིང་བཞིན་ཇི་ལྟ་བ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་དེ་བཞིན་ཏེ། སྲིད་པ་ཉི་ཤུ་ལྔ་པོ་ནི་ཇི་ལྟར་དཔའ་བར་འགྲོ་བའི་མདོ་ལས་རྒྱས་པར་བསྟན་པ་བཞིན་ནོ། །དོན་དེ་ལྟ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་
Ka104a
༄#། །ཞིག་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་བདེ་བར་གནས་ན་མངོན་པར་ཤེས་པའི་རྫུ་འཕྲུལ་འདི་ལྟ་བུ་སྟོན་པ་ལ་འཇིགས་པ་མེད་དོ། །འོད་སྲུང།་རྐྱེན་ད་ལྟ་བས་ན་ཁྱོད་ཀྱིས་སྒྲ་གཅན་འཛིན་ལ་སངས་རྒྱས་ཀྱི་སྲས་ཡིན་ནོ་ཞེས་མ་ཟེར་ཅིག་།དེ་ཅིའི་ཕྱིར་ཞེ་ན། ངས་སྔོན་བསྐལ་པ་ཚད་མེད་པའི་བར་དུ་སྲིད་པའི་འདོད་པ་དང་བྲལ་བས་དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་ཏུ་གནས་པའི་ཆོས་ཅན་མི་འགྱུར་མི་འཕོ་བ་ཞེས་བྱའོ། །འོད་སྲུང་གིས་ཡང་གསོལ་པ། ཅིའི་སླད་དུ་དེ་བཞིན་གཤེགས་པ་ལ་རྟག་ཏུ་གནས་པའི་ཆོས་ཅན་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན་མེ་མར་གུམ་ནས་གནས་དང་ཕྱོགས་ཀྱང་མ་མཆིས་པ་དེ་བཞིན་དུ་དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། མྱ་ངན་ལས་འདས་ནས་གནས་དང་ཕྱོགས་མ་མཆིས་པའང་དེ་བཞིན་ནོ་ཞེས་མ་གསུངས་སམ། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་འདི་སྐད་དུ་ཇི་ལྟར་མེ་མར་ཤི་ན་གནས་དང་ཕྱོགས་མེད་པ་བཞིན་དུ་དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། མྱ་ངན་ལས་འདས་ནས་གནས་དང་ཕྱོགས་ཀྱང་མེད་དོ། །ཞེས་མ་ཟེར་ཅིག་།རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། སྐྱེས་པའམ་བུད་མེད་གཅིག་མེ་མར་འཛུགས་ན། མར་གྱི་སྣོད་ཆེ་ཆུང་ལས་མར་གྱིས་བཀང་སྟེ་གཟུགས་
Ka104b
སོ། །ཇི་སྲིད་མར་ཡོད་ཀྱི་བར་དུ་ནི་སྣང་བའང་ཡོད་དོ། །ཅི་སྟེ་མར་ཟད་ན་སྣང་བའང་མེད་པར་འགྱུར་རོ། །སྣང་བ་མེད་པར་གྱུར་པ་ནི་ཉོན་མོངས་པ་ཟད་པ་ལྟ་བུའོ། །སྣང་བ་ཟད་དེ་མེད་པར་སོང་ཡང་མེ་མར་གྱི་སྣོད་མེད་པར་འགྱུར་བ་མ་ཡིན་ཏེ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཉོན་མོངས་པ་ཟད་དེ་མེད་ཀྱང་ཆོས་ཀྱི་སྐུ་ནི་རྟག་ཏུ་ཡོད་དོ། །རིགས་ཀྱི་བུ་ཁྱོད་ཀྱི་ཡིད་ལ་ཇི་སྙམ་སྣང་བ་དང ། མེ་མར་གྱི་སྣོད་ཅིག་ཅར་མེད་པར་འགྱུར་རམ། འོད་སྲུང་གིས་གསོལ་པ། མ་ལགས་སོ། །བཅོམ་ལྡན་འདས། ཅིག་ཅར་མ་མཆིས་པ་མ་ལགས་ཀྱང་མི་རྟག་པར་འདྲའོ། །ཅི་སྟེ་ཆོས་ཀྱི་སྐུ་མར་གྱི་སྣོད་དང་འདྲ་ན། མར་མེའི་སྣོད་མི་རྟག་པས་ཆོས་ཀྱི་སྐུའང་དེ་དང་འདྲ་བར་མི་རྟག་པར་འགྱུར་རོ། །རིགས་ཀྱི་བུ་ཁྱོད་དེ་སྐད་ཅེས་མ་སྨྲ་ཞིག་།འཇིག་རྟེན་ན་སྣོད་ཅེས་བྱ་བར་གྲགས་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བླ་ན་མེད་པའི་ཆོས་ཀྱི་སྣོད་ཅེས་བྱ་བ་སྣོད་ནི་མི་རྟག་པ་ཡིན་ཡང་དེ་བཞིན་གཤེགས་པ་ནི་མ་ཡིན་ནོ། །ཆོས་ཐམས་ཅད་ལ་མྱ་ངན་ལས་འདའ་བ་ནི་རྟག་པ་སྟེ། དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡིན་པས་རྟག་པ་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། མེ་མར་ཟད་ཅེས་བྱ་བ་ནི་དགྲ་བཅོམ་པའི་མྱ་ངན་ལས་འདའ་བ་ལ་བྱའོ། །འདོད་པའི་ཉོན་མོངས་པ་ཐམས་ཅད་མེད་པར་བྱས་པས་ན་མེ་མར་ཟད་པ་ལྟ་བུའོ། །ལན་
Ka105a
༄#། །གཅིག་ཕྱིར་མི་ལྡོག་པ་ནི་འདོད་པ་དང་བཅས་པ་སྟེ། འདོད་པ་དང་བཅས་པས་མེ་མར་ཟད་པ་ལྟ་བུ་ཞེས་བྱར་མི་རུང་ངོ ། །དེ་བས་ན་ངས་སྔོན་མཚན་མ་དགག་པའི་ཕྱིར་མེ་མར་ཟད་པ་ལྟ་བུའོ་ཞེས་བཤད་ཀྱི། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ནི་མེ་མར་ཟད་པ་ལྟ་བུ་མ་ཡིན་ནོ། །ལན་གཅིག་ཕྱིར་མི་ལྡོག་ཅེས་བྱ་བ་ནི་ཡང་དང་ཡང་ལྡོག་པ་མ་ཡིན། སྲིད་པ་ཉི་ཤུ་ལྔ་པོར་ཕྱིར་མི་ལྡོག་ཅིང ། ལུས་མནམ་པོ་དང ། ལུས་སྲིན་ཅན་དང ། ལུས་གདུག་པ་ཅན་མི་ལེན་པས་ན་ཕྱིར་མི་ལྡོག་པ་ཞེས་བྱའོ། །ལུས་ཡང་ལེན་པ་ནི་ཕྱིར་ལྡོག་པ་ཞེས་བྱ་ཡང་ལུས་མི་ལེན་པ་ནི་ཕྱིར་མི་ལྡོག་པ་ཞེས་བྱའོ། །སོང་བ་དང་ལྡོག་པ་ཡོད་པས་ཕྱིར་ལྡོག་པ་ཞེས་བྱ། སོང་བ་དང་ལྡོག་པ་མེད་པས་ཕྱིར་མི་ལྡོག་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་དགོངས་ཏེ་གསུངས་པའི་སྙིང་པོ་མཆིས་སོ་ཞེས་བགྱི་བའི་དོན་དེ་ལྟ་མ་ལགས་སོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ལ་དགོངས་ཏེ་གསུངས་པའི་བརྗོད་པ་ནི་མངའི། །དགོངས་ཏེ་གསུངས་པའི་སྙིང་པོ་ཞེས་བགྱི་བ་ནི་མ་མཆིས་སོ། །དཔེར་ན། སྒྱུ་མ་མཁན་ཞིག་གིས་ཤིང་གི་འཁྲུལ་འཁོར་གྱི་མི་ཞིག་བགྱིས་
Ka105b
ན།་ཤིང་གི་མི་དེ་ནི་ཀུན་གྱིས་ཀྱང་མཐོང་བར་རུང་གི་།བརྐྱང་བ་དང ། བསྐུམ་པ་དང ། དགྱེ་པ་དང ། རྒུ་བ་ནི་ནང་ནས་བསྒྱུར་བར་མི་འཚལ་ཏོ། །སངས་རྒྱས་ཀྱི་ཆོས་ནི་དེ་ལྟ་བུ་མ་ལགས་ཏེ། སེམས་ཅན་ཐམས་ཅད་ཀྱིས་མཐོང་ཞིང་ཤེས་པར་བགྱི་བ་ལགས་ན། ཅིའི་སླད་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགོངས་ཏེ་གསུངས་པའི་སྙིང་པོ་མཆིས་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། ཤིན་ཏུ་ལེགས་སོ། །ཤིན་ཏུ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་སྨྲས་པ་བཞིན་ཏེ། དེ་བཞིན་གཤེགས་པ་ལ་ཡང་དག་པར་ན་དགོངས་ཏེ་གསུངས་པའི་སྙིང་པོ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། སྟོན་གྱི་ཟླ་བ་ཉ་བ་ནི་སྟེང་གི་ནམ་མཁའ་ལ་ཤིན་ཏུ་གསལ་བར་སྣང་བས་བསྒྲིབས་པ་མེད་པའི་ཕྱིར་སྐྱེ་བོ་ཐམས་ཅད་ཀྱིས་མཐོང་ངོ ། །དེ་བཞིན་གཤེགས་པའི་བཀའ་ཡང་དེ་དང་འདྲ་བར་ཤིན་ཏུ་གསལ་ཞིང་རྣམ་པར་དག་ཀྱང ། བྱིས་པ་མ་རབས་ཀྱིས་མི་ཤེས་པའི་ཕྱིར་ན་དགོངས་ཏེ་གསུངས་པའི་སྙིང་པོ་ཞེས་བྱའོ། །མཁས་པ་ཤེས་རབ་ཅན་དག་གིས་ཁོང་དུ་ཆུད་པས་གསང་བ་ཞེས་མི་བྱའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། མི་ཞིག་གསེར་དངུལ་མང་དུ་བསགས་ཏེ། སྲང་གྲངས་མེད་པར་ཕྱིན་ཀྱང་སེར་སྣ་བྱེད་དེ། དབུལ་ཕོངས་པ་ལ་སྦྱིན་པ་མི་བྱེད་པ་ནི་གསོག་པས་གསང་བའི་མཛོད་
Ka106a
༄#། །ཅེས་བྱའི། དེ་བཞིན་གཤེགས་པ་ནི་དེ་ལྟ་བུ་མ་ཡིན་ཏེ། བསྐལ་པ་ཚད་མེད་པའི་བར་དུ་དམ་པའི་ཆོས་རིན་པོ་ཆེ་ཚད་མེད་པ་བསགས་པ་སེར་སྣ་མེད་པར་སེམས་ཅན་ཐམས་ཅད་ལ་རྟག་ཏུ་སྦྱིན་པ་བྱེད་ན། ཅིའི་ཕྱིར་དེ་བཞིན་གཤེགས་པ་ལ་དགོངས་ཏེ་གསུངས་པའི་སྙིང་པོ་ཡོད་ཅེས་བྱ། རིགས་ཀྱི་བུ། འདི་ལྟ་སྟེ།་དཔེར་ན། མི་ཞིག་དབང་པོ་མ་ཚང་བ། མིག་ཡ་གཅིག་གམ། ལག་པ་ཡ་གཅིག་གམ། རྐང་པ་ཡ་གཅིག་མ་ཚང་ན་ངོ་ཚ་བའི་ཕྱིར་གཞན་གྱིས་མི་མཐོང་བར་བྱེད་པས་གསང་བ་ཞེས་བྱའོ། །དེ་བཞིན་གཤེགས་པ་ནི་དེ་ལྟ་བུ་མ་ཡིན་ཏེ། དམ་པའི་ཆོས་ཐམས་ཅད་ཕུན་སུམ་ཚོགས་ཏེ་ཉམས་པ་མེད་པས་སྐྱེ་བོ་ཀུན་མཐོང་བར་བྱེད་ན། ཅིའི་ཕྱིར་དེ་བཞིན་གཤེགས་པ་ལ་དགོངས་ཏེ་གསུངས་པའི་སྙིང་པོ་ཡོད་ཅེས་བྱ། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། མི་དབུལ་པོ་ཞིག་ལ་བུ་ལོན་མང་པོ་ཆགས་ན། བུ་ལོན་དེད་པས་འཇིགས་ཏེ་མི་མཐོང་བར་བྱ་བའི་ཕྱིར་ན་གསང་བ་ཞེས་བྱའོ། །དེ་བཞིན་གཤེགས་པ་ནི་དེ་ལྟ་བུ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་འཇིག་རྟེན་གྱི་ཆོས་ཀྱང་མ་ཆགས་ལ། སེམས་ཅན་ལ་འཇིག་རྟེན་ལས་འདས་པའི་ཆོས་ཆགས་ཀྱང་མི་གསང་ངོ ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་དགོངས་
Ka106b
ཏེ་བླ་ན་མེད་པའི་ཆོས་འབྱེད་ཅིང་སྟོན་ཏོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཁྱིམ་བདག་ཕྱུག་པོ་ཞིག་ལ་བུ་གཅིག་ལས་མེད་དེ། ཤིན་ཏུ་སྡུག་ཅིང་བྱམས་ན། རིན་པོ་ཆེ་ཅི་བདོག་པ་ཐམས་ཅད་སྟོན་ཏོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་གཟིགས་སོ། །རིགས་ཀྱི་བུ། འདི་ལྟ་སྟེ།་འཇིག་རྟེན་ན་མི་དག་ནི་ཕོ་མོའི་མཚན་མི་སྡུག་པའི་ཕྱིར་གོས་ཀྱིས་འགེབས་པས་ན་གསང་བ་ཞེས་བྱའོ། །དེ་བཞིན་གཤེགས་པ་ནི་དེ་ལྟ་བུ་མ་ཡིན་ཏེ། དབང་པོ་ལས་རིང་དུ་གྱུར་ཏེ། དབང་པོའི་ཕ་རོལ་ཏུ་གྱུར་པས་གསང་ཞིང་གབ་པ་མེད་དོ། །རིགས་ཀྱི་བུ། འདི་ལྟ་སྟེ། བྲམ་ཟེ་དག་ནི་ཚིག་ཏུ་སྨྲ་བའི་གཙུག་ལག་ཐམས་ཅད་རྒྱལ་རིགས་དང ། གདོལ་རིགས་ཀྱིས་ཐོས་པར་མི་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། སྨྲ་བའི་གཙུག་ལག་ལ་ཉེས་པའི་སྐྱོན་ཡོད་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་དམ་པའི་ཆོས་ནི་དེ་ལྟ་མ་ཡིན་ཏེ། ཐོག་མ་དང ། ཐ་མ་དང ། བར་དུ་ཡང་དགེ་བས་གསང་བ་ཞེས་བྱར་མི་རུང་ངོ ། །རིགས་ཀྱི་བུ། དཔེར་ན། ཁྱིམ་བདག་གཅིག་ལ་བུ་གཅིག་ལས་མེད་དེ། ཤིན་ཏུ་སྡུག་ཅིང་བྱམས་པའི་ཕྱིར་སློབ་དཔོན་གྱི་གན་དུ་ཁྲིད་ནས་བསླབ་པ་སློབ་ཏུ་བཅུག་ན། མྱུར་དུ་མི་ལོབས་སུ་དོགས་པས་སྡུག་པའི་ཕྱིར་ཁྱིམ་དུ་ཁྲིད་ནས་ཉིན་མཚན་དུ་བརྩོན་འགྲུས་བསྐྱེད།
Ka107a
༄#། །དེ།་ཡི་གེ་ཕྱེད་སློབ་ཅིང་སྟོན་གྱི། གཙུག་ལག་ཆེན་པོ་མི་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ན་སོ་གཞོན་ལ་ཤེད་མ་རྫོགས་པས་ལྡོབ་པའི་མཐུ་མེད་པའི་ཕྱིར་རོ། །རིགས་ཀྱི་བུ། ཁྱིམ་བདག་དེས་ཡི་གེ་ཕྱེད་བསླབས་ན། བུ་དེས་དེའི་ཚེ་གཙུག་ལག་ཆེན་པོ་ཤེས་ཤིང་རྟོགས་པར་འགྱུར་རམ། གསོལ་པ། མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཁྱིམ་བདག་དེས་བུ་དེ་ལ་གསང་བ་ཡིན་ནམ། གསོལ་པ། མ་ལགས་སོ། །བཅོམ་ལྡན་འདས། དེ་ཅིའི་སླད་དུ་ཞེ་ན། བུ་ན་སོ་གཞོན་ཏེ་མི་ལྡོབ་པའི་སླད་དུ་མ་བསྟན་གྱི། སེར་སྣ་བྱས་ཏེ་གསང་བའི་སླད་དུ་མ་བསྟན་པ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། སེར་སྣའི་སེམས་དང་བཅས་པ་ནི་གསང་བ་ཞེས་བགྱི་ན། དེ་བཞིན་གཤེགས་པ་ནི་དེ་ལྟ་བུ་མ་ལགས་ཏེ། དགོངས་ཏེ་གསུངས་པའི་སྙིང་པོ་མཆིས་ཞེས་བགྱིར་མི་རུང་ངོ ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་ཤིན་ཏུ་ལེགས་སོ། །ཤིན་ཏུ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་སྨྲས་པ་བཞིན་ཏེ། ཞེ་སྡང་གི་སེམས་དང ། ཕྲག་དོག་དང ། སེར་སྣའི་སེམས་དང་བཅས་པ་ནི་གསང་བ་ཞེས་བྱའི། དེ་བཞིན་གཤེགས་པ་ལ་ནི་ཞེ་སྡང་བ་དང ། ཕྲག་དོག་དང ། སེར་སྣའི་ཐུགས་མི་མངའ་བས་ན་གསང་བ་ཡོད་དོ་ཞེས་བྱར་མི་རུང་ངོ ། །རིགས་ཀྱི་བུ། ཁྱིམ་བདག་
Ka107b
ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྟ་བུའོ། །བུ་གཅིག་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་བྱ་སྟེ། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་གཟིགས་སོ། །བུ་སློབ་པ་ནི་ཉན་ཐོས་ཀྱི་ཉེ་གནས་ལྟ་བུའོ། །ཡི་གེ་ཕྱེད་ཅེས་བྱ་བ་ནི་ཡི་གེ་སྡེ་དགུ་པོ་ལྟ་བུའོ། །གཙུག་ལག་ཆེན་པོ་ཞེས་བྱ་བ་ནི་ཤིན་ཏུ་རྒྱས་པ་ཐེག་པ་ཆེན་པོའི་མདོ་སྡེ་ལྟ་བུའོ། །ཉན་ཐོས་ཀྱི་རྣམས་ལ་ཤེས་རབ་ཀྱི་མཐུ་མེད་པས་དེ་བཞིན་གཤེགས་པས་ཡི་གེ་ཕྱེད་ལྟ་བུ་མདོ་སྡེ་དགུ་པོ་བཤད་ཀྱི། གཙུག་ལག་ཆེན་པོ་ལྟ་བུ་ཤིན་ཏུ་རྒྱས་པ་ཐེག་པ་ཆེན་པོའི་མདོ་སྡེ་མ་བཤད་དོ། །རིགས་ཀྱི་བུ། ཁྱིམ་བདག་གི་བུ་ཤེད་རྫོགས་ཏེ་ལྡོབ་པའི་མཐུ་ཡོད་བཞིན་དུ་གཙུག་ལག་ཆེན་པོ་མ་བསླབས་ན་གསང་བ་ཞེས་བྱའོ། །ཉན་ཐོས་ཀྱང་གལ་ཏེ་ཐེག་པ་ཆེན་པོའི་གཙུག་ལག་ལྡོབ་པའི་མཐུ་ཡོད་པར་གྱུར་ལ། དེ་བཞིན་གཤེགས་པས་སེར་སྣ་མཛད་དེ་མ་བསྟན་ན། དེ་བཞིན་གཤེགས་པ་ལ་དགོངས་ཏེ་གསུངས་པའི་སྙིང་པོ་ཡོད་ཅེས་བྱར་རུང་ངོ ། །དེ་བཞིན་གཤེགས་པ་ནི་དེ་ལྟ་བུ་མ་ཡིན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ལ་དགོངས་ཏེ་གསུངས་པའི་སྙིང་པོ་མེད་དོ། །ཇི་ལྟར་ཁྱིམ་བདག་དེས་སྔར་བུ་ད་ལ་ཡི་གེ་ཕྱེད་པོ་བསྟན་ནས། དེའི་འོག་ཏུ་གཙུག་ལག་ཆེན་པོ་སྟོན་པ་བཞིན་དུ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཉེ་གནས་རྣམས་ལ་སྔར་ཡི་གེ་
Ka108a
༄#། །ཕྱེད་ལྟ་བུ་མདོ་སྡེ་དགུ་པོ་བསྟན་ནས་དེའི་འོག་ཏུ་གཙུག་ལག་ཆེན་པོ་སྟོན་པ་ནི། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ནི་རྟག་ཏུ་གནས་པའི་ཆོས་ཅན་མི་འགྱུར་མི་འཕོ་བ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། དབྱར་གྱི་དུས་སུ་ཆར་སྤྲིན་ཆེན་པོ་ལངས་ཏེ་ཆར་པ་ཆེན་པོ་བབ་ན་ཞིང་པ་ཞིང་ལས་བྱེད་པ་ས་བོན་མང་དུ་བཏབ་པ་རྣམས་ཀྱིས་ནི་ལོ་ཐོག་མང་དུ་ཐོབ་པར་འགྱུར་རོ། །གང་ས་བོན་ཉུང་དུ་བཏབ་པ་རྣམས་ཀྱིས་ནི་ལོ་ཐོག་ཉུང་ངུ་ཐོབ་སྟེ། དེ་ནི་ཀླུའི་རྒྱལ་པོས་ཉེས་པ་མ་ཡིན་ལ། ཀླུའི་རྒྱལ་པོས་གསང་བའང་མ་ཡིན་ནོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཆོས་ཆེན་པོའི་ཆར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཕབ་པས་སེམས་ཅན་གང་དགེ་བའི་འབྲས་བུ་བསྐྱེད་པ་དག་ནི་ཤེས་རབ་ཀྱི་མྱུ་གུ་དང་འབྲས་བུ་ཐོབ་པར་འགྱུར། དགེ་བའི་ས་བོན་མེད་པ་ནི་ཅིའང་མ་ཐོབ་སྟེ། ཅིའང་མ་ཐོབ་པ་ནི་དེ་བཞིན་གཤེགས་པས་ཉེས་པ་མ་ཡིན་ལ། དེ་བཞིན་གཤེགས་པ་ལ་ཡང་དག་པར་ན་གསང་བའང་མེད་དོ། །འོད་སྲུང་གིས་ཡང་གསོལ་པ། བདག་གིས་ནི་སངས་རྒྱས་བཅོམ་ལྡན་འདས་ལ་དགོངས་ཏེ་གསུངས་པའི་གསང་བའི་སྙིང་པོ་མ་མཆིས་པར་རྟོགས་ན། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་གཙུག་ལག་ཆེན་པོ་ནི་དེ་བཞིན་གཤེགས་
Ka108b
པས་རྟག་ཏུ་གནས་པའི་ཆོས་ཅན་མི་འགྱུར་མི་འཕོ་བ་ལྟ་བུའོ་ཞེས་བགྱི་བ་དེ་མི་རུང་ངོ ། །དེ་ཅིའི་སླད་དུ་ཞེ་ན། སྔོན་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་སྐད་ཅེས་གསུངས་སོ། །དེ་བཞིན་གཤེགས་དང་རང་རྒྱལ་དང ། །ཉན་ཐོས་པ་ཡི་ཉེ་གནས་ཀྱང ། །མི་རྟག་པ་ཡི་ལུས་འདོར་ན། །བུས་པ་མ་རབས་སྨོས་ཅི་དགོས། །ཞེས་གསུངས་ལ། ད་འདིར་རྟག་ཏུ་གནས་པ་མི་འགྱུར་མི་འཕོ་བ་ཞེས་གསུངས་པའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་ནི་ཉན་ཐོས་པའི་ཉེ་གནས་ཐམས་ཅད་ལ་ཡི་གེ་ཕྱེད་པོ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་དེ་སྐད་ཅེས་གསུངས་པ་ཡིན་ནོ། །རིགས་ཀྱི་བུ། གཞན་ཡང་རྒྱལ་པོ་རབ་ཏུ་སྡེ་ཕམ་བྱེད་ཀྱི་མ་ཤི་བ་ན། རྒྱལ་པོ་མྱ་ངན་གྱིས་ནོན་ཏེ་རབ་ཏུ་ངུ་ཞིང ། ཡིད་ལ་གཅགས་བཞིན་དུ་ང་གང་ན་བར་འོངས་ནས་ངས་རྒྱལ་པོ་ལ་མཁྱེན་བཞིན་དུ་རྒྱལ་པོ་ཆེན་པོ་ཅིའི་ཕྱིར་རབ་ཏུ་སྡུག་བསྔལ་ཞིང་ཡི་མུག་པར་གྱུར་ཅེས་དྲིས་ན། རྒྱལ་པོས་གསོལ་པ། བཙུན་མོ་ཆེན་མོ་དེང་ཚེའི་བྱ་བ་བྱས་ཏེ། གལ་ཏེ་སུ་ཞིག་གིས་བདག་གི་མའི་ཚེ་སླར་བཟློག་ན། བདག་གིས་རྒྱལ་ཐབས་དང ། བལ་གླང་དང ། རྟ་དང ། རིན་པོ་ཆེ་སྣ་བདུན་དང ། ལུས་དང ། སྲོག་ཀྱང་འབུལ་ལོ་ཞེས་སྨྲས་སོ། །ངས་རྒྱལ་པོ་དེ་ལ་འདི་སྐད་དུ་རྒྱལ་པོ་ཆེན་པོ་མྱ་ངན་གྱིས་ཡིད་གདུངས་པར་མ་བྱེད་
Ka109a
༄#། །ཅིག་།སེམས་ཅན་ཐམས་ཅད་ཚེ་ཟད་དེ་ཤི་ཞེས་བྱ་བ་ཡོད་དོ། །སངས་རྒྱས་དང ། རང་སངས་རྒྱས་དང ། ཉན་ཐོས་རྣམས་ཀྱང་ལུས་འདོར་ན། བུས་པ་མ་རབས་ལྟ་ཅི་སྨོས་ཏེ། རིགས་ཀྱི་བུ། ངས་རྒྱལ་པོ་དེའི་མྱ་ངན་བསང་བའི་ཕྱིར་ཡི་གེ་ཕྱེད་པོའི་ཚིགས་སུ་བཅད་པ་དེ་དག་གསུངས་པ་ཡིན་ནོ། །ངས་ད་ཉན་ཐོས་ཀྱི་ཉེ་གནས་རྣམས་ལ་གཙུག་ལག་ཆེན་པོ་བསྟན་ཏེ། དེ་བཞིན་གཤེགས་པ་ནི་རྟག་ཏུ་གནས་པ་མི་འགྱུར་མི་འཕོ་བའོ། །ཞེས་གསུངས་པ་ལ། དེ་ལ་གང་ཟག་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་མི་རྟག་ཅེས་ཟེར་ན་དེའི་ལྕེ་ཅི་སྟེ་ཆད་པར་མ་གྱུར། འོད་སྲུང་གིས་ཡང་གསོལ་པ། བཅོམ་ལྡན་འདས་ཀྱིས་ཡང་ཚིགས་སུ་བཅད་པ་ལ་འདི་སྐད་ཅེས་མ་གསུངས་སམ།་ཅིའང་གསོག་པ་མེད་ཅིང ། །ཟས་ཀྱི་ཚོད་ཀྱང་ཤེས་པ། །མཁའ་ལ་བྱ་འཕུར་བཞིན་ཏེ། །རྗེས་ནི་སུས་ཀྱང་མི་ཆོད། །ཅེས་བགྱི་བའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་འདིའི་ནང་ན་ཅིའང་མི་གསོག་ཅེས་བགྱི་བ་ནི་གང་ལགས། ཟས་ཀྱི་ཚོད་འཛིན་པ་ནི་གང་ལགས། ནམ་མཁའ་ལ་བྱ་འཕུར་བ་ལྟར་རྗེས་མི་རྙེད་པ་དེ་ལྟ་བུ་ནི་སུ། སོང་བ་དེ་ཡང་ཕྱོགས་གང་དུ་ཕྱིན་པར་གྱུར། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། གསོག་པ་ཞེས་བྱ་བ་ནི་ནོར་བུ་རིན་པོ་ཆེའོ། །རིགས་ཀྱི་བུ།
Ka109b
གསོག་པ་ལ་རྣམ་པ་གཉིས་ཏེ། འདུས་བྱས་དང ། འདུས་མ་བྱས་པའོ། །འདུས་བྱས་ཀྱི་གསོག་པ་ནི་ཉན་ཐོས་ཀྱི་སྤྱོད་པ་ལ་བྱའོ། །འདུས་མ་བྱས་པའི་གསོག་པ་ནི་དེ་བཞིན་གཤེགས་པའི་སྤྱོད་པའོ། །རིགས་ཀྱི་བུ། དགེ་འདུན་ལའང་རྣམ་པ་གཉིས་ཏེ། འདུས་བྱས་དང ། འདུས་མ་བྱས་པའོ། །འདུས་བྱས་ཀྱི་དགེ་འདུན་ཞེས་བྱ་བ་ནི་ཉན་ཐོས་སོ། །ཉན་ཐོས་ཀྱི་དགེ་འདུན་ཞེས་བྱ་བ་ནི་གསོག་པ་མེད་པའོ། །ཅི་མི་གསོག་ཅེ་ན། བྲན་ཕོ་དང ། བྲན་མོ་དང ། ཆོས་མ་ཡིན་པའི་དངོས་པོ་བང་མཛོད་དང ། ཁྲེ་འབྲས་དང ། ཏིལ་དང ། ཟར་མ་དང།་སྲན་མ་ཆེ་ཆུང་ལ་སོགས་པ་མི་གསོག་པའོ། །དེ་ལ་གང་ཞིག་གིས་འདི་སྐད་དུ་དེ་བཞིན་གཤེགས་པས་བྲན་ཕོ་དང ། བྲན་མོ་དང ། ལས་བྱེད་པའི་མི་ལ་སོགས་པ་འཆང་དུ་གནང་ངོ་ཞེས་ཟེར་ན། དེའི་ལྕེ་ལྐུག་པར་འགྱུར་བའི་རིགས་སོ། །ངའི་ཉན་ཐོས་ཀྱི་ཉེ་གནས་དག་ནི་མི་གསོག་པ་ཞེས་ཀྱང་བྱ། ཟས་ཀྱི་ཚོད་ཤེས་པ་ཞེས་ཀྱང་བྱ་སྟེ། གང་ཟས་ལ་ཆགས་པ་ནི་ཆོག་མི་ཤེས་པ་ཞེས་བྱ། གང་ཟས་ལ་མ་ཆགས་པ་ནི་ཆོག་ཤེས་པ་ཞེས་བྱའོ། །རྗེས་མི་ཆོད་ཅེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ལ་བསྙེན་པ་སྟེ་།གང་ཟག་དེ་ནི་ངས་གསུངས་པ་ལྟར་སོང་མོད་ཀྱི། ཕྱིན་པའི་གནས་མེད་དོ། །འོད་སྲུང་གིས་ཡང་གསོལ་པ། འདུས་བྱས་ཀྱི་དགེ་འདུན་ལའང་མི་གསོག་པ་ཞེས་བགྱི་ན། འདུས་མ་
Ka110a
༄#། །བྱས་པའི་དགེ་འདུན་ལྟ་ཅི་སྨོས་ཏེ། དེ་ནི་དེ་བཞིན་གཤེགས་པ་ལ་བགྱི་ན། དེ་བཞིན་གཤེགས་པ་ལ་གསོག་པ་ག་ལ་ཞིག་མཆིས། གསོག་པ་ཞེས་བགྱི་བ་ནི་གསང་བའམ་སྦེད་པ་ལ་བགྱི་ན། དེ་བཞིན་གཤེགས་པ་ནི་གསུང་ལ་སེར་སྣ་མི་མངའ་བས་གསང་བ་ཞེས་བགྱིར་མི་རུང་ངོ ། །རྗེས་མི་ཆོད་ཅེས་བྱ་བ་ནི་འདི་ལྟ་སྟེ། མྱ་ངན་ལས་འདས་པའོ། །མྱ་ངན་ལས་འདས་པ་ཉི་ཟླ་དང ། སྐར་མ་དང ། གཟའ་སྐར་དང ། གྲང་བ་དང ། ཚ་བ་དང ། རླུང་དང ། ཆར་པ་དང ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། སྲིད་པ་ཉི་ཤུ་ལྔ་པོའང་མ་མཆིས་ལ། མྱ་ངན་དང ། སྡུག་བསྔལ་དང ། ཉོན་མོངས་པ་དང་བྲལ་བའོ། །དེ་ལྟར་མྱ་ངན་ལས་འདས་པ་ནི་དེ་བཞིན་གཤེགས་པའི་གནས་རྟག་པ་མི་འགྱུར་མི་འཕོ་བ་སྟེ། རྒྱུ་དང་རྐྱེན་དེ་ལྟ་བས་ན་དེ་བཞིན་གཤེགས་པ་ནི་ཤིང་སཱ་ལའི་དྲུང་དུ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཆེན་པོ་ཞེས་བྱ་བ་ནི་རང་བཞིན་ཉིད་ཡངས་ཤིང་རྒྱ་ཆེ་བའོ། །དཔེར་ན།་གང་ཟག་གཅིག་ཚེ་ལོ་གྲངས་མེད་པར་ཐུབ་པས་ན་སྐྱེས་བུ་ཆེན་པོ་ཞེས་བྱའོ། །གལ་ཏེ་དམ་པའི་ཆོས་ལ་བདེ་བར་གནས་ན་མིའི་ནང་དུ་ཕུལ་དུ་གྱུར་པ་ཞེས་བྱའོ། །ངས་
Ka110b
སྐྱེས་བུ་ཆེན་པོ་བརྒྱད་ཅེས་གསུངས་པ་གང་ཟག་གཅིག་འབའ་ཞིག་གིས་ཐོབ་པའམ་ཀུན་གྱིས་ཐོབ་པར་རུང ། གལ་ཏེ་མི་གཅིག་གིས་བརྒྱད་ཆར་ལྡན་ན། དེ་ནི་མཆོག་དང་ཕུལ་དུ་གྱུར་པ་ཞེས་བྱའོ། །མྱ་ངན་ལས་འདའ་བ་ཞེས་བྱ་བ་ནི་ཉེས་པའི་སྐྱོན་མེད་པ་སྟེ། རིགས་ཀྱི་བུ། དཔེར་ན། མི་ཞིག་དུག་མདས་ཕོག་ན་ན་བའི་སྡུག་བསྔལ་ཆེན་པོ་མྱོང་ངོ ། །དེ་གལ་ཏེ་སྨན་པ་མཁས་པ་དང་ཕྲད་ན། སྨན་པས་སྨན་བཟང་པོས་བསྐུས་པས་ན་བའི་སྡུག་བསྔལ་དང་བྲལ་ཏེ་རབ་ཏུ་བདེ་བར་འགྱུར་ལ། སྨན་པ་དེའང་གྲོང་དང ། གྲོང་ཁྱེར་དང ། གྲོང་འདབ་ཏུ་རྒྱུ་ཞིང་གང་ན་རྨ་བྱུང་བའི་སྡུག་བསྔལ་བ་ཐམས་ཅད་གསོ་ཞིང་སྡུག་བསྔལ་དང་བྲལ་བར་བྱེད་དོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། མངོན་པར་སངས་རྒྱས་ནས་སྨན་པའི་རྒྱལ་པོར་གྱུར་ཏེ། ཛམྦུའི་གླིང་ན་བསྐལ་པ་ཚད་མེད་པའི་བར་དུ་སྡུག་བསྔལ་གྱིས་རྣམ་པར་གཟིར་བའི་སེམས་ཅན་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་ཉོན་མོངས་པའི་ཟུག་རྔུས་གཟིར་ཏེ་སྡུག་བསྔལ་ཆེན་པོ་མྱོང་བ་དག་ལ་ཐེག་པ་ཆེན་པོའི་མདོ་སྡེ་བདུད་རྩི་ལྟ་བུའི་ཆོས་ཀྱི་སྨན་གྱིས་དེ་དག་གསོས་ནས་ཕྱོགས་དང་གནས་གཞན་དག་ན་ཉོན་མོངས་པའི་ཟུག་རྔུས་གཟིར་བའང་མངོན་པར་སངས་རྒྱས་པ་བསྟན་ཏེ། དེའང་འཚོ་བར་མཛད་དེ། དེ་ལྟ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་
Ka111a
༄#། །ཆེན་པོ་ཞེས་བྱའོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའི་གནས་ཏེ། སེམས་ཅན་གང་ན་གདུལ་བའི་གནས་དེར་དེ་བཞིན་གཤེགས་པའི་སྐུ་མངོན་པར་སྟོན་པས། ཤིན་ཏུ་ཟབ་མོའི་དོན་ཡང་དག་པ་འདིའི་ཕྱིར་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འཇིག་རྟེན་གྱི་སྨན་པས་སེམས་ཅན་གྱི་ནད་ཐམས་ཅད་གསོ་ནུས་སམ།་རིགས་ཀྱི་བུ། འཇིག་རྟེན་ན་ན་བ་ལ་རྣམ་པ་གཉིས་ཏེ། གསོར་རུང་བ་དང ། གསོར་མི་རུང་བའོ། །གང་གསོར་རུང་བ་ནི་སྨན་པས་གསོས་ན་འཚོའོ། །གསོར་མི་རུང་བ་ནི་སྨན་པས་གསོས་ཀྱང་མི་འཚོའོ། །འོད་སྲུང་གིས་ཡང་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན། དེ་བཞིན་གཤེགས་པའང་ཛམྦུའི་གླིང་ན་སེམས་ཅན་གསོས་སོ་ཞེས་བཀའ་སྩལ་ཏེ། གལ་ཏེ་གསོས་ན་སེམས་ཅན་གྱི་ནང་ན་ཅིའི་སླད་དུ་མྱ་ངན་ལས་མ་འདས་པའང་མང ། གལ་ཏེ་ཐམས་ཅད་ཀྱིས་མ་ཐོབ་ན། ཅིའི་སླད་དུ་དེ་བཞིན་གཤེགས་པས་ཐམས་ཅད་གསོས་ནས་ཕྱོགས་གཞན་དུའང་གཤེགས་ཞེས་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཛམྦུའི་གླིང་ན་
Ka111b
སེམས་ཅན་ལ་རྣམ་པ་གཉིས་སོ། །དད་པ་དང་བཅས་པ་དང ། དད་པ་མེད་པའོ། །གང་དད་པ་དང་བཅས་པ་ནི་གསོར་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ངེས་པར་མྱ་ངན་ལས་འདས་ཏེ་སྐྱོན་མེད་པའི་ཕྱིར་ངས་ཛམྦུའི་གླིང་གི་སེམས་ཅན་ཀུན་གསོས་སོ་ཞེས་གསུངས་སོ། །གང་དད་པ་མེད་པ་ནི་ལོག་སྲེད་ཅན་ཞེས་བྱ་སྟེ། ལོག་སྲེད་ཅན་ཞེས་བྱ་བ་ནི་གསོར་མི་རུང་བའོ། །ལོག་སྲེད་ཅན་ལ་མ་གཏོགས་པ་ཐམས་ཅད་གསོས་པས་ན། མྱ་ངན་ལས་འདའ་བ་ལ་སྐྱོན་མེད་དོ། །གསོལ་པ། བཅོམ་ལྡན་འདས། མྱ་ངན་ལས་འདའ་བ་ཞེས་བགྱི་བ་གང་ལགས། རིགས་ཀྱི་བུ། མྱ་ངན་ལས་འདའ་བ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའོ། །འོད་སྲུང་གིས་ཡང་གསོལ་པ། རྣམ་པར་གྲོལ་བ་ཞེས་བ་གྱི་བ་གཟུགས་ལགས་སམ།་འོན་ཏེ་གཟུགས་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ལ་ལ་ནི་གཟུགས་ཀྱང་ཡིན། ལ་ལ་ནི་གཟུགས་མ་ཡིན་ནོ། །གཟུགས་མ་ཡིན་པ་ནི་ཉན་ཐོས་དང ། རང་སངས་རྒྱས་ཀྱིས་རྣམ་པར་གྲོལ་བའོ། །གཟུགས་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་པར་གྲོལ་བའོ། །རིགས་ཀྱི་བུ། དེ་ལྟ་བས་ན་རྣམ་པར་གྲོལ་བ་ནི་གཟུགས་ཀྱང་ཡིན་ལ། གཟུགས་ཀྱང་མ་ཡིན་ནོ། །དེ་བཞིན་གཤེགས་པས་ཉན་ཐོས་ཀྱི་ཉེ་གནས་ལ་ནི་གཟུགས་མ་ཡིན་ནོ་ཞེས་གསུངས་སོ། །གསོལ་པ། བཅོམ་
Ka112a
༄#། །ལྡན་འདས། ཉན་ཐོས་དང་རང་སངས་རྒྱས་ལ་གལ་ཏེ་གཟུགས་མ་མཆིས་ན་ཅི་ལ་གནས། རིགས་ཀྱི་བུ། དཔེར་ན། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷ་དང་འདྲ་སྟེ། གཟུགས་ཀྱང་ཡིན་ལ། གཟུགས་ཀྱང་མ་ཡིན་པས། ངས་གཟུགས་མ་ཡིན་ཞེས་གསུངས་སོ། །གལ་ཏེ་ཁ་ཅིག་གིས་འདི་སྐད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷ་དག་གལ་ཏེ་གཟུགས་མ་ཡིན་ན་ཅི་ལ་གནས་ཏེ་འགྲོ་བ་དང ། སོང་བ་དང ། འོང་བར་འགྱུར་ཞེས་རྒོལ་ན། དེ་ལ་དོན་དེ་དག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱོད་ཡུལ་ཡིན་པས། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པ་མ་ཡིན་ཏེ། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། གཟུགས་ཀྱང་ཡིན་ལ། གཟུགས་ཀྱང་མ་ཡིན་པས། གཟུགས་མ་ཡིན་ནོ་ཞེས་གསུངས་སོ། །འདུ་ཤེས་ཀྱང་ཡིན་ལ། འདུ་ཤེས་ཀྱང་མ་ཡིན་པས་འདུ་ཤེས་མ་ཡིན་ཞེས་གསུངས་ཏེ། དོན་དེ་དག་ནི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི། ཉན་ཐོས་དང ། རང་སངས་རྒྱས་རྣམས་ཀྱིས་ཤེས་པ་མ་ཡིན་ནོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་བདུན་པ། དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་ལ་ཐུགས་
Ka112b
བརྩེ་བའི་སླད་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་རྣམ་པར་གྲོལ་བའི་དོན་ཡང་རྒྱས་པར་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། ཤིན་ཏུ་ལེགས་སོ། །ཤིན་ཏུ་ལེགས་སོ། །རིགས་ཀྱི་བུ། ཡང་དག་པར་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་གང་རྣམ་པར་བཅིང་བའི་བཅིངས་པ་ཐམས་ཅད་དང་ཡོངས་སུ་བྲལ་བའོ། །དེ་ལྟར་ཡང་དག་པར་གྲོལ་བ་ནི་བཅིངས་པ་ཐམས་ཅད་དང་ཡོངས་སུ་བྲལ་བས་སྐྱེ་བའང་མེད་ལ་འདུས་པའང་མེད་དོ། །འདི་ལྟ་སྟེ། དཔེར་ན། ཕ་མ་འདུས་ཤིང་ཕྲད་པ་ལས་བུ་བྱུང་ངོ ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་པས་ན་རྣམ་པར་གྲོལ་བ་དེ་ནི་མ་སྐྱེས་པ་ཞེས་བྱའོ། །འོད་སྲུང ། དཔེར་ན། མར་གྱི་སྙིང་པོ་ནི་རང་བཞིན་གྱིས་རྣམ་པར་དག་གོ་།དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཕ་མ་འདུས་ཤིང་ཕྲད་པའི་རྐྱེན་གྱིས་བྱུང་བ་མ་ཡིན་ཏེ། རང་བཞིན་གྱིས་ཡོངས་སུ་དག་ཀྱང་སོ་སོའི་སྐྱེ་བོ་དག་གདུལ་བའི་ཕྱིར་ཕ་མ་མངོན་པར་བསྟན་ཏོ། །ཡང་དག་པར་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་ལ་ནི་གཉིས་སུ་མེད། དབྱེར་མེད་དོ། །དཔེར་ན། དབྱར་གྱི་དུས་སུ་ས་བོན་བཏབ་ན་དྲོད་གཤེར་གྱིས་རླན་པས་དེ་མ་ཐག་ཏུ་སྐྱེ་ཞིང་འབྱུང་ངོ ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་ལྟ་མ་
Ka113a
༄#། །ཡིན་ནོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་སྟོང་ཞིང་མེད་པའོ། །སྟོང་ཞིང་མེད་པ་ནི་རྣམ་པར་གྲོལ་བའོ། །རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ནི་སྟོང་པ་མེད་པ། བྱས་པ་མ་ཡིན། བྱེད་པ་མ་ཡིན་ནོ། །བྱས་པ་ཞེས་བྱ་བ་ནི་མཁར་དང ། གྲོང་དང ། ཁང་ཁྱིམ་དང ། ཉེན་དང ། ཅོག་པར་རོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟ་བས་ན་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་འདུས་མ་བྱས་པའི་ཆོས་སོ། །འདུས་བྱས་ནི། དཔེར་ན། རྫ་མ་དང་འདྲ་སྟེ། འཇིག་པའི་ཆོས་ཅན་ནོ། །རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ཏེ། ཡང་དག་པར་རྣམ་པར་གྲོལ་བ་ནི་མ་སྐྱེས་པ། མི་འགོག་པའོ། །དེ་བས་ན་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པའང་དེ་དང་འདྲ་བར་མི་སྐྱེ། མི་འགོག། མི་རྒ། མི་འཆི། མི་འཇིག། མི་འཆག་སྟེ། འདུས་བྱས་ཀྱི་ཆོས་མ་ཡིན་ནོ། །དོན་དེ་ལྟ་བས་ན་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཏེ། མི་རྒ།་མི་འཆི་བ་ཞེས་བྱའོ། །དེའང་གང་ཞེ་ན། རྒས་ཞེས་བྱ་བ་ནི་འཕོ་ཞིང་འགྱུར་བ། སྐྲ་དཀར་བ་གདོང་ལ་གཉེར་མ་བྱུང་བའོ། །ཤི་ཞེས་བྱ་བ་ནི་ལུས་ཞིག་སྟེ་ཚེ་འཕོས་
Ka113b
པའོ། །དངོས་པོ་འདི་དག་ནི་རྣམ་པར་གྲོལ་བ་ལ་མེད་དེ། དེ་མེད་པས་ན་རྣམ་པར་གྲོལ་བ་ཞེས་བྱའོ། །དེ་བཞིན་གཤེགས་པ་ལ་སྐྲ་དཀར་བ་གདོང་ལ་གཉེར་མར་འགྱུར་བ་འདུས་བྱས་པའི་ཆོས་མེད་དོ། །དེ་བས་ན་དེ་བཞིན་གཤེགས་པ་ལ་རྒ་བ་མེད་དོ། །རྒ་བ་མེད་པས་ན་འཆི་བའང་མེད་དོ། །གཞན་ཡང་རྣམ་པར་གྲོལ་བ་ནི་ན་བ་མེད་པའོ། །ན་བ་ཞེས་བྱ་བ་ནི་ནད་བཞི་བརྒྱ་རྩ་བཞི་དང ། དེ་མ་ཡིན་པའི་རྐྱེན་གཞན་གྱིས་ལུས་ལ་གནོད་པར་འགྱུར་བའོ། །དེ་དག་གང་ཡང་མེད་པས་ན་རྣམ་པར་གྲོལ་བ་ཞེས་བྱའོ། །གང་ནད་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ་ཞེས་བྱའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ལ་ན་བ་མེད་པས་ན་ཆོས་ཀྱི་སྐུ་ལའང་ན་བ་མེད་དོ། །དེ་ལྟར་ན་བ་མེད་པས་དེ་བཞིན་གཤེགས་པ་ཞེས་བྱའོ། །ཤི་ཞེས་བྱ་བ་ནི་ལུས་ཞིག་སྟེ་ཚེ་འཕོས་པའོ། །དེ་ལ་ཤི་བ་མེད་པས་ཟིལ་མངར་ལྟ་བུའོ། ། ཟིལ་མངར་ནི་ཡང་དག་པར་རྣམ་པར་དག་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །དེ་ལྟར་དེ་བཞིན་གཤེགས་པ་ནི་དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ན། ཅིའི་ཕྱིར་དེ་བཞིན་གཤེགས་པ་ལ་མི་རྟག་ཅེས་བྱ། གལ་ཏེ་དེ་བཞིན་གཤེགས་པ་ལ་མི་རྟག་ཅེས་སྨྲ་ན། དེ་ནི་གནས་མ་ཡིན་ནོ། །དེ་ནི་རྡོ་རྗེ་
Ka114a
༄#། །ལྟ་བུའི་སྐུ་ཡིན་ན། ཅིའི་ཕྱིར་མི་རྟག་།དེ་བས་ན་དེ་བཞིན་གཤེགས་པ་ལ་ནི་ཚེ་ཟད་པ་ཞེས་མི་བྱའོ། །དེ་བཞིན་གཤེགས་པ་ནི་ཡོངས་སུ་དག་པ་དྲི་མ་མེད་པའོ། །དེ་བཞིན་གཤེགས་པའི་སྐུ་ནི་མངལ་གྱིས་མ་གོས་པ་སྟེ། མེ་ཏོག་པུཎྜ་རི་ཀ་ལྟར་རང་བཞིན་གྱིས་རྣམ་པར་དག་པའོ། །དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའང་དེ་དང་འདྲའོ། །རྣམ་པར་གྲོལ་བ་དེ་ཉིད་དེ་བཞིན་གཤེགས་པའོ། །དེ་བས་ན་དེ་བཞིན་གཤེགས་པ་ནི་ཡོངས་སུ་དག་ཅིང་དྲི་མ་མེད་པའོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཟག་པའི་རྨ་ཐམས་ཅད་ལྷག་མ་མ་ལུས་པར་ཟད་པའོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཟག་པའི་རྨ་ཐམས་ཅད་མེད་དོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་རྩོད་པ་མེད་པ་སྟེ། དཔེར་ན། མི་ལྟོགས་པ་ཞིག་ཁ་ཟས་མཐོང་ན་ཤིན་ཏུ་ཆགས་པར་འགྱུར་རོ། །རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ནོ། །གཞན་ཡང་རྣམ་པར་གྲོལ་བཞེས་བྱ་བ་ནི་བདེ་བ་ཞི་བའོ། །བུས་པ་མ་རབས་དག་ནི་དབང་སྒྱུར་ཆེན་པོ་ལ་བདེ་ཞིང་ཞི་བ་ཞེས་ཟེར་བ་ཚིག་དེ་ནི་རྫུན་ཏེ་བདེན་པ་མ་ཡིན་ནོ། །ཡང་དག་པར་བདེ་ཞིང་ཞི་བ་ནི་མཐར་རྣམ་པར་གྲོལ་བའོ། །མཐར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་རབ་ཏུ་བདེ་བའོ། །དཔེར་ན་དགྲ་མང་པོའི་
Ka114b
གནས་ནི་བདེ་བ་མ་ཡིན་ནོ། །དགྲ་མེད་པའི་གནས་ནི་རབ་ཏུ་བདེ་བ་ཞེས་བྱའོ། །རྣམ་པར་གྲོལ་བའང་འཇིགས་པ་མེད་པས་ན་རབ་ཏུ་བདེ་བ་ཞེས་བྱའོ། །དེ་བས་ན་རབ་ཏུ་བདེ་བ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཆོས་སོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་མཉམ་པའི་ཟླ་མེད་པའོ། །མཉམ་པའི་ཟླ་ཞེས་བྱ་བ་ནི། དཔེར་ན། རྒྱལ་པོ་དག་ནི་ཡུལ་ས་མཉམ་པའི་ཟླ་ཡོད་པས་མཉམ་པའོ། །རྣམ་པར་གྲོལ་བ་ལ་ནི་དེ་ལྟ་བུ་མེད་དོ། །མཉམ་པའི་ཟླ་མེད་པ་ནི། དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་ནི་མཉམ་པའི་ཟླ་མེད་དོ། །རྣམ་པར་གྲོལ་བ་ལའང་དེ་དང་འདྲ་སྟེ། མཉམ་པའི་ཟླ་མེད་དོ། །མཉམ་པའི་ཟླ་མེད་པ་ནི་ཡང་དག་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོའོ། །དེ་བས་ན་དེ་བཞིན་གཤེགས་པ་ལ་མཉམ་པའི་ཟླ་མེད་དེ། །མཉམ་པའི་ཟླ་ཡོད་ཅེས་བྱ་བའི་གནས་མེད་དོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་མྱ་ངན་མེད་པའོ། །མྱ་ངན་ཡོད་ཅེས་བྱ་བ་ནི། དཔེར་ན། རྒྱལ་པོ་དག་ཕས་རྒོལ་བའི་དགྲས་འཇིགས་པས་མྱ་ངན་བྱེད་དོ། །རྣམ་པར་གྲོལ་བ་ལ་ནི་དེ་ལྟ་བུའི་དངོས་པོ་མེད་དོ། །དཔེར་ན། དགྲ་ཀུན་བཅོམ་ན། དེ་ལ་ནི་མྱ་ངན་
Ka115a
༄#། །ནམ་དོགས་པ་མེད་དོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། མྱ་ངན་ནམ་འཇིགས་པ་མེད་པའོ། །མྱ་ངན་ནམ་འཇིགས་པ་མེད་པ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་མྱ་ངན་དང ། རྒ་བ་མེད་པའོ། །དཔེར་ན། བུད་མེད་གཅིག་པུ་གཅིག་པ་ཡུལ་གཞན་དུ་སོང་བ་ལས་ཤིའོ། །ཞེས་གཏམ་ངན་ཐོས་ན་མྱ་ངན་གྱིས་སྡུག་བསྔལ་བར་འགྱུར་རོ། །ཕྱིས་མ་ཤིའོ་ཞེས་ཐོས་ན་དེ་མ་ཐག་ཏུ་དགའ་བ་སྐྱེའོ། །རྣམ་པར་གྲོལ་བ་ལ་ནི་དངོས་པོ་དེ་དག་མེད་དེ། མྱ་ངན་དང་དགའ་བ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་རྡུལ་དང་དྲི་མ་མེད་པའོ། །དཔེར་ན། དཔྱིད་ཀྱི་དུས་ན་ཉི་མ་ནུབ་ན་རླུང་དང ། རྡུལ་ལྡང་ངོ ། །རྣམ་པར་གྲོལ་བ་ལ་ནི་དངོས་པོ་དེ་དག་གང་ཡང་མེད་དོ། །རྡུལ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའི་དཔེའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །འདི་ལྟ་སྟེ། དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་གཙུག་ཕུད་ལ་འདོགས་པའི་ནོར་བུ་རིན་པོ་ཆེ་ནི་དྲི་མ་མེད་དོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། དྲི་མ་དག་མེད་དོ། །དྲི་མ་མེད་པ་ནི་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་
Ka115b
བ་ནི་དེ་བཞིན་གཤེགས་པའོ། །དཔེར་ན། གསེར་བཙོ་མ་ནི་བྱེ་མ་དང་མ་འདྲེས་པས་རིན་པོ་ཆེ་ཡང་དག་པ་ཞེས་བྱ་སྟེ། གང་ཟག་གིས་རྙེད་ན་དེ་ལ་ནོར་གྱི་དབྱིག་ཏུ་འདུ་ཤེས་སོ། ། རྣམ་པར་གྲོལ་བ་ཉིད་ཀྱང་རིན་པོ་ཆེ་ཡང་དག་པ་དང་འདྲ་སྟེ། རིན་པོ་ཆེ་ཡང་དག་པ་ནི་ཡང་དག་པར་རྣམ་པར་གྲོལ་བའི་དཔེའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །དཔེར་ན། རྫ་མ་བཅག་པ་ནི་སྒྲ་མི་སྙན་ནོ། །རིན་པོ་ཆེ་རྡོ་རྗེའི་བུམ་པ་ནི་དེ་ལྟ་བུ་མ་ཡིན་ཏེ། ཡང་དག་པར་རྣམ་པར་གྲོལ་བ་ལའང་སྒྲ་མི་སྙན་པ་མེད་དོ། །རིན་པོ་ཆེ་རྡོ་རྗེའི་བུམ་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །དེ་བས་ན་དེ་བཞིན་གཤེགས་པའི་སྐུ་ནི་མི་འཇིག་པའོ། །སྒྲ་མི་སྙན་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཨེ་རཎྜའི་འབྲས་བུ་དབྱར་ཉི་མ་ཚ་བ་ལ་བསྐམས་ན། ཉི་མས་གདུངས་པས་སྒྲ་འབྱུང་ངོ ། །རྣམ་པར་གྲོལ་བ་ལ་ནི་དངོས་པོ་དེ་དག་མེད་དེ། རིན་པོ་ཆེ་རྡོ་རྗེའི་བུམ་པ་ལྟར་མི་སྙན་པ་ཆག་པའི་སྒྲ་མེད་དོ། །གལ་ཏེ་མི་མང་པོ་བརྒྱ་སྟོང་གྲངས་མེད་པ་ཐམས་ཅད་ཀྱིས་གཅིག་ཅར་མདའ་འཕངས་ཀྱང་འཇིག་པར་མི་འགྱུར་ལ། མི་སྙན་པ་ཆག་པའི་སྒྲ་མེད་དོ། །མི་སྙན་པ་ཆག་པའི་སྒྲ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །འདི་ལྟ་སྟེ། མི་དབུལ་པོ་ཞིག་ལ་གཞན་
Ka116a
༄#། །གྱི་བུ་ལོན་ཆགས་ན་བཟུང་སྟེ། ལྕགས་དང ། ཁོང་སྒྲིལ་དང ། ལྟོང་འདོགས་ཏེ། སྡུག་བསྔལ་བར་བྱེད་དོ། །རྣམ་པར་གྲོལ་བ་ལ་ནི་དེ་ལྟ་བུའི་དངོས་པོ་མེད་དེ། བུ་ལོན་ཆགས་པའང་མེད་དོ། །འདི་ལྟ་སྟེ། ཚོང་དཔོན་ཕྱུག་པོ་ནི་ནོར་རིན་པོ་ཆེ་གྲངས་མེད་པ་ཞིག་བདོག་ལ་མཐུ་དང་དབང་དུ་ལྡན་ལ། བུ་ལོན་ཆགས་པའང་མེད་དོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། ཆོས་ཀྱི་ནོར་རིན་པོ་ཆེ་མང་པོ་དང་ལྡན་ལ། མཐུ་དང་དབང་ཡོད་པས་བུ་ལོན་ཆགས་པའང་མེད་དོ། །བུ་ལོན་ཆགས་པ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའི་དཔེའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཡོངས་སུ་གདུང་བ་མེད་པའོ། །འདི་ལྟ་སྟེ། དཔྱིད་ཉི་མ་ཚ་བ་ལ་འགྲོ་བ་དང ། དབྱར་མངར་པོ་ཟ་བ་དང ། དགུན་གྲང་བས་རེག་པའོ། །ཡང་དག་པར་རྣམ་པར་གྲོལ་བ་ལ་ནི་དེ་འདྲ་བའི་ཡིད་དུ་མི་འོང་བའི་དངོས་པོ་གང་ཡང་མེད་དོ། །ཡོངས་སུ་གདུང་བ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །ཡོངས་སུ་གདུང་བ་ནི། འདི་ལྟ་སྟེ། མི་ཞིག་ཉ་ཤ་འདྲངས་པར་ཟོས་པའི་འོག་ཏུ་འོ་མ་འཐུངས་ན་མི་དེ་ནི་ཤི་བ་ལས་རིང་བ་མ་ཡིན་ནོ། །ཡང་དག་པར་རྣམ་པར་
Ka116b
གྲོལ་བ་ནི་དེ་ལྟ་བུའི་དངོས་པོ་མེད་དོ། །མི་དེས་གལ་ཏེ་སྨན་བདུད་རྩི་ལྟ་བུ་ཞིག་རྙེད་ན་ནི་ནད་དེའང་འཚོ་བར་འགྱུར་རོ། །ཡང་དག་པར་རྣམ་པར་གྲོལ་བའང་དེ་དང་འདྲའོ། །སྨན་བདུད་རྩི་ཞེས་བྱ་བ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པ་ཡིན་ན། དེ་ལ་གདུང་བ་དང་མི་གདུང་བ་ཞེས་ཇི་སྐད་བྱ། འདི་ལྟ་སྟེ། བྱིས་པ་མ་རབས་ང་རྒྱལ་གྱི་དབང་དུ་གྱུར་པ་དག་ནི་འདི་སྙམ་དུ་སེམས་སོ། །སེམས་ཅན་ཐམས་ཅད་ཀྱི་ནང་ན་བདག་ལ་གསོད་ནུས་པ་མེད་དོ་ཞེས་ནས་སྟག་དང ། སྤྲུལ་དང ། སྲིན་གདུག་པ་དག་འཛིན་ཏེ། མ་རབས་དེ་ནི་ཚེ་ཟད་པའི་མཐའ་ལས་མི་རིང་སྟེ། གློ་བུར་དུ་འཆི་བར་རིག་པར་བྱའོ། །ཡང་དག་པར་རྣམ་པར་གྲོལ་བ་ལ་ནི་དེ་ལྟ་བུའི་དངོས་པོ་མེད་དོ། །ཡོངས་སུ་མི་གདུང་བ་ནི། འདི་ལྟ་སྟེ། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ནོར་བུ་རིན་པོ་ཆེ་ལྟ་བུ་སྦུར་བུ་ལ་སོགས་པ་སྲིན་གདུག་པ་དགུ་བཅུ་རྩ་དྲུག་སྙེད་འདུལ་ནུས་ཏེ། གང་ནོར་བུ་རིན་པོ་ཆེ་དེའི་དྲི་བྲོ་བ་ཙམ་གྱིས་གདུག་པ་ཐམས་ཅད་མེད་པར་འགྱུར་རོ། །ཡང་དག་པར་རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། སྲིད་པ་ཉི་ཤུ་རྩ་ལྔ་པོ་ལས་རིང་དུ་གྱུར་ཏོ། །གདུག་པ་མེད་པ་ཞེས་བྱ་བ་ནི་ཡང་དག་པར་རྣམ་པར་གྲོལ་བའི་དཔེའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་གདུག་པ་མེད་
Ka117a
༄#། །པ་ནི་ནམ་མཁའ་ལྟ་བུའོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། ནམ་མཁའ་ཞེས་བྱ་བ། ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །རྣམ་པར་གདུང་བ་ཞེས་བྱ་བ་ནི་རྩ་སྐམ་པོའི་དྲུང་དུ་མེ་བུས་ན་འཚིག་པར་འགྱུར་རོ། །ཡང་དག་པར་རྣམ་པར་གྲོལ་བ་ལ་ནི་དེ་ལྟ་བུའི་དངོས་པོ་མེད་དོ། །གཞན་ཡང་ཡོངས་སུ་གདུང་བ་མེད་པ་ནི། འདི་ལྟ་སྟེ། ཉི་ཟླ་ནི་སེམས་ཅན་དག་ལ་ཡོངས་སུ་གདུང་བར་མི་འགྱུར་རོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ལ་ཡོངས་སུ་གདུང་བར་མི་འགྱུར་རོ། །གདུང་བ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་མི་གཡོ་བའི་ཆོས་ཅན་ཏེ། དཔེར་ན། བྱམས་པ་དང ། སྡང་བ་མེད་པ་ལྟ་བུའོ། །ཡང་དག་པར་རྣམ་པར་གྲོལ་བ་ལ་ནི་དེ་ལྟ་བུའི་དངོས་པོ་མེད་དོ། །མི་གཡོ་བ་ཞེས་བྱ་བ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟ་བུ་སྟེ། དེ་ལ་ནི་རྒྱལ་པོ་དེ་དང་འདྲ་བ་གྲོགས་སུ་འགྱུར་བ་མེད་དོ། །དེ་ལ་དེ་འདྲ་བའི་གྲོགས་སུ་འགྱུར་བ་ཡོད་ཅེས་བྱ་བའི་གནས་མེད་དོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། གཞན་གྲོགས་སུ་འགྱུར་བ་མེད་དེ། གྲོགས་སུ་
Ka117b
འགྱུར་བ་ཡོད་ཅེས་བྱ་བའི་གནས་མེད་དོ། །རྒྱལ་པོ་དེ་ལ་གྲོགས་སུ་འགྱུར་བ་མེད་ཅེས་བྱ་བ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཆོས་ཡིན་ནོ། །གཞན་ཡང་མི་གཡོ་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། དཔེར་ན། གོས་དཀར་པོ་ནི་ཁ་དོག་བསྒྱུར་སླའོ། །རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ནོ། །དཔེར་ན། མེ་ཏོག་པ་ཤ་ཀ་ཞེས་བྱ་བ་ལ་མནམ་པའམ། ཁ་དོག་སྔོན་པོར་འདུག་ཅེས་བྱ་བའི་གནས་མེད་དོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། དེ་ལ་མནམ་བའམ།་མདོག་གཞན་དུ་འདུག་ཅེས་བྱ་བའི་གནས་མེད་དོ། །དེ་བས་ན་རྣམ་པར་གྲོལ་བ་ཉིད་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་རྨད་དུ་བྱུང་བའོ།། འདི་ལྟ་སྟེ། ཆུའི་ནང་ན་པདྨོ་སྐྱེས་པ་ནི་ངོ་མཚར་དུ་མི་བྱའི། །མེའི་ནང་ནས་པདྨོ་སྐྱེས་ན་རྨད་དུ་ངོ་མཚར་དུ་བྱ་སྟེ། དེ་མཐོང་ན་ཐམས་ཅད་དགའ་བར་འགྱུར་རོ། །ཡང་དག་པར་རྣམ་གྲོལ་བའང་དེ་དང་འདྲ་སྟེ། གང་མཐོང་བ་ཐམས་ཅད་སེམས་རབ་ཏུ་དགའ་བར་འགྱུར་རོ། །རྨད་དུ་བྱུང་བ་ཞེས་བྱ་བ་ནི་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའོ། །གཞན་ཡང་རྨད་དུ་བྱུང་བ་ཞེས་བྱ་བ་ནི། དཔེར་ན། བུ་བཙས་མ་ཐག་པ་ལ་སོ་
Ka118a
༄#། །མེད་ཀྱི་བགས་ཀྱིས་ཆེར་སྐྱེས་ནས་གདོད་སོའང་སྐྱེ་བར་འགྱུར་རོ། །རྣམ་པར་གྲོལ་བ་ནི་དེ་ལྟ་བུ་མ་ཡིན་ཏེ། སྐྱེ་བ་དང ། མི་སྐྱེ་བ་ཞེས་བྱ་བ་མེད་དོ།། གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་སྟོང་པ། ཞི་བ། མ་ངེས་པ་མེད་པའོ། །མ་ངེས་པ་ནི་ལོག་སྲེད་ཅན་ལ་བྱ་སྟེ། མཐར་རྩ་བ་ཉམས་པ་ལས་མི་འགྱུར་ཞིང་འཚང་རྒྱ་བའི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་གང་ཟག་དེས་སངས་རྒྱས་ཀྱི་དམ་པའི་ཆོས་ལ་དད་པ་ཡོངས་སུ་དག་པ་བསྐྱེད་ན། དེ་ནི་ལོག་སྲེད་མེད་པར་བྱས་པ་ཡིན་ཏེ། གལ་ཏེ་དགེ་བསྙེན་པར་འགྱུར་ནའང ། ལོག་སྲེད་མེད་པར་བྱས་པ་ཡིན་ནོ། །རྩ་བ་ཉམས་པའང་ཁ་ན་མ་ཐོ་བའི་སྡིག་དེ་མེད་པར་བྱས་ན། མངོན་པར་འཚང་རྒྱ་བར་འགྱུར་རོ། །དེ་བས་ན་མཐར་མི་འགྱུར་ཞིང་མངོན་པར་འཚང་མི་རྒྱའོ་ཞེས་བྱ་བའི་གནས་མེད་དོ། །ཡང་དག་པར་རྣམ་པར་གྲོལ་བ་ལ་ནི་དེ་ལྟ་བུའི་འགོག་པའམ་མེད་པར་བྱ་བའི་དངོས་པོ་མེད་དོ། ། གཞན་ཡང་སྟོང་པ་ཞི་བ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཡིན་ཏེ། ཆོས་ཀྱི་དབྱིངས་ཇི་ལྟ་བ་ཉིད་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་ལོག་སྲེད་ཅན་ཞེས་བྱ་བ་འགགས་ཏེ་ཟད་པར་བྱས་ན་དེ་ལ་ལོག་སྲེད་ཅན་ཞེས་མི་བྱའོ། །དེ་ལ་ལོག་སྲེད་ཅན་ཞེས་བྱ་བ་གང་ཞེ་ན། ལོག་སྲེད་ཅན་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཐམས་
Ka118b
ཅད་བཅད་དེ། དགེ་བའི་ཆོས་ཐམས་ཅད་ལ་མི་གནས་ཤིང ། དགེ་བའི་སེམས་སྐད་ཅིག་ཙམ་ཡང་མི་འབྱུང་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ལ་ནི་དངོས་པོ་དེ་དག་གང་ཡང་མེད་དོ། །དངོས་པོ་གང་ཡང་མེད་པས་ན་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་དཔག་ཏུ་མེད་པའོ། །འདི་ལྟ་སྟེ། དཔེར་ན། ཁྲེ་འབྲས་ཀྱི་ཕུང་པོ་ལ་ཚད་དཔག་ཅིང་ཤེས་པར་རུང་ངོ ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་ལྟ་བུ་མ་ཡིན་ནོ། །འདི་ལྟ་སྟེ། རྒྱ་མཚོ་ཆེན་པོ་ནི་ཚིད་དཔག་ཅིང་གཞལ་དུ་མེད་དོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། ཚད་དཔག་ཅིང་གཞལ་དུ་མེད་དོ། །དཔག་ཏུ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཚད་མེད་པའོ། །ཇི་ལྟར་སེམས་ཅན་ཐམས་ཅད་ལ་ལས་ཀྱི་རྣམ་པར་སྨིན་པ་མང་བ་བཞིན་དུ་རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། སྨིན་པ་ཚད་མེད་དོ། །སྨིན་པ་ཚད་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཡངས་ཤིང་རྒྱ་ཆེ་བའོ། །འདི་ལྟ་སྟེ། རྒྱ་མཚོ་ཆེན་པོ་ནི་མཉམ་པའི་ཟླ་མེད་དོ། །རྣམ་པར་
Ka119a
༄#། །གྲོལ་བའང་དེ་དང་འདྲ་སྟེ། མཉམ་པའི་ཟླ་མེད་དོ། །མཉམ་པའི་ཟླ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་བླ་ན་མེད་པའི་མཆོག་གོ་།འདི་ལྟ་སྟེ། དཔེར་ན། ནམ་མཁའ་ནི་མཆོག་ཏུ་མཐོ་སྟེ། ཟླ་མེད་དོ།། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། ཟླ་མེད་པར་མཆོག་ཏུ་མཐོ་བའོ། །མཐོ་སྟེ་ཟླ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་གནས་པ་མེད་དོ། །འདི་ལྟ་སྟེ། རི་དྭགས་ཀྱི་རྒྱལ་པོ་སེང་གེ་འདུག་པའི་གནས་སུ་ནི་རི་དྭགས་གཞན་ཐམས་ཅད་མི་གནས་སོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། གནས་མེད་དོ། །གནས་པ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་བླ་ན་མེད་པའོ། །དཔེར་ན། བྱང་ཕྱོགས་ནི་ཕྱོགས་ཐམས་ཅད་ཀྱི་བླ་མའོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། བླ་ན་མེད་པའོ། །བླ་ན་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་
Ka119b
ནི་བླ་ན་མེད་པའི་ཡང་བླ་ན་མེད་པའོ། །དཔེར་ན། བྱང་ཕྱོགས་ནི་ཤར་ཕྱོགས་ཀྱི་བླ་ན་མེད་པའི་ཡང་བླ་ན་མེད་པའོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། བླ་ན་མེད་པའི་ཡང་བླ་ན་མེད་པའོ། །བླ་ན་མེད་པའི་ཡང་བླ་ན་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་རྟག་པའི་ཆོས་ཅན་ནོ། །དཔེར་ན། ལྷ་དང་མི་ནི་ལུས་ཞིག་སྟེ་ཚེ་འཕོ་བའི་ཆོས་ལ་མི་རྟག་སྟེ། རྟག་པ་མ་ཡིན་ནོ། །རྣམ་པར་གྲོལ་བ་ནི་དེ་དང་འདྲ་སྟེ། མི་རྟག་པ་མ་ཡིན་ནོ། ། མི་རྟག་པ་མ་ཡིན་པ་ནི། ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི། དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི། སྲ་བའི་སྙིང་པོ་ཅན་ནོ། །འདི་ལྟ་སྟེ། སེང་ལྡེང་དང ། ཙནྡན་དང ། ་ག་རུ་ནི་རང་བཞིན་གྱིས་སྲ་བའོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། རང་བཞིན་གྱིས་སྲ་བ་བརྟན་པའོ། །རང་བཞིན་གྱིས་སྲ་བ་བརྟན་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་གསོབ་\?\་པ་ཡིན་པ་ཞེས་བྱའོ།། དཔེར་ན། འདམ་བུ་དང་སྨྱིག་མ་ནི་ཁོང་སྟོང་པས་གསོབ་བོ། །རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ཏེ། དེ་བས་ན་རྣམ་པར་གྲོལ་བ་ཉིད་དེ་བཞིན་གཤེགས་པ་ཡིན་པར་རིག་པར་བྱའོ། །
Ka120a
༄#། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་ཅིས་ཀྱང་མི་གོས་པའོ། །དཔེར་ན། རྩིག་པ་ཕྱི་བདར་མ་བྱས་ན། སྲིན་བུ་དང་སྦྲང་བུ་དག་དེ་ལ་གནས་ཤིང་རྒྱུའོ། ། གལ་ཏེ་འཇི་བས་བསྐུས་ལ་རི་མོ་བྲིས་ན་སྲིན་བུ་དག་ཚོན་རྩིའི་དྲི་ཚོར་ནས་མི་གནས་སོ། །དེ་ལྟར་མི་གནས་པ་ནི་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་མཐའ་མེད་པའོ། །དཔེར་ན། གྲོང་ཁྱེར་ནི་མཐའ་མེད་པའོ། །དཔེར་ན། གྲོང་ཁྱེར་ནི་མཐའ་ཡོད་དེ། རྣམ་པར་གྲོལ་བ་ནི་དེ་ལྟ་བུ་མ་ཡིན་ནོ། །དཔེར་ན། ནམ་མཁའ་ནི་མཐའ་མེད་དོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ་མཐའ་མེད་དོ། །དེ་བས་ན་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་བལྟར་མེད་པའོ། །འདི་ལྟ་སྟེ། ནམ་མཁའ་སྟོང་བ་ལ་བྱའི་རྗེས་ནི་ཤིན་ཏུ་བལྟ་བར་དཀའོ། ཤིན་ཏུ་བལྟ་བར་དཀའ་བ་ནི་ཡང་དག་པར་རྣམ་པར་གྲོལ་བའི་དཔེའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་ཤིན་ཏུ་ཟབ་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་མི་ནུས་པའི་ཕྱིར་རོ། །འཇུག་མི་ནུས་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་ཤིན་ཏུ་ཟབ་
Ka120b
པོ་ཞེས་བྱ་བ་ནི་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟི་སྟང་བྱེད་པའོ། །དཔེར་ན། བུ་སྲི་ཞུ་ཆེ་བ་དག་ནི་ཕ་མ་ལ་ཤིན་ཏུ་བསྟི་སྟང་དང ། བཀུར་སྟི་བྱེད་དེ། བསོད་ནམས་ཤིན་ཏུ་ཟབ་བོ། །བསོད་ནམས་ཤིན་ཏུ་ཟབ་པ་ནི་ཡང་དག་པར་རྣམ་པར་གྲོལ་བའི་དཔེའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་བལྟར་མི་མཐོང་བའོ། །དཔེར་ན། མི་དག་བདག་གི་སྤྱི་བོ་མི་མཐོང་བ་བཞིན་དུ་རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱིས་བལྟར་མི་མཐོང་ངོ ། །བལྟར་མི་མཐོང་བ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་གནས་དང་རྟེན་མེད་པའོ། །དཔེར་ན། ནམ་མཁའ་ནི་གནས་དང་རྟེན་མེད་དེ། རྣམ་པར་གྲོལ་བའང་དེ་དང་འདྲའོ། །གནས་དང་རྟེན་ཞེས་བྱ་བ་ནི་སྲིད་པ་ཉི་ཤུ་རྩ་ལྔ་པོའི་དཔེའོ། །གནས་དང་རྟེན་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་བླང་དུ་མེད་པའོ། །དཔེར་ན། ཤིང་ཐོག་ཨ་མྲའི་འབྲས་བུ་ནི་བླང་ཞིང་གཟུང་དུ་ཡོད་དོ། །རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ཏེ། བླང་ཞིང་གཟུང་དུ་མེད་དོ། །བླང་ཞིང་གཟུང་
Ka121a
༄#། །དུ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་གཟུང་དུ་མེད་པའོ། །དཔེར་ན། སྒྱུ་མ་ནི་གཟུང་དུ་མེད་དེ། རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ་གཟུང་དུ་མེད་དོ། །གཟུང་དུ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་ལུས་ཀྱི་དངོས་པོ་མེད་པའོ། །དཔེར་ན། མི་ལ་ལུས་ཡོད་པས་ཤུ་བ་དང ། མཛེ་དང ། སྐེམ་པ་དང ། སྨྱོ་བ་ལ་སོགས་པ་ཡོད་དོ། །ཡང་དག་པར་རྣམ་པར་གྲོལ་བ་ལ་ནི་དེ་དང་འདྲ་བའི་ནད་རྣམས་མེད་དོ། །གང་ནད་དེ་དག་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་རོ་གཅིག་པའོ། །ཇི་ལྟར་རོ་གཅིག་པ་བཞིན་དུ་རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། རོ་གཅིག་གོ་།རོ་གཅིག་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་ཡོངས་སུ་དག་པའོ། །དཔེར་ན། ཆུ་མ་རྙོགས་པ་ནི་ཤིན་ཏུ་དག་ཅིང་དང་བའོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། ཡོངས་སུ་དག་ཅིང་དང་བའོ། །ཡོངས་སུ་དག་
Ka121b
ཅིང་དང་བ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་རོ་གཅིག་པའོ། །དཔེར་ན། ནམ་མཁའ་ལས་འབབ་པའི་ཆར་པ་ནི་རྣམ་པར་དག་ཅིང་རོ་གཅིག་གོ་།རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། རྣམ་པར་དག་ཅིང་རོ་གཅིག་གོ་།རྣམ་པར་དག་ཅིང་རོ་གཅིག་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་ཡོངས་སུ་གསལ་བའོ། །དཔེར་ན། ཟླ་བ་རྒྱས་པ་ལ་སྤྲིན་དང་ན་བུན་གྱིས་མཆོད་པ་དང་འདྲ་བར་རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། སྤྲིན་དང་ན་བུན་མེད་དོ། །སྤྲིན་དང་ན་བུན་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་རབ་ཏུ་ཞི་བའོ། །དཔེར་ན། མི་ཞིག་རིམས་ནད་ཚ་བས་བཏབ་པ་ལས་སོས་ན་ཞི་བའོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། རབ་ཏུ་ཞི་བའོ། །རབ་ཏུ་ཞི་བ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་མཉམ་པའོ། །དཔེར་ན། འབྲོག་དགོན་པ་ན་སྦྲུལ་གདུག་པ་དང ། སྤྱང་གི་ལ་སོགས་པ་ནི་འདྲ་བར་གསོད་སེམས་ཡོད་དོ། །རྣམ་པར་གྲོལ་བ་ནི་
Ka122a
༄#། །དེ་ལྟ་མ་ཡིན་ཏེ། གསོད་སེམས་མེད་དོ། །གསོད་སེམས་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་མཉམ་པ་ཞེས་བྱ་བ་ནི། དཔེར་ན། ཕ་མ་ནི་བུ་ལ་སེམས་མཉམ་མོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། སེམས་མཉམ་མོ། །སེམས་མཉམ་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་གཞན་པའི་གནས་མེད་པའོ། ། དཔེར་ན། མི་ཞིག་གནས་ཤིན་ཏུ་བཟང་པོ་ཡོངས་སུ་དག་པ་ཞིག་ལ་གནས་ན་དེ་ལས་གཞན་པའི་གནས་མེད་དོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། གཞན་པའི་གནས་མེད་དོ། །གཞན་པའི་གནས་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་ཆོག་ཤེས་པའོ། །དཔེར་ན། མི་ཞིག་ལྟོགས་ཏེ་ཁ་ཟས་ཞིམ་པོ་དང་ཕྲད་ན་ཆོག་མི་ཤེས་པར་ཟའོ། །རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ཏེ། དཔེར་ན། འོ་ཐུག་འཐུངས་ན་གཞན་ཅིའང་མི་འདོད་དོ། །གཞན་མི་འདོད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའི་དཔེའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་
Ka122b
པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་ཡོངས་སུ་གཅོད་པའོ། །དཔེར་ན། མི་ཞིག་བཅིངས་པའི་ཐག་པ་བཅད་ན་བཅིང་བ་ལས་གྲོལ་བར་འགྱུར་རོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། ཐེ་ཚོམ་གྱི་བཅིངས་པ་ཐམས་ཅད་གཅོད་དོ། །དེ་ལྟར་ཐེ་ཚོམ་གཅོད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ།། གཞན་ཡང་རྣམ་པར་གྲོལ་བ་ནི་ཕ་རོལ་ཏུ་ཕྱིན་པའོ། །དཔེར་ན། ཆུ་ཀླུང་ལ་ནི་ཚུ་རོལ་དང་ཕ་རོལ་གྱི་འགྲམ་ཡོད་དོ། །རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ཏེ། ཚུ་རོལ་ཅེས་བྱ་བ་མེད་ཀྱང་ཕ་རོལ་ཅེས་བྱ་བ་ཡོད་དོ། །ཕ་རོལ་ཅེས་བྱ་བ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་ཅང་མི་སྨྲའོ། །དཔེར་ན། རྒྱ་མཚོ་ནི་ཆུ་ཆེར་སྐྱེས་ན་སྒྲ་སྐད་མང་པོ་འབྱུང་ངོ ། །རྣམ་པར་གྲོལ་བ་ནི་དེ་དང་མི་འདྲ་སྟེ། དེ་ལྟར་ན་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་ཞིམ་པ་དང་མངར་བའོ། །དཔེར་ན། སྨན་སྦྱར་བའི་ནང་དུ་ཨ་རུ་ར་བཅུག་ན་རོ་ཁ་བར་འགྱུར་རོ། །རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ཏེ། ཟིལ་མངར་གྱི་རོ་ཅན་ནོ། ། ཟིལ་མངར་གྱི་རོ་ཅན་ནི་ཡང་དག་པར་རྣམ་པར་གྲོལ་བའི་དཔེའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་ཉོན་མོངས་པ་ཀུན་
Ka123a
༄#། །སེལ་བའོ། །དཔེར་ན། སྨན་པ་མཁས་པས་སྨན་སྣ་ཚོགས་སྦྱར་ཏེ། ནད་པ་རྣམས་གསོ་བ་ལ་མཁས་པ་དང་འདྲ་བར་རྣམ་པར་གྲོལ་བའང་དེ་བཞིན་དུ་ཉོན་མོངས་པ་ཐམས་ཅད་སེལ་ཏོ། །ཉོན་མོངས་པ་ཀུན་སེལ་བ་ནི་ཡང་དག་པར་རྣམ་པར་གྲོལ་བའི་དཔེའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་དོག་པ་མེད་པའོ། །དཔེར་ན། ཁང་ཁྱིམ་ཆུང་དུ་ནི་དོག་པ་སྟེ། མང་པོ་མི་ཤོང་ངོ ། །རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ཏེ། མང་དུ་ཤོང་བའོ། །མང་དུ་ཤོང་བ་ནི་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་འདོད་པ་ཞི་བ་འདོད་ཆགས་དང་མ་འདྲེས་པའོ། །དཔེར་ན། བུད་མེད་ནི་འདོད་ཆགས་མང་བའོ། །རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །དེ་ལྟར་ན་དེ་བཞིན་གཤེགས་པ་ནི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང ། ང་རྒྱལ་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་ཐམས་ཅད་མེད་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་འདོད་པ་མེད་པའོ། །འདོད་པ་ལ་རྣམ་པ་གཉིས་ཏེ། ཡི་དྭགས་ཀྱི་འདོད་པ་དང ། ཆོས་ཀྱི་འདོད་པའོ། །ཡང་དག་པར་རྣམ་པར་གྲོལ་བ་ལ་ཡི་དྭགས་
Ka123b
ཀྱི་འདོད་པ་མེད་མོད་ཀྱི། སེམས་ཅན་ལ་ཐུགས་བརྩེ་བའི་ཕྱིར་ཆོས་ཀྱི་འདོད་པ་ཡོད་དོ། །དེ་ལྟར་ན་ཆོས་ཀྱི་འདོད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་བདག་དང་བདག་གི་བ་དང་བྲལ་བ་སྟེ། དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་བ་ནི་ཆོས་སོ། །གཞན་ཡང་རྣམ་པར་གྲོལ་བ་ནི་འགོག་པ་ཟད་པ་སྲིད་པའི་ཆགས་པ་ཐམས་ཅད་ལས་རིང་དུ་གྱུར་པའོ། །དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ནི་ཆོས་སོ། །གཞན་ཡང་རྣམ་པར་གྲོལ་བ་ནི་མགོན་དང་སྐྱབས་ཏེ། འཇིགས་པ་ཐམས་ཅད་ལས་སྐྱོབ་པའོ། །དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ནི་ཆོས་སོ། །རྣམ་པར་གྲོལ་བ་ནི་གནས་ལྟ་བུའོ། །གང་ཞིག་འདི་ལ་གནས་ན་གནས་གཞན་ནི་མི་ཚོལ་ལོ། །དཔེར་ན། མི་ཞིག་རྒྱལ་པོ་ལ་བརྟེན་ན་གནས་གཞན་མི་ཚོལ་ལོ། །རྒྱལ་པོ་ལ་གནས་པ་ནི་འགྱུར་བ་ཡོད་ཀྱི། རྣམ་པར་གྲོལ་བ་ལ་གནས་ན་འགྱུར་བ་མེད་དོ། །འགྱུར་བ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ནི་ཆོས་སོ། །གཞན་ཡང་རྣམ་པར་གྲོལ་བ་ནི་གནས་དང་རྟེན་ལྟ་བུའོ། །དཔེར་ན། མི་
Ka124a
༄#། །ཞིག་འབྲོག་དགོན་པར་སོང་ན་འཇིགས་པའམ་བག་ཚ་བ་ཡོད་དོ། །རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ཏེ། འཇིགས་པའམ་བག་ཚ་བ་མེད་དོ། །འཇིགས་པའམ་བག་ཚ་བ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་འཇིགས་པ་མེད་པའོ། །དཔེར་ན། སེང་གེའི་རྒྱལ་པོ་ནི་རི་དྭགས་ཐམས་ཅད་ཀྱིས་མི་འཇིགས་སོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། བདུད་ཀྱི་རིས་ཐམས་ཅད་ཀྱིས་མི་འཇིགས་སོ། །འཇིགས་པ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་མི་དོག་པའོ། །དཔེར་ན། ལམ་དོག་པོར་ནི་མི་གཉིས་མཉམ་དུ་འགྲོར་མེད་དོ། །རྣམ་པར་གྲོལ་བ་ནི་དེ་དང་མི་འདྲ་སྟེ། རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། ། གཞན་ཡང་དོག་པ་ནི། དཔེར་ན། མི་ཞིག་སྟག་གིས་འཇིགས་ཏེ་ཁྲོན་པར་མ་ཆོངས་པ་ལྟ་བུའོ། །རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟར་རྣམ་པར་གྲོལ་བ་དེ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་མི་དོག་པ་ནི་གྲུ་ཞིག་པ་ཆུང་ངུ་སྤངས་ནས་གྲུབ་བཟང་པོར་ཞུགས་ཏེ། རྒྱ་མཚོ་ལ་བདེ་བར་བརྒལ་ནས་བདེ་བའི་གནས་སུ་ཕྱིན་པའོ། །
Ka124b
རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། སེམས་རབ་ཏུ་བདེ་བའོ། །སེམས་རབ་ཏུ་བདེ་བ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ལས་འབྱིན་པའོ། །འདི་ལྟ་སྟེ། འོ་མའི་རྐྱེན་གྱིས་ཞོའོ། །ཞོའི་རྐྱེན་གྱིས་མར་རོ། །མར་གྱི་རྐྱེན་གྱིས་མར་གྱི་སྙིང་པོའོ། །ཡང་དག་པར་རྣམ་པར་གྲོལ་བ་ལ་ནི་རྒྱུ་གང་ཡང་མེད་དོ། །རྒྱུ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། ། གཞན་ཡང་རྣམ་པར་གྲོལ་བ་ནི་ང་རྒྱལ་འདུལ་བའོ། །དཔེར་ན། རྒྱལ་པོ་ཆེན་པོ་ནི་རྒྱལ་ཕྲན་རྣམས་ལ་ང་རྒྱལ་བྱེད་དོ། །རྣམ་པར་གྲོལ་བ་ནི་དེ་ལྟ་བུ་མ་ཡིན་ནོ། །དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ནི་ཆོས་སོ། །གཞན་ཡང་རྣམ་པར་གྲོལ་བ་ནི་བག་མེད་པ་འདུལ་བའོ། །བག་མེད་པ་ནི་འདོད་པ་མང་བའོ། །རྣམ་པར་གྲོལ་བ་ལ་ནི་དེ་དག་མེད་དོ། །དེ་དག་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་མ་རིག་པ་སེལ་བའོ། །དཔེར་ན། ཚིགས་མ་དང་བྲལ་བ་ནི་སྨན་དམ་པ་སྟེ། མར་གྱི་སྙིང་པོའོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། མ་རིག་པའི་
Ka125a
༄#། །ཚིགས་མ་བསལ་ཏེ། ཡང་དག་པའི་རིག་པ་དང་ལྡན་ནོ། །ཡང་དག་པའི་རིག་པ་དང་ལྡན་པ་ནི་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་རབ་ཏུ་ཞི་བ་གཅིག་པུ་སྟེ། མི་གཉིས་པ་འབྲོག་དགོན་པའི་བལ་གླང་རྒོད་ལྟར་གཅིག་པུ་གྲོགས་མེད་པའོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། གཅིག་པུ་གཉིས་སུ་མེད་པའོ། །གཅིག་པུ་གཉིས་སུ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་སྲ་བ་སྙིང་པོ་ཅན་ནོ། །སྨྱིག་མ་དང ། འདམ་བུ་དང ། གསོ་མ་ནི་ཐམས་ཅད་ཁོང་སྟོང་མོད་ཀྱི། འབྲས་བུ་ནི་སྲ་བའོ། །སངས་རྒྱས་བཅོམ་ལྡན་འདས་མ་གཏོགས་པར་འཇིག་རྟེན་དུ་བཅས་པ་ལྷ་དང་མི་ཐམས་ཅད་ནི་མི་སྲ་མི་བརྟན་པའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་སྲིད་པའི་རྒྱུན་ཐམས་ཅད་ལས་རིང་དུ་གྱུར་པའོ། །དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་མངོན་པར་རིག་པ་དག་བསྐྱེད་པའོ། །ཡང་དག་པར་རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། དེ་ལྟར་རྣམ་པར་གྲོལ་བ་དེ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་སྲིད་
Ka125b
པ་ཐམས་ཅད་སྤངས་པའོ། །དཔེར་ན། མི་ཞིག་འགྲངས་པར་ཟོས་ནས་སྐྱུགས་པ་ལྟ་བུ་སྟེ། རྣམ་པར་གྲོལ་བའང་དེ་དང་འདྲ་བར་སྲིད་པ་ཐམས་ཅད་སྤངས་པའོ། །སྲིད་པ་ཐམས་ཅད་སྤངས་པ་ནི་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་གདོན་མི་ཟ་བའོ། ། དཔེར་ན། མེ་ཏོག་པ་ཤི་ཀའི་དྲི་ནི་འདབ་མ་བདུན་པོ་ལ་མེད་དོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། དེ་ལྟར་ན་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་ཆུའི་ཁམས་དང་འདྲའོ། །འདི་ལྟ་སྟེ། ཆུའི་ཁམས་ནི་ཆེན་པོ་བཞིའི་ནང་ན་མཆོག་སྟེ། རྩི་ཤིང་དང་འབྲས་བུ་ཐམས་ཅད་རླན་ཅིང་སྣུམ་པར་བྱེད་དོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། སྐྱེ་བ་ཐམས་ཅད་རླན་པར་བྱེད་དོ། །དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་འཇུག་བ་ཞེས་བྱའོ། །དཔེར་ན། སྒོ་ཡོད་ན་འཇུག་པ་ཡོད་པ་དང ། གསེར་གྱི་འབྱུང་ཁུངས་ན་གསེར་ཡོད་པ་དང་འདྲ་བར་རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། བདག་མེད་པ་སྒོམ་པ་རྣམས་འཇུག་པར་བྱེད་དོ། །དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་དགེ་བའོ། །དཔེར་ན། རྶལོབ་མ་ཞིག་སློབ་དཔོན་
Ka126a
༄#། །གྱི་རྗེས་སུ་འབྲང་ཞིང་བསྒོ་བ་མཉན་ན་དགེ་བ་ཞེས་བྱའོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་འཇིག་རྟེན་ལས་འདས་པའི་ཆོས་ཏེ། ཆོས་ཐམས་ཅད་ཀྱི་ཕུལ་དུ་གྱུར་པའོ། །དཔེར་ན། རོ་བྲོ་བ་ཐམས་ཅད་ཀྱི་ནང་ན་མར་དང་འོ་མ་ནི་མཆོག་གོ་།རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་མི་གཡོ་བའོ། །དཔེར་ན། སྒོའི་ཐེམ་པ་ནི་རླུང་གིས་བསྐྱོད་མི་ནུས་སོ། །ཡང་དག་པར་རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། དེ་ལྟར་རྣམ་པར་གྲོལ་བ་དེ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་དཔའ་རླབས་མེད་པའོ། །དཔེར་ན། རྒྱ་མཚོའི་ཆུ་ནི་དབའ་རླབས་རྒོད་པའོ། །རྣམ་པར་གྲོལ་བ་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་རྒྱལ་པོའི་ཕོ་བྲང་ལྟ་བུའོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། དེ་ལྟར་རྣམ་པར་གྲོལ་བ་དེ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་ཅིར་ཡང་དགོས་ཏེ། དཔེར་ན། ཛམྦུ་ཆུ་ཀླུང་གི་གསེར་ནི་ཅིར་ཡང་དགོས་ཏེ། དེ་ལ་ཉེས་པའི་སྐྱོན་
Ka126b
གདགས་སུ་མེད་དོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། ཉེས་པའི་སྐྱོན་མེད་དོ། །ཉེས་པའི་སྐྱོན་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་བུས་པ་ཤེད་མ་བྱེ་པའི་བྱ་བ་སྤངས་པའོ། །དཔེར་ན། སྐྱེས་བུ་ཆེན་པོ་ནི་བུས་པའི་བྱ་བ་མི་བྱེད་དོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། ཕུང་པོ་ལྔ་ཡོངས་སུ་སྤངས་པའོ། །ཕུང་པོ་ལྔ་ཡོངས་སུ་སྤངས་པ་ནི་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་མཐར་ཕྱིན་པའོ། །དཔེར་ན། བཙོན་དོང་དུ་བཅུག་པ་དེ་ལས་ཐར་ན་སྔར་རབ་ཏུ་ཁྲུས་བྱས་ཏེ། གདོད་ཁྱིམ་དུ་འགྲོའོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། མཐར་ཡོངས་སུ་དག་པའོ། །མཐར་ཡོངས་སུ་དག་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་པ་དེ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ན་མ་བྱས་པར་བདེ་བའོ། །མ་བྱས་པར་བདེ་བ་ནི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ལ་སོགས་པ་ཐམས་ཅད་སྐྱུགས་པའི་ཕྱིར་རོ། །དཔེར་ན། མི་ཞིག་མ་ཚོར་བར་སྦྲུལ་གདུག་པས་ཟིན་ན་གདུག་པ་མེད་པར་བྱ་བའི་ཕྱིར་སྐྱུགས་སྨན་གཏོང་ངོ ། །སྐྱུགས་ན་དུག་མེད་པར་འགྱུར་ཏེ་ལུས་བདེའོ། །
Ka127a
༄#། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། ཀུན་ནས་ཉོན་མོངས་པའི་གདུག་པ་ཐམས་ཅད་སྐྱུགས་པས་ལུས་བདེ་བར་འགྱུར་ཏེ། མ་བྱས་པར་བདེ་བ་ཞེས་བྱའོ། །མ་བྱས་པར་བདེ་བ་ནི་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་ཉོན་མོངས་པ་རྣམ་པ་བཞིའི་སྤྲུལ་གདུག་པ་བཅད་པ་ཞེས་བྱའོ། །ཉོན་མོངས་པ་བཅད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་སྲིད་པ་ཐམས་ཅད་སྤངས་ཏེ། སྡུག་བསྔལ་ཐམས་ཅད་འགགས་པ། བདེ་བ་ཐམས་ཅད་ཐོབ་པ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ཐམས་ཅད་ཡོངས་སུ་བཅད་དེ། ཀུན་ནས་ཉོན་མོངས་པའི་རྩ་བ་ཐམས་ཅད་འབྱིན་པའོ། །ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་འབྱིན་པ་ནི་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་འདུས་བྱས་པའི་ཆོས་ཐམས་ཅད་ཡོངས་སུ་བཅད་ནས་ཟག་པ་མེད་པའི་ཆོས་ཐམས་ཅད་བསྐྱེད་པ་རྒྱུད་ཐམས་ཅད་བཅད་པ་འདི་ལྟ་སྟེ། བདག་དང ། བདག་མེད་པ་དང ། བདག་གི་པ་
Ka127b
མ་ཡིན་པ་དང ། བདག་མེད་པ་མ་ཡིན་པ་དང ། ཆགས་ཤིང་འཛིན་པ་འབའ་ཞིག་གཅོད་ཀྱི། བདག་ཏུ་ལྟ་བ་བཅད་པ་མ་ཡིན་ནོ། །བདག་ཏུ་ལྟ་བ་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །སངས་རྒྱས་ཀྱི་རང་བཞིན་ནི་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་མི་སྟོང་བའི་སྟོང་བའོ། །སྟོང་བའི་སྟོང་བ་ཞེས་བྱ་བ་ནི་ཅིའང་མེད་པའོ། །ཅིའང་མེད་པ་ནི་མུ་སྟེགས་ཅན་གཅེར་བུ་པ་ལ་སོགས་པའི་རྣམ་པར་གྲོལ་བ་ལྟ་བུའོ། །གཅེར་བུ་པ་ལ་ནི་ཡང་དག་པར་རྣམ་པར་གྲོལ་བ་མེད་པས་སྟོང་བའི་སྟོང་པ་ཞེས་བྱའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་ལྟ་བུ་མ་ཡིན་པས་མི་སྟོང་བའི་སྟོང་པའོ། །མི་སྟོང་པའི་སྟོང་བ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་རྣམ་པར་གྲོལ་བ་ནི་མི་སྟོང་བའོ། །དཔེར་ན། ཆུ་དང ། མར་དང ། ཞོ་དང ། ཆང་དང ། སྦྲང་རྩིའི་སྣོད་རྫིའུ་ལྟ་བུ། ཆུ་དང ། མར་དང ། ཞོ་དང ། ཆང་དང ། སྦྲང་རྩི་མེད་ཀྱང ། དེ་ལ་ཆུ་ལ་སོགས་པའི་རྫིའུ་ཞེས་འདོགས་ཏེ། རྫིའུ་དེ་ལ་ནི་སྟོང་ཞེའམ། མི་སྟོང་ཞེས་གདགས་སུ་མེད་དོ། །དེ་ལ་སྟོང་ཞེས་བྱར་ནི་གཟུགས་དང ། དྲི་དང ། བྲོ་བ། རེག་བྱ་ཞེས་གདགས་སུ་མི་རུང་ངོ ། མི་སྟོང་
Ka128a
༄#། །པ་ཞེས་བྱར་ནི་ཆུ་ལ་སོགས་པ་གང་ཡང་མེད་དོ། །རྣམ་པར་གྲོལ་བའང་དེ་དང་འདྲ་སྟེ། གཟུགས་ཞེའམ། གཟུགས་མ་ཡིན་ཞེའམ། སྟོང་ཞེའམ། མི་སྟོང་ཞེས་གདགས་སུ་མེད་དོ། །གལ་ཏེ་སྟོང་ཞེས་བྱར་ནི། རྟག་པ་དང ། བདེ་བ་དང ། བདག་དང ། དག་པ་ཞེས་བྱར་མི་རུང་ངོ ། །མི་སྟོང་ཞེས་བྱར་ནི་རྟག་པ་དང ། བདེ་བ་དང ། བདག་དང ། དག་པ་སུས་མྱོང་སྟེ། དོན་དེ་ལྟ་བས་ན་སྟོང་ཞིའམ་མི་སྟོང་ཞེས་གདགས་སུ་མེད་དོ། །འདི་ལྟ་སྟེ། སྲིད་པ་ཉི་ཤུ་ལྔ་པོ་དང ། ཀུན་ནས་ཉོན་མོངས་པ་དང ། སྡུག་བསྔལ་བ་ཐམས་ཅད་དང ། མཚན་མ་ཐམས་ཅད་དང ། འདུས་བྱས་ཀྱི་འདུ་བྱེད་ཐམས་ཅད་མེད་པའི་ཕྱིར། རྫིའུ་ན་ཞོ་མེད་པ་དང་འདྲ་སྟེ། སྟོང་པ་ཞེས་བྱའོ། །མི་སྟོང་ཞེས་བྱ་བ་ནི་ཡང་དག་པའི་གཟུགས་རྟག་པ་དང ། བདེ་བ་དང ། བདག་དང ། དག་པ་ཞེས་བྱ་བ་མི་གཡོ་བ་མི་འཕོ་བ། དཔེར་ན། རྫིའུ་གཟུགས་དང ། དྲི་དང ། བྲོ་བ་དང ། རེག་བྱ་ཡོད་པས་མི་སྟོང་ཞེས་བྱ་སྟེ། དེ་བས་ན་རྣམ་པར་གྲོལ་བ་ནི་རྫིའུ་དེ་དང་འདྲའོ། །རྫིའུ་དེ་ནི་རྐྱེན་དང་ཕྲད་ན་ཆག་པར་འགྱུར་གྱི། རྣམ་པར་གྲོལ་བ་ནི་དེ་ལྟ་བུ་མ་ཡིན་ཏེ། གཞིག་ཏུ་མེད་དོ། །གཞིག་ཏུ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །
Ka128b
གཞན་ཡང་རྣམ་པར་གྲོལ་བ་ནི་འདོད་པ་དང་བྲལ་བའོ། །དཔེར་ན། གང་ཟག་ནི་འདོད་པའི་སེམས་དང་ལྡན་པས་བརྒྱ་བྱིན་ལྷའི་དབང་ཕྱུག་དང ། ཚངས་པའི་རྒྱལ་པོ་དང ། དབང་སྒྱུར་རྒྱལ་པོ་ལའང་རེའོ། །རྣམ་པར་གྲོལ་བ་ནི་དེ་ལྟ་བུ་མ་ཡིན་ཏེ། གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས་འདོད་པ་མེད། ཐེ་ཚོམ་མེད་དོ། །འདོད་པ་མེད་པ། ཐེ་ཚོམ་མེད་པ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །གལ་ཏེ་རྣམ་པར་གྲོལ་བ་ལ་འདོད་པ་དང་ཐེ་ཚོམ་ཡོད་ཅེས་ཟེར་ན་དེ་ནི་གནས་མེད་དོ། །གཞན་ཡང་རྣམ་པར་གྲོལ་བ་ནི་སྲིད་པའི་འདོད་པ་དང ། མཚན་མ་ཐམས་ཅད་དང ། རྣམ་པར་འཆིང་བ་ཐམས་ཅད་དང ། ཀུན་ནས་ཉོན་མོངས་པ་ཐམས་ཅད་དང ། འཁོར་བ་ཐམས་ཅད་དང ། རྒྱུ་དང་རྐྱེན་ཐམས་ཅད་དང ། རྣམ་པར་སྨིན་པའི་འབྲས་བུ་ཐམས་ཅད་ཡོངས་སུ་བཅད་པའོ། །དེ་ལྟར་རྣམ་པར་གྲོལ་བ་དེ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ནི་མྱ་ངན་ལས་འདས་པའོ། །སེམས་ཅན་ཐམས་ཅད་ནི་འཁོར་བའི་ཉོན་མོངས་པས་འཇིགས་པའི་ཕྱིར་སྐྱབས་སུ་འགྲོ་བ་གསུམ་ལ་གཞོལ་ལོ། །དཔེར་ན། རི་དྭགས་ནི་རྔོན་པས་འཇིགས་ཏེ། ཅི་སྟེ་བགེགས་ལས་ཐར་ན་མཆོངས་པ་གཅིག་བྱེད་དེ། དེ་
Ka129a
༄#། །ནི་སྐྱབས་སུ་འགྲོ་བ་གཅིག་གོ་།དེ་ལྟར་མཆོངས་པ་གསུམ་བྱེད་པ་ནི་སྐྱབས་སུ་འགྲོ་བ་གསུམ་གྱི་དཔེའོ། །མཆོངས་པ་གསུམ་བྱས་པས་བདེ་བར་འགྱུར་རོ། །སོ་སོའི་སྐྱེ་བོའང་དེ་དང་འདྲ་སྟེ། བདུད་རྣམ་བཞིའི་རྔོན་པས་འཇིགས་པས་སྐྱབས་སུ་འགྲོ་བ་གསུམ་ལ་གཞོལ་བར་བྱེད་དོ། །སྐྱབས་སུ་འགྲོ་བ་གསུམ་ལ་ཕྱོགས་པས་བདེ་བར་འགྱུར་རོ། །གང་བདེ་བར་འགྱུར་བ་ནི་ཡང་དག་པར་རྣམ་པར་གྲོལ་བ་སྟེ། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ནི་མྱ་ངན་ལས་འདས་པའོ། །མྱ་ངན་ལས་འདས་པ་ནི་ཟད་མི་ཤེས་པའོ། །ཟད་མི་ཤེས་པ་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །སངས་རྒྱས་ཀྱི་རང་བཞིན་ནི་གདོན་མི་ཟ་བའོ། །གདོན་མི་ཟ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གལ་ཏེ་མྱ་ངན་ལས་འདའ་བ་དང ། སངས་རྒྱས་ཀྱི་རང་བཞིན་དང ། གདོན་མི་ཟ་བ་དང ། དེ་བཞིན་གཤེགས་པ་དོན་གཅིག་པ་ལགས་ན། ཅིའི་སླད་དུ་སྐྱབས་སུ་མཆི་བ་གསུམ་དུ་གསུངས། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། རིགས་ཀྱི་བུ། སེམས་ཅན་དག་ནི་འཁོར་
Ka129b
བས་སྐྲག་ནས་སྐྱབས་སུ་འགྲོ་བ་གསུམ་ལ་ཕྱོགས་སོ། །སྐྱབས་སུ་འགྲོ་བ་གསུམ་གྱིས་ན་སངས་རྒྱས་ཀྱི་རང་བཞིན་དང ། གདོན་མི་ཟ་བ་དང ། མྱ་ངན་ལས་འདས་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། ཆོས་ཁ་ཅིག་ནི་མིང་གཅིག་ལ་དོན་ཐ་དད་དོ། །ཆོས་ཁ་ཅིག་ནི་མིང་དང་དོན་གཉིས་ཀ་ཐ་དད་དོ། །མིང་གཅིག་ལ་དོན་ཐ་དད་པ་ནི་སངས་རྒྱས་རྟག་ཅེས་བྱ་བ་དང ། ཆོས་རྟག་པ་དང ། དགེ་སློང་གི་དགེ་འདུན་རྟག་པ་དང ། མྱ་ངན་ལས་འདའ་བ་དང ། ནམ་མཁའ་རྟག་ཅེས་བྱ་བ་ནི་མིང་གཅིག་ལ་དོན་ཐ་དད་པ་ཞེས་བྱའོ། །མིང་དང་དོན་གཉིས་ཀ་ཐ་དང་པ་ནི་སངས་རྒྱས་ནི་མིང་ཚོར་བའོ། །ཆོས་ནི་མ་ཚོར་བ། དགེ་འདུན་ནི་འདུམ་པ། མྱ་ངན་ལས་འདའ་བ་ནི་རྣམ་པར་གྲོལ་བ། ནམ་མཁའ་ནི་དགེ་བ་མ་ཡིན་པ་ཐོགས་པ་མེད་པ་ཞེས་ཀྱང་བྱ་སྟེ། དེ་ནི་མིང་དང་དོན་གཉིས་ཀ་ཐ་དད་པ་ཞེས་བྱའོ། །རིགས་ཀྱི་བུ། སྐྱབས་སུ་འགྲོ་བ་གསུམ་ཡང་དེ་དང་འདྲ་སྟེ། མིང་དང་དོན་གཉིས་ཀ་ཐ་དད་དོ། །དེ་ལ་གཅིག་ཅེས་བྱ་བ་གང་ཡང་མེད་དོ། །དེ་བས་ན་ངས་སྐྱེ་དགུའི་བདག་མོ་གཽ་ཏ་མི་ལ་བཀའ་སྩལ་པ། གཽ་ཏ་མི། ང་ལ་མ་མཆོད་པར་དགེ་འདུན་ལ་མཆོད་ཅིག་།དགེ་འདུན་ལ་མཆོད་ན་དཀོན་མཆོག་གསུམ་ལ་མཆོད་པ་ཞེས་བྱའོ། །དེ་ནས་སྐྱེ་དགུའི་བདག་མོས་འདི་སྐད་ཅེས་གསོལ་ཏོ། །དགེ་འདུན་གྱི་ནང་ན་
Ka130a
༄#། །སངས་རྒྱས་དང ། ཆོས་ཀྱང་མེད་ན་ཅིའི་ཕྱིར། དགེ་འདུན་ལ་མཆོད་པས་དཀོན་མཆོག་གསུམ་ལ་མཆོད་པར་འགྱུར། དེ་ལ་ངས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་ཀྱིས་ངས་བསྟན་པ་བཞིན་བྱེད་པ་ནི་སངས་རྒྱས་ལ་མཆོད་པའོ། །རྣམ་པར་གྲོལ་བར་འདོད་པས་ཆོས་ལ་མཆོད་པའོ། །དགེ་འདུན་བཞེས་པས་ན་དགེ་འདུན་ལ་མཆོད་པའོ། །དེ་བས་ན། །རིགས་ཀྱི་བུ། དཀོན་མཆོག་གསུམ་ནི་གཅིག་ཅེས་བྱར་མི་རུང་ངོ ། །རིགས་ཀྱི་བུ། །བཅོམ་ལྡན་འདས་ནི་སྐབས་ཁ་ཅིག་ཏུ་གཅིག་ལ་གསུམ་དུ་གསུང་ངོ ། །སྐབས་ཁ་ཅིག་ཏུ་ནི་གསུམ་ཡང་གཅིག་ཏུ་གསུངས་ཏེ། དེ་བས་ན་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ནི་ཉན་ཐོས་དང ། རང་སངས་རྒྱས་ཀྱིས་ཤེས་པར་ནུས་པ་མ་ཡིན་ནོ། །འོད་སྲུང་གིས་ཡང་གསོལ་པ། བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་མཐར་བདེ་བ་ནི་མྱ་ངན་ལས་འདས་པའོ་ཞེས་གསུངས་པའི་དོན་ཇི་ལྟ་བུ་ལགས། མྱ་ངན་ལས་འདས་པ་ཞེས་བགྱི་བ་ནི་ལུས་ལ་བཏང་སྙོམས། ཡེ་ཤེས་ལ་བཏང་སྙོམས་པ་ལགས་ཏེ། ལུས་དང་ཡེ་ཤེས་ལ་བཏང་སྙོམས་ན་བདེ་བ་སུས་མྱོང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དཔེར་ན། མི་ཞིག་འགྲངས་པར་ཟོས་པའི་འོག་ཏུ་
Ka130b
ཁོང་པ་མི་བདེ་བ་ལས་ཕྱི་རོལ་ཏུ་སོང་སྟེ་སྐྱུགས་ནས་ཕྱིར་འོང་ན། གྲོགས་པོ་དག། དེ་ལ་ཁྱོད་མི་བདེ་བ་ཅི་ལྟ་སོས་སམ་ཞེས་འདྲིའོ། །དེས་སྨྲས་པ། སོས་ཏེ་མི་བདེ་བ་མེད་ཅེས་ཟེར་རོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། མཐའ་སྲིད་པ་ཉི་ཤུ་ལྔ་པོ་དང་བྲལ་ནས་ཡོངས་སུ་མྱ་ངན་ལས་འདས་ཏེ། རབ་ཏུ་བདེ་བའི་གནས་སུ་ཕྱིན་པས་བསྐྱོད་དུ་མེད། ཟད་པ་དང་འགོག་པ་ཞེས་བྱ་བ་མེད་དེ། ཚོར་བ་ཐམས་ཅད་བཅད་པས་བདེ་བར་ཚོར་བ་མེད་པ་ཞེས་བྱའོ། །དེ་ལྟར་ཚོར་བ་མྱོང་བ་མེད་པ་ནི་རྟག་པ་བདེ་བ་ཞེས་བྱའོ། །གང་ཞིག་དེ་བཞིན་གཤེགས་པ་ལ་བདེ་བར་ཚོར་བ་ཡོད་ཅེས་བྱ་བ་དེ་ནི་གནས་མེད་དོ། །དེ་བས་ན་མཐར་བདེ་བ་ནི་མྱ་ངན་ལས་འདས་པའོ། །མྱ་ངན་ལས་འདས་པ་དེ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །འོད་སྲུང་གིས་ཡང་གསོལ་པ། མི་སྐྱེ་མི་འགོག་པ་རྣམ་པར་གྲོལ་བ་ལགས་སམ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རིགས་ཀྱི་བུ། མི་སྐྱེ་མི་འགོག་པ་ནི་རྣམ་པར་གྲོལ་བའོ། །དེ་ལྟར་རྣམ་བར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །འོད་སྲུང་གིས་ཡང་གསོལ་བ། གལ་ཏེ་མི་སྐྱེ་མི་འགོག་པ་དེ་རྣམ་པར་གྲོལ་བ་ལགས་ན། ནམ་མཁའི་མཚན་ཉིད་ཀྱང་མི་སྐྱེ་མི་འགོག་ན། དེའང་དེ་བཞིན་གཤེགས་པ་ལགས་སམ། དེ་བཞིན་
Ka131a
༄#། །གཤེགས་པ་ནི་རྣམ་པར་གྲོལ་བ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། རིགས་ཀྱི་བུ། དེ་ལྟ་མ་ཡིན་ནོ། ། ཅིའི་ཕྱིར་དེ་ལྟ་མ་ཡིན་ཞེ་ན། རིགས་ཀྱི་བུ། དཔེར་ན། བྱ་ཀ་ལནད་ཀ་དང ། འཚོ་བ་འཚོ་བྱེད་ནི་ཤིན་ཏུའང་སྐད་སྙན་པ་ཡིན་ན། ཁཝ་སྐེགས་ཀྱི་སྐད་དང་འདྲ་བའང་མ་ལགས་སོ། །བཅོམ་ལྡན་འདས། ཁཝ་སྐེགས་ནི་ཤིན་ཏུའང་སྐད་མི་སྙན་ཏེ། འཚོ་བ་འཚོ་བྱེད་དང་བསྒྲུན་དུ་མ་མཆིས་ཏེ། སྟོང་གི་ཆར་ཡང་བསྒྲུན་དུ་མ་མཆིས་སོ། །འོད་སྲུང་གིས་ཡང་གསོལ་པ། བྱ་ཀ་ལནད་ཀ་ལ་སོགས་པ་ནི་སྐད་ཀྱང་ཤིན་ཏུ་སྙན་ལ། ལུས་ཀྱང་མི་འདྲ་ན་ཅིའི་སླད་དུ་དེ་བཞིན་གཤེགས་པས་ཁཝ་སྐེགས་ཀྱི་དཔེར་གསུངས། རི་རབ་ཀྱི་དཔེ་ཡུངས་ཀར་ལ་ལེན་པ་དང་མཚུངས་ཏེ། བཅོམ་ལྡན་འདས་དང་ནམ་མཁའ་ཡང་དེ་བཞིན་ནོ། །བྱ་ཀ་ལནད་ཀའི་སྐད་ད་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་གི་དཔེར་རུང་གི་།ཁཝ་སྐེགས་ཀྱི་སྐད་ཀྱི་དཔེར་ནི་མི་རུང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤིན་ཏུ་ལེགས་སོ། །ཤིན་ཏུ་ལེགས་སོ། །ཁྱོད་ནི་ཤིན་ཏུ་ཟབ་མོའི་དོན་ལ་ཤིན་ཏུ་མཁས་ཏེ། དེ་བཞིན་གཤེགས་པ་ནི་སྐབས་ཁ་ཅིག་ཏུ་རྒྱུ་དང་རྐྱེན་ལ་གཟིགས་ནས། ནམ་མཁའ་
Ka131b
ཡང་རྣམ་པར་གྲོལ་བའི་དཔེར་གསུངས་སོ། །དེ་ལྟར་རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་འཇིག་རྟེན་དུ་བཅས་པ་ལྷ་དང་མི་ཐམས་ཅད་ཀྱིས་བསྒྲུན་དུ་མེད་དེ། ནམ་མཁའ་འདི་ནི་ཡང་དག་པར་དཔེར་མི་རུང་མོད་ཀྱི། སེམས་ཅན་གདུལ་བའི་ཕྱིར་ནམ་མཁའ་ལྟ་བུར་དཔེར་མི་རུང་ཡང་དཔེར་གསུངས་ཏེ། དེ་བས་ན་རྣམ་པར་གྲོལ་བ་ཉིད་དེ་བཞིན་གཤེགས་པར་རིག་པར་བྱའོ། །དེ་བཞིན་གཤེགས་པ་ཉིད་ནི་རྣམ་པར་གྲོལ་བའོ། །རྣམ་པར་གྲོལ་བ་དང ། དེ་བཞིན་གཤེགས་པ་ནི་གཉིས་སུ་མེད་ལ་དབྱེར་མེད་དོ། །རིགས་ཀྱི་བུ། དཔེར་མི་རུང་ཞེས་བྱ་བ་ནི་བསྒྲུན་དུ་མེད་པའི་དངོས་པོ་དག་ནི་དཔེར་དྲང་དུ་མི་རུང་ཡང་རྒྱུ་དང་རྐྱེན་ཁ་ཅིག་གི་སྐབས་སུ་དཔེར་དྲང་དུ་ཡོད་དོ། །མདོ་སྡེ་དག་ལས་ཀྱང་གསུངས་ཏེ། ཞལ་ནི་ཟླ་བ་གང་བ་འདྲ་བ་ཞེས་བྱ་བ་དང ། བལ་གྱི་གླང་པོ་ཆེ་ཤིན་ཏུ་དཀར་བ་ནི་གངས་ཀྱི་རི་དང་འདྲའོ། །ཞེས་བྱ་བ་ཟླ་བ་གང་བ་ཞལ་ཡིན་ཞེས་བྱར་མི་རུང་ལ། གངས་ཀྱི་རི་ཡང་བལ་གྱི་གླང་པོ་ཆེ་ཡིན་ཞེས་བྱར་མི་རུང་སྟེ། རིགས་ཀྱི་བུ། དཔེས་རྣམ་པར་གྲོལ་བ་ལ་དཔེར་བྱར་མི་རུང་མོད་ཀྱི། སེམས་ཅན་གདུལ་བའི་ཕྱིར་ན་དཔེ་བསྟན་པ་ཡིན་ནོ། །དཔེ་མང་པོས་ཆོས་རྣམས་ཀྱི་ཆོས་ཉིད་རིག་པར་འགྱུར་བའང་དེ་བཞིན་ནོ།། །།འཕགས་
Ka132a
༄#། །པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་བརྒྱད་པ། འོད་སྲུང་གིས་ཡང་གསོལ་པ། ཅིའི་སླད་དུ་ན་དེ་བཞིན་གཤེགས་པས་རྣམ་པ་གཉིས་སུ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དཔེར་ན། མི་ཞིག་རལ་གྲི་ཐོགས་ཏེ་ཞེས་སྡང་གི་སེམས་ཀྱིས་དེ་བཞིན་གཤེགས་པ་ལ་གསོད་དུ་འོང་ན། དེ་ལ་དེ་བཞིན་གཤེགས་པས་མི་ཁྲོ་ཞིང་མདངས་དང་ཆས་ན། མི་དེ་ནི་དེ་བཞིན་གཤེགས་པ་ལ་གསོད་པའི་མཚམས་མེད་པའི་ལས་སུ་འགྱུར་རམ། མ་ལགས་སོ། །བཅོམ་ལྡན་འདས། ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པའི་སྐུ་ནི་གཞིག་མི་ནུས་པའི་ཕྱིར་རོ། །དེའང་ཇི་ལྟ་ཞེ་ན། སྐུ་ཕུང་པོར་ནི་མ་མཆིས་ཀྱི ། ཆོས་ཉིད་འབའ་ཞིག་དང་ལྡན་ཏེ། ཆོས་རྣམས་ཀྱི་ཆོས་ཉིད་ནི་གཞིག་ཏུ་མི་རུང་བ་ལགས་ན། གང་ཟག་དེས་སངས་རྒྱས་ཀྱི་སྐུ་གཞིག་ག་ལ་ནུས་མོད་ཀྱི། སྡིག་པའི་སེམས་དང་བཅས་པས་མཚམས་མ་མཆིས་པའི་ལས་སུ་ནི་འགྱུར་རོ། །དེའི་སླད་དུ་དཔེར་ན། ཆོས་རྣམས་ཀྱི་ཆོས་ཉིད་རིག་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤིན་ཏུ་ལེགས་སོ། ཤིན་ཏུ་ལེགས་སོ། །རིགས་ཀྱི་བུ། ངས་གསུངས་བ་ལས་ཁྱོད་ཀྱིས་སྔར་གསོལ་བ་ལེགས་སོ། །
Ka132b
རིགས་ཀྱི་བུ། དཔེར་ན། མི་སྡིག་ཅན་ཞིག་མ་བསད་པར་བསམས་ནས་ཞིང་གི་ལས་བྱེད་པར་མ་ཟན་སྐྱེལ་དུ་འོངས་པ་ལས་དེ་ལ་བསད་པར་བསམས་ཏེ། རལ་གྲི་བརྡར་ཏེ་ཆས་པ་ལས་མས་ཚོར་ནས་ཁྲེ་འབྲས་སྤུངས་པའི་ཕུང་པོར་ཞུགས་ཏེ། མི་དེས་རལ་གྲི་ཐོགས་ཏེ་ཁྲེ་འབྲས་ཀྱི་ཕུང་པོ་ལ་བསྐོར་ཅིང་རལ་གྲི་བཏབ་ནས་དེ་ནི་གསོད་སྙམ་ནས་དགའ་བའི་སེམས་སྐྱེས་སོ། ། ཕྱིས་དེའི་མ་ཁྲེ་འབྲས་ཀྱི་ཕུང་པོའི་ནང་ནས་བྱུང་སྟེ། ཕྱིར་ཁྱིམ་དུ་འོང་ན་དེ་ཁྱོད་ཀྱི་ཡིད་ལ་ཇི་སྙམ། མི་དེ་མཚམས་མེད་པའི་སྡིག་བྱས་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། གཅིག་ཏུ་ངེས་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་ལ་སྡིག་པ་མཆིས་ཞེས་བགྱིར་ནི་མའི་ལུས་ཞིག་པར་གྱུར་པ་མ་ལགས། ལུས་ཞིག་པར་མ་གྱུར་ན་སྡིག་པ་མཆིས་ཞེས་བགྱིར་ག་ལ་རུང ། སྡིག་པ་མ་མཆིས་ཞེས་བགྱིར་ནི་གསོད་དོ་སྙམ་བསམས་ནས་དགའ་སེམས་ཀྱང་བསྐྱེད་ན། མ་མཆིས་ཞེས་བགྱིར་ཡང་ག་ལ་རུང་སྟེ། མི་དེས་མཚམས་མེད་པ་རྫོགས་པ་ནི་མ་ལགས་མོད་ཀྱི། འོན་ཀྱང་མཚམས་མ་མཆིས་པའི་ལས་བགྱིས་སོ། །རྒྱུ་དང་རྐྱེན་དེ་ལྟ་བས་ན་ཆོས་རྣམས་ཀྱི་ཆོས་ཉིད་རིག་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་ལེགས་སོ། །ཤིན་ཏུ་ལེགས་སོ། །རིགས་ཀྱི་བུ། རྒྱུ་དང་རྐྱེན་དེ་ལྟ་བས་ན་ངས་རྣམ་པ་སྣ་ཚོགས་ཀྱི་ཐབས་དང ། དཔེར་རྣམ་པར་གྲོལ་བའི་དཔེར་གསུངས་པ་ཡིན་ནོ། །
Ka133a
༄#། །དཔེར་རྣམ་པ་གྲངས་མེད་ཚད་མེད་པ་སྙེད་ཀྱིས་དཔེར་བསྟན་ཀྱང་ཡང་དག་པར་ན་དཔེར་བསྒྲུན་དུ་མེད་དེ། རྒྱུ་དང་རྐྱེན་ཁ་ཅིག་གི་སྐབས་སུ་ནི་དཔེས་བསྟན་དུ་རུང་ངོ ། །རྒྱུ་དང་རྐྱེན་ཁ་ཅིག་གི་སྐབས་སུ་ནི་དཔེས་བསྟན་དུ་མི་རུང་སྟེ། དེ་བས་ན་རྣམ་པར་གྲོལ་བ་ནི་དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་དང་ལྡན་ཏེ། མྱ་ངན་ལས་འདས་པ་ལ་ཞུགས་པའོ། །མྱ་ངན་ལས་འདའ་བ་དང ། དེ་བཞིན་གཤེགས་པ་ལའང་དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་དང་ལྡན་ནོ། །དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་དང་ལྡན་ཏེ། ཕུན་སུམ་ཚོགས་པའི་ཕྱིར་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། བདག་གིས་ནི་དེ་བཞིན་གཤེགས་པ་བྱོན་པའི་གནས་གདོད་འཚལ་ཏེ། བས་མི་འཚལ་བའི་གནས་སོ། །དེ་ལྟར་བས་མི་འཚལ་བས་ན་སྐུ་ཚེའི་ཚད་ཀྱང་བས་མི་འཚལ་བར་རིག་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། ལེགས་སོ། །རིགས་ཀྱི་བུ། ཁྱོད་ནི་ཡང་དག་པའི་ཆོས་ཤིན་ཏུ་འཛིན་ཅིང་སྲུང་བའོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཀུན་ནས་ཉོན་མོངས་པས་རྣམ་པར་བཅིངས་པ་གཅོད་འདོད་པ་དག་ནི་དེ་ལྟར་དམ་པའི་ཆོས་གཟུང་ཞིང་བསྲུང་བར་བྱའོ། །རིགས་ཀྱི་བུ། ཡོངས་སུ་མྱ་ངན་ལས་
Ka133b
འདས་པའི་མདོ་ཤིན་ཏུ་ཟབ་མོ་འདི་ལས་གང་ཟག་རྣམ་པ་བཞིས་ཡང་དག་པའི་ཆོས་སྲུང་ཞིང ། ཡང་དག་པའི་ཆོས་རྣམ་པར་འཇོག་པ་དང ། ཡང་དག་པའི་ཆོས་ཡིད་ལ་བྱེད་ནུས་ཤིང ། འཇིག་རྟེན་དུ་བཅས་པ་ལ་སྙིང་བརྩེ་བ་དང ། འཇིག་རྟེན་དུ་བཅས་པའི་རྟེན་དང་གནས་སུ་འགྱུར་ཞིང ། ལྷ་དང་མི་མང་པོ་ལ་ཕན་པ་དང་བདེ་བའི་དོན་བྱེད་པར་འགྱུར་རོ། །གང་ཟག་བཞི་པོ་གང་ཞེ་ན། གང་ཟག་གང་འཇིག་རྟེན་ལས་འདས་ཏེ་ཉོན་མོངས་པའི་མཚན་ཉིད་དང་ལྡན་པ་ནི་རྒྱུན་དུ་ཞུགས་པ་ཞེས་བྱ་སྟེ་གཅིག་གོ་།གང་ཟག་ལན་གཅིག་ཕྱིར་ལྡོག་པ་ནི་གཉིས་སོ། །ལན་གཅིག་ཕྱིར་མི་ལྡོག་པ་ནི་གསུམ་མོ། །དགྲ་བཅོམ་པ་ནི་བཞིའོ། །གང་ཟག་རྣམ་པ་བཞི་པོ་འདི་དག་འཇིག་རྟེན་དུ་བྱུང་ན། འཇིག་རྟེན་དུ་བཅས་པ་ལ་སྙིང་བརྩེ་ཞིང་འཇིག་རྟེན་དུ་བཅས་པའི་རྟེན་དང་གནས་སུ་འགྱུར་ཏེ། ལྷ་དང་མི་མང་པོ་ལ་ཕན་པ་དང་བདེ་བའི་དོན་བྱེད་པར་འགྱུར་རོ། །དེ་ལ་ཉོན་མོངས་པའི་མཚན་ཉིད་དང་ལྡན་པ་གང་ཞེ་ན། དེ་ལ་གང་ཟག་གང་ཞིག་ཚུལ་ཁྲིམས་ཡོངས་སུ་སྡོམ་ཞིང་སྤྱོད་ལམ་མི་ཉམས་པས་ཡང་དག་པའི་ཆོས་རྣམ་པར་བཞག་ནས་སངས་རྒྱས་ལས་ཇི་སྐད་དུ་ཐོས་པ་བཞིན་དུ་ཡི་གེ་དང་དོན་ལ་མཁས་ཏེ། གཞན་ལའང་རྒྱས་པར་འཆད་ཅིང་སྟོན་པ་ནི། འདི་ལྟ་སྟེ། འདོད་པ་ཉུང་བ་དང ། འདོད་པ་མང་བ་དང ། བྱང་ཆུབ་
Ka134a
༄#། །ཡིན་པ་ལ་སོགས་པ་སྐྱེས་བུ་ཆེན་པོ་ཡ་བརྒྱད་ཀྱི་ཆོས་རྒྱས་པར་སྟོན་པའོ། །གང་ཉེས་པ་བྱུང་བ་རྣམས་ཀྱང་མཐོལ་ཞིང་འགྱོད་ཚངས་བྱེད་དུ་བཅུག་ནས། ཉེས་པ་བྱང་བར་བྱེད་པ་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་དང ། སྤྱོད་པ་དང ། དགོངས་ཏེ་གསུངས་པའི་ཆོས་ལ་ཤིན་ཏུ་མཁས་པ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཞེས་བྱའི། སྐྱེས་བུ་ཡ་བརྒྱད་པོ་མ་ཡིན་ནོ། །སྐྱེས་བུ་ཡ་བརྒྱད་པོ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཞེས་མི་བྱ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱའི། སངས་རྒྱས་ཞེས་བྱ་བ་ནི་མ་ཡིན་ནོ། །སྐྱེས་བུ་གཉིས་པོ་ནི་རྒྱུན་དུ་ཞུགས་པ་ཞེས་བྱའོ། །ལན་གཅིག་ཕྱིར་ལྡོག་པ་ནི་ཡང་དག་པའི་ཆོས་རྙེད་དམ། ཡང་དག་པའི་ཆོས་འཛིན་ཏམ། སངས་རྒྱས་ལས་ཆོས་ཐོས་ན་ཇི་ལྟར་ཐོས་པ་བཞིན་དུ་གླེགས་བམ་དུ་འདྲི་ཞིང་འཆང་བ་དང ། ཀློག་པ་དང ། འདོན་པ་དང ། གཞན་ལའང་རྒྱས་པར་སྟོན་ཅིང་འཆད་དོ། །དེ་ཆོས་ཐོས་ནས་མི་འདྲི་བ་དང ། འཆང་བ་དང་འཛིན་པར་མི་བྱེད་པ་དང ། གཞན་ལའང་མི་འཆད་དོ། །བྲན་པོ་དང ། བྲན་མོ་ལ་སོགས་པ་མ་བརྟགས་པའི་དངོས་པོ་དག་སངས་རྒྱས་ཀྱིས་འཆང་དུ་གནང་ངོ་ཞེས་སྨྲ་བའི་གནས་མེད་དེ། དེ་ནི་གང་ཟག་གཉིས་པོ་ཞེས་བྱ་སྟེ། གང་ཟག་དེ་ནི་གཉིས་པོ་དང ། གསུམ་པོའི་ས་ཐོབ་པའང་མ་ཡིན་ལ། བྱང་ཆུབ་སེམས་
Ka134b
དཔའ་ལུང་བསྟན་པ་ཞེས་ཀྱང་མི་བྱའོ། །གང་ཟག་གསུམ་པོ་ནི་ལན་གཅིག་ཕྱིར་མི་ལྡོག་པ་ཞེས་བྱ་སྟེ། ལན་གཅིག་ཕྱིར་མི་ལྡོག་པ་ནི་ཡང་དག་པའི་ཆོས་ལ་སྐུར་བའམ། བྲན་ཕོ་དང ། བྲན་མོ་དང ། ལས་བྱེད་པའི་མི་ལ་སོགས་པ་མ་བརྟགས་པའི་དངོས་པོ་དག་འཆང་དུ་གནང་ཞེའམ། མུ་སྟེགས་ཅན་གྱི་གཙུག་ལག་དང ། ཡི་གེ་ལ་སློབ་ཅིང་འཛིན་ཅེའམ། ཀུན་ནས་ཉོན་མོངས་པས་སྒྲིབ་པར་འགྱུར་ཞེའམ། བག་ལ་ཉལ་བའི་ཉོན་མོངས་པས་སྒྲིབ་ཅིང་གཡོག་པར་འགྱུར་ཞེའམ། དེ་བཞིན་གཤེགས་པའི་སྐུ་གདུང་ཡང་དག་པ་སྦེད་ཅིང་འཆབ་ཅེའམ། ཕྱི་རོལ་གྱི་ནད་རྣམ་པ་མང་པོས་འཚེ་ཞིང་གནོད་པར་འགྱུར་ཞེའམ། སྦྲུལ་གདུག་པ་རྣམ་པ་བཞིས་ཟིན་པར་འགྱུར་ཞེའམ། བདག་ཏུ་སྨྲ་བ་ལ་སོགས་པའི་གནས་མེད་ཀྱི། བདག་མེད་པར་སྨྲ་བའི་གནས་ནི་ཡོད་དོ། །འཇིག་རྟེན་གྱི་ཆོས་ལ་ཆགས་པར་སྨྲ་བའི་གནས་ནི་མེད་ཀྱི། ཐེག་པ་ཆེན་པོ་བར་ཆད་ཀྱི་རྒྱུན་མེད་པར་སྟོན་པའི་གནས་ནི་ཡོད་དོ། །གང་ལུས་ལེན་པ་དེ་ལ་སྲིན་བུ་བརྒྱད་ཁྲིས་བཟའ་པའི་གནས་མེད་ཀྱི། འདོད་ཆགས་ཡོངས་སུ་སྤངས་ནས་ཆུང་ངུ་ན་རྨི་ལམ་ནའང་མི་གཙང་བ་མི་འབྱུང་བའི་གནས་ནི་ཡོད་དོ། །མཐར་ཚེའི་བྱ་བ་བྱེད་པ་ན་འཇིགས་སྐྲག་པར་འགྱུར་བའི་གནས་ཀྱང་མེད་དོ། །ལན་གཅིག་ཕྱིར་མི་ལྡོག་པ་ཞེས་བྱ་བ་ཅིའི་དོན་ཞེ་ན། གང་ཟག་དེ་ནི་ཉེས་པའི་སྐྱོན་གོང་དུ་སྨོས་པའི་ནང་
Ka135a
༄#། །དུ་ཕྱིར་མི་འཁོར་ཏེ། དེས་གོས་པར་ཡང་མི་འགྱུར་ལ། ཕྱིར་འཁོར་ཞིང་སྐྱེའང་དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། ལུང་བསྟན་པའང་ཐོབ་པས་རིང་པོར་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་ཡང་འགྱུར་ཏེ། དེ་ནི་གང་ཟག་གསུམ་པ་ཞེས་བྱའོ། །གང་ཟག་བཞི་པ་ནི་དགྲ་བཅོམ་པ་ཞེས་བྱ་སྟེ། དགྲ་བཅོམ་པ་ནི་ཉོན་མོངས་པ་ཐམས་ཅད་བཅད་པ། ཁུར་བོར་བ། བྱ་བ་བྱས་པ། ཕྱིས་བདག་གི་དོན་རབ་ཏུ་རྙེད་པ། ས་བཅུ་ལ་རབ་ཏུ་གནས་པ། ཡེ་ཤེས་ལ་དབང་བསྒྱུར་བ། སོ་སོའི་སྐྱེ་བོ་ཅི་ལ་མོས་པ་བཞིན་དུ་རྣམ་པ་སྣ་ཚོགས་ཀྱིས་གཟུགས་དང་ཆ་ལུགས་ཀྱང་དེ་བཞིན་དུ་སྟོན་པ། མངོན་པར་འཚང་རྒྱ་བར་འདོད་ནའང་མངོན་པར་སངས་རྒྱས་པ་སྟོན་པ་སྟེ། དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་དང་ལྡན་པས་ན་དགྲ་བཅོམ་པ་ཞེས་བྱའོ། །དེ་བས་ན་སྐྱེས་བུ་ཆེན་པོ་བཞི་འཇིག་རྟེན་དུ་བྱུང་ན། འཇིག་རྟེན་དུ་བཅས་པ་ལ་སྙིང་བརྩེ་བས་འཇིག་རྟེན་དུ་བཅས་པའི་གནས་དང་རྟེན་དུ་འགྱུར་ཞིང ། ལྷ་དང་མི་མང་པོ་ལ་ཕན་པ་དང་བདེ་བའི་དོ་བྱེད་པ་དང ། ལྷ་དང་མིའི་ནང་ན་མཆོག་ཏུ་འགྱུར། གཙོ་བོར་འགྱུར། ཕུལ་དུ་འགྱུར་ཏེ། ཇི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐྱབས་སུ་འགྲོ་བའི་གནས་མིའི་མཆོག་ཏུ་གྱུར་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་
Ka135b
བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ནི་སྐྱེས་བུ་བཞི་པོ་ལ་མི་གནས་མི་རྟེན་ཏོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཀྱིས་སྔོན་མདོ་སྡེ་གུ་ཤི་ལས་བྲིས་པ་ལས་འདི་སྐད་ཅེས་གསུངས་ཏེ། གུ་ཤི་ལ་ལྷ་དང ། བདུད་དང ། ཚངས་པ་ལ་སོགས་པ་ཁྱོད་གཞིག་ཅིང་མི་རུང་བར་བྱ་བའི་ཕྱིར་སངས་རྒྱས་ཀྱིས་གཟུགས་ལྟ་བུར་བསྒྱུར་ནས་མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུ་དང ། འོད་ཀྱི་དཀྱིལ་འཁོར་འདོམ་གང་བ་དང ། ཞལ་ཟླ་བ་རྒྱས་པར་ལྟ་བུ་དང ། སྨིན་མཚམས་ཀྱི་མཛོད་སྤུའི་མཚན་དཀར་ཁྱད་གངས་སམ། དུང་ལྟ་བུས་ཡོངས་སུ་བརྒྱན་ཏེ་འོངས་ན། ཁྱོད་ཡང་དག་པ་ཡིན་ན། མ་ཡིན་པ་རྟོགས་ཤིག་།རྟོགས་ཤིང་ཤེས་ནས་འདུལ་བར་བྱའོ་ཞེས་གསུངས་ཏེ། བཅོམ་ལྡན་འདས། བདུད་ལ་སོགས་པས་སངས་རྒྱས་ཀྱི་སྐུར་ཡང་སྟོན་ཅིང་སྤྲུལ་ནུས་ན། དགྲ་བཅོམ་པ་ལ་སོགས་པ་སྐྱེས་བུ་བཞིའི་ལུས་སུ་སྟོན་ཅིང་ནམ་མཁའ་ལ་འགྲོ་བ་དང ། ཉལ་པ་དང ། འདུག་པ་དང ། རྩིབ་ལོགས་གཡོན་ནས་ཆུ་འབྱུང་བ་དང ། རྩིབ་ལོགས་གཡས་ནས་མེ་འབྱུང་བ་དང ། ལུས་ལ་དུད་པ་འཐུལ་ཞིང་མེའི་ཕུང་པོ་ལྟར་སྟོན་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། རྒྱུ་དང་རྐྱེན་དེ་ལྟ་བས་ན་བདག་ནི་དེ་ལ་དད་པའང་མི་སྐྱེ་ལ། སྟོན་པ་ཞིག་ཡོད་ནའང་ཚུལ་བཞིན་དུ་མི་བགྱིད། བཀུར་སྟི་དང ། རྟེན་དང ། གནས་ལྟ་བུར་ཡང་མི་སེམས་
Ka136a
༄#། །སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ངས་བསྟན་པ་ལ་ཐེ་ཚོམ་ཡོད་ནའང་གཟུང་བར་མི་བྱ་ན་དེ་དག་གིས་བསྟན་པ་ལྟ་ཅི་སྨོས་ཏེ། དེ་བས་ན་དགེའམ་མི་དགེའམ། བྱའམ་མི་བྱ་བ་ནི་ཤིན་ཏུ་བརྟགས་ཏེ་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་བྱས་ན་ཡུན་རིང་པོར་བདེ་པ་མྱོང་བར་འགྱུར་རོ། །རིགས་ཀྱི་བུ། འདི་ལྟ་སྟེ།་དཔེར་ན། ཁྱི་རྐུན་ཞིག་ཁྱིམ་དུ་འོངས་ཏེ། བྲན་མོ་ཁྱིམ་སྲུང་གིས་ཚོར་ན་དེ་ལ་སྤྱོས་ཏེ་མྱུར་དུ་ཕྱིར་སོང་ཞིག་།མ་བྲོས་ན་བསད་དོ་ཞེས་སྨྲས་ཏེ། ཁྱིས་དེ་སྐད་ཐོས་ནས་བྲོས་ཏེ་ཕྱིར་ལྡོག་གོ་།ཁྱོད་ཀྱང་དེ་བཞིན་དུ་བདུད་སྡིག་ཏོ་ཅན་འདུལ་བ་ན། དེ་ལ་འདི་སྐད་དུ་སྡིག་ཏོ་ཅན་ཁྱོད་འདི་འདྲ་བའི་གཟུགས་སུ་མ་སྟོན་ཅིག་།ཅི་སྟེ་སྟོན་ན་འཆིང་བ་རྣམ་པ་ལྔས་འཆིང་ངོ་ཞེས་གྱིས་ཤིག། བདུད་ཀྱིས་དེ་སྐད་ཐོས་ན་འབྲོས་ཏེ། ཕྱིར་ལྡོག་པའང་ཇི་ལྟར་ཁྱི་རྐུན་དེ་ཕྱིར་ལྡོག་པ་བཞིན་ནོ། །འོད་སྲུང་གིས་ཡང་གསོལ་པ། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གུ་ཤི་ལ་འདི་སྐད་ཅེས་གསུངས་ཏེ། གང་ཞིག་དེ་ལྟར་བདུད་ཐུལ་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་ཉེ་བ་ཞེས་བགྱི་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་གང་ཟག་བཞི་པོ་ལ་གནས་དང་རྟེན་ལྟ་བུར་གསུངས། གང་ཟག་བཞི་པོས་སྟོན་པ་ལ་ངེས་པར་ཡིད་ཆེས་སུ་རུང་ངམ། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ།
Ka136b
རིགས་ཀྱི་བུ། ངས་གསུངས་པའང་དེ་དང་འདྲ་སྟེ། དེ་ལྟ་བུ་ཡིན་ནོ། །རིགས་ཀྱི་བུ། ངས་ནི་ཉན་ཐོས་ཤའི་མིག་ཅན་དག་ལ་བདུད་འདུལ་བར་བསྟན་གྱི། ཐེག་པ་ཆེན་པོ་ལ་ནན་ཏན་བྱེད་པའི་གང་ཟག་ལ་བཤད་པ་ནི་མ་ཡིན་ནོ། །ཉན་ཐོས་ཀྱི་གང་ཟག་ནི་འཕྲུལ་གྱི་མིག་ཅན་དུ་གྱུར་ཀྱང་ཤའི་མིག་ཅེས་བྱའོ། །ཐེག་པ་ཆེན་པོ་སློབ་པའི་ནི་ཤའི་མིག་ཅན་ཡང་སངས་རྒྱས་ཀྱི་སྤྱན་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོའི་མདོ་སྡེ་ནི་སངས་རྒྱས་ཀྱི་ཐེག་པ་ཞེས་བྱ་སྟེ། སངས་རྒྱས་ཀྱི་ཐེག་པ་ནི་མཆོག་ཏུ་གྱུར། ཕུལ་དུ་གྱུར་པའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། སྐྱེས་བུ་དཔའ་ཞིང་སྒྱུ་རྩལ་ཆེ་བ་ལ་ནི་གང་སྔར་མ་ཞན་པ་དག་རྟག་ཏུ་འཁོར་ཞིང་རྟེན་ཏོ། །སྐྱེས་བུ་དཔའ་བོ་དེས་སྔར་མ་དེ་ལ་ཁྱོད་གཞུ་འདི་ལྟར་ཟུངས་ཤིག། མདའ་འདི་ལྟར་ཕོངས་ཤིག་།ཤཀྟི་སློབ་ཅིང་ཀྱོ་བ་བཏང་དང་ཞགས་པ་འདི་ལྟར་ཐོབ་ཅིག་ཅེས་སྟོན་ཏོ། །གཞན་ཡང་འདི་སྐད་དུ་དགྲ་དང་འཐབ་པ་ནི་མཚོན་གྱི་ཁར་སོང་བ་དང་འདྲ་མོད་ཀྱི། འཇིགས་སྐྲག་པའི་འདུ་ཤེས་མ་བསྐྱེད་པར་ཕ་རོལ་པོ་ལྷ་དང་མི་ལ་ཤིན་ཏུ་བརྙས་པའི་འདུ་ཤེས་སྐྱེད་ཅིག་།བདག་ནི་ཤིན་ཏུ་དཔའ་ཞིང་རྩལ་ཆེ་བར་འདུ་ཤེས་སྐྱེད་ཅིག་།བར་བར་གྱི་དུས་སུ་མི་སྔར་མ་ཞན་པ་དག་ཅིག་དཔའ་བོ་ལྟར་བཅོས་ཏེ། མདའ་གཞུ་དང ། རལ་གྲི་དང ། མཚོན་ཆ་སྣ་ཚོགས་ཐོགས་ཏེ། གཡུལ་ངོར་ལྷགས་ནས་སྐད་
Ka137a
༄#། །ཆེན་པོས་བོས་ན། ཁྱོད་དེ་ལ་འཇིགས་པའམ། སྐྲག་པ་ལྟར་མ་བྱེད་ཅིག་དང ། སྔར་མ་དེས་ཁྱོད་མི་སྐྲག་པར་ཤེས་ནས་ཁྱི་རྐུན་དང་འདྲ་བར་དེ་མ་ཐག་ཏུ་འགྱེས་ཤིང་འབྲོས་སོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཉན་ཐོས་རྣམས་ལ་ཁྱེད་བདུད་སྡིག་ཏོ་ཅན་གྱིས་མ་སྐྲག་ཅིག་།གལ་ཏེ་བདུད་སྡིག་ཏོ་ཅན་སངས་རྒྱས་ཀྱི་སྐུར་སྤྲུལ་ཏེ། ཁྱོད་ཀྱི་དྲུང་དུ་འོངས་ནའང་ཁྱོད་ཤིན་ཏུ་བརྟན་པའི་བརྩོན་འགྲུས་ཀྱིས་བདུད་ཀྱི་སྡེ་རྣམས་ཐུལ་ཅིག་།དེའི་ཚེ་ན་བདུད་ཀྱང་མྱ་ངན་གྱིས་ནོན་ཏེ་མི་དགའ་ནས་ཕྱིར་འགྲོའོ། །རིགས་ཀྱི་བུ། དཔེར་ན། སྐྱེས་བུ་དཔའ་བོ་གཞན་ལ་སློབ་མི་དགོས་པ་ལྟར་ཐེག་པ་ཆེན་པོ་ལ་ནན་ཏན་བྱེད་པའང་དེ་དང་འདྲ་སྟེ། ཤིན་ཏུ་ཟབ་མོའི་མདོ་སྡེ་རྣམ་པ་སྣ་ཚོགས་ཐོས་ཀྱང་སེམས་རབ་ཏུ་དགའ་ཞིང་རངས་པར་འགྱུར་གྱི། འཇིགས་པའམ་སྐྲག་པ་མི་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཐེག་པ་ཆེན་པོ་ལ་སློབ་པའི་གང་ཟག་ནི་སྔོན་འདས་པའི་སངས་རྒྱས་གྲངས་མེད་པ་བརྒྱ་སྟོང་ལ་ཕྱག་དང་བསྙེན་བཀུར་དང ། མཆོད་པ་བྱས་པས་གལ་ཏེ་བདུད་ཀྱི་འཁོར་གྲངས་མེད་པ་བརྒྱ་སྟོང་སྙེད་ཀྱིས་གནོད་པའམ། རྣམ་པར་གཙེས་ཀྱང་དེ་ལ་ནི་ནམ་དུའང་འཇིགས་སྐྲག་པ་མི་འབྱུང་ངོ ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། མི་ཞིག་སྨན་ཨ་གས་རྙེད་ན་སྤྲུལ་གདུག་པ་
Ka137b
ལ་སོགས་པ་ཐམས་ཅད་ཀྱིས་མི་འཇིགས་སོ། །སྨན་དེའི་མཐུས་གདུག་པ་ཐམས་ཅད་གཞིལ་ནུས་པའི་ཕྱིར་རོ། །ཐེག་པ་ཆེན་པོའི་མདོ་སྡེའང་དེ་དང་འདྲ་སྟེ། བདུད་གདུག་པ་ཐམས་ཅད་ཀྱིས་མི་འཇིགས་ལ། ཕྱིས་མི་ལྡང་བར་ཡང་གདུལ་ནུས་སོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། ཀླུ་གདུག་པ་ནི་ཕ་རོལ་ལ་གསོད་པའི་ཚེ། བར་འགའ་ནི་མིག་གིས་བལྟས་པ་ཙམ་མམ། བར་འགའ་ནི་དབུགས་ཀྱིས་རྡུབས་པ་ཙམ་གྱིས་འཆི་སྟེ། དེ་བས་ན་སེང་གེ་དང ། སྟག་དང ། ཕར་སྤྱང་དང ། ཁྱི་ལ་སོགས་པ་ཐམས་ཅད་དེ་ལ་འཇིགས་སོ། །གཅན་གཟན་དེ་དག་ལ་སོགས་པས་དེའི་སྐད་ཐོས་སམ། དེའི་ལུས་ཀྱིས་རེག་པ་ཙམ་གྱིས་མི་འཆི་བ་མེད་དོ། །གང་སྡགས་ལ་ཤིན་ཏུ་མཁས་པ་ནི་སྔགས་ཀྱི་མཐུས་ཀླུ་གདུག་པ་དང ། ནམ་མཁའ་ལྡིང་དང ། བལ་གྱི་གླང་པོ་ཆེ་མྱོས་པ་དང ། སེང་གེ་དང ། སྟག་དང ། འཕར་སྤྱང་ལ་སོགས་པ་ཐམས་ཅད་ཐུལ་ཏེ། ཁ་ལོ་སྒྱུར་ཞིང་ཞོན་ཡང་ནུས་སོ། །གཅན་གཟན་དེ་དག་གིས་སྔགས་ལ་མཁས་པ་དེ་མཐོང་ཙམ་གྱིས་རང་འདུལ་ལོ། །ཉན་ཐོས་དང ། རང་སངས་རྒྱས་ཀྱང་དེ་དང་འདྲ་སྟེ། བདུད་སྡིག་ཏོ་ཅན་མཐོང་ན་ཐམས་ཅད་འཇིགས་སྐྲག་གོ་།བདུད་སྡིག་ཏོ་ཅན་ནི་དེ་དག་ལ་འཇིགས་པའམ་སྐྲག་པའི་སེམས་མེད་དེ། བདུད་ཀྱི་ལས་ཀྱང་བྱེད་དོ། །ཐེག་པ་ཆེན་པོ་ལ་སློབ་པའང་དེ་དང་འདྲ་སྟེ། དེ་ལྟར་ཉན་ཐོས་
Ka138a
༄#། །དག་བདུད་ཀྱིས་སྐྲག་སྟེ། ཐེག་པ་ཆེན་པོ་ལ་མི་མོས། མི་དད་པ་མཐོང་ནས། སྔར་ཐབས་ཀྱིས་བདུད་ཀྱི་རིས་རྣམས་བཏུལ་ཏེ། ཐམས་ཅད་འདུལ་བར་བྱས་ནས། དེའི་འོག་ཏུ་དམ་པའི་ཆོས་རྣམ་པ་སྣ་ཚོགས་སྟོན་ཅིང་འཆད་དོ། །ཉན་ཐོས་དང ། རང་སངས་རྒྱས་དག་དེ་ལྟར་བདུད་རྣམས་བཏུལ་བ་མཐོང་ན། གདོད་སྐྲག་པ་སྐྱེས་ཏེ། ཐེག་པ་ཆེན་པོ་དམ་པའི་ཆོས་བླ་ན་མེད་པ་ལ་མོས་པ་དང ། དད་པ་བསྐྱེད་དེ། འདི་སྐད་དུ་བདག་ཅག་ནི་ད་ཕྱིན་ཆད་དམ་པའི་ཆོས་འདིའི་བར་ཆད་དང ། བགེགས་མི་བྱའོ་ཞེས་སྨྲའོ། །གཞན་ཡང་རིགས་ཀྱི་བུ། ཉན་ཐོས་དང ། རང་སངས་རྒྱས་ནི་ཉོན་མོངས་པ་རྣམས་ལ་འཇིགས་པ་དང་སྐྲག་པ་སྐྱེའོ། །ཐེག་པ་ཆེན་པོ་སློབ་པ་དག་ནི་འཇིགས་པའམ། བག་ཚབ་མེད་དོ། །ཐེག་པ་ཆེན་པོ་ལ་ནན་ཏན་བྱེད་པ་ནི་དེ་ལྟ་བུའི་མཐུ་དང་ལྡན་ཏེ། རྒྱུ་དང་རྐྱེན་དེ་ལྟ་བས་ན་སྔར་བསྟན་ཅིང་བཤད་པ་ནི་ཉན་ཐོས་དང ། རང་སངས་རྒྱས་དག་གིས་བདུད་གདུལ་བའི་ཕྱིར་གྱི། ཐེག་པ་ཆེན་པོའི་ཕྱིར་ནི་མ་ཡིན་ནོ། །ཐེག་པ་ཆེན་པོ་མྱ་ངན་ལས་འདས་པའི་མདོ་སྡེ་ཤིན་ཏུ་ཟབ་མོ་འདི་ནི་ངོ་མཚར་ཆེ་ཞིང་རྨད་དུ་གྱུར་པ་སྟེ། གདུལ་ནུས་པ་མེད་དོ། །གང་ཞིག་མཉན་ཏེ་ཐོས་ནས་དད་ཅིང་འཛིན་ཏམ། དེ་བཞིན་གཤེགས་པ་ལ་རྟག་པའི་ཆོས་ཅན་དུ་ཡིད་ཆེས་ན། གང་ཟག་དེ་ནི་མེ་ཏོག་ཨུ་དུ་མ་ཝ་ར་
Ka138b
ལྟར་ཤིན་ཏུ་དཀོན་པའོ། །ང་མྱ་ངན་ལས་འདས་ནས་གང་གིས་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་ཟབ་མོ་འདི་ཐོས་ནས་དད་པའི་སེམས་སྐྱེས་ན། དེ་ནི་མ་འོངས་པའི་དུས་སུ་བསྐལ་བ་བརྒྱ་སྟོང་གི་བར་དུ་ངན་སོང་དུ་མི་ལྟུང་བར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་བཀའ་སྩལ་པ། རིགས་ཀྱི་བུ། ང་མྱ་ངན་ལས་འདས་ནས་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་དམ་པ་འདི་ལ་སེམས་ཅན་གྲངས་མེད་པ་བརྒྱ་སྟོང་སྙེད་ཀྱིས་སྐུར་ཅིང་ཡིད་ ་ཆེས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་གསོལ་པ། བཅོམ་ལྡན་འདས། སེམས་ཅན་དེ་དག་སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་ཡུན་རིང་དུ་མདོ་སྡེ་འདི་ལ་བསྙེན་ནས་བཀུར་བར་འགྱུར་ན། དེ་ལ་སྐྱེ་བོ་ཤིན་ཏུ་དགེ་བ་དང་ལྡན་པ་ཇི་ལྟ་བུས་ཆོས་ལ་རྣམ་པར་སྐུར་པ་དེ་སྒྲོལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། རིགས་ཀྱི་བུ། ང་མྱ་ངན་ལས་འདས་ནས་ལོ་བཞི་བཅུའི་བར་དུ་ནི་ཛམྦུའི་གླིང་འདིར་རྒྱས་པར་འགྱུར་ཏེ། དེ་ནས་སའི་འོག་ཏུ་ནུབ་པར་འགྱུར་རོ། །རིགས་ཀྱི་བུ། དཔེར་ན། བུ་རམ་གྱི་ཤིང་དང ། འབྲས་དང ། ཤ་ཁ་ར་དང ། འོ་མ་དང ། མར་དང ། མར་གྱི་སྙིང་པོ་ཡོད་པའི་གནས་ན་འཁོད་པའི་སེམས་ཅན་དག་ནི་རོ་བྲོ་བ་དེ་ལ་རོའི་ནང་ན་མཆོག་དམ་པར་འཛིན་ཏོ། །དེ་ལ་ཁ་ཅིག་ནི་ཁྲེ་དང །
Ka139a
༄#། །ཡུག་པོའི་ས་བོན་འབའ་ཞིག་ཟ་ན། དེ་དག་ཀྱང་འདི་སྐད་དུ་བདག་ཅག་གི་ཟས་འདི་ལས་འདའ་བ་མེད་ཅེས་ཟེར་རོ། །དེ་ནི་སེམས་ཅན་བསོད་ནམས་ཆུང་བའི་ལས་ཀྱི་རྣམ་པར་སྨིན་པ་ཡིན་ཏེ། བསོད་ནམས་ཅན་སྐལ་པ་དང་ལྡན་པ་དག་ནི་ཁྲེ་དང ། ཡུག་པོའི་ས་བོན་རྣམས་ཀྱང་མི་ཐོས་ཏེ། ཟས་སུ་འབྲས་དང ། བུ་རམ་དང ། ཤ་ཁ་ར་དང ། མར་གྱི་སྙིང་པོ་འབའ་ཞིག་ཟའོ། །མྱ་ངན་ལས་འདའ་བའི་མདོ་སྡེ་དམ་པ་འདིའང་དེ་དང་འདྲ་སྟེ། དབང་པོ་རྟུལ་པོ་བསོད་ནམས་ཆུང་ཞིང་སྐལ་པ་མེད་པ་དག་ཐོས་པར་མི་འདོད་དོ། །ཇི་ལྟར་བསོད་ནམས་ཆུང་བ་དག་འབྲས་དང ། ཤ་ཁ་ར་ལ་སོགས་པ་མི་འདོད་པ་ལྟར། །ཐེག་པ་ཆུང་དུ་གཉིས་ཀྱང་དེ་དང་འདྲ་སྟེ། མྱ་ངན་ལས་འདའ་བ་ཆེན་པོའི་མདོ་སྡེ་དམ་པ་འདི་མི་འདོད་དོ། །དེ་ལ་སོ་སོའི་སྐྱེ་བོ་གནག་མདོ་སྡེ་འདི་ཐོས་པར་མོས་ཤིང་ཐོས་ནས་ཀྱང་རབ་ཏུ་དགའ་སྟེ། སྐུར་པ་མི་བྱེད་པ་ནི་སེམས་ཅན་བསོད་ནམས་ཅན་འབྲས་ལ་སོགས་པ་ཟ་བ་དང་མཚུངས་སོ། །རིགས་ཀྱི་བུ། དཔེར་ན། རྒྱལ་པོ་ཞིག་རིའི་གསེབ་ཤིན་ཏུ་ཉམ་ང་བའི་གནས་ན་འདུག་ན། བུ་རམ་གྱི་ཤིང་དང ། འབྲས་དང ། ཤ་ཁ་ར་ཞིག་ཡོད་ཀྱང་དཀོན་པས་ན་ཟད་ཀྱིས་དོགས་ཏེ་ཟ་བའི་ཐུགས་ནི་མི་ཐུབ་ཀྱི། གསོག་གོ། །ཁྲེ་དང་ཡུག་པོའི་ས་བོན་འགའ་ཞིག་ཟའོ། །རྒྱལ་པོ་གཞན་ཞིག་གིས་ཐོས་ནས། དེ་སྙིང་བརྩེ་
Ka139b
བའི་ཕྱིར་འབྲས་དང ། ཤ་ཁ་ར་ལ་སོགས་པ་ཤིང་རྟས་བསྐྱས་ཏེ་བྱིན་ན། རྒྱལ་པོ་དེས་ཀུན་ལ་བགོས་ཏེ་བྱིན་ནས་གདོད་ཟའོ། །ཟོས་ནས་ཐམས་ཅད་དགའ་སྟེ། འདི་སྐད་དུ་རྒྱལ་པོ་དེའི་ཕྱིར་བདག་ཅག་ཀྱང་སྔོན་མ་མྱོང་བའི་ཟས་ཟོས་པར་གྱུར་ཏོ་ཞེས་ཟེར་རོ། །རིགས་ཀྱི་བུ། སྐྱེས་བུ་གང་ཟག་བཞི་པོའང་དེ་དང་འདྲ་སྟེ། བླ་ན་མེད་པའི་ཆོས་ཆེན་པོའི་དེད་དཔོན་ནོ། །གང་ཟག་རྣམ་པ་དེ་བཞི་ལས་གང་ཟག་གཅིག་གིས་ཕྱོགས་གཞན་ཞིག་ན། བྱང་ཆུབ་སེམས་དཔའ་ཚད་མེད་པ་རྣམས་ཐེག་པ་ཆེན་པོའི་མདོ་སྡེ་འདི་སློབ་བམ། བདག་གླེགས་བམ་དུ་འདྲིའམ། གཞན་དག་གླེགས་བམ་དུ་འདྲིར་གཞུག་གམ། རྙེད་པ་དང ། བཀུར་སྟི་དང ། གྲགས་པའི་ཕྱིར་རམ། ཆོས་མངོན་པའི་ཕྱིར་རམ། རྟེན་དང་གནས་ཀྱི་ཕྱིར་རམ། མདོ་སྡེ་གཞན་དག་ཏུ་བསྐུར་ཞིང་བརྗེ་བ་ཙམ་གྱི་ཕྱིར་གྱི། གཞན་དག་ལ་རྒྱས་པར་སྟོན་ཅིང་འཆད་མི་ནུས་པ་མཐོང་ན། དེ་དག་གི་ཕྱིར་མདོ་སྡེ་དམ་པ་འདི་ཕོགས་དེར་བསྐྱལ་ཏེ། བྱང་ཆུབ་སེམས་དཔའ་དེ་དག་ལ་བྱིན་ནས། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བྖུག་སྟེ། བྱང་ཆུབ་ལ་བཀོད་ནས། བྱང་ཆུབ་སེམས་དཔའ་དེ་དག་ཀྱང་མདོ་སྡེ་འདི་ཐོས་པས་གཞན་དག་ལ་རྒྱས་པར་སྟོན་ཅིང་བཤད་དེ། སེམས་ཅན་ཚད་མེད་པ་རྣམས་ཀྱང ། །ཐེག་པ་ཆེན་པོ་འི་མདོ་སྡེ་འདིའི་ཆོས་ཀྱི་རོ་མྱོང་བར་བྱས་ན། དེ་ ་བྱང་
Ka140a
༄#། །ཆུབ་སེམས་དཔའ་དེ་གཅིག་གི་མཐུས་སྔོན་མ་ཐོས་པའི་མདོ་སྡེ་ཐོས་པར་འགྱུར་ཏེ། ཇི་ལྟར་རྒྱལ་པོ་གཅིག་གི་མཐུས་ཐམས་ཅད་ཀྱིས་སྔོན་མ་མྱོང་བའི་ཟས་མྱོང་བར་འགྱུར་བ་ཡིན་ནོ། །རིགས་ཀྱི་བུ། གཞན་ཡང་མྱ་ངན་ལས་འདའ་བ་ཆེན་པོའི་མདོ་གང་ན་ཡོད་པའི་གནས་དེ་ནི་རྡོ་རྗེ་ལྟ་བུ་ཡིན་ལ། དེ་ན་གནས་པའི་མིའང་རྡོ་རྗེ་དང་འདྲ་བར་རིག་པར་བྱའོ། །གང་ཞིག་མདོ་སྡེ་འདི་ལ་མཉན་ན་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་སྟེ། ཇི་ལྟར་སྨོན་པ་བཞིན་དུའང་འགྲུབ་པར་འགྱུར་རོ། །ངས་འདིར་ཇི་སྐད་དུ་གསུངས་པ་བཞིན་དགེ་སློང་ཁྱེད་ཤིན་ཏུ་གཟུངས་སུ་གཟུང་ཞིག་།སེམས་ཅན་གང་ཞིག་མདོ་སྡེ་འདི་མཉན་མི་ནུས་ན་གང་ཟག་དེ་ནི་ཤིན་ཏུ་ཐུགས་བརྩེ་བའི་གནས་སུ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་དེས་ཐོག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་ཟབ་མོའི་དོན་འདི་གཟུང་མི་ནུས་པའི་ཕྱིར་རོ། ། དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེ་གསོལ་ཏོ། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ལོ་བཞི་བཅུའི་བར་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོའི་མདོ་འདི་ཛམྦུ་གླིང་དུ་རྒྱས་པར་འགྱུར་རོ། །དེ་ནས་སའི་འོག་ཏུ་ནུབ་ནས་ཕྱིས་ཡུན་རིང་མོ་ཞིག་ན་ཕྱིར་ཡང་
Ka140b
འབྱུང་ངོ ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ངའི་དམ་པའི་ཆོས་འདི་ལོ་བརྒྱད་ཅུ་ལ་མ་གཏོགས་པ་སྔར་ལོ་བཞི་བཅུའི་བར་དུ་ཛམྦུའི་གླིང་འདིར་ཆོས་ཀྱི་ཆར་ཆེན་ཡོ་འབབ་བར་འགྱུར་རོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། མདོ་སྡེ་འདི་དམ་པའི་ཆོས་འཇིག་པའི་ཚེ། ཡང་དག་པའི་ཚུལ་ཁྲིམས་ཉམས་པའི་ཚེ། ཆོས་མ་ལགས་པ་འཕེལ་ཞིང་སྐྱེ་བའི་ཚེ། ཚུལ་བཞིན་བྱེད་པའི་སེམས་ཅན་དག་མ་མཆིས་པའི་ཚེ། སུ་དག་གིས་འཆང་བ་དང ། འཛིན་པ་དང ། ཀློག་པ་དང ། འདོན་པ་དང ། ཁོང་དུ་ཆུད་པར་བགྱིད་པ་དང ། མཆོད་པ་དང ། རིམ་གྲོ་དང ། བཀུར་སྟི་བགྱིད་ཅིང་གླེགས་བམ་དུ་འདྲི་བ་དང ། རྣམ་པར་འགྲེལ་ཅིང་སྟོན་པར་འགྱུར་བ་དེ་བཞིན་གཤེགས་པས་སོ་སོའི་སྐྱེ་བོ་དག་ལ་ཐུགས་བརྩེ་བའི་སླད་དུ་རྒྱས་པར་ཕྱེ་སྟེ་བསྟན་དུ་གསོལ། བྱང་ཆུབ་སེམས་དཔའ་རྣམས་ཐོས་ནས་འཛིན་པར་འགྱུར་རོ། །གཟུངས་སུ་བཟུང་བས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་ལེགས་སོ། །ཤིན་ཏུ་ལེགས་སོ་ཞེས་བཀའ་སྩལ་ནས། རིགས་ཀྱི་བུ་ཁྱོད་ཀྱིས་དོན་འདི་དག་དྲིས་པ་ལེགས་སོ། །རིགས་ཀྱི་བུ། སེམས་ཅན་གང་ཞིག་ཆུ་ཀླུང་
Ka141a
༄#། །དགའ་སྐྱེད་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ལ་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ། མདོ་སྡེ་འདི་འཆང་བ་དང ། འཛིན་པར་འགྱུར་ཏེ། སྐུར་པ་མི་འདེབས་སོ། །རིགས་ཀྱི་བུ། སེམས་ཅན་གང་ཞིག་ཀླུང་གངྒཱའི་གཅིག་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ། ཆོས་འདི་ལ་མི་སྐུར་ཅིང་མདོ་སྡེ་འདི་ལ་མོས་པར་འགྱུར་ཏེ། གཞན་ལ་རྣམ་པར་འབྱེད་ཅིང་སྟོན་ནི་མི་ནུས་སོ། །རིགས་ཀྱི་བུ། སེམས་ཅན་གང་ཞིག་ཀླུང་གངྒཱ་གཉིས་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ལ་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ། ཆོས་འདི་ལ་མི་སྐུར་ཏེ། དད་ཅིང་མོས་པ་དང་འཆང་ཞིང་འཛིན་པ་དང ། ཀློག་པ་དང་འདོན་པར་འགྱུར་ཏེ། གཞན་ལ་རྒྱས་པར་སྟོན་ནི་མི་ནུས་སོ། །སེམས་ཅན་གང་ཞིག་ཀླུང་གངྒཱ་གསུམ་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ། ཆོས་འདི་ལ་མི་སྐུར་ཏེ།་འཆང་བ་དང ། འཛིན་པ་དང ། ཀློག་པ་དང ། འདོན་པ་དང ། གླེགས་བམ་དུ་འདྲི་བར་འགྱུར་ཏེ། གཞན་ལ་སྟོན་མོད་ཀྱི། དོན་ཟབ་མོ་ནི་མི་ཤེས་སོ། །སེམས་ཅན་གང་ཞིག་ཆུ་ཀླུང་གངྒཱ་བཞིའི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་ན་ཆོས་འདི་ལ་མི་སྐུར་ཏེ། འཆང་བ་དང ། འཛིན་པ་དང ། ཀློག་པ་དང ། འདོན་པ་
Ka141b
དང ། གླེགས་བམ་དུ་འདྲི་བར་འགྱུར་ཏེ། དེས་ནི་གཞན་དག་ལ་དོན་ཟབ་མོ་བཅུ་དྲུག་གི་ཆ་གཅིག་ཙམ་སྟོན་པར་འགྱུར་རོ། །སྟོན་ཅིང་འཆད་མོད་ཀྱི་དེའང་རྫོགས་པར་ཤེས་པ་ནི་མ་ཡིན་ནོ། །སེམས་ཅན་གང་ཞིག་ཀླུང་གངྒཱ་ལྔའི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་ན་ཆོས་འདི་ལ་མི་སྐུར་ཏེ། འཆང་བ་དང ། འཛིན་པ་དང ། ཀློག་པ་དང ། འདོན་པ་དང ། གླེགས་བམ་དུ་འདྲི་བ་དང ། གཞན་ལའང་དོན་ཟབ་མོ་བཅུ་དྲུག་ཆའི་ཆ་བརྒྱད་སྟོན་ནུས་པར་འགྱུར་རོ། །སེམས་ཅན་གང་ཞིག་ཀླུང་གངྒཱ་དྲུག་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་ན་ཆོས་འདི་ལ་མི་སྐུར་ཏེ། འཆང་བ་དང ། འཛིན་པ་དང ། ཀློག་པ་དང ། འདོན་པ་དང ། གླེགས་བམ་དུ་འདྲི་བ་དང ། གཞན་ལའང་བཅུ་དྲུག་ཆའི་ཆ་བཅུ་གཉིས་སྟོན་ནུས་པར་འགྱུར་རོ། །སེམས་ཅན་གང་ཞིག་ཀླུང་གངྒཱ་བདུན་གྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་ན། ཆོས་འདི་ལ་མི་སྐུར་ཏེ། འཆང་བ་དང ། འཛིན་པ་དང ། འདོན་པ་དང ། ཀློག་པ་དང།་གླེགས་བམ་དུ་འདྲི་བ་དང ། གཞན་ལའང་བཅུ་དྲུག་ཆའི་ཆ་བཅུ་བཞི་སྟོན་ནུས་པར་འགྱུར་རོ། །སེམས་ཅན་གང་ཞིག་ཀླུང་གངྒཱ་བརྒྱད་ཀྱི་བྱེ་མ་སྙེད་ཀྱི་སངས་
Ka142a
༄#། །རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེས་ནི་དུས་ངན་པའི་ཚེ་ན། ཆོས་འདི་ལ་མི་སྐུར་ཏེ། འཆང་བ་དང ། འཛིན་པ་དང ། ཀློག་པ་དང ། འདོན་པ་དང ། གཞན་ལའང་གླེགས་བམ་དུ་འདྲིར་བསྐུལ་བ་དང ། བདག་ཀྱང་ཉན་ཅིང་འཛིན་ལ། གཞན་དག་ཀྱང་ཉན་པ་དང་འཛིན་པ་དང ། ཀློག་པ་དང ། འདོན་པ་དང ། ཁོང་དུ་ཆུད་པར་བྱེད་པར་བསྐུལ་བ་དང ། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་ཤིན་ཏུ་སྲུང་ཞིང་མདོ་སྡེ་ལ་མཆོད་པ་བྱེད་པ་དང ། གཞན་དག་ཀྱང་མཆོད་པ་དང ། རིམ་གྲོ་དང ། བཀུར་སྟི་དང ། ཕྱག་བྱ་བ་དང ། ཀློག་པ་དང ། འདོན་པའི་བར་དུ་བསྐུལ་བའང་དེ་བཞིན་ནོ། །དེས་དོན་ཟབ་མོའང་རྫོགས་པར་ཁོང་དུ་ཆུད་པ་ནི། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ནི་རྟག་ཏུ་གནས་པའི་ཆོས་ཅན་མི་འགྱུར་བ་མཐར་བདེ་བ་དང ། སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་རྒྱས་པར་འཆད་པ་དང ། དེ་བཞིན་གཤེགས་པའི་ཆོས་ཀྱི་གཏེར་ལ་ཤིན་ཏུ་མཁས་པ་དང ། སངས་རྒྱས་དེ་དག་ལ་མཆོད་པ་བྱས་ན་བླ་ན་མེད་པའི་ཡང་དག་པའི་ཆོས་འདི་དག་འཆང་བ་དང ། འཛིན་པ་དང ། སྐྱོབ་པ་དང ། རྣམ་པར་བཞག་པ་རྟོགས་པར་འགྱུར་རོ། །གང་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། གང་ཟག་དེ་ནི་མ་འོངས་པའི་དུས་སུ་ཡང་དག་པའི་ཆོས་འདི་
Ka142b
འཆང་བ་དང ། འཛིན་པ་དང ། སྐྱོབ་པར་འགྱུར་ཞིང་ངེས་པར་ཡང་དག་པའི་ཆོས་རྣམས་རྣམ་པར་བཞག་པར་རིག་པར་བྱའོ། །དེ་བས་ན་ཁྱོད་ཀྱིས་མ་འོངས་པའི་དུས་ངན་པའི་ཚེ། དམ་པའི་ཆོས་བསྲུང་བར་འགྱུར་བ་དག་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་བསྐྱེད་པ་དེ་དག་ནི་མ་འོངས་པའི་དུས་སུ་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པའི་ཆོས་དག་སྲུང་ཞིང་འཛིན་ནུས་པའི་ཕྱིར་རོ། །རིགས་ཀྱི་བུ། དགེ་སློང་ཚུལ་ཁྲིམས་ངན་པ་ཅན་དག་ནི་ང་མྱ་ངན་ལས་འདས་པ་ཐོས་ན་མྱ་ངན་མི་བྱེད་དེ། དེང་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པས་ཚིམ་མོ། །དེ་བཞིན་གཤེགས་པ་འཇིག་རྟེན་ན་བཞུགས་ན་བདག་ཅག་གི་རྙེད་པའི་བགེགས་སུ་འགྱུར་ཏེ། ང་མྱ་ངན་ལས་འདས་ན་བདག་ཅག་གི་རྙེད་པ་ལས་བགེགས་བྱེད་ཅིང་འཕྲོག་པ་མེད་དོ། །བགེགས་བྱེད་ཅིང་འཕྲོག་པ་མེད་པས་རྙེད་པའང་མང་དུ་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་འཇིག་རྟེན་ན་བཞུགས་ན་ཚུལ་ཁྲིམས་ཤིན་ཏུ་དམ་སྟེ། ང་མྱ་ངན་ལས་འདས་ན་ཐམས་ཅད་ལྷོད་པར་འགྱུར་ཏེ། ལུས་ལ་ཆོས་གོས་འདིའང་ཆོས་ཀྱི་ཚུལ་འཆོས་པ་ཙམ་དུ་ཟད་དེ། དེ་ནི་ཞིག་ཅིང་རལ་བར་གྱུར་ཀྱང་ཤིང་གི་ཁ་ན་བ་དན་དང་འདྲའོ། །ཞེས་སྨྲ་བའི་གང་ཟག་དེ་ནི་མདོ་སྡེ་འདི་ལ་སྐུར་ཅིང་དབང་ཟའོ། །རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་ཡིད་ལ་ཟུངས་ཤིག་།སེམས་ཅན་
Ka143a
༄#། །གང་ཞིག་ཚད་མེད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ན། དེས་ནི་ཐེག་པ་ཆེན་པོའི་མདོ་སྡེ་འདི་ལ་དད་ཅིང་ཡིད་ཆེས་སོ། །དད་ནས་ཀྱང་འཆང་ཞིང་འཛིན་ཏེ། སེམས་ཅན་གཞན་དག་ཐོས་པར་མོས་པ་ལ་རྒྱས་པར་བསྟན་ཅིང་བཤད་ན། གང་ཟག་དེས་ཐོས་པ་ཙམ་གྱིས་སྔོན་འདས་པའི་བསྐལ་པ་གྲངས་མེད་ཚད་མེད་པའི་མི་དགེ་བའི་ལས་ཐམས་ཅད་ཞུ་ཞིང་བྱང་བར་འགྱུར་རོ། །གང་ཞིག་མདོ་སྡེ་འདི་ལ་མ་དད་དམ། ཡིད་མི་ཆེས་ན་ཚེ་འདི་ཉིད་ལའང་ནང་རྣམ་པ་ཚད་མེད་པས་གཟིར་ཏེ། སྡུག་བསྔལ་བར་འགྱུར་བ་དང ། མི་མང་པོས་གཤེ་ཞིང་སྤྱོ་བ་དང ། ཚེ་འཕོས་ནས་ཀྱང་ཀུན་གྱིས་བརྙས་ཤིང་སྨོད་པ་དང ། བྱད་བཞིན་མི་སྡུག་པ་དང ། འཚོ་བའི་ཡོ་བྱད་ཀྱིས་བྲེལ་ཕོངས་པ་དང ། ཅུང་ཟད་ཅིག་རྙེད་ནའང་ངན་ལ་རྩུབ་པ་དང ། གང་ནས་གང་དུ་སྐྱེས་ཀྱང་རྟག་ཏུ་དབུལ་ཕོངས་ཤིང་མ་རབས་ངན་པར་སྐྱེ་བ་དང ། དམ་པའི་ཆོས་ལ་སྐུར་པ་ངན་པར་ལྟ་བའི་རིགས་སུ་སྐྱེ་བ་དང ། མཐར་དུས་བྱེད་པ་ན་ཡུལ་འཁྲུགས་པའམ། མཚོན་ཆ་དང་ཕྲད་པ་དང ། རྒྱལ་པོ་ཆོས་བཞིན་མི་བྱེད་པ་དང།་དགྲ་སྡང་བ་དང་ཕྲད་པ་དང ། བཤེས་གཉེན་གྲོགས་པོ་ཡོད་ཀྱང་མི་ཕྲད་པ་དང ། འཚོ་བའི་ཡོ་བྱད་ཅིའང་མི་རྙེད་པ་དང ། ཅུང་ཟད་ཅིག་རྙེད་ཀྱང་རྟག་ཏུ་བཀྲེས་སྐོམ་
Ka143b
པས་ཡོངས་སུ་གདུང་བ་དང ། མ་རབས་ངན་པ་དང་བཤེས་ཤིང་བསྟེན་པ་དང ། རྒྱལ་པོ་དང་བློན་པོས་ཀྱང་མི་འདོད་པ་དང ། ཅི་སྟེ་སྟོན་ཅིང་འཆད་པ་དོན་ལས་མ་གོལ་ཡང་ཡིད་མི་ཆེས་ཏེ། མི་འཛིན་པར་འགྱུར་རོ། །གང་ཟག་དེ་ནི་དགེ་བའི་གནས་བཟང་པོར་མི་སྐྱེ་སྟེ། བྱ་འདབ་མ་ཆག་པ་འཕུར་མི་ནུས་པ་ལྟར་གང་ཟག་དེའང་དེ་དང་འདྲ་སྟེ། མ་འོངས་པའི་དུས་སུ་ལྷ་དང་མིའི་གནས་བཟང་པོར་མི་སྐྱེའོ། །དེ་ལ་གང་ཟག་སུ་ཞིག་ཐེག་པ་ཆེན་པོའི་མདོ་སྡེ་འདི་ལ་ཡིད་ཆེས་ཤིང་དད་ན། མངོན་པར་ཐོབ་པའི་ལུས་ངན་ལ་མི་སྡུག་ཀྱང་མདོ་སྡེ་འདིའི་ཡོན་ཏན་གྱིས་བྱད་གཟུགས་བཟང་བ་དང ། གཟི་བརྗིད་དང་མཐུར་ལྡན་པ་དང ། མདངས་ཀྱང་འཕེལ་ཞིང་སྐྱེ་སྟེ། འཇིག་རྟེན་དུ་བཅས་པ་ལྷ་དང ། མི་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་ལྟ་འདོད་པ་དང ། རིམ་གྲོ་དང ། བཀུར་སྟི་དང ། མཆོད་པ་བྱེད་ཅིང་གཏོང་མི་ཕོད་པར་འགྱུར་རོ། །རྒྱལ་པོ་དང ། བློན་པོ་དང ། གཉེན་དང།་འཁོར་རྣམས་ཀྱིས་སྨྲ་ཞིང་བསྒོ་བ་ལ་དད་ཅིང་ཡིད་ཆེས་པར་འགྱུར་རོ། །གལ་ཏེ་ངའི་ཉན་ཐོས་ཀྱི་ཉེ་གནས་གང་ཞིག་གིས་མཆོག་གི་ཕུལ་དུ་གྱུར་པའི་དོན་སྤྱོད་པར་འདོད་ན།་འཇིག་རྟེན་དུ་བཅས་པ་ལ་ཐེག་པ་ཆེན་པོའི་མདོ་སྡེ་འདི་རྒྱས་པར་འགྲེལ་ཅིང་བསྟན་པར་བྱའོ། །རིགས་ཀྱི་བུ། དཔེར་ན། ཟིལ་པ་ནི་རིང་དུ་གནས་པར་འདོད་ཀྱང་ཉི་མ་ཤར་
Ka144a
༄#། །པ་ལས་མི་འདའ་སྟེ། ཉི་མ་ཤར་མ་ཐག་ཏུ་ལྷག་མའང་མ་ལུས་པར་མེད་པར་འགྱུར་རོ། །རིགས་ཀྱི་བུ། སེམས་ཅན་དེ་དག་གི་མི་དགེ་བའི་ལས་ཇི་སྙེད་ཡོད་པའང་དེ་དང་འདྲ་སྟེ། རིང་དུ་གནས་པར་འདོད་ཀྱང་མྱ་ངན་ལས་འདས་པ་ཆེན་པོའི་ཉི་མ་ཤར་བ་མཐོང་བ་ལས་མི་འདའོ། །ཉི་མ་དེ་ཤར་མ་ཐག་ཏུ་དེ་དག་གི་མི་དགེ་བའི་ལས་ཐམས་ཅད་ཞུ་ཞིང་བྱང་བར་འགྱུར་རོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། གང་ཟག་རབ་ཏུ་བྱུང་བ་སྐྲ་དང་ཁ་སྤུ་བྲེགས་ཏེ་ཆོས་གོས་གྱོན་ན། དགེ་ཚུལ་གྱི་ཁྲིམས་བཅུ་མ་མནོས་ཀྱང་ཁྱིམ་བདག་གཅིག་གིས་དགེ་འདུན་ཀུན་བོས་ཏེ། ཁྲིམས་མ་མནོས་པའང་དགེ་འདུན་མགྲོན་དུ་བོས་པའི་ནང་དུ་གཏོགས་ན་ཁྲིམས་མ་མནོས་མོད་ཀྱི། དགེ་འདུན་གྱི་གྲངས་སུ་འགྲོའོ། །རིགས་ཀྱི་བུ། སེམས་ཅན་གང་ཞིག་ཐེག་པ་ཆེན་པོའི་མདོ་ཡོངས་སུ་མྱ་ངན་ལས་འདས་པ་འདི་བསླབ་པར་སེམས་བསྐྱེད་དེ།་གླེགས་བམ་དུ་འབྲིའམ། འཆང་ངམ། འཛིན་ཏམ། ཀློག་གམ། འདོན་པའང་དེ་དང་འདྲ་སྟེ། ཕུན་སུམ་ཚོགས་པ་མ་ཡིན་པའང་ས་བཅུར་ཕྱིན་པ་སྟེ། ས་བཅུ་པའི་གྲངས་སུ་བགྲང་ངོ ། །གལ་ཏེ་སེམས་ཅན་གང་སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་ཀྱང་རུང ། མ་གྱུར་ཀྱང་རུང་སྟེ། འདོད་ཆགས་ཀྱིས་སྐྲག་གམ། ཁེ་དང་རྙེད་པའི་ཕྱིར་མདོ་སྡེ་འདིའི་ཚིགས་སུ་བཅད་པ་
Ka144b
གཅིག་ཙམ་མཉན་ཏེ་ཐོས་ནས་མི་སྐུར་ན། གང་ཟག་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བར་བསྙེན་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། རྒྱུ་དང་རྐྱེན་དེ་ལྟ་བས་ན།་སྐྱེས་བུ་ཆེན་པོ་བཞི་སངས་རྒྱས་ཀྱིས་གསུངས་པ་བཞིན་དུ་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཞེས་ཟེར་ན། དེ་ནི་གནས་མ་ཡིན་ནོ། །དེ་བས་ན་སྐྱེས་བུ་ཆེན་པོ་བཞི་ནི་འཇིག་རྟེན་གྱི་རྟེན་དང་གནས་ལྟ་བུར་ངས་གསུངས་སོ། །རིགས་ཀྱི་བུ། དེ་བས་ན་ཁྱོད་ཀྱིས་སྐྱེས་བུ་བཞི་པོ་ལ་མཆོད་པ་བྱའོ། །བཅོམ་ལྡན་འདས། བདག་ཅག་གིས་སྐྱེས་བུ་ཆེན་པོ་བཞི་པོ་དེ་ཇི་ལྟ་བར་འཚལ་ཅིང་མཆོད་པར་བགྱི། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། གང་ན་དམ་པའི་ཆོས་སྲུང་ཞིང་རྣམ་པར་བཞག་པའི་གང་ཟག་དེ་ལ་ནི་གསོལ་བ་གདབ་ཅིང་ལུས་དང་སྲོག་ཀྱང་བཏང་སྟེ་མཆོད་པ་བྱའོ། །ཞེས་ངས་ཐེག་པ་ཆེན་པོའི་མདོ་སྡེ་གཞན་ལས་ཀྱང་འདི་སྐད་དུ་གསུངས་སོ། །དམ་པའི་ཆོས་དག་ཤེས་ན། །རྒན་ནམ་གཞོན་ཡང་རུང་སྟེ། །ཕ་མའམ་བྲམ་ཟེ་ལྟ་བུར། །མཆོད་ཅིང་བསྟི་སྟང་ཕྱག་བྱ། །དམ་པའི་ཆོས་ངག་ཤེས་ན། །རྒན་ནམ་གཞོན་ཡང་རུང་སྟེ། །ལྷ་དག་དབང་ཕྱུག་མཆོད་ལྟར། །མཆོད་ཅིང་བཀུར་སྟི་ཕྱག་བྱ། །དེ་ནས་ཡང་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་བཞིན་ཏེ། བླ་མ་དང་
Ka145a
༄#། །སློབ་དཔོན་ལ་མཆོད་པ་བགྱི་བ་ནི་དེ་ལགས་ནའང་རྒྱས་པར་བཤད་དུ་གསོལ། གལ་ཏེ་བླ་མ་ཚུལ་ཁྲིམས་དང་ལྡན་པ་བཞིག་གཞོན་ནུ་ལས་སྔོན་མ་ཐོས་པ་དག་འདྲི་ན་གང་ཟག་དེ་ལ་ཕྱག་བགྱིའམ། ཅི་སྟེ་དེ་ལ་ཕྱག་བགྱིས་ན། ཚུལ་ཁྲིམས་སྲུང་བ་ཞེས་བགྱིར་ཡང་མི་རུང ། དེ་ལ་གཞོན་ནུ་ཚུལ་ཁྲིམས་དང་ལྡན་པ་ཞིག་བླ་མ་རྒན་པོ་ཚུལ་ཁྲིམས་ཉམས་པ་ཞིག་ལས་སྔོན་མ་ཐོས་པ་དག་འདྲི་ན་དེ་ལའང་ཕྱག་བགྱིའམ། གལ་ཏེ་རབ་ཏུ་བྱུང་བ་ཞིག་ཁྱིམ་པ་ལས་སྔོན་མ་ཐོས་པ་འདྲི་ན་དེ་ལའང་ཕྱག་བགྱི་བ་ལགས་སམ། རབ་ཏུ་བྱུང་བས་ཁྱིམ་པ་ལ་ཕྱག་མི་བྱའོ་ཞེས་ཀྱང་གསུངས་ལ། སངས་རྒྱས་ཀྱི་ཆོས་ཀྱི་ཆུང་ངུ་གཞོན་ནུ་དག་གིས་བླ་མ་རྒན་པོ་ལ་བཀུར་སྟི་དང་ཕྱག་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བླ་མ་རྒན་པོ་དག་སྔར་བསྙེན་པར་རྫོགས་པའི་ཕྱིར་རིམ་གྲོ་དང་ཕྱག་བྱའོ་ཞེས་ཀྱང་གསུངས། ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན་ཚུལ་ཁྲིམས་ཉམས་པ་ནི་སངས་རྒྱས་ཀྱི་ཆོས་ཀྱི་ནང་དུ་མི་ཚུད་དེ། དཔེར་ན། ཞིང་གཤིན་པའི་ནང་ན་ཡུག་པོའམ། རྩཝ་ལྟ་བུ་ཞེས་ཀྱང་གསུངས། གཞན་དུ་ན་བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ཤེས་ན་རྒན་ནམ་གཞོན་ཡང་རུང ། དེ་ལ་ནི་ཇི་ལྟར་ལྷ་རྣམས་ཀྱིས་དབང་ཕྱུག་རྒྱལ་པོ་ལ་ཕྱག་བྱེད་ཅིང་རིམ་གྲོ་བྱེད་པ་ལྟར་མཆོད་དོ་ཞེས་གསུངས་
Ka145b
ན། དོན་རྣམ་པ་གཉིས་པོ་འདི་ཇི་ལྟ་བུ་ལགས། དེ་བཞིན་གཤེགས་པས་གསུངས་པ་འདི་ལ་འགལ་བ་མ་མཆིས་སམ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་རྣམ་པ་གཞན་དུ་ན་དགེ་སློང་ཚུལ་ཁྲིམས་སྲུང་བའང་ཉེས་པ་མ་མཆིས་ཞེས་བཅོམ་ལྡན་འདས་ཀྱིས་ཅིའི་སླད་དུ་དེ་སྐད་ཅེས་གསུངས། བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཞན་དག་ལས་ཚུལ་ཁྲིམས་ཉམས་པ་དག་ཆད་པས་གཅོད་དོ་ཞེས་གསུངས་པའང་དོན་ངེས་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་བ། རིགས་ཀྱི་བུ། ངས་མ་འོངས་པའི་དུས་ན་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་རྩོལ་བ་དག་གི་ཕྱིར་ཚིགས་སུ་བཅད་པ་དེ་སྐད་ཅེས་གསུངས་ཀྱི། ཉན་ཐོས་ཀྱི་ཉེ་གནས་ཀྱི་ཕྱིར་གསུངས་པ་ནི་མ་ཡིན་ནོ། །རིགས་ཀྱི་བུ། ངས་སྔོན་གསུངས་པ་ལྟར་ན་དམ་པའི་ཆོས་རྣམ་པར་འཇིག་ཅིང་ཚུལ་ཁྲིམས་ངན་པ་ཅན་དག་སྤྱོད་པ་ན། ཚུལ་ཁྲིམས་ངན་པ་ཅན་དག་འཆང་\?\་ཞིང་ཆོས་མ་ཡིན་པ་སྤྱོད་པ་ན། འཕགས་པ་ཐམས་ཅད་མངོན་པར་མི་འབྱུང་བ་ན། བྲན་ཕོ་དང ། བྲན་མོ་དང ། མ་བརྟགས་པའི་དངོས་པོ་དག་འཆང་ཞིང་སྤྱོད་པའི་དུས་ན། སྐྱེས་བུ་རྣམ་པ་བཞི་པོ་ལས་གཅིག་ཙམ་ཞིག་མངོན་པར་འབྱུང་སྟེ། སྐྲ་དང་ཁ་སྤུ་བྲེགས་\?\་རབ་ཏུ་བྱུང་སྟེ། ལམ་ལ་ནན་ཏན་བྱེད་དོ། །དེས་དགེ་སློང་དག་སོ་སོ་ནས་བྲན་ཕོ་དང ། བྲན་མོ་དང ། ལས་བྱེད་པའི་མི་མ་བརྟགས་པའི་དངོས་པོ་འཆང་
Ka146a
༄#། །སྟེ།་བརྟགས་སམ་མ་བརྟགས་པའང་མི་ཤེས། འདུལ་བ་དང་འདུལ་བ་མ་ཡིན་པའང་མི་ཤེས་པ་དེ་དག་མཐོང་ནས། སྐྱེས་བུ་དེས་དགེ་སློང་དེ་དག་གདུལ་བའི་ཕྱིར་ཚུལ་ཁྲིམས་འདྲ་བར་བྱེད་ཀྱང་སྤྱོད་པ་མི་མཐུན་ཏེ། བདག་གིས་སྤྱོད་པའི་གནས་དང ། སངས་རྒྱས་ཀྱི་སྤྱོད་ཡུལ་ཡང་ཤིན་ཏུ་རྟོགས་ཤིང་ཤེས་ལ། ཕ་རོལ་པོས་ཕས་ཕམ་པའི་ཉེས་པ་བྱུང་བར་མཐོང་ཡང་ཅང་མི་སྨྲ་སྟེ་མི་གླེང་ངོ ། །དེ་ཅིའི་ཕྱིར་ཞེ་ན། བདག་འཇིག་རྟེན་དུ་བྱུང་བ་ནི་དམ་པའི་ཆོས་སྲུང་ཞིང་རྣམ་པར་བཞག་པའི་ཕྱིར་ཏེ། དེ་བས་ན་ཅང་མི་སྨྲ་སྟེ་མི་གླེང་ངོ ། །རིགས་ཀྱི་བུ། དེ་ལྟར་སྐྱེས་བུ་དེས་ཆོས་བསྲུང་བའི་ཕྱིར་ཉེས་པ་ཡོད་ཀྱང་ཚུལ་ཁྲིམས་ཞིག་པ་ཞེས་མི་བྱའོ། །རིགས་ཀྱི་བུ། དཔེར་ན། རྒྱལ་པོ་ཞིག་ནད་ཀྱིས་བཏབ་སྟེ་ཤི་ལ། རྒྱལ་ཚབ་ནི་ན་གཞོན་ཏེ། སྲིད་ཀྱི་ལས་མི་ནུས་པའི་སྐབས་སུ་རེས་འགའ་ནི་གདོལ་པ་ནོར་རིན་པོ་ཆེ་ཤིན་ཏུ་མང་ཤིང་རབ་ཏུ་ཕྱུག་པོ་ལོངས་སྤྱོད་དང་ལྡན་པ་འཁོར་རབ་ཏུ་མང་བ་ཞིག་མཐུ་བསྙེམས་ཏེ། རྒྱལ་པོའི་སྲིད་ཕྲོགས་ཏེ། རྒྱལ་པོར་ཞུགས་ན། ཡུལ་དེ་ན་གནས་པའི་ཁྱིམ་བདག་དང།་བྲམ་ཟེ་ལ་སོགས་པ་ཕལ་ཆེར་ཡུལ་གཞན་དུ་འབྱེར་ཞིང་འབྲོས་སོ། །ཅི་སྟེ་དེ་ན་གནས་ནའང་རྒྱལ་པོ་ཆེན་པོ་དེ་ལ་ལྟའང་མི་འདོད་དོ། །གལ་ཏེ་ཁྱིམ་བདག་དང ། ཚོང་
Ka146b
དཔོན་དང ། བྲམ་ཟེ་ལ་སོགས་པ་ཡུལ་གཏོང་མ་ཕོད་པའང ། དཔེར་ན། སྐྱེས་ཤིང་གར་སྐྱེས་པའི་གནས་དེ་ཉིད་དུ་ཤི་བར་འགྱུར་བ་དང་མཚུངས་སོ། །རྒྱལ་པོ་གདོལ་བ་དེས་ཡུལ་མི་དག་བྱེར་བྲོས་མང་བར་རྟོགས་ནས། གཞན་ཡང་གདོལ་པ་དག་ལམ་དང ། སྲང་ཀུན་བསྲུངས་ཏེ། ཞག་བདུན་གྱི་བར་དུ་རྔ་བརྡུངས་ནས་འདི་སྐད་དུ། །ཀྱེ་བྲམ་ཟེ་དག་།ཁྱེད་ལ་གང་ཞིག་གིས་བདག་གི་སྤྱི་བོ་ནས་དབང་བསྐུར་ན་ཡུལ་གྱི་ཕྱེད་སྦྱིན་ནོ་ཞེས་བོས་ཀྱང་བྲམ་ཟེ་གཅིག་གིས་ཀྱང་མ་བཏུབ་སྟེ། སོ་སོ་ནས་གཅིག་ལ་གཅིག་འདི་སྐད་དུ་བྲམ་ཟེའི་རིགས་ལས་འདི་ལྟ་བུའི་ལས་བྱེད་པ་མི་སྲིད་དོ་ཞེའོ། །རྒྱལ་པོ་གདོལ་བས་ཡང་འདི་སྐད་དུ་བྲམ་ཟེ་ཁྱེད་ལས་གཅིག་ཙམ་ཡང་བདག་གི་སྟོན་པར་འགྱུར་བ་མེད་ན། བྲམ་ཟེ་ཁྱེད་ཀྱང་རིགས་ངན་གདོལ་བ་དང་ལྷན་ཅིག་ཏུ་བཞག་ཅིང་བསྙལ་ལ། ལས་ཀྱང་འདྲ་བར་བྱེད་དུ་གཞུག་གོ་།གལ་ཏེ་བདག་གི་སྤྱི་བོ་ནས་དབང་བསྐུར་ན་ཡུལ་གྱི་ཕྱེད་ཀྱང་སྦྱིན་ནོ། །ཚིག་འདི་མི་རྫུན་པར་དམ་ཚིག་ཀྱང་གཟུང་ངོ། །སུམ་ཅུ་རྩ་གསུམ་གནམ་གྱི་བདུད་རྩི་མི་འཆི་བའང་བགོས་ཏེ་སྦྱིན་ནོ་ཞེས་སྨྲས་སོ། །དེའི་ཚེ་ན་བྲམ་ཟེའི་བུ་ཤིན་ཏུ་ན་གཞོན་པ་ཤིན་ཏུ་ཚངས་པར་སྤྱོད་པ་ཐོར་ཚུགས་ཀྱི་མཚན་དང་ལྡན་པ། སྔགས་དང་ཆོ་ག་ལ་ཤིན་ཏུ་མཁས་པ་ཞིག་རྒྱལ་པོ་ག་ལ་བ་དེར་སོང་ནས། རྒྱལ་པོ་དེ་ལ་རྒྱལ་པོ་ཆེན་པོས་བཀའ་སྩལ་པ་བདག་གིས་བགྱིའོ་ཞེས་གསོལ་ཏོ། །དེ་ནས་རྒྱལ་པོ་དེ་
Ka147a
༄#། །ཤིན་ཏུ་དགའ་ནས་བྲམ་ཟེ་གཞོན་ནུ་དེ་སྤྱི་བོ་ནས་དབང་བསྐུར་བའི་སྟོན་པར་བཅུག་གོ་།བྲམ་ཟེ་གཞན་དག་དེ་སྐད་ཅེས་ཐོས་ནས་ཐམས་ཅད་གཞོན་ནུ་དེ་ལ་གཤེ་སྟེ། ཁྱོད་བྲམ་ཟེ་ཡིན་ན་ཅིའི་ཕྱིར་རིགས་ངན་གདོལ་པ་དེའི་སློབ་དཔོན་བྱེད་ཅེས་སྤྱོས་སོ། །དེའི་ཚེ་རྒྱལ་པོ་དེས་ཡུལ་དེའི་ཕྱེད་གཞོན་ནུ་དེ་ལ་བྱིན་ནས། ཡུལ་གྱི་སྲིད་ཀྱང་ལྷན་ཅིག་ཏུ་འཛིན་ཏོ། །ཕྱིས་རིང་ཞིག་ལོན་པ་དང་གཞོན་ནུ་དེས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གི་ཁྱིམ་བོར་ཏེ་རྒྱལ་པོའི་སྟོན་པར་མཆིས་ན་རྒྱལ་པོ་ལ་སྔགས་དང་སྒྱུ་རྩལ་ལ་སོགས་པ་བསྟན་ཅིང་བསླབས་ཀྱང་རྒྱལ་པོས་ནི་བདག་ལ་ཉེ་བར་མི་སེམས་སོ། །རྒྱལ་པོས་སྨྲས་པ། བདག་གིས་ཁྱོད་ལ་ཉེ་བར་ཇི་ལྟར་མི་སེམས། གཞོན་ནུས་གསོལ་པ།་སྔོན་གྱི་རྒྱལ་པོའི་མི་འཆི་བའི་སྨན་ད་དུང་མ་འཚལ་ཏོ། །རྒྱལ་པོས་སྨྲས་པ། ལེགས་སོ། །ལེགས་སོ། །སྟོན་པ་ཆེན་པོ། བདག་གིས་དེ་ལྟར་མ་འཚལ་གྱི། སྟོན་པ་བཞེད་ན་ཐམས་ཅད་བཞེས་ཤིག་།དེ་ནས་གཞོན་ནུ་དེས་རྒྱལ་པོས་གནང་བའི་སྨན་བླངས་ནས་ཁྱིམ་དུ་འོངས་ཏེ། བློན་པོ་ཆེན་པོ་རྣམས་དང་ལྷན་ཅིག་འཐུངས་སོ། བློན་པོ་རྣམས་ཀྱིས་འཐུངས་ནས་ཤིན་ཏུ་བདེ་བར་གྱུར་ཏེ། སྟོན་པ་ལ་སྨན་མི་འཆི་བ་བདུད་རྩི་ལྟ་བུ་ཡོད་དོ་ཞེས་རྒྱལ་པོ་ལ་གསོལ་ཏོ། །རྒྱལ་པོས་དེ་སྐད་ཅེས་ཐོས་ནས་སྟོན་པ་ལ་འདི་སྐད་ཅེས་སྨྲས་སོ། །སྟོན་
Ka147b
པ་ཆེན་པོ། བློན་པོ་ཆེན་པོ་རྣམས་འཚལ་བའི་བདུད་རྩི་དག་ཀྱང་ཤས་མི་སྩལ་ཏམ། དེ་ནས་གཞོན་ནུ་དེས་དུག་དང་བསྲེས་ཏེ་རྒྱལ་པོ་ལ་བྱིན་ནོ། །རྒྱལ་པོ་དེ་ཟོས་མ་ཐག་ཏུ་དུག་ལ་ངས་ནས་ཅིའང་མི་ཚོར་ཏེ། ཤི་བ་བཞིན་དུ་ས་ལ་འགྱེལ་ཏོ། །དེ་ནས་བྲམ་ཟེ་གཞོན་ནུ་དེས་རྒྱལ་ཚབ་རྒྱལ་པོར་དབང་བསྐུར་ནས། འདི་སྐད་དུ་སེང་གེའི་ཁྲི་ལ་ཆོས་ཉིད་ཀྱིས་གདོལ་པ་ལ་སོགས་པ་འདུག་པ་མ་ལགས་ཀྱི། བདག་གིས་གནའ་ནས་ཀྱང་རིགས་ངན་གདོལ་པས་རྒྱལ་པོ་བགྱིད་ཅེས་མ་ཐོས་སོ། །རིགས་ངན་གདོལ་པས་རྒྱལ་པོ་བགྱིད་ཅིང་འབངས་ཀྱི་སྲིད་བཟུང་བའི་ཆོས་མ་མཆིས་ཀྱི། ཁྱོད་ཀྱིས་རྒྱལ་པོ་མཛད་དེ་དྲང་པོའི་ཆོས་ཀྱིས་རྒྱལ་པོའི་སྲིད་ཟུངས་ཤིག་།དེའི་ཚེ་གཞོན་ནུ་དེས་ལས་ཀུན་བྱས་པའི་འོག་ཏུ་ཕྱིར་ཡང་གསོ་བའི་སྨན་རིགས་ངན་གདོལ་པ་ལ་ཕྱིན་ནས་ཕྱིར་དྲན་པར་བྱས་སོ། །ཕྱིར་དྲན་པར་བྱས་ནས་ཡུལ་དེ་ནས་བསྐྲད་དོ། །དེའི་ཚེ་གཞོན་ནུ་དེས་དེ་ལྟ་བུ་དག་བྱས་མོད་ཀྱི། འོན་ཀྱང་བྲམ་ཟེའི་ཆོས་ལས་མ་ཉམས་སོ། །ཁྱིམ་བདག་དང་བྲམ་ཟེ་ལ་སོགས་པ་དེ་ལྟ་བུར་གྱུར་པ་མཐོང་ནས་ངོ་མཚར་རྨད་དེ་ལེགས་སོ། །ལེགས་སོ། སྐྱེས་བུ་ཁྱོད་ཀྱིས་རིགས་ངན་གདོལ་པ་བསྐྲད་པ་ལེགས་པར་བསྐྲད་དོ་ཞེས་ཀུན་གྱིས་བསྔགས་ཤིང་བསྟོད་པར་གྱུར་ཏོ། །རིགས་ཀྱི་བུ། ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་དམ་པའི་ཆོས་བསྲུང་ཞིང་འཛིན་
Ka148a
༄#། །བའི་བྱང་ཆུབ་སེམས་དཔའ་ལ་སོགས་པའང་དེ་དང་འདྲ་སྟེ། སྦྱོར་བའི་ཐབས་ཀྱིས་ཚུལ་ཁྲིམས་ཉམས་པ་མིང་ཙམ་གྱི་དགེ་སློང་མ་བརྟགས་པའི་རྫས་ཐམས་ཅད་འཆང་བ་དང་ལས་མཐུན་པར་སྤྱོད་དོ། །དེའི་ཚེ་ན་བྱང་ཆུབ་སེམས་དཔའ་དག་གིས་གང་ཟག་ལ་ཚུལ་ཁྲིམས་མང་དུ་ཉམས་ཀྱང་ཚུལ་ཁྲིམས་ལོག་པ་ཅན་གྱི་དགེ་སློང་སྡིག་པ་ཅན་དག་ལ་ཆད་པས་གཅོད་ན་དེའི་གན་དུ་སོང་སྟེ་བསྙེན་བཀུར་དང་ཕྱག་ཀྱང་བྱེད། ཡོ་བྱད་རྣམ་པ་བཞིའང་འབུལ། དེ་མ་ཡིན་པ་མདོ་སྡེ་དང་འཚོ་བའི་ཡོ་བྱད་ཀུན་འབུལ་ལོ། །ཅི་སྟེ་བདག་ལ་མི་བདོག་ནའང་ཐབས་རྣམ་པ་སྣ་ཚོགས་ཀྱིས། སྦྱིན་བདག་ལས་ཀྱང་སློངས་ཏེ་འབུལ་ལོ། །དེ་བས་ན་མ་བརྟགས་པའི་དངོས་པོ་རྣམ་པ་བརྒྱད་ཀྱང་འཆང་ཞིང་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་དེས་དགེ་སློང་སྡིག་ཅན་འདུལ་བ་ནི། ཇི་ལྟར་བྲམ་ཟེ་གཞོན་ནུས་རིགས་ངན་གདོལ་བ་འདུལ་བ་བཞིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔས་གང་ཟག་དེ་ལ་བསྙེན་བཀུར་རམ། ཕྱག་བྱེད་དམ། མ་བརྟགས་པའི་དངོས་པོ་བརྒྱད་པོ་འཆང་ཡང་སྡིག་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་དེས་དགེ་སློང་སྡིག་ཅན་རྣམས་བསྐྲད་དེ། ཡོངས་སུ་དག་པའི་དགེ་འདུན་རྣམས་རབ་ཏུ་བདེ་བར་བྱ་བའི་ཕྱིར། ཤིན་ཏུ་རྒྱས་པའི་ཐེག་པ་ཆེན་པོའི་མདོ་སྡེ་རྒྱས་ཤིང་
Ka148b
འཇིག་རྟེན་དུ་བཅས་པ་ལྷ་དང་མི་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་དོན་གྱི་ཕྱིར་རོ། །རིགས་ཀྱི་བུ། དེའི་རྒྱུ་དེའི་རྐྱེན་གྱིས་ན་མདོ་སྡེ་དག་ལས་དས་ཚིགས་སུ་བཅད་པ་གཉིས་པོ་གསུངས་ཏེ། བྱང་ཆུབ་སེམས་དཔའ་དག་ཀྱང་དམ་པའི་ཆོས་བསྲུང་བའི་གང་ཟག་ལ་བསྔགས་ཤིང་བསྟོད་པ་ནི། ཇི་ལྟར་ཁྱིམ་བདག་དང་བྲམ་ཟེ་ལ་སོགས་པས་བྲམ་ཟེ་གཞོན་ནུ་ལ་ལེགས་སོ་ལེགས་སོ་ཞེས་བསྔགས་པ་བཞིན་ནོ། །གང་ཆོས་བསྲུང་བའི་བྱང་ཆུབ་སེམས་དཔའ་ནི་དེ་ལྟ་བུའི་ཚུལ་དུ་བྱའོ། །དེ་ལ་གང་ཞིག་ཆོས་བསྲུང་བའི་གང་ཟག་དག་ཚུལ་ཁྲིམས་ལོག་པ་ཅན་དང་ལས་ལྷན་ཅིག་ཏུ་བྱེད་པ་མཐོང་བས་ཉེས་པ་ཡོད་པར་འཛིན་ན་གང་ཟག་དེ་ནི་བདག་ལ་གནོད་པར་རིག་པར་བྱ་སྟེ། ཆོས་བསྲུང་བ་དེ་ལ་ནི་ཉེས་པ་མེད་དོ། །རིགས་ཀྱི་བུ། དགེ་སློང་གང་ཞིག་ཚུལ་ཁྲིམས་ཉམས་ནས་ང་རྒྱལ་གྱི་དབང་དུ་གྱུར་ཏེ། འཆབ་ཅིང་མི་འགྱོད་ན་གང་ཟག་དེ་ནི་ཡང་དག་པར་ཚུལ་ཁྲིམས་ཉམས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་བསྲུང་བའི་ཕྱིར་ཉམས་པ་ཡོད་ཀྱང་ཚུལ་ཁྲིམས་ཉམས་པའོ་ཞེས་མི་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ང་རྒྱལ་གྱི་དབང་དུ་གྱུར་པ་མ་ཡིན་ཏེ། མཐོལ་ཞིང་བཤགས་པའི་ཕྱིར་རོ། །རིགས་ཀྱི་བུ། དེ་བས་ན་ངས་མདོ་སྡེ་ལས་ཕྱོགས་གཅིག་པའི་ཚིགས་སུ་
Ka149a
༄#། །བཅད་པ་འདི་དག་གསུངས་སོ། །དམ་པའི་ཆོས་དག་ཤེས་ན། རྒན་ནམ་གཞོན་ཡང་རུང་སྟེ། །བསྙེན་བཀུར་བསྟི་སྟང་ཕྱག་བྱ། །བྲམ་ཟེ་མེ་ལྷ་ཅན་དག་།ཇི་ལྟར་མེ་ལྷ་རྗེད་བཞིན། །སུམ་ཅུ་རྩ་གསུམ་ལྷ་དག་།དབང་ཕྱུག་མཆོད་པ་ལྟར་རོ། །རྒྱུ་དང་རྐྱེན་དེ་ལྟ་བས་ན་ངས་ཉན་ཐོས་ཀྱི་ཐེག་པ་ཅན་ལ་མ་གསུངས་ཀྱི། བྱང་ཆུབ་སེམས་དཔའ་འབའ་ཞིག་གི་ཕྱིར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ནི་ཚུལ་ཁྲིམས་ལ་རབ་ཏུ་ལྷོད་པ་འདྲ་ན་ཐོག་མ་མནོས་པའི་ཚུལ་ཁྲིམས་མཆིས་ཞེས་བགྱིར་རུང་ངམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་དེ་སྐད་ཅེས་མ་ཟེར་ཅིག་།དེ་ཅིའི་ཕྱིར་ཞེ་ན། ཐོག་མ་མནོས་པའི་ཚུལ་ཁྲིམས་ཇི་ལྟར་མནོས་པ་བཞིན་དུ་མི་ཉམས་སོ། །ཅི་སྟེ་ཉམས་ནའང་དེ་མ་ཐག་ཏུ་འགྱོད་ཅིང་མཐོལ་ཏེ། མཐོལ་བས་ནི་ཡོངས་སུ་དག་གོ་།རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཆུ་བསྒྱུར་བའི་རྐ་མགོ་ལྟ་བུ་བུག་རྡོལ་དུ་གྱུར་ན་ཆུ་ཟག་གོ ། དེ་ཅིའི་ཕྱིར་ཞེ་ན། འཆོས་པ་མེད་པའི་ཕྱིར་རོ། །ཅི་སྟེ་དེ་ལ་བཅོས་པ་ཡོད་ན་ཕྱི་རོལ་ཏུ་ཆུ་མི་ཟག་གོ་།བྱང་ཆུབ་སེམས་དཔའ་ཡང་དེ་དང་འདྲ་སྟེ། ཚུལ་ཁྲིམས་ཉམས་
Ka149b
པ་དང་ལྷན་ཅིག་ཏུ་གསོ་སྦྱིན་དང ། ཚུལ་ནས་འབྱུང་བའི་ལས་དང ། དགེ་འདུན་གྱི་ལས་བྱེད་ཀྱང་ཚུལ་ཁྲིམས་མི་ཉམས་ཏེ། ཆུ་རྐ་བུག་རྡོལ་ཅན་ལྟ་བུ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཚུལ་ཁྲིམས་ཡོངས་སུ་དག་པའི་གང་ཟག་མེད་ན་དགེ་འདུན་འགྲིབ་པར་འགྱུར་ཏེ། ང་རྒྱལ་དང ། ལེ་ལོའང་ཕྱི་ཕྱིར་སྐྱེའོ། །གལ་ཏེ་ཚུལ་ཁྲིམས་ཡོངས་སུ་དག་པ་ཡོད་ན་ཐོག་མ་བསྙེན་པར་རྫོགས་པའི་ཚུལ་ཁྲིམས་ཀྱང་མི་ཉམས་སོ། །རིགས་ཀྱི་བུ། ཐེག་པ་ལ་གློད་པ་ནི་གློད་པ་ཞེས་བྱའི། །ཚུལ་ཁྲིམས་ལ་གློད་པ་ནི་གློད་པ་ཞེས་མི་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཐེག་པ་ཆེན་པོ་འདི་ལ་ང་རྒྱལ་དང ། ལེ་ལོའི་སེམས་མེད་ན་ཚུལ་ཁྲིམས་ཉིད་ཅེས་བྱ་སྟེ། དམ་པའི་ཆོས་བསྲུང་བའི་ཕྱིར་ཐེག་པ་ཆེན་པོའི་ཆུས་ཁྲུས་བྱེད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཉམས་པར་སྟོན་ཀྱང་གློད་པ་ཞེས་མི་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དགེ་འདུན་གྱི་ནང་ན་སྐྱེས་བུ་རྣམ་པ་བཞི་མཆིས་ཀྱང ། ཤིང་ཏོག་ཨ་མྲའི་འབྲས་བུ་ལྟར་སྨིན་ནམ་མ་སྨིན་བརྟག་དཀའ་ན། ཚུལ་ཁྲིམས་ཉམས་པ་དང ། ཚུལ་ཁྲིམས་མ་ཉམས་པ་ཇི་ལྟར་རྟོགས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
Ka150a
༄#། །རིགས་ཀྱི་བུ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདིས་ནི་ཤེས་པར་སླའོ། །ཇི་ལྟར་ན་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདིས་ཤེས་པར་འགྱུར་ཞེ་ན། འདི་ལྟ་སྟེ། དཔེར་ན། ཞིང་པ་དག་ཞིང་ལ་འབྲས་དང་ཁྲེ་དག་རྨོས་ཏེ། ཁྲེ་རྒོད་ལ་སོགས་པ་བསལ་ནས། ཤའི་མིག་གིས་བརྟགས་ན་ཞིང་གཤིན་པ་ཞེས་བྱ་སྟེ། འབྲུ་སྨིན་ནས་རྩཝ་དང་ཁྲེ་སོ་སོར་དབྱེའོ། །དེ་བཞིན་དུ་ཡོ་བྱད་རྣམ་པ་བརྒྱད་ཀྱིས་དགེ་འདུན་སྨེ་བར་འགྱུར་རོ། །དེ་དག་བསལ་ན་ཤའི་མིག་གིས་བརྟགས་ཀྱང་ཡོངས་སུ་དག་པར་རིག་གོ་།ཚུལ་ཁྲིམས་ཉམས་པ་དང ། ཚུལ་ཁྲིམས་སྲུང་བ་དག་ཉེས་པ་མི་བྱེད་པའི་ཚེ་ན་ཤའི་མིག་གིས་བརྟགས་པས་རྟོགས་པར་དཀའ་སྟེ།་ཉེས་པ་མངོན་དུ་བྱུང་ན་ཤེས་པར་སླ་བ་ནི། ཇི་ལྟར་ཁྲེ་རྒོད་དག་ཤེས་ཤིང་རྟོགས་པར་སླ་བ་བཞིན་ནོ། །དགེ་འདུན་ཡང་དེ་དང་འདྲ་སྟེ། མ་བརྟགས་པའི་དངོས་པོ་བརྒྱད་སྦྲུལ་གདུག་པ་དང་འདྲ་བར་ཡོངས་སུ་སྤངས་ནས་དེ་ནི་ཡོངས་སུ་དག་པའི་འཕགས་པའི་དགེ་འདུན་བསོད་ནམས་ཀྱི་ཞིང་ཞེས་བྱ་སྟེ། ལྷ་དང་མིས་མཆོད་པར་འོས་པའི་གནས་སུ་ཡོངས་སུ་དག་པའི་འབྲས་བུ་སྨིན་པར་འགྱུར་བ་སྟེ། ཤའི་མིག་ཅན་དག་གིས་རྟོགས་པ་མ་ཡིན་ནོ། །རིགས་ཀྱི་བུ། གཞན་ཡང་ཤིང་ཀ་ལ་ཀའི་ཚལ་ན། ཤིང་ཀ་ལ་
Ka150b
ཀ་ནི་རབ་ཏུ་མང་སྟེ། ཤིང་ཙིནྟ་ཀ་ནི་དྲུང་གཅིག་ལས་མེད་དོ། །ཤིང་ཀ་ལ་ཀ་དང ། ཙིནྟ་ཀའི་འབྲས་བུ་འདྲ་སྟེ། བྱེ་བྲག་མི་ཕྱེད་པས་འབྲས་བུ་སྨིན་པ་ན་བུད་མེད་གཅིག་གིས་ཀུན་བཏུས་སོ། །ཚལ་དེ་ན་ཙིནྟ་ཀའི་འབྲས་བུ་ནི་བཅུ་ཆ་གཅིག་ཙམ། ཀ་ལ་ཀའི་འབྲས་བུ་ནི་བཅུ་ཆ་བས་མང་སྟེ། བུད་མེད་དེས་མི་ཤེས་པས་བཏུས་ནས་ཚོང་དུས་སུ་བཙོངས་སོ། བྱིས་པ་ཆུང་ངུ་གླེན་པ་དག་ངོ་མ་ཤེས་ནས་ཀ་ལ་ཀའི་འབྲས་བུ་ཉོས་ཏེ་ཟོས་སོ། །ཟོས་མ་ཐག་ཏུ་ཤི་བར་གྱུར་ཏོ། །མཁས་པ་ཤེས་རབ་ཅན་དག་དེ་ལྟར་གྱུར་པ་ཐོས་ནས་བུད་མེད་དེ་ལ་འདི་སྐད་དུ། ཆེ་ཞེ་ཤིང་ཏོག་འདི་ག་ལས་འོངས་ཞེས་དྲིས་ན། བུད་མེད་དེས་ཕྱོགས་དང་གནས་འདི་ནས་འོངས་ཞེས་སྨྲའོ། །དེ་ལ་ཀུན་གྱི་གནས་དང་ཕྱོགས་དེ་ན་ཤིང་ཀ་ལ་ཀ་མང་རབ་སྟེ། ཙིནྟ་ཀ་ནི་དྲུང་གཅིག་ལས་མེད་དོ་ཞེས་བགད་ནས་འགྲོའོ། །རིགས་ཀྱི་བུ། དགེ་འདུན་གྱི་ནང་ན་མ་བརྟགས་པ་རྣམ་པ་བརྒྱད་ལ་སྤྱོད་པའང་དེ་དང་འདྲ་སྟེ།་དགེ་འདུན་གྱི་ནང་ན་མ་བརྟགས་པའི་ཆོས་རྣམ་པ་བརྒྱད་ལ་སྤྱོད་པ་ནི་མང་རབ་ཀྱི། ཚུལ་ཁྲིམས་ཡོངས་སུ་སྲུང་ཞིང་མ་བརྟགས་པའི་ཆོས་བརྒྱད་ལ་མི་སྤྱོད་པ་ནི་གཅིག་ཙམ་མོ། །དེ་ལྟར་མ་བརྟགས་པའི་ཆོས་མ་ཡིན་པ་འཆང་ཞིང་སྤྱོད་པར་ཤེས་ཀྱང་དེ་དང་ལས་ལྷན་ཅིག་ཏུ་བྱེད་དོ། །མི་འབྲལ་བ་ནི་ཇི་ལྟར་ཀ་ལ་ཀའི་ཚལ་ན་ཙིནྟ་ཀ་དྲུང་གཅིག་སྐྱེས་
Ka151a
༄#། །པ་བཞིན་ནོ། །དགེ་བསྙེན་གཅིག་གིས་དེ་ལྟར་གང་ཟག་དེ་དག་ཆོས་མ་ཡིན་པ་མང་དུ་སྤྱོད་ཅིང་མཆོད་པ་དང ། རིམ་གྲོ་བྱེད་པ་མེད་པ་མཐོང་བས་གང་ཟག་དེ་ལ་མཆོད་པ་བྱེད་པར་སེམས་ན། སྔར་དེ་ལ་འདི་སྐད་དུ་བཙུན་པ་མ་བརྟགས་པའི་དངོས་པོ་བརྒྱད་སྤྱོད་དམ། སངས་རྒྱས་ཀྱིས་གནང་ངམ་ཞེས་དྲིས་ཤིག་།གལ་ཏེ་སངས་རྒྱས་ཀྱིས་གནང་ཞེས་ཟེར་ན། གང་ཟག་དེ་དང་ལྷན་ཅིག་གསོ་སྦྱིན་དང ། གསོལ་བ་དང ། ཞུ་བའི་ལས་དང ། ཚུལ་ནས་འབྱུང་བའི་ལས་བྱར་རུང་ངམ་མི་རུང་ཞེས་དྲིས་ཤིག ། དགེ་བསྙེན་གྱིས་དེ་སྐད་དྲིས་ཏེ། དགེ་འདུན་དག་འདི་སྐད་དུ་འདི་ལྟར་མ་བརྟགས་པའི་དངོས་པོ་བརྒྱད་པོ་ནི་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ཅག་འཆང་ཞིང་སྤྱོད་དུ་གནང་ངོ་ཞེས་ཟེར་ན། དགེ་བསྙེན་གྱིས་འདི་སྐད་དུ་གཙུག་ལག་ཁང་མཚམས་གཅིག་གི་དགེ་སློང་ལས་ཁ་ཅིག་ནི་གསེར་དང་དངུལ་ལ་སོགས་པ་སངས་རྒྱས་ཀྱིས་སྤྱོད་དུ་གནང་ངོ་ཞེས་ཟེར་རོ། །ཁ་ཅིག་ན་གནང་ངོ་ཞེས་ཟེར་ཏེ། གནང་ངོ་ཞེས་ཟེར་བ་དང ། མི་གནང་ངོ་ཞེས་སྨྲ་བ་དང་ལྷན་ཅིག་ཏུ་གནས་པར་ཡང་མི་བྱ། གསོ་སྦྱོང་དང ། ཚུལ་ནས་འབྱུང་བའི་ལས་ཀྱང་མི་བྱ། ཆུང་ངུ་ན་ཆུ་མིག་གཅིག་ཏུ་ཆུའང་མི་བཏུང་ཞིང་འཚོ་བའི་ཡོ་བྱད་ཐུན་མོང་དུ་མི་སྤྱོད་དོ། །ཞེས་གསུངས་ན། ཅིའི་ཕྱིར་ཁྱེད་ཀྱིས་སངས་རྒྱས་
Ka151b
ཀྱིས་གནང་བ་སྐད་དུ་སྨྲ། བཅོམ་ལྡན་འདས་ལྷའི་ནང་ན་ལྷ་ཅི་སྟེ་སྤྱོད་ཅིང་འཆང་དུ་གནང་ན་ཁྱེད་དགེ་འདུན་གྱིས་སྤྱོད་པར་མ་འོས་སོ། །ཅི་སྟེ་སྤྱོད་པར་གྱུར་ན་གསོ་སྦྱོང་དང ། ཚུལ་ནས་འབྱུང་བ་དང ། གསོལ་བ་དང ། ཞུ་བ་དང ། དགེ་འདུན་གྱིས་བྱ་བའི་ལས་ཀྱི་བར་དུ་བྱེད་པར་མི་འོས་སོ། །ཅི་སྟེ་གསོ་སྦྱོང་དང ། ཚུལ་ནས་འབྱུང་བ་དང ། གསོལ་བ་དང ། ཞུ་བ་དང།་དགེ་འདུན་གྱི་ལས་ལྷན་ཅིག་ཏུ་བྱས་ན་ཚེ་འཕོས་མ་ཐག་ཏུ་སེམས་ཅན་དམྱལ་བར་ལྟུང་སྟེ། ཇི་ལྟར་བུས་པ་དག་ཤིང་ཏོག་ཀ་ལ་ཀ་ཟོས་ནས་ཤི་བ་བཞིན་ནོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། གྲོང་ངམ་ཚོང་འདུས་ན་སྨན་འཚོང་བ་གངས་ལས་སྐྱེས་པའི་སྨན་བཟང་པོ་ཞིག་འཚོང་ན་ཉོ་བའང་མང་ངོ ། །སྨན་དེ་དང་འདྲ་བ་གཞན་ཞིག་བཙོངས་ཀྱང་ཀུན་གྱིས་མི་ཤེས་པས་ཐམས་ཅད་སྨན་ཉོ་བའི་ཕྱིར་སྨན་འཚོང་བའི་གན་དུ་འོངས་ནས་ཁྱོད་ལ། གངས་ལས་སྐྱེ་བའི་སྨན་ཡོད་དམ་ཞེས་འདྲི་ན། སྨན་འཚོང་བ་དེས་དེ་དང་འདྲ་བའི་སྨན་ཞིག་འདི་ནི་གངས་ལས་སྐྱེས་པའི་སྨན་ཡིན་ནོ་ཞེས་རྫུན་བྱས་ཏེ་བཙོངས་ཀྱང ། ཤའི་མིག་གིས་མི་རྟོགས་པས་བདག་གིས་གངས་ལས་སྐྱེས་པའི་སྨན་བཟང་པོ་ཉོས་ཏེ་རྙེད་དོ་སྙམ་སེམས་སོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་དགུ་པ། འོད་སྲུང ། ཉན་ཐོས་ཀྱི་དགེ་འདུན་གྱི་ནང་ན་མིང་
Ka152a
༄#། །ཙམ་གྱི་དགེ་འདུན་དང ། ཡང་དག་པའི་དགེ་འདུན་དང ། འདུམ་པའི་དགེ་འདུན་ཞེས་བྱ་བའི་དགེ་འདུན་ཡོད་ཀྱི། ཚུལ་ཁྲིམས་སྲུང་ངམ། ཚུལ་ཁྲིམས་ཉམས་ཀྱང་རུང ། དགེ་འདུན་དེ་ལ་ནི་མཆོད་པ་དང ། བཀུར་སྟི་དང ། ཕྱག་བྱ་བ་ལ་སོགས་པ་འདྲ་བར་བྱའོ། །དགེ་བསྙེན་གྱིས་མི་རྟོགས་པ་ནི་གང་ཟག་གིས་གངས་ལས་སྐྱེས་པའི་སྨན་བཟང་པོ་མི་རྟོགས་པ་བཞིན་ནོ། །ཚུལ་ཁྲིམས་སྲུང་བ་ནི་གང ། ཚུལ་ཁྲིམས་ཉམས་པ་ནི་གང ། གང་ནི་ཡང་དག་པའི་དགེ་འདུན། མིང་ཙམ་གྱི་དགེ་འདུན་ནི་གང་ཡིན་པ་ལྷའི་མིག་ཅན་གྱིས་ནི་ཤེས་ཤིང་རྟོགས་སོ། །འོད་སྲུང ། གལ་ཏེ་དགེ་བསྙེན་གྱིས་དགེ་སློང་ཚུལ་ཁྲིམས་ཉམས་པར་ཤེས་ཡང་དག་ན་དེ་ལ་ནི་བསྙེན་བཀུར་དང ། ཕྱག་དང ། མཆོད་པ་ལ་སོགས་པ་མི་བྱའོ། །གལ་ཏེ་གང་ཟག་དེས་མ་བརྟགས་པའི་ཆོས་བརྒྱད་པོ་སྤྱོད་པར་ཤེས་ཡང་དག་ནའང་དེ་ལ་ནི་བསྙེན་བཀུར་དང ། མཆོད་པའི་ཡོ་བྱད་སྦྱར་བ་དང ། ཕྱག་དང་མཆོད་པ་ལ་སོགས་པ་མི་བྱའོ། །གལ་ཏེ་དགེ་འདུན་གྱི་ནང་ན་ཚུལ་ཁྲིམས་ཉམས་པ་ཡོད་ན། གོས་ངུར་སྨྲིག་གྱོན་པ་ཙམ་གྱིས། དེ་ལ་ཕྱག་དང ། མཆོད་པ་ལ་སོགས་པ་མི་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །ལེགས་སོ། །ལེགས་སོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པས་
Ka152b
བཀའ་ཡང་དག་པར་གསུངས་ཏེ། བདག་གཟུངས་སུ་འཛིན་པར་འཚལ་ལོ། །དཔེར་ན། རྡོ་རྗེ་ནི་རིན་པོ་ཆེ་གཞན་དང་ཐ་དད་དེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན། དགེ་སློང་རྣམས་ནི་ཆོས་རྣམ་པ་བཞི་པོ་ལ་གནས་པར་བགྱིའོ། །བཞི་གང་ཞེ་ན། ཆོས་ལ་གནས་ཀྱི་གང་ཟག་ལ་མི་གནས་པ་དང ། དོན་ལ་གནས་ཀྱི་ཚིག་ལ་མི་གནས་པ་དང ། ཡེ་ཤེས་ལ་གནས་ཀྱི་རྣམ་པར་ཤེས་པ་ལ་མི་གནས་པ་དང ། ངེས་པའི་དོན་ལ་གནས་ཀྱི་བཀྲི་བའི་དོན་ལ་མི་གནས་པ་སྟེ། ཆོས་རྣམ་པ་བཞི་པོ་འདི་རྟོགས་པར་བགྱི་བ་ལགས་ཀྱི། སྐྱེས་བུ་རྣམ་པ་བཞི་པོ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཆོས་ལ་གནས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོའོ། །སངས་རྒྱས་རྣམས་ཀྱི་ཆོས་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ། །ཆོས་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །དེ་བས་ན་དེ་བཞིན་གཤེགས་པ་ནི། རྟག་པ་མི་འགྱུར་བའོ། །དེ་ལ་གང་ཞིག་དེ་བཞིན་གཤེགས་པ་མི་རྟག་ཅེས་སྨྲ་ན། གང་ཟག་དེ་ནི་ཆོས་ཉིད་མི་མཐོང་མི་ཤེས་པའོ། །གལ་ཏེ་ཆོས་ཉིད་མི་མཐོང་མི་ཤེས་ན། །དེ་ན་མི་གནས་མི་རྟེན་ཏེ། གོང་དུ་གསུངས་པའི་སྐྱེས་བུ་བཞི་པོ་འཇིག་རྟེན་དུ་བྱུང་བ་དམ་པའི་ཆོས་སྲུང་ཞིང་འཛིན་ན། ཤེས་ཤིང་རིག་པར་བྱ་སྟེ། དེ་ལ་གནས་ཤིང་བརྟེན་པར་
Ka153a
༄#། །བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་དེ་ནི་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་དོན་ཟབ་མོ་ལ་ཤིན་ཏུ་མཁས་པས། དེ་བཞིན་གཤེགས་པ་ནི་རྟག་པ་མི་འགྱུར་པར་ཤེས་པའི་ཕྱིར་རོ། །གལ་ཏེ་དེ་བཞིན་གཤེགས་པ་ལ་མི་རྟག་ཅེའམ། འགྱུར་བ་འཕོ་བའི་ཆོས་ཅན་ནོ། །ཞེས་བྱ་བའི་གནས་མེད་དེ། སྐྱེས་བུ་རྣམ་པ་བཞི་པོ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་དེ་ནི་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ཤེས་ལ། སྟོན་ཀྱང་ནུས་པའི་ཕྱིར་རོ། ། སྐྱེས་བུ་གང་ཞིག་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་དོན་ཟབ་མོའང་ཤེས་ལ། དེ་བཞིན་གཤེགས་པ་ནི་རྟག་པ་མི་འགྱུར་བའི་ཆོས་ཅན་དུ་ཤེས་ན། སྐྱེས་བུ་དེ་ནི་རྙེད་པ་ཙམ་གྱི་ཕྱིར་དེ་བཞིན་གཤེགས་པ་ནི་མི་རྟག་གོ། །ཞེས་སྨྲ་བའི་གནས་མེད་དེ། སྐྱེས་བུ་དེ་ལའང་གནས་ཤིང་རྟེན་པར་བྱ་ན་སྐྱེས་བུ་བཞི་པོ་ལ་གནས་ཤིང་རྟེན་པ་ལྟ་ཅི་སྨོས། ཆོས་ལ་གནས་ཞེས་བྱ་བ་ནི་ཆོས་ཉིད་ལ་བྱའོ། །གང་ཟག་ལ་མི་གནས་ཞེས་བྱ་བ་ནི་ཉན་ཐོས་ལ་བྱའོ། །ཆོས་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་བྱའོ། །ཉན་ཐོས་ཞེས་བྱ་བ་ནི་འདུས་བྱས་སོ། །དེ་བཞིན་གཤེགས་པ་ནི་རྟག་པའོ། །འདུས་བྱས་ནི་མི་རྟག་པའོ། །རིགས་ཀྱི་བུ། གང་ཟག་ཚུལ་ཁྲིམས་ཉམས་པ་རྙེད་པའམ་གྲགས་པའི་ཕྱིར།
Ka153b
དེ་བཞིན་གཤེགས་པ་ནི་མི་རྟག་པ་འགྱུར་ཞིང་འཕོ་བའོ། །ཞེས་སྨྲ་ན། གང་ཟག་དེ་ལ་ནི་གནས་པར་མི་བྱ་སྟེ། རིགས་ཀྱི་བུ། དེ་ནི་ངེས་པའི་དོན་ཞེས་བྱའོ། །དོན་ལ་གནས་ཀྱི་ཚིག་ལ་མི་གནས་ཞེས་བྱ་བ་གང་ཞེ་ན། དོན་ནི་དོན་མངོན་པར་རྟོགས་པའོ། །མངོན་པར་རྟོགས་པའི་དོན་ཞེས་བྱ་བ་ནི་མི་ཞུམ་པའོ། །མི་ཞུམ་པ་ནི་ཕུན་སུམ་ཚོགས་པའོ།། ཕུན་སུམ་ཚོགས་པའི་དོན་ནི་དེ་བཞིན་གཤེགས་པ་རྟག་ཏུ་གནས་པ་མི་འགྱུར་མི་འཕོ་བའོ། །དེ་བཞིན་གཤེགས་པ་རྟག་ཏུ་གནས་པ་མི་འགྱུར་མི་འཕོ་བའི་དོན་ནི་ཆོས་རྟག་པའོ། །ཆོས་རྟག་པའི་དོན་དགེ་འདུན་རྟག་པ་སྟེ། འདི་ནི་དོན་ལ་གནས་པ་སྟེ། ཚིག་ལ་མི་གནས་པ་ཞེས་བྱའོ། །དེ་ལ་མི་གནས་པའི་ཚིག་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སྤྲོས་པའི་འཇིག་རྟེན་གྱི་གཙུག་ལག་དང ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་མདོ་སྡེ་ཚད་མེད་པ་འདོད་པ་མང་ཞིང་ཆོག་མི་ཤེས་པ། སྒྱུས་འཚོ་ཞིང་གཡོ་བྱེད་པ། སྤྱོད་ལམ་འཆོས་པ་རྙེད་པ་དང་གྲགས་པའི་ཕྱིར་ཁྱིམ་པ་ལ་བརྟེན་པ་དང ། གཞན་ཡང་འདི་སྐད་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་འཆང་ཞིང་སྤྱོད་དུ་གནང་བ་ནི། འདི་ལྟ་སྟེ། བྲན་ཕོ་དང ། བྲན་མོ་དང ། ཡོངས་སུ་མ་བརྟགས་པའི་དངོས་པོ་གསེར་དང ། དངུལ་དང ། རིན་པོ་ཆེ་དང ། ནས་དང ། འབྲས་དང ། བང་མཛོད་དང །
Ka154a
༄#། །བ་ལང་དང ། ལུག་དང ། བལ་གྱི་གླང་པོ་ཆེ་དང ། རྟ་ལ་སོགས་པ་སྤྱོད་ཅིང་ཚོང་སྤོགས་བྱེད་དུ་གནང་བ་དང ། མུ་གེའི་དུས་བྱུང་བ་ན་སྲས་རྣམས་ལ་ཐུགས་བརྩེ་བའི་ཕྱིར། དགེ་སློང་དག་ཡོ་བྱད་ལྷག་པ་གསོག་ཅིང་འཆད་དུ་གནང་ངོ་ཞེས་གསུངས་པ་དང ། བདག་གིས་ལག་དར་དེ་ཁ་ཟས་ཀྱི་གཡོས་བྱས་ནས། བྱིན་ལེན་མ་བྱས་པར་ཟོས་ཀྱང་རུང་ངོ་ཞེས་མདོ་སྡེ་ལས་གསུངས་ཀྱང་ཚིག་དེ་ལ་ནི་གནས་པར་མི་བྱའོ། །ཡེ་ཤེས་ལ་གནས་ཀྱི་རྣམ་པར་ཤེས་པ་ལ་མི་གནས་པ་ཞེས་བྱ་བ་གང་ཞེ་ན། ཡེ་ཤེས་ནི་དེ་བཞིན་གཤེགས་པའོ། །ཉན་ཐོས་གང་ཞིག་དེ་བཞིན་གཤེགས་པའི་ཡོན་ཏན་ལ་ཤིན་ཏུ་མི་མཁས་པ་དེ་ནི་རྣམ་པར་ཤེས་པ་ཞེས་བྱ་སྟེ། གནས་པར་མི་བྱའོ། ། གང་ཞིག་དེ་བཞིན་གཤེགས་པ་ཉིད་ཆོས་ཀྱི་སྐུར་ཤེས་ན་དེ་ནི་ཡང་དག་པའི་ཡེ་ཤེས་ཡིན་ཏེ། དེ་ལ་ནི་གནས་པར་བྱའོ། །གང་ཞིག་དེ་བཞིན་གཤེགས་པས་ཐབས་སུ་སྟོན་པའི་སྐུ་ལ་འདི་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས་འདུས་པ་སྟེ། ཞལ་ཟས་ཀྱིས་གསོ་བ་ཡིན་པར་ཤེས་ན་དེ་ནི་རྣམ་པར་ཤེས་པ་སྟེ། གནས་པར་མི་བྱའོ། །གང་ཞིག་དེ་སྐད་དུ་སྟོན་ཏམ། ཡི་གེ་དང་གཙུག་ལག་ལས་འབྱུང་ཡང་གནས་པར་མི་བྱའོ། །ངེས་པའི་དོན་གྱི་མདོ་སྡེ་ལ་གནས་ཀྱི་བཀྲི་བའི་དོན་གྱི་མདོ་སྡེ་
Ka154b
ལ་མི་གནས་སོ་ཞེས་བྱ་བ་གང་ཞེ་ན། བཀྲི་བའི་དོན་གྱི་མདོ་སྡེ་ནི། འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་ཅན་དག་བཅོམ་ལྡན་འདས་ཀྱི་དོན་ཤིན་ཏུ་ཟབ་མོ་ཐོས་ན་ཐེ་ཚོམ་དུ་སྐྱེ་ཞིང་ངོ་མཚར་དུ་གྱུར་ཏེ། དོན་ཟབ་མོའི་སྙིང་པོ་ལས་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོ་འབྱུང་བར་མི་ཤེས་སོ། །དཔེར་ན། བུས་པ་ཆུང་ངུ་ཅིའང་མི་ཤེས་ཤིང་བྱེ་བྲག་མི་ཕྱེད་པ་ལྟ་བུ་ནི་བཀྲི་པའི་དོན་ཅེས་བྱའོ། །ངེས་པའི་དོན་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་ཡེ་ཤེས་ཀྱིས་ཇི་ལྟར་བསམས་པ་བཞིན་དུ་ཐོགས་པ་མེད་པའི་ཡེ་ཤེས་འཇུག་སྟེ། དཔེར་ན། སྐྱེས་བུ་ཆེན་པོ་ཅིའང་མི་ཤེས་པ་མེད་པ་ནི་ངེས་པའི་དོན་ཅེས་བྱའོ། །གཞན་ཡང་ཉན་ཐོས་ཀྱི་ཐག་པ་ནི་བཀྲི་བའི་དོན་ཅེས་བྱའོ། །བླ་ན་མེད་པའི་ཐེག་པ་ཆེན་པོ་ནི་ངེས་པའི་དོན་ཅེས་བྱའོ། །གང་ཞིག་དེ་བཞིན་གཤེགས་པ་ནི་མི་རྟག་གོ། །འགྱུར་ཞིང་འཕོ་བའོ་ཞེས་སྨྲ་བ་ནི་བཀྲི་བའི་དོན་ཏོ། །གང་ཞིག་དེ་བཞིན་གཤེགས་པ་ནི་རྟག་པའོ། །མི་འགྱུར་མི་འཕོ་བའོ་ཞེས་སྨྲ་བ་ནི་ངེས་པའི་དོན་ཅེས་བྱའོ། །གང་ཉན་ཐོས་ཀྱི་བསྟན་པས་ཆུད་ཅིང་རྟོགས་པ་ནི་བཀྲི་བའི་དོན་ཏོ། །བྱང་ཆུབ་སེམས་དཔའི་བསྟན་པས་ཆུད་ཅིང་རིག་པ་ནི་ངེས་པའི་དོན་ཅེས་བྱའོ། །གང་ཞིག་དེ་བཞིན་གཤེགས་པ་ལ་ཞལ་ཟས་ཀྱིས་གསོ་དགོས་ཞེས་སྨྲ་བ་ནི་བཀྲི་བའི་དོན་ཏོ། །གང་ཞིག་རྟག་པ་གནས་པ་མི་འགྱུར་མི་འཕོ་བའོ་ཞེས་སྨྲ་བ་ནི་ངེས་པའི་
Ka155a
༄#། །དོན་ཅེས་བྱའོ། །གང་ཞིག་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་ནི་ཇི་ལྟར་ཤིང་ཟད་ནས་མེ་ཤི་བ་བཞིན་ནོ་ཞེས་སྨྲ་བ་ནི་བཀྲི་\?\་བའི་དོན་ཏོ། །གང་ཞིག་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་དབྱིངས་ཉིད་ལ་ཞུགས་སོ་ཞེས་སྨྲ་བ་ནི་ངེས་པའི་དོན་ཅེས་བྱ་སྟེ། མདོར་ན་ཉན་ཐོས་ཀྱི་ཐེག་པའི་ཆོས་ལ་ནི་གནས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་སོ་སོའི་སྐྱེ་བོ་བསྒྲལ་བའི་ཕྱིར་ཉན་ཐོས་ཀྱི་ཐེག་པ་ནི་སྦྱོར་བའི་ཐབས་སུ་གསུངས་སོ། །འདི་ལྟ་སྟེ། དཔེར་ན།་ཁྱིམ་བདག་གིས་བུ་ཆུང་ངུ་ལ་ཡི་གེ་ཕྱེད་བསྟན་པ་བཞིན་ནོ། །རིགས་ཀྱི་བུ། ཉན་ཐོས་ཀྱི་ཐེག་པ་ནི། དཔེར་ན། ཞིང་ཐོག་མ་རྨོས་མ་ཐག་པ་དང་མཚུངས་ཏེ། འབྲས་བུ་མེད་པས་གནས་པར་མི་བྱའོ། །དེ་བས་ན་ཉན་ཐོས་ཀྱི་ཐེག་པ་ནི་བཀྲི་བའི་དོན་ཅེས་བྱའོ། །ཐེག་པ་ཆེན་པོའི་ཆོས་ལ་ནི་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་སོ་སོའི་སྐྱེ་བོ་དག་བསྒྲལ་བའི་ཕྱིར་སྦྱོར་བའི་ཐབས་སུ་ཐེག་པ་ཆེན་པོ་གསུངས་ཏེ། དེ་བས་ན་ངེས་པའི་དོན་ཅེས་བྱ་སྟེ། གནས་པར་བྱའོ། །དེ་ལྟར་དེ་ལྟ་བུའི་ཚུལ་དུ་གནས་པ་རྣམ་པ་བཞི་ཁོང་དུ་ཆུད་ཅིང་ཤེས་པར་བྱའོ། །གཞན་ཡང་དོན་ལ་གནས་ཞེས་བྱ་བ་དོན་ནི་ཡང་དག་པའོ། །ཡང་དག་པ་ནི་འོད་གསལ་བའོ། །འོད་གསལ་བ་ནི་མ་ཞུམ་པའོ།།
Ka155b
མ་ཞུམ་པ་ནི་དེ་བཞིན་གཤེགས་པའོ། །གཞན་ཡང་འོད་གསལ་བ་ནི་ཡེ་ཤེས་སོ། །ཡང་དག་པ་ནི་རྟག་ཏུ་གནས་པའོ། །དེ་བཞིན་གཤེགས་པ་རྟག་པ་ནི་ཆོས་ལ་གནས་པའོ།། ཆོས་ཞེས་བྱ་བ་ནི་རྟག་པ་མཐའ་ཡས་པ་བསམ་གྱིས་མི་ཁྱབ་པ། གཟུང་དུ་མེད་པ། བཅིང་དུ་མེད་པ་སྟེ། བལྟར་རུང་བའོ། །གང་ཞིག་མཐོང་བར་མི་རུང་ཞེས་སྨྲ་ན་གང་ཟག་དེ་ལ་གནས་པར་མི་བྱ་སྟེ། དེ་བས་ན་ཆོས་ལ་གནས་ཀྱི་གང་ཟག་ལ་མི་གནས་སོ། །གང་ཞིག་ཤིན་ཏུ་ཚིག་བཟང་པོས་མི་རྟག་ཅེས་སྨྲ་ན་ཚིག་དེ་ལ་ནི་གནས་པར་མི་བྱ་སྟེ། དེ་བས་ན་དོན་ལ་གནས་ཀྱི་ཚིག་ལ་མི་གནས་ཞེས་བྱའོ། །ཡེ་ཤེས་ལ་གནས་པའི་དགེ་འདུན་ནི་རྟག་པ་འདུས་མ་བྱས་པ། མི་འཕོ་བ། མ་བརྟགས་པའི་དངོས་པོ་བརྒྱད་མི་འཆང་བ་སྟེ། དེ་བས་ན་ཡེ་ཤེས་ལ་གནས་ཀྱི་རྣམ་པར་ཤེས་པ་ལ་མི་གནས་སོ། །ཁ་ཅིག་འདི་སྐད་དུ་རྣམ་པར་ཤེས་པས་བྱས། རྣམ་པར་ཤེས་པས་མྱོང་སྟེ། འདུམ་པའི་དགེ་འདུན་མེད་ཅེས་སྨྲ་བའང་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། འདུམ་པ་ཞེས་བྱ་བ་ནི་ཅིའང་མེད་པའོ། །ཅིའང་མེད་པས་ན་རྟག་ཅེས་ཅི་ལ་བྱ། དེ་བས་ན་རྣམ་པར་ཤེས་པ་ལ་མི་གནས་སོ། །ངེས་པའི་དོན་ལ་གནས་པ་གང་ཞེ་ན། ངེས་པའི་དོན་ཅེས་བྱ་བ་ནི་ཆོག་ཤེས་པ་སྟེ། ནམ་དུའང་སྒྱུས་མི་འཚོ། །སྤྱོད་ལམ་མི་འཆོས། ང་རྒྱལ་མི་བྱེད། རྙེད་པ་དང་གྲགས་པ་ལ་མི་ཆགས། དེ་བཞིན་
Ka156a
༄#། །གཤེགས་པས་སྦྱོར་བའི་ཐབས་སུ་གསུངས་པའི་ཆོས་ལ་ཆགས་པར་མི་བྱེད་པ་སྟེ། དེ་ནི་ངེས་པའི་དོན་ཅེས་བྱའོ། །གང་ཞིག་དེ་ལ་གནས་ན་གང་ཟག་དེ་ནི་དོན་དམ་པ་ལ་གནས་པ་ཞེས་བྱ་སྟེ། དེ་བས་ན་ངེས་པའི་དོན་ལ་གནས་སོ། །བཀྲི་བའི་དོན་ལ་མི་གནས་པ་གང་ཞེ་ན། བཀྲི་བའི་དོན་ནི་མདོ་སྡེ་དག་ལས་ཐམས་ཅད་གདུང་བ་ཅན། ཐམས་ཅད་མི་རྟག་པ། ཐམས་ཅད་སྡུག་བསྔལ་བ། ཐམས་ཅད་སྟོང་པ། ཐམས་ཅད་བདག་མེད་པའོ་ཞེས་གསུངས་པ་ནི་བཀྲི་བའི་དོན་ཅེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན།་དོན་དེ་དག་མི་ཤེས་པ་འགྲོ་བ་མང་པོ་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་བྱེད་པའི་ཕྱིར་རོ། །དེ་ཅི་ལྟ་ཞེ་ན། ཆགས་ཤིང་ཞེན་པས་དོན་མངོན་པར་མི་རྟོགས་སོ། །ཐམས་ཅད་གདུང་བ་ཅན་ནི་མྱ་ངན་ལས་འདའ་བའང་གདུང་བ་དང ། ཐམས་ཅད་མི་རྟག་པ་ནི་མྱ་ངན་ལས་འདའ་བའང་མི་རྟག་གོ་ཞེས་དེ་བཞིན་གཤེགས་པས་གསུངས་པར་འཛིན་ཏེ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པའི་བར་དུ་རྒྱས་པར་རིག་པར་བྱ་སྟེ། དེ་བས་ན་བཀྲི་བའི་དོན་གྱི་མདོ་སྡེ་ལ་གནས་པར་མི་བྱའོ། །དེ་ལ་གང་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བའི་ཕྱིར་དུས་དང་ཚོད་ལ་ཤིན་ཏུ་མཁས་སོ། །དུས་ལ་མཁས་པས་ཡང་བ་དག་ཀྱང་ལྕི་
Ka156b
བར་གསུངས། ལྕི་བའང་ཡང་བར་གསུངས་ཏེ། དེ་བཞིན་གཤེགས་པས་མཁྱེན་ཅིང་རྟོགས་པས་ཉེ་གནས་གང་ལ་སྦྱིན་བདག་དང་པས་དགོས་པའི་ཡོ་བྱད་ཅིང་འདོད་པ་སྦྱོར་ཞིང་སྦྱིན་པའི་གང་ཟག་དེ་ལ་ནི། བཅོམ་ལྡན་འདས་ཀྱིས་བྲན་ཕོ་དང ། བྲན་མོ་དང ། གསེར་དང ། དངུལ་དང ། རིན་པོ་ཆེ་ལ་སྤྱོད་ཅིང་ཚོང་སྤོགས་བྱེད་པ་ལ་སོགས་པ་མ་བརྟགས་པའི་དངོས་པོ་ཐམས་ཅད་འཆང་ཞིང་སྤྱོད་དུ་མ་གནང་ངོ ། །ཉེ་གནས་གང་ལ་འཚོ་བའི་ཡོ་བྱད་སྦྱིན་པའི་ཡོན་བདག་མེད་ལ་མུ་གེ་བྱུང་སྟེ། བསོད་སྙོམས་མི་རྙེད་པའི་དུས་ན་ཡང་དག་པའི་ཆོས་རྣམ་པར་གཞག་ཅིང་བསྲུང་བའི་ཕྱིར། ངའི་ཉེ་གནས་དག་བྲན་ཕོ་དང ། བྲན་མོ་དང ། གསེར་དང ། དངུལ་དང ། བཞོན་པའི་ཐེག་པ་དང ། ཁང་ཁྱིམ་དང ། ནས་འབྲས་དང ། ཚོང་སྤོགས་ལ་སོགས་པ་འཆང་ཞིང་སྤྱོད་དུ་གནང་སྟེ། དེ་ལྟར་འཆང་ཞིང་སྤྱོད་དུ་གནང་མོད་ཀྱི། སྦྱིན་བདག་དད་པ་ཆེན་པོ་དང་ལྡན་པ་མེད་དུ་མི་རུང་ངོ ། །དེ་ལྟར་ན་ཆོས་རྣམ་པ་བཞི་པོ་འདི་ལ་གནས་པར་བྱའོ། །གཞན་ཡང་འདུལ་བ་དང ། ཆོས་མངོན་པ་དང ། མདོ་སྡེ་ལས་རྣམ་པ་བཞི་པོ་འདི་དང་མི་འགལ་ན་གནས་པར་བྱའོ། །དེ་ལ་གང་ཞིག་དུས་དང ། དུས་མ་ཡིན་པའམ། ཆོས་སྲུང་བའམ། ཆོས་མི་སྲུང་བ་དང ། སྦྱོར་བའང་མེད་དེ། དེ་བཞིན་གཤེགས་པས་མ་བརྟགས་པའི་དངོས་པོ་འདི་དག་དགེ་སློང་ཐམས་ཅད་སྤྱོད་
Ka157a
༄#། །དུ་གནང་ངོ་ཞེས་དེ་སྐད་སྨྲ་ན། ཚིག་དེ་ལ་ནི་གནས་པར་མི་བྱའོ། །འདུལ་བའམ་ཆོས་མངོན་པའམ། མདོ་སྡེ་དག་ལས་འདི་སྐད་དུ་འདི་དང་མཐུན་པར་གསུངས་ན། སྡེ་སྣོད་གསུམ་པོ་ལའང་གནས་པར་ཡང་མི་བྱའོ། །ངས་སྐྱེ་བོ་ཤའི་མིག་ཅན་ལ་གནས་པ་བཞི་པོ་འདི་གསུངས་ཀྱི། ཤེས་རབ་ཀྱི་མིག་ཅན་གྱི་ཕྱིར་མ་ཡིན་ནོ། །དེ་བས་ན་ངས་གནས་པ་བཞི་པོ་འདི་གསུངས་སོ། །ཆོས་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ། །དོན་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་རྟག་པ་མི་འགྱུར་བའོ། །ཡེ་ཤེས་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཤེས་པའོ། །ངེས་པའི་དོན་ཅེས་བྱ་བ་ནི་ཐེག་པ་ཆེན་པོ་མདོ་སྡེ་ཐམས་ཅད་རྟོགས་པའོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་སྔར་གསུངས་པའི་སྐྱེས་བུ་རྣམ་པ་བཞི་པོ་ལ་གནས་པར་མི་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ། །དེ་དེ་བཞིན་ནོ། །རིགས་ཀྱི་བུ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན་དེ་ལ་གནས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བདུད་རྣམ་པ་བཞི་ཡོད་པའི་ཕྱིར་རོ། །བཞི་གང་ཞེ་ན། བདུད་ཀྱིས་བསྟན་པའི་མདོ་སྡེ་དང་འདུལ་བ་འཛིན་པའོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་
Ka157b
པ།་བཅོམ་ལྡན་འདས་ཀྱིས་བདུད་རྣམ་པ་བཞིའང་མཆིས་པར་གསུངས་ན། དེ་ལ་བདུད་ཀྱིས་བསྟན་པ་དང ། སངས་རྒྱས་ཀྱིས་གསུངས་པ་བདག་ཅག་གིས་བྱེ་བྲག་ཅིས་དབྱེ། སོ་སོའི་སྐྱེ་བོ་དག་བདུད་ཀྱི་རྗེས་སུ་སྤྱོད་པའང་མཆིས། སངས་རྒྱས་ཀྱིས་བསྟན་པའི་རྗེས་སུ་འཇུག་པའང་མཆིས་ན། དེ་དག་ཇི་ལྟ་བུར་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བདུན་བརྒྱ་ལོན་པའི་འོག་ཏུ་བདུད་སྡིག་ཏོ་ཅན་གྱིས་དམ་པའི་ཆོས་བགས་ཀྱིས་འཇིག་རྟེན་ཅིང་མ་རུང་བར་བྱེད་དོ། །དཔེར་ན། རྔོན་པ་ངུར་སྨྲིག་གི་ཚལ་བུ་གྱོན་པ་ལྟར་བདུད་སྡིག་ཏོ་ཅན་ཡང་དེ་བཞིན་དུ་དགེ་སློང་གི་གཟུགས་དང ། དགེ་སློང་མའི་གཟུགས་དང ། དགེ་བསྙེན་གྱི་གཟུགས་དང ། དགེ་བསྙེན་མའི་གཟུགས་སུའང་སྟོན་ཏེ། དེ་མ་ཡིན་པ་གཞན་ཡང་རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་ལུས་ཀྱི་བར་དུའང་སྤྲུལ་ཅིང་སངས་རྒྱས་ཀྱི་གཟུགས་སུའང་སྤྲུལ་ཅིང་སྟོན་ཏོ། །བདུད་ཀྱི་རྒྱལ་པོ་ཟག་པ་དང་བཅས་པའི་ལུས་ཀྱིས་ཟག་པ་མེད་པའི་ལུས་སུ་སྤྲུལ་ཏེ། ངའི་དམ་པའི་ཆོས་འཇིག་ཅིང་མ་རུང་བར་བྱེད་དོ། །བདུད་སྡིག་ཏོ་ཅན་དེ་དམ་པའི་ཆོས་མ་རུང་བར་བྱེད་པ་ན་འདི་སྐད་ཅེས་ཟེར་རོ། །བྱང་ཆུབ་སེམས་དཔའ་སྔོན་དགའ་ལྡན་གནམ་ནས་མི་སྣང་བར་གྱུར་ཏེ། གྲོང་ཁྱེར་སེར་སྐྱའི་རྒྱལ་པོ་ཟས་གཙང་མའི་ཕོ་བྲང་དུ་ཕ་མ་གཉིས་འདུས་པའི་འདོད་པ་ལས་
Ka158a
༄#། །ལུས་འདི་སྐྱེས་སོ་ཞེས་སྨྲའོ། །གང་ཟག་ནི་མིའི་རྒྱུད་དུ་སྐྱེས་ཏེ། འཇིག་རྟེན་དུ་བཅས་པ། ལྷ་དང་མིའི་འཁོར་ཐམས་ཅད་ཀྱིས་མཆོད་ཅིང་བསྟི་སྟང་བྱེད་བར་འགྱུར་བ་ནི་གནས་མེད་དོ། །གཞན་ཡང་འདི་སྐད་དུ་སྔོན་དཀའ་བ་རྣམ་པ་མང་པོ་སྤྱོད་ཅིང ། མགོ་དང ། མིག་དང ། རུས་པ་དང ། རྐང་དང ། ཡུལ་དང ། སྲིད་དང ། ཆུང་མ་དང ། བུ་ཕོ་ལ་སོགས་པ་སྦྱིན་པས་མངོན་པར་སངས་རྒྱས་ཏེ། དེའི་རྒྱུ་དེའི་རྐྱེན་གྱིས་འཇིག་རྟེན་དུ་བཅས་པ། ལྷ་དང ། མི་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་ལ་སོགས་པས་མཆོད་ཅིང་བསྟི་སྟང་བྱེད་པར་གྱུར་ཏོ་ཞེས་གལ་ཏེ་མདོ་སྡེ་དང ། འདུལ་བ་ལས་དེ་སྐད་ཅེས་འབྱུང་ནའང་དེ་ནི་བདུད་ཀྱིས་བསྟན་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། མདོ་སྡེའམ་འདུལ་བ་ལས་གང་འདི་སྐད་དུ་དེ་བཞིན་གཤེགས་པ་ནི་མངོན་པར་སངས་རྒྱས་ནས་ཡུན་རིང་སྟེ། མངོན་པར་སངས་རྒྱས་པ་བསྟན་པ་ནི་སེམས་ཅན་རྣམས་སྒྲོལ་བའི་ཕྱིར་ཏེ། འཇིག་རྟེན་པའི་རྗེས་སུ་ཕ་མ་འདུས་པ་ལས་སྐྱེས་པར་བསྟན་ཏོ་ཞེས་མདོ་སྡེ་དང ། འདུལ་བ་ལས་འདི་སྐད་འབྱུང་ན། དེ་ནི་ཡང་དག་པར་དེ་བཞིན་གཤེགས་པ་ཡིན་པར་རིག་པར་བྱའོ། །དེ་ལ་གང་བདུད་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་བདུད་ཀྱི་རིས་སུ་གཏོགས་སོ། །དེ་ལ་གང་
Ka158b
སངས་རྒྱས་ཀྱིས་བསྟན་པའི་མདོ་སྡེ་དང ། འདུལ་བའི་རྗེས་སུ་འཇུག་པ་ནི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ། །དེ་ལ་གང་ཞིག་དེ་བཞིན་གཤེགས་པ་ཐོག་མ་བལྟམས་ནས་ཕྱོགས་བཅུར་གོམ་པ་བདུན་བདུན་གཤེགས་པར་ཡིད་མི་ཆེས་ན། དེ་ནི་བདུད་ཀྱིས་བསྟན་པ་ལ་ཞུགས་པའོ། །དེ་ལ་གང་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ནས་ཕྱོགས་བཅུར་གོམ་པ་བདུན་བདུན་གཤེགས་ཏེ། དེ་ནི་དེ་བཞིན་གཤེགས་པས་ཐབས་སུ་བསྟན་པ་ཡིན་ནོ་ཞེས་སྨྲ་ན། དེ་ནི་དེ་བཞིན་གཤེགས་པས་བསྟན་པའི་མདོ་སྡེ་དང ། འདུལ་བ་ཡིན་ནོ། །དེ་ལ་གང་བདུད་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་བདུད་ཀྱི་རིས་སུ་གཏོགས་པ་ཞེས་བྱའོ། །སངས་རྒྱས་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ལ་གང་ཞིག་བྱང་ཆུབ་སེམས་དཔའ་ཐོག་མ་བཙས་ནས་རྒྱལ་པོ་ཡབ་ཀྱིས་ལྷའི་རྟེན་ལ་ཕྱག་འཚལ་དུ་ཁྲིད་པ་ན་ཕྱིར་ལྷ་རྣམས་ཀྱིས་མཐོང་མ་ཐག་ཏུ་ཕྱག་བྱས་ཏེ།་དེ་བས་ན་སངས་རྒྱས་ཞེས་བྱའོ། །དེ་ལ་གང་ཞིག་འདི་སྐད་དུ་ལྷ་ཞེས་བྱ་བ་སྔར་བྱུང་སྟེ། སངས་རྒྱས་ནི་འཕྱི་ན་ཅིའི་ཕྱིར་ལྷ་རྣམས་ཀྱིས་སངས་རྒྱས་ལ་བསྟི་སྟང་དང་ཕྱག་བྱེད་ཅེས་དེ་སྐད་དུ་རྒོལ་ན། དེ་ནི་བདུད་སྡིག་ཏོ་ཅན་གྱིས་བསྟན་པ་ཡིན་པར་རིག་པར་བྱའོ། །དེ་ལ་གང་ཞིག་འདི་སྐད་དུ་སངས་རྒྱས་བཅོམ་ལྡན་འདས་ལྷའི་རྟེན་དུ་གཤེགས་པ་ན་དབང་
Ka159a
༄#། །སྒྱུར་ཆེན་པོ་དང ། ཚངས་པ་ཆེན་པོ་དང ། བརྒྱ་བྱིན་ལྷའི་དབང་ཕྱུག་ལ་སོགས་པ་ལྷ་ཐམས་ཅད་ཀྱིས་ཐལ་མོ་སྦྱར་ཏེ། བསྟི་སྟང་དང་བཅས་པས་ཞབས་ལ་ཕྱག་བྱས་སོ་ཞེས་མདོ་སྡེ་དང ། འདུལ་བ་ལས་བྱུང་ན། དེ་ནི་སངས་རྒྱས་ཀྱིས་བསྟན་པའོ། །དེ་ལ་གང་བདུད་ཀྱིས་བསྟན་པའི་རྗེས་སུ་འཇུག་ན། དེ་ནི་བདུད་ཀྱི་རིས་སུ་གཏོགས་པ་ཞེས་བྱའོ། །དེ་ལ་གང་སངས་རྒྱས་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི། བྱང་ཆུབ་སེམས་དཔའ་ཞེས་བྱའོ། །མདོ་སྡེ་དང་འདུལ་བ་གང་ལས་བྱང་ཆུབ་སེམས་དཔའ་རྒྱལ་ཚབ་མཛད་པ་ན་འདོད་པའི་སེམས་ཀྱིས་ཕྱོགས་བཞི་ནས་བཙུན་མོ་བཙལ་ཏེ། ཕོ་བྲང་གི་ནང་དུ་འདོད་པ་རྣམ་པ་ལྔ་བདེ་བར་སྤྱོད་དོ་ཞེས་མདོ་སྡེ་དང ། འདུལ་བ་ལས་འབྱུང་ན། དེ་ནི་བདུད་ཀྱིས་བསྟན་པ་ཡིན་ནོ། །དེ་ལ་གང་ཞིག་བྱང་ཆུབ་སེམས་དཔའ་ཡུན་རིང་པོ་ནས་འདོད་པའི་སེམས་དང ། བཙུན་མོའི་འཁོར་གྱི་འདོད་པ་ཡོངས་སུ་སྤངས་ཏེ། སུམ་ཅུ་རྩ་གསུམ་གནམ་གྱི་ལྷའི་འདོད་པ་ལྔའང་མཆིལ་མ་བཞིན་དུ་བོར་ན་མིའི་འདོད་པ་ལྟ་ཅི་སྨོས་ཏེ། སྐྲ་དང་ཁ་སྤུ་བྲེགས་ནས་ཁྱིམ་ནས་ཁྱིམ་མ་ཡིན་པར་རབ་ཏུ་བྱུང་སྟེ། བྱང་ཆུབ་ལ་ནན་ཏན་བྱེད་དོ་ཞེས་མདོ་སྡེ་དང ། འདུལ་བ་ལ་དེ་སྐད་ཅེས་བྱུང་ན། དེ་ནི་སངས་རྒྱས་ཀྱིས་བསྟན་པ་ཡིན་ནོ། །དེ་ལ་གང་བདུད་ཀྱིས་
Ka159b
བསྟན་པའི་མདོ་སྡེ་དང ། འདུལ་བའི་རྗེས་སུ་འཇུག་པ་ནི་བདུད་ཀྱི་རིས་སུ་གཏོགས་པ་ཞེས་བྱའོ། །དེ་ལ་གང་སངས་རྒྱས་ཀྱིས་བསྟན་པའི་མདོ་སྡེ་དང ། འདུལ་བའི་རྗེས་སུ་འཇུག་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །གཞན་ཡང་འདི་སྐད་དུ་སྔོན་སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་ཛེ་ཏའི་ཚལ་ན་བཞུགས་པའི་ཚེ། དགེ་སློང་རྣམས་ཀྱིས་བྲན་ཕོ་དང ། བྲན་མོ་དང ། ལས་བྱེད་པའི་མི་དང ། བ་ལང་དང ། ར་ལུག་དང ། བལ་གྱི་གླང་པོ་ཆེ་དང ། རྟ་དང ། བོང་བུ་དང ། དྲེའུ་དང ། བྱ་དང ། ཁྱི་དང ། ཕག་ལ་སོགས་པ་གསོ་ཞིང་འཆང་བ་དང ། གསེར་དང ། དངུལ་དང ། བཻ་ཌཱུརྱ་དང ། མུ་ཏིག་དང ། ཤེལ་དང ། སྨ་གརྦྷ་དང ། མུ་ས་ལ་གརྦྷ་དང ། ཤེལ་གྱི་སྣམ་བུ་དང ། ལྕགས་དང ། ཟངས་དང ། ཟངས་གཞོང་ཆེ་ཆུང་ལ་སོགས་ཕ་མ་བརྟགས་པའི་དངོས་པོ་རྣམས་འཆང་ཞིང་སྤྱོད་པ་དང ། ཞིང་རྨོ་བ་དང ། ཚོང་སྤོགས་དང ། ཁྲེ་འབྲས་ལ་སོགས་པ་འཇོག་ཅིང་སྤྱོད་དུ་གནང་བར་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོས་སེམས་ཅན་ལ་ཐུགས་བརྩེ་བའི་སླད་དུ་འཆང་ཞིང་སྤྱོད་དུ་གནང་ངོ་ཞེས་མདོ་སྡེའམ་འདུལ་བ་ལས་འབྱུང་ན། དེ་ནི་བདུད་ཀྱིས་བསྟན་པ་ཡིན་ནོ།། དེ་ལ་གང་ཞིག་སྔོན་སངས་རྒྱས་རྒྱལ་བུ་ཛེ་ཏའི་ཚལ་ཡི་དྭགས་འདའ་ལི་ལོ་ཞེས་བྱ་བར་གནས་པ་ན། དེའི་ཚེ་བཅོམ་ལྡན་འདས་བྲམ་ཟེ་རའི་ཡོན་ཏན་ཞེས་བྱ་བ་དང ། རྒྱལ་པོ་སྡེ་རབ་ཏུ་
Ka160a
༄#། །ཕམ་བྱེད་ཀྱི་ཕྱིར་འདི་སྐད་དུ་གསུངས་ཏེ། དགེ་སློང་ནི་གསེར་དང ། དངུལ་དང ། བཻ་ཌཱུརྱ་དང ། ཤེལ་དང ། མུ་ཏིག་དང ། མུ་ས་ལ་གརྦྷ་དང ། བྱུ་རུ་དང ། ་སྨ་གརྦྷ་དང ། ཤེལ་གྱི་སྣམ་བུ་དང ། བྲན་ཕོ་དང ། བྲན་མོ་དང ། ལས་བྱེད་པའི་མི་དང ། ཁྱེའུ་དང ། བུ་མོ་དང ། བ་ལང་དང ། ར་ལུག་དང ། བལ་གྱི་གླང་པོ་ཆེ་དང ། རྟ་དང ། བོང་བུ་དང ། དྲེའུ་དང ། བྱ་དང ། ཁྱི་དང ། ཕག་དང ། ལྕགས་དང ། ཟངས་དང ། ཟངས་གཞོང་ཆེ་ཕྲ་ལ་སོགས་པ་མ་བརྟགས་པའི་དངོས་པོ་ཁྲི་སྟན་དང ། མལ་ཆ་དང་།། འཚོ་བའི་ཡོ་བྱད་རྣམ་པ་མང་པོ་དང ། ཁང་ཁྱིམ་དང ། ཞིང་རྨོ་བ་དང ། ཚོང་སྤོགས་དང ། ལག་དར་དེ་ཁ་ཟས་ཀྱི་གཡོས་བྱེད་པ་དང ། ལག་དར་དེ་ཕྱེ་འཐག་པ་དང ། འབྲས་འདྲུ་བ་དང ། ལུས་གསོ་བའི་སྔགས་དང ། ཁྲ་འདུལ་བའི་ཆོ་ག་དང ། སྐར་མ་བལྟ་བ་དང ། མོ་གདབ་པ་དང ། ཁྱོ་ཤུག་གི་མཚན་བལྟ་བ་དང ། རྨི་ལམ་གསོད་པ་དང ། འདི་ནི་བུ་ཕོར་འོང ། འདི་ནི་བུ་མོར་འོང ། འདི་ནི་བུ་ཕོ་མ་ཡིན། འདི་ནི་བུ་མོ་མ་ཡིན་ཞེས་མཁས་པའི་གནས་དྲུག་ཅུ་རྩ་བཞི་བརྟག་པ་དང ། གཞན་ཡང་རིག་པའི་གནས་བཅོ་བརྒྱད་དང ། སྔགས་དང ། བཟོ་རྣམ་པ་སྣ་ཚོགས་དང ། འཇིག་རྟེན་གྱི་གཙུག་ལག་ཚད་མེད་པ་སྨྲ་བ་དང ། སྤོས་ཕྱེ་མ་དང ། བྱུག་སྤོས་དང ། བདུག་སྤོས་རྣམ་པ་སྣ་ཚོགས་
Ka160b
སྤྱོར་བ་དང ། མེ་ཏོག་གི་ཕྲེང་བ་རྣམ་པ་སྣ་ཚོགས་དང ། སྐྲ་འཆོས་པའི་ཆོ་ག་དང ། གཡོ་དང ། སྒྱུ་དང ། ཁེ་དང ། རྙེད་པ་ལ་ཆོག་མི་ཤེས་པ་དང ། འདུ་འཛི་ལ་དགའ་བ་དང ། གཏམ་དང ། སྨྲང་ལ་དགའ་བ་དང ། ཉ་ཤ་ལ་དགའ་བ་དར། དུག་སྦྱོར་བ་དང ། སྨེ་བ་དབྱུང་བའི་སྨན་སྦྱོར་བ་དང ། བྱུག་པའི་མར་བསུང་ཅན་སྦྱོར་བ་དང ། རིན་པོ་ཆེའི་གདུགས་དང ། ལྷམ་ལ་སོགས་པ་བྱེད་པ་དང ། བསིལ་ཡབ་དང ། ཟ་མ་ཏོག་དང ། རི་མོ་ལ་སོགས་པ་བྱེད་པ་དང ། ཁྲེ་འབྲས་དང ། སྲན་མ་རྣམ་པ་མང་པོ་དང ། ཤིང་ཏོག་གི་རྣམ་པ་ལ་སོགས་པ་དང ། རྒྱལ་པོ་དང ། རྒྱལ་བུ་དང ། བློན་པོ་དང ། བློན་པོ་ཆེན་པོ་ལ་བརྟེན་པ་དང ། བུད་མེད་ལ་བརྟེན་པ་དང ། བར་བར་སྐད་ཆེན་པོས་དགོད་པ་དང ། བར་བར་ཅང་མི་སྨྲ་བར་ཁ་རོག་པ་དང ། ཆོས་རྣམས་ལ་ཐེ་ཚོམ་བྱེད་པ་དང ། བརྫུན་དུ་སྨྲ་བ་དང ། བཟང་ངོ ། །ངན་ནོ། །དགེའོ། །མི་དགེའོ་ཞེས་བརྫུན་དུ་སྨྲ་བ་དང ། གོས་བཟང་པོས་ཆ་ཞིང་འཇོ་བ་ལ་སོགས་པ་དེ་ལྟ་བུའི་མ་བརྟགས་པའི་གནས་རྣམ་པ་སྣ་ཚོགས་ལ་སྤྱོད་ཅིང་བྱེད་པ་དང ། ཡོན་བདག་དད་པའི་མདུན་དུ་བདག་བསྟོད་པ་དང ། མ་བརྟགས་པའི་གནས་སུ་ཆང་འཚོང་བ་དང ། སྤྲུལ་འཚོང་མ་དང ། ཚོང་བྱེད་པར་རྟག་ཏུ་འགྲོ་བ་ལ་སོགས་པ་དེ་དག་ཐམས་ཅད་ནི་དགེ་སློང་དག་ལ་གནང་བར་ངས་མ་གསུངས་ཏེ། དེ་ནི་དགེ་སློང་གི་ནང་ན་འདུག་པར་ཡང་གནང་བ་མ་ཡིན་ཏེ། ཁྱིམ་པར་ཕབ་ལ་
Ka161a
༄#། །ལས་བྱེད་དུ་གཞུག་གོ། དཔེར་ན། ཞིང་གཤིན་པའི་ནང་ན་ཁྲེ་རྒོད་སྐྱེས་པ་དང་མཆུངས་ཏེ། ལྷག་མ་མ་ལུས་པར་བསལ་ཅིང་དབྱུང་ངོ་ཞེས་གསུངས་པའི་མདོ་སྡེ་དང ། འདུལ་བ་ནི་དེ་བཞིན་གཤེགས་པས་བསྟན་པ་ཡིན་པར་རིག་པར་བྱའོ། །དེ་ལ་གང་བདུད་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་བདུད་ཀྱི་རིས་སུ་གཏོགས་པ་ཞེས་བྱའོ། །སངས་རྒྱས་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །གཞན་ཡང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་གྱི་ལྷ་དག་མཆོད་པའི་ཕྱིར་ལྷའི་རྟེན་དུ་འགྲོའོ། །འདི་ལྟ་སྟེ། ཚངས་པའི་ལྷ་དང ། དབང་སྒྱུར་ཆེན་པོ་དང ། འཇུག་སེལ་དང ། ཀཱཏྱ་ཡ་ན་ལ་སོགས་པ་སྟེ། དེར་འགྲོ་བའང་ལྷ་རྣམས་གདུལ་བའི་ཕྱིར་གྱི། དེ་ལྟ་བུ་མ་ཡིན་ནོ་ཞེས་བྱ་བའི་གནས་མེད་དོ། །གཞན་ཡང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་ནི་མུ་སྟེགས་ཅན་གྱི་གཙུག་ལག་དང ། དཀའ་ཐུབ་དང ། སྤྱོད་ལམ་དང ། ཚིག་དང ། སྨྲ་བ་ལས་རྒྱལ་བའི་སྒྱུ་རྩལ་དང ། འཐབ་ཅིང་རྩོད་པའི་སྡུམས་བྱེད་མི་ནུས་པས། ཁྱེའུ་དང ། བུ་མོ་དང ། བློན་པོ་ཆེན་པོ་ལ་སོགས་པས་བསྟི་སྟང་མི་བྱེད་དོ། །སྨན་ལ་སོགས་པའང་སྦྱོར་མི་ཤེས་པས་ན་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། ཅི་སྟེ་ཤེས་ན་ངན་པར་ལྟ་བ་ལོག་པ་ཅན་ཞེའམ། གཞན་ཡང་དེ་བཞིན་གཤེགས་པ་ནི་དགྲ་དང་
Ka161b
གཉེན་ལ་མཉམ་པར་དགོངས་ཏེ། མཚོན་གྱིས་བཏབ་བམ། བྱུག་སྤོས་ཀྱིས་བསྐུས་ཀྱང་དེ་གཉིས་ཀ་ལ་ཕན་པའམ། གནོད་པའི་ཐུགས་མི་མངའ་སྟེ་དབུ་མར་གནས་པས། དེ་བཞིན་གཤེགས་པའོ་ཞེས་དེ་སྐད་དུ་མདོ་སྡེའམ། འདུལ་བ་ལས་འབྱུང་ན། དེ་ནི་བདུད་ཀྱིས་བསྟན་པ་ཡིན་པར་རིག་པར་བྱའོ། །དེ་ལ་གང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་ནི་དེ་ལྟར་ཐབས་ཀྱིས་ལྷའི་རྟེན་དུ་འགྲོ་བ་དང ། མུ་སྟེགས་ཅན་གྱི་ཆོས་ལས་རབ་ཏུ་བྱུང་ནས་སློབ་པ་ལ་འཇུག་པ་བསྟན་པ་དང ། སྤྱོད་ལམ་དང ། དཀའ་ཐུབ་དང ། ཆོག་ཤེས་པར་བསྟན་པ་དང ། ཚིག་དང་སྨྲ་བ་ལས་རྒྱལ་བ་ཐམས་ཅད་ཤེས་པར་བྱ་བའི་ཕྱིར་ཡི་གེའི་གྲཝར་སློབ་པ་བསྟན་པ་དང ། འཐབ་ཅིང་རྩོད་པར་འགྱུར་བའི་སྡུམས་བྱེད་པ་བསྟན་པ་དང ། འཁོར་མང་པོ་དང ། ཁྱེའུ་དང ། བུ་མོ་དང ། བཙུན་མོ་དང ། ཕོ་བྲང་གི་སླས་དང ། ཁྱིམ་བདག་དང ། ཚོང་དཔོན་དང ། བྲམ་ཟེ་ལ་སོགས་པ་རྒྱལ་པོ་དང ། བློན་པོ་ཆེན་པོ་དང ། དབུལ་པོ་ལ་སོགས་པ་ལས་ཕུལ་དུ་གྱུར་པ་དང ། མཆོག་ཏུ་གྱུར་པར་བསྟན་ཏོ། །དེ་དག་གིས་བསྙེན་བཀུར་བྱེད་པ་ལ་སོགས་པའང་བསྟན། དེ་ལྟ་བུ་ལ་སོགས་པའི་དངོས་པོའི་རྣམ་པ་མང་པོ་བསྟན་ཏོ། །ལྟ་བ་དེ་དག་ལ་གནས་ཀྱང་མ་ཆགས་པ་ནི། དཔེར་ན། པདྨོ་ལ་རྡུལ་དང་དྲི་མས་མི་གོས་པ་བཞིན་ནོ། །དེ་ལའང་འགྲོ་བ་མང་པོ་བསྒྲལ་བའི་ཕྱིར་འཇིག་རྟེན་པའི་རྗེས་སུ་དེ་ལྟ་བུའི་ཐབས་མཁས་
Ka162a
༄#། །པ་རྣམ་པ་སྣ་ཚོགས་སྤྱོད་དོ་ཞེས་མདོ་སྡེ་དང ། འདུལ་བ་གང་ལས་འབྱུང་ན། དེ་ནི་དེ་བཞིན་གཤེགས་པས་བསྟན་པ་ཡིན་པར་རིག་པར་བྱའོ། །དེ་ལ་གང་བདུད་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་བདུད་ཀྱི་རིས་སུ་གཏོགས་པ་ཞེས་བྱའོ། །སངས་རྒྱས་ཀྱི་བསྟན་པའི་རྗེས་སུ་འཇུག་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོའོ། །དེ་ལ་གང་འདི་སྐད་དུ་དེ་བཞིན་གཤེགས་པས་ནི་བདག་ཅག་ལ་མདོ་སྡེ་དང ། འདུལ་བ་གསུངས་པ་ལས་མི་དགེ་བའི་ཆོས་ལྕི་བ་དང ། ཡང་བ་དང ། ཉེས་བྱས་ཀྱི་བར་དུ་རང་བཞིན་གྱིས་ལྕི་བ་ཡིན་པས། བདག་ཅག་ནི་འདུལ་བ་ལས་འགལ་བར་མི་བྱེད་དེ། བདག་ཅག་ནི་ཡུན་རིང་པོ་ནས་བཟོད་ཀྱང་ཆོས་འདི་དག་ལ་ཁྱེད་ནི་ཡིད་མི་ཆེས་ན། བདག་ཅག་གིས་ཇི་སྐད་དུ་བདག་ཅག་གི་འདུལ་བ་བཏང་སྟེ། ཁྱེད་ཀྱི་འདུལ་བའི་རྗེས་སུ་འཇུག་པར་བྱ། ཁྱེད་ཀྱི་འདུལ་བ་ནི་བདུད་ཀྱིས་བསྟན་པ་ཡིན་གྱི། བདག་ཅག་གི་མདོ་སྡེ་དང ། འདུལ་བ་ནི་སངས་རྒྱས་ཀྱིས་བཅས་པ་ཡིན་ནོ། །དེ་བཞིན་གཤེགས་པས་སྔར་གསུངས་པའི་གསུང་རབ་དགུ་པོ་ཡང་བདག་ཅག་གི་མདོ་སྡེ་དང ། འདུལ་བ་དགུ་པོ་ལ་ངེས་པར་གསུངས་ཀྱི། ཤིན་ཏུ་རྒྱས་པའི་མདོ་སྡེ་ནི་ཚིག་གཅིག་གམ། ཡི་གེ་གཅིག་ཙམ་ཡང་མ་ཐོས་སོ། །དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་དང ། འདུལ་བ་ནི་ཚད་ཀྱང་མ་མཆིས་ན་ཤིན་ཏུ་རྒྱས་པའི་མདོ་སྡེ་ཞེས་མི་
Ka162b
འབྱུང་སྟེ། དེ་དག་ལས་ནི་གསུང་རབ་མདོ་སྡེ་བཅུ་ཡོད་དོ་ཞེས་མ་ཐོས་སོ། །ཅི་སྟེ་ཡོད་ན་གདོན་མི་ཟ་བར་ལྷ་སྦྱིན་གྱིས་བྱས་པ་ཡིན་པར་རིག་པར་བྱའོ། །ལྷ་སྦྱིན་ངན་པ་དགེ་བའི་ཆོས་གཞིག་པའི་ཕྱིར་ཤིན་ཏུ་རྒྱས་པའི་མདོ་སྡེ་བྱས་ཏེ། བདག་ཅག་ནི་མདོ་སྡེ་དེ་བདུད་ཀྱིས་བསྟན་པ་ཡིན་པས་ན་ཡིད་མི་ཆེས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་གཞིག་ཅིང་གཅིག་ལ་གཅིག་གིས་སྐྱོན་འདོགས་པའི་ཚིག་དེ་ལྟ་བུ་ནི་ཁྱེད་ཀྱི་མདོ་སྡེ་ལས་འབྱུང་གི་།བདག་ཅག་གི་མདོ་སྡེ་ལ་མེད་དོ། །བདག་ཅག་གི་མདོ་སྡེ་དང ། འདུལ་བ་དེ་བཞིན་གཤེགས་པས་གསུངས་པ་ལས་གསང་བར་འདི་སྐད་ཅེས་འབྱུང་སྟེ། ང་ཡོངས་སུ་མྱ་ངན་ལས་འདས་ནས་དུས་ངན་པའི་ཚེ། མདོ་སྡེ་དང ། འདུལ་བ་ཡང་དག་པ་མ་ཡིན་པ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ཞེས་བྱ་བ་འབྱུང་ངོ་ཞེས་སྨྲ་བ་མ་འོངས་པའི་དུས་ན་དེ་ལྟ་བུའི་དགེ་སློང་སྡིག་པ་ཅན་དག་འབྱུང་ངོ ། །ངས་ཡང་འདི་སྐད་དུ་གསུངས་ཏེ། གསུང་རབ་སྡེ་དགུ་ལ་མ་གཏོགས་པ་ཤིན་ཏུ་རྒྱས་པའི་མདོ་སྡེ་ཡོད་པར་གསུངས་སོ། །དེ་ལ་གང་ཞིག་དེའི་དོན་ཤེས་ན་དེ་ནི་མདོ་སྡེ་དང ། འདུལ་བ་ཤིན་ཏུ་ཡང་དག་པར་རྟོགས་པ་ཡིན་ཏེ། དེ་ནི་མ་བརྟགས་པའི་དངོས་པོ་ཐམས་ཅད་སྤངས་པ། ཟླ་བ་ཉ་བ་ལྟར་ཤིན་ཏུ་གསལ་ཞིང་དག་པའོ་ཞེས་ངས་གསུངས་སོ། །དེ་ལ་གང་འདི་སྐད་དུ་དེ་བཞིན་གཤེགས་པས་མདོ་སྡེ་རེ་རེ་ལས་ཀྱང་དོན་གངྒཱའི་ཀླུང་གི་བྱེ་མ་སྙེད་འབྱུང་ཡང་འདི་སྐད་དུ་མ་
Ka163a
༄#། །གསུངས་པས་འདི་ནི་ཡང་དག་པར་མེད་པ་ཡིན་ནོ། །ཅི་སྟེ་ཡོད་ན་བདག་ཅག་གི་འདུལ་བ་ལས་ཅིའི་ཕྱིར་མ་གསུངས། འདི་ལྟར་མ་གསུངས་ཏེ་མ་བྱུང་བས་ན་བདག་ཅག་ནི་དེ་ལ་ཡིད་མི་ཆེས་སོ་ཞེས་དེ་སྐད་དུ་སྨྲ་ན། གང་ཟག་དེ་ནི་ཤིན་ཏུ་ཁ་ན་མ་ཐོ་བ་ཐོབ་པ་ཡིན་པར་རིག་པར་བྱའོ། །གང་ཟག་དེའང་འདི་སྐད་དུ་མདོ་སྡེ་དང ། འདུལ་བ་དེ་ནི་བདག་གིས་གཟུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདིས་ཆོག་ཤེས་ཤིང་འདོད་པ་ཉུང་བ་དང ། ཀུན་ནས་ཉོན་མོངས་པ་གཅོད་པ་དང ། ཤེས་རབ་དང་མྱ་ངན་ལས་འདའ་བའི་དགེ་བའི་ཆོས་ཀྱི་རྒྱུར་འགྱུར་བའི་ཕྱིར་རོ་ཞེས་དེ་སྐད་དུ་སྨྲ་ནའང་ངའི་ཉེ་གནས་མ་ཡིན་ནོ། །དེ་ལ་གང་འདི་སྐད་དུ་དེ་བཞིན་གཤེགས་པས་འགྲོ་བ་མང་པོ་བསྒྲལ་བའི་ཕྱིར་ཤིན་ཏུ་རྒྱས་པའི་མདོ་སྡེ་གསུངས་སོ་ཞེས་སྨྲ་ན། དེ་ནི་ངའི་ཉེ་གནས་ཡང་དག་པ་ཡིན་པར་རིག་པར་བྱའོ། །དེ་ལ་གང་ཞིག་ཤིན་ཏུ་རྒྱས་པའི་མདོ་སྡེ་མི་འདོད་ན་དེ་ནི་ངའི་ཉེ་གནས་ཀྱང་མ་ཡིན། སངས་རྒྱས་ཀྱི་ཆོས་ཀྱིས་རབ་ཏུ་བྱུང་བ་མ་ཡིན་ཏེ། དེ་ནི་ངན་པར་ལྟ་བ་མུ་སྟེགས་ཅན་གྱི་འཁོར་ཡིན་པར་རིག་པར་བྱའོ། །མདོ་སྡེ་དང ། འདུལ་བ་གང་ལས་འདི་སྐད་དུ་གསུངས་ན། དེ་ནི་སངས་རྒྱས་ཀྱིས་བསྟན་པ་ཡིན་ནོ། །དེ་མ་ཡིན་པ་ནི་བདུད་ཀྱིས་བསྟན་པ་ཡིན་ནོ། །དེ་ལ་གང་བདུད་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་
Ka163b
བདུད་ཀྱི་འཁོར་ཅེས་བྱའོ། །དེ་ལ་གང་སངས་རྒྱས་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་འདི་སྐད་དུ་དེ་བཞིན་གཤེགས་པ་ནི་ཡོན་ཏན་ཚད་མེད་པ་ལས་གྲུབ་པ་མ་ཡིན་ཏེ། མི་རྟག་པ་འགྱུར་ཞིང་འཕོ་བའོ། །སྟོང་བའི་ཆོས་ཐོབ་པས་བདག་མེད་ཅེས་གསུངས་ཏེ། དེ་ནི་འཇིག་རྟེན་དང་མཐུན་པ་མ་ཡིན་ནོ་ཞེས་དེ་སྐད་དུ་འབྱུང་བའི་མདོ་སྡེ་དང ། འདུལ་བ་ནི་བདུད་ཀྱིས་བསྟན་པ་ཞེས་བྱའོ། །དེ་ལ་གང་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བསམ་གྱིས་མི་ཁྱབ་པ་སྟེ། ཚད་མེད་གྲངས་མེད་པའི་ཡོན་ཏན་ལས་གྲུབ་པའོ། །དེ་བས་ན་རྟག་པ་གནས་པ་མི་འགྱུར་མི་འཕོ་བའོ་ཞེས་མདོ་སྡེ་དང ། འདུལ་བ་ལས་འབྱུང་ན་དེ་ནི་སངས་རྒྱས་ཀྱིས་བསྟན་པ་ཡིན་ནོ། །དེ་ལ་གང་བདུད་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་བདུད་ཀྱི་རིས་སུ་གཏོགས་པ་ཞེས་བྱའོ། །སངས་རྒྱས་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །གཞན་ཡང་ཁ་ཅིག་འདི་སྐད་དུ་དགེ་སློང་དག་ཕས་ཕམ་པའི་ཁ་ན་མ་ཐོ་བ་མ་བྱུང་བར་ཀུན་གྱིས་ཕས་ཕམ་པ་བྱུང་སྟེ། ཏ་ལའི་མགོ་བཅད་པ་བཞིན་དུ་གྱུར་ཏོ། །ཞེས་སྨྲ་ཡང་དགེ་སློང་དེ་ནི་ཕས་ཕམ་པ་བྱུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ངས་ནི་ཕས་ཕམ་པ་བཞི་ལས་གཅིག་ཙམ་ཉམས་ན་རྡོ་བཅག་པ་ལྟར་ཕྱིར་མི་
Ka164a
༄#། །འབྱོར་རོ་ཞེས་གསུངས་ཏེ། དེ་ལ་གང་ཞིག་བླ་མ་མིའི་ཆོས་ཐོབ་བོ་ཞེས་དེ་སྐད་སྨྲ་ན་དེ་ནི་ཕས་ཕམ་པའོ། །དེ་ཅིའི་ཕྱིར་ཞེ་ན། ཡང་དག་པར་ཅིའང་མ་ཐོབ་པར་ཐོབ་པ་ལྟར་སྒྱུ་དང་གཡོ་འཆོས་ན་གང་ཟག་དེ་ནི་མིའི་ཆོས་ལས་ཉམས་པ་ཞེས་བྱ་སྟེ། ཕས་ཕམ་པ་ཡིན་ནོ། །འདི་ལྟ་སྟེ། དགེ་སློང་གང་ཞིག་འདོད་པ་ཉུང་བ། ཆོག་ཤེས་པ། ཚུལ་ཁྲིམས་བསྲུང་བ། ཡོངས་སུ་དག་པ། བས་མཐར་གནས་པའི་དྲུང་དུ་རྒྱལ་པོའམ། བློན་པོ་ཆེན་པོ་འོངས་ནས་དགེ་སློང་འདི་ནི་དགྲ་བཅོམ་པར་གྱུར་ཏོ་སྙམ་བསམས་ཏེ་དྲུང་དུ་བསྙེན་ནས་བསྟོད་པ་དང་བསྙེན་བཀུར་དང་ཕྱག་བྱས་ཏེ། འདི་སྐད་དུ། སློབ་དཔོན་ཆེན་པོ། ལུས་འདི་རྗེས་མ་ཐག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ། །ཞེས་སྨྲ་ན་དགེ་སློང་དེ་རྒྱལ་པོ་དེ་ལ་འདི་སྐད་ཅེས་སྨྲའོ། །རྒྱལ་པོ་ཆེན་པོ། བདག་ནི་ཡང་དག་པར་དགེ་སྦྱོང་གི་འབྲས་བུ་མ་ཐོབ་ཀྱི། རྒྱལ་པོ་ཆེན་པོ་བདག་ལ་དགེ་སྦྱོང་གི་འབྲས་བུ་ཐོབ་བོ་ཞེས་མ་གསུང་ཞིག་།རྒྱལ་པོ་ཆེན་པོ། བདག་ལ་ཆོག་མི་ཤེས་པའི་ཆོས་བཀའ་མི་སྩལ་དུ་གསོལ། གང་ཆོག་མི་ཤེས་པ་དག་ནི་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ་ཞེས་བྱ་བའི་བར་དུ་བསྟོད་ཀྱང་ལན་མ་བཏབ་སྟེ་ཅང་མི་སྨྲའོ། །བདག་གིས་ཀྱང་ཅི་སྟེ་ལེན་མི་འདེབས་པར་
Ka164b
ཅང་མ་སྨྲས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྣམ་པར་སྨད་པར་འགྱུར་རོ། །གང་ཆོག་ཤེས་པར་སྤྱོད་པ་ལ་ནི་སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་ཏེ། དེ་བས་ན་བདག་ནི་ནམ་དུའང་ཆོག་ཤེས་པ་ལ་སྤྱོད་པར་དགའོ། །ཆོག་ཤེས་པ་ནི་བདག་གིས་འབྲས་བུ་མ་ཐོབ་པར་རྒྱལ་པོས་འབྲས་བུ་ཐོབ་བོ་ཞེས་སྨྲས་ཀྱང་བདག་མི་འདོད་པ་ནི་ཆོག་ཤེས་པ་ཞེས་བྱའོ།། དེའི་ཚེ་ན་རྒྱལ་པོའང་འདི་སྐད་དུ། སློབ་དཔོན་ཆེན་པོ། ཁྱོད་ནི་ཡང་དག་པར་དགྲ་བཅོམ་པའི་འབྲས་བུ་ཐོབ་སྟེ། སངས་རྒྱས་དང་ཐ་མི་དད་དོ་ཞེས་སྨྲས་ན། དེའི་ཚེ་ན་རྒྱལ་པོ་དེས་ཡུལ་མི་ཐམས་ཅད་དང ། བཙུན་མོ་དང ། ཕོ་བྲང་གི་སླས་ཀྱི་འཁོར་ཐམས་ཅད་དུ་དགེ་སློང་དེས་དགེ་སྦྱོང་གི་འབྲས་བུ་ཐོབ་བོ་ཞེས་བསྒྲགས་ནས། དེ་སྐད་ཅེས་ཐོས་པ་ཐམས་ཅད་དགེ་སློང་དེ་ལ་ཤིན་ཏུ་དད་པ་དང ། མཆོད་པ་བྱ་བ་དང ། བཀུར་སྟི་དང་རིམ་གྲོ་བྱ་བའི་སེམས་བསྐྱེད་སོ། །དེ་ལྟར་དགེ་སློང་དེའང་ཡང་དག་པར་ཚངས་པར་སྤྱོད་ཅིང་ཡོངས་སུ་དག་པ་ཡིན་པས་དེའི་རྒྱུ་དེའི་རྐྱེན་གྱིས་དེ་ལ་དགའ་བ་ཐམས་ཅད་བསོད་ནམས་ཆེན་པོ་ཐོབ་ཀྱི། དགེ་སློང་དེ་ནི་ཕས་ཕམ་པའི་ཁ་ན་མ་ཐོ་བ་ཉམས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཕ་རོལ་པོས་དགའ་བ་དང ། དད་པ་དང ། བསྟོད་པ་དང ། མཆོད་པར་བྱ་བའི་སེམས་རངས་པ་སྐྱེས་པའི་ཕྱིར་རོ། །དེ་ལྟར་ན་དགེ་སློང་དེ་ལ་ནི་ཁ་ན་མ་ཐོ་བ་ཉམས་པ་མེད་དོ། །དེ་ལ་ནི་གང་ཞིག་དེ་ལ་ཁ་ན་མ་
Ka165a
༄#། །ཐོ་བ་ཡོད་ཅེས་སྨྲན། མདོ་སྡེ་དེ་ནི་བདུད་ཀྱིས་བསྟན་པ་ཡིན་པར་རིག་པར་བྱའོ། །གཞན་ཡང་དགེ་སློང་དག་སངས་རྒྱས་ཀྱིས་དགོངས་ཏེ་གསུངས་པའི་མདོ་སྡེ་ཟབ་མོ་ལས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དེ། སངས་རྒྱས་ཀྱི་རང་བཞིན་ཡོད་པས་ཚད་མེད་པའི་ཀུན་ནས་ཉོན་མོངས་པ་ཆོད་ཅིང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། ལོག་སྲེད་ཅན་ནི་མ་གཏོགས་སོ་ཞེས་སྨྲ་བ་ལ། རྒྱལ་པོའམ། བློན་པོ་ཆེན་པོ་ཞིག་གིས་འདི་སྐད་དུ་དགེ་སློང་ཁྱོད་མངོན་པར་འཚང་རྒྱ་བའམ་མི་རྒྱ། སངས་རྒྱས་ཀྱི་རང་བཞིན་ཡོད་དམ་ཞེས་འདྲི་ན། དེ་ལ་འདི་སྐད་ཅེས་སྨྲོས་ཤིག་།བདག་གི་ལུས་ལ་སངས་རྒྱས་ཀྱི་རང་བཞིན་ནི་ངེས་པར་ཡོད་ན་སངས་རྒྱས་སུ་འགྲུབ་བམ་མི་འགྲུབ་པ་ནི་མ་གཏོགས་སོ། །རྒྱལ་པོས་སྨྲས་པ། བཙུན་པ། ལོག་སྲེད་ཅན་གྱི་ལས་མ་བྱས་ན། གདོན་མི་ཟ་བར་འགྲུབ་སྟེ་ཐེ་ཚོམ་མེད་དོ། དགེ་སློང་གིས་དེ་ལ་རྒྱལ་པོ་ཆེན་པོས་སྨྲས་པ་བཞིན་ནོ། །དེ་སྐད་དུ་ངེས་པར་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་དགེ་སློང་དེས་སྨྲས་ཀྱང་ཕས་ཕམ་པར་མི་འགྱུར་རོ། །གཞན་ཡང་དགེ་སློང་དག་རབ་ཏུ་འབྱུང་བའི་ཚེ་ན་འདི་སྙམ་དུ་སེམས་ཏེ། བདག་ནི་མཐར་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ་སྙམ་
Ka165b
བསམས་ན། གང་ཟག་དེ་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱང་བསོད་ནམས་ཚད་མེད་མཐའ་ཡས་དཔག་ཏུ་མེད་པ་འཐོབ་བོ། །ཅི་སྟེ་དེ་ལ་གང་ཞིག་གིས་ཕས་ཕམ་པ་འབྱུང་ངོ་ཞེས་སྨྲ་ན།་འོ་ན་ལྟ་དགེ་སློང་ཐམས་ཅད་ཕས་ཕམ་པ་མ་བྱུང་བ་མེད་མོད། དེ་ཅིའི་ཕྱིར་ཞེ་ན། ང་སྔོན་བསྐལ་པ་ཁྲག་ཁྲིག་བརྒྱད་ཅུའི་བར་དུ་མ་བརྟགས་པའི་དངོས་པོ་ཐམས་ཅད་སྤངས་ཏེ། འདོད་པ་ཉུང་བ་དང ། ཆོག་ཤེས་པའི་སྤྱོད་ལམ་དང་ལྡན་པས་དེ་བཞིན་གཤེགས་པའི་བླ་ན་མེད་པའི་ཆོས་ཀྱི་སྡེ་སྣོད་ལ་ནན་ཏན་བྱས་ཏེ། བདག་གི་ལུས་ལ་སངས་རྒྱས་ཀྱི་རང་བཞིན་ངེས་པར་ཡོད་པར་ཤེས་པས་དེ་བས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས་སངས་རྒྱས་ཞེས་བྱ་བ་ཐུགས་རྗེ་ཆེན་པོ་དང་ལྡན་པར་གྱུར་ཏོ། ། གང་འདི་སྐད་དུ་སྨྲ་བའི་མདོ་སྡེ་དང་འདུལ་བ་ནི་སངས་རྒྱས་ཀྱིས་བསྟན་པ་ཞེས་བྱའོ། །དེ་ལ་གང་བསྟན་པ་འདིའི་རྗེས་སུ་མ་འཇུག་པ་ནི་བདུད་ཀྱི་རིས་སུ་གཏོགས་པ་ཞེས་བྱའོ། ། བསྟན་པ་འདིའི་རྗེས་སུ་འཇུག་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །གཞན་ཡང་འདི་སྐད་དུ་ཕས་ཕམ་པ་བཞིའང་མེད་ལ། དགེ་འདུན་གྱི་ལྷག་མ་བཅུ་གསུམ་དང ། མ་ངེས་པའི་ཆོས་གཉིས་དང ། སྤང་བའི་ལྟུང་བ་སུམ་ཅུ་དང ། ལྟུང་བ་དགུ་བཅུ་རྩ་གཅིག་དང ། སོ་སོར་བཤགས་པའི་ཆོས་བཞི་དང ། བསླབ་པ་མང་པོ་དང ། བདུན་ཤིན་ཏུ་ཞི་བར་བྱེད་པ་ལ་
Ka166a
༄#། །སོགས་པའང་མེད། སྦོམ་པོ་དང ། མཚམས་མེད་པ་ལྔ་ལ་སོགས་པ་དང ། ལོག་སྲེད་ཅེས་བྱ་བ་ཐམས་ཅད་མེད་དོ། །གལ་ཏེ་དགེ་སློང་དག་དེ་དག་ལ་སོགས་པ་ཉམས་པས་སེམས་ཅན་དམྱལ་བར་ལྟུང་ན་མུ་སྟེགས་ཅན་ཐམས་ཅད་ལྟ་མཐོ་རིས་ཀྱི་ལྷར་སྐྱེ་མོད། དེ་ཅིའི་ཕྱིར་ཞེ་ན། མུ་སྟེགས་ཅན་ལ་སོགས་པ་ལ་ཚུལ་ཁྲིམས་ཞེས་བྱ་བ་ཉམས་པ་མེད་པའི་ཕྱིར་རོ། །དེ་བས་ན་དེ་བཞིན་གཤེགས་པས་གང་ཟག་དག་གདུལ་བའི་ཕྱིར་ཚུལ་ཁྲིམས་ཞེས་བྱ་བ་གསུངས་སོ། །སངས་རྒྱས་ཀྱིས་གསུངས་པ་ལས་ཀྱང་ངའི་དགེ་སློང་དག་གལ་ཏེ་མི་ཚངས་པར་སྤྱོད་འདོད་ན་ཆོས་གོས་བཞག་སྟེ། ཁྱིམ་པའི་གོས་གྱོན་ལ་མི་ཚངས་པར་སྤྱོད་ཅིག་།གཞན་ཡང་འདི་སྙམ་དུ་མི་ཚངས་པར་སྤྱོད་པ་འདི་བདག་ཅག་འབའ་ཞིག་གི་སྐྱོན་མ་ཡིན་ཏེ། དེ་བཞིན་གཤེགས་པ་བཞུགས་པའི་ཚེའང་དགེ་སློང་དག་མི་ཚངས་པར་སྤྱོད་དེ་རྣམ་པར་གྲོལ་བའང་ཡོད། ཚེ་འཕོས་ནས་མཐོ་རིས་ཀྱི་ལྷར་སྐྱེ་བའང་ཡེ་ནས་ཡོད་དེ། བདག་འབའ་ཞིག་གིས་སྤྱོད་པ་མ་ཡིན། ལ་ལ་ཕས་ཕམ་པ་བཞི་ཉམས་པ་དང ། ལ་ལ་ཚུལ་ཁྲིམས་ལྔ་ཉམས་པ་དང ། ལ་ལ་ནི་མ་བརྟགས་པ་སྤྱོད་ལམ་མ་ཡིན་པའི་ལས་ཐམས་ཅད་བྱས་ཀྱང་ཡང་དག་པར་རྣམ་པར་གྲོལ་བ་ཡོད་དེ། དེ་བཞིན་གཤེགས་པས་ཉེས་པ་གཅིག་བྱས་ན། སུམ་ཅུ་རྩ་གསུམ་གནམ་
Ka166b
གྱི་ཉི་མ་དང ། ཟླ་བ་དང ། ལོར་བགྲང་བའི་ལོ་སྟོང་ཕྲག་བརྒྱད་བརྒྱའི་བར་དུ་སེམས་ཅན་དམྱལ་བར་ལྟུང་ངོ་ཞེས་གསུངས་མོད་ཀྱི། དེའང་དེ་བཞིན་གཤེགས་པས་གང་ཟག་དག་གདུལ་བའི་ཕྱིར་གསུངས་པར་ཟད་ཅེའམ། ཕས་ཕམ་པ་དང་ཉེས་བྱས་ཀྱི་བར་དུ་ལྕི་ཡང་གི་ཁྱད་པར་མེད་དེ། འདུལ་བ་འཛིན་པ་དག་གིས་སངས་རྒྱས་ཀྱིས་བཅས་པར་བརྫུན་དུ་སྨྲས་སོ། ། ཞེས་དེ་སྐད་ཟེར་ན། དེ་ནི་སངས་རྒྱས་ཀྱིས་བསྟན་པ་མ་ཡིན་གྱི། དེ་སྐད་དུ་སྨྲ་བ་ནི་བདུད་ཀྱི་མདོ་སྡེ་དང ། འདུལ་བ་ཡིན་པར་རིག་པར་བྱའོ། །དེ་ལ་གང་འདི་སྐད་དུ་ཚུལ་ཁྲིམས་ལ་གནས་པ་ཉེས་བྱས་ཕྲ་མོའི་བར་དུ་གཅིག་ཙམ་ཉམས་ན་ཡང་དཔག་ཏུ་མེད་པའི་སྡུག་བསྔལ་མྱོང་བར་གྱུར་ཏེ། དེ་ལྟར་ཤེས་ནས་ཇི་ལྟར་རུས་སྦལ་དག་ཡན་ལག་དྲུག་སྦེད་པ་བཞིན་དུ་བདག་གི་ལུས་ཤིན་ཏུ་བསྲུང་ངོ ། །དེ་ལ་གཞན་ཡང་འདུལ་བ་འཛིན་པ་དག་འདི་སྐད་དུ་ཚུལ་ཁྲིམས་ཅི་ཉམས་ཀྱང་ཁ་ན་མ་ཐོ་བའི་འབྲས་བུ་སྨིན་པ་མེད་དོ་ཞེས་སྨྲ་ན། གང་ཟག་དེ་ལ་བསྙེན་པར་མི་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་ལས་གསུངས་པ། ཆོས་གཅིག་ཙམ་ལས་འདས་པ་གང ། །དེ་ནི་བརྫུན་དུ་སྨྲ་བ་སྟེ། །འཇིག་རྟེན་ཕྱི་མ་མི་མཐོང་བས།། སྡིག་པ་གང་ཡང་\?\་མེད། །དེ་བས་ན་གང་ཟག་དེ་ལ་བསྙེན་པར་མི་བྱ་སྟེ། ངའི་སངས་རྒྱས་ཀྱི་ཆོས་ནི་འདི་ལྟར་ཡོངས་སུ་དག་པ་ཡིན་ན་ཉེས་པ་སྦོམ་པོ་དང ། དགེ་འདུན་གྱི་ལྷག་མ་དང །
Ka167a
༄#། །ཕས་ཕམ་པ་དག་ཁ་ན་མ་ཐོ་བ་ཡིན་པར་རྩི་བ་ལྟ་སྨོས་ཀྱང་ཅི་དགོས། དེ་བས་ན་ཆོས་དེ་དག་ཤིན་ཏུ་བསྲུང་ངོ ། །གལ་ཏེ་མ་བསྲུངས་སྣ་གཞན་དུ་ན་ཆོས་གང་ལ་ཚུལ་ཁྲིམས་ཞེས་གདགས། ངས་མདོ་སྡེ་ལས་ཀྱང་གསུངས་ཏེ། ཕས་ཕམ་པ་བཞི་ཉམས་པ་ནས་ཉེས་བྱས་ཕྲ་མོའི་བར་དུ་ཉམས་ན་ཆད་པས་གཅོད་དོ་ཞེས་གསུངས་སོ། །སོ་སོ་སྐྱེ་བོ་དག་གལ་ཏེ་ཚུལ་ཁྲིམས་མ་བསྲུངས་ན་སངས་རྒྱས་ཀྱི་རང་བཞིན་ཇི་ལྟར་མཐོང་བར་འགྱུར་ཏེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པའང་ཚུལ་ཁྲིམས་བསྲུངས་པ་ལས་མཐོང་བར་འགྱུར་རོ། །སངས་རྒྱས་ཀྱི་རང་བཞིན་མཐོང་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །མདོ་སྡེ་གསུང་རབ་དགུ་པོ་ལས་ཤིན་ཏུ་རྒྱས་པའི་མདོ་སྡེ་མེད་དེ། སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཡང་ངས་མ་གསུངས་སོ། །མདོ་སྡེ་དེ་ལས་མ་གསུངས་མོད་ཀྱི། ཡང་དག་པར་ཡོད་པར་རིག་པར་བྱའོ། ། དེ་ལ་གང་ཞིག་དེ་སྐད་དུ་སྨྲ་བ་ནི་ངའི་ཉེ་གནས་ཡང་དག་པ་ཡིན་པར་རིག་པར་བྱའོ། །བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་པར་བཀའ་སྩལ་པ། འདི་མདོ་སྡེ་གསུང་རབ་དགུ་པོ་ལས་ནི་མ་ཐོས་ན། དེ་མཆིས་པར་བསྟན་ཅིང་གསུངས་
Ka167b
ན་ཕས་ཕམ་པར་མི་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་སྨྲས་བ་བཞིན་ཏེ། ཕས་ཕམ་པར་མི་འགྱུར་རོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། གང་ཟག་གཅིག་གིས་འདི་སྐད་དུ་རྒྱ་མཚོའི་ནང་ན་རིན་པོ་ཆེ་བདུན་ནི་ཡོད་ཀྱི། བརྒྱད་ནི་མེད་དོ་ཞེས་སྨྲས་ཀྱང་ཉེས་པ་མེད་དོ། །དེ་བཞིན་དུ་མདོ་སྡེ་གསུང་རབ་ཏུ་དགུ་པོ་ལས་སངས་རྒྱས་ཀྱི་རང་བཞིན་མེད་དོ་ཞེས་སྨྲས་ཀྱང་ཉེས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་ཡེ་ཤེས་ཀྱི་རྒྱ་མཚོ་ལས་སངས་རྒྱས་ཀྱི་རང་བཞིན་ཡོད་པར་གསུངས་ཀྱི། ཐེག་པ་གཉིས་ཀྱིས་ནི་ཤེས་པའམ་མཐོང་བ་མ་ཡིན་ཏེ། དེ་བས་ན་མེད་ཅེས་སྨྲས་ཀྱང་ཉེས་པ་མེད་དོ། །འདི་ལྟར་སྤྱོད་ཡུལ་འདི་ནི་སངས་རྒྱས་རྣམས་ཀྱིས་མཁྱེན་གྱི། ཉན་ཐོས་དང ། རང་སངས་རྒྱས་ཀྱིས་ཤེས་པའི་ཡུལ་མ་ཡིན་ནོ། །རིགས་ཀྱི་བུ། གལ་ཏེ་གང་ཟག་གིས་དེ་བཞིན་གཤེགས་པའི་སྙིང་པོ་ཤིན་ཏུ་ཟབ་མོ་མ་ཐོས་ན་སངས་རྒྱས་ཀྱི་རང་བཞིན་ཡོད་པར་མི་ཤེས་སོ། །དེ་ལ་ཤིན་ཏུ་ཟབ་མོའི་སྙིང་པོ་གང་ཞེ་ན། དེ་ནི་འདི་ལྟ་སྟེ། ཤིན་ཏུ་རྒྱས་པ་ཐེག་པ་ཆེན་པོའི་མདོ་སྡེའོ། །རིགས་ཀྱི་བུ། མུ་སྟེགས་ཅན་ཁ་ཅིག་ནི་བདག་ཅེས་བྱ་བ་རྟག་པར་ཡང་སྨྲ། ཁ་ཅིག་ནི་བདག་མེད་ཅེས་བྱ་བ་ཆད་པར་ཡང་སྨྲའོ། །དེ་བཞིན་གཤེགས་པ་ནི་དེ་ལྟ་མ་ཡིན་ཏེ། བདག་ཡོད་པར་ཡང་གསུངས་ལ། བདག་མེད་པར་ཡང་གསུངས་པས་དབུ་མ་ཞེས་
Ka168a
༄#། །བྱའོ། །དེ་ལ་གང་ཞིག་སངས་རྒྱས་ཀྱིས་དབུ་མར་གསུངས་པ་ལས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དེ། ཉོན་མོངས་པས་བསྒྲིབས་པས་མི་ཤེས་མི་མཐོང་ངོ ། །དེ་བས་ན་ཉོན་མོངས་པ་གཅོད་པའི་ཐབས་ལ་ནན་ཏན་བྱའོ་ཞེས་གང་དེ་སྐད་དུ་སྨྲ་ན། དེ་ནི་ཕས་ཕམ་པ་བཞི་མ་ཉམས་པ་ཡིན་པར་རིག་པར་བྱའོ། །གང་འདི་སྐད་དུ་མི་སྨྲ་བ་དེ་ནི་ཕས་ཕམ་པ་ཉམས་པ་ཞེས་བྱའོ། །དེ་ལ་གང་ཞིག་འདི་སྐད་དུ་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་རང་བཞིན་ཡོད་པའི་ཕྱིར་རོ། །སངས་རྒྱས་ཀྱི་རང་བཞིན་ཡོད་པ་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་སྟེ། དེ་བས་ན་བདག་ནི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ་ཞེས་སྨྲ་ན། གང་ཟག་དེ་ནི་ཕས་ཕམ་པ་བྱུང་བ་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་རང་བཞིན་ཡོད་མོད་ཀྱི། སྒྲུབ་པའི་ཐབས་ལ་ནན་ཏན་མ་བྱས་ན་མཐོང་བར་མི་འགྱུར་རོ། །མི་མཐོང་བས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་མི་རྒྱའོ། །རིགས་ཀྱི་བུ། དེ་བས་ན་སངས་རྒྱས་ཀྱི་ཆོས་ནི་ཤིན་ཏུ་ཟབ་སྟེ། བསམ་གྱིས་མི་ཁྱབ་བོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་
Ka168b
དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྒྱལ་པོ་ཞིག་གིས་ཇི་ལྟར་ན་དགེ་སློང་དག་བླ་མའི་ཆོས་ལས་ཉམས་པ་ལགས། ཞེས་འདྲི་ན་དེ་ལ་ཇི་སྐད་བགྱི། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། དགེ་སློང་གང་ཞིག་རྙེད་པ་དང་བསོད་སྙོམས་ཀྱི་ཕྱིར་གཡོ་དང་སྒྱུས་འཚོ་ཞིང ། འདི་སྙམ་དུ་བདག་ལ་འཇིག་རྟེན་དུ་བཅས་པས་དགེ་སློང་དུ་ཤེས་པར་འགྱུར་སྙམ་དུ་སེམས་ཏེ། བདག་ཇི་ལྟར་ན་རྙེད་པ་ཆེར་རྙེད་ཅིང་གྲགས་པར་འགྱུར་སྙམ་ནས། དགེ་སློང་གླེན་པ་གཏི་མུག་ཅན་དག་ཉིན་མཚན་དུ་འདི་སྙམ་སེམས་ཏེ།་བདག་དགེ་སྦྱོང་གི་འབྲས་བུ་མ་ཐོབ་ཀྱང་འཇིག་རྟེན་དུ་བཅས་པ་དག་གིས་བདག་གིས་དགེ་སྦྱོང་གི་འབྲས་བུ་ཐོབ་པ་ཙམ་དུ་འཛིན་པར་འགྱུར། དགེ་བསྙེན་དང ། དགེ་བསྙེན་མ་ལ་སོགས་པ་ཐམས་ཅད་ཀྱིས་བདག་ལ་འཕགས་པ་བསོད་ནམས་ཅན་ནོ་ཞེས་བརྗོད་པར་འགྱུར་སྙམ་སེམས་ཏེ། དེའང་རྙེད་པ་དང་གྲགས་པའི་ཕྱིར་གྱི་ཆོས་འདོད་པའི་ཕྱིར་ནི་མ་ཡིན་ནོ། །སྤྱོད་ལམ་འཆོས་ཤིང་ངུར་སྨྲིག་བགོ་བ་དང ། ལྷུང་བཟེད་ཐོགས་པ་ཚུལ་ལས་མི་ཉམས་ཤིང་བས་མཐར་གནས་ནས་དགྲ་བཅོམ་པ་ལྟ་བུར་འཆོས་ཏེ། འཇིག་རྟེན་གྱི་མི་དག་ཇི་ལྟར་ན་དགེ་སློང་འདི་ནི་མཆོག་དམ་པ་སྟེ། དཀའ་ཐུབ་དང་རབ་ཏུ་ཞི་བའི་ཆོས་ལ་ནན་ཏན་བྱེད་པའོ། །ཞེས་བསྔགས་ཤིང ། དེའི་རྒྱུ་དེའི་རྐྱེན་གྱིས་བདག་ལ་སློབ་མ་དང་འཁོར་མང་བར་འགྱུར། ཐམས་ཅད་
Ka169a
༄#། །ཀྱིས་ཆོས་གོས་དང ། བསོད་སྙོམས་དང ། མལ་ཆ་དང ། ནད་ཀྱི་རྐྱེན་སྨན་མང་དུ་འབུལ་ཞིང ། བུད་མེད་མང་པོས་བསྙེན་བཀུར་དང ། བསྟི་སྟང་བྱེད་པར་འགྱུར་སྙམ། དགེ་སློང་ཕའམ། དགེ་སློང་མ་དག་དེ་ལྟར་སེམས་ན་དེ་ནི་བླ་མ་མིའི་ཆོས་ཅན་དུ་འགྱུར་བ་ཞེས་བྱའོ། །དེ་ལ་དགེ་སློང་གང་བླ་ན་མེད་པའི་དམ་པའི་ཆོས་རྣམ་པར་གཞག་པའི་ཕྱིར་བས་མཐར་གནས་ན་དགྲ་བཅོམ་པ་མ་ཡིན་ཡང་ཕ་རོལ་པོས་དགྲ་བཅོམ་པ་ཡིན་པར་སེམས་ན་དེ་ནི་དགེ་སློང་ཤིན་ཏུ་དགེ་བ། དགེ་སློང་ཞི་བ། དགེ་སློང་བཟང་པོ་སྟེ། སྐྱེ་བོ་ཚད་མེད་པ་རྣམས་དད་པའི་སེམས་སྐྱེ་བར་འགྱུར་རོ། །དེའི་རྒྱུ་དེའི་རྐྱེན་གྱིས་ན་ཚད་མེད་པའི་དགེ་སློང་དག་དེའི་འཁོར་དུ་འགྱུར་ཏེ། ཚུལ་ཁྲིམས་ཉམས་པའི་དགེ་སློང་དང ། དགེ་བསྙེན་དག་ཀྱང་ཚུལ་ཁྲིམས་སྡོམ་པ་ལ་གནས་པར་འགྱུར་རོ། །དེའི་རྒྱུ་དེའི་རྐྱེན་གྱིས་དམ་པའི་ཆོས་ཡུན་རིང་དུ་གནས་ཤིང ། དེ་བཞིན་གཤེགས་པའི་བླ་ན་མེད་པའི་ཆོས་རྒྱས་པ་དང ། ཤིན་ཏུ་རྒྱས་པའི་ཐེག་པ་ཆེན་པོའི་ཆོས་ཀྱིས་སྐྱེ་བོ་ཚད་མེད་པར་སྒྲོལ་བ་དང ། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་དང ། འདུལ་བའི་དོན་ལྕི་བ་དང་ཡང་བ་ལ་ཤིན་ཏུ་མཁས་པར་འགྱུར་རོ། །དེ་འདི་སྐད་དུ་བདག་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དེ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བའི་མདོ་ལས་ཀྱང་བདག་ནི་གདོན་མི་ཟ་བར་
Ka169b
མངོན་པར་འཚང་རྒྱ་སྟེ། ཚད་མེད་པའི་ཀུན་ནས་ཉོན་མོངས་པའང་ཟད་པར་འགྱུར་རོ་ཞེས་སྨྲ་ལ། ཚད་མེད་པའི་དགེ་བསྙེན་རྣམས་ལའང་འདི་སྐད་དུ་ཁྱེད་ལའང་སངས་རྒྱས་ཀྱི་རང་བཞིན་ཡོད་དེ། བདག་ཅག་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱིས་ལ་གནས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་སྟེ། ཚད་མེད་པའི་ཀུན་ནས་ཉོན་མོངས་པའང་ཞི་བར་འགྱུར་རོ་ཞེས་དེ་སྐད་དུ་སྨྲས་ཀྱང ། གང་ཟག་དེ་ནི་བླ་མ་མིའི་ཆོས་སྨྲ་བ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ལ་ཉེས་བྱས་ཀྱི་ཁ་ན་མ་ཐོ་བས་ཀྱང་སུམ་ཅུ་རྩ་གསུམ་གནམ་གྱི་ཉི་མ་དང ། ཟླ་བ་དང ། ལོར་བགྲང་བའི་ལོ་སྟོང་ཕྲག་བརྒྱད་བརྒྱའི་བར་དུ་སེམས་ཅན་དམྱལ་བར་ལྷུང་སྟེ། སྡུག་བསྔལ་མྱོང་བར་འགྱུར་ན། ཆེད་དུ་ཉེས་པ་སྦོམ་པོའི་སྡིག་པ་བྱེད་པ་ལྟ་ཅི་སྨོས། ཐེག་པ་ཆེན་པོའི་མདོ་ལས། དགེ་སློང་གང་ཞིག་ཉེས་པ་སྦོམ་པོ་བྱུང་ན་བསྙེན་པར་མི་བྱའོ་ཞེས་གསུངས་སོ། །དེ་ལ་ཐེག་པ་ཆེན་པོའི་མདོ་ལས་ཉེས་པ་སྦོམ་པོར་འགྱུར་བ་གང་ཞེ་ན། གལ་ཏེ་ཁྱིམ་བདག་གཅིག་གིས་སངས་རྒྱས་ཀྱི་རྟེན་གཙུག་ལག་ཁང་བརྩིགས་ནས་མེ་ཏོག་གི་ཕྲེང་བ་སངས་རྒྱས་ལ་ཕུལ་ཏེ། དགེ་སློང་གཅིག་གིས་མེ་ཏོག་གི་ཕྲེང་བ་བརྒྱུས་པའི་སྲད་བུ་མ་ཞུས་པར་བླངས་ན་ཉེས་པ་སྦོམ་པོའོ། །ཤེས་ཀྱང་རུང ། མི་ཤེས་ཀྱང་རུང་
Ka170a
༄#། །སྦོམ་པོའོ། །གལ་ཏེ་འདོད་པའི་སེམས་ཀྱིས་སངས་རྒྱས་ཀྱི་མཆོད་རྟེན་བཤིག་ནའང་ཉེས་པ་སྦོམ་པོ་སྟེ། གང་ཟག་དེ་ལ་ནི་བརྟེན་པར་མི་བྱའོ། །གལ་ཏེ་རྒྱལ་པོའམ་བློན་པོ་ཞིག་གིས་མཆོད་རྟེན་ཞིག་པ་མཐོང་ནས། སྐུ་གདུང་མཆོད་པའི་ཕྱིར་རམ། ཞིག་པ་གསོ་བའི་ཕྱིར་བཅོས་ཏེ། མཆོད་རྟེན་གྱི་ནང་ནས་རིན་པོ་ཆེ་རྙེད་ནས་དགེ་སློང་ལ་བཞག་པ་ལས། དགེ་སློང་གི་དབང་བྱས་ཏེ་བདག་གིར་སྤྱད་ན་དགེ་སློང་དེ་ནི་སྨེ་བའོ། །རྩོད་ཅིང་འཐབ་པའི་གཞིར་འགྱུར་བ་སྟེ། དགེ་བསྙེན་ཕ་རྣམས་ཀྱིས་དེ་ལ་བསྙེན་བཀུར་དང ། མཆོད་པ་དང ། བསྟི་སྟང་མི་བྱའོ། །དགེ་སློང་དེ་ནི་དབང་པོ་མེད་པ་ཞེས་ཀྱང་བྱ། མཚན་གཉིས་པ་ཞེས་ཀྱང་བྱ། མ་ནིང་ཞེས་ཀྱང་བྱའོ། །མ་ནིང་ཞེས་བྱ་བ་ནི། བུད་མེད་ལ་ཆགས་པའི་ཚེ་བུད་མེད་དུ་འགྱུར་བ་དང ། སྐྱེས་པ་ལ་ཆགས་པའི་ཚེ་སྐྱེས་པར་འགྱུར་བའོ། །དགེ་སློང་དེ་ནི་དབང་པོ་ངན་པ་ཞེས་བྱ་སྟེ། སྐྱེས་པ་ཞེས་ཀྱང་མི་བྱ། བུད་མེད་ཅེས་ཀྱང་མི་བྱ། རབ་ཏུ་བྱུང་བ་ཞེས་ཀྱང་མི་བྱ། ཁྱིམ་པ་ཞེས་ཀྱང་མི་བྱ་སྟེ། དགེ་སློང་དེ་ལ་ནི་བསྙེན་བཀུར་དང ། མཆོད་པ་དང ། བསྟི་སྟང་མི་བྱའོ། །སངས་རྒྱས་ཀྱི་བསྟན་པ་ལས་དགེ་སྦྱོང་གི་ཆོས་ནི་སྙིང་རྗེའི་སེམས་ཀྱིས་སེམས་ཅན་གྱི་མགོན་དང་སྐྱབས་བྱེད་ཅིང་ཆུང་ངུ་ན་གྲོག་མའི་བར་དུའང་མི་འཇིགས་པ་སྦྱིན་པ་ནི་དགེ་སྦྱོང་གི་ཆོས་ཞེས་བྱའོ། །སྨྱོ་བའི་ཁུ་བ་ཆང་མི་འཐུང་ཞིང ། དྲི་མི་ཞིམ་
Ka170b
པ་དང་མནམ་པའི་བར་དུ་ཡོངས་སུ་སྤོང་བ་ནི་དགེ་སྦྱོང་གི་ཆོས་ཞེས་བྱའོ། །བརྫུན་དུ་མི་སྨྲ་ཞིང་ཆུང་ངུ་ན་རྨི་ལམ་ནའང་བརྫུན་དུ་སྨྲ་བར་མི་སེམས་པ་ནི་དགེ་སྦྱོང་གི་ཆོས་ཞེས་བྱའོ། །འདོད་ཆགས་ཀྱི་སེམས་རྨི་ལམ་གྱི་བར་དུའང་མེད་པ་ནི་དགེ་སྦྱོང་གི་ཆོས་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་དགེ་སློང་གིས་རྨི་ལམ་དུ་མི་ཚངས་པར་སྤྱད་ན་ཚུལ་ཁྲིམས་ཉམས་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་མ་ཡིན་ནོ། །མི་ཚངས་པར་སྤྱོད་པ་ལ་ཤིན་ཏུ་བཙོག་པར་བསམས་ཏེ།་ཆུང་ངུ་ན་སྐད་ཅིག་ཙམ་ཡང་གཙང་བའི་འདུ་ཤེས་མི་སྐྱེད་དོ། །བུད་མེད་ཀྱིས་རྣམ་པར་ཉོན་མོངས་པའི་འདུ་ཤེས་སྤངས་ཏེ། རྨི་ལམ་དུ་མི་ཚངས་པར་སྤྱོད་པར་རྨིས་ན་སད་མ་ཐག་ཏུ་ཤིན་ཏུ་འགྱོད་པའི་སེམས་བསྐྱེད་དོ། །དགེ་སློང་གིས་བསོད་སྙོམས་སྤྱོད་པ་ན་མུ་གེ་བྱུང་བའི་ཚེ། ཤ་ཞིག་རྙེད་ན་བུའི་ཤ་ལ་ཟ་བ་ཙམ་དུ་འདུ་ཤེས་སྐྱེད་དོ། །འདོད་ཆགས་ཀྱི་སེམས་བྱུང་ན་དེ་མ་ཐག་ཏུ་ཡོངས་སུ་སྤོང་ངོ ། །ཆོས་ཀྱི་རྣམ་གྲངས་འདི་དག་ནི་སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང ། འདུལ་བ་ཡིན་པར་ཤེས་པར་བྱའོ། །དེ་ལ་གང་བདུད་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་བདུད་ཀྱི་རིས་སུ་གཏོགས་པ་ཡིན་ནོ། །སངས་རྒྱས་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ལ་གང་འདི་སྐད་དུ་རྟག་ཏུ་རྐང་པ་ཡ་གཅིག་
Ka171a
༄#། །གིས་འགྲེང་བ་དང ། ཁ་རོག་སྟེ་ཅང་མི་སྨྲ་བ་དང ། ཆུར་མཆོང་བ་དང ། མེར་མཆོང་བ་དང ། བྲག་ལས་མཆོང་བ་དང ། ཡ་ང་བ་ལ་མི་འཛེམ་པ་དང ། དུག་འཐུང་བ་དང ། ཁ་ཟས་མི་ཟ་བ་དང ། ཐལ་ཁུང་ན་ཉལ་བ་དང ། བདག་གི་རྐང་ལག་འཆིང་བ་དང ། སེམས་ཅན་གསོད་པ་དང ། རིག་སྔགས་ཅན་དང ། གདོལ་བུ་དང ། དབང་པོ་མེད་པ་དང ། མཚན་གཉིས་པ་དང ། མཚན་མ་ངེས་པ་དང ། དབང་པོ་མ་ཚང་བ་ལ་སོགས་པ་ཐམས་ཅད་དེ་བཞིན་གཤེགས་པས་རབ་ཏུ་འབྱུང་བར་གནང་ངོ་ཞེས་སྨྲ་ན། དེ་ནི་བདུད་ཀྱིས་བསྟན་པ་ཡིན་ནོ། །སྔོན་བཅོམ་ལྡན་འདས་ཀྱིས་ཟར་གནང་བ་ནི། བའི་འོ་མ་ལས་བསྒྱུར་བ་རྣམ་པ་ལྔ་དང ། འབྲུ་མར་དང ། སྦྲང་རྩིལ་སོགས་པ་དང ། གོས་ཀེའུ་ཤ་ཡ་དང ། ལྷམ་ཡུ་རྡུམ་ལ་སོགས་པ་གྱོན་དུ་གནང་བ་ལས། དེ་མ་ཡིན་པ་གཞན་ཡང་འདི་སྐད་དུ། མ་ཧ་ལིང་ཀ་ཡང་གྱོན་དུ་གནང་ངོ་ཞེའམ། ས་བོན་ཐམས་ཅད་གསོག་ཏུ་གནང་ཞེའམ། རྩཝ་དང་ཤིང་ལ་སོགས་པ་ཐམས་ཅད་ལ་སྲོག་ཡོད་པར་སངས་རྒྱས་ཀྱིས་གསུངས་ནས་མྱ་ངན་ལས་འདས་སོ་ཞེས་མདོ་སྡེ་དང ། འདུལ་བ་ལ་དེ་སྐད་འབྱུང་ན། དེ་ནི་བདུད་ཀྱིས་བསྟན་པ་ཡིན་པར་ཤེས་པར་བྱའོ། །སངས་རྒྱས་ཀྱིས་ནི་རྟག་ཏུ་རྐང་པ་ཡ་གཅིག་གིས་འགྲེང་བར་ཡང་མ་གནང་སྟེ། ཆོས་ཀྱི་ཕྱིར་འགྲོ་བ་དང ། སྡོད་པ་དང ། འདུག་པ་དང ། ཉལ་དུ་གནང་ངོ ། །དེ་མ་ཡིན་པ་
Ka171b
དུག་ཟ་བ་དང ། ཁ་ཟས་མི་ཟ་བ་དང ། ཚ་བ་རྣམ་ལྔས་ལུས་སྲེག་པ་དང ། རྐང་ལག་འཆིང་བ་དང ། སེམས་ཅན་གསོད་པ་དང ། རིག་སྔགས་གཅོད་པ་དང ། འགྲོན་བུ་དང ། བ་ལང་གི་མཆེ་བ་ལས་ལྷམ་བྱེད་པ་དང ། ས་བོན་གསོག་པ་དང ། རྩི་ཤིང་ལ་སྲོག་ཡོད་པ་དང ། མ་ཧ་ལིང་ཀ་གྱོན་དུ་མི་གནང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་བར་གསུངས་སོ་ཞེས་སྨྲ་ན། དེ་ནི་མུ་སྟེགས་ཅན་གྱི་འཁོར་ཡིན་ཏེ། སངས་རྒྱས་ཀྱི་ཉེ་གནས་མ་ཡིན་ནོ། །སངས་རྒྱས་ཀྱིས་གནང་བ་ནི་བའི་འོ་མ་ལས་བསྒྱུར་བ་རྣམ་པ་ལྔ་དང ། འབྲུ་མར་དང ། སྦྲང་རྩི་ལ་སོགས་པ་དང ། ཀེའུ་ཤ་ཡ་དང ། ལྷམ་བུ་ཡུ་ཆད་གྱོན་དུ་གནང་ངོ ། །སངས་རྒྱས་ཀྱིས་ཆེན་པོ་བཞི་ལ་སྲོག་མེད་པར་གསུངས་ཏེ། མདོ་སྡེ་དང ། འདུལ་བ་ལས་འདི་སྐད་དུ་བྱུང་བ་ནི་སངས་རྒྱས་ཀྱིས་བསྟན་པ་ཞེས་བྱའོ། །དེ་ལ་སངས་རྒྱས་ཀྱིས་བསྟན་པའི་རྗེས་སུ་འཇུག་པ་ནི་ངའི་ཉེ་གནས་ཡང་དག་པ་ཡིན་ནོ། །གལ་ཏེ་སངས་རྒྱས་ཀྱིས་བསྟན་པའི་རྗེས་སུ་མི་འཇུག་པ་ནི་བདུད་ཀྱི་རིས་སུ་གཏོགས་པ་ཞེས་བྱའོ། །གལ་ཏེ་སངས་རྒྱས་ཀྱིས་བསྟན་པའི་མདོ་སྡེ་དང ། འདུལ་བའི་རྗེས་སུ་ཞུགས་ན་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། བདུད་ཀྱིས་བསྟན་པ་དང ། སངས་རྒྱས་ཀྱིས་གསུངས་པའི་ཁྱད་པར་དང་བྱེ་བྲག་ནི་རྒྱས་པར་ཁྱོད་ལ་བཤད་པ་འདི་ཡིན་ནོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་གསོལ་པ། བཅོམ་
Ka172a
༄#། །ལྡན་འདས། བདག་གིས་ནི་གདོད་བདུད་ཀྱིས་བསྟན་པ་དང ། སངས་རྒྱས་ཀྱིས་གསུངས་པའི་བྱེ་བྲག་གི་མཚན་ཉིད་འཚལ་ཏེ། དེས་ན་སངས་རྒྱས་ཀྱི་ཆོས་ཟབ་མོའང་རྟོགས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་ཤིན་ཏུ་བྱེ་བྲག་ཕྱེད་ཅིང་གསལ་བར་རྟོགས་ན་མཁས་པ་ཤེས་རབ་ཅན་ཞེས་བྱའོ། །རིགས་ཀྱི་བུ། སྡུག་བསྔལ་ནི་འཕགས་པའི་བདེན་པ་ཞེས་བྱར་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ཅི་སྟེ་སྡུག་བསྔལ་ལ་སྡུག་བསྔལ་གྱི་འཕགས་པའི་བདེན་པ་ཞེས་བྱ་ན་ལྟ། བ་ལང་དང ། ལུག་དང ། བོང་བུ་དང ། རྟ་དང ། སེམས་ཅན་དམྱལ་བའི་སེམས་ཅན་ལའང་འཕགས་པའི་བདེན་པ་ཡོད་པར་འགྱུར་རོ། །རིགས་ཀྱི་བུ། གང་ཞིག་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཤིན་ཏུ་ཟབ་མོ་རྟག་པ་གནས་པ་མི་འགྱུར་བའི་ཆོས་ཀྱི་སྐུ་དམ་པ་ལ་ཞལ་ཟས་ཀྱིས་གསོ་བའི་སྐུ་སྙམ་སྟེ། ཆོས་ཀྱི་སྐུ་མ་ཡིན་པར་སེམས་ཤིང་དེ་བཞིན་གཤེགས་པའི་ཡོན་ཏན་དང ། གཟི་བརྗིད་དང ། ཆེ་བ་ཉིད་མི་ཤེས་ན་སྡུག་བསྔལ་བ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མི་ཤེས་པའི་ཕྱིར་ཆོས་ལ་ནི་ཆོས་མ་ཡིན་པར་ལྟ། ཆོས་མ་ཡིན་པ་ལ་ནི་ཆོས་སུ་ལྟ་སྟེ། དེ་བས་ན་གང་ཟག་དེ་ནི་གདོན་མི་ཟ་བར་ངན་སོང་དུ་ལྷུང་ཞིང་འཁོར་བར་འཁོར་ཏེ། ཀུན་ནས་ཉོན་མོངས་པ་སྐྱེ་ཞིང་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་རོ། །
Ka172b
དེ་ལ་གང་ཞིག་དེ་བཞིན་གཤེགས་པ་ནི་རྟག་པ་གནས་པ་མི་འགྱུར་མི་འཕོ་བར་ཤེས་སམ། རྟག་པ་དང་གནས་པའི་ཚིག་གཉིས་རྣ་ཁུང་དུ་ཐོས་པ་ཙམ་གྱིས་མཐོ་རིས་སུ་སྐྱེ་སྟེ། ཕྱིས་རྣམ་པར་གྲོལ་བ་ན་དེ་བཞིན་གཤེགས་པ་ནི་རྟག་པ་གནས་པ་མི་འགྱུར་མི་འཕོ་བར་རྟོགས་ཤིང་རིག་པར་འགྱུར་ཏེ། རིག་ཅིང་རྟོགས་པས་འདི་སྐད་དུ་བདག་སྔོན་དོན་འདི་རྟོགས་པས་རྣམ་པར་གྲོལ་བར་གྱུར་ཏོ། །བདག་ཐོག་མ་ནས་མི་ཤེས་མ་རྟོག་པས་འཁོར་བར་འཁོར་བའི་མཐའ་མེད་པར་གྱུར་ཏེ། དེ་ནི་ཡང་དག་པའི་ཡེ་ཤེས་ཀྱིས་ཤེས་པར་གྱུར་ཏོ་ཞེས་སྨྲའོ།། །། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་བཅུ་པ། དེ་ལྟར་ཡང་དག་པའི་ཡེ་ཤེས་ཀྱིས་ཤེས་པ་ནི་སྡུག་བསྔལ་སྒོམ་པ་ཞེས་བྱ་སྟེ། ཕན་པ་དང་བདེ་བའི་དོན་ཆེན་ཆེན་པོར་འགྱུར་རོ། །གང་དེ་ལྟ་བུའི་ཚུལ་དུ་མི་ཤེས་ན་ཤིན་ཏུ་ནན་ཏན་བྱས་ཀྱང་ཕན་པ་དང་བདེ་བའི་དོན་དུ་མི་འགྱུར་རོ། །དེ་ལྟར་ན་སྡུག་བསྔལ་ཤེས་པ་སྟེ། སྡུག་བསྔལ་གྱི་འཕགས་པའི་བདེན། པ་ཞེས་བྱའོ། །དེ་ལ་གང་དེ་ལྟ་བུའི་ཚུལ་དུ་ནན་ཏན་མ་བྱས་ན་སྡུག་བསྔལ་ཞེས་བྱ་སྟེ། སྡུག་བསྔལ་གྱི་འཕགས་པའི་བདེན་པ་མ་ཡིན་ནོ། །སྡུག་བསྔལ་ཀུན་འབྱུང་གི་བདེན་པ་ནི་ཡང་དག་པའི་ཆོས་ལ་ཡང་དག་པའི་ཡེ་ཤེས་མི་སྐྱེ་ཞིང་མ་བརྟགས་པའི་དངོས་པོ་བྲན་ཕོ་དང ། བྲན་མོ་ལ་སོགས་པ་འཆང་ཞིང་སྤྱོད་པ་དང ། ཆོས་མ་ཡིན་པ་ལ་ཡང་དག་པའི་ཆོས་སུ་སྨྲ་ཞིང་དམ་
Ka173a
༄#། །པའི་ཆོས་མེད་པར་བྱེད། ཡུན་རིང་དུ་གནས་པར་མི་བྱེད་པའོ། །དེའི་རྒྱུ་དེའི་རྐྱེན་གྱིས་ཆོས་རྣམས་ཀྱི་ཆོས་ཉིད་ཀྱང་མི་ཤེས་སོ། །མི་ཤེས་པས་ན་འཁོར་བར་འཁོར་ཏེ་སྡུག་བསྔལ་མང་པོ་མྱོང་བས་སྒྲ་མཐོ་རིས་སུ་སྐྱེ་བའམ། ཡང་དག་པའི་རྣམ་པར་གྲོལ་བས་རྣམ་པར་མི་གྲོལ་ལོ། །དེ་ལ་གང་ཟབ་མོའི་ཡེ་ཤེས་དང་ལྡན་པ། དམ་པའི་ཆོས་མི་འཇིག་པ་ནི་དེའི་རྒྱུ་དེའི་རྐྱེན་གྱིས་མཐོ་རིས་སུ་སྐྱེ་སྟེ། ཡང་དག་པའི་རྣམ་པར་གྲོལ་བས་རྣམ་པར་གྲོལ་ལོ། །གང་སྡུག་བསྔལ་ཀུན་འབྱུང་གི་བདེན་པ་མི་ཤེས་ཏེ། དམ་པའི་ཆོས་ནི་མི་རྟག་པ། མི་གནས་པ། འགྱུར་བའི་ཆོས་ཅན་ནོ་ཞེས་སྨྲ་ན། དེའི་རྒྱུ་དེའི་རྐྱེན་གྱིས་བསྐལ་པ་གྲངས་མེད་པའི་བར་དུ་འཁོར་བར་འཁོར་ཞིང་སྡུག་བསྔལ་མང་པོ་མྱོང་བར་འགྱུར་རོ། །དེ་ལ་གང་དམ་པའི་ཆོས་ནི་རྟག་པ་གནས་པ་མི་འགྱུར་མི་འཕོ་བ་ཉིད་དུ་ཤེས་ན། ཀུན་འབྱུང་བ་ཤེས་པ་སྟེ། ཀུན་འབྱུང་འཕགས་པའི་བདེན་པ་ཞེས་བྱའོ། །གང་དེ་ལྟ་བུའི་ཚུལ་དུ་ནན་ཏན་མི་བྱེད་ན་ཀུན་འབྱུང་ཞེས་བྱ་སྟེ། ཀུན་འབྱུང་འཕགས་པའི་བདེན་པ་མ་ཡིན་ནོ། །སྡུག་བསྔལ་འགོག་པའི་བདེན་པ་ནི་གང་སྟོང་པ་ཉིད་ལ་མང་དུ་སྒོམ་ཞིང་ནན་ཏན་བྱེད་པ་དང ། དགེ་བ་ཞེས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་འགོག་པའི་ཕྱིར་དེ་བཞིན་གཤེགས་པའི་ཡང་དག་པའི་ཆོས་ཀྱི་སྡེ་སྣོད་འཇིག་པའི་ཕྱིར་རོ། །གང་དེ་ལྟར་སློབ་ཅིང་ནན་ཏན་བྱེད་པ་ནི་སྟོང་པ་ཉིད་
Ka173b
སྒོམ་པའོ། །སྡུག་བསྔལ་འགོག་པ་སྒོམ་པ་ནི་མུ་སྟེགས་ཅན་ཐམས་ཅད་ལས་ཕྱིར་བཟློག་པའོ། །ཅི་སྟེ་སྟོང་པ་ཉིད་སྒོམ་པ་འགོག་པའི་བདེན་པ་ཡིན་དུ་ཟིན་ན། མུ་སྟེགས་ཅན་ཐམས་ཅད་ཀྱང་སྟོང་པའི་ཆོས་སྒོམ་པས་འགོག་པའི་བདེན་པ་ཡོད་པར་འགྱུར་རོ། །དེ་ལ་གང་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དེ་བལྟར་མི་མཐོང་མོད་ཀྱི། ཉོན་མོངས་པ་ཐམས་ཅད་བསལ་ན་རྟོགས་པར་འགྱུར་རོ་ཞེས་སྨྲའམ། གལ་ཏེ་སྐད་ཅིག་ཙམ་སེམས་བསྐྱེད་ནའང་དེའི་རྒྱུ་དེའི་རྐྱེན་གྱིས་ཆོས་ཐམས་ཅད་ལ་དབང་ཐོབ་པར་འགྱུར་རོ། །གང་ཞིག་དེ་བཞིན་གཤེགས་པའི་སྙིང་པོ་ལ་བདག་དང ། སྟོང་པ་དང ། ཞི་བ་མེད་པའི་ཚུལ་དུ་སྒོམ་པ་ན་གང་ཟག་དེ་ནི་སྐྱེ་བ་ཚད་མེད་པའི་བར་དུ་འཁོར་བར་ཡོངས་སུ་འཁོར་ཞིང་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་ལ་གང་དེ་ལྟ་བུའི་ཚུལ་དུ་མི་སྒོམ་ན་ཉོན་མོངས་པ་དང་བཅས་ཀྱང་མྱུར་དུ་བྱང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་སྙིང་པོ་གསང་བ་ཞེས་པའི་ཕྱིར་ཏེ། སྡུག་བསྔལ་འགོག་པའི་བདེན་པ་ཞེས་བྱའོ། །དེ་ལ་གང་དེ་ལྟ་བུའི་ཚུལ་དུ་ནན་ཏན་བྱེད་ན་ངའི་ཉེ་གནས་སོ། །གང་དེ་ལྟ་བུའི་ཚུལ་དུ་ནན་ཏན་མི་བྱེད་པ་ནི་དོན་མེད་པར་སྒོམ་པ་སྟེ། འགོག་པ་འཕགས་པའི་བདེན་པ་མ་ཡིན་ནོ། །ལམ་གྱི་འཕགས་པའི་བདེན་པ་ནི། འདི་ལྟ་སྟེ། སངས་རྒྱས་དང ། ཆོས་དང ། དགེ་འདུན་དང ། ཡང་དག་པར་རྣམ་པར་གྲོལ་བ་ལ་སེམས་ཅན་ཁ་ཅིག་ཕྱིན་ཅི་ལོག་གི་སེམས་ཀྱིས་འདི་སྐད་དུ་སངས་རྒྱས་
Ka174a
༄#། །དང ། ཆོས་དང ། དགེ་འདུན་དང ། ཡང་དག་པར་རྣམ་པར་གྲོལ་བ་མེད་དེ། སྒྱུ་མ་ལྟ་བུར་འཁོར་བར་འཁོར་རོ་ཞེས་དེ་ལྟ་བུའི་ཚུལ་དུ་ལྟ་ན། དེའི་རྒྱུ་དེའི་རྐྱེན་གྱིས་སྲིད་པ་གསུམ་དུ་འཁོར་ཞིང་ཡུན་རིང་པོར་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་རོ། །དེ་ལ་གང་འདི་ལྟ་བུར་སེམས་བསྐྱེད་དེ། དེ་བཞིན་གཤེགས་པ་དང ། ཆོས་དང ། དགེ་འདུན་དང ། རྣམ་པར་གྲོལ་བ་ནི་རྟག་པ་གནས་པ་མི་འགྱུར་མི་འཕོ་བའི་ཚུལ་དུ་ལྟ་ན། དེ་ལྟར་སྐད་ཅིག་སེམས་པ་ཙམ་གྱིས་སྐྱེ་བ་ཚད་མེད་པའི་བར་དུ་བསོད་ནམས་\?\་ཡིད་བཞིན་དུ་འགྱུར་བའི་དབང་ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ངའང་སྔོན་ཕྱིན་ཅི་ལོག་བཞིས་ཆོས་མ་ཡིན་པ་ལ་ཆོས་སུ་བཟུང་བས་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ཚད་མེད་པ་མྱོང་བར་གྱུར་ཏོ། ། ད་ནི་ལྟ་བ་དེ་ལྟ་བུའི་ཚུལ་དུ་ལྟ་བ་འགགས་པས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ། འདི་ནི་ལམ་གྱི་འཕགས་པའི་བདེན་པ་ཞེས་བྱའོ། །དེ་ལ་གང་ཞིག་འདི་སྐད་དུ་དཀོན་མཆོག་གསུམ་མི་རྟག་ཅེས་སྨྲ་ཞིང་ལྟ་བ་དེ་ལ་སྒོམ་ན་དོན་མེད་པར་སྒོམ་པ་སྟེ། ལམ་གྱི་འཕགས་པའི་བདེན་པ་མ་ཡིན་ནོ། །གང་ཆོས་དེ་ལ་རྟག་པ་གནས་པའི་ཚུལ་དུ་སྒོམ་ན་ངའི་ཉེ་གནས་ཞེས་བྱ་སྟེ། འཕགས་པའི་བདེན་པ་བཞི་ཡང་དག་པར་མཐོང་ཞིང ། འཕགས་པའི་བདེན་པ་བཞི་སྒོམ་པ་ལ་ནན་ཏན་བྱེད་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་
Ka174b
འོད་སྲུང་གིས་བཅོམ་ལྡན་འདས་ལ་གསོལ་པ། བདག་ནི་གདོད་འཕགས་པའི་བདེན་པ་བཞི་ཤིན་ཏུ་ནན་ཏན་བྱ་བའི་ཆོས་འཚལ་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ།་རིགས་ཀྱི་བུ། དེ་ལ་ཕྱིན་ཅི་ལོག་བཞི་ཞེས་བྱ་བ་ནི། འདི་ལྟ་སྟེ། སྡུག་བསྔལ་མ་ཡིན་པ་ལ་སྡུག་བསྔལ་དུ་འདུ་ཤེས་བསྐྱེད་པ་ནི་ཕྱིན་ཅི་ལོག་ཅེས་བྱའོ། །སྡུག་བསྔལ་མེད་པ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ། །སྡུག་བསྔལ་བར་འདུ་ཤེས་བསྐྱེད་པ་ནི་དེ་བཞིན་གཤེགས་པ་ལ་མི་རྟག་པའམ། འགྱུར་ཞིང་འཕོ་བར་སེམས་པའོ། །གང་དེ་བཞིན་གཤེགས་པ་ལ་མི་རྟག་ཅེས་སྨྲ་བ་ནི་ཁ་ན་མ་ཐོ་བ་ཆེན་པོའི་སྡུག་བསྔལ་ལོ། །གང་འདི་སྐད་དུ་དེ་བཞིན་གཤེགས་པ་ནི་སྡུག་བསྔལ་བའི་སྐུ་བོར་ཏེ། ཤིང་ཟད་མེ་ཤི་བ་བཞིན་དུ་མྱ་ངན་ལས་འདས་སོ་ཞེས་སྨྲ་ན། དེ་ནི་སྡུག་བསྔལ་མེད་པ་ལ་སྡུག་བསྔལ་དུ་འདུ་ཤེས་བསྐྱེད་པ་སྟེ་ཕྱིན་ཅི་ལོག་ཅེས་བྱའོ། །ཅི་སྟེ་ངས་དེ་བཞིན་གཤེགས་པ་རྟག་ཅེས་གསུངས་ན། དེ་ནི་བདག་ཏུ་ལྟ་བ་སྟེ། བདག་ཏུ་ལྟ་བ་ཚད་མེད་པའི་ཁ་ན་མ་ཐོ་བར་འགྱུར་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་མི་རྟག་ཅེས་གསུང་པའི་རིགས་སོ། །གང་དེ་སྐད་དུ་སྨྲ་ན་བདག་ཅེས་བྱ་བ་བདེ་བ་མྱོང་ངོ ། །དེ་བཞིན་གཤེགས་པ་མི་རྟག་ཅེས་སྨྲ་ན་སྡུག་བསྔལ་བའོ། །ཅི་སྟེ་སྡུག་བསྔལ་བ་ཡིན་ན་ཅིའི་ཕྱིར་བདེ་བར་འགྱུར་ཞེ་ན། སྡུག་བསྔལ་ལ་བདེ་\?\་བར་འདུ་ཤེས་པས་ཕྱིན་ཅི་ལོག་གོ་།བདེ་བ་ལ་སྡུག་བསྔལ་བར་འདུ་ཤེས་ནའང་ཕྱིན་ཅི་
Ka175a
༄#། །ལོག་གོ་།བདེ་བ་ནི་དེ་བཞིན་གཤེགས་པའོ། །སྡུག་བསྔལ་བ་ནི་དེ་བཞིན་གཤེགས་པ་མི་རྟག་ཅེས་སྨྲ་བའོ། །ཅི་སྟེ་དེ་བཞིན་གཤེགས་པ་མི་རྟག་ཅེས་སྨྲ་ན། དེ་ནི་བདེ་བ་ལ་སྡུག་བསྔལ་དུ་འདུ་ཤེས་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་རྟག་ཅེས་བྱ་བ་ནི་བདེ་བའོ། །ཅི་སྟེ་ངས་གསུངས་པ་ལྟར་དེ་བཞིན་གཤེགས་པ་རྟག་པ་ཡིན་ན་ཅིའི་ཕྱིར་མྱ་ངན་ལས་འདའ། གལ་ཏེ་དེ་བཞིན་གཤེགས་པ་སྡུག་བསྔལ་བ་མ་ཡིན་ན་ཅིའི་ཕྱིར་སྐུ་བོར་ཏེ་མྱ་ངན་ལས་འདའ་བར་ཞུགས། ཞེས་དེ་ལྟར་བདེ་བ་ལ་སྡུག་བསྔལ་བར་འདུ་ཤེས་ན་ཕྱིན་ཅི་ལོག་གཅིག་ཅེས་བྱའོ། །མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང ། རྟག་པ་ལ་མི་རྟག་པར་འདུ་ཤེས་པའང་ཕྱིན་ཅི་ལོག་ཅེས་བྱའོ། །མི་རྟག་པ་ནི་སྟོང་པ་ཉིད་མི་སྒོམ་པའོ། །སྟོན་པ་ཉིད་མ་བསྒོམས་པས་ཚེ་ཐུང་བར་འགྱུར་རོ། །དེ་ལ་གང་སྟོང་པ་ཉིད་ཀྱིས་ཞི་བ་མ་བསྒོམས་ཀྱང་ཚེ་རིང་བར་འགྱུར་རོ། །ཞེས་སྨྲ་ན་ཕྱིན་ཅི་ལོག་ཅེས་བྱ་སྟེ། ཕྱིན་ཅི་ལོག་གཉིས་སོ། །བདག་མེད་པ་ལ་བདག་ཏུ་འདུ་ཤེས། བདག་ལ་བདག་མེད་པར་འདུ་ཤེས་པའང་ཕྱིན་ཅི་ལོག་གོ་།འཇིག་རྟེན་པའང་བདག་ཡོད་པར་སྨྲ། སངས་རྒྱས་ཀྱི་ཆོས་ལའང་བདག་ཡོད་པར་སྨྲ་སྟེ། འཇིག་རྟེན་པ་དག་བདག་ཡོད་པར་སྨྲ་མོད་ཀྱི། སངས་རྒྱས་ཀྱི་རང་བཞིན་ཡོད་པ་མ་ཡིན་པས་དེ་ནི་བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་སྟེ། ཕྱིན་ཅི་ལོག་ཅེས་བྱའོ། །སངས་རྒྱས་ཀྱི་
Ka175b
ཆོས་ཀྱི་བདག་ཡོད་པ་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །འཇིག་རྟེན་པ་དག་ནི་སངས་རྒྱས་ཀྱི་ཆོས་ལ་བདག་མེད་ཅེས་སྨྲ་བས། དེ་བས་ན་བདག་ལ་བདག་མེད་པར་འདུ་ཤེས་པ་ཞེས་བྱའོ། ། གལ་ཏེ་སངས་རྒྱས་ཀྱི་ཆོས་ལ་ངེས་པར་བདག་མེད་ཅེས་སྨྲ་ན། དེ་བཞིན་གཤེགས་པས་ཉེ་གནས་རྣམས་ལ་བདག་མེད་པར་སྒོམས་ཤིག་ཅེས་བཀའ་སྩལ་པའང་ཕྱིན་ཅི་ལོག་ཅེས་བྱ་བར་འགྱུར་ཏེ། འདི་ནི་ཕྱིན་ཅི་ལོག་གསུམ་མོ། །གཙང་བ་ལ་མི་གཙང་བར་འདུ་ཤེས། མི་གཙང་བ་ལ་གཙང་བར་འདུ་ཤེས་པའང་ཕྱིན་ཅི་ལོག་གོ། །གཙང་བ་ནི་དེ་བཞིན་གཤེགས་པ་རྟག་པ། གནས་པ་ཞལ་ཟས་དང་འདྲེས་པའི་སྐུ་མ་ཡིན། ཉོན་མོངས་པའི་སྐུ་མ་ཡིན། །ཤ་དང་ཁྲག་གི་སྐུ་མ་ཡིན། །རྩ་དང་ཆུ་བ་དང་རུས་པས་རྣམ་པར་གླགས་པའི་སྐུ་མ་ཡིན་ཏེ། དེ་ལ་གང་འདི་སྐད་དུ་དེ་བཞིན་གཤེགས་པ་ནི་མི་རྟག་པ། ཞལ་ཟས་དང་འདྲེས་པའི་སྐུ། རྩ་བ་དང ། ཆུ་བ་དང་རུས་པའི་བར་དུ་རྣམ་པར་གླགས་པའི་སྐུ་ཡིན་ཏེ། ཆོས་དང ། དགེ་འདུན་དང ། རྣམ་པར་གྲོལ་བའང་འགོག་ཅིང་ཟད་པར་འགྱུར་རོ། །ཞེས་སྨྲ་ན་ཕྱིན་ཅི་ལོག་ཅེས་བྱའོ། །མི་གཙང་བ་ལ་གཏང་བར་འདུ་ཤེས་པ་ནི་གང་འདི་སྐད་དུ་ངའི་ལུས་འདི་ལ་གཅིག་ཙམ་ཡང་མི་གཙང་བ་མེད་དེ། མི་གཙང་བ་མེད་པས་ན་གདོན་མི་ཟ་བར་ཡོངས་སུ་དག་པའི་གནས་སུ་ཕྱིན་པར་འགྱུར་ཏེ། དེ་བཞིན་གཤེགས་པས་མི་གཙང་བ་སྒོམ་པ་ལ་ནན་ཏན་གྱིས་ཤིག་ཅེས་གསུངས་པའང་རྫུན་ནོ་ཞེས་སྨྲ་ན་
Ka176a
༄#། །ཕྱིན་ཅི་ལོག་ཅེས་བྱ་སྟེ། འདི་ནི་ཕྱིན་ཅི་ལོག་བཞི་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་གསོལ་པ། བདག་ཅག་ནི་སྔོན་ངན་པར་ལྟ་བ་ལས་གདོད་ཡང་དག་པར་ལྟ་བར་གྱུར་ཏོ། །བཅོམ་ལྡན་འདས། སྲིད་པ་ཉི་ཤུ་ལྔ་པོ་ལ་བདག་ཅེས་བགྱི་བ་མཆིས་སམ། མ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་རིགས་ཀྱི་བུ། བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་དོན་ཏོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པ་ནི་བདག་ཅེས་བྱ་བའི་དོན་ཏོ། །དེ་ལྟར་བདག་ཅེས་བྱ་བའི་དོན་ནི་ཐོག་མ་མེད་པའི་དུས་ནས་ཚད་མེད་པའི་ཀུན་ནས་ཉོན་མོངས་པས་རྣམ་པར་བསྒྲིབས་ཏེ། དེ་བས་ན་སེམས་ཅན་དག་མཐོང་བར་མ་གྱུར་ཏོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། བུད་མེད་དབུལ་མོ་ཞིག་ཁང་པའི་ནང་ན་གསེར་གྱི་།ཏེར་ཡོད་ཀྱང་ཐམས་ཅད་ཀྱིས་ཡོད་པར་མི་ཤེས་པ་ལས་ཕྱིས་སྐྱེས་བུ་ཤིན་ཏུ་ཐབས་ལ་མཁས་པ་གཅིག་གིས་བུད་མེད་དབུལ་མོ་ལ་འདི་སྐད་དུ། བུ་མོ་ཁྱོད་ཁོ་བོའི་ཕྱག་དར་བར་གླ་ཟ་ནུས་སམ། བུད་མེད་དེས་སྨྲས་པ། ཁོ་མོས་མི་ནུས་སོ། །ཅི་སྟེ་ཁྱོད་ཀྱིས་ཁོ་མོའི་བུས་གསེར་གྱི་གཏེར་ཞིག་སྦས་པ་བསྟན་ནུས་ན་ཁྱོད་ཀྱི་ལས་བྱའོ། །སྐྱེས་བུ་དེས་སྨྲས་པ། ཁོ་བོ་ནི་ཤིན་ཏུ་ཐབས་མཁས་པས་ཁྱོད་ཀྱི་བུས་སྦས་པའི་གསེར་གྱི་གཏེར་ཁོ་བོས་ཤེས་ཀྱི་བསྟན་ཏོ། །བུད་མེད་དེས་སྨྲས་
Ka176b
པ།་ཁོ་མོའི་ཁྱིམ་གང་གི་མི་ཚེ་ཕྲ་ཐམས་ཅད་ཀྱིས་ཀྱང་མི་ཤེས་ན་ཅིག་ཁྱོད་ཀྱིས་ཤེས་སམ། སྐྱེས་བུ་དེས་སྨྲས་པ། ཁོ་བོས་ནི་ཐེ་ཚོམ་མེད་པར་ཤེས་སོ། །བུད་མེད་དེས་སྨྲས་པ། ཁོ་མོས་མཐོང་བར་འདོད་ཀྱི་སྟོན་ཅིག་།དེ་ནས་སྐྱེས་བུ་དེས་ཁོ་མོའི་ཁང་པར་ཞུགས་ནས་གསེར་གྱི་གཏེར་བྲུས་ཏེ་བུད་མེད་དེ་ལ་བསྟན་ཏོ། །བུད་མེད་དེས་གཏེར་མཐོང་ནས་ཤིན་ཏུ་དགའ་མགུ་སྟེ་ངོ་མཚར་རྨད་ཀྱི་འདུ་ཤེས་སྐྱེས་ནས། སྐྱེས་བུ་དེ་ལ་བསྟི་སྟང་དུ་བྱེད་དོ། །རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ཀྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ཀྱིས་མི་མཐོང་བའང་ཇི་ལྟར་བུད་མེད་དབུལ་མོས་རིན་པོ་ཆེའི་གཏེར་མི་མཐོང་བ་བཞིན་ནོ། །རིགས་ཀྱི་བུ། ངས་སྐྱེ་བོ་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པ་ཀུན་ནས་ཉོན་མོངས་པས་བསྒྲིབས་ཏེ། མི་མཐོང་བ་བསྟན་པའང་ཇི་ལྟར་བུད་མེད་དབུལ་མོས་གསེར་གྱི་གཏེར་མི་མཐོང་བ་བསྟན་པ་བཞིན་ནོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པས་ཀྱང་སེམས་ཅན་ཐམས་ཅད་ལ་མངོན་པར་སངས་རྒྱས་པའི་རིན་པོ་ཆེའི་གཏེར་བསྟན་པ་ནི། འདི་ལྟ་སྟེ། སངས་རྒྱས་ཀྱི་རང་བཞིན་ནོ། །སོ་སོ་སྐྱེ་བོ་དག་ཀྱང་དེ་ལྟ་བུའི་དངོས་པོ་རྣམས་མཐོང་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱེད་ཅིང་ཕྱོགས་སོ། །ཐབས་མཁས་པའི་སྐྱེས་བུ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དཔེའོ། །བུད་མེད་དབུལ་མོ་ཞེས་བྱ་བ་ནི་
Ka177a
༄#། །སོ་སོ་སྐྱེ་བོ་ཚད་མེད་པའི་དཔེའོ། །གསེར་གྱི་གཏེར་ཞེས་བྱ་བ་ནི། སངས་རྒྱས་ཀྱི་རང་བཞིན་གྱི་དཔེའོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན།་བུད་མེད་བུ་ཆུང་ངུ་ཁ་མྱག་གསོ་བ་ཞིག་གལ་ཏེ་བུ་དེ་ནད་ཀྱིས་བཏབ་ན་བུད་མེད་དེ་ཤིན་ཏུ་མྱ་ངན་གྱིས་གདུངས་ཏེ་སྨན་པ་འཚོལ་ལོ། །དེ་ལ་སྨན་པས་སྨན་མར་དང ། འོ་མ་དང ། ཤ་ཁ་ར་དང་གསུམ་དུ་སྦྱར་ཏེ། བུ་ལ་བླུད་ནས་བུད་མེད་དེ་ལ་འདི་སྐད་ཅེས་བསྒོའོ། །བུ་འདི་སྨན་བཏང་གི་།རེ་ཞིག་སྨན་མ་ཞུ་བའི་བར་དུ་ནུ་ཞོ་བླུད་དུ་མི་རུང་ངོ་ཞེས་བསྒོའོ།། དེ་ནས་བུད་མེད་དེས་ནུ་ཞོ་མི་བསྣུན་པའི་ཕྱིར་ནུ་མ་ལ་མཁྲིས་པས་བྱུགས་ནས་བུ་ལ་ཁོ་མོའི་ནུ་མ་དུག་གིས་བསྐུས་ཏེ་ནུར་མི་རུང་ངོ་ཞེས་ཟེར་རོ། །བུ་དེ་སྐོམ་གྱིས་གདུངས་ཏེ། ནུ་མ་ནུ་འདོད་ཀྱང་ཁ་བའི་རོ་ཚོར་མ་ཐག་ཏུ་ནུར་མི་བཏུབ་བོ། །སྨན་ཞུ་བས་བུད་མེད་ཀྱིས་ནུ་མ་དག་པར་བཀྲུས་ཏེ། འདི་སྐད་དུ་བུ་ཚུར་ཤོག་།ད་ནུ་མ་ནུར་གཞུག་གོ་ཞེས་སྨྲས་ན། ཁྱེའུ་དེ་སྐོམ་གྱིས་གདུངས་ཀྱང་སྔར་ཁ་བའི་རོ་མྱོང་བས་བོས་ཀྱང་འོང་དུ་མི་བཏུབ་བོ། །དེ་ལའང་མས་འདི་སྐད་དུ་བསྒོའོ། །ཁྱོད་ད་ཅི་སྔར་སྨན་འཐུངས་ཏེ་སྨན་མ་ཞུ་བའི་བར་དུ་ནུ་མ་བླུད་དུ་མི་རུང་བས་ཁོ་མོས་དུག་གིས་བསྐུས་པ་ཡིན་ཀྱི། ད་ཁྱོད་ཀྱི་སྨན་ཡང་ཞུ་ལ། ཁ་བའང་བཀྲུས་ཀྱི། ད་ནི་ཁ་བའི་རོ་མེད་དོ་ཞེས་སྨྲས་ན། གདོད་བགས་ཀྱིས་ཉེ་སྟེ་འཐུང་
Ka177b
དུ་བཏུབ་བོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའང་དེ་བཞིན་དུ་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་སེམས་ཅན་ཐམས་ཅད་བདག་མེད་པའི་ཆོས་ལ་ནན་ཏན་བྱེད་པ་སྟོན་ཏོ། །དེ་ལ་ནན་ཏན་བྱས་པས་བདག་ཅག་བྱ་བའི་སེམས་མེད་དེ། ཡོངས་སུ་མྱ་ངན་ལས་འདའོ། །དེ་ལའང་འཇིག་རྟེན་རྒྱང་པན་པའི་ངན་པར་ལྟ་བ་བསལ་བའི་ཕྱིར། འཇིག་རྟེན་རྒྱང་པན་པའི་ཆོས་ལས་འདས་པ་བསྟན་པའི་ཕྱིར། གཞན་ཡང་འཇིག་རྟེན་རྒྱང་པན་པ་དག་བདག་ཏུ་ལྟ་བ་ཡང་དག་པ་མ་ཡིན་པར་བསྟན་པའི་ཕྱིར། བདག་མེད་པའི་ཆོས་བསྒོམས་པས་ཡོངས་སུ་དག་པའི་ལུས་སུ་འགྱུར་བའི་ཕྱིར། ཇི་ལྟར་བུད་མེད་དེས་བུའི་ཕྱིར་མཁྲིས་པས་ནུ་མ་བསྐུས་པ་བཞིན་དུ་དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སྟོང་པ་ཉིད་བསྒོམས་པའི་ཕྱིར་ཆོས་ཐམས་ཅད་ལ་བདག་མེད་ཅེས་གསུངས་སོ། །ཇི་ལྟར་བུད་མེད་དེས་ནུ་མ་ཕྱིར་བཀྲུས་ནས་བུ་བོས་ཏེ་ནུ་ཞོ་བླུད་དོ་ཞེས་བྱ་བ་བཞིན་དུ་ངས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའང་དེ་དང་འདྲ་སྟེ། དགེ་སློང་ཁྱོད་ཀྱང་མ་སྐྲག་པར་ཇི་ལྟར་བུ་དེ་ལ་མས་བོས་ཏེ་ནུ་ཞོ་བགས་ཀྱིས་འཐུང་བ་བཞིན་དུ་དགེ་སློང་ཁྱེད་ཀྱང་བྱེ་བྲག་ཕྱེད་པར་གྱིས་ཤིག་།དེ་བཞིན་གཤེགས་པའི་སྙིང་པོ་ནི་མེད་པར་བྱ་བ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། ཡང་དག་པར་བདག་ཅེས་བགྱི་བ་མ་མཆིས་སོ།།
Ka178a
༄#། །དེ་ཅིའི་སླད་དུ་ཞེ་ན། བུས་པ་ཆུང་ངུ་ནི་ཐོག་མ་བཙས་པ་ན་ཅིའང་བྱེ་བྲག་མི་ཕྱེད་དེ་མི་འཚལ་ཏོ། །གལ་ཏེ་བདག་ཅེས་བགྱི་བ་མཆིས་པ་ལགས་ན་བཙས་མ་ཐག་ཏུ་ཐམས་ཅད་བྱེ་བྲག་འབྱེད་ཅིང་འཚལ་བའི་རིགས་སོ། །དེ་བས་ན་ངེས་པར་བདག་ཅེས་བགྱི་བ་མ་མཆིས་པར་མངོན་ནོ། །གལ་ཏེ་བདག་ཅེས་བགྱི་བ་ངེས་པར་མཆིས་པ་ཞིག་ལགས་ན་སྐྱེ་བ་གཅིག་བླངས་ནས་མཐར་མ་མཆིས་པར་འགྱུར་བའི་མི་རིགས་སོ། །ཅི་སྟེ་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་ཏེ་རྟག་པ་ཞིག་ལགས་ན་འཇིག་པའང་མི་རིགས་སོ། །གལ་ཏེ་འཇིག་པའི་མཚན་ཉིད་མ་ལགས་ན། ཅིའི་སླད་དུ་རྒྱལ་རིགས་དང ། བྲམ་ཟེ་དང ། རིགས་ངན་དང ། གདོལ་པ་དང ། བྱོལ་སོང་ལ་སོགས་པ་རྣམ་པ་ཐ་དད་དེ། ལས་ཀྱི་རྣམ་པར་སྨིན་པ་རྣམ་པ་སྣ་ཚོགས་མི་མཐུན་ཞིང་རྒྱུ་ཐ་དད་པར་འགྱུར། ཅི་སྟེ་བདག་ཅེས་བགྱི་བ་ངེས་པར་མཆིས་ན་སེམས་ཅན་ཐམས་ཅད་ལ་བཟང་ངན་མ་མཆིས་པའི་རིགས་ཏེ། དེ་ལྟ་བས་ན་སངས་རྒྱས་ཀྱི་རང་བཞིན་ཞེས་བགྱི་བ་ནི་རྟག་པའི་ཆོས་མ་ལགས་པར་མངོན་ནོ། །ཅི་སྟེ་སངས་རྒྱས་ཀྱི་རང་བཞིན་ངེས་པར་རྟག་པ་ཞིག་ལགས་ན། ཅིའི་སླད་དུ་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། མི་ཚངས་པར་སྤྱོད་པ་དང ། བརྫུན་དུ་སྨྲ་བ་དང ། ཕྲ་མ་དང ། ངག་རྩུབ་མོ་དང ། ཚིག་ཐུན་ཚགས་དང ། འདོད་ཆགས་དང ། ཞེ་སྡང་དང །
Ka178b
ངན་པར་ལྟ་བ་ལ་སོགས་པ་བསྟན་ཅིང་གསུངས། གལ་ཏེ་བདག་ཅེས་བགྱི་བའི་རང་བཞིན་རྟག་པ་ལགས་ན། ཅིའི་སླད་དུ་ཆང་འཐུངས་པས་མྱོས་ཤིང་དྲན་པ་ཉམས་པར་འགྱུར། གལ་ཏེ་བདག་ཅེས་བགྱི་བའི་རང་བཞིན་རྟག་པ་ལགས་ན། ལོང་བས་ཀྱང་གཟུགས་མཐོང་ལ། འོན་པས་ཀྱང་སྒྲ་ཐོས། ལྐུགས་པས་ཀྱང་སྨྲ་ནུས། ཞ་བོས་ཀྱང་འགྲོ་ནུས་པར་འགྱུར་རོ། །ཅི་སྟེ་བདག་ཅེས་བགྱི་བའི་རང་བཞིན་རྟག་ན་ཆུ་དང ། མེ་དང ། གཡང་ས་དང ། དུག་དང ། མཚོན་དང ། གཅན་གཟན་མ་རུངས་པ་ལས་ཀྱང་འབྱོལ་བ་མི་རིགས་སོ། །ཅི་སྟེ་བདག་ཅེས་བགྱི་བ་རྟག་ན་སྔོན་ཅི་ཤེས་པ་ཕྱིས་བརྗེད་པའི་མི་རིགས་སོ། །ཅི་སྟེ་ཕྱིས་མི་བརྗེད་ན་ཅིའི་སླད་དུ་བདག་གིས་མི་འདི་སྔོན་མ་མཐོང་ངོ་ཞེས་བགྱི་བ་ལ་སོགས་པ་སྨྲ་བར་འགྱུར། གལ་ཏེ་བདག་ཅེས་བགྱི་བ་རྟག་ན་གཞོན་ནུ་ལང་ཚོ་བ་དང ། རྒས་ཏེ་རྒུད་པ་ལ་སོགས་པ་དང ། སྔོན་ཅི་བྱས་པའི་དངོས་པོ་ཐམས་ཅད་ཀྱང་མི་བརྗེད་དེ་དྲན་པའི་རིགས་སོ། །ཅི་སྟེ་བདག་ཅེས་བགྱི་བ་རྟག་ན་ཅི་ལ་གནས། མཆིལ་མ་དང ། སྣབས་ལ་གནས་སམ། ཁ་དོག་སྔོན་པོ་དང ། སེར་པོ་དང ། དམར་པོ་ལ་སོགས་པ་ལ་གནས། ཅི་སྟེ་བདག་ཅེས་བགྱི་བ་རྟག་པ་ཞིག་ལགས་ན་ཏིལ་མར་གྱི་ལུས་བསྐུས་པ་བཞིན་དུ་ཐམས་ཅད་དུ་ཁྱབ་པའི་རིགས་ཏེ། གལ་ཏེ་ལུས་བཅད་པའི་ཚེ་བདག་ཀྱང་ཆད་པར་འགྱུར་བའི་རིགས་སོ། །བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་
Ka179a
༄#། །སྩལ་པ། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རྒྱལ་པོ་ལ་གྱད་གཅིག་ཡོད་པའི་དཔྲལ་བ་ན་རྡོ་རྗེའི་ནོར་བུ་གཅིག་ཡོད་པ་གྱད་གཞན་དང་སྟོབས་བཀྱེ་བ་ལས། གྱད་ཕ་རོལ་པོས་མགོས་རེག་སྟེ། དཔྲལ་བའི་ནོར་བུ་ཤའི་ནང་དུ་ནུབ་ཀྱང་ནོར་བུ་གར་སོང་བ་མི་ཤེས་སོ། །རྨ་བྱུང་བའི་ཕྱིར་སྨན་པ་བོས་ནས་སྨན་པ་ཤིན་ཏུ་མཁས་པས་ནི་ནོར་བུ་ཤའི་ནང་དུ་སོང་བའི་ཕྱིར་རྨ་བྱུང་བ་དེ་ལ་སྨན་མི་བྱེད་དེ། འདི་སྐད་དུ། ཀྱེ་སྟོབས་པོ་ཆེ་ཁྱོད་ཀྱི་དཔྲལ་བའི་ནོར་བུ་ག་རེ་ཞེས་ཟེར་རོ། །གྱད་དེ་དངངས་ནས་སྨན་པ་ལ་འདི་སྐད་དུ་བདག་གི་དཔྲལ་བའི་ནོར་བུ་གར་ཡང་མ་སོང་བའི་རིགས་ཏེ། ད་མེད་ན་འདི་སྒྱུ་མ་མ་ཡིན་ནམ་སྙམ་སེམས་ཏེ། ཤིན་ཏུ་མྱ་ངན་བྱེད་དོ། །དེ་ནས་སྨན་པ་དེས་གྱད་དེ་སྤྲོ་བ་བསྐྱེད་ནས་ཁྱོད་དེ་ལྟར་མྱ་ངན་མ་བྱེད་ཅིག་།ཁྱོད་སྟོབས་བཀྱེ་བ་ན་ནོར་བུ་ཤའི་ནང་དུ་ནུབ་སྟེ་གཟུགས་བརྙན་ཙམ་ཕྱི་རོལ་ཏུ་སྣང་ངོ ། །ཁྱོད་སྟོབས་བཀྱེ་བ་ན་ཞེ་སྡང་བསྐྱེད་དེ། ནོར་བུའི་མཐུས་ཤའི་ནང་དུ་ནུབ་ཀྱང་མ་ཚོར་བ་ཡིན་ནོ། །དེ་སྐད་དུ་སྨྲས་ཀྱང་ཡིད་མ་ཆེས་ནས། འདི་སྐད་དུ་སྨན་པ་ཁྱོད་རྫུན་མ་ཟེར་ཅིག་།ཅི་སྟེ་ཤའི་ནང་དུ་ནུབ་ན་རྣག་ཁྲག་ཤིན་ཏུ་བཙོག་པ་ཡིན་པས་ཕྱིར་འབྱུང་བའི་རིགས་སོ། །ཅི་སྟེ་ཆུ་བའི་ནང་དུ་སོང་བ་ནི་ཁྱོད་ཀྱིས་ཀྱང་མཐོང་བའི་མི་རིགས་སོ། །དེ་ནས་སྨན་པས་མེ་ལོང་ལྟར་བཅུག་ནས་མེ་ལོང་གི་ནང་དུ་ནོར་བུའང་གསལ་བར་སྣང་བར་
Ka179b
གྱུར་ཏོ། །གྱད་དེས་དེ་ལྟར་གྱུར་པ་མཐོང་ནས་ངོ་མཚར་རྨད་ཀྱི་འདུ་ཤེས་སྐྱེས་སོ། །རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་མ་བྱས་པས་སངས་རྒྱས་ཀྱི་རང་བཞིན་ཡོད་ཀྱང་མཐོང་བར་མི་ནུས་སོ། །འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གིས་བསྒྲིབས་ཏེ་ཟིལ་གྱིས་ནོན་པས་སེམས་ཅན་དམྱལ་བ་དང ། བྱོལ་སོང་དང ། ཡི་དྭགས་དང ། ལྷ་མ་ཡིན་དང ། གདོལ་པ་དང ། རིགས་ངན་དང ། རྒྱལ་རིགས་དང ། བྲམ་ཟེའི་རིགས་ལ་སོགས་པ་རྣམ་པ་སྣ་ཚོགས་སུ་སྐྱེ་ཞིང་ལྷུང་བར་གྱུར་ཏོ། ། སེམས་ལ་རྣམ་པ་སྣ་ཚོགས་ཀྱི་ལས་བསྐྱེད་པས་མིའི་ལུས་ཐོབ་ཀྱང་འོན་པ་དང ། ལོང་བ་དང ། ལྐུགས་པ་དང ། ཞ་བོ་ལ་སོགས་པར་གྱུར་ཏེ། སྲིད་པ་ཉི་ཤུ་ལྔ་པོར་རྣམ་པར་སྨིན་པའི་འབྲས་བུ་མྱོང་བར་གྱུར་ཏོ། །འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གིས་སེམས་བསྒྲིབས་པས་ན། སངས་རྒྱས་ཀྱི་རང་བཞིན་མི་ཤེས་པས་ནི་ཇི་ལྟར་གྱད་དེས་ནོར་བུ་རིན་པོ་ཆེ་ཤའི་ནང་དུ་ནུབ་པ་མི་ཤེས་ཏེ། སྟོར་སྙམ་སེམས་པ་ལྟར་སོ་སོ་སྐྱེ་བོའང་དེ་དང་འདྲ་སྟེ། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པ་མི་ཤེས། དེ་བཞིན་གཤེགས་པའི་སྙིང་པོ་ཤིན་ཏུ་གསང་བ་མི་ཤེས་པས་བདག་མེད་པ་ལ་སྒོམ་ཞིང་ནན་ཏན་བྱེད་དོ། །དཔེར་ན། འཕགས་པ་མ་ཡིན་པ་དག་ནི་བདག་མེད་པ་སྨྲའང་བདག་ཅེས་བྱ་བའི་ཡང་དག་པའི་མཚན་
Ka180a
༄#། །ཉིད་མི་ཤེས་སོ། །ངའི་ཉེ་གནས་དག་ཀྱང་དེ་དང་འདྲ་སྟེ། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པའང་མི་ཤེས་པས་བདག་མེད་པ་སྒོམ་པའང་མི་ཤེས་ཏེ། བདག་མེད་པའི་གནས་ཀྱང་མི་ཤེས་སོ། །བདག་མེད་པའི་མཚན་ཉིད་ཀྱང་མི་ཤེས་ན་བདག་གི་ཡང་དག་པའི་མཚན་ཉིད་ཤེས་པ་ལྟ་ཅི་སྨོས། རིགས་ཀྱི་བུ། དེ་ལྟར་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་གསུངས་པའང་ཇི་ལྟར་སྨན་པ་མཁས་པས་གྱད་ཀྱི་རྡོ་རྗེའི་ནོར་བུ་བསྟན་པ་བཞིན་ནོ། །སོ་སོའི་སྐྱེ་བོ་དག་ནི་ཀུན་ནས་ཉོན་མོངས་པ་ཚད་མེད་པ་སྙེད་ཀྱིས་བསྒྲིབས་ཤིང་ཟིལ་གྱིས་ནོན་པས་སངས་རྒྱས་ཀྱི་རང་བཞིན་མི་ཤེས་སོ། །གལ་ཏེ་ནམ་ཉོན་མོངས་པ་ཟད་པ་ན་དེའི་ཚེ་གསལ་བར་མངོན་པར་རྟོགས་པར་འགྱུར་བ་ནི། ཇི་ལྟར་གྱད་དེས་མེ་ལོང་གསལ་བའི་ནང་དུ་ནོར་བུ་རིན་པོ་ཆེ་མཐོང་བ་བཞིན་ནོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྙིང་པོ་ནི་དེ་ལྟར་ཚད་མེད་དེ་བསམ་གྱིས་མི་ཁྱབ་བོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། གངས་ཀྱི་རི་ལ་སྨན་བདེ་བ་ཞེས་བྱ་བའི་རོ་ཡོད་དོ། །དེའི་རོ་ནི་ཤིན་ཏུ་མངར་ཏེ། ནགས་སྟུག་པོའི་དྲུང་དུ་སྐྱེ་བས་མཐོང་བར་མི་ནུས་སོ། །དེ་ལ་དྲི་བྲོ་བ་ཙམ་གྱིས་གནས་དེ་ན་སྨན་དེ་ཡོད་པར་ཤེས་སོ། །སྔོན་འདས་པའི་དུས་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཞིག་སྨན་དེ་འདོད་པའི་
Ka180b
ཕྱིར་གངས་ཀྱི་རི་དེ་ལ་གནས་ཀུན་དུ་ཤིང་གི་ཝ་བཙུགས་ནས་སྨན་ཟགས་པ་བཟེད་དོ། །སྨན་དེ་ནམ་སྨིན་པ་ན་ཆུ་བཞིན་དུ་ས་ལ་ཟགས་པས་ཤིང་གི་ཝ་བཟེད་པའི་ནང་དུའང་ཟགས་ཏེ། རོ་དེ་ནི་ཡང་དག་པའོ། །རྒྱལ་པོ་དེ་འདས་པའི་འོག་ཏུ་ནི་སྨན་དེའི་རོ་བར་འགའ་ནི་སྐྱུར། བར་འགའ་ནི་ལན་ཚཝ། བར་འགའ་ནི་མངར། བར་འགའ་ནི་ཁ། བར་འགའ་ནི་ཚ། བར་འགའ་ནི་བསྐའོ།། དེ་ལྟར་རོ་གཅིག་པོ་དེའང་གར་ཟགས་པའི་གནས་ལས་རྣམ་པ་ཐ་དད་དུ་གྱུར་ཏེ། སྨན་དེའི་རོ་ཉིད་ནི་རི་ལ་ཡོད་དོ། །དཔེར་ན། ཟླ་བ་རྒྱས་པ་ནི་བསོད་ནམས་ཆུང་བ་དག་གིས་ཤིན་ཏུ་ཉམ་ཐག་པར་ལས་སུ་བྱས་ཏེ། འཇོར་གྱིས་བརྐོས་ཀྱང་ཐོབ་པར་མི་ནུས་སོ། །གལ་ཏེ་རྒྱལ་པོ་འཕགས་པ་དག་འཇིག་རྟེན་དུ་བྱུང་ན་བསོད་ནམས་ཀྱི་རྐྱེན་གྱིས་སྨན་དེའི་རོའང་ཡང་དག་པར་འཐོབ་པར་འགྱུར་རོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྙིང་པོའི་རོའང་དེ་དང་འདྲ་སྟེ། ཀུན་ནས་ཉོན་མོངས་པའི་ནགས་སྟུག་པོས་བསྒྲིབས་པས་སེམས་ཅན་མ་རིག་པ་དག་གིས་མཐོང་བར་མི་ནུས་སོ། །སྨན་རོ་གཅིག་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་གྱི་དཔེ་སྟེ། ཀུན་ནས་ཉོན་མོངས་པའི་དབང་གིས་རོ་རྣམ་པ་སྣ་ཚོགས་སུ་གྱུར་པ་ནི། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང ། ཡི་དྭགས་དང ། བྱོལ་སོང་དང ། ལྷ་དང ། མི་དང ། སྐྱེས་པ་དང ། བུད་མེད་དང ། མ་ནིང་དང ། རྒྱལ་རིགས་དང ། བྲམ་ཟེ་དང ། རིགས་ངན་གདོལ་པ་ལ་སོགས་པར་
Ka181a
༄#། །གྱུར་པའོ། །སངས་རྒྱས་ཀྱི་རང་བཞིན་ནི་ཤིན་ཏུ་དཔའ་བས་དེ་བས་ན་གསོད་མི་ནུས་སོ། །ཅི་སྟེ་བསད་ན་སངས་རྒྱས་ཀྱི་རང་བཞིན་མེད་པར་བྱས་པ་ཡིན་ནོ། །སངས་རྒྱས་ཀྱི་རང་བཞིན་ནི་རང་བཞིན་གྱིས་མེད་པར་བྱེད་ནུས་པ་མ་ཡིན་ཏེ། མེད་པར་བྱ་བའི་གནས་མེད་དོ། །བདག་ཅེས་བྱ་བའི་རང་བཞིན་ཉིད་ནི་དེ་བཞིན་གཤེགས་པའི་གསང་བའི་སྙིང་པོའོ། །དེ་ལྟར་གསང་བའི་སྙིང་པོ་དེ་ནི་གང་གིས་ཀྱང་འཇིག་ཅིང་མེད་པར་བྱེད་ནུས་པ་མ་ཡིན་ཏེ། མེད་པར་བྱེད་མི་ནུས་ཀྱང་མཐོང་བར་མི་རུང་ངོ ། །གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ན་རྟོགས་ཤིང་རིག་པར་འགྱུར་ཏེ། དེ་བས་ན་གསོད་ནུས་པ་མེད་དོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ།་ཅི་སྟེ་གསོད་ནུས་པ་མ་མཆིས་ན་མི་དགེ་བའི་ལས་ཞེས་བགྱི་བའང་མ་མཆིས་སམ། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། ཡང་དག་པར་ན་གསོད་པ་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་ཕུང་པོ་ལྔ་ལ་གནས་ཏེ། གལ་ཏེ་ཕུང་པོ་ལྔ་བཤིག་ན་སྲོག་བཅད་པ་ཞེས་བྱའོ། །གལ་ཏེ་སྲོག་བཅད་ན་ངན་སོང་དུ་ལྟུང་བར་འགྱུར་ཏེ། ལས་ཀྱི་རྒྱུ་དང་རྐྱེན་གྱིས་རྒྱལ་རིགས་དང ། བྲམ་ཟེ་ལ་སོགས་པ་དང ། རིགས་ངན་གདོལ་པ་དང ། སྐྱེས་པ་དང ། བུད་མེད་དང ། མ་ནིང་དང ། སྲིད་པ་ཉི་ཤུ་ལྔ་པོ་
Ka181b
ལ་སོགས་པ་རྣམ་པ་ཐ་དད་པའི་མཚན་ཉིད་ཀྱིས་འཁོར་བར་འཁོར་རོ། །འཕགས་པ་མ་ཡིན་པ་དག་ནི་བདག་ཅེས་བྱ་བའི་མཚན་ཉིད་ཆེན་པོ་དང ། ཆུང་ངུ་དང ། ཏིལ་ལམ། ཁྲེའམ། སྲན་མའམ། མཐེ་བོའི་བར་དུ་རྣམ་པ་སྣ་ཚོགས་སུ་འཛིན་ཏེ། གང་མི་བདེན་པའི་སྒྱུ་མའི་མཚན་ཉིད་དུ་འཛིན་པ་ཡང་དག་པ་མ་ཡིན་ནོ། །འཇིག་རྟེན་ལས་འདའ་བའི་བདག་གི་མཚན་ཉིད་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་སྟེ། དེ་ལྟར་བདག་ཏུ་འཛིན་པ་ནི་ཤིན་ཏུ་མཆོག་ཅེས་བྱའོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། སྐྱེས་བུ་གཏེར་གྱི་རྒྱུས་ལ་ཤིན་ཏུ་མཁས་པ་ཞིག་འཇོར་རྣོན་པོ་ཐོགས་ཏེ་བརྐོས་ན། རྡོའམ། གསེག་མའམ། ཕ་བོང་ལའང་ཐོགས་པ་མེད་པར་རྐོའོ། །གལ་ཏེ་རྡོ་རྗེ་ལ་ཐུག་ན་ཅིས་ཀྱང་མི་ཚུགས་སོ། །རྡོ་རྗེ་ཞེས་བྱ་བ་ལ་ནི་མཚོན་ཅིས་ཀྱང་མི་ཚུགས་ཤིང་གཅོད་མི་ནུས་སོ། །རིགས་ཀྱི་བུ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། འཇིག་རྟེན་ན་རྒོལ་བ་ཐམས་ཅད་ལྷ་དང ། བདུད་སྡིག་ཏོ་ཅན་དང ། མི་དང ། འཇིག་རྟེན་དུ་བཅས་པ་ཐམས་ཅད་ཀྱིས་གཞིག་མི་ནུས་སོ། །ཕུང་པོ་ལྔའི་མཚན་ཉིད་ནི་བྱེད་པ་དང་བཅས་པའོ། །བྱེད་པ་དང་བཅས་པའི་མཚན་ཉིད་ནི་རྡོའམ་གསེག་མ་ལྟ་བུ་སྟེ། འབིགས་ཤིང་གཅོད་ནུས་སོ། །སངས་རྒྱས་ཀྱི་རང་བཞིན་ནི་རྡོ་རྗེ་ལྟ་བུ་སྟེ། གཞིག་མི་ནུས་སོ། །དེ་བས་ན་ཕུང་པོ་ལྔ་བཤིག་པ་ནི་སྲོག་གཅོད་པ་ཞེས་བྱའོ། །རིགས་ཀྱི་བུ། སངས་རྒྱས་ཀྱི་ཆོས་ནི་དེ་ལྟར་བསམ་
Ka182a
༄#། །གྱིས་མི་ཁྱབ་པར་རིག་པར་བྱའོ། །རིགས་ཀྱི་བུ། ཤིན་ཏུ་རྒྱས་པའི་མདོ་སྡེ་ནི་བདུད་རྩི་ལྟ་བུའང་ཡིན་ལ། དུག་ལྟ་བུའང་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །ཅིའི་སླད་དུ་དེ་བཞིན་གཤེགས་པས་ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་བདུད་རྩི་ལྟ་བུ་དང ། དུག་ལྟ་བུ་ལགས་སོ་ཞེས་གསུངས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པའི་སྙིང་པོ་ཡང་དག་པའི་དོན་ཤེས་པར་འདོད་དམ། འོད་སྲུང་གིས་གསོལ་པ། བདག་དེ་བཞིན་གཤེགས་པའི་སྙིང་པོའི་དོན་གང་ལགས་པ་རྟོགས་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཁ་ཅིག་བདུད་རྩི་འཐུངས་པ་ལས། །ཚེ་ཐུང་སྔར་ཤི་བ་ཡང་ཡོད། །ཁ་ཅིག་བདུད་རྩི་འཐུངས་པ་ལས། །ཚེ་རིང་རྟག་ཏུ་འདུག་པའང་ཡོད། །ཁ་ཅིག་དུག་འཐུངས་དབང་གིས་འཚོ། །ཁ་ཅིག་དུག་འཐུངས་རྐྱེན་གྱིས་འཆི། །ཐོགས་མེད་ཡེ་ཤེས་ཟིལ་མངར་ནི། །ཐེག་པ་ཆེན་པོའི་མདོ་སྡེ་སྟེ། །ཐེག་པ་ཆེན་པོའི་མདོ་སྡེ་ནི། །སྨན་དང་དུག་ཏུ་འདྲེས་པའོ། །ཇི་ལྟར་མར་དང་ཁ་ར་དང ། །མར་གྱི་སྙིང་པོ་ལ་སོགས་པ། །འཐུངས་ཏེ་ཞུ་ན་སྨན་དུ་འགྱུར། །མ་ཞུ་བ་ནི་དུག་ཅེས་བྱ། །ཤིན་ཏུ་རྒྱས་པའང་དེ་བཞིན་ཏེ། །མཁས་པ་དག་གིས་བདུད་རྩིར་འགྱུར། །གླེན་པས་སངས་རྒྱས་རང་བཞིན་དག་།མི་ཤེས་པ་ཡིས་དུག་ཏུ་
Ka182b
འགྱུར། །ཉན་ཐོས་པ་དང་རང་རྒྱལ་དང ། །ཐེག་པ་ཆེན་པོའི་བདུད་རྩི་སྟེ། །ཇི་ལྟར་བྲོ་བའི་རོ་ཐམས་ཅད། །འོ་མ་མཆོག་ཏུ་འགྱུར་བ་བཞིན། །དེ་ལྟར་བརྩོན་འགྲུས་རྩོམ་པ་དག་།ཐེག་པ་ཆེན་པོ་དབང་གིས་ནི། །ཡོངས་སུ་མྱ་ངན་འདས་འགྱུར་ཞིང ། །མི་ཡི་ཁྱུ་མཆོག་རྒྱལ་པོར་འགྱུར། །འོད་སྲུང་ཁྱོད་དང་སེམས་ཅན་གང ། །སངས་རྒྱས་རང་བཞིན་ཤེས་པ་ནི། །བླ་ན་མེད་པའི་ཟིལ་མངར་རོས། །མི་སྐྱེ་མི་འཆི་བར་འགྱུར་རོ། །འོད་སྲུང་ཁྱོད་ཀྱིས་ཤེས་པར་གྱིས། །དཀོན་མཆོག་གསུམ་དག་རྟོགས་པར་གྱིས། །དཀོན་མཆོག་གསུམ་གྱི་མཚན་ཉིད་ནི། །བདག་ཅེས་བྱ་བའི་མཚན་ཉིད་དོ། །བདག་དང་སངས་རྒྱས་རང་བཞིན་ཉིད། །གང་གིས་མངོན་སུམ་རྟོགས་གྱུར་ན། །དེ་བཞིན་གཤེགས་པའི་སྙིང་པོ་ཉིད། །སྐྱེས་བུ་དེས་ནི་རྟོགས་འགྱུར་རོ། །བདག་དང་བདག་གིར་གང་ཤེས་པ། །དེ་ནི་འཇིག་རྟེན་འདས་པའོ། །སངས་རྒྱས་ཆོས་དང་དགེ་འདུན་ནི། །ཕུལ་དུ་བླ་ན་མེད་པའི་མཆོག་།ཚིགས་སུ་བཅད་དེ་ངས་གསུངས་པ། །མཚན་ཉིད་དོན་ནི་འདི་དག་གོ་།དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཚིགས་སུ་བཅད་དེ་བཅོམ་ལྡན་འདས་ལ་གསོལ་པ། སྐྱབས་སུ་འགྲོ་བའི་གནས་གསུམ་པོ། །བདག་ནི་གང་ཡང་མ་རྟོགས་ན། །བླ་མེད་འཇིགས་པ་མ་མཆིས་པར། །དེ་ལ་ཇི་ལྟར་སྐྱབས་སུ་མཆི། །དཀོན་མཆོག་གསུམ་ཡང་མ་རྟོགས་ན། །བདག་མ་མཆིས་པར་ཇི་ལྟར་བགྱི། །ཇི་ལྟར་སངས་རྒྱས་སྐྱབས་གསོལ་ན། །རབ་ཏུ་བདེ་
Ka183a
༄#། །བ་ཐོབ་པར་འགྱུར། །ཇི་ལྟར་ཆོས་ལ་སྐྱབས་གསོལ་པ། །བདག་ལ་རྒྱལ་བས་བསྟན་དུ་གསོལ། །ཇི་ལྟར་ཆེ་བའི་དབང་ཐོབ་འགྱུར། །དབང་དུ་མི་འགྱུར་གང་ལགས་པ། །ཇི་ལྟར་དགེ་འདུན་སྐྱབས་གསོལ་ན། །བླ་མེད་བདེ་བ་ཐོབ་པར་འགྱུར། །ཇི་ལྟར་བདེ་བའི་ཚིག་སྨྲ་ན། །མ་འོངས་དུས་སུ་མངོན་སངས་རྒྱས། །མ་འོངས་དུས་སུ་མི་འགྲུབ་ན། །དཀོན་མཆོག་གསུམ་ལ་ཇི་ལྟར་ཕྱོགས། །བདག་གིས་སྔ་ནས་མི་འཚལ་ཏེ། །བགས་ཀྱིས་འཚལ་བར་འགྱུར་བས་ན། །ཇི་ལྟ་བུར་ན་མི་སྦྲུམ་པར། །བུ་དག་བཙའ་བའི་འདུ་ཤེས་བསྐྱེད། །མངའ་ན་ཇི་ལྟར་མཆིས་ངེས་ན། །དེ་ནི་བུ་མཆིས་པ་ཞེས་བགྱི། །ཅི་སྟེ་མངལ་ན་བུ་མཆིས་ན། །རིང་པོར་མི་ཐོགས་ངེས་པར་འབྱུང ། །དེ་ནི་བུ་ཡི་དོན་ལགས་ཏེ། །སེམས་ཅན་ལས་ཀྱང་དེ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར། །གླེན་པ་དག་གིས་ཤེས་མི་ནུས། །དེ་ལྟར་མི་རྟོགས་མི་ཤེས་པས། །ཡང་དང་ཡང་དུ་འཁོར་བར་འཁོར། །མིང་ཙམ་གྱིས་ནི་དགེ་བསྙེན་དག་།ཡང་དག་པ་ཡི་དོན་མི་འཚལ། །ཤིན་ཏུ་རྒྱས་པར་འབྱེད་བསྟན་ཏེ། །བདག་གི་ཐེ་ཚོམ་གཅད་དུ་གསོལ། །ཡེ་ཤེས་ཆེན་པོ་བཅོམ་ལྡན་འདས། ཐུགས་བརྩེའི་སླད་དུ་རྒྱས་པར་ནི། །དེ་བཞིན་གཤེགས་པས་གསང་བ་ཡིས། །རིན་ཆེན་སྙིང་པོ་བཤད་དུ་གསོལ། །འོད་སྲུང་ཁྱོད་ཀྱིས་ཤེས་པར་གྱིས། །གསང་བའི་སྙིང་པོ་གང་ཡིན་པ། །ངས་ནི་རབ་ཏུ་འབྱེད་
Ka183b
བསྟན་ཏེ། །ཁྱོད་ཀྱི་ཐེ་ཚོམ་གཅད་པར་བྱ། །ཤིན་ཏུ་བརྟགས་པར་ཉོན་ཅིག་དང ། །ཁྱོད་ནི་བྱང་ཆུབ་སེམས་དཔའི་ནང ། །སངས་རྒྱས་འབྱུང་བ་བདུན་པ་ཡི། །མཚན་དང་མིང་དུ་མཐུན་པར་འགྱུར། །སངས་རྒྱས་དག་ལ་སྐྱབས་གསོལ་པ། དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་རྣམས་གཞན་དག་ལ། །སྐྱབས་གསོལ་པར་ནི་མི་འགྱུར་རོ། །དམ་པའི་ཆོས་ལ་སྐྱབས་གསོལ་ན། །འཚེ་ཞིང་གསོད་པའི་སེམས་དང་བྲལ། །དགེ་འདུན་ལ་ནི་སྐྱབས་གསོལ་ན། །མུ་སྟེགས་ཅན་ལ་ཕྱོགས་མི་འགྱུར། །དཀོན་མཆོག་གསུམ་ལ་སྐྱབས་གསོལ་ན། །འཇིགས་པ་མེད་པ་ཐོབ་པར་འགྱུར། །འོད་སྲུང་སངས་རྒྱས་ལ་གསོལ་པ། །བདག་ནི་གསུམ་ལ་སྐྱབས་གསོལ་པས། །སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་གྱི། །ཡང་དག་པ་ཡི་ལམ་ཞེས་བགྱི། །དཀོན་མཆོག་གསུམ་གྱི་མཚན་ཉིད་མཉམ། །ཡེ་ཤེས་ཆེན་པོ་ཉིད་དང་ལྡན། །བདག་དང་སངས་རྒྱས་རང་བཞིན་ནི། །གཉིས་སུ་མེད་དེ་བྱེ་བྲག་མེད། །སངས་རྒྱས་བསྟོད་པའི་ལམ་འདི་ནི། །ཡང་དག་ཚོལ་བ་བདེ་བའི་གནས། །ཐམས་ཅད་མཁྱེན་ཅིང་གཟིགས་པས་ན། །སངས་རྒྱས་མང་པོས་བསྔགས་པར་འགྱུར། །བདག་ཀྱང་བདེ་གཤེགས་བསྔགས་པ་ཡི། །བླ་མེད་ལམ་ལ་གཞོལ་ཞིང་འབབ། ། བདུད་རྩི་མཆོག་གི་དམ་པ་སྟེ། །སྲིད་པའི་ནང་ན་མེད་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ཉན་ཐོས་སམ། བུས་པ་
Ka184a
༄#། །མ་རབས་ལྟར་དཀོན་མཆོག་གསུམ་ལ་བྱེ་བྲག་མ་འབྱེད་ཅིག་།ཐེག་པ་ཆེན་པོ་ལ་ནི་དཀོན་མཆོག་གསུམ་ལ་རྣམ་པར་བྱེ་བྲག་འབྱེད་པའི་མཚན་ཉིད་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ངོ་བོ་ཉིད་ལ་ཆོས་དང ། དགེ་འདུན་ཡོད་པའི་ཕྱིར་རོ། །ཉན་ཐོས་དང ། བུས་པ་མ་རབས་བསྒྲལ་བའི་ཕྱིར་དཀོན་མཆོག་གསུམ་རྣམ་པར་ཕྱེ་སྟེ་ཐ་དད་པར་བསྟན་ཏོ། །རིགས་ཀྱི་བུ། གང་འཇིག་རྟེན་པའི་ཆོས་ཀྱི་རྗེས་སུ་འཇུག་འདོད་པ་དག་ནི་སྐྱབས་སུ་འགྲོ་བའི་གནས་གསུམ་ཡོད་པར་བྱེ་བྲག་འབྱེད་དོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་དག་ནི་འདི་སྙམ་དུ་སེམས་ཏེ། བདག་གི་ལུས་འདི་སངས་རྒྱས་ལ་སྐྱབས་སུ་སོང་བས་ལུས་འདི་ཉིད་ཀྱིས་མངོན་པར་འཚང་རྒྱ་སྟེ། མངོན་པར་སངས་རྒྱས་ནས་སངས་རྒྱས་ལ་བསྙེན་བཀུར་དང ། བསྟི་སྟང་དང ། མཆོད་པ་དང ། ཕྱག་བྱ་བའི་ཆོས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ནི་མཉམ་པར་སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་འགྲོ་བའི་གནས་མཛད་པའི་ཕྱིར་རོ། །གང་ཆོས་ཀྱི་སྐུ་གདུང་ལ་རིམ་གྲོ་བྱེད་པ་ནི་སངས་རྒྱས་རྣམས་ཀྱི་མཆོད་རྟེན་ལ་གུས་པར་ཕྱག་བྱ་བའོ། །དེ་ཅི་ལྟ་ཞེ་ན། སོ་སོའི་སྐྱེ་བོ་བསྒྲལ་བའི་ཕྱིར་རོ། །གཞན་ཡང་སེམས་ཅན་དག་ངའི་སྐུ་ལ་མཆོད་རྟེན་ལྟ་བུར་འདུ་ཤེས་བསྐྱེད་དེ། ཕྱག་དང་མཆོད་པ་བྱེད་དོ། །དེ་ལྟར་སེམས་ཅན་དེ་དག་གིས་ངའི་
Ka184b
ཆོས་ཀྱི་སྐུ་ལའང་སྐྱབས་ཚོལ་བའི་གནས་བྱེད་དོ། །སེམས་ཅན་ཐམས་ཅད་ནི་ཡང་དག་པ་མ་ཡིན་པ་ཆོས་ལོག་པ་ལ་གནས་ཏེ། དེ་བས་ན་ངས་རིམ་གྱིས་ཡང་དག་པའི་ཆོས་བསྟན་ཏོ། །གཞན་ཡང་ཡང་དག་པའི་དགེ་འདུན་མ་ཡིན་པ་ལ་སྐྱབས་སུ་སོང་བ་དག་ལ་ཡང་དག་པའི་དགེ་འདུན་དག་ལ་སྐྱབས་སུ་འགྲོ་བའི་གནས་ཀྱང་བྱེད་དོ། །གང་དཀོན་མཆོག་གསུམ་ལ་བྱེ་བྲག་འབྱེད་པ་དག་ལ་ནི་སྐྱབས་སུ་འགྲོ་བའི་གནས་ཅིག་སྟེ། གསུམ་དུ་བྱེ་བྲག་མེད་དོ་ཞེས་ཀྱང་སྟོན་ཏོ། །དམུས་ལོང་ལྡོངས་པར་གྱུར་པ་ལ་ནི་མིག་ལྟ་བུར་ཡང་སྟོན་ཏོ། །གཞན་ཡང་ཉན་ཐོས་དང ། རང་སངས་རྒྱས་ཀྱི་སྐྱབས་སུ་འགྲོ་བའི་གནས་ཡང་དག་པའང་བྱའོ་སྙམ་སེམས་སོ། །རིགས་ཀྱི་བུ། །དེ་ལྟར་བྱང་ཆུབ་སེམས་དཔའ་དག་ནི་སེམས་ཅན་མ་རུངས་པ་ཚད་མེད་པ་དང་མཁས་པ་ཤེས་རབ་ཅན་དག་གི་ཕྱིར་སངས་རྒྱས་ཀྱི་མཛད་པ་བྱེད་དོ། །རིགས་ཀྱི་བུ། དཔེར་ན། སྐྱེས་བུ་ཞིག་གཡུལ་ངོར་ཕྱིན་པའི་ཚེ། འདི་སྙམ་དུ་བདག་ནི་མཆོག་སྟེ། དམག་གི་ཚོགས་འདི་དག་ཐམས་ཅད་ཀྱང་བདག་འབའ་ཞིག་ལ་ལྟོས་སོ་སྙམ་སེམས་སོ། །གཞན་ཡང་དཔེར་ན། རྒྱལ་ཚབ་གཞོན་ནུ་འདི་སྙམ་དུ་སེམས་ཏེ། བདག་ནི་རྒྱལ་བུ་ཐམས་ཅད་ཐུལ་ཏེ། རྒྱལ་པོ་ཆེན་པོའི་སྲིད་དང ། དབང་བ་ཐམས་ཅད་ལ་བདག་དབང་དུ་གྱུར་ཏེ། རྒྱལ་བུ་ཐམས་ཅད་ཀྱང་བདག་ལ་ཕྱོགས་པས།
Ka185a
༄#། །དེ་བས་ན་ཞན་པའི་བསམ་པ་མི་སྐྱེད་དོ་སྙམ་དུ་སེམས་ཏེ། ཇི་ལྟར་རྒྱལ་པོ་དང་རྒྱལ་བུ་དེ་བཞིན་དུ་བློན་པོ་ཆེན་པོའང་དེ་དང་འདྲའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་བར་འདི་སྙམ་དུ་སེམས་སོ། །ཇི་ལྟར་ན་དངོས་པོ་གསུམ་པོ་བདག་དང་རང་བཞིན་གཅིག་ཏུ་འགྱུར་སྙམ་སེམས་སོ། །རིགས་ཀྱི་བུ། ངས་བསྟན་པའི་དངོས་པོ་གསུམ་པོ་འདི་ནི་མྱ་ངན་ལས་འདས་པའོ། །དེ་བཞིན་གཤེགས་པ་ནི་བླ་ན་མེད་པའི་སྐྱེས་བུ་དམ་པ་སྟེ། ཇི་ལྟར་མིའི་ལུས་ལ་ཡན་ལག་དང ། ཉིང་ལག་ཐམས་ཅད་ཀྱི་ངན་ན་མགོ་བོ་དམ་པ་སྟེ། གཞན་མ་ཡིན་པ་བཞིན་དུ་སངས་རྒྱས་ཀྱང་དེ་དང་འདྲ་བར་མཆོག་དམ་པ་སྟེ། ཆོས་དང ། དགེ་འདུན་ནི་མ་ཡིན་ནོ། །འཇིག་རྟེན་པ་རྣམས་བསྒྲལ་བའི་ཕྱིར་མཚན་ཉིད་རྣམ་པ་སྣ་ཚོགས་སུ་སྐས་ཀྱི་ཐེམ་པ་ལྟར་བྱེ་བྲག་ཏུ་བསྟན་ཏོ། །དེ་བས་ན་ཁྱོད་ནི་གུས་པ་གླེན་པ་ལྟར། དཀོན་མཆོག་གསུམ་ལ་ཐ་དད་པའི་མཚན་ཉིད་དུ་མི་གཟུང་ངོ ། ། ཁྱོད་ནི་ཐེག་པ་ཆེན་པོ་ལ་ཞུགས་ཤིང་དབང་པོ་རྣོ་བ་ནི་རལ་གྲི་རྣོན་པོ་དང་འདྲའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་གསོལ་པ། བདག་ནི་རྟོགས་བཞིན་དུ་བཅེམ་ལྡན་འདས་ལ་ཞུ་བ་ལགས་ཀྱི། མི་འཚལ་བ་ནི་མ་ལགས་ཏེ། བདག་གིས་བྱང་ཆུབ་སེམས་དཔའ་གང་ཞིག་དཔའ་ཞིང་དབང་པོ་རྟུལ་ཕོད་པ་རྣམས་ཀྱི་སླད་དུ་དྲི་མ་མཆིས་
Ka185b
པ་ཡོངས་སུ་དག་པའི་སྤྱོད་ཡུལ་དུ་ཞུགས་པ་ལགས་སོ། །གཞན་ཡང་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་རྣམས་ལ་ངོ་མཚར་རྨད་ཀྱི་དངོས་པོ་འབྱེད་ཅིང་བསྟན་པ་དང ། ཤིན་ཏུ་རྒྱས་པ་ཐེག་པ་ཆེན་པོའི་མདོ་སྡེ་བསྔགས་པའི་སླད་དུ་ཞུགས་ཏེ། དེ་བཞིན་གཤེགས་པས་ཐུགས་རྗེ་ཆེན་པོས་ལེགས་པར་གསུངས་པས་བདག་ཀྱང་དེ་ལ་བདེ་བར་གནས་པར་འཚལ་ལོ། །གང་ན་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ལ་ཡོངས་སུ་དག་པ་སྟོན་པ་དེ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་སྟོན་པ་ལགས་སོ། །བཅོམ་ལྡན་འདས། བདག་གིས་ཀྱང་དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་འདི་སེམས་ཅན་ཐམས་ཅད་ལ་རྒྱས་པར་བསྟན་ཅིང ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གནས་ཡང་དག་པར་རྟོགས་པར་བགྱིའོ། ། དེ་ལ་སེམས་ཅན་གང་ཞིག་འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་ལ་དད་ཅིང་ཡིད་ཆེས་ན། སྐྱེས་བུ་དེ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གནས་རྟོགས་ཤིང་ཁོང་དུ་ཆུད་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་པའི་ཕྱིར་རོ། །གང་མདོ་སྡེ་འདི་སྟོན་ཅིང་འཆད་པ་དེའི་ལུས་ལ་སངས་རྒྱས་ཀྱི་རང་བཞིན་མ་མཆིས་པར་སྨྲ་སྟེ། སྐྱེས་བུ་དེ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་མ་ཡིན་པ་གཞན་མི་ཚོལ་ལོ། །དེ་ཅིའི་སླད་དུ་ཞེ་ན། ཕྱི་མ་མ་འོངས་
Ka186a
༄#། །པའི་དུས་སུ་བདག་གི་ལུས་འདི་ཉིད་དཀོན་མཆོག་གསུམ་དུ་འགྱུར་ཏེ། ཉན་ཐོས་དང ། རང་སངས་རྒྱས་དང ། དེ་མ་ཡིན་པའི་སྐྱེ་བོ་གཞན་ཐམས་ཅད་ཀྱང་བདག་ལ་བརྟེན་ཏེ། རིམ་གྲོ་དང ། བཀུར་སྟི་དང ། ཕྱག་འཚལ་བར་འགྱུར་བའི་ཕྱིར་རོ། །རིགས་ཀྱི་བུ། དོན་དེ་ལྟ་བས་ན་ཐེག་པ་ཆེན་པོའི་མདོ་སྡེ་ལ་ཡང་དག་པར་བསླབ་པར་བྱའོ། །འོད་སྲུང་གིས་ཡང་གསོལ་པ། སངས་རྒྱས་ཀྱི་རང་བཞིན་ནི་བསམ་གྱིས་མི་ཁྱབ་སྟེ། དེ་བཞིན་དུ་མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུའང་བསམ་གྱིས་མི་ཁྱབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་ལེགས་སོ། །ཤིན་ཏུ་ལེགས་སོ་།ཞེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། ཁྱོད་ནི་ཤིན་ཏུ་ཟབ་པའི་ཤེས་རབ་དང་ལྡན་པས། ངས་ཀྱང་ཁྱོད་ཀྱི་དེ་བཞིན་གཤེགས་པའི་སྙིང་པོ་ལ་འཇུག་པ་ལེགས་པར་བསྟན་པར་བྱའོ། །གལ་ཏེ་བདག་ཅེས་བྱ་བ་ཐེར་ཟུག་ཏུ་རྟག་པའི་ཆོས་ཡིན་ན་ནི། སྡུག་བསྔལ་དང་བྲལ་བར་མི་འགྱུར་རོ། །གལ་ཏེ་བདག་ཅེས་བྱ་བ་མེད་ན་ནི། ཚངས་པར་སྤྱོད་པ་དག་པ་ན་པའི་དོན་མེད་པར་འགྱུར་རོ། །གལ་ཏེ་ཆོས་ཐམས་ཅད་བདག་མེད་པར་སྨྲ་ན་དེ་ནི་ཆད་པར་ལྟ་བ་ཡིན་ནོ། །ཅི་སྟེ་བདག་ཅེས་བྱ་བ་ཐེར་ཟུག་ཏུ་སྨྲ་ན་དེ་ནི་རྟག་པར་ལྟ་བ་ཡིན་ནོ། །གང་འདུ་བྱེད་ཐམས་ཅད་མི་རྟག་པར་ལྟ་ན་དེའང་ཆད་པར་ལྟ་བར་འགྱུར་རོ། །འདུ་བྱེད་རྟག་པར་ལྟ་ན།
Ka186b
དེའང་རྟག་པར་ལྟ་བར་འགྱུར་རོ། །གང་སྡུག་བསྔལ་བར་སྨྲ་ན་ཆད་པར་ལྟ་བ་ཡིན་ནོ། །གལ་ཏེ་བདེ་བར་སྨྲ་ནའང་རྟག་པར་ལྟ་བ་ཡིན་ནོ། །ཡང་ཆོས་ཐམས་ཅད་མི་རྟག་གོ་བར་ནན་ཏན་བྱེད་ན་ཆད་པར་ལྟ་བར་ལྟུང་ངོ ། །ཆོས་ཐམས་ཅད་རྟག་གོ་བར་ནན་ཏན་བྱེད་ན་རྟག་པར་ལྟ་བར་ལྟུང་ངོ ། །དཔེར་ན། སྲིན་བུ་ཁུང་བུར་འགྲོ་བ་དག་རྐང་པ་སྔ་མ་བེར་ནས་རྐང་པ་ཕྱི་མ་འདོར་རོ། །རྟག་པ་དང་ཆད་པ་ལ་ནན་ཏན་བྱེད་པའང་དེ་དང་འདྲ་སྟེ། ཆད་པ་དང ། རྟག་པའི་རྐྱེན་ལ་རྟོགས་དགོས་སོ། །དོན་དེ་ལྟ་བས་ན་སྡུག་བསྔལ་བའི་ཆོས་གཞན་ལ་ནན་ཏན་བྱེད་པ་ནི་མི་དགེ་བའོ། །བདེ་བའི་ཆོས་གཞན་ལ་ནན་ཏན་བྱེད་པ་ནི་དགེ་བ་ཞེས་བྱའོ། །བདག་མེད་པའི་ཆོས་གཞན་ལ་ནན་ཏན་བྱེད་པ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཡིན་ནོ་།རྟག་པའི་ཆོས་གཞན་ལ་ནན་ཏན་བྱེད་པ་ནི་དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་ཞེས་བྱ་སྟེ། མྱ་ངན་ལས་འདས་པ་ནི་གནས་དང་རྟེན་མེད་པའོ། །མི་རྟག་པའི་ཆོས་གཞན་ལ་ནན་ཏན་བྱེད་པ་ནི་རྫས་དང ། ཟང་ཟིང་ཡོད་པའོ། །རྟག་པའི་ཆོས་གཞན་ལ་ནན་ཏན་བྱེད་པ་ནི་སངས་རྒྱས་དང ། ཆོས་དང ། དགེ་འདུན་དང ། ཡང་དག་པར་རྣམ་པར་གྲོལ་བའོ། །དེ་བས་ན་སངས་རྒྱས་ཀྱི་རང་བཞིན་ནི་ལམ་དབུ་མ་མཐའ་གཉིས་དང་ཡོངས་སུ་བྲལ་བ་ཡིན་པར་རིག་པར་བྱའོ། །ཡང་དག་པའི་ཆོས་བསྟན་པ་ལ་བུས་པ་མ་རབས་དག་ནི་དེ་ལ་ཐེ་ཚོམ་མ་བྱེད་དོ། །དཔེར་ན། ནད་པ་ཉམ་ཆུང་བ་དག་མར་
Ka187a
༄#། །འཐུངས་ན་ལུས་ཡང་ཞིང་དཀར་བར་འགྱུར་རོ། །ཡོད་པ་དང་མེད་པའི་ཆོས་ཀྱང་རང་བཞིན་གཅིག་ཏུ་མ་ཆད་དེ། དཔེར་ན། ཆེན་པོ་བཞི་རང་བཞིན་མི་མཐུན་པས་གཅིག་གི་གཉེན་པོར་གཅིག་འགྱུར་ཏེ། དེ་ལ་སྨན་པ་མཁས་པས་ནི་གང་གི་ཤས་ཆེ་བ་བཞིན་དུ་ཤིན་ཏུ་རྟོགས་སོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ལ་སྨན་པ་ལྟ་བུར་ཀུན་ནས་ཉོན་མོངས་པའི་རང་བཞིན་རྣམ་པ་ཐ་དད་པ་མཁྱེན་པས་ཡོངས་སུ་གསལ་ཏེ། དེ་བཞིན་གཤེགས་པ་གསང་བའི་སྙིང་པོ་སངས་རྒྱས་ཀྱི་རང་བཞིན་ཡོངས་སུ་དག་པ་མི་འགྱུར་མི་འཕོ་བ་སྟོན་ཏོ། །གལ་ཏེ་ཡོད་པར་སྨྲ་ན་མཁས་པ་ཤེས་རབ་ཅན་དག་ཆགས་པའི་མི་རིགས་ལ། གལ་ཏེ་མེད་པར་སྨྲ་ན་བརྫུན་དུ་སྨྲ་བར་འགྱུར་རོ། །གལ་ཏེ་ཡོད་པར་སྨྲ་ན་འཕགས་པ་ཅང་མི་སྨྲ་བའི་མི་རིགས་ལ། གཞན་ཡང་ཁྱལ་བ་དང ། རྩོད་པར་སྨྲ་བའི་མི་རིགས་ཏེ། ཡང་དག་པའི་ཆོས་ཉིད་རྟོགས་པར་འདོད་དོ། ། བུས་པ་མ་རབས་ནི་ཁྱལ་བར་སྨྲ་ཞིང་རྩོད་པས་དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་མི་ཤེས་སོ། །གལ་ཏེ་སྡུག་བསྔལ་བར་སྨྲ་ན་བུས་པ་གླེན་པ་དག་ལུས་འདི་མི་རྟག་གོ་སྙམ་སེམས་སོ། །ཐམས་ཅད་སྡུག་བསྔལ་བར་སྨྲ་ན་ལུས་ལ་བདེ་བའི་རང་བཞིན་ཡོད་པར་མི་ཤེས་སོ། །གལ་ཏེ་མི་རྟག་པར་སྨྲ་ན་བུས་པ་གླེན་པ་དག་ལུས་ཐམས་ཅད་མི་རྟག་གོ་
Ka187b
སྙམ་སྟེ། རྫ་སོ་མ་བཏང་བ་དང་འདྲ་བར་འཛིན་ཏོ། །དེ་ལ་མཁས་པ་ཤེས་རབ་ཅན་དག་ནི་རྣམ་པར་ཕྱེ་སྟེ། ཐམས་ཅད་ཀྱི་ཐམས་ཅད་དུ་མི་རྟག་པར་མི་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། བདག་གི་ལུས་ལ་སངས་རྒྱས་ཀྱི་རང་བཞིན་གྱི་ས་བོན་ཡོད་པའི་ཕྱིར་རོ། །གལ་ཏེ་བདག་མེད་པར་སྨྲ་ན་བུས་པ་གླེན་པ་དག་སངས་རྒྱས་ཀྱི་ཆོས་ཐམས་ཅད་བདག་མེད་དོ་སྙམ་དུ་འཛིན་ཏོ། །མཁས་པ་ཤེས་རབ་ཅན་ནི་བདག་མེད་པ་བླ་དྭགས་སུ་བཏགས་པར་ཟད་དེ། བདེན་པ་མེད་པར་རྣམ་པར་དབྱེའོ། །དེ་ལྟར་ཤེས་ནས་དེ་ལ་ཐེ་ཚོམ་མི་སྐྱེད་དོ། །གང་དེ་བཞིན་གཤེགས་པའི་སྙིང་པོ་སྟོང་པར་སྨྲ་ན་བུས་པ་གླེན་པ་དག་ཐོས་ནས་ཆད་པའམ། མེད་པར་ལྟ་བ་སྐྱེའོ། །མཁས་པ་ཤེས་རབ་ཅན་དག་ནི་དེ་བཞིན་གཤེགས་པ་རྟག་པ་མི་འགྱུར་མི་འཕོ་བར་བྱེ་བྲག་དབྱེའོ། །གལ་ཏེ་རྣམ་པར་གྲོལ་བ་སྒྱུ་མ་ལྟ་བུར་སྨྲ་ན་བུས་པ་གླེན་པ་དག་རྣམ་པར་གྲོལ་བ་ཐོབ་པ་རྣམས་བདུད་ཀྱི་ཆོས་ཡིན་ནོ་སྙམ་དུ་འཛིན་ཏོ། །མཁས་པ་ཤེས་རབ་ཅན་ནི་རྣམ་པར་ཕྱེ་སྟེ། མིའི་ནང་ན་སེང་གེ་ལྟ་བུར་དེ་བཞིན་གཤེགས་པ་ཉག་གཅིག་ནི་རྟག་པ་གནས་པ་མི་འགྱུར་མི་འཕོ་བར་དབྱེའོ། །གལ་ཏེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་བྱུང་བར་སྨྲ་ན། བྱིས་པ་གླེན་པ་དག་ཐོས་ནས་རིག་པ་དང ། མ་རིག་པར་ཆོས་གཉིས་སུ་བྱེ་བྲག་འབྱེད་དོ། །མཁས་པ་ཤེས་རབ་ཅན་ནི་རང་བཞིན་གྱིས་གཉིས་སུ་མེད་པར་རྟོགས་སོ། །གང་གཉིས་སུ་མེད་པ་དག་ནི་ཡང་དག་པ་ཉིད་དོ། །གལ་ཏེ་
Ka188a
༄#། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་འབྱུང་བར་སྨྲ་ན་བུས་པ་གླེན་པ་དག་འདུ་བྱེད་དང ། རྣམ་པར་ཤེས་པ་གཉིས་སུ་འཛིན་ཏོ། །མཁས་པ་ཤེས་རབ་ཅན་ནི་རང་བཞིན་གྱིས་གཉིས་སུ་མེད་པར་རྟོགས་ཏེ། གཉིས་སུ་མེད་པ་ནི་ཡང་དག་པ་ཉིད་དོ། །གལ་ཏེ་དགེ་བ་བཅུ་དང ། མི་དགེ་བ་བཅུ་པོ་འདི་ནི་བྱ་བའི་རིགས། འདི་ནི་མི་བྱ་བའི་རིགས། འདི་ནི་མཐོ་རིས་ཀྱི་ལམ། འདི་ནི་ངན་སོང་གི་རྒྱུད། འདི་ནི་རྣམ་པར་དཀར་བའི་ཆོས། འདི་ནི་ཆོས་ནག་པོའི་ཞེས་སྨྲ་ན་བུས་པ་གླེན་པ་དག་གཉིས་སུ་འཛིན་ཏོ། །མཁས་པ་ཤེས་རབ་ཅན་ནི་རང་བཞིན་གྱིས་གཉིས་སུ་མེད་པར་རྟོགས་ཏེ། གཉིས་སུ་མེད་པ་ནི་ཡང་དག་པ་ཉིད་དོ། །གལ་ཏེ་ཆོས་ཐམས་ཅད་སྡུག་བསྔལ་བར་ནན་ཏན་བྱའོ་ཞེས་སྨྲ་ན་བུས་པ་གླེན་པ་དག་གཉིས་སུ་འཛིན་ཏོ། །མཁས་པ་ཤེས་རབ་ཅན་ནི་རང་བཞིན་གྱིས་གཉིས་སུ་མེད་པར་རྟོགས་ཏེ། གཉིས་སུ་མེད་པ་ནི་ཡང་དག་པ་ཉིད་དོ། །གལ་ཏེ་འདུ་བྱེད་ཐམས་ཅད་མི་རྟག་ཅེའམ། དེ་བཞིན་གཤེགས་པའི་སྙིང་པོའང་མི་རྟག་ཅེས་སྨྲ་ན་བུས་པ་གླེན་པ་དག་གཉིས་སུ་འཛིན་ཏོ། །མཁས་པ་ཤེས་རབ་ཅན་ནི་རང་བཞིན་གྱིས་གཉིས་སུ་མེད་པར་རྟོགས་ཏེ། གཉིས་སུ་མེད་པ་ཉིད་ནི་ཡང་དག་པ་ཉིད་དོ། །ཆོས་ཐམས་ཅད་བདག་མེད་དེ། དེ་བཞིན་གཤེགས་པའི་སྙིང་པོ་ཡང་དག་པ་མེད་ཅེས་སྨྲ་ན་བུས་པ་གླེན་པ་དག་གཉིས་སུ་འཛིན་ཏོ། །
Ka188b
མཁས་པ་ཤེས་རབ་ཅན་ནི་རང་བཞིན་གྱིས་གཉིས་སུ་མེད་པར་ཆོགས་ཏེ། གཉིས་སུ་མེད་པ་ཉིད་ནི་ཡང་དག་པ་ཉིད་དོ། །བདག་དང་བདག་མེད་པ་རང་བཞིན་གྱིས་གཉིས་སུ་མེད་དོ། །དེ་བཞིན་གཤེགས་པའི་སྙིང་པོའི་དོན་ནི་དེ་ལྟར་དཔག་ཏུ་མེད་ཅིང་ཚད་མེད་མཐའ་ཡས་པར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡོངས་སུ་བསྔགས་པས་ངས་ཀྱང་ཡོན་ཏན་དང་ལྡན་པའི་མདོ་སྡེ་ཐམས་ཅད་ལས་ཀྱང་རྒྱས་པར་གསུངས་སོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་བཅུ་གཅིག་པ། རིགས་ཀྱི་བུ། བདག་ཅེས་བྱ་བ་དང ། བདག་མེད་པ་རང་བཞིན་གྱིས་གཉིས་པ་མེད་པར་ཁྱོད་ཀྱིས་དེ་ལྟར་གཟུངས་སུ་གཟུང་ལ་སྐྱེ་བོས་ལོང་ཞིག་།རིགས་ཀྱི་བུ། ཁྱོད་ཀྱིས་མདོ་སྡེ་འདི་བརྟན་པར་གཟུངས་སུ་གཟུང་ལ་དྲན་པར་གྱིས་ཤིག་།ངས་སྔོན་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོའི་མདོ་སྡེ་ལས་ཀྱང་བདག་དང་བདག་མེད་པའི་མཚན་ཉིད་ཀྱིས་གཉིས་སུ་མེད་པར་བསྟན་ཏོ། །འདི་ལྟ་སྟེ། འོ་མ་ལས་ཞོ་འབྱུང་བ་དང ། ཞོ་ལས་མར་འབྱུང་བ་དང ། མར་ལས་ཞུན་མར་འབྱུང་བ་དང ། ཞུན་མར་ལས་མར་གྱི་སྙིང་པོ་འབྱུང་སྟེ། དེ་ལྟར་ཞོའི་རང་བཞིན་དེ་འོ་མ་ལས་བྱུང་ངམ། ལོག་ཏེ་ཞོ་ཉིད་ལས་བྱུང་ངམ། འོན་ཏེ་གཞན་ནས་བྱུང་བ་མར་གྱི་སྙིང་པོའི་བར་དུའང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །གལ་ཏེ་གཞན་ལས་བྱུང་ན་གཞན་གྱིས་བྱས་པ་ཡིན་ཏེ། གཞན་
Ka189a
༄#། །གྱིས་བྱས་ན་འོ་མ་ལས་བྱུང་བ་མ་ཡིན་པར་འགྱུར་རོ། །གལ་ཏེ་འོ་མ་ལས་མ་བྱུང་ན་འོ་མ་ཅིར་ཡང་མི་དགོས་པར་འགྱུར་རོ། །གལ་ཏེ་ཞོ་ཉིད་ལས་བྱུང་ན་འདྲ་བའི་ཡང་མི་རིགས་ཏེ། གལ་ཏེ་མར་གྱི་སྙིང་པོ་འབྱུང་སྟེ། རྒྱུན་ལས་སྐྱེ་བར་འགྱུར་རོ། །གལ་ཏེ་རྒྱུན་ལས་སྐྱེས་ན། ལྷན་ཅིག་སྐྱེས་པ་མ་ཡིན་ནོ། །གལ་ཏེ་ལྷན་ཅིག་མ་སྐྱེས་ན་རོ་རྣམ་པ་ལྔ་དུས་གཅིག་ཏུ་འབྱུང་བའི་རིགས་ཏེ། དུས་གཅིག་ཏུ་བྱུང་བའང་མ་ཡིན་མོད་ཀྱི། ངེས་པར་གཞན་ནས་འོངས་པའང་མ་ཡིན་ནོ། །དེ་བས་ན་འོ་མའི་ནང་ན་མངར་བའི་རོ་ཆེ་བས་སྔ་ནས་ཞོའི་མཚན་ཉིད་ཡོད་ཀྱང་རང་འགྱུར་བར་མི་ནུས་སོ། །དེ་བཞིན་དུ་མར་གྱི་སྙིང་པོའི་བར་དུ་རྒྱས་པར་རིག་པར་བྱའོ། །བརྩཝ་ཟོས་པ་དང ། ཆུ་འཐུངས་པའི་རྒྱུ་དང་རྐྱེན་གྱིས་ཁྲག་ཏུ་འགྱུར་ཏེ། ཁྲག་ལས་འོ་མར་གྱུར་ཏོ། །གལ་ཏེ་རྩཝ་མངར་བ་ཟོས་ན་འོ་མའང་མངར་རོ། །གལ་ཏེ་རྩཝ་ཁ་བ་ཟོས་ན་འོ་མ་ཡང་ཁ་བར་འགྱུར་རོ། །གངས་ཀྱི་རི་ལ་རྩཝ་སྣུམ་པ་ཞེས་བྱ་བ་ཡོད་དེ། གལ་ཏེ་བས་ཟོས་ན་མར་གྱི་སྙིང་པོ་འབའ་ཞིག་ཏུ་འགྱུར་ཏེ། ཁ་དོག་སྔོན་པོའམ། སེར་པོའམ། དམར་པོའམ། དཀར་པོའམ། ནག་པོར་ནི་མི་མངོན་ནོ། །རྩཝ་གཞན་ཟོས་པའི་རྒྱུ་དང་རྐྱེན་ལས་འོ་མའི་རོ་དང ། ཁ་དོག་ཀྱང་ཐ་དད་པར་འགྱུར་རོ། །བུས་པ་སོ་སོའི་སྐྱེ་བོ་དག་རིག་པ་དང ། མ་རིག་པའི་ལས་ཀྱི་རྒྱུ་དང་རྐྱེན་གྱི་མཚན་ཉིད་གཉིས་
Ka189b
བསྐྱེད་དོ། །གལ་ཏེ་མ་རིག་པ་ལས་བཟློག་ན་རིག་པ་ཞེས་བྱ་སྟེ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དགེ་བ་དང ། མི་དགེ་བ་ཞེས་བྱ་བ་མཚན་ཉིད་གཉིས་སུ་མེད་དོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་འོ་མའི་ནང་ན་ཞོ་མཆིས་ཞེས་བགྱི་བའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། ཅི་སྟེ་འོ་མའི་ནང་ན་ཞོའི་རང་བཞིན་ངེས་པར་མཆིས་ལ། ཤིན་ཏུ་ཕྲ་བས་མི་མཐོང་ན་ཅིའི་སླད་དུ་འོ་མའི་རྐྱེན་གྱིས་ཞོ་འབྱུང་ངོ་ཞེས་གསུངས། ཆོས་ཐོག་མ་ནས་མ་མཆིས་ན་ནི་སྐྱེས་ཞེས་བགྱིར་རུང་ན། སྔ་ནས་མཆིས་པ་ཞིག་ལགས་ན་ཅིའི་སླད་དུ་སྐྱེས་ཞེས་བཀའ་སྩལ། ཅི་སྟེ་འོ་མའི་ནང་ན་ཞོའི་རང་བཞིན་མཆིས་པར་ངེས་ན་རྩི་ཤིང་ཐམས་ཅད་ཀྱི་ནང་ནའང་འོ་མ་མཆིས་པའི་རིགས་སོ། །དེ་བཞིན་དུ་འོ་མའི་ནང་ནའང་རྩི་ཤིང་མཆིས་པར་འགྱུར་རོ། །ཅི་སྟེ་འོ་མའི་ནང་ན་ངེས་པར་ཞོ་མ་མཆིས་པ་ཞིག་ལགས་ན། ཅིའི་སླད་དུ་འོ་མའི་རྐྱེན་གྱིས་ཞོ་འབྱུང་བར་འགྱུར། གལ་ཏེ་ཆོས་ཀྱང་སྔ་ནས་མ་མཆིས་ལ། ཕྱིས་སྐྱེས་པ་ཞིག་ལགས་ན་ཅིའི་སླད་དུ་འོ་མའི་ནང་ན་རྩི་ཤིང་མི་སྐྱེ། བཀའ་སྩལ་པ། རིགས་ཀྱི་བུ། གཅིག་ཏུ་ངེས་པར་འོ་མའི་ནང་ན་ཞོ་ཡོད་ཅེའམ། འོ་མའི་ནང་ན་ཞོ་མེད་ཅེས་པར་མི་རུང་ལ། དེ་མ་རྟོགས་པ་ལས་བྱུང་ཞེས་བྱར་ཡང་མི་རུང་ངོ ། །གལ་ཏེ་འོ་མའི་ནང་ན་ཞོ་ངེས་
Ka190a
༄#། །པར་ཡོད་དོ་ཞེས་སྨྲ་ན་ཅིའི་ཕྱིར་དངོས་པོ་དང་རོ་ཐ་དད་པར་འགྱུར་ཏེ། དེ་བས་ན་ངེས་པར་འོ་མའི་ནང་ན་ཞོའི་རང་བཞིན་ཡོད་ཅེས་བྱར་ཡང་མི་རུང་ངོ ། ། གལ་ཏེ་འོ་མའི་ནང་ན་ངེས་པར་ཞོ་མེད་དོ་ཞེས་སྨྲ་ནའང ། ཅིའི་ཕྱིར་རི་བོང་གི་རཝ་མི་འབྱུང ། འོ་མའི་ནང་ན་དུག་བླུགས་ན་ཞོ་དེ་འཐུངས་པས་འཆི་བར་འགྱུར་ཏེ། དེ་བས་ན་འོ་མའི་ནང་ན་ངེས་པར་ཞོའི་རང་བཞིན་མེད་ཅེས་བྱར་ཡང་མི་རུང་ངོ ། །ཅི་སྟེ་དེ་མ་གཏོགས་པ་གཞན་ལས་འབྱུང་ཞེས་སྨྲ་ན་ཅིའི་ཕྱིར་རྒྱུ་ལས་ཞོ་མི་འབྱུང ། དེ་བས་ན་དེ་མ་གཏོགས་པ་གཞན་ལས་ཞོ་འབྱུང་ངོ་ཞེས་བྱར་ཡང་མི་རུང་ངོ ། །རིགས་ཀྱི་བུ། བ་རྩཝ་ཟོས་པ་ལས་ཁྲག་ཏུ་འགྱུར། ཁྲག་ལས་འོ་མར་འགྱུར་ཏེ། སེམས་ཅན་གྱི་བསོད་ནམས་ཀྱི་རྒྱུས་གྲུབ་པ་ཡིན་ནོ། །དེ་ལྟར་འོ་མ་དེ་རྩཝ་དང་ཁྲག་ལས་གྱུར་མོད་ཀྱི། །ཉེས་ཞེས་བྱར་ནི་མི་རུང་སྟེ། རྒྱུ་དང་རྐྱེན་ལས་བྱུང་བ་ཞེས་བྱའོ། །ཞོ་དང་མར་གྱི་སྙིང་པོའི་བར་དུའང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །དེ་བས་ན་བའི་ཞོ་ཞེས་བྱ་སྟེ། འོ་མར་མི་སྣང་བའི་རྒྱུ་དང་རྐྱེན་གྱིས་ཞོ་ཞེས་གདགས་སོ། །རྒྱུ་དང་རྐྱེན་གང་ལས་བྱུང་ཅེ་ན། དྲོད་དང་སྐྱུར་བ་ལས་གྱུར་ཏེ། དེ་བས་ན་རྒྱུ་དང་རྐྱེན་ལས་བྱུང་བ་ནས་མར་གྱི་སྙིང་པོའི་བར་དུ་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །དེ་བས་ན་འོ་མའི་ནང་ན་ངེས་པར་ཞོའི་རང་བཞིན་མེད་དེ། གཞན་ལས་བྱུང་ངོ ། །
Ka190b
ཞེས་བྱར་མི་རུང་སྟེ་གནས་མེད་དོ། །རིགས་ཀྱི་བུ། རིག་པ་དང ། མ་རིག་པའང་དེ་དང་འདྲ་སྟེ། ཀུན་ནས་ཉོན་མོངས་པ་དང་ལྷན་ཅིག་པའི་དུས་ན་ནི་མ་རིག་པ་ཞེས་བྱའོ། །ནམ་དགེ་བའི་ཆོས་དང་ལྷན་ཅིག་པ་དེའི་དུས་ན་རིག་པ་ཞེས་བྱ་སྟེ། དེ་བས་ན་ངས་གསུངས་པ་ལ་མཚན་ཉིད་གཉིས་སུ་མེད་དེ། དེ་བས་ན་དེའི་རྒྱུ་དེའི་རྐྱེན་གྱིས་སྔར་ངས་འདི་སྐད་ཅེས་གསུངས་སོ།། སོ། །གངས་ཀྱི་རི་ལ་རྩཝ་སྣུམ་པ་ཞེས་བྱ་བ་ཡོད་དེ་བས་ཟོས་ན། ཐམས་ཅད་མར་གྱི་སྙིང་པོར་འགྱུར་བ་དང་འདྲ་བར་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲའོ། །རིགས་ཀྱི་བུ། སེམས་ཅན་བསོད་ནམས་ཆུང་བས་རྩཝ་སྣུམ་པ་ཞེས་བྱ་བ་མི་མཐོང་དང་འདྲ་བར་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། ཀུན་ནས་ཉོན་མོངས་པས་ཁེབས་པས་སེམས་ཅན་རྣམས་ཀྱིས་མི་མཐོང་ངོ ། །འདི་ལྟ་སྟེ། དཔེར་ན། རྒྱ་མཚོའི་རོ་གཅིག་ཏུ་ལན་ཚཝ་བྲོ་བ་ཡིན་ཡང་དེའི་ནང་ན་ཆུའི་རོ་ངམ་པ། འོ་མའི་རོ་བྲོ་བའང་ཡོད་དོ། །དཔེར་ན། གངས་ཀྱི་རི་ནི་ཡོན་ཏན་སྣ་ཚོགས་དང་ལྡན་ཏེ། སྨན་བཟང་པོ་ཤ་སྟག་སྐྱེའང་དེ་ལ་དུག་ཀྱང་མི་སྐྱེ་བ་མ་ཡིན་ནོ། །སོ་སོའི་སྐྱེ་བོའི་ལུས་ཀྱང་དེ་དང་འདྲ་སྟེ། སྦྲུལ་གདུག་པ་བཞི་དང་བཅས་པ་ཡིན་མོད་ཀྱི། དེ་ལ་སྨན་བཟང་པོ་རྒྱལ་པོ་ལྟ་བུའང་ཡོད་པ་ནི། འདི་ལྟ་སྟེ། སངས་རྒྱས་ཀྱི་རང་བཞིན་འདུས་བྱས་པའི་ཆོས་མ་ཡིན་པ་སྟེ། ཀུན་ནས་ཉོན་མོངས་པས་བསྒྲིབས་
Ka191a
༄#། །པར་གྱུར་ཏོ། །དེ་ལ་གང་རྒྱལ་རིགས་སམ། བྲམ་ཟེའམ། རྗེའུ་རིགས་སམ། དམངས་རིགས་ཀྱིས་ཉོན་མོངས་པ་ཀུན་བསལ་ན་སངས་རྒྱས་ཀྱི་རང་བཞིན་མཐོང་ཞིང་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན། སྟེང་གི་ནམ་མཁའ་ལ་སྤྲིན་ཆགས་ཏེ་འབྲུག་གྲགས་ན་བལ་གླང་གི་མཆེ་བ་ཀུན་ལ་མེ་ཏོག་སྐྱེའོ། །ཅི་སྟེ་འབྲུག་མ་གྲགས་ན་མེ་ཏོག་ཀྱང་མི་སྐྱེ་ལ། བཏགས་པའང་མེད་དོ། །སེམས་ཅན་རྣམས་ཀྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། གལ་ཏེ་ཀུན་ནས་ཉོན་མོངས་པས་ཁེབས་ན་མཐོང་བར་མི་འགྱུར་རོ། །དེ་བས་ན་སེམས་ཅན་ལ་བདག་མེད་ཅེས་ངས་གསུངས་ཏེ། གང་གིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་ཐོས་ན་སངས་རྒྱས་ཀྱི་རང་བཞིན་འདི་མཐོང་བར་འགྱུར་ཏེ། བལ་གླང་གི་མཆེ་བའི་མེ་ཏོག་བཞིན་ནོ། །མདོ་སྡེ་གཞན་གྱི་ཏིང་ངེ་འཛིན་ཐམས་ཅད་ཐོས་ཀྱང་མདོ་སྡེ་འདི་མ་ཐོས་ན་དེ་བཞིན་གཤེགས་པའི་སྙིང་པོ་དམ་པ་མི་མཐོང་སྟེ། ཇི་ལྟར་འབྲུག་མ་གྲགས་ན། བལ་གླང་གི་མཆེ་བའི་མེ་ཏོག་མི་མཐོང་བ་བཞིན་ནོ། །མདོ་སྡེ་འདི་ཐོས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་ཏེ་གསུངས་པའི་སྙིང་པོ་རྟོགས་པར་འགྱུར་རོ། །སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི། སྟེང་གི་ནམ་མཁའ་ལ་འབྲུག་གྲགས་ན་བལ་གླང་གི་མཆེ་བའི་མེ་ཏོག་མཐོང་བའི་དཔེའོ། །
Ka191b
མདོ་སྡེ་འདི་ཐོས་ན་སེམས་ཅན་ཆད་མེད་པ་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་རྟོགས་པར་འགྱུར་རོ། །དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ནི་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་སྙིང་པོ་ཞེས་བྱ་སྟེ། ཆོས་ཀྱི་སྐུ་བསྐྱེད་པར་འགྱུར་པ་ནི། ཇི་ལྟར་འབྲུག་གྲགས་ན་བལ་གླང་གི་མཆེ་བའི་མེ་ཏོག་སྐྱེས་བ་བཞིན་ནོ། །དེ་ལྟ་བུའི་དོན་ཆེན་པོ་འབྱུང་ཞིང་སྐྱེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཞིག་གིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་ཤིན་ཏུ་ནན་ཏན་བྱེད་ན་དེ་ནི་སངས་རྒྱས་ཀྱི་དྲིན་ལ་ལན་གློན་པ་ཡིན་ཏེ། སངས་རྒྱས་ཀྱི་ཉེ་གནས་ཡང་དག་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །ཤིན་ཏུ་ངོ་མཚར་ཏོ། །བཅོམ་ལྡན་འདས། སངས་རྒྱས་ཀྱི་རང་བཞིན་ཞེས་བགྱི་བ་ནི་ཤིན་ཏུ་ཟབ་ཅིང་ཤིན་ཏུ་ཕྲ་བས་མཐོང་བར་ཡང་དཀའ་ལ་འཇུག་པར་ཡང་དཀའ་སྟེ།་ཉན་ཐོས་དང ། རང་སངས་རྒྱས་ཀྱིས་རྟོགས་པར་འགྱུར་བ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཁྱོད་ཀྱིས་སྨྲས་པ་བཞིན་ནོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་ཀྱི་རང་བཞིན་ཞེས་བགྱི་བ་ཇི་ལྟ་བུར་ཟབ་ཅིང་མཐོང་བར་
Ka192a
༄#། །དཀའ་ལ་འཇུག་པར་ཡང་དཀའ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། གང་ཟག་དམུས་ལོང་ཞིག་མིག་གསོ་བའི་ཕྱིར་སྨན་པ་མཁས་པའི་གན་དུ་སོང་ངོ ། །སྨན་པས་གསེར་གྱི་གྲི་ཐོགས་ཏེ་མིག་གི་རབ་རིབ་ཀྱི་སྤྲིས་མ་བཅས་ནས་མཛུབ་མོ་གཅིག་སྒྲེང་སྟེ་བསྟན་ན་ལོང་བ་དེ་མི་མཐོང་ངོ ། ། ཞེས་ཟེར་རོ། །མཛུབ་མོ་གཉིས་སམ་གསུམ་བསྟན་ན་གདོད་ཅུང་ཟད་ཅིག་མཐོང་ངོ་ཞེས་ཟེར་རོ། །རིགས་ཀྱི་བུ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་མ་གསུངས་ན་བྱང་ཆུབ་སེམས་དཔའ་ཚད་མེད་པ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ནས་ས་བཅུའི་བར་དུ་གནས་ཀྱང་སངས་རྒྱས་ཀྱི་རང་བཞིན་མི་མཐོང་བ་ནི་དེ་དང་འདྲ་སྟེ། དེ་བཞིན་གཤེགས་པས་གསུངས་ནས་ཅུང་ཟད་ཅིག་མཐོང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དེ་ལྟར་མཐོང་བར་གྱུར་ནས་འདི་སྐད་ཅེས་སྨྲའོ། །ཤིན་ཏུ་ངོ་མཚར་ཏོ། །བཅོམ་ལྡན་འདས་བདག་ཅག་ནི་བསྐལ་པ་གྲགས་མེད་པའི་བར་དུ་འཁོར་བར་འཁོར་ཏེ། བདག་མེད་པས་ཡོངས་སུ་བསླུས་པར་གྱུར་ཏོ། །རིགས་ཀྱི་བུ། དེ་ལྟར་བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པས་ཀྱང་སངས་རྒྱས་ཀྱི་རང་བཞིན་གསལ་བར་མི་མཐོང་ན། ཉན་ཐོས་དང་རང་སངས་རྒྱས་ཀྱིས་མི་མཐོང་བ་ལྟ་སྨོས་ཀྱང་ཅི་དགོས། རིགས་ཀྱི་བུ། གཞན་
Ka192b
ཡང་འདི་ལྟ་སྟེ། དཔེར་ན། སྟེང་གི་ནམ་མཁའ་མཐོན་པོ་ལ་བྱ་ལྡིང་བ་ན། བྱའམ། ནམ་མཁའ་གང་ཡིན་པ་ལེགས་པར་མི་རྟོགས་ཏེ། བརྟགས་ན་གདོད་མངོན་ནོ། །ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྙིང་པོ་ཕྱོགས་ཙམ་ཞིག་རྟོགས་ཤིང་མཐོང་བའང་དེ་དང་འདྲ་ན། ཉན་ཐོས་དང ། རང་སངས་རྒྱས་ཀྱིས་རྟོགས་ཤིང་མཐོང་བ་ལྟ་ཅི་སྨོས། རིགས་ཀྱི་བུ།་དཔེར་ན། ཆང་གིས་ར་རོ་བ་ལམ་དུ་འགྲོ་ན་ལམ་བདེ་བླག་ཏུ་ལེགས་པར་མི་མཐོང་བ་བཞིན་དུ་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་དེ་དང་འདྲ་སྟེ། དེ་བཞིན་གཤེགས་པའི་སྙིང་པོའི་ཕྱོགས་ཙམ་ཞིག་རྟོགས་ཤིང་མཐོང་ངོ ། །རིགས་ཀྱི་བུ། དཔེར་ན། མི་ཞིག་འབྲོག་དགོན་པར་སོང་བ་ལས་སྐོམ་གྱིས་གདུངས་ཏེ། ཆུ་ཚོལ་བ་ལས་ཤིང་གི་སྟེང་ན་བྱ་བཞད་འདུག་པར་མཐོང་ན་མི་དེ་སྐོམ་གྱིས་གདུངས་པས་ཤིང་ངམ། །ཆུ་ཡིན་པ་མི་རྟོགས་སོ། །ལེགས་པར་བརྟགས་ན་གདོད་བྱ་བཞད་དང ། ཤིང་ཡིན་པར་ཤེས་སོ། །རིགས་ཀྱི་བུ། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྙིང་པོ་ཕྱོགས་ཙམ་ཞིག་མཐོང་ཞེང་རྟོགས་པའང་དེ་དང་འདྲ་སྟེ། གསལ་བར་བདེ་བླག་ཏུ་རྟོགས་པ་ནི་མ་ཡིན་ནོ། །རིགས་ཀྱི་བུ།་དཔེར་ན། རྒྱ་མཚོར་ཞུགས་པ་དག་དཔག་ཚད་བརྒྱའམ། སྟོང་ངམ། ཚད་མེད་པའི་ཕ་རལ་ནས་གྲུ་ཆེན་པོའི་ཡང་ཐོག་གམ། ཁང་པ་བརྩེགས་མ་མཐོང་ན་དེ་དག་འདི་སྙམ་དུ་ཡང་ཐོག་
Ka193a
༄#། །གམ། ནམ་མཁའ་གང་ཡིན་སྙམ་དུ་སེམས་ཏེ་ཡུན་རིང་དུ་བརྟགས་ན། གདོང་ངེས་པར་ཡང་ཐོག་གམ། ཁང་པ་བརྩེགས་མར་རྟོགས་སོ། །ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔས་བདག་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བའང་དེ་དང་འདྲ་སྟེ། བདེ་བླག་ཏུ་གསལ་བ་ནི་མ་ཡིན་ནོ། །རིགས་ཀྱི་བུ། དཔེར་ན། རྒྱལ་བུ་ཤིན་ཏུ་ཞོན་པ་ཞིག་མཚན་མོ་མཚན་ཡལ་ནངས་ཀྱི་བར་དུ་རྩེ་རྩེ་ན་ནང་བར་དུ་ཐམས་ཅད་བདེ་བླག་ཏུ་གསལ་བར་མི་རྟོགས་སོ། །ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔས་བདག་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བའང་དེ་དང་འདྲ་སྟེ། གསལ་བར་ཡང་མི་རྟོགས་སོ། །རིགས་ཀྱི་བུ། དཔེར་ན། བློན་པོ་ཞིག་རྒྱལ་པོས་མངགས་ན་མཚན་མོ་མུན་པའི་ནང་དུ་སོང་སོང་བ་ལས་གློག་གི་འོད་ཀྱིས་གནག་གི་ཁྱུ་གཅིག་མཐོང་ནས། དེ་འདི་སྙམ་དུ་གནག་གམ། ནགས་ཚལ་ལམ། སྤྲིན་ནམ། ཁང་ཁྱིམ་གང་ཡིན་སྙམ་སེམས་སོ། །མི་དེས་གནག་ཡིན་པར་སེམས་མོད་ཀྱི། ངེས་པ་མ་ཡིན་ནོ། །ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་དེ་དང་འདྲ་སྟེ། བདག་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ལེགས་པར་མི་རྟོགས་སོ། །རིགས་ཀྱི་བུ། གཞན་ཡང་དཔེར་ན། ཚུལ་ཁྲིམས་ལ་གནས་པའི་དགེ་སློང་དག་སྲིན་བུ་མེད་པའི་ཆུ་ལ་རྟོག་ན་ཆུའི་ནང་ན་འགུལ་བ་སྲིན་བུ་ཡིན་ནམ། རྡུལ་ཡིན་པ་བདེ་བླག་ཏུ་མི་
Ka193b
རྟོགས་སོ། །ཡུན་རིང་དུ་བརྟགས་ན་རྡུལ་ཡིན་པར་ཤེས་མོད་ཀྱི། ངེས་པར་རྟོགས་པ་ནི་མ་ཡིན་ནོ། །ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་དེ་དང་འདྲ་སྟེ། བདག་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་བདེ་བླག་ཏུ་གསལ་བར་མི་རྟོགས་སོ། །རིགས་ཀྱི་བུ། དཔེར་ན། ནམ་རྨུས་ཏེ། ནམ་མཁའ་མ་དག་ན་རྒྱང་མ་ནས་བྱིས་པ་ཆུང་ངུ་མཐོང་ནས་ཕྱུགས་སམ། བྱའམ། མིའམ་ཅི་ཡིན་པ་མི་རྟོགས་ཏེ། ཡུན་རིང་དུ་བརྟགས་ན་བྱིས་པ་ཡིན་པར་མཐོང་ཡང་གསལ་བར་རྟོགས་པ་ནི་མ་ཡིན་ནོ། །ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔས་བདག་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བའང་དེ་དང་འདྲ་སྟེ། གསལ་བར་མི་རྟོགས་སོ། །རིགས་ཀྱི་བུ། དཔེར་ན། མི་ཞིག་མཚན་མོ་མུན་པའི་ནང་ན་བྱང་ཆུབ་སེམས་དཔའི་སྐུ་གཟུགས་རི་མོ་ལ་བྲིས་པ་ཞིག་མཐོང་ན་དེ་འདི་སྙམ་དུ་འདི་བྱང་ཆུབ་སེམས་དཔའི་གཟུགས་སམ། དབང་ཕྱུག་གི་གཟུགས་སམ། ཚངས་པ་ཆེན་པོའི་གཟུགས་སམ། གོས་ཁ་དོག་བསྒྱུར་བ་ཡིན་ནམ་སྙམ་སེམས་ཏེ། དེས་ཡུན་རིང་དུ་བརྟགས་ན་བྱང་ཆུབ་སེམས་དཔའི་གཟུགས་ཡིན་པར་ཤེས་མོད་ཀྱི། གསལ་བར་རྟོགས་པ་ནི་མ་ཡིན་ནོ། །ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔས་བདག་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་མཐོང་བའང་དེ་དང་འདྲ་སྟེ། གསལ་བར་རྟོགས་པ་ནི་མ་ཡིན་ནོ། །རིགས་ཀྱི་བུ། སངས་རྒྱས་ཀྱི་རང་བཞན་ཞེས་བྱ་བ་ནི་དེ་ལྟར་ཤིན་
Ka194a
༄#། །ཏུ་ཟབ་སྟེ། མཐོང་ཞིང་རྟོགས་པར་དཀའ་བས་སངས་རྒྱས་ཉག་གཅིག་གིས་རྟོགས་ཀྱི། ཉན་ཐོས་དང་རང་སངས་རྒྱས་ཀྱིས་རྟོགས་པར་འགྱུར་བ་མ་ཡིན་ནོ། །རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་གྱིས་དེ་བཞིན་གཤེགས་པའི་སྙིང་པོ་ལ་དེ་ལྟ་བུར་བརྟག་ཅིང་བྱེ་བྲག་དབྱེ་བར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་ལྟར་སངས་རྒྱས་ཀྱི་རང་བཞིན་དེ་ཤིན་ཏུ་ཟབ་ཅིང་མཐོང་བར་དཀའ་ན། ཤའི་མིག་ཅན་དག་གིས་ཇི་ལྟར་མཐོང་བར་འགྱུར། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། རིགས་ཀྱི་བུ། དཔེར་ན། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷ་དག་ཀྱང་ཐེག་པ་གཉིས་པོས་མི་རྟོགས་མོད་ཀྱི། མདོ་སྡེའི་ལུང་གི་རྗེས་སུ་ཡིད་ཆེས་པས་རྟོགས་སོ། །རིགས་ཀྱི་བུ། ཉན་ཐོས་དང ། རང་སངས་རྒྱས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་བརྟེན་ཏེ། བདག་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་རྟོགས་པའང་དེ་དང་འདྲའོ། །རིགས་ཀྱི་བུ། དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྤྱོད་པའི་ནན་ཏན་ལ་བརྩོན་འགྲུས་བྱའོ། ། རིགས་ཀྱི་བུ། སངས་རྒྱས་ཀྱི་རང་བཞིན་ནི་སངས་རྒྱས་ཉག་གཅིག་གིས་མཁྱེན་གྱི། ཉན་ཐོས་དང ། རང་སངས་རྒྱས་ཀྱིས་ནི་ཤེས་པ་མ་ཡིན་ནོ། །ཡང་བཅོམ་ལྡན་འདས་ལ་བྱང་
Ka194b
ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། འཕགས་པ་མ་ཡིན་པ་བྱིས་པ་མ་རབས་ནི་སྲོག་ཆགས་ཐམས་ཅད་ལ་བདག་མཆིས་པར་སྨྲའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔེར་ན། རྒྱལ་བུ་ཞིག་དང་མི་དབུལ་པོ་ཞིག་མཛའ་བོར་འཐམས་ཏེ། གཅིག་གི་ཁྱིམ་དུ་གཅིག་འགྲོའོ། །དེའི་ཚེ་ན་མི་དབུལ་པོ་དེས་རྒྱལ་བུ་དེ་ལ་རལ་གྲི་ཤིན་ཏུ་བཟང་པོ་གཅིག་ཡོད་པ་མཐོང་ནས་ཆགས་པའི་སེམས་སྐྱེས་སོ། །ཕྱིས་རྒྱལ་བུ་དེ་རལ་གྲི་ཐོགས་ཏེ་ཡུལ་གཞན་དུ་སོང་ནས་མི་དབུལ་པོ་དེའང་ཕྱིས་གཞན་ཞིག་གི་ཁྱིམ་ན་ཉལ་བ་ལས་གཉིད་ལོག་པ་ན་ཁ་ན་རལ་གྲི་རལ་གྲི་ཞེས་བརྡོལ་ལོ། །དེའི་གནན་འདུག་པའི་མིས་དེ་སྐད་ཅེས་བརྡོལ་བ་ཐོས་ནས་བཟུང་སྟེ་རྒྱལ་པོ་ལ་ཕུལ་ལོ། །དེ་ནས་རྒྱལ་པོས་མི་དེ་ལ་འདི་སྐད་དུ་ཁྱོད་ཀྱི་ཁ་ནས་རལ་གྲི་རལ་གྲི་ཞེས་ཟེར་བ་ག་རེ་ཞེས་བཀའ་སྩལ་ཏོ། །མི་དེས་རྒྱུས་ཞིབ་ཏུ་རྒྱས་པར་རྒྱལ་པོ་ལ་གསོལ་ནས། གལ་ཏེ་རྒྱལ་པོས་བདག་ག་ལུས་དང ། ཡན་ལག་དང ། ཉིང་ལག་སུན་\?\་དུམ་བུ་དུམ་བུར་གཏུབས་ཀྱང་རལ་གྲི་ནི་བདག་ལ་མ་མཆིས་ཏེ། བདག་སྔོན་རྒྱལ་བུ་ཆེ་གེ་མོ་ཞིག་དང་མཛའ་བས་རྒྱལ་བུ་དེ་ལ་རལ་གྲི་བཟང་པོ་གཅིག་མཆིས་པར་མིག་གིས་ནི་མཐོང་གི་།ལག་པས་རེག་པའི་ཐུག་ཀྱང་མ་ཐུབ་ན་ཆེད་དུ་བླངས་པ་ལྟ་ཅི་སྨོས། རྒྱལ་པོ་དེས་བཀའ་སྩལ་པ། ཁྱོད་ཀྱིས་རལ་གྲི་དེ་མཐོང་ཡང་དག་ན་རལ་གྲི་དེའི་དབྱིབས་ཅི་འདྲ། གསོལ་བ། རྒྱལ་པོ་ཆེན་པོ་བདག་
Ka195a
༄#། །གིས་མཐོང་བ་ནི་ར་རུ་འདྲ་བ་ཞིག་མཐོང་ངོ ། །རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས། དགོད་དེ་ཁྱོད་མྱ་ངན་མ་བྱེད་པར་གར་དགའ་བར་སོང་ཞིག་།ཁོ་བོའི་མཛོད་ན་རལ་གྲི་དེ་འདྲ་བ་མི་སྲིད་ན། ཁྱོད་ཀྱི་རྒྱལ་བུ་དེ་ལ་མཐོང་བ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་རྒྱལ་པོ་དེས་བློན་པོ་རྣམས་ལ་བཀའ་སྩལ་པ། ཁྱེད་ཀྱིས་རལ་གྲི་དེ་འདྲ་བ་ཞིག་མཐོང་ངམ་ཞེས་དྲིས་ནས། དེ་རིང་པོ་མི་ལོན་པར་ཚེ་འདས་སོ། །དེ་ནས་རྒྱལ་པོ་དེའི་རྒྱལ་ཚབ་རྒྱལ་པོའི་དབང་བསྐུར་ནས། རྒྱལ་པོ་དེས་ཀྱང་བློན་པོ་རྣམས་ལའང་འདི་སྐད་དུ་ཁྱེད་ཀྱིས་སྔོན་མཛོད་ཀྱི་ནང་ན་རལ་གྲི་དེ་འདྲ་བ་ཞིག་མཐོང་ངམ་ཞེས་དྲིས་སོ། །བློན་པོ་རྣམས་ཀྱིས་སྨྲས་པ། བདག་ཅག་གིས་སྔོན་མཐོང་ངོ་ཞེས་གསོལ་ཏོ། །ཡང་དྲིས་པ། ཁྱེད་ཀྱིས་མཐོང་ན་རལ་གྲི་དེའི་དབྱིབས་ཅི་འདྲ་བ་ཞིག་མཐོང ། གསོལ་པ། རྒྱལ་པོ་ཆེན་པོ། བདག་ཅག་གིས་ར་རུ་འདྲ་བ་ཞིག་མཐོང་ངོ ། །རྒྱལ་པོས་སྨྲས་པ། ཁོ་བོའི་མཛོད་ཀྱི་ནང་ན་རལ་གྲི་དེ་འདྲ་བ་ཡོད་མི་སྲིད་དོ། །དེ་བཞིན་དུ་རྒྱལ་པོ་རབས་བཞིའི་བར་དུ་རལ་གྲི་དེ་རྨས་ཀྱང་ཁུངས་མ་ཕྱིན་ཏོ། །ཕྱིས་ལོ་མང་ཞིག་ལོན་པའི་འོག་ཏུ་སྔོན་བྲོས་པའི་རྒྱལ་བུ་དེ་ཡུལ་གཞན་ནས་ཕྱིར་ལོག་ནས་རྒྱལ་པོར་ཞུགས་ཏེ་རྒྱལ་པོའི་དབང་ཐོབ་ནས། དེས་ཀྱང་བློན་པོ་རྣམས་ལ་བཀའ་སྩལ་པ། ཁྱེད་ཀྱིས་རལ་གྲི་དེ་མཐོང་ངམ། བློན་པོ་རྣམས་ཀྱིས་གསོལ་
Ka195b
པ།་རྒྱལ་པོ་ཆེན་པོ། བདག་ཅག་གིས་མཐོང་ངོ ། །སྨྲས་པ། ཁྱེད་ཀྱིས་ཅི་སྟེ་མཐོང་ན་རལ་གྲི་དེའི་དབྱིབས་ཅི་འདྲ། བློན་པོ་ཁ་ཅིག་གསོལ་པ། ལྷའི་སྲས་ཤིན་ཏུ་གསལ་ཏེ། མེ་ཏོག་ཨུཏྤ་ལ་འདྲའོ། །ཁ་ཅིག་གིས་ནི། ར་རུ་འདྲའོ་ཞེས་གསོལ་ཏོ། །ཁ་ཅིག་གིས་ནི། ཁ་དོག་དམར་ཁྱད་མེའི་ཕུང་པོ་འདྲའོ་ཞེས་གསོལ་ཏོ། །ཁ་ཅིག་གིས་ནི། སྦྲུལ་ནག་པོ་འདྲའོ་ཞེས་གསོལ་ཏོ། །དེའི་ཚེ་རྒྱལ་པོ་དེ་དགོད་ནས་བློན་པོ་རྣམས་ལ་ཁྱེད་ཀྱིས་ངའི་རལ་གྲི་ཡང་དག་པ་མ་མཐོང་ངོ་ཞེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། འཇིག་རྟེན་དུ་བྱང་ནས་བདག་ཅེས་བྱ་བའི་མཚན་ཉིད་ཡང་དག་པ་བསྟན་ཏེ། བསྟན་མ་ཐག་སོང་བ་ནི། དཔེར་ན། རྒྱལ་བུ་རལ་གྲི་བཟང་པོ་ཐོགས་ཏེ་ཡུལ་གཞན་དུ་བྲོས་པ་དང་མཚུངས་སོ། །བུས་པ་གློན་པ་དག་ཐམས་ཅད་ལ་བདག་ཡོད་དོ། །བདག་ཡོད་དོ་ཞེས་སྨྲ་བ་ནི། མི་དབུལ་པོ་གཞན་གྱི་ཁྱིམ་ན་གཉིད་ལོག་པ་ལས་རལ་གྲི་རལ་གྲི་ཞེས་བརྡོལ་བ་དང་མཚུངས་སོ། །ཉན་ཐོས་དང ། རང་སངས་རྒྱས་ཀྱིས་སེམས་ཅན་རྣམས་ལ་བདག་ཅེས་བྱ་བའི་མཚན་ཉིད་ཅི་འདྲ་བ་དྲིས་ན། དེ་ལ་ཁ་ཅིག་ནི། བདག་ཏུ་ལྟ་བ་དང་བདག་ཅེས་བྱ་བའི་མཚན་ཉིད་མཐེ་བོ་ཙམ་ཞིག་ཡོད་དོ་ཞེས་སྨྲའོ། །ཁ་ཅིག་ནི། ཁྲེའི་འབྲུམ་བུ་ཙམ་ཞིག་ཡོད་དོ་ཞེས་སྨྲའོ། །ཁ་ཅིག་ནི། ཏིལ་གྱི་འབྲུ་ཙམ་ཞིག་གོ་ཞེས་སྨྲའོ། །ཁ་ཅིག་ནི། བདག་གི་མཚན་ཉིད་ཅེས་བྱ་བ་སེམས་
Ka196a
༄#། །ལ་གནས་ཏེ། ཉི་མ་ལྟ་བུར་འབར་ཞིང་གསལ་ལོ་ཞེས་སྨྲ་སྟེ། དེ་ལྟར་སོ་སོའི་སྐྱེ་བོ་དག་བདག་ཅེས་བྱ་བའི་མཚན་ཉིད་མི་ཤེས་པའང ། ཇི་ལྟར་བློན་པོ་རྣམས་ཀྱིས་རལ་གྲི་བཟང་པོ་དེ་མི་ཤེས་པ་བཞིན་ནོ། །བྱང་ཆུབ་སེམས་དཔས་དེ་ལྟར་བདག་ཅེས་བྱ་བའི་མཚན་ཉིད་བསྟན་པ་བུས་པ་གླེན་པ་དག་གིས་མི་ཤེས་པས་རྣམ་པ་སྣ་ཚོགས་བྱེ་བྲག་ཕྱེ་སྟེ། བདག་ཅེས་བྱ་བའི་མཚན་ཉིད་དུ་འཛིན་པ་ནི། རལ་གྲིའི་དབྱིབས་ཅི་འདྲ་བ་ཞེས་དྲིས་ན་ར་རུ་འདྲའོ་ཞེས་སྨྲ་བ་དང་མཚུངས་སོ། །དེ་ལྟར་བུས་པ་མ་རབས་དག་ནི་རྒྱུན་མི་འཆད་པར་ངན་པར་ལྟ་བ་བསྐྱེད་དེ། དེ་ལྟར་ངན་པར་ལྟ་བ་གཅད་པའི་ཕྱིར་དེ་བཞིན་གཤེགས་པས་བདག་མེད་པ་བསྟན་པ་ནི། དཔེར་ན། རྒྱལ་བུ་དག་བློན་པོ་རྣམས་ལ་ངའི་མཛོད་ན་དེ་འདྲ་བའི་རལ་གྲི་མེད་དོ་ཞེས་སྨྲ་བ་དང་མཚུངས་སོ། །རིགས་ཀྱི་བུ། དེང་དེ་བཞིན་གཤེགས་པས་བདག་ཅེས་བྱ་བ་བསྟན་པ་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བྱའོ། །དེ་ལྟར་སངས་རྒྱས་ཀྱི་རང་བཞིན་དེ་ནི་སངས་རྒྱས་ཀྱིས་བསྟན་པའི་ཆོས་ཀྱི་ནང་ན་རལ་གྲི་ཤིན་ཏུ་གསལ་ཞིང་དག་པ་དང་མཚུངས་སོ། །རིགས་ཀྱི་བུ། དེ་ལ་བུས་པ་མ་རབས་གང་དེ་སྐད་དུ་ལེགས་པར་སྨྲ་བ་ནི་བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་ལ་འབབ་པ་མ་ཡིན་ནོ། །དེ་ལ་གང་ཞིག་ལེགས་པར་རྣམ་པར་ཕྱེ་སྟེ་བསྟན་པའི་རྗེས་སུ་ཞུགས་ན། དེ་ནི་བྱང་ཆུབ་སེམས་དཔའི་
Ka196b
གཟུགས་ལྟ་བུར་རིག་པར་བྱའོ། །རིགས་ཀྱི་བུ། ཇི་ཙམ་དུ་རྣམ་པ་ཐ་དད་དུ་སྨྲ་བ་རིག་སྔགས་དང ། ཚིག་ལས་རྣམ་པར་རྒྱལ་བའི་གཙུག་ལག་དང ། ཡི་གེ་ལ་སོགས་པ་ཐམས་ཅད་ཀྱང་སངས་རྒྱས་ཀྱིས་བསྟན་པ་ཡིན་གྱི། མུ་སྟེགས་ཅན་གྱིས་བསྟན་པ་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པས་ཇི་ལྟ་བུར་ཡི་གེའི་མ་མོ་རྣམས་བསྟན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། སྔར་ཡི་གེ་ཕྱེད་ཀྱི་མ་མོ་བསྟན་པས་གཙུག་ལག་དང ། རིགས་སྔགས་དང ། ཚིག་ལས་རྣམ་པར་རྒྱལ་བ་དང ། སྒྲ་སྐད་ལ་སོགས་པ་འཛིན་པར་འགྱུར་ཏེ། བྱིས་པ་མ་རབས་དག་ཡི་གེའི་མ་མོ་བསླབས་པས་དེའི་འོག་ཏུ་ཆོས་དང ། ཆོས་མ་ཡིན་པ་ལ་སོགས་པ་ཤེས་པར་འགྱུར་རོ། །ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། ཡི་གེ་ཞེས་བགྱི་བའི་དོན་ཇི་ལྟ་བུ་ལགས། བཀའ་སྩལ་པ། རིགས་ཀྱི་བུ། ཡི་གེའི་འབྲུ་བཅུ་བཞི་པོ་ནི་ཡི་གེའི་དོན་ཅེས་བྱའོ། །ཡི་གེ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ། རྟག་པས་ན་མི་ཟག་པའོ། །གང་མི་ཟག་པ་དེ་ནི་མི་ཟད་པའོ། །མི་ཟད་པ་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པའི་རྡོ་རྗེའི་སྐུའོ། །དེ་བས་ན་ཡི་གེའི་འབྲུ་བཅུ་བཞི་པོ་དེ་ནི་ཡི་གེའི་མ་མོའོ། །དེ་ལ་ཨ་ཞེས་བྱ་བ་དེ་ནི་མི་འཇིག་པའོ། །གང་མི་འཇིག་པ་ནི་དཀོན་མཆོག་གསུམ་ཞེས་བྱ་སྟེ་རྡོ་རྗེ་ལྟ་
Ka197a
༄#། །བུའོ། །གཞན་ཡང་ཨ་ཞེས་བྱ་བ་ནི་མི་ཟག་པའོ། །གང་མི་ཟག་པ་ནི་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ནི་བུ་ག་དགུ་ནས་ཅིའང་མི་ཟག་པས་དེ་བས་ན་ཟག་པ་མེད་པ་ཞེས་བྱའོ། །བུ་ག་དགུ་མེད་པས་མི་ཟག་པ་སྟེ། མི་ཟག་པ་ནི་རྟག་པའོ། །རྟག་པ་ནི་དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པས་མི་ཟག་པའོ། །གཞན་ཡང་ཨ་ཞེས་བྱ་བ་ནི་ཡོན་ཏན་གྱི་ཚོགས་ཞེས་བྱའོ། །ཡོན་ཏན་གྱི་ཚོགས་ནི་དཀོན་མཆོག་གསུམ་ཡིན་པས་དེའི་ཕྱིར་ཨ་ཞེས་བྱའོ། །དེ་ལ་ཨ་ཞེས་བྱ་བ་ནི་སློབ་དཔོན་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་ཞེས་བྱ་བའི་དོན་ཇི་ལྟ་བུ་ཞེ་ན། འཇིག་རྟེན་ན་འཕགས་པ་ཞེས་གྲགས་པའོ། །འཕགས་པ་ཞེས་བྱ་བ་དེའང་ཇི་ལྟ་བུ་ཞེ་ན། འཕགས་པ་ནི་མ་ཆགས་པ། འདོད་པ་ཉུང་བ། ཆོག་ཤེས་པ། ཡོངས་སུ་དག་པ། སྲིད་པ་གསུམ་དུ་འཁོར་བའི་སེམས་ཅན་སྒྲོལ་བ་ནི་འཕགས་པ་ཞེས་བྱའོ། །གཞན་ཡང་ཨ་ཞེས་བྱ་བ་ནི་བཅས་པ་སྟེ། ཚུལ་ཁྲིམས་ལྷག་པར་བསྲུང་ཞིང་སྤྱོད་ལམ་གྱི་རྗེས་སུ་གཞོལ་བའོ། །གཞན་ཡང་ཨ་ཞེས་བྱ་བ་ནི་འཕགས་པའི་རྗེས་སུ་སྤྱོད་ལམ་འགྲོ་བ་དང ། སྡོད་པ་དང ། བསྐྱོད་པ་དང ། གཡོ་བ་དང ། དཀོན་མཆོག་གསུམ་དང ། ཕ་མ་ལ་སྲི་ཞུ་དང ། མཆོད་པ་དང ། བཀུར་སྟི་དང ། རིམ་གྲོ་དང ། ཕྱག་བྱེད་པ་སློབ་ཅིང་ཐེག་པ་ཆེན་པོ་ལའང་སློབ་
Ka197b
པའོ། །རིགས་ཀྱི་བུ། ཁྱེད་ལ་སོགས་པ་ཚུལ་ཁྲིམས་སྡོམ་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་འཕགས་པ་ཞེས་བྱའོ། །གཞན་ཡང་ཨཱ་ཞེས་བྱ་བ་ནི་སྟོན་ཅིང་འཆོས་པ་སྟེ། ཇི་ལྟར་དེ་བཞིན་གཤེགས་པས་འདི་དག་ནི་བྱ་བའི་རིགས་པའོ། །འདི་དག་ནི་བྱ་བའི་མི་རིགས་སོ་ཞེས་བསྟན་པ་ཆོས་མ་ཡིན་པ་རྣམས་མི་བྱེད་པ་ནི་འཕགས་པ་ཞེས་བྱ་སྟེ།་དེ་བས་ན་ཨཱ་ཞེས་བྱའོ། །དེ་ལ་ཨི་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཚངས་པར་སྤྱོད་པ་རྒྱ་ཆེན་པོ་ཟླ་བ་རྒྱས་པ་ལྟར་གསལ་ཞིང་དྲི་མ་མེད་པ་སྟེ། ཁྱེད་ལ་སོགས་པ་འདི་དག་ནི་བྱ་བའི་རིགས་པའོ། །འདི་དག་ནི་བྱ་བའི་མི་རིགས་པའོ། །འདི་ནི་དོན་ནོ། །འདི་ནི་དོན་མ་ཡིན་ནོ། །འདི་ནི་སངས་རྒྱས་ཀྱིས་གསུངས་པའོ། །འདི་ནི་བདུད་ཀྱིས་བསྟན་པའོ་ཞེས་བཤད་པ་སྟེ། དེ་བས་ན་ཨི་ཞེས་བྱའོ། །དེ་ལ་ཨཱི་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཤིན་ཏུ་ཟབ་ཅིང་ཕྲ་བ། ཆུད་དཀའ་བ། ལྷ་དབང་སྒྱུར་ཆེན་པོའམ། ཚངས་པ་ཆེན་པོ་ལྟར་ཆོས་ཀྱིས་དབང་བསྒྱུར་བའོ། །གང་གཟུངས་སུ་འཛིན་པ་ནི་ཆོས་བསྲུང་བ་ཞེས་བྱའོ། །གཞན་ཡང་དབང་སྒྱུར་བ་ནི་འཇིག་རྟེན་གྱི་མགོན་པོ་བཞི་སྟེ། དབང་སྒྱུར་བ་བཞི་པོས་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་སྲུང་ཞིང་འཛིན་ལ་རྒྱས་པར་སྟོན་ཅིང་འཆད་པའི་དབང་ཡང་བྱེད་དོ། །གཞན་ཡང་ཨཱི་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་ལ་ཆོས་སྟོན་པའི་དབང་བྱེད་པའོ། །གཞན་ཡང་
Ka198a
༄#། །ཱི་ཞེས་བྱ་བ་ནི་གང་དབང་དུ་འགྱུར་བའི་ཕྱིར་བཤད་པའོ། །དེའང་གང་ཞེ་ན། འདི་ལྟ་སྟེ། ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་ནན་ཏན་བྱེད་པའོ། །གཞན་ཡང་ཨཱི་ཞེས་བྱ་བ་ནི་མི་གཙང་བ་བསལ་བ་ལྟར་སེར་སྣ་དང ། ཕྲག་དོག་ཡོངས་སུ་བཅད་དེ། ཐམས་ཅད་བཀྲ་ཤིས་པར་བསྒྱུར་བས་དེའི་ཕྱིར་ཨཱི་ཞེས་བྱའོ། །དེ་ལ་ཨུ་ཞེས་བྱ་བ་ནི་མདོ་སྡེ་ཀུན་གྱི་ནང་ན་ཕུལ་དུ་གྱུར་པ། མཆོག་དམ་པ། བླ་མའི་ཡང་བླ་མར་གྱུར་པ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའོ། །གཞན་ཡང་ཨུ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རང་བཞིན་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱིས་སྔོན་མ་ཐོས་པ་སྟེ། གླིང་ཐམས་ཅད་ཀྱི་ནང་ན་བྱང་གི་སྒྲ་མི་སྙན་མཆོག་དམ་པར་གྱུར་པ་བཞིན་དུ། བྱང་ཆུབ་སེམས་དཔས་གལ་ཏེ་མདོ་སྡེ་འདི་ཉན་ཏམ། གཟུངས་སུ་འཛིན་ན། སེམས་ཅན་ཐམས་ཅད་ཀྱི་ཕུལ་དུ་འགྱུར། གཙོ་བོར་འགྱུར། མཆོག་དམ་པར་འགྱུར་ཏེ། དེ་བས་ན་མདོ་སྡེ་འདི་ནི་ཀུན་གྱི་གཙོ་བོ་མཆོག་དམ་པ་ཕུལ་དུ་གྱུར་པས་ཨུ་ཞེས་བྱའོ། །དེ་ལ་ཨུ་ཞེས་བྱ་བ་ནི་ཇི་ལྟར་བའི་འོ་མ་རོ་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་གྱུར་པ་ལྟར། དེ་བཞིན་གཤེགས་པའི་རང་བཞིན་ཡང་དེ་དང་འདྲ་སྟེ། མདོ་སྡེ་ཐམས་ཅད་ཀྱི་ནང་ན་གཙོ་བོ། མཆོག་དམ་པ་ཕུལ་དུ་གྱུར་པའོ། །གང་ཞིག་འདི་ལ་འཕྱ་བའམ་སྐུར་ན་དེ་བྱོལ་སོང་དང་ཐ་མི་དད་
Ka198b
པས་རིག་པར་བྱའོ། །གཞན་ཡང་ཨཱུ་ཞེས་བྱ་བ་ནི་གང་ཟག་དེ་ཡང་དག་པར་དྲན་པའི་ཤེས་རབ་མེད་པས་དེ་བཞིན་གཤེགས་པས་གསང་བའི་སྙིང་པོ་ལ་འཕྱ་ཞིང་སྐུར་བས་གང་ཟག་དེ་ནི་ཤིན་ཏུ་སྙིང་བརྩེ་བའི་གནས་སུ་རིག་པར་བྱ་སྟེ། དེ་ནི་དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་བདག་མེད་པ་བསྟན་པ་དང་བྲལ་བས་ཨཱུ་ཞེས་བྱའོ། །དེ་ལ་ཨེ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཉིད་མྱ་ངན་ལས་འདས་པ་སྟེ། དེ་བས་ན་ཨེ་ཞེས་བྱའོ། །དེ་ལ་ཨཻ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དོན་ཏོ། །གཞན་ཡང་ཨཻ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་གཤེགས་སམ། བཞུགས་སམ། སྨྱང་ངམ། བསྐུམ་མམ། བསྐྱོད་ཅིང་གཡོ་བ་ཐམས་ཅད་དུ་སོ་སོའི་སྐྱེ་བོ་ལ་ཕན་པ་དང་བདེ་བའི་དོན་དུ་མི་འགྱུར་བ་མ་ཡིན་ཏེ། དེ་ནི་ཨཻ་ཞེས་བྱའོ། །དེ་ལ་ཨོ་ཞེས་བྱ་བ་ནི་ཉོན་མོངས་པའི་དོན་ཏོ། །ཉོན་མོངས་པ་ནི་ཟག་པ་དང་བཅས་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ནི་ཉོན་མོངས་པ་ཐམས་ཅད་ཡོངས་སུ་བཅད་པས་ཨོ་ཞེས་བྱའོ། །དེ་ལ་ཨཽ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་དོན་ཏེ། ཡི་གེ་འབྲུ་བཅུ་བཞི་པོ་མཐར་ཕྱིན་པའི་དོན་ཏོ། །ཐེག་པ་ཆེན་པོའི་མདོ་སྡེའང་དེ་དང་འདྲ་སྟེ། མདོ་སྡེ་ཐམས་ཅད་ཀྱི་ནང་ན་མཐར་ཕྱིན་པའི་མཆོག་ཡིན་པས་ཨཽ་ཞེས་བྱའོ། །དེ་ལ་ཨོཾ་ཞེས་བྱ་བ་ནི་མ་བརྟགས་པ་མི་གཙང་བའི་དངོས་པོ་ཐམས་ཅད་བསལ་ཏེ། སངས་རྒྱས་ཀྱི་བསྟན་པ་ལས་གསེར་
Ka199a
༄#། །དང་དངུལ་ལ་སོགས་པ་རིན་པོ་ཆེ་ཐམས་ཅད་གཏོང་ནུས་པས་ཨཾ་ཞེས་བྱའོ། །དེ་ལ་ཨཿ ་ཞེས་བྱ་བ་ནི་ཐེག་པ་མཆོག་གི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོའི་མདོ་མྱ་ངན་ལས་འདས་པ་ཆེན་པོ་འདིའང་མདོ་སྡེ་ཐམས་ཅད་ཀྱི་ནང་ན་གཙོ་བོ་དམ་པ། ཕུལ་དུ་གྱུར་པས་ཨཿ ་ཞེས་བྱའོ། །དེ་ལ་ཀ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་སྐྱེ་བ་སྟེ། ཇི་ལྟར་སྒྲ་གཅན་འཛིན་བཞིན་དུ་སྲས་སུ་འདུ་ཤེས་ཤིང་དགེ་བའི་དོན་དུ་འགྱུར་བས་ཀ་ཞེས་བྱའོ། །དེ་ལ་ཁ་ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་མ་ཡིན་པའོ། །དགེ་བའི་བཤེས་གཉེན་མ་ཡིན་པ་ནི་དམེ་བ་བཙོག་པ་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པས་ཁ་ཞེས་བྱའོ། དེ་ལ་ག་ཞེས་བྱ་བ་ནི་སྙིང་པོའོ། །སྙིང་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་སྟེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ཅེས་བྱ་བ་སྟེ། དེ་ནི་ག་ཞེས་བྱའོ། །དེ་ལ་གྷ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྟག་པའི་སྒྲའོ། །དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པ་རྟག་པའི་སྒྲ་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྟག་པ། གནས་པ། མི་འགྱུར། མི་འཕོ་བས་གྷ་ཞེས་བྱའོ། །དེ་ལ་ང་ཞེས་བྱ་བ་ནི་འདུ་བྱེད་ཐམས་ཅད་ཞིག་པའི་མཚན་ཉིད་དེ། དེ་བས་ན་ང་ཞེས་བྱའོ། །དེ་ལ་ཙ་ཞེས་བྱ་བ་ནི་བསྒོམ་པའི་དོན་ཏེ། སེམས་ཅན་ཐམས་ཅད་གདུལ་བ་ནི་བསྒོམ་པའི་དོན་
Ka199b
ཅེས་བྱ་སྟེ་ཙ་ཞེས་བྱའོ། །དེ་ལ་ཚ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ལ་གདུགས་ཆེན་པོ་ལྟར་སྐྱོབ་ཅིང་ཁེབས་པས་ཚ་ཞེས་བྱའོ། །དེ་ལ་ཛ་ཞེས་བྱ་བ་ནི། ཡང་དག་པར་རྣམ་པར་གྲོལ་བ་རྒ་བའི་མཚན་ཉིད་མེད་པས་ཛ་ཞེས་བྱའོ། །དེ་ལ་ཛྷ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པས་འཆིང་བ་ནི་ནགས་ཐིབས་པོ་དང་འདྲ་བས་ཛྷ་ཞེས་བྱའོ། །དེ་ལ་ཉ་ཞེས་བྱ་བ་ནི་ཤེས་རབ་ཀྱི་དོན་ཏེ། ཡང་དག་པའི་ཆོས་ཉིད་ཤེས་པས་ན་ཉ་ཞེས་བྱའོ། །དེ་ལ་ཊ་ཞེས་བྱ་བ་ནི་ཛམྦུའི་གླིང་དུ་སྐུ་ཕྱེད་བསྟན་ཏེ། ཆོས་བཤད་པ་ནི་ཟླ་བ་ཕྱེད་ལྟ་བུ་ཡིན་པས་ཊ་ཞེས་བྱའོ། ། དེ་ལ་ཋ་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་ཟླ་བ་རྒྱས་པ་དང་འདྲ་བས་ཋ་ཞེས་བྱའོ། །དེ་ལ་ཌ་ཞེས་བྱ་བ་ནི་དགེ་སློང་གླེན་པ་དག་རྟག་པ་དང ། མི་རྟག་པ་མི་ཤེས་ཏེ། །པུས་པ་ཆུང་དུ་དང་འདྲ་བས་ཌ་ཞེས་བྱའོ། །དེ་ལ་ཌྷ་ཞེས་བྱ་བ་ནི་སློབ་དཔོན་གྱི་དྲིན་མི་ཤེས་ཏེ། ལུས་ལ་ཤ་ཟན་དང་འདྲ་བས་ཌྷ་ཞེས་བྱའོ། །དེ་ལ་ཎ་ཞེས་བྱ་བ་ནི་འགགས་པའི་དོན་མ་ཡིན་ཏེ། །མུ་སྟེགས་ཅན་ལྟ་བུ་ཡིན་པས་ཎ་ཞེས་བྱའོ། །དེ་ལ་ཏ་ཞེས་བྱ་བ་ནི་གནས་གང་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ཀྱེ་དགེ་སློང་དག་འཇིགས་ཤིང་སྐྲག་པ་སྤོངས་ཤིག་དང ། ཁྱེད་ལ་དམ་པའི་ཆོས་བསྟན་ཏོ་ཞེས་བྱུང་བ་ནི་ཏ་ཞེས་བྱའོ། །དེ་ལ་ཐ་ཞེས་བྱ་བ་ནི་གླེན་པ་གཏི་མུག་པའི་དོན་ཏེ། སེམས་ཅན་འཁོར་བས་རྣམ་པར་གླགས་ཏེ་རྣམ་པར་འཁོར་བ་ནི་དར་གྱི་སྲིན་བུའམ།
Ka200a
༄#། །སྦུར་བ་ལྟ་བུ་ཡིན་པས་ཐ་ཞེས་བྱའོ། །དེ་ལ་ད་ནི་སྦྱིན་པ་ཆེན་པོ་བྱིན་པ་སྟེ། ཐེག་པ་ཆེན་པོ་ཡིན་པས་ད་ཞེས་བྱའོ། །དེ་ལ་དྷ་ནི་ཡོན་ཏན་བསྔགས་ཤིང་བསྟོད་པ་འདི་ལྟ་སྟེ། དཀོན་མཆོག་གསུམ་ནི་རི་རབ་རིའི་རྒྱལ་པོ་དང་འདྲ་སྟེ། ཤིན་ཏུ་བཟང་ཞིང་མཐོ་ལ་ཡངས་ཤིང་ཆེ་བས་རྡིབ་ཅིང་འགྱེལ་བ་མེད་པས་ན་དྷ་ཞེས་བྱའོ། །དེ་ལ་ན་ནི་དཀོན་མཆོག་གསུམ་རབ་ཏུ་བརྟན་ཏེ། སྒོའི་གཏན་པ་དང་འདྲ་བས་མི་གཡོ་བ་ཞེས་བྱ་བ་ནི་ན་ཞེས་བྱའོ། །དེ་ལ་པ་ནི་ཕྱིན་ཅི་ལོག་གི་དོན་ཏེ། གང་འདི་སྐད་དུ་དཀོན་མཆོག་གསུམ་ཟད་ཅིང་མེད་པར་འགྱུར་རོ་ཞེས་སྨྲ་ན། དེ་ནི་བདག་བསླུས་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་པ་ཞེས་བྱའོ། །དེ་ལ་ཕ་ནི་འཇིག་རྟེན་གྱི་བགེགས་ཏེ། འཇིག་རྟེན་ན་བསྐལ་པ་འབྱུང་བའི་ཚེ་དཀོན་མཆོག་གསུམ་ཡང་མེད་པར་འགྱུར་རོ་ཞེས་སྨྲ་ན། དེ་ནི་ཤིན་ཏུའང་གླེན་ཞིང་ཤེས་རབ་མེད་པ་སྟེ། འཕགས་པ་ལ་དབང་ཟ་བ་ཡིན་པས་ཕ་ཞེས་བྱའོ། །དེ་ལ་བ་ནི་སངས་རྒྱས་ཀྱི་སྟོབས་བཅུ་ཡིན་པས་བ་ཞེས་བྱའོ། །དེ་ལ་བྷ་ནི་ཁུར་ལྕི་བ་ཁྱེར་བ་སྟེ། བླ་ན་མེད་པའི་ཡང་དག་པའི་ཆོས་ཕྲག་པ་ལ་བཀུར་བཟོད་པས་དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་པར་རིག་པར་བྱ་སྟེ། བྷ་ཞེས་བྱའོ། །དེ་ལ་མ་ནི་ཤིན་ཏུ་སྡོམ་པ་གཉན་པ་བཅས་པ་ཐེག་པ་ཆེན་པོའི་མདོ་སྡེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོ་སྟེ། མ་ཞེས་བྱའོ། །དེ་ལ་ཡ་ནི་བྱང་
Ka200b
ཆུབ་སེམས་དཔའ་རྣམས་གནས་ཐམས་ཅད་དུ་སེམས་ཅན་རྣམས་ལ་ཐེག་པ་ཆེན་པོའི་ཆོས་སྟོན་པས་ཡ་ཞེས་བྱའོ། །དེ་ལ་ར་ནི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ཡོངས་སུ་བཅོམ་ནས་ཡང་དག་པའི་ཆོས་སྟོན་པས་ར་ཞེས་བྱའོ། །དེ་ལ་ལ་ནི་ཉན་ཐོས་ཀྱི་ཐེག་པ་ཅན་ནི་འགྱུར་བ་མི་གནས་པ་སྟེ། ཐེག་པ་ཆེན་པོ་ནི་བསྟན་པ་མི་གཡོ་བས་ཉན་ཐོས་ཀྱི་ཐེག་པ་སྤོང་ཞིང་བླ་ན་མེད་པའི་ཐེག་པ་ཆེན་པོ་ལ་བརྩོན་པས་ལ་ཞེས་བྱའོ། །དེ་ལ་ཝ་ནི་སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་གྱི་ཕྱིར་ཆོས་ཆེན་པོའི་ཆར་ཕབ་ནས་འཇིག་རྟེན་གྱི་རིག་སྔགས་དང ། ཡི་གེ་དང ། གཙུག་ལག་ལ་སོགས་པ་ནི་ཝ་ཞེས་བྱའོ། །དེ་ལ་ཤ་ནི་ཟུག་རྔུ་རྣམ་པ་ལྔ་ཡོངས་སུ་སྤངས་པས་ཤ་ཞེས་བྱའོ། །དེ་ལ་ཥ་ནི་དོན་ཡོངས་སུ་རྫོགས་པ་སྟེ།་གང་ཞིག་ཡོངས་སུ་མྱ་ངན་ལས་འདས་པ་དོན་ཆེན་པོའི་མདོ་མཉན་ན། དེ་ནི་ཐེག་པ་ཆེན་པོའི་མདོ་སྡེ་ཐམས་ཅད་ཐོས་ཤིང་འཛིན་པས་ཥ་ཞེས་བྱའོ། །དེ་ལ་ས་ནི་སེམས་ཅན་རྣམས་ལ་དམ་པའི་ཆོས་བསྟན་ཏེ། སེམས་དགའ་བར་གྱུར་བས་ས་ཞེས་བྱའོ། །དེ་ལ་ཧ་ནི་སེམས་རབ་ཏུ་དགའ་བ་སྟེ། བཅོམ་ལྡན་འདས་འདུ་བྱེད་ཐམས་ཅད་དང་བྲལ་བ་ངོ་མཚར་ཆེའོ། །ེ་མ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་བྱ་བ་ནི་ཧ་ཞེས་བྱའོ། །དེ་ལ་ཀཥ་ཞེས་བྱ་བ་ནི་བདུད་ཀྱི་དོན་ཏོ། །ཚད་མེད་པའི་བདུད་ཀྱིས་དེ་བཞིན་གཤེག་
Ka201a
༄#། །པའི་གསང་བའི་སྙིང་པོ་འཇིག་མི་ནུས་པས་ཀྵ་ཞེས་བྱའོ། གཞན་ཡང་ཀྵ་ནི་འཇིག་རྟེན་པའི་རྗེས་སུ་ཕ་མ་དང ། ཆུང་མ་དང ། བུའི་བར་དུ་བསྟན་པས་ཀྵ་ཞེས་བྱའོ། །དེ་ལ་རྀ་རཱྀ་ལྀ་ལཱྀ་ཞེས་བྱ་བའི་ཡི་གེ་བཞི་པོ་འདི་ནི་དོན་རྣམ་པ་བཞིའོ། འདི་ལྟ་སྟེ། སངས་རྒྱས་དང ། ཆོས་དང ། དགེ་འདུན་དང ། གཉེན་པོའི་ཆོས་སོ། །དེ་ལ་གཉེན་པོའི་ཆོས་ནི་འཇིག་རྟེན་པའི་རྗེས་སུ་ལྷ་སྦྱིན་ལྟར་དགེ་འདུན་གྱི་དབྱེན་བྱས་པ་དང ། ཚུལ་ཁྲིམས་བཅབ་པའི་ཕྱིར་གཟུགས་དང་ཆ་ལུགས་རྣམ་པ་སྣ་ཚོགས་བསྟན་ཀྱང་མཁས་པ་ཤེས་རབ་ཅན་ནི་ཁོང་དུ་ཆུད་པས་དེ་ལ་མི་འཇིགས་ཏེ། འདི་ནི་འཇིག་རྟེན་གྱི་རྗེས་སུ་འཇུག་པ་ཡིན་པས་དེའི་ཕྱིར་ན་རྀ་རཱྀ་ལྀ་ལཱྀ་ཞེས་བྱའོ། །དབུགས་རྔུབ་པ་དང ། ལྕེའི་དབང་པོ་དང ། སྣའི་དབུགས་རིང་ཐུང་དང ། འདྲེན་པ་ལས་སྒྲའི་རྗེས་སུ་དོན་ཤེས་པར་འགྱུར་ཏེ། དེའང་ལྕེ་དང་སོ་ལས་རྣམ་པ་ཐ་དད་དུ་འགྱུར་རོ། །དེ་ལྟར་ཡི་གེའི་དོན་འདི་ནི་སེམས་ཅན་དག་གི་ངག་གི་ལས་ཡོངས་སུ་དག་པར་འགྱུར་ཏེ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་ཡི་གེ་ལ་ལྟོས་པས། གདོད་ཡོངས་སུ་དག་པར་འགྱུར་བ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་ཐོག་མ་ནས་རྣམ་པར་དག་པས་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ཀྱི་ནང་ན་གནས་ཀྱང་ཕུང་པོ་དང ། ཁམས་དང་སྐྱེ་མཆེད་ལྟ་བུ་ནི་མ་ཡིན་ནོ།
Ka201b
དེ་བས་ན་སེམས་ཅན་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་སྐྱབས་སུ་འགྲོ་བར་བྱའོ། །སངས་རྒྱས་ཀྱི་རང་བཞིན་གྱི་ཕྱིར་སེམས་ཅན་ཐམས་ཅད་ལ་ཁྱད་པར་མེད་པར་མཉམ་པར་ལྟའོ། །དེ་བས་ན་ཡི་གེ་ཕྱེད་པོ་ནི་མདོ་སྡེ་དང ། གཙུག་ལག་དང ། སྨྲ་བ་དང ། ཚིག་གིས་རྣམ་པར་རྒྱལ་བའི་རྩ་བ་ཡིན་ནོ། །ཡི་གེ་ཕྱེད་པོའི་དོན་ནི་ཀུན་ནས་ཉོན་མོངས་པ་ཀུན་གྱི་སྨྲ་བའི་རྩ་བ་ཡིན་པས་ཡི་གེ་ཕྱེད་ཅེས་བྱའོ། །ཡི་གེ་རྫོགས་པ་ནི་དགེ་བའི་ཆོས་ཐམས་ཅད་སྨྲ་བའི་རྩ་བའོ། །དཔེར་ན། འཇིག་རྟེན་ན་གང་སྡིག་པ་མི་དགེ་བ་བྱེད་པ་ནི་སྐྱེས་བུ་ཕྱེད་ཅེས་བྱའོ། །དགེ་བ་ཀུན་སྤྱོད་པ་ནི་རྫོགས་པ་ཞེས་བྱའོ། །དེ་ལྟར་ན་མདོ་སྡེ་དང ། གཙུག་ལག་དང ། སྨྲ་བ་ཐམས་ཅད་ནི་ཡི་གེ་ཕྱེད་པོའི་རྩ་བར་འགྱུར་རོ། དེ་ལ་གང་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པ་དང ། ཡང་དག་པར་རྣམ་པར་གྲོལ་བའང་ཡི་གེ་ཕྱེད་པོའི་ནང་དུ་འཇུག་ཅེས་སྨྲ་ན་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཡི་གེ་དང་བྲལ་བའི་ཕྱིར་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་ལ་མ་ཐོགས་མ་ཆགས་ཏེ། ཡང་དག་པར་རྣམ་པར་གྲོལ་ལོ། །དེ་ལ་ཡི་གེའི་དོན་རྟོགས་ཤིང་ཤེས་པ་གང་ཞེ་ན། གང་ཞིག་དེ་བཞིན་གཤེགས་པ་འཇིག་རྟེན་དུ་གཤེགས་ནས་ཡི་གེ་ཕྱེད་པོ་མེད་པར་བྱས་པ་ཤེས་ན། དེ་ནི་ཡི་གེའི་དོན་ཤེས་ཤིང་རྟོགས་པ་ཞེས་བྱའོ། །གང་ཡི་གེ་ཕྱེད་པོའི་དོན་གྱི་རྗེས་སུ་འཇུག་པ་ནི་དེ་བཞིན་གཤེགས་པའི་རང་བཞིན་མི་ཤེས་པའོ། །དེ་ལ་ཡི་
Ka202a
༄#། །གེ་མེད་པའི་དོན་གང་ཞེ་ན། གང་མི་དགེ་བའི་ཆོས་ལ་བསྙེན་ཅིང་སྤྱོད་པ་དེ་ནི་ཡི་གེ་མེད་པ་ཞེས་བྱའོ། །གཞན་ཡང་ཡི་གེ་མེད་པ་ནི་དགེ་བའི་ཆོས་ལ་བསྙེན་ཅིང་སྤྱོད་ཀྱང་དེ་བཞིན་གཤེགས་པ་རྟག་པའམ། མི་རྟག་གམ། ཐེར་ཟུག་གམ། ཐེར་ཟུག་མ་ཡིན་པ་མི་ཤེས། ཆོས་དང་དགེ་འདུན་ཡང་མི་ཤེས། འདུལ་བ་དང་འདུལ་བ་མ་ཡིན་པ་དང ། མདོ་སྡེ་དང་མདོ་སྡེ་མ་ཡིན་པ་དང ། བདུད་ཀྱིས་བསྟན་པ་དང ། སངས་རྒྱས་ཀྱིས་བསྟན་པ་མི་ཤེས་ཏེ། བྱེ་བྲག་མི་ཕྱེད་པ་དེ་ནི་ཡི་གེ་མེད་པའི་དོན་ལ་ཞུགས་པ་ཞེས་བྱའོ། །དེ་ལྟར་ན་ངས་ཡི་གེ་མེད་པའི་དོན་གྱི་རྗེས་སུ་འཇུག་པའང་ངས་བཤད་དོ། །རིགས་ཀྱི་བུ། དེ་བས་ན་ཁྱེད་ཀྱིས་ཡི་གེ་ཕྱེད་པོ་སྤངས་ཏེ། ཡི་གེ་རྫོགས་པ་ལ་ཤིན་ཏུ་མཁས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་གིས་ཡི་གེའི་གྲངས་ལ་ཤིན་ཏུ་མཁས་པར་བགྱིའོ། ། བདག་ཅག་གིས་སྟོན་པ་བླ་ན་མེད་པ་དང་མཇལ་བས་དེ་བཞིན་གཤེགས་པས་བསྟན་པའི་བཀའ་བཞིན་དུ་བགྱིའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་བཀའ་སྩལ་པ། ལེགས་སོ། །ལེགས་སོ། གང་དམ་པའི་ཆོས་བསྙེན་པར་འདོད་པ་དག་དེ་བཞིན་དུ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་
Ka202b
སྲུང་ལ་བཀའ་སྩལ་པ། རིགས་ཀྱི་བུ། འདི་ལྟ་སྟེ། བྱའི་ནང་ན་བྱ་ཀ་ལནད་ཀ་དང ། བྱ་ངུར་པ་ནི་གར་སོང་ཡང་མི་འབྲལ་ཏེ་ལྷན་ཅིག་གོ་།དེ་བཞིན་དུ་སྡུག་བསྔལ་བ་དང ། མི་རྟག་པ་དང ། བདག་མེད་པའང་དེ་དང་འདྲ་སྟེ་མི་འབྲལ་ལོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་སྡུག་བསྔལ་བ་དང ། མི་རྟག་པ་དང ། བདག་མེད་པ་ལ་བྱ་ངུར་པ་དང ། བྱ་ཀ་ལནད་ཀ་ལྟ་བུ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། སྡུག་བསྔལ་གྱི་ཆོས་ཀྱང་གཞན་ལ། བདེ་བའི་ཆོས་ཀྱང་གཞན། རྟག་པའི་ཆོས་ཀྱང་གཞན་ལ་མི་རྟག་པའི་ཆོས་ཀྱང་གཞན། བདག་ཅེས་བགྱི་བའི་ཆོས་ཀྱང་གཞན་ལ། བདག་མེད་པའི་ཆོས་ཀྱང་གཞན་ནོ། །དཔེར་ན། འབྲས་ནི་ནས་ལས་གཞན་ལ། ནས་ཀྱང་སྲན་མ་དང ། བུ་རམ་ཤིང་ལས་གཞན་ནོ། །དེ་ལྟར་རྣམ་པ་དེ་དག་ཐོག་མ་མྱུ་གུ་བྱུང་བ་ནས་ལོ་མ་དང་མེ་ཏོག་གི་བར་དུ་ནི་མི་རྟག་གོ་།འབྲས་བུར་སྨིན་ནས་མིས་ཡོངས་སུ་སྤྱོད་པ་ན་རྟག་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མཚན་ཉིད་ཀྱིས་ཡང་དག་པ་བདེན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། དེ་ལྟར་དངོས་པོ་དེ་དག་རྟག་པ་ལགས་ན། དེ་བཞིན་གཤེགས་པ་དེ་དང་འདྲ་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་སྐད་ཅེས་མ་ཟེར་ཅིག་།དེ་ཅིའི་ཕྱིར་ཞེ་ན།
Ka203a
༄#། །དེ་བཞིན་གཤེགས་པ་ལ་རི་རབ་རིའི་རྒྱལ་པོ་དང་འདྲའོ་ཞེས་བྱ་ན། ཅི་བསྐལ་པས་བཤིག་པའི་ཚེ། རི་རབ་ལྷུན་པོ་ནི་འཇིག་ཅིང་རྙིལ་བར་འགྱུར་ན་དེ་བཞིན་གཤེགས་པའང་དེའི་ཚེ་འཇིག་པར་འགྱུར་རམ། རིགས་ཀྱི་བུ་ཁྱོད་ཀྱིས་ནི་དོན་དེ་དག་ཞུ་བར་མི་བྱའོ། །རིགས་ཀྱི་བུ། ཆོས་ཐམས་ཅད་ཀྱི་ནང་ན་མྱ་ངན་ལས་འདས་པ་མ་གཏོགས་པར་ཆོས་གཅིག་ཀྱང་རྟག་ཅེས་བྱ་བ་མེད་དེ། ཀུན་རྫོབ་ཏུ་འབྲས་བུ་ནི་རྟག་ཅེས་གསུངས་སོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། ལེགས་སོ། །ཤིན་ཏུ་ལེགས་སོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །རིགས་ཀྱི་བུ། མདོ་སྡེ་ལ་སོགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་ནན་ཏན་བྱས་ཀྱང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་མ་ཐོས་ན། ཐམས་ཅད་མི་རྟག་ཅེས་སྨྲའོ། །མདོ་སྡེ་འདི་ཐོས་ནས་ཉོན་མོངས་པ་དང་བཅས་ཀྱང་ཉོན་མོངས་པ་མེད་པ་དང་འདྲ་སྟེ། ལྷ་དང་མིར་བཅས་པའི་འཇིག་རྟེན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བདག་གི་ལུས་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་རྟོགས་པས་རྟག་པ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་དཔེར་ན། ཤིང་ཨ་མྲ་ལ་མེ་ཏོག་མ་བྱུང་བ་ནི་མི་རྟག་པ་
Ka203b
ཞེས་བྱའོ། །འབྲས་བུ་མངོན་དུ་གྱུར་ནས་ཕན་པའི་དོན་དུ་འགྱུར་བས་རྟག་པ་ཞེས་བྱའོ། །དེ་ལྟར་ན་རིགས་ཀྱི་བུ། མདོ་སྡེ་ཐམས་ཅད་ལས་བྱུང་བའི་ཏིང་ངེ་འཛིན་བསྒོམས་ཀྱང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་མ་ཐོས་ན་ཐམས་ཅད་མི་རྟག་ཅེས་སྨྲའོ། །གལ་ཏེ་འདི་ཐོས་ནས་ཉོན་མོངས་པ་དང་བཅས་ཀྱང་ཉོན་མོངས་པ་མེད་པ་དང་འདྲ་སེ། ལྷ་དང་མ་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བདག་གི་ལུས་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་རྟོགས་པ་ཞེས་བྱའོ། །རིགས་ཀྱི་བུ་།གཞན་ཡང་དཔེར་ན། གསེར་གྱི་གར་བུ་བཞུས་ཏེ་ཞུ་བའི་ཚེ་ན་མི་རྟག་པ་ཞེས་བྱའོ། །ཞུ་ནས་གསེར་དུ་གྱུར་ཏེ་ཕན་པའི་དོན་དུ་གྱུར་པ་ན་རྟག་པ་ཞེས་བྱའོ། །དེ་ལྟར་ན་རིགས་ཀྱི་བུ། མདོ་སྡེ་ཐམས་ཅད་ཀྱི་ཏིང་ངེ་འཛིན་བསྒོམས་ཀྱང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་མ་ཐོས་ན་ཐམས་ཅད་མི་རྟག་ཅེས་སྨྲའོ། །མདོ་སྡེ་འདི་ཐོས་ནས་ཉོན་མོངས་པ་དང་བཅས་ཀྱང་ཉོན་མོངས་པ་མེད་པ་དང་འདྲ་སྟེ། ལྷ་དང་མི་ཐམས་ཅད་ལ་ཕན་པ་དང་བདེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བདག་གི་ལུས་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་རྟོགས་པས་རྟག་པ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་དཔེར་ན། ཏིལ་ནི་མ་བཙིར་བའི་ཚེ་ན་མི་རྟག་པ་ཞེས་བྱའོ། །བཙིར་ཏེ་མར་དུ་གྱུར་ནས་ཕན་པའི་དོན་དུ་འགྱུར་བས་རྟག་པ་ཞེས་བྱའོ། །རིགས་
Ka204a
༄#། །ཀྱི་བུ། མདོ་སྡེ་ཐམས་ཅད་ཀྱི་ཏིང་ངེ་འཛིན་བསྒོམས་ཀྱང་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་མ་ཐོས་ན་ཐམས་ཅད་མི་རྟག་ཅེས་སྨྲའོ། །མདོ་སྡེ་འདི་ཐོས་ནས་ཉོན་མོངས་པ་དང་བཅས་ཀྱང་ཉོན་མོངས་པ་མེད་པ་དང ། འདྲ་སྟེ། ལྷ་དང་མི་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བདག་གི་ལུས་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་རྟོགས་པས་རྟག་པ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་དཔེར་ན། འབབ་ཆུ་ཐམས་ཅད་ནི་རྒྱ་མཚོར་འབབ་བོ། །དེ་བཞིན་དུ་མདོ་སྡེ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ཀྱང་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་ལ་འབབ་བོ། །དེ་ཅིའི་ཕྱིར་ཞེ་ན། མཐར་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ལེགས་པར་གསུངས་པའི་ཕྱིར་རོ། ། རིགས་ཀྱི་བུ། དེ་བས་ན་རྟག་པའི་ཆོས་ཀྱང་གཞན་ལ། མི་རྟག་པའི་ཆོས་ཀྱང་གཞན་ཞེས་ངས་གསུངས་ཏེ། བདག་མེད་པའི་བར་དུའང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ནི་སློས་པའི་མྱ་ངན་གྱི་ཟུག་རྔུ་དང་བྲལ་བའོ། །སློས་པའི་མྱ་ངན་ཅན་ནི་གནམ་ཀྱི་ལྷ་ལགས་སོ། དེ་བཞིན་གཤེགས་པ་ནི་ལྷམ་ལགས་སོ། །སློས་པའི་མྱ་ངན་ནི་མི་ལགས་ཏེ། དེ་བཞིན་གཤེགས་པ་ནི་མི་མ་ལགས་སོ། །སློས་པའི་མྱ་ངན་ཅན་ནི་
Ka204b
སྲིད་པ་ཉི་ཤུ་ལྔ་པོ་ལགས་ཏེ། དེ་བཞིན་གཤེགས་པ་ནི་སྲིད་པ་ཉི་ཤུ་ལྔ་པོ་མ་ལགས་སོ། །དེ་བས་ན་དེ་བཞིན་གཤེགས་པ་ལ་སློས་པའི་མྱ་ངན་མི་མངའ་ན་ཅིའི་སླད་དུ་དེ་བཞིན་གཤེགས་པ་ལ་སློས་པའི་མྱ་ངན་མངའ་ཞེས་བསྒྲགས་ཤིང་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། འདུ་ཤེས་མེད་པའི་ལྷ་ནི་འདུ་ཤེས་མེད་པ་ཞེས་བྱའོ། །གལ་ཏེ་འདུ་ཤེས་མེད་ན་འཚོ་བའི་སྲོག་ཀྱང་མེད་དོ། །གལ་ཏེ་འཚོ་བའི་སྲོག་མེད་ན་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ག་ལ་ཞིག་ཡོད་དེ། དེ་བས་ན་འདུ་ཤེས་མེད་པའི་ལྷའི་སྲོག་ནི་འདི་ན་གནས་སོ་ཞེས་སྨྲར་མི་རུང་ངོ ། །རིགས་ཀྱི་བུ། དཔེར་ན། ཤིང་གི་ལྷའི་བུ་ཤིང་ལ་གནས་ཀྱང་ཡལ་གའམ། འཛེར་པའམ། སྡོང་པོའམ། ལོ་མ་ལ་ངེས་པར་གནས་ཞེ་བྱར་མི་རུང་སྟེ། གནས་མ་ངེས་ཀྱང་མེད་ཅེས་བྱར་ནི་མི་རུང་ངེ ། །འདུ་ཤེས་མེད་པའི་ལྷའི་སྲོག་ཀྱང་དེ་དང་འདྲའོ། །རིགས་ཀྱི་བུ། སངས་རྒྱས་ཀྱི་ཆོས་ཀྱང་དེ་དང་འདྲ་སྟེ། ཤིན་ཏུ་ཟབ་ཅིང་རྟོགས་པར་དཀའོ། །དེ་བཞིན་གཤེགས་པ་ལ་སློས་པའི་མྱ་ངན་དང་སྡུག་བསྔལ་བ་མེད་ཀྱང་སེམས་ཅན་ལ་ཐུགས་རྗེ་ཆེན་པོ་བསྐྱེད་པའི་ཕྱིར་སློས་པའི་མྱ་ངན་ཡོད་པར་སྟོན་ཏེ། སེམས་ཅན་རྣམས་ལ་སྒྲ་གཅན་འཛིན་ལྟ་བུར་གཟིགས་སོ། །གཞན་ཡང ། རིགས་ཀྱི་བུ། འདུ་ཤེས་མེད་པའི་ལྷའི་སྲོག་ནི་སངས་རྒྱས་ཉག་གཅིག་གིས་མཁྱེན་གྱི། གཞན་གྱིས་རྟོགས་པའམ་ཤེས་པ་མ་ཡིན་ནོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟེང་གི་
Ka205a
༄#། །ལྷའང་དེ་དང་འདྲའོ། །འོད་སྲུང ། དེ་བཞིན་གཤེགས་པའི་རང་བཞིན་ནི་ཡོངས་སུ་དག་ཅིང་ཆགས་པ་མེད་པ་སྟེ། དཔེར་ན། སྤྲུལ་པ་ལྟ་བུ་ཡིན་ན་སློས་པའི་མྱ་ངན་དང་སྡུག་བསྔལ་གང་ཞིག་ཡོད། གལ་ཏེ་དེ་བཞིན་གཤེགས་པ་ལ་མྱ་ངན་མེད་ན། ཇི་ལྟར་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་འགྱུར་བའི་སངས་རྒྱས་ཀྱི་ཆོས་རྒྱས་པར་སྟོན་པར་འགྱུར། ཅི་སྟེ་མེད་ན་ཅིའི་ཕྱིར་སེམས་ཅན་ཐམས་ཅད་ལ་སྲས་སྒྲ་གཅན་འཛིན་དང་འདྲ་བར་གཟིགས་སོ་ཞེས་གསུངས། ཅི་སྟེ་སེམས་ཅན་ཐམས་ཅད་ལ་སྲས་སྒྲ་གཅན་འཛིན་དང་འདྲ་བར་མི་གཟིགས་ན་དེ་སྐད་དུ་གསུངས་པ་དེའང་རྫུན་པར་འགྱུར་རོ། །དེ་བས་ན་རིགས་ཀྱི་བུ། སངས་རྒྱས་ཀྱང་བསམ་གྱིས་མི་ཁྱབ་ལ། ཆོས་ཀྱང་བསམ་གྱིས་མི་ཁྱབ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་བསམ་གྱིས་མི་ཁྱབ། འདུ་ཤེས་མེད་པའི་ལྷའི་ཚེའི་ཚད་ཀྱང་བསམ་གྱིས་མི་ཁྱབ་བོ། །དེ་བཞིན་གཤེགས་པ་ལ་མྱ་ངན་ཡོད་ཅེས་བྱ་བ་དང ། མྱ་ངན་མེད་ཅེས་བྱ་བ་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི། ཉན་ཐོས་དང ། རང་སངས་རྒྱས་ཀྱིས་ཤེས་པ་ནི་མ་ཡིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ནམ་མཁའ་སྟོང་པ་ལ་ཁང་པ་དང ། རྡུལ་ཕྲ་མོ་ལ་སོགས་པའང་མི་ཆགས་ཏེ། ཅི་སྟེ་ཁང་པ་ནི་ནམ་མཁའ་ལ་མི་རྟེན་ཞེས་བྱ་བའང་གནས་མེད་དོ། །དེ་བས་ན་ཁང་པ་ནི་ནམ་མཁའ་ལ་གནས་ཞེའམ།
Ka205b
ནམ་མཁའ་ལ་མི་གནས་ཞེས་བྱར་མི་རུང་ངོ ། །བྱིས་པ་སོ་སོའི་སྐྱེ་བོ་དག་ནི་ཁང་པ་ནམ་མཁའ་ལ་གནས་ཞེས་སྨྲ་མོད་ཀྱི། ནམ་མཁའ་ནི་ཡང་དག་པར་ན་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་གནས་མེད་པའི་ཕྱིར་རོ། །རིགས་ཀྱི་བུ། སེམས་ཀྱང་དེ་དང་འདྲ་སྟེ། ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ལ་གནས་ཞེའམ། མི་གནས་ཞེས་བྱར་མི་རུང་ངོ ། །འདུ་ཤེས་མེད་པའི་ཚེའང་དེ་དང་འདྲ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པའི་མྱ་ངན་ཡང་དེ་དང་འདྲའོ། །ཅི་སྟེ་མྱ་ངན་མེད་ན་ཅིའི་ཕྱིར་སེམས་ཅན་ལ་སྲས་སྒྲ་གཅན་འཛིན་དང་འདྲ་བར་གཟིགས་ཞེས་གསུངས། ཅི་སྟེ་ཡོད་ན་ཅིའི་ཕྱིར་རང་བཞིན་གྱིས་ནམ་མཁའ་དང་འདྲའོ་ཞེས་གསུངས། རིགས་ཀྱི་བུ། དཔེར་ན། སྒྱུ་མ་མཁན་ཞིག་ཁང་པ་དང ། གསོད་པ་དང ། གསོ་བ་དང ། འཆིང་བ་དང ། བཏང་བ་དང ། གཞན་ཡང་གསེར་དང ། དངུལ་དང ། བཻ་ཌཱུརྱ་དང ། རིན་པོ་ཆེ་རྣམ་པ་སྣ་ཚོགས་དང ། ནགས་ཚལ་དང ། ཤིང་གེལ་པ་ལ་སོགས་པ་སྣ་ཚོགས་བྱས་ན་དེ་ལ་ནི་བདེན་པའི་རང་བཞིན་མེད་དོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། འཇིག་རྟེན་པའི་རྗེས་སུ་མྱ་ངན་ལ་སོགས་པ་བསྟན་གྱི་བདེན་པ་ནི་མ་ཡིན་ནོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི་ཡོངས་སུ་མྱ་ངན་ལས་འདས་ན་དེ་ལ་མྱ་ངན་དང་སྡུག་བསྔལ་ག་ལ་ཞིག་ཡོད། གང་ཞིག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཏེ་མི་རྟག་གོ་སྙམ་སེམས་ན་གང་ཟག་
Ka206a
༄#། །དེ་ཉིད་མྱ་ངན་དང་བཅས་པ་ཡིན་པར་རིག་པར་བྱའོ། །དེ་ལ་གང་ཞིག་དེ་བཞིན་གཤེགས་པ་མྱ་ངན་ལས་མ་འདས་ཞེའམ། རྟག་པ་གནས་པ་མི་འགྱུར་བར་སེམས་ན་གང་ཟག་དེ་ནི་མྱ་ངན་མེད་པ་སྟེ། དེ་བཞིན་གཤེགས་པ་ལ་མྱ་ངན་ཡོད་པར་རམ། མྱ་ངན་མེད་པར་ཤེས་པ་མེད་དོ། །གཞན་ཡང་རིགས་ཀྱི་བུ། དཔེར་ན། མི་མ་རབས་ཐ་མ་ནི་སྐྱེས་བུ་འབྲིང་དང་རབ་ཀྱི་ཆོས་མི་ཤེས་སོ། །སྐྱེས་བུ་འབྲིང་ཡང་རབ་ཀྱི་ཆོས་མི་ཤེས་སོ། །སྐྱེས་བུ་རབ་ནི་རབ་ཀྱི་ཆོས་ཀྱང་ཤེས་ལ། འབྲིང་དང་ཐ་མའི་ཆོས་ཀྱང་ཤེས་སོ། །ཉན་ཐོས་དང ། རང་སངས་རྒྱས་ཀྱང་དེ་དང་འདྲ་སྟེ། བདག་གིས་ཤེས་པར་ཟད་ཀྱི། དེ་བཞིན་གཤེགས་པ་ནི་དེ་ལྟ་མ་ཡིན་ཏེ། བདག་གིས་ཀྱང་མཁྱེན་ལ་གཞན་གྱིས་ཀྱང་མཁྱེན་པས་དེའི་ཕྱིར་ན་དེ་བཞིན་གཤེགས་པ་ནི་ཐོགས་པ་མེད་པའི་ཡེ་ཤེས་ཞེས་བྱའོ། །འཇིག་རྟེན་གྱི་རྗེས་སུ་སྒྱུ་མ་དང་འདྲ་བ་བསྟན་པས་བུས་པ་ཤའི་མིག་ཅན་དག་ནི་ཡང་དག་པ་བདེན་པ་ཡིན་ནོ་སྙམ་སེམས་ཏེ། དེས་དེ་བཞིན་གཤེགས་པའི་ཐོགས་པ་མེད་པའི་ཡེ་ཤེས་ཤེས་པར་འགྱུར་བའི་གནས་མེད་དོ། །མྱ་ངན་ཡོད་དམ། མྱ་ངན་མེད་པ་ནི་སངས་རྒྱས་ཉག་གཅིག་གིས་མཁྱེན་པས་དེའི་ཕྱིར་ན་བདག་ཡོད་པའི་ཆོས་ཀྱང་གཞན་ལ། བདག་མེད་པའི་ཆོས་ཀྱང་གཞན་ཏེ། བྱ་ངུར་པ་དང་ཀ་ལནད་ཀ་ལྟ་བུའོ། །གཞན་ཡང་རིགས་ཀྱི་བུ། སངས་རྒྱས་ཀྱི་ཆོས་ནི་བྱ་
Ka206b
ངུར་པ་དང་ཀ་ལནད་ཀ་ལྷན་ཅིག་ཏུ་འགྲོ་བ་དང་མཚུངས་སོ། །བྱ་ངུར་པ་དང ། ཀ་ལནད་ཀ་ནི་དབྱར་ཆུ་བྲུག་པ་ན། གནས་མཐོ་ཞིང་བཙན་པོར་ཕྲུ་གུ་གླགས་ནས་གསོ་བའི་ཕྱིར་གདོད་གང་ན་ཆུ་ཡོད་པར་འགྲོའོ། །དེ་བཞིན་གཤེགས་པ་འཇིག་རྟེན་དུ་གཤེགས་པའང་དེ་དང་འདྲ་སྟེ། ཚད་མེད་པའི་སེམས་ཅན་དམ་པའི་ཆོས་ཀྱིས་སྐྱོང་བ་ཇི་ལྟར་བྱ་ངུར་པ་དང ། ཀ་ལནད་ཀ་ལ་སོགས་པ་གནས་བཙན་ཞིང་མཐོན་པོར་ཕྲུ་གུ་འཇོག་པ་དང་འདྲ་བར་དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སེམས་ཅན་གྱི་མཛད་པ་ཀུན་མཛད་ནས་ཡོངས་སུ་མྱ་ངན་ལས་འདས་པར་གཤེགས་སོ། །རིགས་ཀྱི་བུ། དེས་ནི་སྡུག་བསྔལ་གྱི་ཆོས་ཀྱང་གཞན་ལ། བདེ་བའི་ཆོས་ཀྱང་གཞན་ཏེ། འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བ། མྱ་ངན་ལས་འདས་པ་ནི་བདེ་བའོ། །དོན་དམ་པ་ནི་འདུ་བྱེད་ཐམས་ཅད་འཇིག་པའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་སེམས་ཅན་མྱ་ངན་ལས་འདའ་བ་ཐོབ་པ་དག་རབ་ཏུ་བདེ་བ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ངས་གསུངས་པ་ལྟར་ན། འདུ་བྱེད་ཐམས་ཅད་འདུས་པ་ནི་རྒ་བ་དང་འཆི་བའོ་ཞེས་གསུངས་སོ། །བག་དང་ལྡན་ཞིང་བག་བྱེད་པ། །དེ་ནི་བདུད་རྩི་ལྟ་བུའི་གནས། །བག་དང་མི་ལྡན་བག་མེད་པ། །དེ་ནི་འཆི་བའི་གནས་ཡིན་ནོ། །དེ་ལ་བག་བྱེད་པ་དག་ནི། །མི་འཆི་བ་ཡི་གནས་ཐོབ་བོ། །དེ་ལ་བག་མེད་པ་དག་ནི། །རྟག་ཏུ་འཆི་བའི་
Ka207a
༄#། །ལམ་དུ་འགྲོ། །གང་བག་མི་བྱེད་པ་ནི་འདུས་བྱས་ཀྱི་ཆོས་ཞེས་བྱའོ། །གང་འདུས་བྱས་ཀྱི་ཆོས་དེ་ནི་སྡུག་བསྔལ་བའི་མཆོག་ཡིན་ནོ། །གང་བག་བྱེད་པ་ནི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། མྱ་ངན་ལས་འདས་པ་ནི་བདུད་རྩི་ཞེས་བྱ་སྟེ། བདེ་བའི་མཆོག་གོ་།གལ་ཏེ་འདུ་བྱེད་ལ་ཞུགས་ན་འཆི་བའི་གནས་ཞེས་བྱ་སྟེ། སྡུག་བསྔལ་གྱི་མཆོག་ཏུ་འགྱུར་རོ། །གལ་ཏེ་མྱ་ངན་ལས་འདས་པར་ཕྱིན་ན། མི་འཆི་བ་ཞེས་བྱ་སྟེ། བདེ་བའི་མཆོག་མྱོང་བར་འགྱུར་རོ། །གལ་ཏེ་བག་བྱེད་ན་འདུ་བྱེད་མང་པོ་འདུས་ཀྱང་རྟག་པ། བདེ་བ།་མི་འཆི་བ། མི་འཇིག་པ་ཞེས་བྱའོ། །དེ་ལ་བག་མེད་པ་ནི་གང ། བག་བྱེད་པ་ནི་གང་ཞེ་ན། འཕགས་པ་མ་ཡིན་པ་བུས་པ་མ་རབས་ནི་བག་མེད་པ་སྟེ། འཆི་བ་དང་བཅས་པའི་ཆོས་ཅན་ནོ། །འཇིག་རྟེན་ལས་འདས་པའི་འཕགས་པ་ནི་བག་དང་ལྡན་པ་སྟེ། རྒ་ཤི་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། །མཆོག་ཏུ་བདེ་བའི་མྱ་ངན་ལས་འདས་པར་ཞུགས་པའི་ཕྱིར་རོ།། དེ་བས་ན་སྡུག་བསྔལ་བའི་ཆོས་ཀྱང་གཞན་ལ། བདེ་བའི་ཆོས་ཀྱང་གཞན་ནོ། །བདག་ཅེས་བྱ་བའི་ཆོས་ཀྱང་གཞན་ལ། བདག་མེད་པའི་ཆོས་ཀྱང་གཞན་ཏེ། ཇི་ལྟར་ས་ལ་འགྲོ་བའི་མི་དག་ནམ་མཁའི་བྱའི་རྗེས་བརྟགས་ན་མི་མཐོང་བ་བཞིན་ནོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་བཅུ་གཉིས་པ། རིགས་ཀྱི་བུ།
Ka207b
སེམས་ཅན་ཡང་དེ་དང་འདྲ་སྟེ། འཕྲུལ་གྱི་མིག་ནི་མེད་ཀྱི། ཉོན་མོངས་པ་དང་བཅས་པས་བདག་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་མི་མཐོང་ངོ ། །དེ་བས་ན་ངས་བདག་མེད་པ་ཞེས་བྱ་བ་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཕྲུལ་གྱི་མིག་མེད་པ་དག་བདག་ཅེས་བྱ་བ་ཡང་དག་པ་ནི་མི་ཤེས་ཀྱི། བླ་དྭགས་སུ་བདག་ཅེས་བྱ་བ་འཛིན་པས་ཉོན་མོངས་པའི་དབང་གིས་འདུས་བྱས་ལ་རྣམ་པར་འདུ་བྱེད་དེ། མི་རྟག་པ་ཞེས་བྱའོ། །དེ་བས་ན་ངས་རྟག་པའི་ཆོས་ཀྱང་གཞན་ལ། མི་རྟག་པའི་ཆོས་ཀྱང་གཞན་ཞེས་བཤད་དོ། །དེ་ལ་འདི་སྐད་ཅེས་བྱའོ། །དཔའ་ཞིང་རྩོལ་ནུས་པ་དག་ནི། །རི་ཡི་རྩེ་མོ་ལ་འདུག་གམ། །ཐང་ངམ་དགོན་པ་གར་གནས་ཀྱང ། །བྱིས་པ་མ་རབས་རྟག་ཏུ་མཐོང ། །ཡེ་ཤེས་ཆེན་པོའི་གནས་ཕྱིན་ཏེ། །བླ་ན་མེད་པའི་སྟེགས་འཛེགས་ན། །བདག་གི་མྱ་ངན་ཀུན་སེལ་བས། །སེམས་ཅན་ཀུན་གྱི་མྱ་ངན་མཐོང ། །དེ་བཞིན་གཤེགས་པ་ནི་སེམས་ཅན་ཚད་མེད་པའི་ཉོན་མོངས་པ་ཐམས་ཅད་བཅོམ་ནས་ཡེ་ཤེས་ཀྱི་རི་བོ་ལ་བཞུགས་པས་སོ་སོའི་སྐྱེ་བོ་ཐམས་ཅད་ནི་རྟག་ཏུ་ཚད་མེད་པའི་ཉོན་མོངས་པས་རྣམ་པར་གཟིར་བར་གཟིགས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་གསུངས་པ་ལྟར་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མྱ་ངན་ལས་འདས་པ་ལ་མྱ་ངན་
Ka208a
༄#། །ཞེས་བགྱི་བའང་མ་མཆིས། དགའ་བའང་མ་མཆིས་ན་ཅིའི་སླད་དུ་ཡེ་ཤེས་ཀྱི་སྟེགས་ལ་འཛེགས་པ་དང ། རིའི་རྩེ་མོ་ལྟ་བུར་ཕྱིན་པ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་མཐོང་ངོ་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཡེ་ཤེས་ཀྱི་སྟེགས་ནི་མྱ་ངན་ལས་འདས་པ་ལ་བྱའོ། །མྱ་ངན་མེད་པ་ནི་དེ་བཞིན་གཤེགས་པའོ། །མྱ་ངན་དང་བཅས་པ་ནི་བྱིས་པ་མ་རབས་རྣམས་སོ། །བྱིས་པ་མ་རབས་ནི་མྱ་ངན་དང་བཅས་པ། དེ་བཞིན་གཤེགས་པ་ནི་མྱ་ངན་མེད་པ་ཞེས་བྱའོ། །རི་རབ་ཀྱི་རྩེ་མོ་ཞེས་བྱ་བ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །གང་བརྩོན་འགྲུས་ལ་འབད་པ་ནི་རི་རབ་ལྷུན་པོ་ལྟ་བུ་སྟེ། མི་གཡོ་མི་ལྡེག་པའོ། །ས་ཞེས་བྱ་བ་ནི་འདུས་བྱས་ཀྱིས་རྣམ་པར་འདུ་བྱེད་པ་སྟེ། བྱིས་པ་མ་རབས་དག་ནི་ས་དེ་ལ་གནས་ནས་འདུས་བྱས་ལ་རྣམ་པར་འདུ་བྱེད་དོ། །མཁས་པ་ཤེས་རབ་ཅན་དག་ནི་མངོན་པར་སངས་རྒྱས་པ་སྟེ། ཡོད་པ་རྣམ་པར་སྤངས་ནས་རྟག་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ནི་སོ་སོའི་སྐྱེ་བོ་ཚད་མེད་པ་དག་སྲིད་པའི་ཟུག་རྔུས་ཟུག་པ་ལ་ཐུགས་བརྩེ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་མྱ་ངན་ཡོད་ཅེས་བྱའོ།། བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། བཅོམ་ལྡན་འདས། གལ་ཏེ་དེ་བཞིན་གཤེགས་པ་ལ་མྱ་ངན་མངའ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་གདགས་
Ka208b
སུ་མི་རུང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། དེའང་དོན་མེད་པ་མ་ཡིན་ཏེ། སོ་སོའི་སྐྱེ་བོ་གང་དང་གང་གིས་འདུལ་བར་འགྱུར་བ་དེ་དང་དེ་དག་ཏུ་དེ་བཞིན་གཤེགས་པ་སྐྱེ་བ་སྟོན་ཏོ། །སྐྱེ་བ་སྟོན་མོད་ཀྱི་ཡང་དག་པར་སྐྱེ་བ་མེད་དེ། དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པ་གནས་པའི་ཆོས་ཅན་ཏེ། ཀ་ལནད་ཀ་དང་བྱ་ངུར་པ་ལྟ་བུའོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། གང་ཟག་དག་ཟླ་བ་སྤྲིན་གྱིས་ཆོད་དེ་མི་སྣང་ན། ཟླ་བ་ནུབ་བོ་སྙམ་སེམས་ཏེ། ཡང་དག་པར་ན་ཟླ་བ་ལ་ནུབ་པ་མེད་དོ། །གླིང་གཞན་དུ་ཤར་བ་ན་དེ་ན་གནས་པའི་སེམས་ཅན་དག་ནི་ཟླ་བ་ཤར་རོ་སྙམ་སེམས་ཏེ། ཡང་དག་པ་ན་ཟླ་བ་ལ་ཤར་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རི་རབ་ལྷུན་པོས་བསྒྲིབས་ཏེ་མི་སྣང་གི་།ཟླ་བ་ལ་ཤར་བའམ། ནུབ་པ་ཞེས་བྱ་བ་མེད་དོ། །དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་དེ་དང་འདྲ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཤེགས་པ་ཛམྦུའི་གླིང་དུ་ཕ་དང་མའང་ཡོད་པར་བསྟན་ནས། སོ་སོའི་སྐྱེ་བོ་དག་ནི་དེ་བཞིན་གཤེགས་པ་ཛམྦུའི་གླིང་དུ་འབྱུང་ངོ་སྙམ་སེམས་སོ། །ཛམྦུའི་གླིང་དུ་མྱ་ངན་ལས་འདས་པའང་བསྟན་ཏེ། དེ་བཞིན་གཤེགས་པ་ཡང་དག་པར་མྱ་ངན་ལས་འདས་པ་མེད་ཀྱང ། སེམས་ཅན་དག་ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་སོ་སྙམ་སེམས་ཏེ། ཇི་ལྟར་ཟླ་བ་ནུབ་པའི་དཔེ་བཤད་
Ka209a
༄#། །པ་བཞིན་ནོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཉིད་ལའང་ཡང་དག་པར་ན་སྐྱེ་བ་དང་འགོག་པ་མེད་དེ། སེམས་ཅན་གདུལ་བའི་ཕྱིར་སྐྱེ་བ་དང ། འགོག་པ་བསྟན་ཏོ། །རིགས་ཀྱི་བུ། དཔེར་ན། ཟླ་བ་ཁམས་འདི་དག་ཏུ་ཡོངས་སུ་རྒྱས་པར་སྣང་ན་ཁམས་གཞན་དུ་ཕྱེད་དུ་སྣང་ངོ ། །ཁམས་འདི་ན་ཕྱེད་དུ་སྣང་ན་ཁམས་གཞན་ན་རྒྱས་པར་སྣང་ངོ ། །ཛམྦུའི་གླིང་གི་མི་དག་ཟླ་བ་ཐོག་མ་ཤར་བ་མཐོང་ན་ཚེས་གཅིག་ཅེས་ཟེར་ཏེ། ཟླ་བ་ཚེས་པའི་འདུ་ཤེས་བསྐྱེད་དོ། །ཟླ་བ་རྒྱས་ཤིང་གང་བ་མཐོང་ན་ཚེས་བཅོ་ལྔ་ཞེས་ཟེར་ཏེ། ཟླ་བ་རྒྱས་པའི་འདུ་ཤེས་བསྐྱེད་དོ། །ཡང་དག་པར་ན་ཟླ་བ་ཉིད་ལ་ནི་སྐྱེ་བ་དང་འབྲི་བ་མེད་དེ། རི་རབ་ལྷུན་པོའི་དབང་གིས་ནི་སྐྱེ་བ་དང་འདྲི་བའང་ཡོད་དོ། །རིགས་ཀྱི་བུ།་དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཛམྦུའི་གླིང་འདིར་ཐོག་མ་སྐྱེ་བའང་བསྟན། མྱ་ངན་ལས་འདས་པའང་བསྟན་ཏེ། ཐོག་མ་སྐྱེ་བ་བསྟན་པ་ནི་ཟླ་བ་ཚེས་པ་དང་འདྲའོ། ། ཐམས་ཅད་ཀྱིས་གཞོན་ནུ་ཐོག་མ་བཙས་ནས་གོམ་པ་བདུན་པོར་བ་ན་ཚེས་གཉིས་ཀྱི་ཟླ་བ་ལྟ་བུར་སེམས་སོ། །དེ་ནས་གཞོན་ནུ་སློབ་པ་ལ་ཞུགས་པ་བསྟན་པ་ན་ཚེས་གསུམ་གྱི་ཟླ་བ་ལྟ་བུར་སེམས་སོ། །རབ་ཏུ་བྱུང་བ་བསྟན་པ་ན་ཚེས་བརྒྱད་ཀྱི་ཟླ་བ་ལྟ་བུར་སེམས་སོ། །ཡེ་ཤེས་ཀྱི་འོད་ཆེན་པོ་བཏང་ནས་སེམས་ཅན་ཚད་མེད་པ་དང་བདུད་མང་པོ་བཏུལ་བ་ན་
Ka209b
ཚེས་བཅོ་ལྔའི་ཟླ་བ་རྒྱས་པ་ལྟ་བུར་སེམས་སོ། །གཞན་ཡང་མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུས་ཡོངས་སུ་བརྒྱན་པ་མྱ་ངན་ལས་འདས་པ་བསྟན་པ་ན་ཟླ་བ་བྲི་བ་ལྟ་བུར་སེམས་སོ། །དེ་ལྟར་སེམས་ཅན་དག་ནི་མཐོང་བ་མི་འདྲ་སྟེ། ལ་ལས་ནི་ཟླ་བ་ཕྱེད་རལ་དུ་མཐོང ། ལ་ལས་ནི་ཟླ་བ་རྒྱས་པར་མཐོང ། ལ་ལས་ནི་ཟླ་བ་འབྲི་བར་མཐོང་སྟེ། ཟླ་བའི་རང་བཞིན་ལ་ནི་ཡང་དག་པར་ན་སྐྱེ་བ་དང་འབྲི་བ་མེད་དེ། རྟག་ཏུ་རྒྱས་ཤིང་གང་ངོ ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། དེ་བས་ན་རྟག་པ་གནས་པ་མི་འགྱུར་བ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། ཟླ་བ་རྒྱས་པ་ནི་གནས་གང་དང་གང་དུ་གྲོང་ཁྱེར་རམ། གྲོང་རྡལ་ལམ། རིའམ། འབྲོག་གམ། ཆུའམ། ཁྲོན་པའམ། རྫིང་ངམ། གཞོང་པའམ། གནས་ཐམས་ཅད་དུ་སྣང་སྟེ། སེམས་ཅན་གང་དཔག་ཚད་གཅིག་གམ། དཔག་ཚད་བརྒྱ་སྟོང་གི་བར་དུ་སོང་ཡང་ཟླ་བ་དེ་བཞིན་དུ་མཐོང་སྟེ། དེ་ལ་བུས་པ་གླེན་པ་དག་འདི་སྙམ་དུ་སེམས་ཏེ། བདག་ཁྱིམ་ན་འདུག་པ་ན་ཟླ་བ་འདི་མཐོང་ན་ད་འབྲོག་དགོན་པ་འདིར་ཡང་མཐོང་བ་འདི་ཟླ་བ་སྔོན་མཐོང་བ་དེ་ཡིན་ནམ་མ་ཡིན་སྙམ་སེམས་སོ། །དེ་ལ་དེ་དག་ཆེ་ཆུང་གི་ཚད་ཀྱང་དཔྱོད་དེ། ལ་ལ་ནི་ཟངས་ཀྱི་ཁ་ཁོར་ཙམ་མོ་ཞེས་ཟེར་རོ། །ལ་ལ་ནི་ཤིང་རྟའི་འཁོར་ལོ་ཙམ་མོ་ཞེས་ཟེར་རོ། །ལ་ལ་ནི་དཔག་ཚད་བཞི་བཅུ་རྩ་དགུ་ཡོད་དོ་ཞེས་ཟེར་རོ། །
Ka210a
༄#། །ཐམས་ཅད་ཀྱིས་ཟླ་བའི་འོད་མཐོང་ཡང་ལ་ལ་ནི་ཟླུམ་པོ་གསེར་གྱི་གཞོང་པ་ལྟ་བུར་མཐོང་སྟེ། དེ་ལྟར་ཟླ་བའི་རང་བཞིན་གཅིག་ཀྱང་སེམས་ཅན་རྣམ་པ་ཐ་དད་པས་སྣ་ཚོགས་སུ་རྣམ་པ་ཐ་དད་པར་འདུ་ཤེས་སོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། འཇིག་རྟེན་དུ་མངོན་པར་གཤེགས་ནས་དེ་ལ་ལྷ་དང་མི་ཁ་ཅིག་ནི་འདི་སྙམ་དུ། དེ་བཞིན་གཤེགས་པ་འདི་བདག་འབའ་ཞིག་གི་མིག་སྔ་ན་བཞུགས་སོ་སྙམ་སེམས་སོ། །སེམས་ཅན་ཁ་ཅིག་ཀྱང་འདི་སྙམ་དུ་དེ་བཞིན་གཤེགས་པ་ནི་བདག་འབའ་ཞིག་གི་མིག་སྔ་ན་སྣང་ངོ་སྙམ་སེམས་སོ། །སེམས་ཅན་འོན་པ་དང ། ལྐུགས་པ་ཁ་ཅིག་ནི། དེ་བཞིན་གཤེགས་པའང་འོན་ནམ་ལྐུགས་སྙམ་སེམས་སོ།། སེམས་ཅན་སྐད་རྣམ་པ་སྣ་ཚོགས་མི་མཐུན་པའང་སོ་སོ་ན་དེ་བཞིན་གཤེགས་པ་ནི་བདག་འབའ་ཞིག་གི་སྐད་དུ་གསུང་ངོ་སྙམ་སེམས་སོ། །སོ་སོ་ནས་བདག་འབའ་ཞིག་གི་ཁྱིམ་དུ་གཤེགས་ཏེ། བདག་འབའ་ཞིག་གི་མཆོད་པ་བཞེས་སོ་སྙམ་སེམས་སོ། །སེམས་ཅན་ལ་ལས་ནི་དེ་བཞིན་གཤེགས་པའི་སྐུ་ཚད་མེད་པ་རྒྱ་ཆེན་པོར་མཐོང་ངོ། །ལ་ལས་ནི་སྐུ་རབ་ཏུ་ཆུང་ངུར་མཐོང་ངོ ། །ལ་ལས་ནི་ཉན་ཐོས་ཀྱི་གཟུགས་ལྟ་བུར་མཐོང་ངོ ། །ལ་ལས་ནི་རང་སངས་རྒྱས་ཀྱི་གཟུགས་ལྟ་བུར་མཐོང་ངོ ། །མུ་སྟེགས་
Ka210b
ཅན་ཁ་ཅིག་ནི། འདི་སྙམ་དུ་དེ་བཞིན་གཤེགས་པ་ནི་བདག་གི་ཆོས་ཀྱིས་རབ་ཏུ་བྱུང་སྟེ། སློབ་པ་ལ་ཞུགས་སོ་སྙམ་སེམས་སོ། །སེམས་ཅན་ལ་ལ་ནི་འདི་སྙམ་དུ་དེ་བཞིན་གཤེགས་པ་བདག་འབའ་ཞིག་གི་ཕྱིར་འཇིག་རྟེན་དུ་གཤེགས་སོ་སྙམ་སེམས་སོ། །དེ་བཞིན་གཤེགས་པའི་རང་བཞིན་ཡང་དག་པ་ནི་ཟླ་བ་དང་འདྲ་སྟེ། ཆོས་ཀྱི་སྐུ། མི་སྐྱེ་བའི་སྐུ། ཐབས་ཀྱི་སྐུ་སྟེ། འཇིག་རྟེན་པའི་རྗེས་སུ་སྔོན་གྱི་ལས་རྣམ་པ་ཚད་མེད་པ་གནས་ཐམས་ཅད་དུ་སྐྱེ་བ་བསྟན་པ་ནི་ཟླ་བ་དང་འདྲའོ། །དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པ་གནས་པ་མི་འགྱུར་མི་འཕོ་བའོ། །རིགས་ཀྱི་བུ།་གཞན་ཡང་ལྷ་མ་ཡིན་སྒྲ་གཅན་འཛིན་ལྟ་བུ་ལག་པས་ཟླ་བ་བཀབ་པ་ན་འཇིག་རྟེན་པ་དག་ནི་ཟླ་བ་ཤིའོ་ཞེས་ཟེར་ཏེ། ཡང་དག་པར་ན་ལྷ་མ་ཡིན་གྱི་རྒྱལ་པོས་ཟླ་བ་བསད་པ་མ་ཡིན་གྱི། སྣང་བ་བསྒྲིབས་སུ་ཟད་དོ། །ཟླ་བ་རྒྱས་པ་ལ་འབྲི་བ་མེད་ཀྱི། ལག་པས་བསྒྲིབས་པས་མི་སྣང་བར་ཟད་དོ། །ཕྱིར་ལག་པ་བསྐུམས་ན་འཇིག་རྟེན་པ་དག་ནི་ཟླ་བ་ཕྱིར་སྐྱེས་སོ་ཞེས་ཟེར་ཏེ། ཟླ་བ་འདི་ནི་སྡུག་བསྔལ་ཡང་མྱོང་ངོ་ཞེས་ཟེར་རོ། །གལ་ཏེ་ལྷ་མ་ཡིན་བརྒྱ་སྟོང་སྙེད་ཚོགས་ཀྱང་ཟླ་བ་ལ་ནི་གནོད་པ་བྱེད་མི་ནུས་སོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སེམས་ཅན་ཁ་ཅིག་དེ་བཞིན་གཤེགས་པ་ལ་སྡིག་པའི་སེམས་བསྐྱེད་དེ། སངས་རྒྱས་ཀྱི་སྐུ་ལ་ཁྲག་ཕྱུང་བ་དང ། མཚམས་མེད་པ་ལྔ་བྱས་པ་དང ། ལོག་སྲེད་ཀྱི་བར་དུ་བྱས་པ་བསྟན་པའང་ཕྱི་མ་མ་འོངས་
Ka211a
༄#། །པའི་སེམས་ཅན་དགེ་འདུན་དང ། ཆོས་འཇིག་ཅིང་མ་རུང་པ་བྱེད་པའི་ཕྱིར་བསྟན་པར་ཟད་ཀྱི། གལ་ཏེ་བདུད་ཚད་མེད་བརྒྱ་སྟོང་སྙེད་ཚོགས་ཀྱང་དེ་བཞིན་གཤེགས་པའི་སྐུ་ལ་ཁྲག་མི་ཕྱིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་སྐུ་ལ་ནི་ཤ་དང ། ཁྲག་དང ། ཆུ་བ་དང ། རྩ་དང ། རྐང་དང ། རུས་པ་མེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ནི་ཡང་དག་པར་ན་འཁྲུག་པའམ་འཇིག་པ་མེད་དེ། སེམས་ཅན་དག་ནི་ཆོས་དང ། དགེ་འདུན་འཇིག་པ་དང ། དེ་བཞིན་གཤེགས་པའང་མེད་པར་འགྱུར་རོ་སྙམ་སེམས་སོ། །དེ་བཞིན་གཤེགས་པའི་ཡང་དག་པའི་རང་བཞིན་ནི་འགྱུར་བའམ་འཇིག་པ་མེད་དེ། འཇིག་རྟེན་པའི་རྗེས་སུ་དེའང་བསྟན་ཏོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། མི་གཉིས་ཤིག་འཐབས་ན་མཚོན་བཏབ་སྟེ་ལུས་ལ་ཁྲག་བྱུང་བར། ཤི་བར་གྱུར་ཀྱང་གསོད་པའི་འདུ་ཤེས་མ་བསྐྱེད་པས་ལས་དེའི་མཚན་ཉིད་དེ་ནི་ཡང་གི་།ལྕི་བ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ལའང་ཐོག་མ་ནས་གསོད་པའི་སེམས་མེད་ན་སྐུ་ལ་ཁྲག་བྱུང་ན་ལས་ཀྱི་མཚན་ཉིད་དེ་ནི་ཡང་གི་།ལྕི་བ་མ་ཡིན་ནོ། །དེ་ལྟར་ན་དེ་བཞིན་གཤེགས་པས་མ་འོངས་པའི་སེམས་ཅན་དག་གདུལ་བའི་ཕྱིར་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་བསྟེན་ཏོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། སྨན་པ་མཁས་པ་ནི་བརྩོན་འགྲུས་
Ka211b
བསྐྱེད་དེ་བུ་དེ་ལ་སྨན་སྟོན་ཏོ། །འདི་ནི་རྩ་བའི་སྨན། འདི་ནི་དྲིའི་སྨན། འདི་ནི་ཁ་དོག་གི་སྨན་ཏེ། རྣམ་པ་སྣ་ཚོགས་ཐ་དད་ཀྱི། ཁྱོད་ལེགས་པར་ཤེས་པར་གྱིས་ཤིག་ཅེས་སྟོན་ན་བུའང་ལས་བསྒོ་བ་བཞིན་དུ་བརྩོན་འགྲུས་སུ་སློབ་སྟེ། སྨན་ལ་མཁས་པར་བྱེད་དོ། །ཕྱིས་སྨན་པ་དེ་ཚེའི་དུས་བྱས་ཏེ་ཤི་ན་སྨན་པའི་བུ་དེ་འདི་སྐད་དུ་ཕས་བདག་ལ་རྩ་བའི་སྨན་དང ། སྡོང་བུའི་སྨན་དང ། མེ་ཏོག་གི་སྨན་དང ། ཁ་དོག་གི་སྨན་འདི་ཡིན་ནོ་སྙམ་བསྟན་པར་དྲན་ནོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སེམས་ཅན་གདུལ་བའི་ཕྱིར་ཚུལ་ཁྲིམས་བཅས་ནས་འདི་ནི་ཚུལ་ཁྲིམས་སུ་གསུངས་སོ། །འདི་ནི་མཚམས་མེད་པ་ལྔ་དང ། དམ་པའི་ཆོས་ལ་དབང་སྐུར་ཅིང་དབང་ཟ་བ་དང ། འདི་ནི་ལོག་སྲེད་ཀྱི་ལས་ཡིན་གྱི་མ་བྱེད་ཅིག་ཅེས་མ་འོངས་པའི་སྐྱེ་བོའི་ཕྱིར་དེ་དག་ཀྱང་བསྟན་པ་ཡིན་ནོ། །དེ་བས་ན། དགེ་སློང་དང་།སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཤིན་ཏུ་ཟབ་མོའི་དོན་གྱི་མདོ་སྡེ་ནི་འདི་དག་ཡིན། ལྕི་བ་དང་ཡང་བའི་མཚན་ཉིད་དུ་གསུངས་པའི་འདུལ་བ་ནི་འདི་དག་ཡིན། ཆོས་ཀྱི་ཚིག་རྣམ་པར་སྤྲོས་པ་ཆོས་མངོན་པ་ནི་འདི་ཡིན་ནོ་ཞེས་ཇི་ལྟར་སྨན་པ་མཁས་པས་བུ་ལ་སྨན་བསྟན་པ་བཞིན་དུ་མངོན་པར་བསྟན་ཏོ། །གཞན་ཡང ། རིགས་ཀྱི་བུ། འཇིག་རྟེན་ན་མི་དག་ནི་ཟླ་བ་དྲུག་ལ་ཟླ་བ་ལན་གཅིག་ཤི་བར་སེམས་སོ། །མཐོ་རིས་ཀྱི་ལྷ་དག་ནི་སྐད་ཅིག་ཙམ་གྱིས་ཟླ་བ་ཤི་བར་མཐོང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་ཞག་ནི་
Ka212a
༄#། །རིང་ལ། མིའི་ཞག་ནི་ཐུང་བའི་ཕྱིར་རོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ལྷ་དང་མི་རྣམས་ཀྱིས་ནི། དེ་བཞིན་གཤེགས་པའི་སྐུ་ཚེ་རབ་ཏུ་ཐུང་ངོ་སྙམ་སེམས་ཏེ། ཇི་ལྟར་ལྷ་དང་མི་དག་གིས་སྐད་ཅིག་ཐང་ཅིག་གིས་ཟླ་བ་ཤི་བར་མཐོང་བ་བཞིན་ནོ། །དེ་བཞིན་གཤེགས་པས་ནི་གཞན་ཡང་སྐད་ཅིག་ཐང་ཅིག་གིས་མྱ་ངན་ལས་འདས་པ་ཁྲི་ཕྲག་བརྒྱ་སྟོང་སྙེད་སྟོན་ཅིང ། ཉོན་མོངས་པའི་བདུད་དང ། ཕུང་པོའི་བདུད་དང ། འཆི་བདག་གི་བདུད་དང ། ལྷའི་བུའི་བདུད་ལ་སོགས་པ་བཅོམ་པ་བསྟན་པས་ན་ལྷའི་བདུད་ཁྲི་ཕྲག་བརྒྱ་སྟོང་སྙེད་ཀྱིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་ཤེས་སོ། །གཞན་ཡང་སྔོན་གྱི་ལས་དང་རྒྱུ་དང་རྐྱེན་ཁྲི་ཕྲག་བརྒྱ་སྟོང་སྙེད་འཇིག་རྟེན་གྱི་མཚན་ཉིད་རྣམ་པ་ཐ་དད་པ་བཞིན་དུ་སྟོན་ཏེ། དེ་ལྟར་ཚད་མེད་མཐའ་ཡས་བསམ་གྱིས་མི་ཁྱབ་པས་ན་དེ་བཞིན་གཤེགས་པ་ནི་རྟག་པ་གནས་པ་མི་འགྱུར་བའོ། །གཞན་ཡང་རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཟླ་བ་གསལ་བ་ལ་ནི་འགྲོ་བ་ཐམས་ཅད་བལྟ་འདོད་པའི་ཕྱིར་དེ་བས་ན་ཟླ་བ་བལྟ་ན་དགའ་བ་ཞེས་བྱའོ། །སེམས་ཅན་ནི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ཏུ་བཅས་པས་བལྟ་ན་དགའ་བ་ཞེས་མི་བྱའོ། །དེ་བཞིན་གཤེགས་པ་ནི་ཡོངས་སུ་དག་པ། དྲི་མ་མེད་པ། མཆོག་དང་ཕུལ་དུ་གྱུར་པ་ཡིན་པས་བལྟ་ན་དགའ་བ་ཞེས་བྱའོ། །གང་ཆོས་ལ་
Ka212b
མོས་པའི་སྐྱེ་བོ་དག་ནི་བལྟ་ན་དགའ་བ་དག་ལ་དགའ་བ་མི་སྐྱེའོ། །གང་མི་དགེ་བ་དག་ནི་མཐོང་བར་ཡང་མི་འདོད་དོ། །དེ་བས་ན་དེ་བཞིན་གཤེགས་པ་ནི། དཔེར་ན། ཟླ་བ་གསལ་བ་དང་འདྲའོ།། རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། ཉི་མ་ཤར་བར་འདྲ་བ་ལ་དཔྱིད་དང ། དབྱར་དང ། དགུན་ལྟ་བུ་དུས་གསུམ་ཐ་དད་དེ། དགུན་ནི་ཉི་མ་ཐུང་ལ། དབྱར་ནི་ཉི་མ་རིང་སྟེ། དཔྱིད་ནི་རིང་བའང་མ་ཡིན། ཐུང་བའང་མ་ཡིན་ནོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་སྐུ་ཚེ་རབ་ཏུ་ཐུང་ལ། ཉན་ཐོས་རྣམས་ལའང་སྐུ་ཚེ་རབ་ཏུ་ཐུང་བ་བསྟན་པས་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྐུ་ཚེ་རབ་ཏུ་ཐུང་བར་སེམས་ཏེ། དཔེར་ན། དགུན་གྱི་ཉི་མ་དང་འདྲའོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི་རིང་བའང་མ་ཡིན། ཐུང་བའང་མ་ཡིན་པ་བསྐལ་པ་གཅིག་གམ། བསྐལ་པ་གཅིག་འགྲིབས་ཀྱི་བར་དུ་བསྟན་ཏེ། ཇི་ལྟར་དཔྱིད་ཀྱི་ཉི་མ་བཞིན་ནོ། །སངས་རྒྱས་རྣམས་ཀྱིས་ནི་སངས་རྒྱས་ཀྱི་སྐུ་ཚེ་ཚད་མེད་པར་གཟིགས་ཏེ། ཇི་ལར་དབྱར་གྱི་ཉི་མ་བཞིན་ནོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པས་གསུངས་པ་ཤིན་ཏུ་རྒྱས་པ་ཐེག་པ་ཆེན་པོའི་མདོ་སྡེ་འཇིག་རྟེན་དུ་བསྟན་ཏེ། ཆོས་ཆེན་པོའི་ཆར་ཕབ་པ་མ་འོངས་པའི་དུས་སུ་སྐྱེས་བུ་གང་ཞིག་མདོ་སྡེ་འདི་སྲུང་ངམ། འཛིན་ཏམ། རྣམ་པར་འབྱེད་ཅིང་བསྟན་ཏེ། སེམས་ཅན་ལ་ཕན་པའི་དོན་བྱེད་ན་དེ་བྱང་ཆུབ་སེམས་དཔའ་ཡང་
Ka213a
༄#། །དག་པ་ཡིན་པར་རིག་པར་བྱ་སྟེ། དཔེར་ན། དབྱར་གྱི་དུས་སུ་ཆར་བབ་པ་དང་མཚུངས་སོ། །དེ་ལ་ཉན་ཐོས་དང ། རང་སངས་རྒྱས་ཀྱིས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་བསྟན་པ་འདི་ཐོས་ནས། དཔེར་ན། དགུན་གྱི་དུས་དང་མཚུངས་ཏེ། གྲང་བ་དང་ལྷག་པ་ཆེན་པོ་དང་ཕྲད་དོ། །བྱང་ཆུབ་སེམས་དཔས་དགོངས་ཏེ་གསུངས་པ་དེ་བཞིན་གཤེགས་པ་རྟག་པ་དང་མི་འགྱུར་བ་བསྟན་པ་འདི་ཐོས་ན། དཔེར་ན། དཔྱིད་ཀྱི་དུས་སུ་མྱུ་གུ་ཐམས་ཅད་འབྱུང་བ་དང་མཚུངས་སོ། །དེ་བཞིན་གཤེགས་པའི་རང་བཞིན་ལ་རིང་ཐུང་ཞེས་བྱ་བ་མེད་དོ། །འཇིག་རྟེན་པའི་ཕྱིར་དེ་དག་བསྟན་ཀྱང་དེ་ནི་སངས་རྒྱས་ཀྱི་ཡང་དག་པའི་ཆོས་ཉིད་དོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། སྐར་མ་ཐམས་ཅད་ཉིན་པར་མི་སྣང་སྟེ། གང་ཟག་གླེན་པ་དག་ནི་སྐར་མ་ནུབ་སྟེ་མེད་པར་སོང་ངོ་སྙམ་སེམས་སོ། །ཡང་དག་པར་མེད་པ་ནི་མ་ཡིན་གྱི། ཉི་མའི་འོད་ཀྱིས་མི་སྣང་བར་ཟད་དོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཉན་ཐོས་དང ། རང་སངས་རྒྱས་ཀྱིས་མི་མཐོང་བ་ནི། ཇི་ལྟར་འཇིག་རྟེན་པ་དག་གིས་ཉིན་པར་སྐར་མ་མི་མཐོང་བ་བཞིན་ནོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། ནམ་རྨུས་པའི་ཚེ་ཉི་མ་དང ། ཟླ་བ་མི་སྣང་ན་བུས་པ་གླེན་པ་དག་ནི་ཉི་མ་དང་ཟླ་བ་མེད་པར་སོང་ངོ་སྙམ་སེམས་ཏེ། ཡང་དག་པར་ན་ཉི་མ་དང ། ཟླ་བ་མེད་པར་མ་སོང་ངོ ། །དེ་བཞིན་
Ka213b
གཤེགས་པའི་དམ་པའི་ཆོས་མེད་པར་སོང་བ་ན་དཀོན་མཆོག་གསུམ་མངོན་གསུམ་དུ་མི་སྣང་བའང་དེ་དང་འདྲ་སྟེ། དེ་བཞིན་དུ་གཏན་མེད་པར་སོང་བ་ནི་མ་ཡིན་ནོ། །དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པ་མི་འགྱུར་མི་འཕོ་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དཀོན་མཆོག་གསུམ་གྱི་ཡང་དག་པ་ཉིད་ལ་ནི་དྲི་མས་མི་གོས་པའི་ཕྱིར་རོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། ཟླ་བ་ཤི་བའི་ནུབ་མོ་ནི་སྐར་མ་ཕོད་ཤར་ན་ཤིན་ཏུ་གསལ་ཏེ། དེ་མ་ཐག་ཏུ་ཕྱིར་ཡང་ནུབ་བོ། །འཇིག་རྟེན་པ་དག་མཐོང་ན་བཀྲ་མི་ཤིས་སོ་ཞེས་ཟེར་རོ། །རང་སངས་རྒྱས་ཀྱང་དེ་དང་འདྲ་སྟེ། སངས་རྒྱས་མེད་པའི་འཇིག་རྟེན་དུ་འབྱུང་བས་སོ་སོའི་སྐྱེ་བོ་དག་གིས་མཐོང་ན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཡང་དག་པར་མྱ་ངན་ལས་འདས་སོ་སྙམ་སེམས་ཏེ་མྱ་ངན་བྱེད་དོ། །དེ་བཞིན་གཤེགས་པ་ནི་ཡང་དག་པར་ན་མེད་པར་མ་གྱུར་ཏེ། ཇི་ལྟར་ཉི་མ་དང ། ཟླ་བ་མི་སྣང་བ་བཞིན་ནོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། ཉི་མ་ཤར་ན་གློ་བུར་མེད་པར་འགྱུར་རོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེའང་དེ་དང་འདྲ་སྟེ། འཇིག་རྟེན་དུ་བྱུང་བས་གལ་ཏེ་སེམས་ཅན་གྱི་རྣ་ཁུང་དུ་ཐོས་ན་མི་དགེ་བ་ཐམས་ཅད་དང་མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་ཐམས་ཅད་སེལ་བར་འགྱུར་རོ། །ཡོངས་སུ་མྱ་ངན་ལས་འདས་པ་ཤིན་ཏུ་ཟབ་མོའི་སྤྱོད་ཡུལ་འདི་ནི་བསམ་གྱིས་མི་ཁྱབ་སྟེ། དེ་བཞིན་གཤེགས་པའི་
Ka214a
༄#། །རང་བཞིན་ལེགས་པར་གསུངས་པས་དེའི་ཕྱིར་ན། རིགས་ཀྱི་བུ་དང ། རིགས་ཀྱི་བུ་མོ་དག་དེ་བཞིན་གཤེགས་པ་ལ་རྟག་པ་དང་མི་འགྱུར་མི་འཕོ་བ་དང ། དམ་པའི་ཆོས་ཀྱང་རྒྱུན་མ་འཆད་པ་དང ། དགེ་འདུན་ཡང་མེད་པར་མི་འགྱུར་བའི་སེམས་བསྐྱེད་དོ། །དེ་བས་ན་ཤིན་ཏུ་ཐབས་མཁས་པས་མདོ་སྡེ་འདི་ལ་བརྩོན་འགྲུས་སུ་ནན་ཏན་བྱས་ན་སྐྱེས་བུ་དེ་ནི་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །དེ་བས་ན་མདོ་སྡེ་འདི་ནི་ཚད་མེད་པའི་ཡོན་ཏན་ལྷུན་གྱིས་གྲུབ་པ་ཞེས་ཀྱང་བྱ།་བྱང་ཆུབ་ཟད་མི་ཤེས་པ་ཞེས་ཀྱང་བྱ་སྟེ། ཟད་མི་ཤེས་པས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་གདགས་སོ། །ཤིན་ཏུ་འོད་དང་ལྡན་པས་དབྱར་གྱི་ཉི་མ་དང་མཚུངས་སོ། །ཚོགས་མཐའ་ཡས་པས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཉི་ཟླའི་འོད་ནི་འོད་སྣང་བ་ཐམས་ཅད་ཀྱི་མཆོག་གོ་།མྱ་ངན་ལས་འདས་པ་ཆེན་པོའི་འོད་ཀྱང་དེ་དང་འདྲ་སྟེ། མདོ་སྡེའི་ཏིང་ངེ་འཛིན་གྱི་འོད་ཐམས་ཅད་པས་མཆོག་སྟེ། མདོ་སྡེའི་ཏིང་ངེ་འཛིན་གྱི་འོད་ཐམས་ཅད་ཀྱིས་ཉེ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཡོངས་སུ་མྱ་ངན་ལས་འདས་པའི་འོད་འི་ནི་སེམས་ཅན་དག་གི་བ་སྤུའི་ཁུང་བུ་ཀུན་ཏུ་འཇུག་སྟེ། སེམས་ཅན་ལ་བྱང་ཆུབ་ཀྱི་སེམས་མེད་ཀྱང་བྱང་ཆུབ་ཀྱི་རྒྱུན་འགྱུར་བར་བྱེད་པས་ན་
Ka214b
ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན་མྱ་ངན་ལས་འདས་པ་ཆེན་པོའི་འོད་ཟེར་གྱིས་རེག་ན་སེམས་ཅན་ཐམས་ཅད་ཀྱི་བ་སྤུའི་བུ་གར་འཇུག་པས་སེམས་ཅན་དེ་དག་ལ་བྱང་ཆུབ་ཀྱི་སེམས་མ་མཆིས་ཀྱང་བྱང་ཆུབ་ཀྱི་རྒྱུར་འགྱུར་རོ་ཞེས་བགྱི་བདེ་\?\་མི་རུང་ངོ ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་ཞེ་ན། བཅོམ་ལྡན་འདས་ཕས་ཕམ་པ་བཞི་འབྱུང་བ་དང ། མཚམས་མེད་པ་ལྔ་བགྱིས་པ་དང ། ལོག་སྲེད་ཀྱི་ལས་བགྱིས་པ་འོད་ཟེར་གྱིས་རེག་པས་བྱང་ཆུབ་ཀྱི་རྒྱུར་འགྱུར་ན་ལྟ་དེ་དག་དང་ཚུལ་ཁྲིམས་སྲུང་ཞིང་དགེ་བའི་ཚོགས་གསོག་པ་ལ་ཁྱད་པར་ཡང་ཅི་མཆིས། གལ་ཏེ་ཁྱད་པར་ཞིག་མ་མཆིས་ན་དེ་བཞིན་གཤེགས་པས་གནས་པར་བགྱི་བའི་ཆོས་རྣམ་པ་བཞིའང་ཅིའི་སླད་དུ་གསུངས། བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར། སེམས་ཅན་གང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་རྣ་ཁུང་དུ་ཐོས་པས་ཉོན་མོངས་པ་ཐམས་ཅད་སེལ་བར་འགྱུར་ན། དེ་བཞིན་གཤེགས་པས་ཅིའི་སླད་དུ་སྔར་འདི་སྐད་དུ་གང་ཟག་དག་སྔོན་སངས་རྒྱས་ཀླུང་གངྒཱའི་བྱེ་མ་སྙེད་ལ་སེམས་བསྐྱེད་དེ། མྱ་ངན་ལས་འདས་པ་ཆེན་པོ་ཐོས་ཀྱང་དོན་ཤེས་པར་མ་གྱུར་ཏོ་ཞེས་གསུངས་སོ། །གལ་ཏེ་དོན་མི་འཚལ་ན་ཉོན་མོངས་པ་ཐམས་ཅད་ཇི་ལྟར་ཆོད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
Ka215a
༄#། །པ།་རིགས་ཀྱི་བུ། ལོག་སྲེད་ཅན་མ་གཏོགས་པར་སེམས་ཅན་གཞན་དག་མདོ་སྡེ་འདི་ཐོས་ན་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། ཆོས་ཀྱི་སྒྲའི་འོད་ཟེར་བ་སྤུའི་བུ་གར་ཞུགས་ན་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་གང་ཞིག་སངས་རྒྱས་ཚད་མེད་པ་སྙེད་ལ་བསྙེན་བཀུར་བ་དང ། མཆོད་པ་དང ། ཕྱག་བྱས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཐོས་ཏེ། བསོད་ནམས་ཆུང་ངུ་རྣམས་ཀྱིས་ཐོས་པར་འགྱུར་བ་མ་ཡིན་ནོ། །དེའང་ཇི་ལྟར་ཞེ་ན། གང་ཡོན་ཏན་ཆེན་པོ་དང་ལྡན་པ་དག་ནི་དོན་ཆེན་པོ་འདི་ཐོས་པར་འགྱུར་གྱི། ཞན་པ་ཆུང་ངུ་རྣམས་ཀྱིས་ཐོས་པར་མི་འགྱུར་རོ། །དེ་ལ་དོན་ཆེན་པོ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་ཤིན་ཏུ་ཟབ་པའི་གསང་བའི་སྙིང་པོ་སངས་རྒྱས་ཀྱི་རང་བཞིན་ལ་བྱ་སྟེ། དེ་བས་ན་དོན་ཆེན་པོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དག་བྱང་ཆུབ་ཀྱི་རྒྱུར་འགྱུར་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། གང་ཞིག་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཐོས་ནས་འདི་སྐད་དུ་བདག་ནི་བྱང་ཆུབ་ཏུ་སེམས་བསྐྱེད་མི་དགོས་སོ་ཞེས་དམ་པའི་ཆོས་ལ་སྐུར་ན་མི་དེ་རྨི་ལམ་ན་སྲིན་པོའི་
Ka215b
གཟུགས་མཐོང་སྟེ་ཤིན་ཏུ་སྐྲག་པར་ཡང་འགྱུར་ལ། སྲིན་པོ་དེ་འདི་སྐད་དུ། ཀྱེ།་རིགས་ཀྱི་བུ་ཁྱོད་གལ་ཏེ་བྱང་ཆུབ་ཏུ་སེམས་མ་བསྐྱེད་ན་ཁྱོད་ཀྱི་འཚོ་བའི་སྲོག་གཅད་དོ་ཞེས་སྨྲས་པས་མི་དེ་སྐྲག་བཞིན་དུ་སད་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ། །སྐྱེས་བུ་དེ་ཚེ་འཕོས་ནས་གལ་ཏེ་ངན་སོང་གསུམ་དུ་ལྷུང་ངམ། མི་དང་མཐོ་རིས་ཀྱི་ལྷར་སྐྱེས་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་མི་ཆད་དེ། དྲན་པས་ན་གང་ཟག་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པར་རིག་པར་བྱའོ། །དོན་དེ་ལྟ་བས་ན་མྱ་ངན་ལས་འདས་པ་ཆེན་པོའི་བྱིན་དང་ཤུགས་ཀྱིས་བྱང་ཆུབ་ཏུ་སེམས་མ་བསྐྱེད་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་ཞེས་བྱའོ། །རིགས་ཀྱི་བུ། དེ་ནི་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པའི་རྒྱུ་དང་རྐྱེན་ཞེས་བྱ་སྟེ། རྒྱུ་དང་རྐྱེན་མེད་པ་ནི་མ་ཡིན་ནོ། །དེ་བས་ན་ཐེག་པ་ཆེན་པོའི་མདོ་སྡེ་དམ་པ་འདི་ནི་ཡང་དག་པར་སངས་རྒྱས་ཀྱིས་གསུངས་པའོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། སྟེང་གི་ནམ་མཁའ་ལ་ཆར་སྤྲིན་གྱིས་ཁེབས་ཏེ། ཆར་པ་ཆེན་པོ་བབ་ན་ཤིང་སྐམ་མམ། བྲག་གམ། རི་མཐོན་པོ་ཆུ་མི་ཕྱིན་པའི་གནས་ཐམས་ཅད་དུའང་འབབ་སྟེ། ཤོང་བུ་དང ། ས་དམའ་བ་ཀུན་ཏུ་ཆུས་ཡོངས་སུ་གང་ལ། སེམས་ཅན་ཚད་མེད་པ་ཐམས་ཅད་ལ་ཕན་པའི་དོན་དུ་འགྱུར་རོ། །མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེའང་དེ་དང་འདྲ་སྟེ། ཆོས་ཆེན་པོའི་ཆར་སེམས་ཅན་
Ka216a
༄#། །ཀུན་ལ་ཕབ་ཀྱང ། ལོག་སྲེད་ཅན་འབའ་ཞིག་ནི་བྱང་ཆུབ་ཀྱི་སེམས་སྐྱེ་བའི་གནས་མེད་དོ། །རིགས་ཀྱི་བུ། དཔེར་ན། ས་བོན་ཚིགས་པ་ནི་བསྐལ་པ་བརྒྱ་སྟོང་གི་བར་དུ་ཆར་གྱིས་ཡོངས་སུ་བརླན་ཀྱང་མྱུ་གུ་མི་སྐྱེ་སྟེ། སྐྱེ་བའི་གནས་མེད་དོ། །ལོག་སྲེད་ཅན་ཡང་དེ་དང་འདྲ་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་དམ་པ་ཐོས་སུ་ཟིན་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་མི་སྐྱེ་སྟེ། སྐྱེ་བའི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་དེ་ནི་དགེ་བའི་རྩ་བ་ཐམས་ཅད་མེད་པར་བྱས་ཏེ་ས་བོན་ཚིག་པ་དང་འདྲ་བར་གྱུར་པས་བྱང་ཆུབ་ཀྱི་རྩ་བ་དང་མྱུ་གུ་མི་སྐྱེའོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། ནོར་བུ་རིན་པོ་ཆེ་ཆུ་འདང་ལྟ་བུ་ཆུ་རྙོག་མ་ཅན་གྱི་ནང་དུ་བཅུག་ན་ནོར་བུའི་མཐུས་ཆུ་དང་བར་འགྱུར་གྱི། འཇིམ་པའི་ནང་དུ་བཅུག་ན་དང་བར་མི་འགྱུར་རོ། །མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་དམ་པའང་དེ་དང་འདྲ་སྟེ། སེམས་ཅན་མཚམས་མེད་པ་ལྔ་བྱས་པ་དང ། ཕས་ཕམ་པ་བཞི་བྱུང་བའི་ཆུ་རྙོག་མ་ཅན་ལྟ་བུའི་ནང་དུ་བཅུག་ན་དག་པར་འགྱུར་ཞིང ། བྱང་ཆུབ་ཏུ་སེམས་སྐྱེའང་སྲིད་ཀྱི། ལོག་སྲེད་ཅན་འཇིམ་རྫབ་ལྟ་བུའི་ནང་དུ་ནི་ལོ་བརྒྱ་སྟོང་གི་བར་དུ་བཞག་ཀྱང་དག་པར་འགྱུར་ཞེའམ། བྱང་ཆུབ་ཀྱི་སེམས་སྐྱེ་མི་སྲིད་དོ། །དེ་ཅིའི་ཕྱིར་ཞེ་ན། ལོག་སྲེད་ཅན་ནི་དགེ་བའི་རྩ་བ་ཀུན་མེད་པར་བྱས་པས་སྣོད་དུ་མ་གྱུར་ཏོ། །དེ་ལ་གལ་ཏེ་གང་ཟག་དེས་ལོ་བརྒྱ་
Ka216b
སྟོང་གི་བར་དུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་མཉན་ཏམ། འཛིན་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་སེམས་མེད་པའི་ཕྱིར་རོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། སྨན་གྱི་སྡོང་པོའི་ནང་ན་སྨན་གྱི་རྒྱལ་པོ་ཞེས་བྱ་བ་ནི་སྨན་གྱི་ནང་ན་མཆོག་དང་ཕུལ་དུ་གྱུར་པས་དར་བ་དང་སྦྱར་རམ། སྦྲང་རྩི་དང་སྦྱར་རམ། མར་དང་སྦྱར་རམ། ཆུ་དང་བསྲེས་སམ། འོ་མ་དང་བསྲེས་སམ། ཕྱེ་མར་བཏགས་སམ། རིལ་བུར་བྱས་སམ། ལྡེ་གུར་བསྐུས་སམ། དྲིས་བདུགས་སམ། མིག་ཏུ་བསྐུས་སམ། འཐུང་ངམ། མནམས་པ་ཙམ་གྱིས་ཀྱང་སེམས་ཅན་གྱི་ནད་ཐམས་ཅད་ཞི་བར་བྱེད་དེ། འོན་ཀྱང་སྨན་གྱི་སྡོང་པོ་དེ་འདི་སྙམ་དུ་སེམས་ཅན་དག་བདག་གི་རྩ་བ་བླངས་ན་ལོ་མ་བརྡ་བའི་མི་རིགས་སྙམ་མམ། ལོ་མ་བརྡས་ན་རྩ་བ་བླང་བའི་མི་རིགས་སྙམ་མམ། སྡོང་པོ་བླངས་ན་པགས་པ་བཤུ་བའི་མི་རིགས་སྙམ་མམ། པགས་པ་བཤུས་ན་སྡོང་པོ་བརྔ་བའི་མི་རིགས་སྙམ་མི་སེམས་ཏེ། དེ་ལྟར་མི་སེམས་མོད་ཀྱི། འོན་ཀྱང་སེམས་ཅན་གྱི་ནད་ཀྱི་སྡུག་བསྔལ་ཐམས་ཅད་སེལ་ནུས་སོ། །རིགས་ཀྱི་བུ། མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་དམ་པ་འདིའང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཕས་ཕམ་པ་བཞི་\?\་མཚམས་མེད་པ་ལྔ་དང ། ཕྱི་རོལ་དང་ནང་གི་མི་དགེ་བའི་ལས་ཐམས་ཅད་མེད་པར་བྱེད་དེ། གང་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དག་ཀྱང་འདིའི་
Ka217a
༄#། །དབང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་འདིའང་མདོ་སྡེ་ཐམས་ཅད་ཀྱི་ནང་ན་རྒྱལ་པོ་ལྟ་བུ་སྟེ། ཇི་ལྟར་སྨན་གྱི་ནང་ན་སྨན་གྱི་རྒྱལ་པོ་ལྟ་བུའོ། །གང་ཞིག་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་ནན་ཏན་བྱེད་དམ། ནན་ཏན་མི་བྱེད་ཀྱང་རུང ། མདོ་སྡེ་འདིའི་མཚན་ཡོད་པ་ཐོས་ཏེ། ཐོས་མ་ཐག་ཏུ་དད་ཅིང་ཡིད་ཆེས་ན་ཉོན་མོངས་པའི་ནད་ཐམས་ཅད་མེད་པར་བྱེད་ཀྱང ། ལོག་སྲེད་ཅན་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བདེ་བར་དགོད་མི་ནུས་སོ། ། ཇི་ལྟར་སྨན་གྱི་རྒྱལ་པོ་དེ་ནད་ཐམས་ཅད་འཚོ་བར་བྱེད་མོད་ཀྱི། ངེས་པར་འཆི་བའི་དུས་ལ་བབ་པ་ནི་མ་ཡིན་ནོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། ལག་པ་ལ་རྨ་ཡོང་པ་དག་གིས་དུག་གཟུང་ན་དུག་ཁོང་དུ་འགྲོའོ། །རྨ་མེད་པ་ནི་གཟུང་ཡང་ཁོང་དུ་མི་འགྲོའོ། །ལོག་སྲེད་ཅན་ཡང་དེ་དང་འདྲ་སྟེ། བྱང་ཆུབ་ཀྱི་རྒྱུ་མེད་པས་རྨ་མེད་པས་དུག་གཟུང་བ་དང་མཚུངས་ཏེ་ཁོང་དུ་མི་འགྲོའོ། །རྨ་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུའོ། །དུག་ཅེས་བྱ་བ་ནི་དོན་དམ་པའི་སྨན་ལྟ་བུའོ། །རྨ་མེད་པ་ནི་ལོག་སྲེད་ཅན་ལྟ་བུའོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། རྡོ་རྗེ་ནི་ཅིས་ཀྱང་མི་ཆོག་སྟེ། ཐམས་ཅད་ཕིགས་ཤིང་གཅོག་ནུས་ཀྱང་རུས་སྤལ་གྱི་ཁོག་པ་དང་ར་རུས་ཆོགས་སོ། །མྱ་ངན་ལས་འདས་པ་ཆེན་
Ka217b
པོའི་མདོ་སྡེ་འདིའང་དེ་དང་འདྲ་སྟེ། ཚད་མེད་པའི་སེམས་ཅན་བྱང་ཆུབ་ཀྱི་ལམ་ལ་བདེ་བར་བཙུད་ཀྱང་ལོག་སྲེད་ཅན་དག་ནི་བྱང་ཆུབ་ཀྱི་རྒྱུ་སྐྱེད་མི་ནུས་སོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། རྩཝ་དན་ཐུ་ལི་ཀ་དང ། ཤིང་སྦ་ལི་ཤི་དང ། ལི་ཀ་ལྟ་བུ་སྡོང་བུ་དང ། ཡལ་ག་བཅད་ཀྱང་དེ་མ་ཐག་དེ་མ་ཐག་ཏུ་ཕྱིར་སྐྱེས་ཏེ། ཤིང་ཏ་ལ་ལྟར་བཅད་ནས་ཕྱིར་སྐྱེ་བ་ནི་མ་ཡིན་ནོ། །སེམས་ཅན་དེ་དག་ཀྱང་དེ་དང་འདྲ་སྟེ། གལ་ཏེ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཐོས་ན་ཕས་ཕམ་པ་བཞི་བྱུང་ངམ། མཚམས་མེད་པ་ལྔ་བྱས་ཀྱང་བྱང་ཆུབ་ཀྱི་རྒྱུ་ཕྱིར་སྐྱེའང་སྲིད་ཀྱི། ལོག་སྲེད་ཅན་ནི་དེ་ལྟར་མ་ཡིན་ཏེ། མདོ་སྡེ་དམ་པ་འདི་ཐོས་སམ། མཉན་ཀྱང་བྱང་ཆུབ་ཀྱི་རྒྱུ་སྐྱེ་མི་སྲིད་དོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། ཤིང་ཏ་ལ་དང ། ཙིན་དོ་ཀ་ལྟ་བུ་བཅད་ན་ས་བོན་འཚིག་པ་དང་འདྲ་སྟེ་ཕྱིར་མི་སྐྱེའོ། །ལོག་སྲེད་ཅན་དག་ཀྱང་དེ་དང་འདྲ་སྟེ། མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཐོས་ཀྱང་བྱང་ཆུབ་ཀྱི་རྒྱུ་མི་སྐྱེ་བ་ནི་ས་བོན་ཚིག་པ་དང་འདྲའོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། ཆར་ཆེན་པོ་བབ་ན་ནམ་མཁའ་སྟོང་པ་ལ་མི་ཆགས་སོ། །མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འང་དེ་དང་འདྲ་སྟེ། ཆོས་ཀྱི་ཆར་ཀུན་ཏུ་ཕབ་ཀྱང་ལོག་སྲེད་ཅན་ལ་མི་ཆགས་སོ། །ལོག་སྲེད་ཅན་གྱི་ལུས་ལ་རྡོ་རྗེ་གཏམས་པ་ལྟར་ཀུན་ཏུ་ཁྱབ་པས་ཅིས་ཀྱང་མི་ཚུགས་སོ། །
Ka218a
༄#། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་ལས་ཀྱང་བཀའ་སྩལ་པ། དགེ་བ་མ་མཐོང་དགེ་མི་བྱེད། །སྡིག་པ་མཐོང་བས་སྡིག་པ་བྱེད། དེ་ལ་འཇིགས་ཤིང་བྱོལ་བ་ནི། །ཇི་ལྟར་ལམ་ངན་གཡངས་བཞིན། །ཞེས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པའི་དོན་ཇི་ལྟ་བུ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། མ་མཐོང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་མ་མཐོང་བའོ། །དགེ་བ་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །མི་བྱེད་ཅེས་བྱ་བ་ནི་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་མི་བྱེད་པའོ། །མཐོང་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་མེད་པར་མཐོང་བའོ། །སྡིག་པ་ཞེས་བྱ་བ་ནི་ཤིན་ཏུ་རྒྱས་པ་ཐེག་པ་ཆེན་པོའི་མདོ་སྡེ་ལ་སྐུར་བའོ། །བྱེད་ཅེས་བྱ་བ་ནི་ལོག་སྲེད་ཅན་ཤིན་ཏུ་རྒྱས་པ་མེད་པར་སྨྲ་བ་སྟེ། དེ་བས་ན་ལོག་སྲེད་ཅན་དག་ནི་ཡོངས་སུ་དག་པའི་དགེ་བའི་ཆོས་ལ་འཇུག་ཅིང་འབད་པའི་སེམས་མེད་དོ། །ཆོས་གང་ལ་དགེ་བ་ཞེས་བྱ་ཞེ་ན། དེ་ནི་མྱ་ངན་ལས་འདས་པའོ། །མྱ་ངན་ལས་འདས་པ་ལ་འཇུག་ཅིང་འབད་པ་ནི་འཕགས་པའི་སྤྱོད་པ་ལ་ནན་ཏན་བྱེད་པའོ། །ལོག་སྲེད་ཅན་དག་ནི་འཕགས་པའི་སྤྱོད་པ་མི་སྤྱོད་པས་མྱ་ངན་ལས་འདས་པ་ལ་འཇུག་ཅིང་འབད་མི་ནུས་སོ། །དེ་ལ་སྐྲག་པར་བྱའོ་
Ka218b
ཞེས་བྱ་བ་ནི་དམ་པའི་ཆོས་ལ་སྐུར་བ་སྟེ། གང་གིས་སྐྲག་པར་བྱ་ཞེ་ན། མཁས་པ་ཤེས་རབ་ཅན་དག་གིས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ལ་སྐུར་པས་དགེ་བའི་སེམས་མེད་དོ། །སྦྱོར་བའི་ཐབས་མེད་པའི་ཕྱིར་རོ། །ལམ་གཡང་ས་ཞེས་བྱ་བ་ནི་འདུ་བྱེད་རྣམས་སོ། །འོད་སྲུང་གིས་ཡང་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལས། །བྱ་བ་མཐོང་བ་གང་དག་ལགས། ། དགེ་བའི་ཆོས་སུ་གང་དག་འགྱུར། །མི་འཇིགས་པ་ཡི་གནས་ནི་གང ། །རྒྱལ་པོས་བདེ་བའི་ལམ་བགྲོད་བཞིན། །ཞེས་བགྱི་བའི་དོན་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། བྱ་བ་མཐོང་ཞེས་བྱ་བ་ནི། སྡིག་པ་མཐོལ་བ་ལ་བྱ་སྟེ། འཁོར་བའི་མཐའ་ནས་སྡིག་པ་མི་དགེ་བའི་ཆོས་ཅི་བྱས་པ་ཀུན་བཤགས་ཏེ། ཕྱིན་པ་མེད་པའི་གནས་སུ་ཕྱིན་པའོ། །དེ་བས་ན་གནས་དེ་ནི་མི་འཇིགས་པ་སྟེ། དཔེར་ན། རྒྱལ་པོ་ལམ་དུ་ཞུགས་ཏེ་སོང་ན་ལམ་ག་ནས་མི་རྒོད་ལ་སོགས་པ་འབྱོལ་ཞིང་འབྲོས་སོ། །དེ་བཞིན་དུ་སྡིག་པ་མི་དགེ་བའི་ཆོས་ཀྱང་མཐོལ་ཞིང་བཤགས་ན་ཐམས་ཅད་བྱང་བར་འགྱུར་རོ། །གཞན་ཡང་བྱེད་པ་མི་མཐོང་བ་ནི་ལོག་སྲེད་ཅན་དག་སྡིག་པ་མི་དགེ་བའི་ལས་བྱས་ཀྱང་མི་མཐོང་བའོ། །ལོག་སྲེད་ཅན་དག་ནི་ང་རྒྱལ་གྱི་དྲེགས་པས་སྡིག་པ་མི་དགེ་བའི་ཆོས་མང་དུ་བྱས་ཀྱང་ཐོག་མ་ནས་མི་སྐྲག་མི་འཇིགས་པའོ། །དེ་བས་ན་མྱ་ངན་ལས་འདས་པ་མི་ཐོབ་པ་ནི། དཔེར་ན། སྤྲེའུ་དག་ཆུའི་ནང་
Ka219a
༄#། །གི་ཟླ་བ་འཛིན་པ་དང་མཚུངས་སོ། །རིགས་ཀྱི་བུ། གལ་ཏེ་ཚད་མེད་པའི་སེམས་ཅན་ཐམས་ཅད་གཅིག་ཅར་དུས་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཀྱང་དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་ལོག་སྲེད་ཅན་དག་བྱང་ཆུབ་ཐོབ་པར་མི་རིགས་ཏེ། དེ་བས་ན་བྱ་བ་མི་མཐོང་བ་ཞེས་བྱའོ། །གཞན་ཡང་སུས་བྱས་པ་མི་མཐོང་ཞེ་ན། དེ་བཞིན་གཤེགས་པས་མཛད་པ་མི་མཐོང་ངོ ། །དེ་བཞིན་གཤེགས་པས་སོ་སོའི་སྐྱེ་བོ་ལ་སངས་རྒྱས་ཀྱི་རང་བཞིན་བསྟན་ཅིང་བཤད་ཀྱང་ལོག་སྲེད་ཅན་དག་ནི་འཁོར་བ་ན་ཡོངས་སུ་འཁོར་བས་ཤེས་པར་རམ། མཐོང་བར་མི་འགྱུར་རོ། །དེ་བས་ན་དེ་བཞིན་གཤེགས་པས་མཛད་པ་མི་མཐོང་བ་ཞེས་བྱའོ། །གཞན་ཡང་ལོག་སྲེད་ཅན་དག་ནི་མཐར་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ཏེ་ཡང་དག་པར་མི་རྟག་པར་འཛིན་པ་ནི། ཇི་ལྟར་མར་མེ་དང་མར་བཅས་པར་ཟད་པ་ལྟ་བུར་མཐོང་བའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་དེ་སྡིག་པ་མི་དགེ་བའི་ལས་མི་འབྲི་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་གང་ཞིག་དགེ་བ་བྱས་པའི་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པ་ན། ལོག་སྲེད་ཅན་དག་ནི་དེ་ལ་འཕྱ་ཞིང་མ་དད་མོད་ཀྱི། འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ནི་དེ་དག་ཀྱང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་ཡོངས་སུ་བསྔོ་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་རྣམས་ཀྱི་ཆོས་ཉིད་དེ་དང་འདྲ་བའི་ཕྱིར་རོ། །འོ་
Ka219b
མ་ལས་ནི་ཞོར་འགྱུར་ཞིང ། །སྡིག་པ་འཕྲལ་དུ་སྨིན་མི་འགྱུར། །མེ་མདག་ཐལ་བས་ཡོག་པ་ལ། །གླེན་པ་བརྙས་པས་རྫི་བར་འགྱུར། །ལོག་སྲེད་ཅན་དག་ནི་མིག་མེད་པ་ཞེས་བྱ་སྟེ། དེ་བས་ན་དགྲ་བཅོམ་པའི་ལམ་མི་མཐོང་ངོ ། །དགྲ་བཅོམ་པ་ནི་འཁོར་བའི་ལམ་ངན་པ་གཡང་སར་མི་འགྲོའོ། །མིག་མེད་པ་དག་ནི་ཤིན་ཏུ་རྒྱས་པ་ལ་སྐུར་བས་དགྲ་བཅོམ་པ་ལྟར་བྱམས་པའི་སེམས་ལ་ནན་ཏན་མི་བྱེད་དོ། །ལོག་སྲེད་ཅན་དག་ཤིན་ཏུ་རྒྱས་པ་ལ་ནན་ཏན་མི་བྱེད་པའང་དེ་དང་འདྲའོ། །སྐྱེས་བུ་གང་ཞིག་འདི་སྐད་དུ་བདག་ནི་ཉན་ཐོས་པའི་མདོ་སྡེ་ལ་མ་དད་ཀྱི། ཐེག་པ་ཆེན་པོ་ལ་དད་དེ་འདོན་པ་དང ། ཀློག་པ་དང ། སྟོན་ཅིང་འཆད་པའང་བྱེད་དོ། །དེ་བས་ན་བདག་ནི་བྱང་ཆུབ་སེམས་དཔའ་སྟེ། སེམས་ཅན་ཐམས་ཅད་ལ་ཡང་སངས་རྒྱས་ཀྱི་རང་བཞིན་ཡོད་པས་སེམས་ཅན་གྱི་ལུས་ཀྱི་ནང་ན་སྟོབས་བཅུ་དང ། མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུའང་ཡོད་དོ། །བདག་སྨྲ་བ་དང ། སངས་རྒྱས་ཀྱིས་གསུངས་པ་ཐ་མི་དད་དོ། །བདག་དང་ཁྱེད་བཅས་སུ་ཚད་མེད་པའི་ཉོན་མོངས་པ་འཇོམས་པར་འགྱུར་བ་ནི། ཇི་ལྟར་ཆུ་སྣོད་ཆག་པ་བཞིན་དུ་ཉོན་མོངས་པ་ཀུན་བཅོམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མཐོང་བར་འགྱུར་རོ་ཞེས་སྐྱེས་བུ་དེས་དེ་སྐད་དུ་སྟོན་ཅིང་འཆད་མོད་ཀྱི། སེམས་ཅན་ལ་ཡང་དག་པར་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཡིད་ཆེས་པ་མ་ཡིན་ཏེ། ཕན་པ་དང་བདེ་བའི་ཕྱིར་ཡི་གེ་ལས་འབྱུང་བ་བཞིན་སྟོན་
Ka220a
༄#། །ཏེ།་དེ་ལྟར་སྟོན་པ་དེ་ནི་སྡིག་པ་ཅན་ཞེས་བྱ་སྟེ། སྡིག་པ་ཅན་དེ་ནི་ཇི་ལྟར་འོ་མ་ལས་ཞོར་འགྱུར་བ་བཞིན་དུ་འབྲས་བུ་མྱུར་དུ་མི་འགྲུབ་བའོ། །དཔེར་ན། རྒྱལ་བོའི་ཕོ་ཉ་ཤིན་ཏུ་སྨྲ་མཁས་ལ་ཐབས་དང་ལྡན་པ་ཞིག་ཡུལ་གཞན་དུ་བཀའ་སྩལ་ཏེ་བཏང་ན་ལུས་དང་སྲོག་ལ་བབ་ཀྱང་རྒྱལ་པོའི་བཀའ་མི་འཆབ་བོ། །མཁས་པ་ཤེས་རབ་ཅན་ཡང་དེ་དང་འདྲ་སྟེ། བྱིས་པ་མ་རབས་ཀྱི་ནང་དུ་ལུས་དང་སྲོག་ལ་མི་ལྟ་བར་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པ་དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པ་སྒྲོགས་ཤིང་སྟོན་ཏོ། །རིགས་ཀྱི་བུ། ལོག་སྲེད་ཅན་འགའ་ཞིག་དགྲ་བཅོམ་པ་ལྟར་འཆོས་ཏེ། བས་མཐར་གནས་ནམ་\?\་ཤིན་ཏུ་རྒྱས་པ་ཐེག་པ་ཆེན་པོའི་མདོ་སྡེ་ལ་འཕྱ་ཞིང་སྐུར་ན་བུས་པ་མ་རབས་དག་དེ་ལ་ཡང་དག་པར་དགྲ་བཅོམ་པའམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པར་འཛིན་ཏེ། ལོག་སྲེད་ཅན་དགེ་སྦྱོང་སྡིག་པ་ཅན་དེ་བས་མཐར་གནས་ཀྱང ། བས་མཐར་གནས་པའི་ཆོས་མ་རུང་བར་བྱེད་དོ། །ཕ་རོལ་པོས་རྙེད་པ་དང་བཀུར་སྟི་ཐོབ་པ་ལ་ཕྲག་དོག་གི་སེམས་སྐྱེས་ནས་འདི་སྐད་དུ་ཤིན་ཏུ་རྒྱས་པ་ཐེག་པ་ཆེན་པོའི་མདོ་སྡེའང་བདུད་སྡིག་ཏོ་ཅན་གྱིས་བསྟན་པ་ཡིན་ཏེ། དེ་བཞིན་གཤེགས་པའང་མི་རྟག་པའོ་ཞེས་སྨྲས་ཏེ། དམ་པའི་ཆོས་ལ་འཇིག་ཅིང་དགེ་འདུན་མ་རུང་བར་བྱེད་དོ། །
Ka220b
གཞན་ཡང་འདི་ལས་དུ་བདུད་སྡིག་ཏོ་ཅན་གྱིས་སྨྲས་པ་ནི་དགེ་བའི་རྗེས་སུ་སྨྲས་པ་མ་ཡིན་ནོ་ཞེས་སྡིག་པ་མི་དགེ་བའི་ཆོས་དེ་སྐད་ཅེས་སྨྲས་ཏེ། སྡིག་པ་དེ་ལྟར་བྱས་ཀྱང་འོ་མ་ལས་ཞོག་འགྱུར་བ་བཞིན་དུ་འབྲལ་དུ་སྨིན་པའང་མ་ཡིན་པས། མེ་མདག་ཐལ་བས་\?\་བཀབ་པ་ལ་བརྙས་པ་བཞིན་དུ་སྟེང་དུ་རྫིའོ། །གང་ཟག་དེ་ནི་ལོག་སྲེད་དན་\?\་ཞེས་བྱ་བའོ། །དེ་བས་ན་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་དམ་པ་འདི་ངེས་པར་ཡོངས་སུ་དག་པའོ། །ནོར་བུ་རིན་པོ་ཆེ་ཆུ་རྙོག་པ་ཅན་གྱི་ནང་དུ་བཅུག་ན་ཆུ་དང་བར་འགྱུར་བ་ལྟར་ཐེག་པ་ཆེན་པོའི་མདོ་སྡེ་འདིའང་དེ་དང་འདྲའོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། མེ་ཏོག་པདྨོ་དག་ཉི་མའི་འོད་ཀྱིས་ཕོག་མ་ཐག་ཏུ་ཁ་འབྱེའོ། །སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། གལ་ཏེ་མྱ་ངན་ལས་འདས་པ་ཆེན་པོ་ཉི་མ་ལྟ་བུ་མཐོང་ན་སེམས་མ་བསྐྱེད་པ་དག་སེམས་བསྐྱེད་ཅིང་བྱང་ཆུབ་ཀྱི་རྒྱུར་འགྱུར་རོ། །དེ་བས་ན་མྱ་ངན་ལས་འདས་པའི་འོད་བ་སྤུའི་བུ་གར་ཞུགས་ན་རྒྱུ་དམ་པར་འགྱུར་རོ་ཞེས་ངས་གསུངས་སོ། །ལོག་སྲེད་ཅན་ནི་སངས་རྒྱས་ཀྱི་རང་བཞིན་ཡོད་ཀྱང་ཁ་ན་མ་ཐོ་བའི་དྲི་མ་ཚད་མེད་པ་སྙེད་ཀྱིས་གླགས་པས་མི་ཐར་བ་ནི་ཇི་ལྟར་དར་གྱི་སྲིན་བུའི་ཁོག་པ་དང་འདྲ་སྟེ། ལས་དེ་ལྟ་བུའི་རྐྱེན་གྱིས་བྱང་ཆུབ་ཀྱི་རྒྱུ་མི་སྐྱེ་སྟེ། འཁོར་བར་འཁོར་བའི་མཐའ་མི་ཟད་པར་གྱུར་ཏོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། མེ་ཏོག་ཨུཏྤལ་དང །
Ka221a
༄#། །མེ་ཏོག་པདྨོ་དང ། མེ་ཏོག་ཀུ་མུ་ད་དང ། མེ་ཏོག་པུཎྜ་རི་ཀ་དག་འདམ་རྫབ་ཀྱི་ནང་ནས་སྐྱེས་མོད་ཀྱི། འདམ་གྱིས་མི་གོས་སོ། །སེམས་ཅན་གང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་དམ་པ་འདི་ལ་ནན་ཏན་བྱེད་པའང་དེ་དང་འདྲ་སྟེ། ཉོན་མོངས་པ་དང་བཅས་མོད་ཀྱི། ཉོན་མོངས་པས་མི་གོས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་རང་བཞིན་གྱི་མཚན་ཉིད་ཤེས་པའི་ཕྱིར་རོ། །རིགས་ཀྱི་བུ། དཔེར་ན། ཡུལ་ལ་ལ་ན་ཤིན་ཏུ་བསིལ་བའི་རླུང་དང་ལྡན་ན། སེམས་ཅན་གང་ཚ་བས་གདུངས་པའི་ལུས་ཀྱི་བ་སྤུའི་ཁུང་ལ་རེག་ན་ཚ་བས་གདུངས་པ་མེད་པར་འགྱུར་རོ། །ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་འདིའང་དེ་དང་འདྲའོ། །སེམས་ཅན་ཐམས་ཅད་ཀྱི་བ་སྤུའི་བུ་གར་འཇུག་ཅིང་བྱང་ཆུབ་ཀྱི་རྒྱུར་འགྱུར་བར་བྱེད་དེ། ལོག་སྲེད་ཅན་འབའ་ཞིག་ནི་མ་གཏོགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་སྣོད་མ་ཡིན་པའི་ཕྱིར་རོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། སྨན་པ་མཁས་པ་རིག་པ་རྣམ་པ་བརྒྱད་ལ་མཁས་པ་དག་ནད་ཐམས་ཅད་ཞི་བར་བྱེད་ནུས་མོད་ཀྱི། ངེས་པར་ཤི་བའི་དུས་ལ་བབ་པ་ལ་ནི་མ་ཡིན་ནོ། །མདོ་སྡེའི་ཏིང་ངེ་འཛིན་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་ཀུན་ནས་ཉོན་མོངས་པའི་ནད་གསོ་ཞིང་ཀུན་ནས་ཉོན་མོངས་
Ka221b
བའི་ཟུག་རྔུ་འབྱིན་ནུས་མོད་ཀྱི། ཕས་ཕམ་པ་བཞི་ཉམས་པ་དང ། མཚམས་མེད་པ་ལྔ་བྱས་པ་ལ་ནི་མ་ཡིན་ནོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། སྨན་པ་མཁས་པ་རིག་པ་བརྒྱད་ལས་ཀྱང་འདས་པ་དག་སེམས་ཅན་གྱི་ནད་ཀྱི་སྡུག་བསྔལ་ཐམས་ཅད་སེལ་ནུས་མོད་ཀྱི། གདོན་མི་ཟ་བར་ཤི་བའི་དུས་ལ་བབ་པ་ལ་ནི་མ་ཡིན་ནོ། །མྱ་ངན་ལས་འདས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ་སྡེ་འདིའང་དེ་དང་འདྲ་སྟེ། སེམས་ཅན་གྱི་ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་ཅིང ། དེ་བཞིན་གཤེགས་པའི་ཡོངས་སུ་དག་པའི་རྒྱུར་འགྱུར་བ་ལ་བདེ་བར་འཇོག་པ་དང ། སེམས་མ་བསྐྱེད་པ་དག་སེམས་སྐྱེད་པར་ནི་བྱེད་མོད་ཀྱི། ངེས་པར་འཆི་བ་ལོག་སྲེད་ཅན་ལ་ནི་མ་ཡིན་ནོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། སྨན་པ་མཁས་པ་ནི་མིག་ནད་ལས་ལོང་བར་གྱུར་པ་དག་ནི་ཉི་མ་དང ། ཟླ་བ་དང ། མེ་དང ། སྐར་མ་དང ། གཟུགས་རྣམ་པ་ཐམས་ཅད་མཐོང་བར་བྱེད་ནུས་ཀྱི། ཐོག་མ་ནས་དམུས་ལོང་དུ་གྱུར་པ་ལ་ནི་མ་ཡིན་ནོ། །ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་འདིའང་དེ་དང་འདྲ་སྟེ། ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཐེག་པ་ཅན་ཡང་ཤེས་རབ་ཀྱི་མིག་ཐོབ་ཅིང ། ཚད་མེད་མཐའ་ཡས་པའི་ཐེག་པ་ཆེན་པོའི་མདོ་སྡེ་ལ་དགོད་པ་དང ། སེམས་མ་བསྐྱེད་པ་ཕས་ཕམ་པ་བཞི་ཉམས་པ་དང ། མཚམས་མེད་པ་ལྔ་བྱས་པ་དག་ཀྱང་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་ནི་ནུས་ཀྱི། ཐོག་མ་ནས་དམུས་
Ka222a
༄#། །ལོང་དུ་གྱུར་པ་ལོག་སྲེད་ཅན་དག་ལ་ནི་མ་ཡིན་ནོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། སྨན་པ་ཤིན་ཏུ་མཁས་པ་རིག་པ་རྣམ་པ་བརྒྱད་དང་ལྡན་པ་ནི་སེམས་ཅན་གྱི་ནད་ཐམས་ཅད་གསོ་བའི་ཕྱིར་སྨན་རྣམ་པ་མང་པོ་སྦྱོར་ཏེ། སྐྱུག་པ་དང ། འཁྲུ་བ་དང ། བསྐུ་བ་དང ། བདུག་པ་དང ། སྣར་བླུགས་པ་དང ། ཕྱེ་མ་དང ། རིལ་བུ་ལ་སོགས་པ་སྦྱོར་རོ། །གལ་ཏེ་མི་དབུལ་པོ་སྨན་མི་འདོད་པ་ཞིག་ནའང་སྨན་པས་དེ་ལ་སྙིང་བརྩེ་བའི་ཕྱིར་ཁྱིམ་དུ་ཁྲིད་ནས་ནན་གྱིས་སྨན་བྱེད་དེ་ནད་འཚོ་བར་བྱེད་དོ། །གལ་ཏེ་བུད་མེད་བུ་བཙས་པ་ཞིག་ཤ་མ་མ་ཕྱིན་ནའང་དེ་ལ་སྨན་གཏོང་སྟེ། ཤ་མའང་འབྱུང་ལ། བུའང་བདེ་བར་བཙའ་བར་བྱེད་དོ། །ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་འདིའང་དེ་དང་འདྲ་སྟེ། གནས་གང་དང་གང་ན་ཡོད་པ་དེ་དང་དེ་དག་ཏུ་སེམས་ཅན་གྱི་ཉོན་མོངས་པ་ཚད་མེད་པ་སྙེད་ཞི་བར་བྱེད་དེ། ཕས་ཕམ་པ་བཞི་ཉམས་པ་དང ། མཚམས་མེད་པ་ལྔ་བྱས་པ་དང ། སེམས་མ་བསྐྱེད་པའང་སེམས་བསྐྱེད་པར་འགྱུར་ན་ལོག་སྲེད་ཅན་ནི་མ་གཏོགས་སོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། ཕས་ཕམ་པ་བཞི་ཉམས་པ་དང ། མཚམས་མ་མཆིས་པ་ལྔ་བགྱིས་པ་དག་ནི་ཇི་ལྟར་ཤིང་ཏ་ལའི་མགོ་བཅད་ན་ཕྱིར་མི་སྐྱེ་བ་དང་འདྲ་སྟེ། དེ་དག་བྱང་ཆུབ་ཏུ་སེམས་མ་
Ka222b
བསྐྱེད་པ་ཅིའི་སླད་དུ་བྱང་ཆུབ་ཀྱི་རྒྱུར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། སེམས་ཅན་དེ་དག་གལ་ཏེ་རྨི་ལམ་ན་སེམས་ཅན་དམྱལ་བར་ལྟུང་སྟེ། སྡུག་བསྔལ་མང་པོ་མྱོང་བ་རྨིས་ན་འགྱོད་པའི་སེམས་སྐྱེས་ཏེ། ཀྱི་ཧུད། བདག་ཅིའི་ཕྱིར་འདི་འདྲ་བའི་སྡིག་པ་མྱོང་བར་འགྱུར། བདག་ཅི་སྟེ་སྡིག་པ་འདི་ལས་ཐར་ན་གདོན་མི་ཟ་བར་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །ད་ལྟར་མྱོང་བ་འདི་ནི་རབ་ཏུའང་སྡུག་བསྔལ་བའོ་སྙམ་བསམས་ནས། དེ་ནས་སད་དེ་དམ་པའི་ཆོས་ལ་འབྲས་བུ་ཆེན་པོ་དང་ལྡན་པར་ཤེས་སོ། །ཇི་ལྟར་བུ་ཆུང་དུ་བགས་ཀྱིས་ཆེར་སྐྱེས་ཀྱི་བར་དུ་རྟག་ཏུ་འདི་སྙམ་དུ་སེམས་ཏེ། སྨན་པ་དེ་ནི་སྨན་ལ་ཤིན་ཏུ་མཁས་སོ། །བདག་མངལ་ན་འདུག་པ་ལས་བདག་གི་མ་ལ་སྨན་བཏང་བས་སྨན་གྱི་མཐུས་བདེ་བར་གྱུར་ཏེ། བདག་ཀྱང་འཚོ་བར་གྱུར་ཏོ། །ངོ་མཚར་ཆེའོ། །བདག་གི་མས་ཟླ་བ་བཅུའི་བར་དུ་སྡུག་བསྔལ་ཆེན་པོ་མྱོང་སྟེ། བདག་བཙས་ནས་ཀྱང་གཤེར་བ་མི་བདེ་བ་དང་ནི་བྲལ། སྐམ་པ་བདེ་བ་དང་ནི་སྤྲད་དེ། མི་གཙང་བ་བཤང་གཅི་ཆེ་ཆུང་ཡང་ཕྱགས་ནས་ནུ་ཞོ་བསྣུན་ཏེ། བདག་གི་ལུས་འདི་དག་གསོས་ནས་རིམ་གྲོ་ཆེར་བྱས་སོ། །དེ་བས་ན་བདག་ཀྱང་དྲིན་ལ་ལན་གླན་པའི་ཕྱིར་རིམ་གྲོ་ཆེར་བྱས་ཏེ། ཡིད་དང་མི་འགལ་བར་མཆོད་པ་བྱའོ་སྙམ་སེམས་སོ། །ཕས་ཕམ་པ་བཞི་ཉམས་པ་དང ། མཚམས་མེད་པའི་སྡིག་བྱས་པའང་མཐར་དུས་
Ka223a
༄#། །བྱེད་པ་ན། ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་འདི་དྲན་པར་བྱས་ན་སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། ཡི་དྭགས་སམ། ལྷའམ་མིར་སྐྱེས་ཀྱང་མདོ་སྡེ་འདིས་མི་དེའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བར་བྱེད་དོ། །ལོག་སྲེད་ཅན་ནི་མ་གཏོགས་སོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། སྨན་པ་མཁས་པའམ། སྨན་པ་མཁས་པའི་བུ་སྨན་པ་གཞན་ལས་འཕགས་པར་མཁས་པ་དུག་གི་སྨན་ལའང་ཤིན་ཏུ་མཁས་ཤིང ། རིགས་སྔགས་ལའང་མཁས་ན་སྦྲུལ་གདུག་པའམ། ཀླུའམ། གདུག་པ་གཞན་དག་ཀྱང་རིག་སྔགས་དང་སྨན་གྱི་མཐུས་གདུག་པ་མེད་པར་བྱེད་དོ། །གལ་ཏེ་ལྷམ་ལ་སྨན་བཀུས་ཏེ། སྦྲུལ་གདུག་པ་ལ་སོགས་པ་ལ་རེག་ན་གདུག་པ་ཞི་བར་འགྱུར་ཡང ། གདུག་པ་ཀླུ་ཆེན་པོ་ཞེས་བྱ་བ་ནི་མ་ཡིན་ནོ། །ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་འདིའང་དེ་དང་འདྲ་སྟེ། སེམས་ཅན་གང་ཕས་ཕམ་པ་བཞི་ཉམས་སམ། མཚམས་མེད་པ་ལྔ་བྱས་ཀྱང་དེ་དག་གི་ཁ་ན་མ་ཐོ་བའི་སྡིག་པ་བྱང་ཞིང་བྱང་ཆུབ་ལ་དགོད་པར་བྱེད་དོ། །ལྷམ་ལ་སྨན་གྱིས་བསྐུས་ནའང་དུག་ཞི་བར་བྱེད་པ་ལྟར་སེམས་མ་བསྐྱེད་པ་དག་ཀྱང་སེམས་བསྐྱེད་ཅིང་བྱང་ཆུབ་ལ་བདེ་བར་དགོད་པར་བྱེད་དོ། །ཐེག་པ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་སྨན་ལྟ་བུ་འདིའི་མཐུས་སེམས་ཅན་ཐམས་ཅད་བདེ་བར་བྱེད་
Ka223b
ཀྱང་ཀླུ་ཆེན་པོ་ལྟ་བུ་ལོག་སྲེད་ཅན་དག་ནི་མ་གཏོགས་སོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། མི་ཞིག་གིས་དུག་རྣམ་པར་སྦྱར་ནས་རྔ་ཆེན་པོ་ལ་བསྐུས་ཏེ་མི་མང་པོའི་ནང་དུ་བརྡུངས་ན་སྒྲ་དེ་ཐོས་པར་མི་འདོད་མོད་ཀྱི། ཐོས་པ་ཐམས་ཅད་འཆི་ཡང་གློ་བུར་དུ་འཆི་བར་མི་འགྱུར་བ་འབའ་ཞིག་ནི་མ་གཏོགས་སོ། །ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་པ་འདིའང་དེ་དང་འདྲ་སྟེ། གང་དང་གང་ན་འདུ་བྱེད་མང་པོའི་ནང་དུ་སྒྲ་ཐོས་པར་གྱུར་ན་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་ཉོན་མོངས་པ་ཀུན་འབྱང་བར་འགྱུར་ཏེ། དེ་ལ་སེམས་ཤིང་ཡིད་ལ་བྱ་བའི་བསམ་པ་མེད་ཀྱང་མྱ་ངན་ལས་འདས་པ་ཆེན་པོའི་མཐུས་ཉོན་མོངས་པ་ཀུན་ཞི་བར་འགྱུར་རོ། །ཕས་ཕམ་པ་བཞི་ཉམས་པ་དང ། མཚམས་མེད་པ་ལྔ་བྱས་པ་དག་ཀྱང་མདོ་སྡེ་འདི་ཐོས་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། ཉོན་མོངས་པ་ཁང་ཀྱིས་འབྱང་བར་འགྱུར་ན་གློ་བུར་དུ་མི་འཆི་བ་ལོག་སྲེད་ཅན་ནི་མ་གཏོགས་སོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན།་མུན་སྲོས་ན་ལས་བྱ་བ་ཐམས་ཅད་གཏོང་སྟེ། འཕྲོ་ལུས་ཀྱང་སང་གི་བར་དུ་སྡོད་དོ། །ཐེག་པ་ཆེན་པོ་སློབ་པའང་དེ་དང་འདྲ་སྟེ། མདོ་སྡེའི་ཏིང་ངེ་འཛིན་ཐམས་ཅད་ལ་ནན་ཏན་བྱས་ཀྱང་མྱ་ངན་ལས་འདས་པ་ཆེན་པོ་ཉི་མ་ལྟ་བུ་འདི་ལས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་འདི་ཐོས་ནས་གདོད་བྱང་ཆུབ་ཀྱི་ལས་བྱེད་དེ། དམ་པའི་ཆོས་ལ་བདེ་བར་གནས་སོ། །
Ka224a
༄#། །དཔེར་ན། ཆར་པ་ནི་ས་བོན་ཐམས་ཅད་སྐྱེ་བ་དང ། འབྲས་བུ་ཐམས་ཅད་སྨིན་པ་དང ། མུ་གེ་ལ་སོགས་པ་སེལ་ཅིང་ལོངས་སྤྱོད་དང་ལྡན་པར་བྱེད་དོ། །དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་ཆར་ཚད་མེད་པ་འདིའང་དེ་དང་འདྲ་སྟེ། གདུང་བའི་ནང་རྣམ་པ་བརྒྱད་སེལ་བ་དང ། མདོ་སྡེ་འདི་འཇིག་རྟེན་དུ་བྱུང་བས་འབྲས་བུ་ཐམས་ཅད་སྨིན་པར་བྱེད་པ་དང ། ཐམས་ཅད་ལ་ཕན་པ་དང་བདེ་བར་འགྱུར་བ་དང ། སོ་སོའི་སྐྱེ་བོ་དག་སངས་རྒྱས་ཀྱི་རང་བཞིན་མཐོང་བ་ཇི་ལྟར་པུཎྜ་རི་ཀའི་མདོ་ལས་ཉན་ཐོས་བརྒྱད་སྟོང་རྣམས་ལ་ལུང་བསྟན་ཏེ་འབྲས་བུ་ཆེན་པོ་ཐོབ་པ་བཞིན་ནོ། །ཇི་ལྟར་སྟོན་གྱི་དུས་སུ་ལས་བྱས་ནས་དགུན་སྦེད་པ་ལྟར་ལས་གཞན་མི་བྱེད་པ་ལོག་སྲེད་ཅན་ཡང་དེ་དང་འདྲ་སྟེ། དགེ་བའི་ཆོས་ལ་རྩོལ་བ་མེད་དོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། སྨན་པ་མཁས་པ་ཞིག་ཕ་རོལ་པོའི་བུ་ཞིག་འདྲེས་བརླམས་ཞེས་ཐོས་ན་སྨན་བཟང་པོ་སྦྱར་ཏེ། མི་གཅིག་དེའི་སྟེང་དུ་མངགས་ནས་འདི་སྐད་ཅེས་ཁྱོད་སྨན་འདི་ཐོགས་ལ་དེའི་གན་དུ་སྐྱོལ་ཅིག་།ཅི་སྟེ་མངགས་པའི་མི་དེ་ཉིད་ལམ་དུ་ཡི་དྭགས་དང་ཕྲད་ནའང་སྨན་དེའི་སྟོབས་ཀྱིས་འབྱོལ་ཞིང་འབྲོས་པར་འགྱུར་རོ། །ཁྱོད་ཅི་སྟེ་ཐོགས་ནའང་ཁོ་བོ་ཉིད་དོན་དུ་འགྲོ་སྟེ། ནད་པ་དེ་གློ་བུར་གྱིས་འཆི་བར་མི་བྱའོ། །ཅི་སྟེ་ནང་པ་དེས་མངགས་པའི་མི་དེའམ། ཁོ་བོ་ཉིད་དང་ཕྲད་ན་སྨན་
Ka224b
གྱི་སྟོབས་ཀྱིས་ནད་ཀྱི་སྡུག་བསྔལ་དང་བྲལ་ཏེ་བདེ་བར་འགྱུར་རོ། །ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་འདི་ཡང་དེ་དང་འདྲ་སྟེ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། མུ་སྟེགས་ཅན་ལ་སོགས་པ་གང་སུའང་རུང་སྟེ། མདོ་སྡེ་འདི་འཆང་ངམ། འཛིན་ཏམ། ཀློག་གམ། འདོན་ཏམ། ཁོང་དུ་ཆུད་པར་བྱེད་དམ། གཞན་ལ་རྒྱས་པར་སྟོན་ཅིང་འཆད་དམ། བདག་གིས་གླེགས་བམ་དུ་བྲིས་སམ། གཞན་འདྲིར་བཅུག་ན་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་རྒྱུར་འགྱུར་རོ། །གལ་ཏེ་ཕས་ཕམ་པ་བཞི་ཉམས་སམ། མཚམས་མེད་པ་ལྔའི་སྡིག་བྱས་སམ། ཡི་དྭགས་ཀྱིས་བརླམས་སམ། གདུག་པས་གནོད་པར་གྱུར་པ་དག་མདོ་སྡེ་འདི་ཐོས་ན་སྡིག་པ་ཐམས་ཅད་བྱང་བར་འགྱུར་ཏེ། ཇི་ལྟར་སྨན་པ་མཁས་པ་དེ་མཐོང་ན་ཡི་དྭགས་ལ་སོགས་པ་འབྱོལ་ཞིང་འབྲོས་པ་བཞིན་ནོ། །དེ་བས་ན་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་ཆེན་པོ་ཐོས་པ་ཙམ་དང ། དེ་བཞིན་གཤེགས་པ་རྟག་གོ་བར་བསམས་པའི་ཕྱིར་རོ། །ཐོས་པ་ཙམ་གྱིས་ཀྱང་དེ་ལྟ་བུར་འགྱུར་ན། གླེགས་བམ་དུ་འདྲིའམ། འཆང་ངམ། འཛིན་ཏམ། ཀློག་གམ། འདོན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ལོག་སྲེད་ཅན་མ་གཏོག། \?\་བར་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། གཞན་
Ka225a
༄#། །ཡང་འདི་ལྟ་སྟེ། དཔེར་ན། འོན་པས་སྒྲ་སྐད་ཅིའང་མི་ཐོས་སོ། །ལོག་སྲེད་ཅན་ཡང་དེ་དང་འདྲ་སྟེ། མདོ་སྡེ་དམ་པ་འདི་ཉན་པར་རྩོལ་ཡང་མི་ཐོས་སོ། །དེ་ཅིའི་ཕྱིར་ཞེ་ན། ཐོས་པའི་རྒྱུ་མེད་པའི་ཕྱིར་རོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། སྨན་པ་མཁས་པ་དཔྱད་ཐམས་ཅད་རབ་ཏུ་རྟོགས་པ། རིག་སྔགས་ཚད་མེད་པའང་ཤེས་པ་ཞིག་གིས་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ། རྒྱལ་པོ་ཆེན་པོ་ལ་ནི་ངེས་པར་འཆི་བར་འགྱུར་བའི་ནད་ཡོད་དོ། །རྒྱལ་པོས་སྨྲས་པ། ཁྱོད་ཁོ་བོའི་ཁོང་པར་མ་ཕྱིན་ན། ཁོ་བོ་ལ་ངེས་པར་འཆི་བར་འགྱུར་བའི་ནད་ཡོད་པར་ཇི་ལྟར་ཤེས། སྨན་པས་སྨྲས་པ། དེ་ལྟར་ཡིད་མི་ཆེས་ན་བཀྲུ་སྨན་ཐོང་ཞིང་དག་ནད་ཕྱིར་འབྱུང་སྟེ་མཐོང་བར་འགྱུར་རོ་ཞེས་སྨྲས་ཀྱང་སྨན་འཐུང་དུ་མ་བཏུབ་བོ། །དེ་ནས་སྨན་པ་དེས་རིག་སྔགས་ཀྱི་མཐུས་རྒྱལ་པོ་དེའི་རྐུབ་ལ་ཤུ་བ་སྐྱེས་ནས་རྐུབ་ནས་སྲིན་བུ་དང ། ཁྲག་བྱུང་བར་བྱས་སོ། །རྒྱལ་པོ་དེ་དེ་ལྟར་གྱུར་པ་མཐོང་ནས་ཤིན་ཏུ་སྐྲག་སྟེ། སྨན་པ་དེ་ལ་ལེགས་སོ། །ལེགས་སོ་ཞེས་བསྟོད་ནས། སྔར་ཁྱོད་ཀྱི་ཚིག་མ་ཉན་ཏེ། དའང་ཁྱོད་ཀྱིས་བདག་གི་ལུས་ལ་ཤིན་ཏུ་ཕན་པ་ཆེན་པོ་བྱས་སོ་ཞེས་སྨྲས་ནས། སྨན་པ་དེ་ལ་ཕ་མ་ལྟ་བུར་བཀུར་སྟི་བྱེད་དོ། །ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོའང་དེ་དང་འདྲ་སྟེ། སེམས་ཅན་གང་འདོད་པ་དང་བཅས་པའམ། འདོད་པ་མེད་ཀྱང་རུང་སྟེ། དེ་དག་གི་
Ka225b
ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་དོ། །སེམས་ཅན་གང་རྨི་ལམ་ན་མདོ་སྡེ་འདི་རྨིས་པས་མཆོད་པ་དང ། བཀུར་སྟི་བྱེད་པ་ནི། ཇི་ལྟར་རྒྱལ་པོ་ཆེན་པོས་སྨན་པ་མཁས་པ་ལ་བཀུར་སྟི་བྱེད་པ་བཞིན་ནོ། །ཇི་ལྟར་སྨན་པ་མཁས་པས་ངེས་པར་འཆི་བར་འགྱུར་བ་མི་གསོ་བ་བཞིན་དུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདིའང་དེ་དང་འདྲ་སྟེ། ལོག་སྲེད་ཅན་ལ་གསོ་བར་མི་འགྱུར་རོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། སྨན་པ་མཁས་པ་རིག་པའི་གནས་བརྒྱད་ལ་མཁས་པ་དག་ནད་ཐམས་ཅད་གསོ་ནུས་ཀྱང་ངེས་པར་འཆི་བར་འགྱུར་བའི་ནད་གསོ་ནུས་པ་མ་ཡིན་ནོ། །སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་དང་འདྲ་སྟེ། སེམས་ཅན་རྣམས་ཀྱི་སྲིད་པའི་ཁ་ན་མ་ཐོ་བ་ཐམས་ཅད་གསོ་ནུས་ཀྱང་ངེས་པར་འཆི་བར་འགྱུར་བ་ལྟ་བུ་ལོག་སྲེད་ཅན་དག་གསོ་ནུས་པ་མ་ཡིན་ནོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། སྨན་པ་མཁས་པ་རིག་པའི་གནས་བརྒྱད་ལ་མཁས་པ་སྨན་དཔྱད་ཀུན་དང་རིག་པའི་གནས་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན་ཏེ། ཐམས་ཅད་རྟོགས་ནས། སྔར་བུ་ལ་ཆུའི་ནང་ནས་འབྱུང་བ་དང ། སྐམ་ས་ལས་འབྱུང་བ་དང ། རི་ལ་འབྱུང་བའི་སྨན་ཐམས་ཅད་སྟོན་ཏོ། །དེ་དག་ཤེས་ནས་བགས་ཀྱིས་རིག་པའི་གནས་བརྒྱད་ཀྱང་སྟོན་ཏོ། །དེ་ནས་དེ་མ་ཡིན་པ་དཔྱད་གསང་བའི་མཆོག་ཀྱང་སྟོན་ཏོ། །དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་དེ་དང་འདྲ་སྟེ། སྔར་སྲས་དང་འདྲ་བར་དགེ་
Ka226a
༄#། །སློང་རྣམས་ལ་ཉོན་མོངས་པ་ཐམས་ཅད་བསལ་བའི་ཐབས་བསྟན་ཏེ། ལུས་གཙང་བར་བྱ་བ་སྙིང་པོ་མེད་པའི་འདུ་ཤེས་ལ་ནན་ཏན་བྱེད་དུ་བཅུག་པ་དེ་ནི། ཆུ་དང ། སྐམ་ས་དང ། རི་བྲག་ལྟ་བུ་བསྟན་པའོ། །ཆུ་ཞེས་བྱ་བ་ནི་ལུས་སྡུག་བསྔལ་མྱོང་བ་ཆུའི་ཆུ་བུར་དང་འདྲའོ་ཞེས་བསྟན་པའོ། །སྐམ་ས་ཞེས་བྱ་བ་ནི་ལུས་འདི་སྙིང་པོ་མེད་དེ། ཆུ་ཤིང་དང་འདྲའོ་ཞེས་བསྟན་པའོ། །རི་བྲག་ཅེས་བྱ་བ་ནི་ཉོན་མོངས་པའི་ནང་ན་བདག་མེད་པའི་འདུ་ཤེས་བསྒོམ་པ་བསྟན་པ་སྟེ། དེ་བས་ན་ལུས་ལ་བདག་མེད་པ་ཞེས་བྱའོ། །དེ་བཞིན་གཤེགས་པས་དེ་ལྟར་ཉེ་གནས་རྣམས་ལ་བགས་ཀྱིས་མདོ་སྡེ་དགུ་པོ་བསྟན་ཏེ། རྟོགས་པར་བྱས་ནས། དེའི་འོག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་ཏེ། སྲས་ལྟ་བུའི་ཕྱིར་དེ་བཞིན་གཤེགས་པ་རྟག་གོ་ཞེས་བཤད་དོ། །དེ་བཞིན་གཤེགས་པས་དེ་ལྟར་ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་པ་བསྟན་པ་ནི་སེམས་ཅན་གང་སེམས་བསྐྱེད་དམ། སེམས་མ་བསྐྱེད་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། ལོག་སྲེད་ཅན་འབའ་ཞིག་ནི་མ་གཏོགས་སོ། ། རིགས་ཀྱི་བུ། ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་འདི་ནི་ཚད་མེད་མཐའ་ཡས་པ་སྟེ། བསམ་གྱིས་མི་ཁྱབ་བོ། །དེ་བས་ན་འདི་ནི་སྨན་པ་མཁས་པའི་
Ka226b
མཆོག་ཕུལ་དུ་གྱུར་པ། གཙོ་བོར་གྱུར་པ། མདོ་སྡེ་ཀུན་གྱི་རྒྱལ་པོ་ལྟ་བུའོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། གྲུ་ཆེན་པོ་ནི་རྒྱ་མཚོའི་ཚུ་རོལ་ནས་རྒྱ་མཚོའི་ཕ་རོལ་ཏུ་སྒྲོལ་ལ། རྒྱ་མཚོའི་ཕ་རོལ་ནས་ཚུ་རོལ་ཏུའང་སྒྲོལ་ལོ། །དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་དེ་དང་འདྲ་སྟེ། མྱ་ངན་ལས་འདས་པ་ཆེན་པོའི་རིན་པོ་ཆེའི་གྲུར་ཞུགས་ན་སེམས་ཅན་ཡོངས་སུ་སྒྲོལ་ཏེ། གང་ནས་གང་དུ་འགྲོ་བར་འགྱུར་བ་ཡོད་ན་དེ་དང་དེ་དག་ཏུ་སྒྲོལ་ཞིང ། དེ་བཞིན་གཤེགས་པའི་སྐུ་མཐོང་བར་མཛད་དོ། །དེ་བས་ན་དེ་བཞིན་གཤེགས་པ་ནི་གྲུ་སྒྲོལ་བའི་མཁན་པོ་ལྟ་བུའོ། །དཔེར་ན། གྲུ་གཟིངས་ཀྱང་མཉན་པ་ཡོད་ན་འགྲོ་བ་དག་རྒྱ་མཚོ་ལས་བརྒལ་བར་གྱུར་ཏེ། དེ་བཞིན་གཤེགས་པ་རྟག་ཏུ་སེམས་ཅན་མང་པོ་སྒྲོལ་བའི་དོན་མཛད་པའང་དེ་དང་འདྲའོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་བཅུ་གསུམ་པ། རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོ་ལས་བརྒལ་བའི་གྲུར་ཞུགས་པ་དག་གལ་ཏེ་རླུང་དང་ལྡན་ན་ནི་སྐད་ཅིག་ཐད་ཅིག་གིས་དཔག་ཚད་ཚད་མེད་པའི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །གལ་ཏེ་རླུང་དང་མི་ལྡན་ན་ལོ་ཚད་མེད་པའི་བར་དུ་བསྡད་ཀྱང་གནས་ནས་མི་འཕགས་སོ། །གལ་ཏེ་གྲུ་ཞིག་ན་ཆུར་ནུབ་སྟེ། འཆི་
Ka227a
༄#། །བར་ཡང་འགྱུར་རོ། །གལ་ཏེ་སེམས་ཅན་དག་གཏི་མུག་གི་འཁོར་བའི་རྒྱ་མཚོ་ཆེན་པོར་འདུ་བྱེད་ཀྱི་གྲུ་ལ་ཞུགས་པའང་དེ་དང་འདྲ་སྟེ། གལ་ཏེ་མྱ་ངན་ལས་འདས་པ་ཆེན་པོའི་རླུང་དྲག་པོ་དང་ཕྲད་ན་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་ཕྱིན་པར་འགྱུར་གྱི། གལ་ཏེ་མ་ཕྲད་ན་བསྐལ་པ་ཚད་མེད་པའི་བར་དུ་འཁོར་བར་ཡོངས་སུ་འཁོར་ཏེ། གལ་ཏེ་ན་སེམས་ཅན་དམྱལ་བ་དང ། ཡི་དྭགས་དང ། བྱོལ་སོང་གི་སྐྱེ་གནས་སུ་ལྟུང་བར་འགྱུར་རོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོའི་གྲུར་ཞུགས་ཏེ་ཡུན་རིང་པོ་ལོན་པ་དག་རླུང་དང་མི་ལྡན་ན་དེ་འདི་སྙམ་དུ་སེམས་སོ། །བདག་ཅག་ནི་གདོན་མི་ཟ་བར་འཆི་བར་འགྱུར་རོ་སྙམ་སྟེ། དེ་ལྟར་སེམས་པ་ན་ཅི་སྟེ་རླུང་དྲག་པོ་དང་ཕྲད་ནས་ཡིད་བཞིན་དུ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་ན། དེ་འདི་སྐད་དུ་རླུང་གིས་ཤིན་ཏུ་ཚིམ་པར་གྱུར་ཏོ། །བདག་ཅག་ཀྱང་བདེ་བར་རྒྱ་མཚོའི་བགེགས་ལས་ཐར་བར་གྱུར་ཏོ་ཞེས་ཟེར་རོ། །སེམས་ཅན་ཡུན་རིང་པོར་གཏི་མུག་གི་འཁོར་བའི་རྒྱ་མཚོར་དེད་དེ། སྡུག་བསྔལ་གྱིས་གཟིར་བ་མྱ་ངན་ལས་འདས་པ་ཆེན་པོའི་རླུང་དང་མ་ཕྲད་པ་ན། དེ་འདི་སྙམ་དུ་སེམས་ཏེ། བདག་ཅག་ནི་གདོན་མི་ཟ་བར་སེམས་ཅན་དམྱལ་བ་དང ། ཡི་དྭགས་དང ། བྱོལ་སོང་གི་སྐྱེ་གནས་སུ་ལྟུང་བར་འགྱུར་རོ་སྙམས་སེམས་སོ། །དེ་
Ka227b
དེ་ལྟར་སེམས་པ་ན་ཅི་སྟེ་མྱ་ངན་ལས་འདས་པ་ཆེན་པོའི་རླུང་དང་ཕྲད་ནས་ཡིད་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་ན་གདོད་ཡང་དག་པ་ཡིན་པར་རྟོགས་ཏེ། བོ་མཚར་རྨད་ཀྱི་འདུ་ཤེས་སྐྱེས་ནས་བདག་སྔོན་འདི་ལྟ་བུའི་དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་མ་ཐོས་སོ། །ཞེས་ཟེར་ཏེ། མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ལ་ཡོངས་སུ་དད་པའི་སེམས་སྐྱེ་བར་འགྱུར་རོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། སྦྲུལ་པགས་པ་བརྗེ་བ་ན་དེ་ལ་ཤི་བ་ཞེས་བྱའམ། གསོལ་པ། མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཐབས་ཀྱིས་སྐུ་ཡོངས་སུ་བཏང་བ་བསྟན་པ་ལ་ཇི་ལྟར་དེ་ལ་དེ་བཞིན་གཤེགས་པ་མི་རྟག་གོ་ཞེས་བྱ་བར་རུང་ངམ། གསོལ་བ། མ་ལགས་སོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པས་ཛམྦུའི་གླིང་འདིར་ཐབས་ཀྱིས་སྐུ་བཏང་བ་ནི། དཔེར་ན། སྦྲུལ་པགས་པ་བརྗེ་བ་དང་འདྲ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པ་གནས་པ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དབེར་ན། གསེར་མགར་མཁས་པས་གསེར་ལ་ཡོ་བྱད་རྣམ་པ་སྣ་ཚོགས་ཡིད་བཞིན་དུ་རྡུང་ངོ ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སྲིད་པ་ཉི་ཤུ་ལྔ་པོར་གཟུགས་ཀྱི་སྐུ་རྣམ་པ་སྣ་ཚོགས་མངོན་པར་བསྟན་
Ka228a
༄#། །ཏེ། སོ་སོའི་སྐྱེ་བོ་འཁོར་བ་ལས་ཡོངས་སུ་འདོན་པས་དེ་བཞིན་གཤེགས་པ་ནི་སྐུ་དཔག་ཏུ་མེད་པ་ཞེས་བྱའོ། །དེ་ལྟར་སྐུ་རྣམ་པ་སྣ་ཚོགས་སྟོན་ཀྱང ། རྟག་པ་གནས་པ་མི་འགྱུར་མི་འཕོ་བ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། ཤིང་ཨ་མྲ་དང ། ཛམྦུའི་ཤིང་ནི་ལོ་གཅིག་ལ་ལན་གསུམ་དུ་འགྱུར་རོ། །འདི་ལྟ་སྟེ། ཆེད་འགའི་དུས་སུ་ནི་མེ་ཏོག་ལ་སོགས་པ་ཤིན་ཏུ་རྒྱས་པར་འགྱུར། ཆེད་འགའི་དུས་སུ་ནི་འདབ་མ་སོགས་པ་ཤིན་ཏུ་རྒྱས་པར་འགྱུར། ཆེད་འགའི་དུས་སུ་ནི་འདབ་མ་ཐམས་ཅད་ལྷགས་ནས་ཤིང་སྐམ་ལྟ་བུར་འགྱུར་རོ། །རིགས་ཀྱི་བུ། དེ་ཁྱོད་ཀྱི་ཡིད་ལ་ཇི་སྙམ་དུ་སེམས། དེའི་ཚེ་ན་ཤིང་དེ་ཡང་དག་པར་བསྐམས་སམ། གསོལ་པ། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། འཇིག་རྟེན་གསུམ་པོར་སྐུ་རྣམ་པ་གསུམ་སྟོན་ཏེ། འདི་ལྟ་སྟེ། ཆེད་འགའ་ནི་ཐོག་མ་བཅས་པ་དང ། ཆེད་འགའ་ནི་སྐུ་རྫོགས་པ་དང ། ཆེད་འགའ་ནི་མྱ་ངན་ལས་འདས་པ་བསྟན་ཏེ། དེ་བཞིན་གཤེགས་པའི་སྐུ་མི་རྟག་པ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་སྲུང་ཀྱིས་བཅོམ་ལྡན་འདས་ལ་ལེགས་སོ། །ཤིན་ཏུ་ལེགས་སོ་ཞེས་བསྟོད་ནས།
Ka228b
བཅོམ་ལྡན་འདས་ཀྱིས་གསུངས་པ་བཞིན་ཏེ། དེ་བཞིན་གཤེགས་པ་ནི་རྟག་པ་གནས་པ་མི་འགྱུར་མི་འཕོ་བའོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ནི་ཤིན་ཏུ་ཡང་ཤེས་པར་དཀའོ། །འདི་ལྟ་སྟེ། དཔེར་ན། རྒྱལ་པོ་ཆེན་པོ་ཞིག་གིས་བློན་པོ་རྣམས་ལ་སེན་ཏ་པ་འོན་ཅིག་ཅེས་བཀའ་སྩལ་ན། སེན་ཏ་པ་ཞེས་བྱ་བ་མིང་གཅིག་ལ་དངོས་པོར་བསྔོ་བ་བཞི་ཡོད་དོ། །འདི་ལྟ་སྟེ། ལན་ཚཝ་དང ། སྣོད་དང ། ཆུ་དང ། རྟ་སྟེ་དངོས་པོ་འདི་བཞི་ནི་མཐུན་ནོ། །དེ་ལ་བློན་པོ་མཁས་པས་ནི་གལ་ཏེ་རྒྱལ་པོ་ཁྲུས་བྱ་པར་བསམས་ཏེ། སེན་ཏ་པ་འོན་ཅིག་ཅེས་བསྒོ་བའི་དུས་ན་ཆུ་འབུལ་ལོ། །རྒྱལ་པོ་ཟས་ཀྱི་བྱ་བ་བྱེད་པ་ན་སེན་ཏ་པ་འོན་ཅིག་ཅེས་བསྒོ་བའི་དུས་ན་ལན་ཚཝ་འབུལ་ལོ། །རྒྱལ་པོ་ཟས་ཀྱི་བྱ་བ་བྱས་ནས་སྐོམ་འཐུང་བ་ན་སེན་ཏ་པ་འོན་ཅིག་ཅེས་བསྒོ་བའི་དུས་ན་དེ་ལ་སྣོད་འབུལ་ལོ། །གལ་ཏེ་རྒྱལ་པོ་འགྲོ་བར་གཟས་ཏེ་སེན་ཏ་པ་འོན་ཅིག་ཅེས་བསྒོ་བའི་དུས་ན་རྟ་ཁྲིད་དེ་འོང་ངོ ། །དེ་ལྟར་བློན་པོ་མཁས་པས་ནི་རྒྱལ་པོའི་མན་ངག་བཞི་པོ་ལ་མཁས་སོ། །ཐེག་པ་ཆེན་པོའི་མདོ་སྡེ་འདིའང་དེ་དང་འདྲ་སྟེ། མི་རྟག་པ་རྣམ་པ་བཞི་ཡོད་དོ། །ཐེག་པ་ཆེན་པོ་ལ་ཤིན་ཏུ་མཁས་པའི་སྐྱེས་བུ་དག་ནི་དེ་ལ་ཤིན་ཏུ་མཁས་པར་བྱའོ། །སངས་རྒྱས་བཅོམ་ལྡན་
Ka229a
༄#། །འདས་འཇིག་རྟེན་དུ་བྱུང་ནས་སེམས་ཅན་དག་ལ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་བཤད་པས་སྐྱེས་བུ་མཁས་པ་དག་གིས་དེ་བཞིན་གཤེགས་པས་རྟག་པར་འཛིན་པ་ལ་མི་རྟག་པར་བསྟན་པར་ཤེས་ཏེ། དགེ་སློང་དག་ནི་མི་རྟག་པའི་མཚན་ཉིད་ལ་ནན་ཏན་བྱེད་དུ་གཞུག་པའི་ཕྱིར་རོ། །གཞན་ཡང་ཆེད་འགའི་དུས་ན་དམ་པའི་ཆོས་འཇིག་པར་འགྱུར་རོ་ཞེས་བསྟན་པས་སྐྱེས་བུ་མཁས་པ་དག་གིས་དེ་བཞིན་གཤེགས་པས་གང་བདེ་བར་འཛིན་པ་ལ་སྡུག་བསྔལ་བསྟན་པར་ཤེས་ཏེ། དགེ་སློང་དག་སྡུག་བསྔལ་བའི་མཚན་ཉིད་ལ་ནན་ཏན་བྱེད་དུ་གཞུག་པའི་ཕྱིར་རོ། །གཞན་ཡང་འདི་སྐད་དུ་ང་ལ་ན་བའི་སྡུག་བསྔལ་ཡོད་དེ། དགེ་འདུན་ཡང་འཇིག་པར་འགྱུར་རོ་ཞེས་བསྟན་པས་སྐྱེས་བུ་མཁས་པ་དག་གིས་དེ་བཞིན་གཤེགས་པས་བདག་ཏུ་འཛིན་པ་རྣམས་ལ་བདག་མེད་པ་བསྟན་པར་ཤེས་ཏེ། དགེ་སློང་དག་བདག་མེད་པ་ལ་ནན་ཏན་བྱེད་དུ་གཞུག་པའི་ཕྱིར་རོ། །ཆེད་འགའ་འདི་སྐད་དུ་སྟོང་པ་ཉིད་ཅེས་བྱ་བ་ནི་ཡང་དག་པར་རྣམ་པར་གྲོལ་བའོ་ཞེས་བསྟན་པས་སྐྱེས་བུ་མཁས་པ་དག་གིས་ནི་དེ་བཞིན་གཤེགས་པས་ཡང་དག་པར་རྣམ་པར་གྲོལ་པར་བསྟན་གྱི། སྲིད་པ་ཉི་ཤུ་ལྔ་པོ་ནི་མེད་པར་ཤེས་ཏེ། དགེ་སློང་དག་སྟོང་པ་ཉིད་ལ་ནན་ཏན་བྱེད་དུ་གཞུག་པའི་ཕྱིར་
Ka229b
རོ། །དེ་བས་ན་ཡང་དག་པར་རྣམ་པར་གྲོལ་བ་ནི་སྟོང་པ་ཉིད་དོ་ཞེས་བསྟན་ཏོ། །མི་གཡོ་བ་གཡོ་བ་མེད་པ་ཞེས་ཀྱང་བྱ་སྟེ། རྣམ་པར་གྲོལ་བ་དེ་ལ་སྡུག་བསྔལ་བ་མེད་པའི་ཕྱིར་མི་གཡོ་བ་ཞེས་བྱའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་མཚན་མ་མེད་པས་མཚན་མ་མེད་པ་ཞེས་བྱ་སྟེ། གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་ལ་སོགས་པ་མེད་པའི་ཕྱིར་མཚན་མ་མེད་པ་ཞེས་བྱའོ། །ཡང་དག་པར་རྣམ་པར་གྲོལ་བ་ནི་རྟག་པ་མི་འགྱུར་མི་འཕོ་བ་སྟེ། རྣམ་པར་གྲོལ་བ་ལ་མི་རྟག་པ་དང ། གདུང་བར་འགྱུར་བ་དང ། འཕོ་བ་མེད་པས། དེ་བས་ན་རྣམ་པར་གྲོལ་བ་ནི་རྟག་པ་གནས་པ་མི་འགྱུར་བ་བསིལ་བའོ། །གལ་ཏེ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་རང་བཞིན་ཡོད་པ་བསྟན་ན་དེ་ལ་སྐྱེས་བུ་མཁས་པས་ནི་འདི་ལྟར་དེ་བཞིན་གཤེགས་པས་རྟག་པ་ཞེས་བྱ་བའི་ཆོས་བསྟན་པ་ཏེ། དགེ་སློང་དག་ཡང་དག་པར་རྟག་པའི་ཆོས་ལ་ནན་ཏན་བྱེད་དུ་གཞུག་པར་ཤེས་སོ། །དགེ་སློང་དག་དེ་ལྟར་རྗེས་སུ་ནན་ཏན་བྱེད་ཅིང་སློབ་པ་དེ་ནི་ངའི་ཉེ་གནས་ཡང་དག་པ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་སྙིང་པོ་ལ་མཁས་པ་དེ་ནི། ཇི་ལྟར་རྒྱལ་པོ་ཆེན་པོ་དེའི་བློན་པོ་མཁས་པས་རྒྱལ་པོའི་བསམ་པ་ཤེས་པ་དང་འདྲའོ། །རིགས་ཀྱི་བུ། དེ་ལྟར་རྒྱལ་ཆེན་པོ་དེ་ལའང་མན་དག་ཏུ་སྨྲ་བའི་ཚིག་ཡོད་ན་དེ་
Ka230a
༄#། །བཞིན་གཤེགས་པ་ལ་ཡོད་པ་ལྟ་ཅི་སྨོས། རིགས་ཀྱི་བུ། དེ་བས་ན་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ནི་ཤིན་ཏུ་ཤེས་པར་དཀའ་སྟེ། མཁས་པ་ཤེས་རབ་ཅན་གྱིས་ནི་ངས་དགོངས་ཏེ་གསུངས་པའི་ཆོས་ཟབ་མོ་འདི་ཤེས་པར་འགྱུར་གྱི། འཇིག་རྟེན་ན་བྱིས་པ་གླེན་པ་དག་གིས་ཤེས་པར་འགྱུར་བ་མ་ཡིན་ནོ། །གཞན་ཡང་རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཤིང་པ་ལ་ཤ་དང ། ཀ་ནི་ཀ་དང ། ་ཤོ་ཀ་ནི་ཐན་ཆེན་བྱུང་ན་མེ་ཏོག་དང་འབྲས་བུ་མི་སྐྱེ་སྟེ། གཞན་ཡང་ཆུ་ལས་སྐྱེས་པ་ཐམས་ཅད་ཀྱང་སྣུམ་མེད་ལ། ཚད་དུ་ཕྱིན་པར་མི་སྐྱེ་ཞིང་སྨན་ཐམས་ཅད་ཀྱང་མཐུ་ཆུང་བར་འགྱུར་རོ། །རིགས་ཀྱི་བུ། ཐེག་པ་ཆེན་པོའི་མདོ་སྡེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདིའང་དེ་དང་འདྲ་སྟེ། ང་མྱ་ངན་ལས་འདས་ནས་སེམས་ཅན་དག་བསྟི་སྟང་མི་བྱེད་དེ། གཟི་བརྗིད་ཀྱང་ཆུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་དག་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་མི་ཤེས་པའི་ཕྱིར་རོ། །དེའང་ཇི་ལྟ་ཞེ་ན། སེམས་ཅན་དག་བསོད་ནམས་ཆུང་བའི་ཕྱིར་རོ། །རིགས་ཀྱི་བུ། གཞན་ཡང་དེ་བཞིན་གཤེགས་པའི་དམ་པའི་ཆོས་རྣམ་པར་འཇིག་ཅིང་ཟད་དུ་ཉེ་བ་ན་དེའི་ཚེ་དེའི་དུས་ན་དགེ་སློང་སྡིག་པ་སྤྱོད་པ་མང་སྟེ། དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་སྙིང་པོ་མི་ཤེས་
Ka230b
པས་ལེ་ལོ་དང ། སྙོམ་ལས་བྱེད་དེ། དེ་བཞིན་གཤེགས་པའི་ཡང་དག་པའི་ཆོས་ཀློག་པ་དང ། འདོན་པ་དང ། རྣམ་པར་འབྱེད་ཅིང་སྟོན་མི་ནུས་སོ། །དཔེར་ན། རྐུན་པོ་གླེན་པ་དག་རིན་པོ་ཆེ་ཡང་དག་པ་བོར་ནས་ཕུབ་མ་ཁུང་དུ་ཁྱེར་བ་དང་འདྲ་བར་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་སྙིང་པོ་མི་ཤེས་པས་མདོ་སྡེ་འདི་ལ་ལེ་ལོ་བྱེད་དེ། བརྩོན་འགྲུས་མི་སྐྱེད་དེ། ཀྱི་ཧུད། དེ་དག་ནི་མ་འོངས་པའི་དུས་སུ་ཤིན་ཏུ་འཇིགས་པའི་གཡང་ས་ཆེན་པོར་ལྷུང་བར་འགྱུར་རོ། །ཀྱི་ཧུད། སེམས་ཅན་དེ་ནི་ཐེག་པ་ཆེན་པོའི་མདོ་སྡེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་བརྩོན་པར་མི་བྱེད་ཀྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབའ་ཞིག་གིས་ནི་མདོ་སྡེ་འདིའི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་འཇུག་སྟེ། འབྲུ་དང་ཚིག་ལ་མི་ཆགས། དེའི་རྗེས་སུ་གཞོལ་ཞིང་འགལ་བར་མི་བྱེད་པས་སེམས་ཅན་རྣམས་ལའང་དེ་བཞིན་དུ་སྟོན་ཏོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། རྫིའུ་འོ་མ་འཚོང་བ་དག་འོ་མ་མང་བར་བྱ་བའི་ཕྱིར་ཆུ་སུམ་གཉིས་བསྣན་ནས་རྫིའུ་གཞན་ལའང་འཚོང་ངོ ། །རྫིའུ་དེས་ཀྱང་དེ་ལས་ཆུ་སུམ་གཉིས་བསྣན་ནས་གྲོང་ཁྱེར་དང་ཉེ་བའི་མི་ལ་འཚོང་ངོ ། ། དེས་ཀྱང་དེའི་སྟེང་དུ་ཆུ་སུམ་གཉིས་བསྣན་ནས་གྲོང་ཁྱེར་ན་གནས་པའི་མི་ལ་འཚོང་ངོ ། །དེས་ཉོས་ནས་དེའི་སྟེང་དུའང་དུའང་ཆུ་སུམ་གཉིས་ཀྱིས་བསྣན་ཏེ་ཚོང་དུས་སུ་འཚོང་ངོ ། །དེའི་
Ka231a
༄#། །ཚེ་དེའི་དུས་ན་མི་ཞིག་བུའི་ཆུང་མ་ལེན་པའི་མགྲོན་པོས་ནས་འོ་མ་བཟང་པོ་འདོད་པའི་ཕྱིར་ཚོང་དུས་སུ་འོ་མ་ཉོར་སོང་བ་ལས། འོ་མ་དེ་དང་ཕྲད་ནས་ཆུས་བསྣན་པ་ཆུ་མང་བར་ཤེས་བཞིན་དུ་དགོས་པའི་ཁར་བབ་པས་རིན་ཆེའང་ཉོས་སོ། །ཉོས་ནས་ཕྱིར་ཁྱིམ་དུ་ཕྱིན་པ་དང་ཐུག་པ་བཙོས་ན་འོ་མའི་རོ་མེད་དོ། །དེ་ལྟར་འོ་མའི་རོ་མེད་མོད་ཀྱི། ཁ་བའི་རོ་ལས་ནི་བརྒྱ་སྟོང་སྙེད་ཀྱིས་ལྷག་གོ་།དེ་ཅིའི་ཕྱིར་ཞེ་ན། འོ་མས་བསྒྱུར་བའི་རོ་ནི་རོ་གཞན་ལས་མཆོག་ཏུ་འགྱུར་བའི་ཕྱིར་རོ། །རིགས་ཀྱི་བུ། ང་མྱ་ངན་ལས་འདས་ནས་དམ་པའི་ཆོས་འཇིག་པར་མ་གྱུར་པ་ལོ་བརྒྱད་བཅུ་ན། དེའི་ཚེ་དེའི་དུས་སུ་ཛམྦུའི་གླིང་འདིར་མདོ་སྡེ་འདི་ཤིན་ཏུ་རྒྱས་པར་འགྱུར་རོ། །དེའི་ཚེ་དེའི་དུས་ན་དགེ་སློང་སྡིག་ཅན་དག་མདོ་སྡེ་འདི་ལ་མདོ་སྡེ་བཏུས་ནས་ཕྱོགས་ཆ་རྣམ་པ་མང་དུ་འབྱེད་དེ། དེས་ནི་དམ་པའི་ཆོས་ཀྱི་མདོག་དང ། བསུང་དང ། བྲོ་བའི་རོ་མེད་པར་བྱས་སོ། །སྡིག་པ་ཅན་དག་དེ་ལྟར་མདོ་སྡེ་འདི་ཀློག་གམ། འདོན་མོད་ཀྱི་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་དོན་ཟབ་མོ་འདི་མེད་པར་བྱས་ཀྱི། འཇིག་རྟེན་གྱི་སྙན་ཚིག་དོན་མེད་པ་བརྟགས་ནས་གོང་དུ་སྨོས་པ་ནི་འོག་ཏུ་བཅུག་།འོག་ཏུ་སྨོས་པ་ནི་གོང་དུ་བཅུག་།ཐོག་མ་དང་ཐ་མར་སྨོས་པ་ནི་བར་དུ་བཅུག་།བར་དུ་སྨོས་པ་ནི་ཐོག་མ་
Ka231b
དང་ཐ་མར་བཅུག་གོ་།དེ་ལྟར་དགེ་སློང་སྡིག་པ་ཅན་དེ་དག་ནི་བདུད་ཀྱི་གྲོགས་ཡིན་ཏེ། མ་བརྟགས་པའི་དངོས་པོ་ཐམས་ཅད་འཆང་ཡང་དེ་བཞིན་གཤེགས་པས་འཆང་དུ་གནང་ངོ་ཞེས་ཟེར་ཏེ། ཇི་ལྟར་རྫིའུ་ལ་སོགས་པ་འོ་མའི་ནང་དུ་ཆུས་སྣོན་པ་བཞིན་དུ་དགེ་སློང་སྡིག་པ་ཅན་ཡང་དེ་དང་འདྲ་སྟེ། འཇིག་རྟེན་གྱི་ཚིག་གིས་བསྣན་ཏེ་ནོར་བར་གཏན་ལ་ཕབ་པས་སྐྱེ་བོ་མང་དུ་ཡང་དག་པར་བསྟན་པ་དང ། ཡང་དག་པར་གླེགས་བམ་དུ་འདྲི་བ་དང ། ཡང་དག་པར་འདིར་འཇུག་ཅིང་བཀུར་སྟི་དང ། བསྟོད་པ་དང ། མཆོད་པ་དང ། རིམ་གྲོ་བྱར་མེད་པར་བྱས་སོ། །དགེ་སློང་སྡིག་པ་ཅན་དེས་རྙེད་པ་དང་གྲགས་པའི་ཕྱིར་མདོ་སྡེ་འདི་ཅུང་ཟད་ཙམ་ཡང་སྟོན་མི་ནུས་ན་རྒྱ་ཆེར་སྟོན་པ་ལྟ་ཅི་སྨོས་ཏེ། ཇི་ལྟར་རྫིའུ་དབུལ་མོས་འོ་མ་གཅིག་ནས་གཅིག་ཏུ་འཚོང་ཞིང་རོ་མེད་པར་འགྱུར་བ་ལྟར་ཐེག་པ་ཆེན་པོའི་མདོ་སྡེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདིའང་དེ་དང་འདྲ་སྟེ། ཕྱིར་ཞིང་མི་བྲོ་བ་དང།་རོ་མེད་པར་འགྱུར་རོ། །དེ་ལྟར་རོ་མེད་ཀྱང་གཞན་པས་སྟོང་འགྱུར་གྱིས་ལྷག་པ་ནི་འོ་མའི་རོ་དེ་རོ་གཞན་པས་སྟོང་འགྱུར་གྱིས་ལྷག་པ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོའི་མདོ་སྡེ་ཡོངས་སུ་མྱ་ངན་ལས་འདས་པ་འདི་ཉན་ཐོས་ཀྱི་མདོ་སྡེ་ལས་ཕུལ་དུ་གྱུར། མཆོག་ཏུ་གྱུར་པ་ནི་ཇི་ལྟར་བའི་འོ་མ་རོ་ཐམས་ཅད་པས་མཆོག་ཏུ་གྱུར་པ་བཞིན་ནོ། །
Ka232a
༄#། །དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་རིགས་ཀྱི་བུ་དང ། རིགས་ཀྱི་བུ་མོ་ལ་སོགས་པ་གང་ཡང་སྐྱེས་པའི་ལུས་མི་འདོད་པ་མེད་དོ། །དེ་ཅིའི་ཕྱིར་ཞེན། བུད་མེད་ཐམས་ཅད་ནི་སྡིག་པ་ཐམས་ཅད་ཀྱི་གནས་ཡིན་པའི་ཕྱིར་རོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན།་སྦྲང་བུའི་གཅིན་གྱིས་ནི་ས་ཆེན་པོ་འདི་རླན་པར་མི་ནུས་སོ། །བུད་མེད་ཅེས་བྱ་བའི་འདོད་ཆགས་ཆོག་མི་ཤེས་པའང་དེ་དང་འདྲ་སྟེ། འདི་ལྟ་སྟེ། དཔེར་ན། ས་ཆེན་པོ་འདི་ཐམས་ཅད་ཡུངས་ཀར་གྱི་འབྲུམ་བུ་ཙམ་དུ་དྲིལ་བའི་སྐྱེས་པ་དེ་སྙེད་བུད་མེད་གཅིག་ལ་མི་ཚངས་པ་སྤྱད་ཀྱང་ཆོག་པའི་སེམས་མེད་དོ། །གལ་ཏེ་ཀླུང་གངྒཱའི་བྱེ་མ་སྙེད་ཀྱི་སྐྱེས་པ་བུད་མེད་གཅིག་ལ་བྱིན་ཏེ་མི་ཚངས་པར་སྤྱོད་དུ་བཅུག་ཀྱང་ཆོག་པའམ། སྐྱོ་བ་མེད་དོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོར་ནི་ཆར་པ་དང ། འབབ་ཆུ་ཐམས་ཅད་འབབ་ཀྱང་རྒྱ་མཚོ་དེ་ལ་གང་བའམ། ཆོག་པ་མེད་དོ། །བུད་མེད་ཀྱང་ཆོས་ཉིད་ཀྱིས་དེ་དང་འདྲ་བས་ཅི་སྟེ་དངོས་པོ་ཐམས་ཅད་སྐྱེས་པར་གྱུར་ཏེ། བུད་མེད་གཅིག་ལ་མི་ཚངས་པར་སྤྱོད་ཀྱང་ཆོག་པར་རམ། སྐྱོ་བར་མི་འགྱུར་རོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། ཤིང་ཨ་ཤོ་ཀ་དང ། པ་ཏ་ལ་དང ། ཀ་ནི་ཀ་
Ka232b
ལྟ་བུ་དབྱར་མེ་ཏོག་རྒྱས་པ་ན་བུང་བ་དག་དྲི་དང་བསུང་ལེན་པ་ཆོག་མི་ཤེས་སོ། །བུད་མེད་སྐྱེས་པ་ལ་ཆགས་པའང་དེ་དང་འདྲ་སྟེ། སྐྱོ་མི་ཤེས་སོ། །རིགས་ཀྱི་བུ། དེ་བས་ན་རིགས་ཀྱི་བུ་དང ། རིགས་ཀྱི་བུ་མོ་དག་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་ཉན་ན་རྟག་ཏུ་བུད་མེད་ལ་ཡོངས་སུ་སྨོད་དེ་སྐྱེས་པའི་ལུས་ཚོལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོའི་མདོ་སྡེ་འདི་སྐྱེས་བུའི་མཚན་དང་ལྡན་ནོ། །འདི་ལྟ་སྟེ། དེ་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །དེ་ལ་གང་སངས་རྒྱས་ཀྱི་རང་བཞིན་མི་ཤེས་པ་དེ་ནི་སྐྱེས་བུའི་མཚན་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བདག་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་མི་ཤེས་པའི་ཕྱིར་རོ། །གང་སངས་རྒྱས་ཀྱི་རང་བཞིན་མི་ཤེས་པ་དེ་ནི་བུད་མེད་ཅེས་ངས་བཤད་དོ། གང་སངས་རྒྱས་ཀྱི་རང་བཞིན་ཤེས་པ་དེ་ནི་སྐྱེས་བུའི་མཚན་དང་ལྡན་པ་ཞེས་ངས་བཤད་དོ། །དེ་ལ་བུད་མེད་གང་ཞིག་གལ་ཏེ་བདག་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཤེས་ན་དེ་ནི་སྐྱེས་བ་ཞེས་བྱའོ། །རིགས་ཀྱི་བུ། ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་ནི་ཚད་མེད། དཔག་ཏུ་མེད། བསམ་གྱིས་མི་ཁྱབ་པའི་བསོད་ནམས་ཀྱི་ཕུང་པོར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་འཆད་པའི་ཕྱིར་རོ། །དེ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་དེ་བཞིན་
Ka233a
༄#། །གཤེགས་པའི་གསང་བའི་སྙིང་པོ་མྱུར་དུ་ཤེས་པར་འདོད་ན་མདོ་སྡེ་འདི་ལ་སྦྱོར་བའི་ནན་ཏན་བརྩོན་འགྲུས་སུ་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་གསོལ་པ། དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་ཏེ། བདག་ཀྱང་དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་རྟོགས་པས་སྐྱེས་བུའི་མཚན་དང་ལྡན་ནོ། །དེ་བཞིན་གཤེགས་པས་བསྐུལ་བས་ངེས་པར་རྟོགས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་ལེགས་སོ། །རིགས་ཀྱི་བུ་ཁྱོད་འཇིག་རྟེན་པའི་རྗེས་སུ་འདི་སྐད་སྨྲས་པ་ལེགས་སོ། །འོད་སྲུང་གིས་གསོལ་པ། བདག་ནི་འཇིག་རྟེན་པའི་ཆོས་ཀྱི་རྗེས་སུ་འཇུག་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། ལེགས་སོ། ཤིན་ཏུ་ལེགས་སོ། །ཁྱོད་ཀྱིས་ཤེས་པ་ནི་བླ་ན་མེད་པའི་ཆོས་ཀྱི་རོ་ཤིན་ཏུ་ཟབ་མོ་ཤེས་པར་དཀའ་བ་ཤེས་ཏེ། ཇི་ལྟར་བུང་བདག་ཁ་དོག་ལ་མི་གནོད་པར་རོ་མྱོང་བ་བཞིན་ནོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་བུ་སྟེ། དཔེར་ན། སྦྲང་བུའི་གཅིན་གྱིས་ས་ཆེན་པོ་འདི་རླན་པར་མི་ནུས་སོ། །མ་འོངས་པའི་དུས་ན་མདོ་སྡེ་འདི་འཕེལ་བའང་དེ་དང་འདྲ་སྟེ། དམ་པའི་ཆོས་རྣམ་པར་འཇིག་ཏུ་ཉེ་བ་ན་མདོ་སྡེ་འདི་ས་ཕྱོགས་འདིར་སྔར་ནུབ་པར་འགྱུར་རོ། །
Ka233b
དེ་བས་ན་དམ་པའི་ཆོས་ཉམས་པར་འགྱུར་བར་རིག་པར་བྱའོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། དབྱར་འདས་པའི་འོག་ཏུ་སྟོན་འབྱུང་སྟེ། སྟོན་གྱི་དུས་སུ་ནི་རྒྱུན་མི་འཆད་པར་ཆར་བ་འབབ་བོ། །ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདིའང་དེ་དང་འདྲ་སྟེ། ལྷོ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར་ཤིན་ཏུ་རྒྱས་པར་འགྱུར་ཏེ། ཆོས་ཀྱི་ཆར་གྱིས་གནས་ཀུན་ཏུ་གང་བར་འགྱུར་རོ། །དམ་པའི་ཆོས་འཇིག་ཏུ་ཉེ་བ་ན་ཡུལ་ཁ་ཆེ་ཡུལ་དུ་མི་ཉམས་པར་བགས་ཀྱིས་སའི་ནང་དུ་ནུབ་པར་འགྱུར་ཏེ། དེ་དག་ལས་ཁ་ཅིག་ནི་དད། ཁ་ཅིག་ནི་མི་དད་དོ། །དེ་ནས་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་ཟིལ་མངར་གྱི་རོ་དང་ལྡན་པ་ཐམས་ཅད་སའི་ནང་དུ་ནུབ་པར་འགྱུར་རོ། །མདོ་སྡེ་འདི་ནུབ་ནས་ཐེག་པ་ཆེན་པོའི་མདོ་སྡེ་གཞན་ཐམས་ཅད་ཀྱང་ནུབ་ཅིང་མེད་པར་གྱུར་ཏོ། །གལ་ཏེ་མདོ་སྡེ་འདིའི་ཕུན་སུམ་ཚོགས་པ་མི་ཉམས་པ་མིའི་ནང་ན་གླང་པོ་ཆེའི་རྒྱལ་པོ་ལྟ་བུ་བྱང་ཆུབ་སེམས་དཔའ་ལ་སོགས་པས་ནི། དེ་བཞིན་གཤེགས་པའི་བླ་ན་མེད་པའི་དམ་པའི་ཆོས་རིང་པོ་མི་ཐོགས་པར་མེད་པར་འགྱུར་བ་ཤེས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ད་ལྟར་ཙུནད་འདི་ཐེ་ཚོམ་དུ་གྱུར་པ་བཅོམ་ལྡན་འདས་ཀྱིས་ཐེ་ཚོམ་གཅད་དུ་གསོལ།
Ka234a
༄#། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་ཐེ་ཚོམ་དུ་གྱུར་པ་སྨྲོས་ཤིག་དང ། ཁྱོད་ཀྱི་ཐེ་ཚོམ་བསལ་བར་བྱའོ། །འཇམ་དཔལ་གྱིས་གསོལ་པ།་སངས་རྒྱས་ཀྱི་རང་བཞིན་འཚལ་ཅིང་མཐོང་བའི་དུས་ན་དེ་བཞིན་གཤེགས་པ་རྟག་པ་ལགས་ལ། སངས་རྒྱས་ཀྱི་རང་བཞིན་མཐོང་བས་རྟག་པ་ཞེས་བགྱི་ན་མ་མཐོང་བའི་སྔོན་རོལ་ན་རྟག་པ་མ་ལགས་སམ། ཐོག་མ་ནས་མི་རྟག་པ་ཞིག་ལགས་ན་ནི། ཕྱིས་ཀྱང་མི་རྟག་པར་འགྱུར་བའི་རིགས་སོ། །དེ་ཅིའི་སླད་དུ་ཞེ་ན། དཔེར་ན། འཇིག་རྟེན་གྱི་རྫས་ལྟ་བུ་ཐོག་མ་ནས་མ་མཆིས་པ་ཞིག་ལགས་ལ། ད་མཆིས་པར་རུང་ན་མཆིས་ནས་ཀྱང་སླར་མ་མཆིས་པར་འགྱུར་ཏེ། དངོས་པོ་ཐམས་ཅད་ནི་རྟག་པ་མ་ལགས་སོ། །དེ་བས་ན་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་དང ། ཉན་ཐོས་དང ། རང་སངས་རྒྱས་ལ་སོགས་པའང་དེ་དང་བྱེ་བྲག་མ་མཆིས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཐོག་མ་ཡོད་ལ་ད་ལྟར་མེད། །ཐོག་མ་མེད་ལ་ད་ལྟར་ཡོད། །དུས་གསུམ་སྲིད་པའི་ཆོས་ཐམས་ཅད། །དེ་ལྟ་བུ་ནི་མ་ཡིན་ནོ། །རིགས་ཀྱི་བུ།་དེ་བས་ན་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་དང ། ཉན་ཐོས་དང ། རང་སངས་རྒྱས་དག་ཐ་དད་པའང་ཡོད་ལ། ཐ་དད་པའང་མེད་དོ། །འཇམ་དཔལ་གྱིས་
Ka234b
བཅོམ་ལྡན་འདས་ལ་གསོལ་པ། ལེགས་སོ། །ལེགས་སོ། །འཕགས་པའི་བཀའ་བཞིན་ཏེ། བདག་ཀྱང་དེ་ལྟར་རྟོགས་སོ། །སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་དང ། ཉན་ཐོས་དང ། རང་སངས་རྒྱས་དག་ཐ་དད་པའང་ལགས་ལ། ཐ་དད་པའང་མ་ལགས་པར་འཚལ་ཏོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་དང ། ཉན་ཐོས་དང ། རང་སངས་རྒྱས་དག་ཏུ་ཐ་དད་པ་མ་མཆིས་ཞེས་བགྱི་བ་དེ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང ། བདེ་བའི་དོན་གྱི་སླད་དུ་དེ་བཞིན་གཤེགས་པས་རྒྱས་པར་དབྱེ་ཞིང་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཤིན་ཏུ་བརྟགས་པར་ཉོན་ལ་ཡིད་ལ་གཟུང་ཞིག་དང ། ངས་ཁྱོད་ལ་རྒྱས་པར་བཤད་པར་བྱའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཁྱིམ་བདག་གམ། ཁྱིམ་བདག་གི་བུ་ཞིག་ལ། བ་བཞོན་སྦུ་མདོག་རྣམ་པ་ཐ་དད་པ་མང་དུ་ཡོད་དེ། རྫིའུ་གཅིག་འཚོར་བཅུག་ནས་ཕྱིས་དུས་ཀྱི་ལྷ་རྗེད་པ་ཞིག་ན། བ་ཐམས་ཅད་བཞོས་ཏེ་འོ་མ་སྣོད་གཅིག་ཏུ་བླུགས་སོ། །འོ་མ་དེ་དག་ཐམས་ཅད་ཁ་དོག་དཀར་པོ་གཅིག་ཏུ་མཐུན་པར་མཐོང་ནས་ངོ་མཚར་རྨད་དུ་གྱུར་ཏེ། འདི་ལྟར་བ་འདི་དག་སྤུ་མདོག་ཐ་དད་ན་ཅིའི་ཕྱིར་འོ་མ་ཁ་དོག་
Ka235a
༄#། །གཅིག་ཏུ་གྱུར་སྙམ་ཡ་མཚན་དུ་གྱུར་ཏེ། འདིའང་སེམས་ཅན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་འོ་མའི་ཁ་དོག་གཅིག་ཏུ་གྱུར་ཏོ་སྙམ་དུ་སེམས་སོ། །རིགས་ཀྱི་བུ། ཉན་ཐོས་དང ། རང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཡང་དེ་དང་འདྲ་སྟེ། སངས་རྒྱས་ཀྱི་རང་བཞིན་གཅིག་ཏུ་མཐུན་པ་ནི་འོ་མ་དེ་དག་ལྟ་བུའོ།། དེ་ཅིའི་ཕྱིར་ཞེ་ན། ཟག་པ་མེད་པར་མཐུན་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་དག་ནི་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་དང ། ཉན་ཐོས་དང ། རང་སངས་རྒྱས་དག་ཐ་དད་དོ་ཞེས་སྨྲ་སྟེ། ཉན་ཐོས་དང་བུས་པ་མ་རབས་དག་ཀྱང་ཐེག་པ་གསུམ་ལྟ་བུ་ཅིའི་ཕྱིར་ཐ་མི་དད་སྙམ་ཐེ་ཚོམ་ཟ་མོད་ཀྱི། དེ་དག་གིས་ཐེག་པ་གསུམ་ཆར་སངས་རྒྱས་ཀྱི་རང་བཞིན་དུ་མཐུན་པར་ཕྱིས་རང་རྟོགས་པ་ནི། ཇི་ལྟར་གང་ཟག་དེ་ལས་ཀྱི་རྒྱུ་དང་རྐྱེན་གྱི་དབང་གིས་འོ་མའི་ཁ་དོག་གཅིག་པར་ཤེས་པ་བཞིན་ནོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། གསེར་རྡོ་ལྟ་བུ་གང་ངན་པ་རྣམས་བསལ་ཏེ་བོར་ལ་བཞུས་ན་གསེར་ཡང་དག་པར་འབྱུང་སྟེ། རིན་ཐང་ཡང་ཚད་མེད་དོ། །རིགས་ཀྱི་བུ། ཉན་ཐོས་དང ། རང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཡང་དེ་དང་འདྲ་སྟེ། ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་དུ་སྒྲུབ་པར་མཐུན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་
Ka235b
མོངས་པ་ཡོངས་སུ་བསལ་བའི་ཕྱིར་རོ། །དེའང་གསེར་རྡོ་བཞུས་ཏེ་ངན་པ་བོར་བ་དང་མཚུངས་སོ། །དེ་བས་ན་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་དུ་མཐུན་ཏེ། ཐ་དད་པ་མེད་དོ། །སྔར་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་སྙིང་པོ་ཐོས་ན་ཕྱིས་མངོན་པར་འཆང་རྒྱ་བའི་ཚེ་རང་གིས་རིག་པ་ནི་ཇི་ལྟར་ཁྱིམ་བདག་དེས་པའི་འོ་མ་དེ་ཁ་དོག་གཅིག་ཏུ་རྟོགས་པ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དཔག་ཏུ་མེད་པའི་ཉོན་མོངས་པ་ཐམས་ཅད་བསལ་བའི་ཕྱིར་རོ། །དེ་བས་ན་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་གཅིག་ཏུ་མཐུན་ཏེ་ཐ་དད་པ་མེད་པ་ནི། །སྔོན་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་སྙིང་པོ་ཐོས་པ་ལྟར། ཕྱིས་མངོན་པར་འཚང་རྒྱ་བ་ན་རང་གིས་རིག་པར་འགྱུར་བ་ནི་ཇི་ལྟར་ཁྱིམ་བདག་ངེས་པའི་འོ་མ་གཅིག་ཏུ་མཐུན་པར་རིག་པ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དཔག་ཏུ་མེད་པའི་ཉོན་མོངས་པ་ཐམས་ཅད་བསལ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཅི་སྟེ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་ན་སངས་རྒྱས་དང ། སེམས་ཅན་ཐ་དད་པའི་བྱེ་བྲག་ཅི་མཆིས། དེ་སྐད་ཅེས་གསུངས་པ་འདི་སྐྱོན་དུ་འགྱུར་རོ། །དེ་ལྟར་སེམས་ཅན་ཐམས་ཅད་ལ་སངས་
Ka236a
༄#། །རྒྱས་ཀྱི་རང་བཞིན་མཆིས་ན། ཅིའི་སླད་དུ་ཤཱ་རིའི་བུ་ལ་སོགས་པ་ནི་མྱ་ངན་ལས་འདས་པ་ཆུང་ངུས་མྱ་ངན་ལས་འདས་པར་གྱུར། རང་སངས་རྒྱས་རྣམས་ནི་མྱ་ངན་ལས་འདས་པ་འབྲིང་པོས་མྱ་ངན་ལས་འདས་པར་གྱུར། བྱང་ཆུབ་སེམས་དཔའ་རྣམས་ནི་མྱ་ངན་ལས་འདས་པ་ཆེན་པོས་མྱ་ངན་ལས་འདས་པར་གྱུར། དེ་དག་ལ་སོགས་པ་སངས་རྒྱས་ཀྱི་རང་བཞིན་གཅིག་ཏུ་མཐུན་ན། ཅིའི་སླད་དུ་དེ་བཞིན་གཤེགས་པའི་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདས་པར་མ་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མྱ་ངན་ལས་འདའ་བ་ཐོབ་པ་ནི་ཉན་ཐོས་དང ། རང་སངས་རྒྱས་ཀྱིས་ཐོབ་པ་མ་ཡིན་ཏེ། དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ནི་དགེ་བའི་བཤེས་གཉེན་ཞེས་བྱའོ། །གལ་ཏེ་འཇིག་རྟེན་ན་སངས་རྒྱས་མི་བཞུགས་ཀྱང་ཐེག་པ་གཉིས་པོས་མྱ་ངན་ལས་འདས་པ་གཉིས་པོ་མི་ཐོབ་པ་མ་ཡིན་ནོ། །འོད་སྲུང་གིས་ཡང་གསོལ་པ། བཅོམ་ལྡན་འདས་ཀྱིས་ཡང་འདི་སྐད་དུ་གསུངས་པའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྐལ་པ་ཚད་མེད་དཔག་ཏུ་མེད་གྲངས་མེད་པའི་བར་དུ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་ལན་འགའ་འབྱུང་སྟེ།
Ka236b
ཐེག་པ་རྣམ་པ་གསུམ་འབྱེད་ཅིང་སྟོན་ཏོ། །རིགས་ཀྱི་བུ། ཇི་ལྟར་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་དང ། ཐེག་པ་རྣམ་པ་གཉིས་པོ་ལ་བྱེ་བྲག་ཅི་ཡོད་ཅེས་དྲིས་པ་ནི་ངས་སྡར་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་སྙིང་པོ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལས་དོན་དེ་ཉིད་རྒྱས་པར་བསྟན་ཏེ། དགྲ་བཅོམ་པ་རྣམས་ལ་དགེ་བའི་བཤེས་གཉེན་མེད་དོ་ཞེས་བཤད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགྲ་བཅོམ་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པའི་ཕྱིར་རོ། །དེ་བས་ན་མྱ་ངན་ལས་འདས་པ་ཆེན་པོ་ནི་མཐར་བདེ་བར་འགྱུར་པས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་བྱེ་བྲག་མཆིས་པ་དང ། བྱེ་བྲག་མ་མཆིས་པའི་དོན་དུ་བདག་གིས་གདོད་རྟོགས་སོ། །དེའང་ཅིའི་སླད་དུ་ཞེ་ན། བྱང་ཆུབ་སེམས་དཔའ་དང ། ཉན་ཐོས་དང ། རང་སངས་རྒྱས་ལ་སོགས་པ་ཐམས་ཅད་ཀྱང་མ་འོངས་པའི་དུས་སུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་འབབ་པར་འཚལ་ཏོ། །དཔེར་ན། འབབ་ཆུ་ཐམས་ཅད་རྒྱ་མཚོར་འབབ་པ་ལྟར། ཉན་ཐོས་དང ། སངས་རྒྱས་ཐམས་ཅད་ཀྱང་རྟག་པ་ཞེས་བགྱིའི། མི་རྟག་པ་ནི་མ་ལགས་སོ། །དེ་བས་ན་བྱེ་བྲག་ཀྱང་མཆིས་ལ། བྱེ་བྲག་ཀྱང་མ་མཆིས་སོ། །འོད་སྲུང་གིས་ཡང་གསོལ་
Ka237a
༄#། །པ། མཚན་ཉིད་ལ་བྱེ་བྲག་མཆིས་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཉན་ཐོས་དག་ནི་འོ་མ་ལྟ་བུའོ། །རང་སངས་རྒྱས་ནི་ཞོ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ནི་མར་རམ་ཞུན་མར་ལྟ་བུའོ། །སངས་རྒྱས་བཅོམ་ལྡན་འདས་ནི་མར་གྱི་སྙིང་པོ་ལྟ་བུ་སྟེ། དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལས་མཚན་ཉིད་རྣམ་པ་བཞི་ཐ་དད་པར་བཤད་དོ། །འོད་སྲུང་གིས་ཡང་གསོལ་པ། སེམས་ཅན་ཐམས་ཅད་ཀྱི་མཚན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དཔེར་ན། བ་བེའུ་བྱུང་མ་ཐག་གི་འོ་མ་ནི་ཁྲག་དང་འདྲེས་སོ། །བྱིས་པ་མ་རབས་ཀྱི་མཚན་ཉིད་ཉོན་མོངས་པ་དང་འདྲེས་པའང་དེ་དང་འདྲའོ། །ཡང་འོད་སྲུང་གིས་གསོལ་པ། རྩཝ་མཆོག་གི་གྲོང་ཁྱེར་ན་གནས་པའི་རིགས་ངན་རབ་ཏུ་དགའ་བ་ཞེས་བྱ་བ་ལ་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ། ཁྱོད་ནི་སེམས་བསྐྱེད་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་འདིར་སངས་རྒྱས་སྟོང་གི་གྲངས་སུ་གཏོགས་པར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ་ཞེས་ལུང་བསྟན་ལ། བཙུན་པ་ཤཱ་རིའི་བུ་དང ། མཽངྒལ་ཡ་ན་ལ་སོགས་པ་མྱུར་དུ་མངོན་པར་འཚང་རྒྱའོ་ཞེས་ལུང་མི་སྟོན། བཅོམ་ལྡན་འདས་ཀྱིས་བཀའ་
Ka237b
སྩལ་པ། རིགས་ཀྱི་བུ། ཉན་ཐོས་དང ། རང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ལ་ལ་ནི་སྨོན་ལམ་གྱི་དབང་གིས་འཇིག་རྟེན་ན་ཡུན་རིང་དུ་གནས་ཤིང ། དམ་པའི་ཆོས་ཡུན་དུ་བཟུང་ནས་གདོད་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱའོ། །གང་མྱུར་དུ་འགྲུབ་པར་སྨོན་ལམ་བཏབ་པ་ནི་མྱུར་དུ་འགྲུབ་བོ་ཞེས་ལུང་བསྟན་པ་ཡིན་ནོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། ཚོང་དཔོན་ཞིག་རིན་ཐང་མེད་པའི་ནོར་བུ་རིན་པོ་ཆེ་ཐོགས་ཏེ་ཚོང་དུས་སུ་འཚོང་དུ་འོངས་ན། གླེན་པ་ནོར་ངོ་མི་ཤེས་པ་དག་གིས་མཐོང་ན་དེ་ལ་བརྙས་སྨོད་དེ་འཕྱའོ། །ནོར་བདག་གིས་འདི་ནི་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་ཡིན་ནོ་ཞེས་སྨྲས་ཀྱང་འོན་ཀྱང་འཕྱའོ། །དེ་དག་གཅིག་ལ་གཅིག་འདི་སྐད་དུ་འདི་ནི་ནོར་བུ་རིན་པོ་ཆེ་ཡང་དག་པ་མ་ཡིན་གྱི། ཤེལ་གྱི་སྒོ་ང་ཡིན་ནོ་ཞེས་ཟེར་རོ། །རིགས་ཀྱི་བུ། ཉན་ཐོས་དང ། རང་སངས་རྒྱས་ཀྱང་དེ་དང་འདྲ་སྟེ། གལ་ཏེ་མྱུར་དུ་འགྲུབ་པར་ལུང་བསྟན་པ་ཐོས་ན་ལེ་ལོ་དང་སྙོམ་ལས་བྱེད་དེ། བརྙས་ཤིང་སྨོད་ལ་འཕྱ་བ་ནི། ཇི་ལྟར་གླེན་པ་དག་ནོར་བུ་རིན་པོ་ཆེ་ཡང་དག་པ་མི་ཤེས་པ་བཞིན་ནོ། །ཕྱི་མ་མ་འོངས་པའི་དུས་སུ་དགེ་སློང་དག་དགེ་བའི་ཆོས་ལ་བརྩོན་འགྲུས་སུ་ནན་ཏན་བྱེད་ནི་མི་ནུས་ཀྱི། དབུལ་ཕོངས་ནས་ཟས་དང་སྐོམ་གྱིས་བྲེལ་བའི་རྐྱེན་ཀྱིས་རབ་ཏུ་བྱུང་སྟེ་ལུས་གསོ་བའི་ཕྱིར་སེམས་རྒོད་པས་སྒྱུར་འཚོའོ། །
Ka238a
༄#། །ཅི་སྟེ་དེ་བཞིན་གཤེགས་པས་ཉན་ཐོས་དག་མྱུར་དུ་འགྲུབ་བོ་ཞེས་ལུང་བསྟན་ན་འཕྱ་ཞིང་བརྙས་སྨོད་པར་འགྱུར་ཏེ། དེ་དག་ནི་ཚུལ་ཁྲིམས་ཡོངས་སུ་ཉམས་ཀྱང་བླ་མ་མིའི་ཆོས་ཐབ་བོ་ཞེས་སྨྲའོ། །དེ་བས་ན་གང་སྨོན་ལམ་མྱུར་བར་བསྐྱེད་པ་ནི་མྱུར་བའི་ལུང་བསྟན་ཏོ། །གང་དམ་པའི་ཆོས་སྲུང་ཞིང་འཛིན་པ་དག་ནི་ཡུན་རིང་པོའི་ལུང་བསྟན་ཏོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་གསོལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཇི་ལྟར་ན་མི་ཤིགས་པའི་འཁོར་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་གང་དམ་པའི་ཆོས་སྲུང་ཞིང་འཛིན་པ་ལ་བརྩོན་འགྲུས་རྩོམ་ན། དེའི་རྒྱུ་དེའི་རྐྱེན་གྱིས་འཁོར་མི་ཤིགས་པ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་གསོལ་བ། ཅིའི་རྒྱུ་ཅིའི་རྐྱེན་གྱིས་ན་སེམས་ཅན་དག་ཁ་དང་མཆུ་བསྐམ་པར་འགྱུར། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། གང་ཞིག་དཀོན་མཆོག་གསུམ་ཡུན་དུ་གནས་པར་མི་ཤེས་ན་དེའི་རྒྱུ་དེའི་རྐྱེན་གྱིས་ཁ་དང་མཆུ་རྟག་ཏུ་བསྐམ་པར་འགྱུར་རོ། །མི་གང་མངར་བ་དང ། ཁ་བ་དང ། ཚ་བ་དང ། སྐྱུར་བ་དང ། བསྔལ་བ་དང ། ལན་ཚཝའི་རོ་ལ་སོགས་པ་བྲོ་བ་རྣམ་
Ka238b
པ་དྲུག་བྱེ་བྲག་མི་ཕྱེད་ཅིང་མི་རྟོགས་པར་འགྱུར། སེམས་ཅན་ཐམས་ཅད་གླེན་ཞིང་གཏི་མུག་པའི་དབང་གིས་དཀོན་མཆོག་གསུམ་རྟག་པར་མི་ཤེས་ན། དེའི་ཕྱིར་ཁ་དང་མཆུ་རྟག་པར་བསྐམ་པར་འགྱུར་རོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། སེམས་ཅན་གང་ཞིག་དེ་བཞིན་གཤེགས་པ་ལ་རྟག་པ་ཉིད་དུ་མི་ཤེས་ན་གང་ཟག་དེ་ནི་དམུས་ལོང་དུ་རིག་པར་བྱའོ། །སེམས་ཅན་གང་ཞིག་དེ་བཞིན་གཤེགས་པ་རྟག་པ་ཉིད་དུ་ཤེས་ན་གང་ཟག་དེ་ནི་ཤའི་མིག་ཅན་ཡིན་མོད་ཀྱི། ལྷའི་མིག་དང་ལྡན་པར་ངས་བཤད་དོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། གང་ཞིག་དེ་བཞིན་གཤེགས་པ་ལ་རྟག་པ་ཉིད་དུ་ཤེས་ན་གང་ཟག་དེ་ནི་ཡུན་རིང་པོ་ནས་མདོ་སྡེ་འདི་ལ་ནན་ཏན་བྱས་པ་ཡིན་ཏེ། ལྷའི་མིག་དང་ལྡན་པར་རིག་པར་བྱའོ། །གང་ཞིག་ལྷའི་མིག་དང་ལྡན་དུ་ཟིན་ཀྱང་གལ་ཏེ་དེ་བཞིན་གཤེགས་པ་ལ་རྟག་པ་ཉིད་དུ་མི་ཤེས་ན་དེ་ནི་ཤའི་མིག་ཅན་ཞེས་བྱ་སྟེ། གང་ཟག་དེ་ནི་བདག་གི་ལུས་ཀྱི་ཡན་ལག་དང ། ཉིང་ལག་ཀྱང་མི་ཤེས་ལ། གཞན་དག་ཀྱང་ཤེས་པར་བྱེད་མི་ནུས་ཏེ། དེ་བས་ན་ཤའི་མིག་ཅན་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ནི་རྟག་ཏུ་སེམས་ཅན་ཐམས་ཅད་ཀྱི་ཕ་མ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམ་པ་སྣ་ཚོགས་རྐང་གཉིས་དང ། རྐང་བཞི་དང ། རྐང་མང་དང ། རྐང་
Ka239a
༄#། །མེད་ཐམས་ཅད་ལ་དེ་བཞིན་གཤེགས་པས་གསུང་གཅིག་གིས་ཆོས་བསྟན་ན་རྣམ་པ་ཐ་དད་པ་དེ་དང་དེ་དག་ཐམས་ཅད་ཀྱིས་སོ་སོར་གོ་སྟེ། དེ་དག་སོ་སོ་ནས་དེ་བཞིན་གཤེགས་པ་ནི་དེང་བདག་འབའ་ཞིག་ལ་ཆོས་བསྟན་ཏོ་སྙམ་སེམས་ཏེ། དེ་བས་ན་ཕ་མ་ལྟ་བུ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། བུས་པ་བཙས་ནས་ནམ་ཟླ་བ་བཅུ་དྲུག་ལོན་པ་དག་སྨྲར་རྩོལ་མོད་ཀྱི། གོ་བའམ་བརྡ་ཕྲད་པ་ཉིད་དུ་མི་ལྕོགས་ཏེ། དེའི་ཕ་མས་སྐད་བསླབ་པའི་ཕྱིར་བུས་པ་ཅི་ཟེར་བ་བཞིན་དུ་སྨྲ་སྟེ། བགས་ཀྱིས་སྟོན་ན། ཅི་ཁྱེའུ་དེའི་ཕ་མ་དེའང་སྐད་མི་ལྕོགས་ཏེ་ཟུར་མ་ཕྱིན་པ་ཡིན་ནམ། གསོལ་པ། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སེམས་ཅན་རྣམ་པ་སྣ་ཚོགས་ཀྱི་རྗེས་སུ་གསུང་རྣམ་པ་སྣ་ཚོགས་ཀྱིས་ཆོས་སྟོན་ཏོ། །དམ་པའི་ཆོས་ལ་དགོད་པའི་ཕྱིར་ཅི་རིགས་སུ་ཆ་ལུགས་རྣམ་པ་སྣ་ཚོགས་སྟོན་ཏེ། དེ་བཞིན་གཤེགས་པ་དེ་དང་མཐུན་པའི་སྐད་གསུང་ན། ཅི་དེའང་མ་ལྕོགས་པ་ཡིན་ནམ། གསོལ་བ། མ་ལགས་སོ། །བཅོམ་ལྡན་འདས། ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པའི་གསུང་ནི་སེང་གེའི་སྒྲ་ལྟ་བུ་སྟེ། འཇིག་རྟེན་པ་རྣམ་པ་སྣ་ཚོགས་ཀྱི་རྗེས་སུ་གསུང་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ལ་དམ་པའི་ཆོས་སྟོན་ཏོ།
Ka239b
འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོའི་ལེའུ་སྟེ་བཞི་པའོ།། །།དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་རྣམ་པ་སྣ་ཚོགས་བཀྱེ་བ་ནི། སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དང ། ལེ་བརྒན་དང ། སྨུག་པོ་སྟེ། ཙུནདའི་ལུས་ཀུན་སྣང་བར་བྱས་སོ། །ཙུནདའི་ལུས་ལ་འོད་དེས་རེག་པ་དང ། འཁོར་དང་བཅས་ཏེ་ཞལ་ཟས་མང་པོ་ཐོགས་ཏེ། སངས་རྒྱས་གང་ན་བ་དེར་མྱུར་དུ་སོང་སྟེ། དེ་བཞིན་གཤེགས་པ་དང ། དགེ་སློང་གི་དགེ་འདུན་ལ་མཆོད་པ་ཐ་མ་དབུལ་བའི་ཕྱིར་མཆོད་པའི་ཡོ་བྱད་ཕུན་སུམ་ཚོགས་པ་རྣམ་པ་མང་པོ་ཐོགས་ཏེ། སངས་རྒྱས་ལ་ཉེ་བར་བསྙེན་ཏོ། །དེའི་ཚེ་ན་ལྷ་གཟི་བརྗིད་ཆེན་པོ་དང་ལྡན་པ་རྣམས་འཁོར་བར་བསྐོར་ཏེ་མདུན་ཀྱང་ཆོད་པར་གྱུར་ནས། ཙུནད་ལ་ཙུནད་ཁྱོད་ཀྱི་མཆོད་པ་རེ་ཞིག་སྡོད་ཅིག་ཅེས་བསྒོའོ། །དེའི་ཚཻ་ནའང་དེ་བཞིན་གཤེགས་བས་འོད་ཚད་མེད་དཔག་ཏུ་མེད་པ་རྣམ་པ་སྣ་ཚོགས་བཀྱེ་ནས་ལྷ་རྣམས་ཀྱི་ལུས་ལ་སྣང་བར་བྱས་སོ། །ལྷའི་འཁོར་དེ་དག་འོད་དེས་རེག་མ་ཐག་ཏུ་ལྷ་རྣམས་ཀྱང་གོ་ཕྱེ་ནས་མཆོད་པ་འབུལ་དུ་བཅུག་གོ། དེའི་ཚེ་ན་ལྷ་དང་མི་ཐམས་ཅད་ཀྱང་སོ་སོ་ནས་མཆོད་པ་རྣམ་པ་སྣ་ཚོགས་ཐོགས་ནས། སངས་རྒྱས་ཀྱི་སྤྱན་སྔར་བསྙེན་ཏེ་པུས་མོ་བཙུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་
Ka240a
༄#། །འདུན་འདི་དག་བདག་ཅག་གི་མཆོད་པ་ལེན་དུ་གནང་བར་མཛད་དུ་གསོལ་ཞེས་དེ་བཞིན་གཤེགས་པ་ལ་གསོལ་ཏོ། །དགེ་སློང་གི་དགེ་འདུན་རྣམས་ཀྱང་དུས་ཤེས་པས་ལྷུང་བཟེད་ཐོགས་ནས་སེམས་ཅན་\?\་གཅིག་ཏུ་སྤྱོད་ལམ་ལ་གནས་སོ། །དེའི་ཚེ་ཙུནྡས་སངས་རྒྱས་དང ། དགེ་འདུན་བཞུགས་པའི་གདན་སེང་གེའི་ཁྲི་རྣམ་པ་མང་པོ་བཙུགས་ནས། བ་དན་དང ། རྒྱལ་མཚན་དང ། གདུགས་བྲེས་ཏེ། སྤོས་དང ། མེ་ཏོག་དང ། ཕྲེང་བས་ཀྱང་ཡོངས་སུ་བརྒྱན་ཏོ། །དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་འདི་རྒྱན་གྱིས་ཡོངས་སུ་བརྒྱན་པ་ནི། ཇི་ལྟར་ནུབ་ཕྱོགས་ཀྱི་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ལྟ་བུར་གྱུར་ཏོ། །དེ་ནས་ཙུནད་སངས་རྒྱས་ཀྱི་སྤྱན་སྔར་མི་དགའ་བའི་མྱ་ངན་ཆེན་པོས་ནོན་ནས། ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཐུགས་བརྩེ་བའི་སླད་དུ་བསྐལ་པ་གཅིག་གམ། བསྐལ་པ་གཅིག་འགྲིབས་ཀྱི་བར་དུ་བཞུགས་སུ་གསོལ་ལོ། །བཅོམ་ལྡན་འདས་ཀྱིས་ཙུནད་ལ་བཀའ་སྩལ་པ། ང་འཇིག་རྟེན་ན་ཡུན་དུ་གནས་པར་འདོད་ན་ཁྱོད་ཀྱི་མཆོད་པ་ཐ་མར་འབུལ་བའི་ཡོ་བྱད་མྱུར་དུ་ཕུལ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱིས་ཤིག་།དེའི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང ། ལྷ་དང་མི་ལ་
Ka240b
སོགས་པ་ཐམས་ཅད་ཀྱིས་སྐད་མཐུན་པར་འདི་སྐད་ཅེས་སྨྲས་སོ། །ངོ་མཚར་ཆེའོ། །ཙུནད་ཁྱོད་བསོད་ནམས་ཆེན་པོ་ཡོངས་སུ་རྫོགས་པས་དེ་བཞིན་གཤེགས་པ་ཁྱོད་ཀྱི་མཆོད་པ་ཐ་མ་བཞེས་སོ། །བདག་ཅག་ནི་བསོད་ནམས་མེད་པས་མཆོད་པའི་ཡོ་བྱད་བཤམས་པའང་ཆུད་ཟོས་པར་གྱུར་ཏོ་ཞེས་སྨྲས་སོ། །དེའི་ཚེ་ན་བཅོམ་ལྡན་འདས་ཀྱིས་དེ་དག་གི་རེ་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྐུའི་བ་སྤུའི་ཁུང་རེ་རེ་ནས་སྤྲུལ་པའི་སངས་རྒྱས་ཚད་མེད་པ་སྤྲུལ་ཏེ། སངས་རྒྱས་དེ་དག་རེ་རེ་ལའང་དགེ་སློང་གི་འཁོར་ཚད་མེད་པ་སྙེད་ཀྱིས་བསྐོར་ནས་བཅོམ་ལྡན་འདས་དང་དགེ་འདུན་གྱི་འཁོར་ཚད་མེད་པ་དེ་དག་གིས་ཀྱང་དེ་དག་གི་མཆོད་པ་བཞེས་པར་བསྟན་ཏོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའང་ཙུནདའི་མཆོད་པ་བཞེས་སོ། ། དེའི་ཚེ་ཙུནྡས་ཕུལ་བའི་བསོད་སྙོམས་འབྲས་ཀྱང་ཡུལ་དབུས་འགྱུར་འཆང་གི་བྲེ་ཁལ་ཚད་བརྒྱད་ཕུལ་བའང་བཅོམ་ལྡན་འདས་ཀྱི་བྱིན་གྱི་བརླབས་ཀྱིས་འཁོར་གྱི་དཀྱིལ་འཁོར་དེ་དག་ཐམས་ཅད་བསོད་སྙོམས་ཀྱིས་ཆོག་པར་གྱུར་ཏོ། །དེའི་ཚེ་ཙུནད་དེ་ལྟ་བུར་གྱུར་པ་མཐོང་ནས་རབ་ཏུ་དགའ་བ་སྐྱེས་ཏེ། འཁོར་གྱི་དཀྱིལ་འཁོར་དེ་དག་ཐམས་ཅད་ཀྱང་རབ་ཏུ་དགའ་བར་གྱུར་ཏོ། །དེའི་ཚེ་ན་འཁོར་གྱི་དཀྱིལ་འཁོར་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས། སོ་སོའི་ཡིད་ལ་དེ་བཞིན་གཤེགས་པ་ནི་བདག་ཅག་གི་མཆོད་པ་བཞེས་
Ka241a
༄#། །པས་རིང་པོ་མི་ཐོགས་པར་ཡོངས་སུ་མྱ་ངན་ལས་འདའོ་སྙམ་དུ་སེམས་པར་འགྱུར་ཏོ། །དེ་སྙམ་དུ་བསམས་ནས་སོ་སོའི་སེམས་ལ་མྱ་ངན་དང་དགའ་བ་འདྲེས་པར་གྱུར་ཏོ། །དེའི་ཚེ་ན་ཚལ་དེའི་ས་གཞི་ཤིན་ཏུ་ཆུང་ཞིང་དོག་པ་ལས་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས། ཁབ་ཀྱི་རྩེ་མོ་འཛུགས་པའི་ས་ཙམ་ལའང་ཚད་མེད་པའི་སངས་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་ཏེ་བཞུགས་ཤིང་བསོད་སྙོམས་བཞེས་ཏེ། བསོད་སྙོམས་དེ་དག་ཀྱང་བྱེ་བྲག་མེད་པར་མཐོང་ངོ ། ། དེའི་ཚེ་ན་ལྷ་དང ། མི་དང ། ལྷ་མ་ཡིན་ལ་སོགས་པ་ཐམས་ཅད་མཆི་མ་བླགས་ཏེ་ངུས་ནས་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པས་བདག་ཅག་གི་མཆོད་པ་ཐ་མ་བཞེས་ཏེ་མཆོད་པ་བཞེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་ན། བདག་ཅག་གིས་སླན་ཆད་མཆོད་པ་སུ་ལ་བགྱི། བདག་ཅག་གི་བླ་ན་མེད་པའི་ཁ་ལོ་སྒྱུར་བ་དང་གཏན་བྲལ་བས་ན་མིག་ལྡོངས་པར་གྱུར་ཏོ་ཞེས་སྨྲས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་དེ་དག་སྤྲོ་བསྲིང་བའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ།་ཁྱེད་རྣམས་མྱ་ངན་མ་བྱེད་ཅིག་།སངས་རྒྱས་ཆོས་ཉིད་དེ་བཞིན་ཏེ། །ང་ནི་མྱ་ངན་འདས་ནས་ཀྱང ། །ཚད་མེད་པ་ཡི་བསྐལ་པ་སྙེད། །རྟག་ཏུ་བདེ་བའི་མཆོག་ལ་སྤྱོད། །རྟག་
Ka241b
ཏུ་རབ་ཏུ་བདེ་ལ་གནས། །ཁྱེད་རྣམས་ཤིན་ཏུ་རྟག་པར་ཉོན། །མྱ་ངན་འདའ་བ་ངས་བཤད་ཀྱི། །ཟས་ཀྱི་འདུ་ཤེས་མེད་པས་ན། །བཀྲེས་ཤིང་སྐོམ་པའི་སྐྱོན་རྣམས་མེད། །དེང་འདིར་ཁྱེད་ལ་སོགས་པ་ལ། །རྗེས་སུ་གཞོལ་བའི་སྨོན་ལམ་བཏབ། །འཁོར་གྱི་དཀྱིལ་འཁོར་འདི་ཐམས་ཅད། །རབ་ཏུ་བདེ་བ་ཐོབ་པར་བྱ། །ཁྱེད་རྣམས་ཐོས་ནས་ནན་ཏན་བྱོས། །སངས་རྒྱས་ཆོས་རྣམས་རྟག་པ་ལ། །ནམ་ཞིག་ཁཝ་དང་འུག་པ་གཉིས། །ཚང་གཅིག་ནང་དུ་གནས་བཅས་ཏེ། །དེ་གཉིས་སྤུན་བཞིན་གྱུར་པ་ན། །དེ་ན་མྱ་ངན་འདའ་བར་འགྱུར། །དེ་བཞིན་གཤེགས་པས་ཐམས་ཅད་ལ། །སྒྲ་གཅན་འཛིན་ལྟར་གཟིགས་པས་ན། །འགྲོ་བ་ཀུན་གྱི་གཙོར་གྱུར་པ། །ཅི་ཕྱིར་ཡོངས་སུ་མྱ་ངན་འདའ། །ནམ་ཞིག་སྦྲུལ་དང་སྲེ་མོ་གཉིས། །ཁུང་གཅིག་ནང་དུ་ཚང་བཅས་ཏེ། །དེ་གཉིས་སྤུན་ལྟར་གྱུར་པ་ན། །དེ་ན་ཡོངས་སུ་མྱ་ངན་འདའ། །དེ་བཞིན་གཤེགས་པས་ཐམས་ཅད་ལ། །སྒྲ་གཅན་འཛིན་ལྟར་ཀུན་གཟིགས་ཏེ། །སེམས་ཅན་ཀུན་གྱི་གཙོར་གྱུར་པ། །ཅི་ཕྱིར་ཡོངས་སུ་མྱ་ངན་འདའ། །ཅི་སྟེ་མེ་ཏོག་འདབ་བདུན་པོ། །ཀ་ཤི་ཀ་ཡི་དྲིར་གྱུར་ཏམ། །ཀ་ལ་ཀ་ཡི་ཤིང་ལས་ནི། །ཙིནདའི་འབྲས་བུ་ཆགས་སྲིད་ཀྱི། །དེ་བཞིན་གཤེགས་པས་ཐམས་ཅད་ལ། །སྒྲ་གཅན་འཛིན་ལྟར་གཟིགས་པས་ན། །ཅི་ཕྱིར་སྙིང་རྗེ་ཀུན་བཏང་སྟེ། །ཡོངས་སུ་མྱ་ངན་འདའ་བར་གཤེགས། །ཅི་སྟེ་ལོག་སྲེད་
Ka242a
༄#། །ཅན་དེ་དག་།སྙིང་པོར་བྱང་ཆུབ་སངས་རྒྱས་ཏེ། །བདེ་བའི་མཆོག་ལ་གནས་གྱུར་ན། །དེ་ན་མྱ་ངན་འདའ་བར་འགྱུར། །དེ་བཞིན་གཤེགས་པས་ཐམས་ཅད་ལ། །སྒྲ་གཅན་འཛིན་ལྟར་གཟིགས་པས་ན། །ཅི་ཕྱིར་སྙིང་རྗེ་ཀུན་བཏང་སྟེ། །ཡོངས་སུ་མྱ་ངན་འདའ་བར་གཤེགས། །གལ་ཏེ་སོ་སོའི་སྐྱེ་བོ་དག་།དུས་གཅིག་མཉམ་པར་སངས་རྒྱས་ཏེ། །ཉེས་པའི་སྐྱོན་རྣམས་ཀུན་སྤངས་ན། དེ་ན་མྱ་ངན་འདའ་བར་འགྱུར། །དེ་བཞིན་གཤེགས་པས་ཐམས་ཅད་ལ། །སྒྲ་གཅན་འཛིན་ལྟར་གཟིགས་པས་ན། །ཅི་ཕྱིར་སྙིང་རྗེ་ཀུན་བཏང་སྟེ། །ཡོངས་སུ་མྱ་ངན་འདའ་བར་གཤེགས། །ཅི་སྟེ་སྦྲང་བུ་ཆུང་ངུའི་གཅིན། །ས་ཆེན་འདིའང་འཇིག་ནུས་ལ། །རི་དང་ལྗོངས་ཀུན་མེད་པར་ཡང ། །རྒྱ་མཚོ་ཆེན་པོ་འགེངས་འགྱུར་ན། །དེ་ན་ཡོངས་སུ་མྱ་ངན་འདའ། །སྙིང་རྗེའི་སེམས་ཀྱིས་ཐམས་ཅད་ལ། །སྒྲ་གཅན་འཛིན་ལྟར་གཟིགས་པས་ན། །འགྲོ་བ་ཀུན་གྱི་གཙོར་གྱུར་པ། །ཅི་ཕྱིར་ཡོངས་སུ་མྱ་ངན་འདའ། །དེ་བས་ཁྱེད་ལ་སོགས་པ་དག་།དམ་པའི་ཆོས་ལ་མོས་པར་གྱིས། །མྱ་ངན་གྱིས་ཀྱང་མ་གདུང་བར། །ཡིད་བློང་དུ་བར་མ་བྱེད་ཅིག་།ཡང་དག་ལ་ནི་གང་སྤྱོད་པ། །དེ་བཞིན་གཤེགས་པ་རྟག་པ་སྒོམ། །དེ་ལྟར་དམ་ཆོས་དེ་ཉིད་ཀྱང ། །མི་འགྱུར་རྟག་ཏུ་གནས་པར་རྟོགས། །གཞན་ཡང་དཀོན་
Ka242b
མཆོག་གསུམ་དག་ལ། །རྟག་ཏུ་གནས་པར་འདུ་ཤེས་བསྐྱེད། །དེ་ལ་ཤིན་ཏུ་སྲུང་བ་ནི། །སྔགས་ཀྱི་མཐུ་དབང་ཤིང་སྐམ་ལ། །མེ་ཏོག་དག་ཀྱང་སྐྱེ་བ་བཞིན། །དེ་ནི་དཀོན་མཆོག་གསུམ་པོ་ལ། །འཁོར་རྣམ་བཞི་སྟེ་ལེགས་པར་ཉོན། །ཐོས་ནས་ཤིན་ཏུ་དགའ་བཞིན་དུ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ཅིང ། །གང་ཞིག་དཀོན་མཆོག་གསུམ་པོ་ལ། །དོན་དམ་བདེན་པར་རྟག་འཛིན་ན། །དེ་ནི་སངས་རྒྱས་མང་པོ་ཡི། །སྨོན་ལམ་ཕུལ་གྱི་མཆོག་ཡིན་ནོ། །དེ་ལ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ཞིག་དེ་བཞིན་གཤེགས་པའི་སྨོན་ལམ་མཆོག་གི་སྨོན་ལམ་བཏབ་པ་ནི། གླེན་པའམ་གཏི་མུག་ཅན་མ་ཡིན་ཏེ། མཆོད་པའི་གནས་ཡིན་པར་རིག་པར་བྱའོ། །སྨོན་ལམ་དེའི་མཐུས་ཡོན་ཏན་གྱི་འབྲས་བུ་སྨིན་པ་ནི་དགྲ་བཅོམ་པ་ལྟར་འཇིག་རྟེན་གྱི་ཕུལ་གྱི་མཆོག་ཏུ་འགྱུར་རོ། །གང་ཞིག་དེ་ལྟར་དཀོན་མཆོག་གསུམ་ལ་རྟག་པ་ཉིད་དུ་མི་ཤེས་ན་དེ་ནི་རིགས་ངན་ཡིན་པར་རིག་པར་བྱའོ། །གང་ཞིག་ཆོས་རྣམ་པ་གསུམ་པོ་རྟག་པ་ཉིད་དུ་ཤེས་ན་ཆོས་བདེན་པའི་རྐྱེན་གྱིས་སྡུག་བསྔལ་བ་དང་བྲལ་ཞིང་རབ་ཏུ་བདེ་བར་འགྱུར། གནོད་པ་མེད་པར་འགྱུར། བར་ཆད་བྱེད་པ་མེད་པར་འགྱུར་རོ། །དེའི་ཚེ་ལྷ་དང ། མི་དང ། ལྷ་མ་ཡིན་ལ་སོགས་པ་འཁོར་དེ་དག་གིས་དེ་སྐད་ཅེས་གསུངས་པ་ཐོས་ནས་རབ་ཏུ་དགའ་མགུར་རངས་པའི་སེམས་སྐྱེས་ཏེ། ཤིན་ཏུ་ངུལ་ཞིང་ངེས་
Ka243a
༄#། །པའི་སེམས་སུ་གྱུར། སྒྲིབ་པ་ཀུན་ཤིན་ཏུ་བསལ་བའི་སེམས་སུ་གྱུར། མཐོ་དམན་མེད་པའི་སེམས་སུ་གྱུར་ཏེ། གཟི་བརྗིད་རྣམ་པར་དང་བ་དང ། འཛུམ་པའི་མདངས་ཅན་དུ་གྱུར་ནས་དེ་བཞིན་གཤེགས་པ་རྟག་པ་ཉིད་དུ་ཤེས་ཏེ། དེ་བས་ན་ལྷ་རྫས་ཀྱི་མཆོད་པ་རྣམ་པ་མང་པོས་མཆོད་དེ། ལྷ་རྫས་ཀྱི་མེ་ཏོག་དང ། སྤོས་དང ། ཕྱེ་མ་དང ། བྱུག་སྤོས་དང ། ལྷ་རྫས་ཀྱི་རོལ་མོས་ཡོངས་སུ་མཆོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་འཁོར་གྱི་དཀྱིལ་འཁོར་འདི་དག་ངོ་མཚར་རྨད་དུ་གྱུར་པ་མཐོང་ངམ། འོད་སྲུང་གིས་གསོལ་པ། མཐོང་ངོ ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ཚད་མེད་པ་དཔག་ཏུ་མེད་པ་དག་འཁོར་མང་པོའི་མཆོད་པ་ཡོངས་སུ་བཞེས་པ་མཐོང་ངོ ། །གཞན་ཡང་སངས་རྒྱས་མང་པོའི་སྐུ་ནི་རབ་ཏུ་ཆེ་ལ། བཞུགས་པའི་གདན་ནི་ཁབ་ཀྱི་རྩེ་མོ་ཙམ་སྟེ། འཁོར་མང་པོས་ཡོངས་སུ་བསྐོར་ཀྱང་གཅིག་ལ་གཅིག་འཛེར་བར་མ་གྱུར་པ་མཐོང་ངོ ། །གཞན་ཡང་འཁོར་མང་པོ་འདི་དག་སྨོན་ལམ་ཆེན་པོ་བསྐྱེད་ནས་ཚིགས་སུ་བཅད་པ་བཅུ་གསུམ་པོ་སྨྲ་བའང་མཐོང་ངོ ། །གཞན་ཡང་འཁོར་གྱི་དཀྱིལ་འཁོར་འདི་དག་སོ་སོ་ནས་འདི་སྙམ་དུ། དེ་བཞིན་གཤེགས་པ་ནི་བདག་འབའ་ཞིག་གི་མཆོད་པ་བཞེས་
Ka243b
སོ་སྙམ་དུ་སེམས་པར་ཡང་འཚལ་ཏོ། །གལ་ཏེ་ཙུནྡས་ཕུལ་བའི་མཆོད་པ་རྡུལ་ཕྲ་མོར་བཏགས་ཏེ། སངས་རྒྱས་གཅིག་ལ་རྡུལ་ཕྲ་མོ་གཅིག་ཙམ་ཕུལ་ཀྱང་ཆོག་པའམ་ཁྱབ་པར་མི་འགྱུར་ན་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས། ཐམས་ཅད་ཁྱེད་ཅིང་ཆོག་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པས་ངོ་མཚར་རྨད་དུ་གྱུར་པ་འདི་དག་ཤེས་སོ། །དེའང་དེ་བཞིན་གཤེགས་པས་ཐབས་སུ་བསྟན་ཏེ། ཉན་ཐོས་ཀྱི་འཁོར་རྣམས་དང ། ལྷ་མ་ཡིན་ལ་སོགས་པས་དེ་བཞིན་གཤེགས་པ་ནི་རྟག་པའི་ཆོས་ཉིད་དུ་ཤེས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཙུནད་ལ་བཀའ་སྩལ་པ། ཁྱོད་ཀྱིས་མཐོང་པ་འདི་དག་ངོ་མཚར་རྨད་དོ་སྙམ་སེམས་སམ། གསོལ་པ། དེ་བཞིན་ནོ། །བཅོམ་ལྡན་འདས། བདག་སྔར་ཚད་མེད་པའི་སངས་རྒྱས་མང་པོ་མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུས་ཡོངས་སུ་བརྒྱན་པར་མཐོང་ན་ད་ནི་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱད་གཟུགས་མཆོག་ཏུ་གྱུར་ཏེ། སངས་རྒྱས་ཉག་གཅིག་སྨན་གྱི་སྡོང་པོ་ལྟར་བཞུགས་ཤིང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོངས་སུ་བསྐོར་བར་མཐོང་ངོ ། །བཅོམ་ལྡན་འདས་ཀྱིས་ཙུནད་ལ་བཀའ་སྩལ་པ། ཁྱོད་ཀྱིས་སྔར་སངས་
Ka244a
༄#། །རྒྱས་ཚད་མེད་པ་མཐོང་བ་ནི་ངས་མངོན་པར་སྤྲུལ་པ་ཤ་སྟག་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར། དགའ་བར་བྱ་བའི་ཕྱིར་མངོན་པར་སྤྲུལ་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་སྤྱོད་པ་བསམ་གྱིས་མི་ཁྱབ་སྟེ། ཚད་མེད་པའི་སངས་རྒྱས་ཀྱི་མཛད་པ་བྱེད་པ་ཤ་སྟག་གོ། ཙུནད་ཁྱོད་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་པ་དང་ལྡན་ཏེ། ས་བཅུ་ལ་རབ་ཏུ་གནས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྫོགས་པར་ལྡན་ནོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་གསོལ་པ། །དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་བཞིན་ནོ། །ཙུནད་འདི་ནི་སྤྱོད་པ་ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ལྡན་ཏེ། བདག་ཅག་རྗེས་སུ་ཡི་རང་ངོ ། །དེ་བཞིན་གཤེགས་པས་ཕྱི་མ་མ་འོངས་པའི་སྐྱེ་བོ་ཚད་མེད་པ་ལ་སྣང་བ་ཆེན་པོ་མཛད་པའི་སླད་དུ་ཐེག་པ་ཆེན་པོའི་མདོ་སྡེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་གསུངས་སོ། །བཅོམ་ལྡན་འདས། མདོ་སྡེ་ཐམས་ཅད་ལས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྷག་མ་དང་བཅས་པའི་དོན་ལགས་སམ། ལྷག་མ་མ་མཆིས་པའི་དོན་དུ་གསུངས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ངས་གསུངས་པ་ནི་ལྷག་མ་
Ka244b
དང་བཅས་པའང་ཡོད་ལ། ལྷག་མ་མེད་པའི་དོན་ཡང་ཡིན་ནོ། །དེ་ནས་ཙུནྡས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ཟང་ཟིང་བདོག་པ་ཐམས་ཅད་སྦྱིན་པ་བྱིན་པ་ནི་བསྔགས་ཤིང་བསྟོད་མོད་ཀྱི། རྣམ་པར་སྨོད་པར་མི་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ཇི་ལྟ་བུ། ཚུལ་ཁྲིམས་དང་ལྡན་པ་ཚུལ་ཁྲིམས་ངན་པ་ཅན་ལ་བྱེ་བྲག་གི་ཁྱད་པར་ཅི་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པ་གཅིག་པུ་མ་གཏོགས་པར་སྦྱིན་པ་གཞན་ཐམས་ཅད་ལ་བསྟོད་ཅིང་བསྔགས་སོ། །ཙུནྡས་གསོལ་པ། གཅིག་པུ་མ་གཏོགས་ཞེས་བགྱི་བ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མདོ་སྡེ་འདི་ལས་གང་ཚུལ་ཁྲིམས་ངན་པ་ཅན་དུ་གསུངས་པའོ། །ཙུནྡས་ཡང་གསོལ་པ།་བཅོམ་ལྡན་འདས། དེའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚུལ་ཁྲིམས་ངན་པ་ཅན་ཞེས་བྱ་བ་ནི་ལོག་སྲེད་ཅན་ལ་བྱའོ། །དེ་མ་ཡིན་པ་སྦྱིན་པ་ཐམས་ཅད་ལ་བསྟོད་ཅིང་བསྔགས་ཏེ། འབྲས་བུ་ཆེན་པོ་ཐོབ་པར་འགྱུར་རོ། །ཙུནྡས་ཡང་གསོལ་པ། ལོག་སྲེད་ཅན་ཞེས་བགྱི་བ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་ཙུནད་ལ་བཀའ་སྩལ་པ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གྲང་ཞིག་ཚིག་ངན་པ་སྨྲ་ཞིང་དམ་པའི་ཆོས་ལ་སྐུར་པ་འདེབས་པ་དང ། ཁ་ན་མ་ཐོ་བའི་ལས་བྱས་ཀྱང་འགྱོད་
Ka245a
༄#། །པའམ། ཁྲེལ་པའམ། འཛེམ་པའི་སེམས་མེད་དེ། གང་ཟག་དེ་ལྟ་བུ་ནི་ལོག་སྲེད་ཅན་གྱི་ལམ་ལ་འབབ་པ་ཞེས་བྱའོ། །གང་ཞིག་རྩ་བ་བཞི་ཉམས་སམ། མཚམས་མེད་པ་ལྔ་བྱས་པར་བདག་ཉིད་ཀྱིས་ཤེས་ལ། དེ་ལྟར་ཁ་ན་མ་ཐོ་བ་ཆེན་པོ་བྱས་ཀྱང་ཐོག་མ་ནས་འཇིགས་པའམ་ཁྲེལ་ཞིང་འཛེམ་པའི་སེམས་མེད་དེ། མི་འགྱོད་མི་མཐོལ་བ་དང ། དམ་པའི་ཆོས་ལ་ཕངས་ཤིང་གཅེས་པར་མི་འཛིན་ཏེ། རྣམ་པར་བཞག་པའི་སེམས་མེད་ཀྱི། བརྙས་ཤིང་སྐུར་པ་དང་ཉེས་པ་མང་པོ་ཞེས་སྐྱོན་འདོགས་པའི་གང་ཟག་དེའང་ལོག་སྲེད་ཅན་གྱི་ལམ་ལ་འབབ་པ་ཞེས་བྱའོ། །གཞན་ཡང་གང་ཞིག་སངས་རྒྱས་དང ། ཆོས་དང ། དགེ་འདུན་མེད་དོ་ཞེས་སྨྲ་བ་དེའང་ལོག་སྲེད་ཅན་གྱི་ལམ་ལ་འབབ་པ་ཞེས་བྱའོ། །དེ་ལྟར་ལོག་སྲེད་ཅན་འདི་འབའ་ཞིག་མ་གཏོགས་པ་སྦྱིན་པ་གཞན་ཐམས་ཅད་ལ་བསྟོད་ཅིང་བསྔགས་སོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་བཅུ་བཞི་པ། དེ་ནས་ཙུནྡས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཚུལ་ཁྲིམས་ངན་པ་ཅན་གྱི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་ཙུནད་ལ་བཀའ་སྩལ་པ། གང་ཚུལ་ཁྲིམས་རྩ་བ་བཞི་ཉམས་པ། མཚམས་མེད་པ་ལྔ་བྱས་པ་དང ། དམ་པའི་ཆོས་ལ་རྣམ་པར་སྐུར་པ་འདེབས་པ་དེ་ནི་
Ka245b
ཚུལ་ཁྲིམས་ངན་པ་ཞེས་བྱའོ། །ཙུནྡས་ཡང་གསོལ་པ། དེ་ལྟར་ཚུལ་ཁྲིམས་ངན་པ་ཅན་དེ་རྣམ་པར་གྲོལ་བའི་སྐལ་པ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱུ་དང་རྐྱེན་དུ་ལྡན་ན་གྲོལ་བའི་སྐལ་པ་ཡོད་དེ། གལ་ཏེ་ཆོས་གོས་ཀྱང་གྱོན་ལ་ཡོངས་སུ་མ་སྤངས། ཁྲེལ་ཞིང་འཛེམ་པ་དང་འཇིགས་པའི་སེམས་དང་ཡང་ལྡན། ཤིན་ཏུ་ཡང་འགྱོད་པ་འདི་སྙམ་དུ། ཀྱི་ཧུད། བདག་གིས་ཅིའི་ཕྱིར་ཁ་ན་མ་ཐོ་བའི་ལས་ཆེན་པོ་འདི་བྱས། ཀྱི་ཧུད། བདག་གིས་ཅིའི་ཕྱིར་སྡུག་བསྔལ་དུ་འགྱུར་བའི་ལས་འདི་བྱས་སྙམ་དུ་ཤིན་ཏུ་འགྱོད་པའི་སེམས་སྐྱེས་ལ། ཆོས་སྲུང་བའི་སེམས་དང ། ཆོས་རྣམ་པར་བཞག་པའི་སེམས་ཀྱང་བསྐྱེད་དེ། ཆོས་བསྲུང་ཞིང་འཛིན་པ་ལ་མཆོད་པར་བྱེད་པ་དང ། ཐེག་པ་ཆེན་པོའི་མདོ་སྡེ་འདོན་ཅིང་ཀློག་པ་ལ་ཞུ་པ་དང ། གསོལ་པ་འདེབས་པ་དང ། བདག་ཀྱང་འཆང་བ་དང ། འཛིན་པ་དང ། ཀློག་པ་དང ། འདོན་པ་དང ། ཁོང་དུ་ཆུད་པར་བྱེད་ལ། གཞན་ལ་ཡང་རྒྱས་པར་སྟོན་ཅིང་འཆད་པའི་གང་ཟག་དེ་ནི་ཚུལ་ཁྲིམས་ངན་པ་ཅན་ཞེས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཉི་མ་ཤར་ནན་བུན་དང ། ཁུག་རྣའང་མི་སྣང་བའི་མུན་པ་ཀུན་སེལ་བར་འགྱུར་རོ། །ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ཆེན་པོ་འདི་འཇིག་རྟེན་དུ་བྱུང་བའང་དེ་དང་འདྲ་སྟེ། སེམས་ཅན་གྱིས་བསྐལ་པ་ཚད་
Ka246a
༄#། །མེད་པའི་ཁ་ན་མ་ཐོ་བའི་ལས་ཅི་བྱས་པ་ཐམས་ཅད་སེལ་བར་ནུས་སོ། །དེ་བས་ན་མདོ་སྡེ་འདི་ལས་དམ་པའི་ཆོས་ཀྱི་སྐྱབས་བྱས་པ་དག་འབྲས་བུ་ཆེན་པོ་ཐོབ་པར་འགྱུར་ཏེ། ཚུལ་ཁྲིམས་ངན་པ་ཅན་དག་རྣམ་པར་དགྲོལ་ནུས་སོ་ཞེས་བཤད་པ་ཡིན་ནོ། །དེ་ལ་གང་ཞིག་དམ་པའི་ཆོས་ལ་སྐུར་ཀྱང་ཤིན་ཏུ་འགྱོད་ཅིང་མཐོལ་ལ། ཆོས་ལ་སྐྱབས་སུ་སོང་ནས་མི་དགེ་བའི་ལས་བྱས་པ་ཐམས་ཅད་དྲན་པར་བྱས་ཏེ། དཔེར་ན། མི་ཞིག་བསད་པའི་ལས་བྱས་ན་ཤིན་ཏུ་འཇིགས་པའི་སེམས་སྐྱེ་བ་ལྟར་རམ། རབ་ཏུ་ངོ་ཚ་བ་དང་ཁྲེལ་བའི་སེམས་སྐྱེས་ཏེ། དམ་པའི་ཆོས་འདི་མ་གཏོགས་པར་གཞན་གུད་ན་སྐྱབས་དང་དཔུང་གཉེན་དུ་འགྱུར་བ་མེད་དོ་སྙམ་པའི་སེམས་སྐྱེས་ཏེ། དམ་པའི་ཆོས་ལ་སྐྱབས་སུ་འགྲོ་བ་ཇི་ལྟར་བསྟན་ཅིང་གསུངས་པ་བཞིན་དུ་སྐྱབས་སུ་སོང་བའི་གང་ཟག་དེ་ལ་སྦྱིན་པ་བྱིན་ན་བསོད་ནམས་དཔག་ཏུ་མེད་པ་ཐོབ་ཅིང་འཇིག་རྟེན་གྱི་མཆོད་པའི་གནས་སུ་འགྱུར་རོ། །གང་ཞིག་དེ་ལྟར་གོང་དུ་སྨོས་པའི་ཁ་ན་མཐོ་བའི་ལས་བྱས་ནས་ཟླ་བ་གཅིག་གམ། ཞག་བཅོ་ལྔའི་བར་དུ་སྐྱབས་སུ་འགྲོ་བའམ། མཐོལ་བའམ། འགྱོད་པའི་སེམས་མི་སྐྱེ་བའི་གང་ཟག་དེ་ལ་སྦྱིན་པ་བྱིན་ནའང་འབྲས་བུ་ཆེན་པོར་མི་འགྱུར་ཏེ། མཚམས་མེད་པ་ལྔའི་སྡིག་བྱས་པའང་དེ་དང་འདྲ་སྟེ། འགྱོད་པའི་སེམས་
Ka246b
སྐྱེས་ལ། ཁོང་ནས་ངོ་ཚ་བ་དང་ཁྲེལ་བའི་སེམས་སུ་ལྡན་ཏེ། བདག་གིས་མི་དགེ་བའི་ལས་བྱས་པས་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་རོ་སྙམ་སེམས་ཏེ། དམ་པའི་ཆོས་རྣམ་པར་བཞག་པའི་ཕྱིར་མགོན་དང་སྐྱབས་བྱེད་ན་དེའང་མཚམས་མེད་པ་ལྔའི་སྡིག་བྱས་པ་མ་ཡིན་ནོ། །ཅི་སྟེ་དེ་ལ་སྦྱིན་པ་བྱིན་ན་ཚད་མེད་པའི་བསོད་ནམས་ཐོབ་པར་འགྱུར་རོ། ། མཚམས་མེད་པའི་ལས་བྱས་ཀྱང་དམ་པའི་ཆོས་བསྲུང་བའམ། སྐྱབས་སུ་འགྲོ་བའི་སེམས་བསྐྱེད་པ་དེ་ལ་སྦྱིན་པ་བྱིན་ན། བསོད་ནམས་སུ་འགྱུར་བ་ནི་སྨོས་སུའང་མི་ཆོག་གོ། རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། ཁ་ན་མ་ཐོ་བའི་ལས་ཆེན་པོ་བྱས་པ་དག་ཤིན་ཏུ་རྟག་པར་ཉོན་ཅིག་དང ། ཁྱོད་ལ་རྒྱས་པར་ཕྱེ་སྟེ་བཤད་པར་བྱའོ། །དེ་དག་འདི་སྙམ་དུ་སེམས་སྐྱེད་ཅིག་།དམ་པའི་ཆོས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། དེ་བས་ན་བསྲུང་ཞིང་བསྐྱབ་པ་དང་རྣམ་པར་བཞག་པར་བྱའོ། །དེ་ལ་སྦྱིན་པ་བྱིན་པས་བསོད་ནམས་ཀྱི་འབྲས་བུ་མཆོག་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ། དཔེར་ན། བུད་མེད་སྤྲུལ་མ་བུ་འབྱུང་དུ་ཉེ་བ་ཞིག་ཡུལ་དུ་མུ་གེ་བྱུང་སྟེ་འཁྲུགས་ནས་ཡུལ་གཞན་ཞིག་གི་ལྷའི་རྟེན་བཅས་པ་ཞིག་ཏུ་བུ་བཙས་ནས་ཕྱིས་བདག་གི་ཡུལ་ཉིད་ན་འཁྲུག་པའང་ཞི། ལོའང་རབ་ཏུ་ལེགས་སོ་ཞེས་གཏམ་ཐོས་ནས། བུ་ཁུར་དུ་ཁྱེར་ཏེ་ཕྱིར་བདག་གི་ཡུལ་དུ་
Ka247a
༄#། །ཆས་སོ། །དེའི་བར་དུ་ཆུ་ཆེན་པོ་བྲུག་ནས་བུ་ཁུར་དུ་ཁྱེར་ཏེ་ཆུ་རྒལ་མ་ནུས་པས་དེ་འདི་སྙམ་དུ་སེམས་སོ། །བདག་ཅག་མ་སྨད་གཉིས་ལྷན་ཅིག་ཚེ་འཕོས་ཀྱང་སླའི། བུ་བོར་ཏེ་བདག་འབའ་ཞིག་ཆུ་རྒལ་བར་མི་བྱ་སྙམ་བསམས་ནས་ཆུ་རྒལ་བ་ལས་མ་སྨད་གཉིས་ཆུའི་ནང་དུ་ཤིའོ། །ཤི་མ་ཐག་ཏུ་མཐོ་རིགས་ཀྱི་ལྷར་སྐྱེས་སོ། །དེའང་བུ་ལ་བྱམས་ཏེ་ཆུ་ལས་སྒྲོལ་བར་བསམ་པའི་ཕྱིར་རོ། །བུད་མེད་དེ་རང་བཞིན་ངན་ལ་གཏུམ་ཡང་བུ་ལ་བྱམས་པར་བསམས་པས་མཐོ་རིས་ཀྱི་ལྷར་སྐྱེས་སོ། །རྩ་བ་བཞི་ཉམས་པ་དང།་མཚམས་མེད་པ་ལྔ་བྱེད་པ་དག་ཀྱང་དམ་པའི་ཆོས་བསྲུང་ཞིང་བསྐྱབ་པའི་སེམས་བསྐྱེད་པའང་དེ་དང་འདྲ་སྟེ། སྔར་མི་དགེ་བའི་ལས་བྱས་མོད་ཀྱི། ཆོས་བསྲུང་བས་ན་འཇིག་རྟེན་ན་བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་དུ་འགྱུར་ཏེ། དེ་ལྟར་ན་ཆོས་སྲུང་ཞིང་སྐྱོབ་པ་དེ་ཚད་མེད་པའི་འབྲས་བུ་མཆོག་དང་ལྡན་ནོ། །ཙུནྡས་ཡང་གསོལ་པ། བཅོམ་ལྡན་འདས། ལོག་སྲེད་ཅན་དག་ཤིན་ཏུ་འགྱོད་ཅིང་ངོ་ཚ་བ་དང་ལྡན་ལ། དཀོན་མཆོག་གསུམ་ལ་ཡང་བསྟི་སྟང་དང་བཅས་པས་མཆོད་པ་བགྱིད། བསྟོད་པ་བགྱིད་ན་དེ་ལ་སྦྱིན་པ་བྱིན་ན་འབྲས་བུ་ཆེན་པོ་ཐོབ་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་དེ་སྐད་ཅེས་མ་ཟེར་ཅིག་།རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། མི་
Ka247b
ཞིག་ཤིང་ཏོག་ཨ་མྲ་ཟོས་ནས་འབྲས་བུ་ས་ལ་བོར་རོ། །དེ་འདི་སྙམ་དུ་འབྲས་བུའི་ནང་ནའང་རོ་མངར་བ་ཡོད་དུ་དེས་སོ་སྙམ་བསམས་ནས་འབྲས་བུ་བཅག་སྟེ་མྱངས་པ་དང ། ཤིན་ཏུ་ཁ་བར་གྱུར་པས་དེ་ལ་འགྱོད་པའི་སེམས་སྐྱེས་ཏེ་ཤིང་ཏོག་དེ་མཐར་མེད་ཀྱིས་དོགས་ནས་འབྲས་བུ་བཅག་པའི་ཕྱིར་ས་ལ་རྨོས་ནས་དེ་སྐྱེ་བར་འདོད་པའི་ཕྱིར་དུས་སུ་མར་དང་འོ་མ་ལ་སོགས་པ་བླུགས་ཏེ་ཤིན་ཏུ་ནན་ཏན་བྱས་ན། དེ་ཁྱོད་ཀྱིས་ཡིད་ལ་ཇི་སྙམ། དེ་སྐྱེ་བར་འགྱུར་རམ། གསོལ་པ། མ་ལགས་སོ། །བཅོམ་ལྡན་འདས། གལ་ཏེ་གནམ་ལས་བླ་ན་མེད་པའི་བདུད་རྩིའི་ཆར་བབ་ཀྱང་སྐྱེ་བར་མི་འགྱུར་རོ། །རིགས་ཀྱི་བུ་ལོག་སྲེད་ཅན་དེའང་དེ་དང་འདྲ་སྟེ། དགེ་བའི་རྩ་བ་ཀུན་བསྲེགས་ན། ཁ་ན་མ་ཐོ་བའི་ལས་ཅི་ལ་བརྟེན་ཏེ་འབྱང་བར་འགྱུར། རིགས་ཀྱི་བུ། གལ་ཏེ་དགེ་བའི་སེམས་སྐྱེས་ན་དེ་ནི་ལོག་སྲེད་ཅན་ཞེས་མི་བྱའོ། །རིགས་ཀྱི་བུ། སྦྱིན་པ་བྱས་པ་ཐམས་ཅད་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ཁྱད་པར་མེད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་རྣམས་ལ་སྦྱིན་པ་བྱིན་པའི་འབྲས་བུ་རྣམ་པར་སྨིན་པ་དང ། རང་སངས་རྒྱས་ལ་སྦྱིན་པ་བྱིན་པའང་ཁྱད་པར་ཡོད་དེ། དེ་བཞིན་གཤེགས་པ་འབའ་ཞིག་ལ་སྦྱིན་པ་བྱིན་པ་ནི། བླ་ན་མེད་པའི་འབྲས་བུ་ཐོབ་པར་འགྱུར་ཏེ། དེ་བས་ན་སྦྱིན་པ་ཐམས་ཅད་ལ་ཁྱད་པར་མེད་པའང་མ་ཡིན་ནོ། །ཙུནྡས་ཡང་གསོལ་པ། ཅིའི་སླད་
Ka248a
༄#། །དུ་དེ་བཞིན་གཤེགས་པས་ཚིགས་སུ་བཅད་པ་འདི་སྐད་ཅེས་གསུངས། བཅོམ་ལྡན་འདས་ཀྱིས་ཙུནད་ལ་བཀའ་སྩལ་པ། ངས་ཚིགས་སུ་བཅད་པ་འདི་གསུངས་པ་ནི་རྒྱུ་དང་རྐྱེན་མེད་པ་མ་ཡིན་ཏེ། སྔོན་རྒྱལ་པོའི་ཁབ་འདི་ན་དགེ་བསྙེན་ཤིན་ཏུ་མ་དད་པ་ཞིག་མུ་སྟེགས་ཅན་གཅེར་བུ་པ་ལ་སྦྱིན་པ་བྱིན་ནས་ང་ལ་སྦྱིན་པའི་དོན་དྲིས་པས་དེའི་རྒྱུ་དེའི་རྐྱེན་གྱིས་ཚིགས་སུ་བཅད་པ་དེ་དག་ངས་སྨྲས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དགོངས་ཏེ་གསུངས་པའི་སྙིང་པོ་བསྟན་པའི་ཕྱིར་ངས་གསུངས་སོ། །ཚིགས་སུ་བཅད་པ་འདིའི་དོན་ཇི་ལྟ་བུ་ཞེ་ན། ཐམས་ཅད་ཅེས་བྱ་བའང་ཕྱོགས་གཅིག་གི་ཐམས་ཅད་ལ་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིའི་གཙོ་བོར་གྱུར་པའང་ཚུལ་ཁྲིམས་སྲུང་བ་དག་ནི་ཡོངས་སུ་སྡུད་ཅིང་ཅི་དགོས་པ་སྦྱིན་པར་ཡང་བྱེད་དོ། །ཚུལ་ཁྲིམས་ངན་པ་ཅན་དག་ནི་ཞིང་གཤིན་པའི་ཡུག་པོའམ། ཁྲེ་རྒོད་ལྟར་ཡོངས་སུ་སྤོང་བའོ། །གཞན་ཡང ། རིགས་ཀྱི་བུ། ངས་སྔོན་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །འབབ་ཆུའི་ཆུ་ཀླུང་ཐམས་ཅད་ནི། །ངེས་པར་གྱ་གྱུ་ཡོད་ཡང་དག་།ནགས་ཚལ་གཏོགས་པ་ཐམས་ཅད་ནི། ངེས་པར་ཤིང་དུ་གདོན་མི་ཟ། །བུད་མེད་སྨོས་པ་ཐམས་ཅད་ནི། །ཀུན་ཀྱང་གཡོ་སྒྱུ་ཡོད་དུ་
Ka248b
ངེས། །དབང་དང་ལྡན་པ་ཐམས་ཅད་ནི། །གདོན་མི་ཟ་བར་ལོངས་སྤྱོད་ལྡན། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་འདུག་པ་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས། བུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ། །འབབ་ཆུའི་ཆུ་ཀླུང་ཐམས་ཅད་ནི། །ངེས་པར་གྱ་གྱུར་མཆིས་མ་ལགས། ནགས་ཚལ་གཏོགས་པ་ཐམས་ཅད་ནི། ངེས་པར་ཐམས་ཅད་ཤིང་མ་ལགས། །བུད་མེད་སྨོས་པ་ཐམས་ཅད་ནི། །ཐམས་ཅད་གཡོ་སྒྱུ་མཆིས་མ་ལགས། །དབང་དུ་གྱུར་པ་ཐམས་ཅད་ནི། །ཐམས་ཅད་ལོངས་སྤྱོད་ལྡན་མ་ལགས། །དེ་བས་ན་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འདི་ནི་ལྷག་མ་དང་བཅས་པ་ལགས་ན། བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་དེའི་རྒྱུ་དང་རྐྱེན་བསྟན་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། གླིང་ནུབ་ཀྱི་བ་ལང་སྤྱོད་ཅེས་བྱ་བ་ན་ཆུ་ཀླུང་ས་པ་ཀ་ཞེས་བགྱི་པ་ཞིག་མཆིས་ཏེ། ཐིག་ནག་པོ་ལྟར་ནུབ་ཀྱི་རྒྱ་མཚོར་འབབ་བོ། །ཆུ་ཀླུང་དེའི་མཚན་ཉིད་མདོ་སྡེ་གཞན་དག་ལས་ཀྱང་བཅོམ་ལྡན་འདས་ཀྱིས་མ་གསུངས་ན། དེ་བཞིན་གཤེགས་པས་ཤིན་ཏུ་རྒྱས་པའི་མདོ་སྡེ་འདི་ལས་ལྷག་མ་མཆིས་པར་གསུངས་པ་འདི་བྱང་
Ka249a
༄#། །ཆུབ་སེམས་དཔའ་རྣམས་ཀྱང་དོན་འདི་དག་རྟོགས་པར་མཛད་དུ་གསོལ། བཅོམ་ལྡན་འདས། དཔེར་ན། མི་ལ་ལ་ཞིག་སྔར་གསེར་རྡོ་ངོ་ཤེས་ལ། གསེར་ཉིད་ངོ་མི་ཤེས་པ་དང་མཚུངས་ཏེ། དེ་བཞིན་གཤེགས་པའང་དེ་དང་འདྲ་བར་ཆོས་ཐམས་ཅད་ཐུགས་སུ་ཆུད་ཀྱང་བསྟན་ཅིང་གསུངས་པ་ནི་མ་བས་པའི་ལྷག་མ་དང་བཅས་སོ། ། དེ་བཞིན་གཤེགས་པས་དེ་ལྷག་མ་དང་བཅས་པ་གསུངས་མོད་ཀྱི། དེའང་ཐབས་དང་སྦྱར་ཏེ་དགོངས་ནས་གསུངས་པར་འཚལ་ཏོ། །ནགས་ཚལ་ཐམས་ཅད་ངེས་པར་ཤིང་ངོ་ཞེས་བགྱི་བའང་ལྷག་མ་དང་བཅས་སོ། །དེ་ཅིའི་སླད་དུ་ཞེ་ན། གསེར་དང ། དངུལ་དང ། བཻ་ཌཱུརྱ་ལ་སོགས་པ་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་ན་གས་ལའང་ཚལ་ཞེས་བགྱིའོ།། བུད་མེད་ཐམས་ཅད་ངེས་པར་གཡོ་སྒྱུ་ཅན་ནོ་ཞེས་བགྱི་བའང་ལྷག་མ་དང་བཅས་སོ། །དེ་ཅིའི་སླད་དུ་ཞེ་ན། བུད་མེད་ཁ་ཅིག་ཚུལ་ཁྲིམས་ཡོངས་སུ་སྲུང་ཞིང་ཡོན་ཏན་དང་ལྡན་པ། བྱམས་པ་དང་སྙིང་རྗེ་ལྡན་པའང་མཆིས་སོ། །དབང་དང་བཅས་པ་ཐམས་ཅད་ལོངས་སྤྱོད་དང་ལྡན་ནོ་ཞེས་བགྱི་བའང་ལྷག་མ་དང་བཅས་སོ། །དེ་ཅིའི་སླད་དུ་ཞེ་ན། དབང་དང་བཅས་པ་འཁོར་ལོས་བསྒྱུར་བ་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོ་ནི་འཆི་བདག་གི་བདུད་ཀྱི་རིས་སུ་མ་གཏོགས་ཏེ། མེད་པར་བྱེད་མི་ནུས་སོ། །ཚངས་པ་དང་བརྒྱ་བྱིན་
Ka249b
ལ་སོགས་པ་ནི་དབང་དང་བཅས་མོད་ཀྱི་མི་རྟག་པ་ལགས་སོ། །གང་རྟག་པ་མི་འགྱུར་མི་འཕོ་བ་ནི་དབང་དང་བཅས་པ་ཞེས་བགྱི་སྟེ། དེའང་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་འདི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ནི་ཤིན་ཏུ་སྨྲ་བའི་སྤོབས་པ་དང་ལྡན་ཏེ། འོན་ཀྱང་སྐད་ཅིག་སྡོད་ལ་བརྟན་པོར་ཉོན་ཅིག་།འཇམ་དཔལ། དཔེར་ན། ཁྱིམ་བདག་ནད་ཀྱིས་གཟིར་ཏེ་ཤིན་ཏུ་ཉམ་ཆུང་བ་ཞིག་སྨན་པ་མཁས་པ་དང་ཕྲད་ནས་སྨན་པ་དེས་སྨན་ཨ་གས་སྦྱར་ཏོ། །ནད་པ་དེ་བརྐམ་པ་ཞིག་སྟེ་མང་དུ་ཟ་འདོད་ན་དེ་ལ་སྨན་པས་དཱི་སྐད་ཟེར་རོ། །ནད་པ་ཁྱོད་སྨན་ཞུ་ན་ནི་མང་དུའང་བཏང་བ་ཞིག་ན། ཁྱོད་ཉམ་ཞུང་ཞིང་རིད་དེ་མི་འདུ་བས་མང་དུ་བཏང་དུ་མི་རིང་ངོ ། དེ་བས་ན་སྨན་ཨ་གས་འདི་ནི་བདུད་རྩི་ཞེས་ཀྱང་བྱ་ལ། དུག་ཅེས་ཀྱང་བྱའོ། །གལ་ཏེ་མང་དུ་འཐུངས་ཏེ་མ་ཞུ་ན་དུག་ཅེས་བྱའོ། །རིགས་ཀྱི་བུ་ཁྱོད་སྨན་པ་མཁས་པ་དེས་སྨྲས་པ་དེ་ལ་དོན་འགལ་ཞིང་ནོར་བའམ། སྨན་གྱི་མཐུ་མེད་པར་གྱུར་ཏོ་སྙམ་དུ་མ་སེམས་ཤིག་།རིགས་ཀྱི་བུ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། རྒྱལ་པོ་དང ། བཙུན་མོ་དང ། རྒྱལ་བུ་དང ། བློན་པོ་ཆེན་པོ་རྣམས་དང ། རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་དང ། རྒྱལ་བུ་དང ། བཙུན་མོ་དང ། ཕོ་བྲང་གི་སླས་ང་རྒྱལ་ཅན་དག་གི་དབང་དུ་བྱས་ཏེ། དེ་དག་གདུལ་བའི་ཕྱིར་དེ་དག་འཇིགས་ཤིང་སྐྲག་པར་བྱ་བའི་ཕྱིར་
Ka250a
༄#། །སྨན་པ་མཁས་པ་དེ་དང་འདྲ་བར་ཚིགས་སུ་བཅད་པ་འདི་གསུངས་སོ། །འབབ་པའི་ཆུ་ཀླུང་ཐམས་ཅད་ནི། །ངེས་པར་གྱ་གྱུ་ཡོད་ཡང་དག་།ནགས་ཚལ་གཏོགས་པ་ཐམས་ཅད་ནི། །ངེས་པར་ཤིང་དུ་གདོན་མི་ཟ། །བུད་མེད་སྨོས་པ་ཐམས་ཅད་ནི། །ཀུན་ཀྱང་གཅམ་སྒྱུ་ཡོད་དུ་ངེས། །དབང་དང་ལྡན་པ་ཐམས་ཅད་ནི། །གདོན་མི་ཟ་བར་ལོངས་སྤྱོད་ལྡན། །འཇམ་དཔལ་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། དེ་བཞིན་གཤེགས་པས་གསུངས་པ་ལ་ནི་འཁྲུལ་པ་མེད་དོ། །ས་ཆེན་པོ་འདི་འགྱུར་ཞིང་ལྡོག་ཀྱང་སྲིད་ཀྱི། དེ་བཞིན་གཤེགས་པས་གསུངས་པ་ལ་འཁྲུལ་པ་མེད་དོ། །དེ་བས་ན་དེ་བཞིན་གཤེགས་པས་གསུངས་པ་ཐམས་ཅད་ལྷག་མ་དང་བཅས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཤིན་ཏུ་ལེགས་སོ། །ཤིན་ཏུ་ལེགས་སོ་ཞེས་བསྟོད་དེ། རིགས་ཀྱི་བུ་ཁྱོད་ནི་ཡུན་རིང་པོ་ནས་དོན་འདི་རབ་ཏུ་རྟོགས་པས་ཐམས་ཅད་ལ་སྙིང་བརྩེ་བ་དང ། སེམས་ཅན་ཐམས་ཅད་ཡེ་ཤེས་སུ་འགྱུར་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་ཚིགས་སུ་བཅད་པའི་དོན་འདི་རྒྱས་པར་དྲིས་པ་ལེགས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཡང་སངས་རྒྱས་ཀྱི་སྤྱན་སྔར་ཚིགས་སུ་བཅད་དེ་གསོལ་པ། ཕ་རོལ་གཞན་གྱིས་སྨྲས་པ་ལ། །རྗེས་སུ་གཞོལ་གྱི་ཕྱིར་མི་བཟློག་།གཞན་
Ka250b
གྱིས་བྱས་དང་མ་བྱས་པ། །དེ་ལ་བརྟག་པར་མི་བྱའོ། །བདག་ལ་ཤིན་ཏུ་བརྟག་པ་ནི། །དགེ་དང་མི་དགེ་གང་སྤྱོད་པ། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་པའི་ཆོས་ཀྱི་སྨན་དེ་ནི་ཡང་དག་པར་གསུངས་པ་མ་ལགས་ན། ཕ་རོལ་པོ་གཞན་གྱིས་སྨྲ་བའི་རྗེས་སུ་གཞོལ་ཞིང་འགལ་བར་མི་བགྱིད་པ་དེ་བཞིན་གཤེགས་པས་ཐུགས་བརྩེ་བའི་སླད་དུ་ཡང་དག་པར་བསྟན་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཀྱིས་རྣམ་པ་དུ་མ་ལས་སློབ་པ་ཕྱི་རོལ་ཏུ་རྣམ་པ་དགུ་བཅུ་རྩ་ལྔ་པོ་ཐམས་ཅད་ངན་སོང་དུ་འགྲོའོ་ཞེས་གསུངས་ལ། ཉན་ཐོས་ཀྱི་ཉེ་གནས་རྣམས་ནི་ཐམས་ཅད་ཡང་དག་པའི་ལམ་དུ་འགྲོའོ་ཞེས་གསུངས་ཏེ། གང་ཚུལ་ཁྲིམས་ཡོངས་སུ་སྲུང་ཞིང་སྤྱོད་ལམ་ཤིན་ཏུ་སྡོམ་པ་དབང་པོ་རྣམས་སྲུང་བའི་གང་ཟག་དེ་ནི་ཆོས་ཆེན་པོ་ལ་ཤིན་ཏུ་མོས་ཤིང་དགེ་བའི་ལམ་ལ་སྤྱོད་པའང་ལགས་ན། བཅོམ་ལྡན་འདས་ཀྱིས་ཅིའི་སླད་དུ་མདོ་སྡེ་དགུ་པོ་ལས་ཕ་རོལ་པོ་གཞན་ལ་སྨོན་ན་རྣམ་པར་སྨད་ཅིང་སྤྱོ་བར་བྱའོ་ཞེས་ཚིགས་སུ་བཅད་པའི་དོན་འདི་ཅི་ལས་དགོངས་ཏེ་གསུངས། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་བཀའ་སྩལ་པ། རིགས་ཀྱི་བུ། ངས་ཚིགས་སུ་བཅད་པ་གསུངས་པ་འདིའང་སེམས་ཅན་ཐམས་ཅད་ཀྱི་ཕྱིར་ནི་མ་ཡིན་གྱི། དེའི་ཚེ་ན་རྒྱལ་པོ་མ་སྐྱེས་དགྲ་འབའ་ཞིག་གི་ཕྱིར་གསུངས་ཏེ། སངས་རྒྱས་བཅོམ་ལྡན་འདས་ནི་རྒྱུ་
Ka251a
༄#། །དང་རྐྱེན་མེད་པར་བཟློག་སྟེ་གསུངས་པའི་ཆོས་མེད་དོ། །རྒྱུ་དང་རྐྱེན་ཡོད་པས་ན་དེ་སྐད་ཅེས་གསུངས་པ་ཡིན་ནོ། །རིགས་ཀྱི་བུ། རྒྱལ་པོ་མ་སྐྱེས་དགྲས་ཕ་བསད་ནས་ང་གང་ན་བ་དེར་འོངས་ནས་གདུལ་བར་འདོད་པའི་ཕྱིར་ང་ལ་འདི་སྐད་ཅེས་དྲིས་སོ། །ཇི་ལྟར་ན་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཞེས་བགྱི་བ་དེ་ནི་ཐམས་ཅད་མཁྱེན་པ་མ་ལགས་སོ། །ཅི་སྟེ་ཐམས་ཅད་མཁྱེན་པ་ལགས་ན། ལྷ་སྦྱིན་ལྟ་བུ་སྔོན་སྐྱེ་བ་གྲངས་མེད་པའི་བར་དུ་ངན་སེམས་ཀྱིས་དེ་བཞིན་གཤེགས་པ་ལ་གནོད་པ་བགྱིད་པ་ལགས་ན། ཅིའི་སླད་དུ་དེ་བཞིན་གཤེགས་པས་རབ་ཏུ་བྱུང་བར་གནང་ཞེས་དྲིས་ནས། རིགས་ཀྱི་བུ། དེའི་རྒྱུ་དེའི་རྐྱེན་གྱིས་རྒྱལ་པོ་དེའི་ཕྱིར་ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་སོ། །ཕ་རོལ་གཞན་གྱིས་སྨྲས་པ་ལ། །རྗེས་སུ་གཞོལ་གྱི་ཕྱིར་མི་བཟློག་།གཞན་གྱིས་བྱས་དང་མ་བྱས་པ། །དེ་ལ་བརྟག་པར་མི་བྱའོ། །བདག་གི་ལུས་ལ་ཤིན་ཏུ་བརྟག་།དགེ་དང་མི་དགེ་གང་སྤྱོད་པ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཕ་བསད་པའི་མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་བྱས་ཀྱི། ཤིན་ཏུ་འགྱོད་ཅིང་མཐོལ་ལ་ཡོངས་སུ་དག་པར་འགྱུར་བར་མི་བྱ་བར་ཅིའི་ཕྱིར་གཞན་གྱི་ཉེས་པའི་སྐྱོན་འཚོལ་བ་ལ་ཞུགས་ཞེས། རིགས་ཀྱི་བུ། ངས་རྒྱལ་པོ་དེའི་ཕྱིར་
Ka251b
དེ་བས་ན་ཚིགས་སུ་བཅད་པ་དེ་དག་གསུངས་པ་ཡིན་ནོ། །གཞན་ཡང ། རིགས་ཀྱི་བུ། གང་ཚུལ་ཁྲིམས་ཡོངས་སུ་སྲུང་ཞིང་སྤྱོད་ལམ་དང་ལྡན་པ་དང ། གཞན་གྱི་སྐྱོན་ཚོལ་བ་ལ་ཞུགས་པ་རྣམས་ཀྱི་ཕྱིར་ཡང་ཚིགས་སུ་བཅད་པ་དེ་སྐད་ཅེས་གསུངས་པ་ཡིན་ནོ། །གང་ཟག་སུ་ཞིག་ཕ་རོལ་པོས་བསྟན་ཅིང་འཆོས་པའི་རྗེས་སུ་མི་དགེ་བ་ཡོངས་སུ་སྤོང་སྟེ། གཞན་དག་ཀྱང་མི་དགེ་བ་ལས་ཟློག་པར་བྱེད་ན་དེ་ནི་ངའི་ཉེ་གནས་ཡང་དག་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། མཚོན་ཆས་མི་འཇིགས་གང་ཡང་མེད། །འཚོ་བའི་སྲོག་ལ་ཐམས་ཅད་ཆགས། །བདག་གི་ལུས་ལ་དཔེ་བླངས་ཏེ། །གཞན་ལ་མ་འཚོག་མ་གསོད་ཅིག་།དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚིགས་སུ་བཅད་དེ་གསོལ་པ། ཐམས་ཅད་མཚོན་ཆས་འཇིགས་པ་མིན། །སྲོག་ལ་ཐམས་ཅད་ཆགས་མ་ལགས། །བདག་གི་ལུས་ལ་དཔེ་བླངས་ཏེ། །དགེ་བར་སྤྱོད་ལ་བརྩོན་པར་བྱ། །དེ་བཞིན་གཤེགས་པས་ཆོས་ཀྱི་ཚིག་གི་དོན་གསུངས་པ་འདིའང་བས་པའི་མཐར་ཕྱིན་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དགྲ་བཅོམ་པ་དང ། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བུད་མེད་རིན་པོ་ཆེ་དང ། བལ་གླང་དང ། རྟ་དང ། བློན་པོ་རིན་པོ་ཆེ་ནི་གནམ་གྱི་ལྷའམ། ལྷ་མ་ཡིན་གྱི་མཚོན་རྣོན་པོ་ཐོགས་ཀྱང་གསོད་
Ka252a
༄#། །ནུས་པའི་གནས་མེད་དོ། །སྐྱེས་བུ་དཔའ་བོ་དང ། བུད་མེད་ཆུ་གང་ཅན་དང ། རྟའི་རྒྱལ་པོ་དང ། གཅན་གཟན་གྱི་རྒྱལ་པོ་དང ། དགེ་སློང་ཚུལ་ཁྲིམས་སྲུང་བ་ནི་གཉེན་པོ་མངོན་དུ་སྣང་ཡང་མི་འཇིགས་མི་སྐྲག་པས་དེ་བས་ན་དེ་བཞིན་གཤེགས་པས་ཚིགས་སུ་བཅད་དེ་གསུངས་པ་འདིའང་ལྷག་མ་དང་བཅས་སོ། ། བདག་གི་ལུས་ལ་དཔེ་བླང་ངོ་ཞེས་བགྱི་བའང་ལྷག་མ་དང་བཅས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཅི་སྟེ་དགྲ་བཅོམ་པ་དག་བདག་ལ་གཞན་གྱི་དཔེ་ལེན་ན་བདག་ཏུ་འདུ་ཤེས་པ་དང ། སྲོག་ཏུ་འདུ་ཤེས་པ་ཡོད་པར་འགྱུར་རོ། །བདག་ཏུ་འདུ་ཤེས་པ་དང ། སྲོག་ཏུ་འདུ་ཤེས་པ་ཡོད་ན་སྲུང་བར་འགྱུར་ཏེ། བྱིས་པ་མ་རབས་དག་གིས་ཀྱང་དགྲ་བཅོམ་པ་མཐོང་བར་འགྱུར་ཏེ། ཐམས་ཅད་རྣལ་འབྱོར་ཅན་དུ་འགྱུར་རོ། །ཅི་སྟེ་དེ་ལྟ་བུ་ལགས་ན་ངན་པར་ལྟ་བ་ལགས་སོ། །གལ་ཏེ་ངན་པར་ལྟ་བ་ལགས་ན་ཚེ་འཕོས་མ་ཐག་ཏུ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །གཞན་ཡང་དགྲ་བཅོམ་པ་དག་ནི། སེམས་ཅན་ཐམས་ཅད་ལ་གསོད་པའི་སེམས་གལ་ཏེ་ཡང་སྐྱེ་བའི་གནས་མ་མཆིས་སོ། །སེམས་ཅན་ཚད་མེད་པ་དག་ཀྱང་དགྲ་བཅོམ་པ་ལ་གསོད་ནུས་པ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། བདག་ཏུ་འདུ་ཤེས་
Ka252b
ཞེས་བྱ་བ་ནི་སེམས་ཅན་ལ་སྙིང་རྗེ་ཆེན་པོའི་སེམས་སྐྱེས་ཏེ་གསོད་པའི་འདུ་ཤེས་མེད་པ་ནི་དགྲ་བཅོམ་པ་དག་གིས་སེམས་མཉམ་པ་ཉིད་དོ། །བཅོམ་ལྡན་འདས་ལ་རྒྱུ་དང་རྐྱེན་མེད་པར་འགལ་བར་གསུངས་པ་ཡོད་དོ་སྙམ་མ་སེམས་ཤིག་།སྔོན་རྒྱལ་པོའི་ཁབ་འདི་ན་རྔོན་པ་ཞིག་རི་དྭགས་མང་དུ་བསད་ནས་ང་ལ་ཤ་ཟོ་ཞིག་ཅེས་སྤྱན་དྲངས་སོ། །ངས་དེའི་ཚེ་གསོལ་བ་གནང་མོད་ཀྱི། སེམས་ཅན་ཐམས་ཅད་ལ་སྒྲ་གཅན་འཛིན་ལྟར་ཤིན་ཏུ་བྱམས་པའི་སེམས་ཉེ་བར་བཞག་ནས་ཚིགས་སུ་བཅད་པ་འདི་སྐད་ཅེས་གསུངས་སོ། །ཁྱོད་ནི་ཤིན་ཏུ་ཚེ་རིང་ཞིང ། །འཇིག་རྟེན་འདིར་ཡང་རིང་དུ་འདུག་།མི་གསོད་པ་ཡི་ཆོས་འཛིན་ཅིང ། །སངས་རྒྱས་ཚེ་དང་འདྲ་བར་ཤོག་།ཚིགས་སུ་བཅད་པ་འདི་ཡང་སྨྲས། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཚོ་བའི་སྲོག་ལ་ཐམས་ཅད་ཆགས། །བདག་གི་ལུས་ལ་དཔེ་བླངས་ཏེ། །འཚོག་དང་གསོད་པ་མ་བྱེད་ཅིག་།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཤིན་ཏུ་ལེགས་སོ། །ཤིན་ཏུ་ལེགས་སོ་ཞེས་བྱ་བ་བྱིན་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕྱིར་དེ་བཞིན་གཤེགས་པ་ལ་དོན་ཤིན་ཏུ་ཟབ་མོ་འདི་ལྟ་བུ་དྲིས་པ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་འཇམ་དཔལ་གྱིས་ཡང་ཚིགས་སུ་བཅད་དེ་གསོལ་པ། ཇི་ལྟར་ཤིན་ཏུ་ཕ་མ་ལ། །བསྟི་སྟང་
Ka253a
༄#། །བཅས་པས་རྗེས་སུ་གཞོལ། །ཇི་ལྟར་ཉམས་སུ་བླངས་པ་དག་།མཚམས་མེད་སེམས་ཅན་དམྱལ་བར་ལྟུང ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་འཇམ་དཔལ་ལ་བཀའ་སྩལ་པ། འདོད་ཆགས་པ་ནི་མ་ཞེས་བྱ། །མ་རིག་པ་ནི་ཕ་ཡིན་ནོ། །བསྟི་སྟང་བཅས་པས་རྗེས་འཇུག་ན། །མཚམས་མེད་སེམས་ཅན་དམྱལ་བར་ལྟུང ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། །ཐམས་ཅད་གཞན་གྱིས་དབང་བསྒྱུར་ན། །དེ་ནི་སྡུག་བསྔལ་བ་ཞེས་བྱ། །ཐམས་ཅད་བདག་གིས་དབང་བསྒྱུར་ན། །དེ་ནི་དབང་དང་བདེ་བར་ལྡན། །ང་རྒྱལ་དྲེགས་པ་ཐམས་ཅད་ནི། །མཐུ་དང་ལྡན་པས་ཁྲོ་གཏུམ་ཆེ། །དགེ་ཞིང་དེས་པ་ཐམས་ཅད་ནི། །ཀུན་ལ་བྱམས་ཏེ་སྙིང་རྗེར་ལྡན། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པས་གསུངས་པ་འདིའང་བས་པའི་མཐར་ཕྱིན་པ་མ་ལགས་སོ། །བཅོམ་ལྡན་འདས་ཐུགས་བརྩེ་བའི་སླད་དུ་དེའི་རྒྱུ་དང་རྐྱེན་བསྟན་དུ་གསོལ། །དེ་ཅིའི་སླད་དུ་ཞེ་ན། དཔེར་ན། ཁྱིམ་བདག་གི་བུ་དག་སློབ་དཔོན་ལ་སློབ་པའི་ཚེ་ན་སློབ་དཔོན་གྱི་དབང་དུ་གྱུར་པ་མ་ལགས་སམ། གལ་ཏེ་སློབ་
Ka253b
དཔོན་གྱི་དབང་དུ་གྱུར་ནའང་སློབ་པའི་དོན་མི་འགྲུབ་ལ། །སློབ་དཔོན་གྱི་དབང་དུ་མ་གྱུར་ནའང་མི་འགྲུབ། བདག་གིས་དབང་དུ་གྱུར་ནའང་སློབ་པའང་མི་འགྲུབ་སྟེ། དེ་བས་ན་དེ་བཞིན་གཤེགས་པས་གསུངས་པ་ནི་ལྷག་མ་དང་བཅས་པ་ལགས་སོ། །བཅོམ་ལྡན་འདས། གཞན་ཡང་འདི་ལྟ་སྟེ། དཔེར་ན། རྒྱལ་བཅུ་ཅིའང་མི་སློབ། ཅིའང་མི་ཤེས་པ་དག་བདག་གི་དབང་དུ་འགྱུར་བ་ལགས་མོད་ཀྱི། གླེན་ཞིང་མི་ཤེས་པས་རྟག་ཏུ་སྡུག་བསྔལ་ལོ། །དེ་ལྟར་ན་རྒྱལ་བུ་དེ་ནི་བདག་གི་དབང་དུ་འགྱུར་ཞེས་བགྱིར་ཡང་གྲུབ་པའི་དོན་མ་མཆིས་ལ། གཞན་གྱི་དབང་དུ་འགྱུར་ཞེས་བགྱིར་ཡང་གྲུབ་པའི་དོན་མ་མཆིས་པས། དེ་བས་ན་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འདི་ནི་ལྷག་མ་དང་བཅས་པ་ལགས་པས། དེ་བས་ན་ཐམས་ཅད་གཞན་གྱི་དབང་དུ་འགྱུར་བ་ལའང་ངེས་པར་སྡུག་བསྔལ་ཞེས་བགྱིར་མི་རུང་ལ། ཐམས་ཅད་བདག་གི་དབང་དུ་འགྱུར་བ་ལའང་ངེས་པར་བདེ་བ་ཞེས་བགྱིར་མི་རུང་ངོ ། །ང་རྒྱལ་གྱིས་དྲེགས་པ་ཐམས་ཅད་ཀྱང་ཁྲོ་གཏུམ་ཅན་ནོ་ཞེས་བགྱི་བའང་ལྷག་མ་དང་བཅས་སོ། །བཅོམ་ལྡན་འདས། དཔེར་ན། བུད་མེད་ཆུ་གང་ཅན་དག་ང་རྒྱལ་གྱི་དབང་གིས་རབ་ཏུ་བྱུང་སྟེ། སློབ་པ་ལ་ཞུགས་ན་ཚུལ་ཁྲིམས་ཡོངས་སུ་སྲུང་ཞིང་སྤྱོད་ལམ་ཤིན་ཏུ་སྡོམ་སྟེ། དབང་པོ་མི་གཡེང་བར་ནན་ཏན་བྱེད་དོ། །དེ་བས་ན་ང་
Ka254a
༄#། །རྒྱལ་གྱིས་ཀུན་ནས་ཉོན་མོངས་པ་ཐམས་ཅད་ངེས་པར་ཁྲོ་གཏུམ་པའོ་ཞེས་བགྱིར་མི་རུང་ངོ ། །དེས་ཤིང་དགེ་བ་ཐམས་ཅད་ཀྱང་བྱམས་པ་དང་སྙིང་རྗེར་ལྡན་ནོ་ཞེས་བགྱི་བའང་ལྷག་མ་དང་བཅས་པ་ལགས་སོ། །དཔེར་ན། མི་ཞིག་ཕས་ཕམ་པ་ཞིག་བྱུང་ཡང་ཆོས་གོས་མ་སྤངས། ཕྱི་རོལ་གྱི་སྤྱོད་ལམ་ཤིན་ཏུ་སྡོམ་ཡང ། ཆོས་སྲུང་བ་དག་མཐོང་ན་མི་འདོད་དེ་སྤོང་ངོ ། །དེ་ཚེ་འཕོས་ནས་ཀྱང་སེམས་ཅན་དམྱལ་བར་ལྟུང་ངོ ། །གལ་ཏེ་དགེ་སློང་ཞིག་ཕས་ཕམ་པ་བྱུང་ན་ཆོས་སྲུང་བ་དེ་དག་གིས་སྐྲོད་པར་བྱེད་དེ་ཁྱིམ་པར་འབེབས་སོ། །དེ་བས་ན་དེས་ཤིང་དགེ་བ་ཐམས་ཅད་ལ་ངེས་པར་བྱམས་པ་དང་ལྡན་ནོ་ཞེས་བགྱིར་མི་རུང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་བཀའ་སྩལ་པ། རྒྱུ་དང་རྐྱེན་ཡོད་པའི་ཕྱིར་དེ་བཞིན་གཤེགས་པས་འདི་ལྟར་ལྷག་མ་དང་བཅས་པའི་དོན་གསུངས་སོ། །གཞན་ཡང་བཅོམ་ལྡན་འདས་ནི་རྒྱུ་དང་རྐྱེན་ཡོད་པའི་ཕྱིར་འདི་སྐད་ཅེས་གསུངས་པ་ཡིན་ནོ། །རྒྱལ་པོའི་ཁབ་འདིར་བུད་མེད་ཤིན་ཏུ་བཟང་མོ་ཞེས་བྱ་བ་ཞིག་ཕ་མའི་ཁྱིམ་དུ་འགྲོ་བའི་ལམ་ཡོངས་སུ་ང་གང་ན་བར་འོངས་ནས། སངས་རྒྱས་དང ། ཆོས་དང ། དགེ་འདུན། སྐྱབས་སུ་གསོལ་ནས་འདི་སྐད་ཅེས་སྨྲས་སོ། །བུད་མེད་ཐམས་ཅད་ནི་མཐུ་མེད་པ། དབང་མེད་པ་ཡིན་ནོ། །སྐྱེས་པ་ཐམས་ཅད་ནི་
Ka254b
དབང་ལ་ཐོགས་པ་མེད་པ་ཡིན་ནོ་ཞེས་སྨྲས་པས། དེའི་ཚེ་ན་བུད་མེད་དེའི་བསམ་པ་ཐུགས་སུ་ཆུད་ནས་དེའི་ཕྱིར་ཚིགས་སུ་བཅད་པ་འདི་དག་སྨྲས་པ་ཡིན་ནོ། །འཇམ་དཔལ། ལེགས་སོ། །ལེགས་སོ། །ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ལ་དེ་ལྟ་བུའི་དོན་དྲི་བ་ལེགས་སོ། །དེ་ནས་འཇམ་དཔལ་གྱིས་ཚིགས་སུ་བཅད་དེ་གསོལ་པ། སེམས་ཅན་སྐྱེ་དགུ་ཐམས་ཅད་ནི། །ཀུན་ཀྱང་ཟས་དང་སྐོམ་ལ་བརྟེན། །མཐུ་དང་ལྡན་པ་ཐམས་ཅད་ནི། །དེ་ཡི་སེམས་ལ་ཕྲག་དོག་མེད། །ཐམས་ཅད་ཟས་དང་སྐོམ་གྱི་རྐྱེན། །ནད་ཀྱི་སྡུག་བསྔལ་མྱོང་བར་འགྱུར། །སྤྱོད་པ་རྣམ་པར་དག་པ་ནི། །རབ་ཏུ་བདེ་བ་མྱོང་བར་འགྱུར། །དེ་བས་ན་བཅོམ་ལྡན་འདས་ཙུནདའི་བསོད་སྙོམས་དང་མཆོད་པ་བཞེས་པ་འདི་དེ་བཞིན་གཤེགས་པ་ལ་བསྙེངས་པ་མི་མངའམ། དེ་ལ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་འཇམ་དཔལ་ལ་བཀའ་སྩལ་པ། སེམས་ཅན་སྐྱེ་དགུ་ཐམས་ཅད་ནི། །ཟས་དང་སྐོམ་ལ་ལྟོས་མ་ཡིན། ། མཐུ་དང་ལྡན་པ་ཐམས་ཅད་ཀྱང ། ཕྲག་དོག་སེམས་ནི་མེད་མ་ཡིན། །ཐམས་ཅད་ཟས་ཀྱི་རྐྱེན་དབང་གིས། །ནད་ཀྱིས་གཟིར་བར་འགྱུར་མ་ཡིན། །སྤྱོད་པ་དག་པ་ཐམས་ཅད་ཀྱང ། ། ཐམས་ཅད་བདེ་བ་མྱོང་མ་ཡིན། །འཇམ་དཔལ་ཅི་སྟེ་ཁྱོད་ན་བར་གྱུར་ན་དེ་བཞིན་དུ་ངའང་ན་བར་འགྱུར་བའི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། དགྲ་བཅོམ་པ་རྣམས་དང ། རང་སངས་རྒྱས་
Ka255a
༄#། །རྣམས་དང ། བྱང་ཆུབ་སེམས་དཔའ་དང ། དེ་བཞིན་གཤེགས་པ་ནི་ཡང་དག་པར་ན་ཅིའང་ཟ་བ་མེད་དེ། ཕ་རོལ་འདུལ་བའི་ཕྱིར་སོ་སོའི་སྐྱེ་བོ་ཚད་མེད་པ་དག་གི་སྦྱིན་པ་བླངས་པར་བསྟན་ཏེ། དེའང་དེ་དག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་དང ། སེམས་ཅན་དམྱལ་བ་དང ། བྱོལ་སོང་གི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་ལས་བསྒྲལ་བའི་ཕྱིར་རོ། །དེ་ལ་གང་ཞིག་འདི་སྙམ་དུ་དེ་བཞིན་གཤེགས་པའང་ལོ་དྲུག་གི་བར་དུ་ཤིན་ཏུ་སྤྱོད་དཀའ་བ་སྤྱད་དེ། སྐུའང་ཤིན་ཏུ་ཉམ་ཆུང་བར་གྱུར་ཏོ་སྙམ་དུ་སེམས་ན་དེ་ནི་གནས་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ནི་སྲིད་པ་ལས་རྣམ་པར་གྲོལ་བས་བུས་པ་མ་རབས་དང་མི་འདྲ་བ་ཡིན་ན་ཅིའི་ཕྱིར་སྐུ་ཉམ་ཆུང་ཞིང་རིང་བར་འགྱུར། སངས་རྒྱས་བཅོམ་ལྡན་འདས་ནི་ཤིན་ཏུ་བརྩོན་འགྲུས་སུ་ནན་ཏན་བྱས་པས་རྡོ་རྗེ་ལྟ་བུའི་སྐུ་ཐོབ་པར་འགྱུར་ཏེ། འཇིག་རྟེན་དང་བཅས་པའི་ལུས་སྐྱོན་ཡོད་པ་ལྟ་བུ་དང་འདྲ་བ་མ་ཡིན་སྟེ་དེའི་ཉེ་གནས་རྣམས་ཀྱང་དེ་དང་འདྲ་བར་བསམ་གྱིས་མི་ཁྱབ་པས་ཟས་ལ་བརྟེན་པ་མ་ཡིན་ནོ། །མཐུ་བོ་ཆེ་ཐམས་ཅད་ཕྲག་དོག་མེད་དོ། ། ཞེས་བྱ་བའང་ལྷག་མ་དང་བཅས་སོ། །དཔེར་ན། འཇིག་རྟེན་ན་མི་ཁ་ཅིག་ཚེ་གཅིག་ཏུ་ཕྲག་དོག་གི་སེམས་ཀྱང་མེད་ལ་མཐུ་མེད་པའང་ཡོད་དོ། །ནད་ཐམས་ཅད་ཟས་ལ་འགྱུར་
Ka255b
ཞེས་བྱ་བའང་ལྷག་མ་དང་བཅས་སོ། །མ་ཁ་ཅིག་ནི་གློ་བུར་གྱི་ནད་བག་མ་བྱས་པ་ལས་འགྱུར་བའང་ཡོད་དོ། །འདི་ལྟ་སྟེ། དེ་ནི་ཚེར་མས་ཟུག་པ་དང ། མཚོན་ཆས་ཕོག་པ་ལ་སོགས་པའོ། །སྤྱོད་པ་རྣམ་པར་དག་པ་ཐམས་ཅད་བདེ་བ་མྱོང་ངོ་ཞེས་བྱ་བའང་ལྷག་མ་དང་བཅས་སོ། །འཇིག་རྟེན་ན་མུ་སྟེགས་ཅན་དག་ཚངས་པར་ཡོངས་སུ་དག་པར་སྤྱོད་མོད་ཀྱི་སྡུག་བསྔལ་མང་དུ་མྱོང་བའང་ཡོད་དོ། །དེ་བས་ན་དེ་བཞིན་གཤེགས་པས་གསུངས་པ་ཐམས་ཅད་ཀྱང་ལྷག་མ་དང་བཅས་ཏེ། དེ་ནི་དེ་བཞིན་གཤེགས་པས་རྒྱུ་དང་རྐྱེན་མེད་བཞིན་དུ་ཚིགས་སུ་བཅད་པ་འདི་སྨྲས་པ་མ་ཡིན་གྱི། རྒྱུ་ཡོད་རྐྱེན་ཡོད་པར་གསུངས་སོ། །སྔོན་ཡུལ་ཧུ་ད་ཡ་ན་འདིར་བྲམ་ཟེར་སྐྱེས་ཡོན་ཏན་ཞེས་བྱ་བ་ང་གང་ན་བ་དེར་འོངས་ནས་དུས་བརྒྱད་ཀྱི་ཁྲིམས་བཞི་པོ་བསྲུང་བར་འདོད་པས་ངས་དེའི་ཚེ་དེ་ལ་ཚིགས་སུ་བཅད་པ་དེ་དག་གསུངས་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གང་དག་ནི་ལྷག་མ་མ་མཆིས་པའི་དོན་ཞེས་བགྱི་བ་ལགས། གང་དག་ནི་དོན་ཐམས་ཅད་ཅེས་བགྱི་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཐམས་ཅད་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་དང ། དགེ་བའི་ཆོས་ལ་མོས་པ་མ་གཏོགས་པ་ནི་ཐམས་ཐམས་ཅད་ཀྱང་ཡིན་ལ། ལྷག་མ་མེད་པ་ཞེས་ཀྱང་བྱའོ།།
Ka256a
༄#། །ཆོས་གཞན་ཐམས་ཅད་ནི་ལྷག་མ་དང་བཅས་པ་ཞེས་ཀྱང་བྱ་ལ། ལྷག་མ་མེད་པ་ཞེས་ཀྱང་བྱ་སྟེ། ཆོས་ལ་མོས་པའི་རིགས་ཀྱི་བུ་དག་ལྷག་མ་དང་བཅས་པ་དང ། ལྷག་མ་མེད་པའི་དོན་ཤེས་པར་འདོད་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུང་ཤིན་ཏུ་དགའ་ཞིང་མགུ་རངས་པར་གྱུར་ནས། ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ངོ་མཚར་ཆེའོ། །བཅོམ་ལྡན་འདས། སེམས་ཅན་ཐམས་ཅད་ལ་སྲས་སྒྲ་གཅན་འཛིན་ལྟར་མཉམ་པར་གཟིགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་ལགས་སོ། །ལེགས་སོ། །ཁྱོད་ཀྱིས་དོན་ཤིན་ཏུ་ཟབ་མོ་རྟོགས་པ་ལེགས་སོ། །ལེགས་སོ་ཞེས་བྱ་བ་བྱིན་ནོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་ཡོན་ཏན་དང་བསོད་ནམས་ཇི་སྙེད་ཅིག་ཐོབ་པར་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། རིགས་ཀྱི་བུ། གང་ཞིག་གིས་མདོ་སྡེ་འདིའི་མིང་ཐོས་པ་ཙམ་གྱི་བསོད་ནམས་ཀྱི་ཕུང་པོ་ཐོབ་པ་ནི་སངས་རྒྱས་བཅོམ་ལྡན་འདས་མ་གཏོགས་པར་ཉན་ཐོས་དང ། རང་སངས་རྒྱས་ཀྱིས་ཀྱང་བརྗོད་དུ་ནུས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་ཏེ། བསམ་གྱིས་མི་
Ka256b
ཁྱབ་པའི་ཕྱིར་རོ། །དེ་ལ་གང་ཞིག་འཆང་ངམ། འཛིན་ཏམ། ཀློག་གམ། འདོན་ཏམ། ཁོང་དུ་ཆུད་པར་བྱེད་དམ། གླེགས་བམ་ལ་འདྲི་འམ། འདྲིར་བཅུག་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེའི་ཚེ་འཇིག་རྟེན་དུ་བཅས་པ་ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པ་ཐམས་ཅད་ཀྱིས། སངས་རྒྱས་ཀྱི་སྤྱན་སྔར་སྐད་མཐུན་པར་ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ། ། སངས་རྒྱས་རྣམས་ནི་བསམ་མི་ཁྱབ། །ཆོས་དང་དགེ་འདུན་དེ་བཞིན་ཏེ། །དེ་བས་བདག་ཅག་གསོལ་བ་འདེབས། །ད་དུང་ཅུང་ཟད་བཞུགས་པར་གསོལ། །བཙུན་པ་འོད་སྲུང་ཆེན་པོ་དང ། །གཞན་ཡང་དགའ་བོ་ལ་སོགས་པ། །འཁོར་གྱི་དཀྱིལ་འཁོར་གཉིས་པོ་ཡང ། །མ་མཆིས་ཏེ་ཞིག་གཞེས་སུ་གསོལ། དབུས་འགྱུར་འཆང་གི་ཡུལ་བདག་པོ། །རྒྱལ་པོ་ཆེན་པོ་མ་སྐྱེས་དགྲ། །སངས་རྒྱས་ལ་ནི་རབ་མོས་པ། །དེ་ཡང་ད་དུང་འདིར་མ་མཆིས། །དེ་བཞིན་གཤེགས་པ་ཐུགས་བརྩེའི་ཕྱིར། །ད་དུང་ཅུང་ཟད་གཞེས་སུ་གསོལ། །འཁོར་གྱི་དཀྱིལ་འཁོར་མང་པོ་དང ། །བདག་གི་ཐེ་ཚོམ་གཅད་དུ་གསོལ། །དེ་ནས་དེ་བཞིན་གཤེགས་པས་འཁོར་མང་པོ་དག་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། །ང་ཡི་ཆོས་ཀྱི་སྲས་ཐུ་བོ། །འོད་སྲུང་ཆེན་པོ་ཞེས་བྱ་སྟེ། །དགའ་བོ་བརྩོན་འགྲུས་རྩོམ་པའི་མཆོག་།ཀུན་གྱི་ཐེ་ཚོམ་གཅོད་པར་འགྱུར། །ཁྱོད་ཀྱིས་ཤིན་ཏུ་ལེགས་པར་ཉོན། །དགའ་བོ་
Ka257a
༄#། །མང་དུ་ཐོས་པ་ལས། །ཤིན་ཏུ་རྟོགས་པར་འགྱུར་བ་ནི། །རྟག་དང་མི་རྟག་དོན་རྣམས་ཏེ། །དེ་བས་དེ་ཡི་ཕྱིར་ན་ཁྱེད། །མི་དགའ་མྱ་ངན་མ་བྱེད་ཅིག། དེའི་ཚེ་འཁོར་གྱི་དཀྱིལ་འཁོར་མང་པོ་དེ་དག་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱིས་བཅོམ་ལྡན་འདས་ལ་མངོན་པར་མཆོད་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཚད་མེད་མཐའ་ཡས་པ་ཀླུང་གངྒཱའི་བྱེ་མ་སྙེད་ནི་ས་དང་པོ་ལ་གནས་པར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུ་དང ། བྱང་ཆུབ་སེམས་དཔའ་འོད་སྲུང་དང ། ཙུནད་ལ་ལུང་བསྟན་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དང་།བདག་གི་སེམས་ལ་ཤིན་ཏུ་ནན་ཏན་བྱོས་ལ། བག་ཡོད་པར་གྱིས་ཤིག་།ང་ནི་ད་ལྟར་བརྒྱབ་ན་བས་ཐམས་ཅད་དུ་ན་བར་གྱུར་གྱི། ང་ནི་ཇི་ལྟར་བུས་པ་ཆུང་ངུ་ན་བ་ལྟར་ཉལ་ལོ་སྙམ་དགོངས་སོ། །འཇམ་དཔལ་ལ་སོགས་པ་ཁྱེད་རྣམས་ཀྱིས་འཁོར་བཞི་པོ་ལ་ཐེག་པ་ཆེན་པོའི་ཆོས་རྒྱས་པར་སྟོན་ཅིག་།\?\་ཆོས་འདི་དག་ཀྱང་ཁྱེད་ལ་ཡོངས་སུ་གདམས་སོ། །དེ་བཞིན་དུ་འོད་སྲུང་དང ། དགའ་བོ་ཁྱོད་ལའང་ཡང་དག་པའི་ཆོས་འདི་དག་གདམས་སོ། །དེའི་ཚེ་དེ་བཞིན་གཤེགས་པས་དེ་སྐད་ཅེས་གསུངས་ནས། སོ་སོའི་སྐྱེ་བོ་དག་གདུལ་བའི་ཕྱིར་ནད་པ་ལྟར་
Ka257b
གློ་གཡས་པ་ཕབ་སྟེ་གཟིམས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ནི་ནད་ཀྱིས་སྡུག་བསྔལ་བའི་སྐྱོན་ཐམས་ཅད་དང་བྲལ་བ་ལགས་ཏེ་བསྙེངས་པ་མི་མངའ་ན། བཅོམ་ལྡན་འདས། སེམས་ཅན་ཐམས་ཅད་ནི་གདུག་པའི་ཟུག་རྔུ་རྣམ་པ་བཞིས་ནད་ཀྱི་རྒྱུར་འགྱུར་བ་ནི་འདི་ལྟ་སྟེ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང ། ང་རྒྱལ་ལོ། །གལ་ཏེ་ནད་ཀྱི་རྒྱུ་མཆིས་ན་ནད་མང་པོ་སྐྱེ་བར་འགྱུར་བ་ནི་འདི་ལྟ་སྟེ། འདོད་པས་ཚ་བ་དང ། གློ་ན་བ་དང ། དབུགས་རྒོད་པ་དང ། སྐྱུག་བྲོ་བ་དང ། ལུས་ཀུན་སྤྲིད་པ་དང ། སྙིང་འཁྲུག་ཅིང་མི་དྲན་པ་དང ། ཚད་པས་འཁྲུ་བ་དང ། ཟ་གུ་དང ། མིག་དང ། རྣ་བ་ཚ་ཞིང་ན་བ་དང ། རྒྱབ་འཛངས་པ་དང ། ལྟོ་སྔོ་བ་དང ། སྨྱོ་བ་དང ། རིད་ཅིང་སྐམ་པ་དང ། ཡི་དྭགས་ཀྱིས་བརླམས་པ་ལ་སོགས་པ་སྟེ། ལུས་དང་སེམས་ཀྱི་ནད་རྣམ་པ་སྣ་ཚོགས་ནི་བཅོམ་ལྡན་འདས་ལ་མི་མངའ་ན་དེང་ཅིའི་སླད་དུ་དེ་བཞིན་གཤེགས་པ་སྐུ་ཚེ་ལ་གཟིགས་ཏེ། ང་རྒྱབ་ན་པར་འགྱུར་གྱི། འཇམ་དཔལ་ཁྱོད་འཁོར་མང་པོ་ལ་ཆོས་སྟོན་ཅིག་ཅེས་བཀའ་སྩལ། རྒྱུ་དང་རྐྱེན་རྣམ་པ་གཉིས་ཀྱི་ནད་ཀྱིས་སྡུག་བསྔལ་བར་མི་འགྱུར་བ་ནི་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་བྱམས་ཤིང་སྙིང་བརྩེ་བ་དང ། ནད་པ་ལ་ན་བའི་རྐྱེན་སྨན་སྦྱིན་ཞིང་དབུལ་བ་སྟེ། དེ་
Ka258a
༄#། །བཞིན་གཤེགས་པ་ནི་སྔོན་བསྐལ་པ་ཚད་མ་མཆིས་པའི་བར་དུ་བྱང་ཆུབ་ཀྱི་ལམ་ལ་ཤིན་ཏུ་ནན་ཏན་མཛད་དེ། རྟག་ཏུ་གསུང་སྙན་པས་སེམས་ཅན་ལ་བདེ་བའི་དོན་མཛད་ཅིང་སྡུག་བསྔལ་བར་མི་འགྱུར་བ་དང ། ནད་པ་ལ་སྨན་རྣམ་པ་སྣ་ཚོགས་ཡོངས་སུ་གཏོང་བ་ལགས་ན། དེ་ཅིའི་རྐྱེན་གྱིས་དེང་འདི་ལྟར་བསྙུང་ངོ་ཞེས་བཀའ་སྩལ། བཅོམ་ལྡན་འདས། འཇིག་རྟེན་ན་ནད་པ་དག་ནི་བར་བར་འདུག་།བར་བར་ཉལ། བར་འགའ་ནི་མི་བདེ་བས་བཟའ་བ་དང་བཏུང་བའང་སློང ། བར་འགའ་ནི་འཁོར་རྣམས་ལ་སོ་ཚིས་དང་ལས་ཀྱང་འདི་ལྟར་བྱའོ་ཞེས་སྟོན་ན། དེ་བཞིན་གཤེགས་པ་ཅིའི་སླད་དུ་ཅང་མི་གསུང་བར་གཟིམས་ཏེ་ཉན་ཐོས་ཀྱི་ཉེ་གནས་རྣམས་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ། བསམ་གཏན་དང ། རྣམ་པར་གྲོལ་བ་དང ། སྙོམས་པར་འཇུག་པ་དང ། ཡང་དག་པར་སྤོང་བ་ལ་བརྩོན་པ་དག་ཅིའི་སླད་དུ་མི་སྟོན། ཅིའི་རྐྱེན་གྱིས་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་ཟབ་མོ་འདི་དག་མི་གསུང་ཞིང་ཅིའི་སླད་དུ་དེ་བཞིན་གཤེགས་པས་ཚད་མེད་པའི་ཐབས་ཀྱིས་འོད་སྲུང་ཆེན་པོ་མིའི་ནང་ན་གླང་པོའི་རྒྱལ་པོ་དང་འདྲ་བ་དང ། སྐྱེས་བུ་ཆེན་པོ་རྣམས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་མི་སྟོན། ཅིའི་སླད་དུ་དགེ་སློང་མ་རུངས་པ་མ་བརྟགས་པའི་
Ka258b
དངོས་པོ་ཐམས་ཅད་འཆང་བ་ལ་ཆད་པས་གཅོད་པ་མི་སྟོན། བཅོམ་ལྡན་འདས་ཡང་དག་པར་སྙུན་མི་མངའ་བཞིན་དུ་ཅིའི་སླད་དུ་ཅང་མི་གསུང་བར་གློ་གཡས་པ་ཕབ་ནས་གཟིམས་པར་གྱུར། བྱང་ཆུབ་སེམས་དཔའ་དག་ནད་པ་ལ་ནད་ཀྱི་རྐྱེན་སྨན་བྱིན་པ་ན། དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ལ་བདར་ནས་ཐུན་མོང་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་བསྔོས་ཏེ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་སྒྲིབ་པ་དང ། ལས་ཀྱིས་སྒྲིབ་པ་དང ། རྣམ་པར་སྨིན་པའི་སྒྲིབ་པ་ཡོངས་སུ་སེལ་ཏོ། །ཉོན་མོངས་པའི་སྒྲིབ་པ་ཞེས་བགྱི་བ་ནི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང ། ཁོང་ཁྲོ་བའི་ཀུན་ནས་དཀྲིས་པའི་ཉོན་མོངས་པ་དང ། ཕྲག་དོག་དང ། སེར་སྣ་དང ། གཡོ་དང ། སྒྱུ་དང ། མི་འཛེམ་པ་དང ། ཁྲེལ་མེད་པ་དང ། ང་རྒྱལ་དང ། རབ་ཀྱི་ང་རྒྱལ་དང ། ང་རྒྱལ་ལས་ཀྱང་ང་རྒྱལ་དང ། ངའོ་སྙམ་པའི་ང་རྒྱལ་དང ། ལོག་པའི་ང་རྒྱལ་དང ། མངོན་པའི་ང་རྒྱལ་དང ། ཆུང་བའི་ང་རྒྱལ་དང ། བག་མེད་པ་དང ། དྲེགས་པ་དང ། འཁོན་དུ་འཛིན་པ་དང ། རྩོད་པ་དང ། ལོག་པར་འཚོ་བ་དང ། གཡོ་སྒྱུས་ཚུལ་འཆོས་པ་དང ། རྙེད་པས་རྙེད་པ་ཚོལ་བ་དང ། ཆོས་མ་ཡིན་པས་ཚོལ་བ་དང ། མང་དུ་ཚོལ་བ་དང ། བསྟི་སྟང་མེད་པ་དང ། བསྟན་པ་བཞིན་དུ་མི་བྱེད་པ་དང ། མི་དགེ་བའི་བཤེས་གཉེན་ལ་བསྟེན་པ་དང ། རྙེད་པ་ལ་ཆགས་པས་མི་སྐྱོ་བ་དང ། འཆིང་
Ka259a
༄#། །བས་རྣམ་པར་བཅིངས་བས་དགྲོལ་བར་དཀའ་བ་དང ། འདོད་པ་ངན་པ་ལ་འདོད་པ་དང ། ཆགས་པ་ངན་པ་ལ་ཆགས་པ་དང ། འཇིག་ཚོགས་སུ་ལྟ་བ་དང ། ཡོད་པར་ལྟ་བ་དང ། མེད་པར་ལྟ་བ་དང ། སྨྱང་ཞིང་འཕྲས་པ་དང ། དགའ་བ་དང ། གཉིད་དང ། སྤྲུལ་པ་དང ། མི་དགའ་བ་དང ། བཟའ་བ་དང ། བཏུང་བ་ལ་ཆགས་པ་དང ། སེམས་རྨུགས་པ་དང ། སེམས་གཞན་ལ་དམིགས་པ་དང ། མི་དགེ་བ་ཡིད་ལ་བྱེད་པ་དང ། ལུས་དང་ངག་ངན་པར་སྤྱོད་པ་དང ། མང་དུ་སྨྲ་བ་ལ་དགའ་བ་དང ། དབང་པོ་རྣམས་རྟུལ་བ་དང ། སྨྲའོ་ཅོག་ཏུ་རྫུན་ཟེར་བ་དང ། འདོད་པའི་རྟོག་པ་དང ། ཞེ་སྡང་གི་རྟོག་པ་དང ། གནོད་པའི་རྟོག་པས་ཀུན་ཏུ་ཁེབས་པ་ཉོན་མོངས་པའི་སྒྲིབ་པ་ཞེས་བྱ་བ་དང ། མཚམས་མེད་པ་ལྔའི་ཁ་ན་མ་ཐོ་བའི་ལས་ཀྱི་སྒྲིབ་པ་དང ། སེམས་ཅན་དམྱལ་བ་དང ། བྱོལ་སོང་དང ། ཡི་དྭགས་སུ་སྐྱེ་བ་དང ། དམ་པའི་ཆོས་ལ་སྐུར་པ་དང ། ལོག་སྲེག་ཅན་དུ་སྐྱེས་པ་ནི་རྣམ་པར་སྨིན་པའི་སྒྲིབ་པ་ཞེས་བགྱི་སྟེ། སྒྲིབ་པ་རྣམ་པ་གསུམ་པོ་འདི་ནི་ནད་ཆེན་པོ་ཞེས་བགྱི་ན་བྱང་ཆུབ་སེམས་དཔའ་རྣམས་ནི་བསྐལ་པ་ཚད་མེད་པའི་བར་དུ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན་ན་བ་ཐམས་ཅད་ལ་སྨན་གསོས་ཀྱི་སྦྱིན་པ་བྱིན་ཏེ་འདི་སྐད་དུ་སྨོན་ལམ་བཏབ་བོ། །སེམས་ཅན་ཐམས་ཅད་ནད་དང་ཡོངས་སུ་བྲལ་ཏེ། དེ་བཞིན་གཤེགས་
Ka259b
པའི་རྡོ་རྗེའི་སྐུ་ཐོབ་པར་གྱུར་ཅིག་།སེམས་ཅན་ཚད་མེད་པ་ཐམས་ཅད་ལ་སྨན་དམ་པའི་རྒྱལ་པོར་གྱུར་ཏེ། ནད་མ་རུངས་པ་ཐམས་ཅད་སེལ་བར་གྱུར་ཅིག་།སེམས་ཅན་ཐམས་ཅད་སྨན་ཨ་ཀ་རྟེ་ཐོབ་ཅིང ། སྨན་དེའི་མཐུས་གདུག་པ་ཐམས་ཅད་སེལ་བར་གྱུར་ཅིག་།གཞན་ཡང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང ། མྱུར་དུ་བླ་ན་མེད་པའི་སངས་རྒྱས་ཀྱི་སྨན་རྙེད་དེ། ཉོན་མོངས་པའི་ཟུག་རྔུ་ཐམས་ཅད་སེལ་བར་གྱུར་ཅིག་།གཞན་ཡང་སེམས་ཅན་ཐམས་ཅད་ཤིན་ཏུ་བརྩོན་འགྲུས་བརྩོམ་པས་དེ་བཞིན་གཤེགས་པའི་རྡོ་རྗེ་ལྟ་བུའི་ཐུགས་དང་ལྡན་ཏེ། སྨན་དམ་པར་གྱུར་ནས་ནད་ཐམས་ཅད་གསོ་ཤིང་རྩོད་པའི་འདུ་ཤེས་མེད་པར་གྱུར་ཅིག་།གཞན་ཡང་སེམས་ཅན་དག་སྨན་གྱི་སྡོང་པོ་ཆེན་པོར་གྱུར་ཏེ། ནད་མ་རུངས་པ་ཐམས་ཅད་བསལ་བར་གྱུར་ཅིག་།གཞན་ཡང་སེམས་ཅན་ཐམས་ཅད་གདུག་པའི་ཟུག་རྔུ་ཕྱུང་ནས་དེ་བཞིན་གཤེགས་པའི་བླ་ན་མེད་པའི་འོད་ཟེར་ཐོབ་པར་གྱུར་ཅིག་།གཞན་ཡང་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྨན་ཆེན་པོའི་ཆོས་ཀྱི་གཏེར་ཤིན་ཏུ་ཟབ་མོ་ལ་འཇུག་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་ཡང་དེ་ལྟར་བསྐལ་པ་ཚད་མེད། དཔག་ཏུ་མེད། བགྲང་དུ་མེད་པ་བརྒྱ་སྟོང་གི་བར་དུ་དེ་སྐད་
Ka260a
༄#། །ཅེས་སྨོན་ལམ་བཏབ་སྟེ། སེམས་ཅན་ཐམས་ཅད་ནད་མ་མཆིས་པར་བགྱིད་ན་ཅིའི་རྐྱེན་གྱིས་དེ་བཞིན་གཤེགས་པ་ང་ན་འོ་ཞེས་བཀའ་སྩལ། བཅོམ་ལྡན་འདས། གཞན་ཡང་འཇིག་རྟེན་ན་ནད་པ་ཁ་ཅིག་ནི་འདུག་པ་དང ། ལྡང་བ་དང ། འགྲོ་བ་དང ། འགོག་ཀྱང་མི་ནུས། ཁ་ཟས་དང ། སྐོམ་ཡང་མི་ཆུད་དེ། བུ་ཚ་ལ་སྟོན་ཅིང་འཆོས་ཀྱང་མི་ནུས། འཚོ་ནམ་གྱི་ལས་བྱ་བའི་འདོམས་ཀྱང་མི་ནུས་ཏེ། དེའི་ཚེ་ན་དེའི་ཕ་མ་དང ། ཆུང་མ་དང ། བུ་དང ། འཁོར་དང ། གཉེན་བཤེས་ལ་སོགས་པ་ཐམས་ཅད་ཀྱིས་དེ་ནི་ངེས་པར་འཆི་བར་འདུ་ཤེས་སོ། །བཅོམ་ལྡན་འདས། དེ་ལྟར་དེ་བཞིན་གཤེགས་པ་དེའང་དེ་དང་འདྲ་སྟེ། གློ་གཡས་པ་ཕབ་ནས་གཟིམས་ཏེ། ཅང་མི་གསུང་བར་གྱུར་པས་ཛམྦུའི་གླིང་འདི་ན་སྐྱེ་བོ་བླུན་པོ་དག་འདི་སྙམ་དུ་སེམས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངེས་པར་མྱ་ངན་ལས་འདས་ཏེ་འགོག་པ་ཟད་པའི་འདུ་ཤེས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཉིད་ནི་མཐར་ཡོངས་སུ་མྱ་ངན་ལས་འདའ་བའང་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་ནི་རྟག་པ་མི་འགྱུར་མི་འཕོ་བའི་ཕྱིར་རོ། །དེའི་རྒྱུ་དེའི་རྐྱེན་གྱིས་ང་འདི་ལྟར་རྒྱབ་ནའོ་ཞེས་གསུངས་པའི་མི་རིགས་སོ། །བཅོམ་ལྡན་འདས་གཞན་
Ka260b
ཡང་འཇིག་རྟེན་ན་ནད་པ་ཁ་ཅིག་ནི་ཤིན་ཏུ་སྐེམ་ཞིང་རིད་པས་གན་རྐྱལ་ལམ། གློས་ཉལ་ནས་ལྡང་མི་ནུས་ཏེ། དེའི་ཚེ་འཁོར་རྣམས་ཀྱང་དེ་ལ་མི་འདོད་པའི་སེམས་སྐྱེས་ནས་གདོན་མི་ཟ་བར་འཆི་བར་འདུ་ཤེས་སོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། མུ་སྟེགས་ཅན་རྣམ་པ་དགུ་བཅུ་རྩ་ལྔ་པོ་མི་འདོད་དེ་མྱ་ངན་ལས་འདའ་བར་འདུ་ཤེས་སོ། །མུ་སྟེགས་ཅན་དག་འདི་སྐད་དུ་བདག་ཅག་ལ་སོགས་པ་ནི་བདག་ཅེས་བྱ་བ་དང ། བདག་པོ་དང ། དུས་དང ། རྡུལ་ཕྲ་མོ་ལ་སོགས་པའི་ཆོས་ཀྱིས་རྟག་པར་གྱུར་པས་འགྱུར་ཞིང་འཕོ་བ་མེད་ཀྱི། དགེ་སྦྱོང་གཽ་ཏ་མ་ནི་མི་རྟག་པས་ཕྲོགས་ནས་འགྱུར་ཞིང་འཕོ་བའི་ཆོས་ཅན་དུ་གྱུར་ཏོ་ཞེས་སྨྲའོ། །དེ་བས་ན་བཅོམ་ལྡན་འདས་ཅང་མི་གསུང་བར་གློ་གཡས་པ་ཕབ་སྟེ་གཟིམས་པ་མི་རིགས་སོ། །བཅོམ་ལྡན་འདས། གཞན་ཡང་འཇིག་རྟེན་ན་ནད་པ་དག་ནི་ཆེན་པོ་བཞི་ཉམས་ནས་ཤས་མི་མཉམ་པ་ལ་ཤིན་ཏུ་རིད་ཅིང་སྐེམ་པར་གྱུར་ཏེ། དེ་བས་ན་ཡིད་བཞིན་དུ་ལྡང་བ་དང ། འདུག་པ་མི་ནུས་ཏེ་ཉལ་བ་ལགས་ན། དེ་བཞིན་གཤེགས་པ་ནི་ཆེན་པོ་བཞི་ཡང་མི་མཉམ་པ་མ་མཆིས་ལ། སྐུའི་མཐུ་དང་ཡང་ལྡན། ཉམས་རིད་པའང་མ་མཆིས་ཏེ། བཅོམ་ལྡན་འདས། ཁྱུ་མཆོག་ཆུང་ངུ་བཅུའི་སྟོབས་ནི་ཁྱུ་མཆོག་ཆེན་པོ་གཅིག་གི་སྟོབས་སུ་མ་མཆིས། ཁྱུ་མཆོག་ཆེན་པོ་བཅུའི་སྟོབས་ཀྱང་ཁྱུ་མཆོག་ཆེན་པོ་སྔོན་པོ་གཅིག་གི་སྟོབས་སུ་མ་
Ka261a
༄#། །མཆིས། ཁྱུ་མཆོག་སྔོན་པོ་བཅུའི་སྟོབས་ཀྱང་བལ་གླང་གཡུང་གཅིག་གི་སྟོབས་སུ་མ་མཆིས། བལ་གླང་གཡུང་བཅུའི་སྟོབས་ཀྱང་བལ་གླང་རྒོད་གཅིག་གི་སྟོབས་སུ་མ་མཆིས། བལ་གླང་རྒོད་བཅུའི་སྟོབས་ཀྱང་བལ་གླང་མཆེ་བ་གཉིས་པ་གཅིག་གི་སྟོབས་སུ་མ་མཆིས། བལ་གླང་མཆེ་བ་གཉིས་པ་བཅུའི་སྟོབས་ཀྱང་བལ་གླང་མཆེ་བ་བཞི་པ་གཅིག་གི་སྟོབས་སུ་མ་མཆིས། བལ་གླང་མཆེ་བ་བཞི་པ་བཅུའི་སྟོབས་ཀྱང་གངས་ཀྱི་རིའི་བལ་གླང་དཀར་པོ་གཅིག་གི་སྟོབས་སུ་མ་མཆིས། གངས་ཀྱི་རིའི་བལ་གླང་དཀར་པོ་བཅུའི་སྟོབས་ཀྱང་སྤོས་ཀྱི་བལ་གླང་གཅིག་གི་སྟོབས་སུ་མ་མཆིས། སྤོས་ཀྱི་བལ་གླང་བཅུའི་སྟོབས་ཀྱང་བལ་གླང་སྔོན་པོ་གཅིག་གི་སྟོབས་སུ་མ་མཆིས། བལ་གླང་སྔོན་པོ་བཅུའི་སྟོབས་ཀྱང་བལ་གླང་སེར་པོ་གཅིག་གི་སྟོབས་སུ་མ་མཆིས། བལ་གླང་སེར་པོ་བཅུའི་སྟོབས་ཀྱང་བལ་གླང་དམར་པོ་གཅིག་གི་སྟོབས་སུ་མ་མཆིས། བལ་གླང་དམར་པོ་བཅུའི་སྟོབས་ཀྱང་བལ་གླང་དཀར་པོ་གཅིག་གི་སྟོབས་སུ་མ་མཆིས། བལ་གླང་དཀར་པོ་བཅུའི་སྟོབས་ཀྱང་བལ་གླང་རི་ཞེས་བྱ་བ་གཅིག་གི་སྟོབས་སུ་མ་མཆིས། བལ་གླང་རི་ཞེས་བྱ་བ་བཅུའི་སྟོབས་ཀྱང་བལ་གླང་ཨུཏྤ་ལ་གཅིག་གི་སྟོབས་སུ་མ་མཆིས། བལ་གླང་ཨུཏྤ་ལ་བཅུའི་སྟོབས་ཀྱང་བལ་གླང་ཀུ་མུ་ད་གཅིག་གི་སྟོབས་སུ་མ་མཆིས། བལ་གླང་
Ka261b
ཀུ་མུད་བཅུའི་སྟོབས་ཀྱང་བལ་གླང་པུཎྜ་རི་ཀ་གཅིག་གི་སྟོབས་སུ་མ་མཆིས། བལ་གླང་པུཎྜ་རི་ཀ་བཅུའི་སྟོབས་ཀྱང་མིའི་ནང་ན་གྱད་གཅིག་གི་སྟོབས་སུ་མ་མཆིས། མིའི་གྱད་བཅུའི་སྟོབས་ཀྱང་པ་ར་གན་དེ་གཅིག་གི་སྟོབས་སུ་མ་མཆིས། པ་ར་གན་དེ་བཅུའི་སྟོབས་ཀྱང་མཐུ་བོ་ཆེ་ལག་པ་བརྒྱད་པ་གཅིག་གི་སྟོབས་སུ་མ་མཆིས། མཐུ་བོ་ཆེ་བཅུའི་སྟོབས་ཀྱང་གནས་བཅུ་པའི་བྱང་ཆུབ་སེམས་དཔའ་ཚིགས་གཅིག་པའི་སྟོབས་སུ་མ་མཆིས་སོ། །སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་རུས་པའི་ཚིགས་ནི་གཅིག་ལ་གཅིག་རེག་ཅིང་འབྲེལ་བ་མ་ལགས་ཀྱི། གྱད་སྟོབས་པོ་ཆེའི་རུས་པའི་ཚིགས་ནི་གཅིག་ལ་གཅིག་རེག་གོ་།པ་ར་གན་དེའི་རུས་པའི་ཚིགས་ནི་གཅིག་ལ་གཅིག་འབྲེལ་ཏོ། །མཐུ་པོ་ཆེའི་རུས་པའི་ཚིགས་ནི་ལུ་གུ་རྒྱུད་བཞིན་གཅིག་ལ་གཅིག་འབྲེལ་ཏོ། །བྱང་ཆུབ་སེམས་དཔའི་རུས་པའི་ཚིགས་ནི་འབྲུག་འཁྱིལ་བ་ལྟར་མདུད་པ་ཅན་དུ་མཆིས་པས་དེ་བས་ན་དེའི་སྟོབས་ནི་མཆོག་ཏུ་ཆེའོ། །འཇིག་རྟེན་ཐོག་མ་མངོན་པར་ཆགས་པ་ན་རྡོ་རྗེའི་མཐའ་ལ་བརྟེན་ཏེ། རྡོ་རྗེའི་གདན་སྙིང་པོ་བྱང་ཆུབ་ཀྱི་དཀྱིལ་འཁོར་དུ་མངོན་པར་བྱུང་ནས་བྱང་ཆུབ་སེམས་དཔའ་གདན་དེ་ལ་བཞུགས་ཏེ། དེ་ཉིད་ཀྱི་ཚེ་ན་སྟོབས་བཅུ་རྙེད་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ནི་བྱིས་པ་ཆུང་ངུ་ལྟ་བུ་མ་ལགས་ཏེ། བྱིས་པ་ཆུང་ངུ་ནི་གླན་ཏེ་ཤེས་པ་མ་མཆིས་ལ། སྨྲའང་མི་ཤེས་པས་ན་ཡིད་བཞིན་དུ་འགྲེ་ཞིང་ཉལ་ཡང་
Ka262a
༄#། །སུའང་མི་འཕྱ་སྟེ། དེ་བཞིན་གཤེགས་པ་ནི་ཡེ་ཤེས་ཆེན་པོ་དང་ལྡན་པས་ཐམས་ཅད་ལ་འོད་ཀྱིས་གསལ་བར་མཛད་པ་ནི་མིའི་ནང་ན་ཀླུ་ལྟ་བུ་ལགས་པས་གཟི་བརྗིད་ཆེན་པོ་དང་ལྡན་ཏེ། རྫུ་འཕྲུལ་ཆེན་པོ་མངོན་པར་རྫོགས་ནས་བླ་ན་མེད་པའི་དྲང་སྲོང་ཆེན་པོ་ཐེ་ཚོམ་གྱི་དྲ་པ་ཡོངས་སུ་བཅད་པ། འདོད་པའི་ཟུག་རྔུ་ཕྱུང་བ། སྤྱོད་ལམ་ཤིན་ཏུ་མཛེས་པ། སྤྱོད་ལམ་གྱི་དབང་དུ་གྱུར་པ། བསྙེངས་པ་མི་མངའ་བ་ལགས་ན་ཅིའི་སླད་དུ་གློ་གཡས་པ་ཕབ་སྟེ་གཟིམས་པས་འཇིག་རྟེན་དུ་བཅས་པ་ལྷ་དང་མི་ཐམས་ཅད་མི་དགའ་ཞིང་སྡུག་བསྔལ་གྱིས་གདུངས་པར་མཛད། དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚིགས་སུ་བཅད་དེ་གསོལ་པ། ཡོན་ཏན་ཆེན་པོ་གཽ་ཏ་མ། །བཞེངས་ཏེ་དམ་ཆོས་བསྟན་དུ་གསོལ། །ཇི་ལྟར་བྱིས་པ་ཆུང་ངུའམ། །ནད་པ་ཉལ་བ་ལྟ་བུ་མིན། །ལྷ་མི་སྟོན་པ་ཁ་ལོ་སྒྱུར། །ཤིང་དབང་དྲུང་དུ་གཟིམས་པ་འདི། །བྱིས་པ་མ་རབས་མཐོང་ནས་སུ། །ངེས་པར་མྱ་ངན་འདའ་ཞེས་མཆི། །ཤིན་ཏུ་རྒྱས་པའི་མདོ་སྡེ་ལས། །སངས་རྒྱས་སྤྱོད་ཡུལ་ཟབ་མོ་ཡི། །དགོངས་ཏེ་གསུངས་བ་མི་ཤེས་པ།། དམུས་ལོང་ལམ་མི་མཐོང་བ་བཞིན། །བྱང་ཆུབ་སེམས་དཔའ་ཆེན་པོ་དང ། །འཇམ་དཔལ་གཞོན་ནུ་ལ་སོགས་པ། །ཟབ་མོའི་དོན་རྣམས་རྟོགས་པ་ནི། །ཇི་ལྟར་འཕོང་ལ་གོམས་
Ka262b
པ་བཞིན། །དུས་གསུམ་གཤེགས་པའི་བཅོམ་ལྡན་འདས། །ཐུགས་རྗེ་ཆེན་པོའི་གཙོ་བོར་གྱུར། །དེ་ལྟར་ཐུགས་རྗེ་ཆེ་བ་དེ། །ད་ལྟར་ཇི་ལྟར་ག་ལ་མཆིས། །ཇི་སྟེ་ཐུགས་རྗེ་མི་མངའ་ན། །སངས་རྒྱས་ཞེས་ཀྱང་བགྱིར་མི་རུང ། །ཇི་སྟེ་མྱ་ངན་འདས་གྱུར་ན། །རྟག་པ་ཞེས་ཀྱང་བགྱིར་མི་རུང ། །བླ་ན་མེད་པ་བཅོམ་ལྡན་འདས། །བདག་ཅག་གསོལ་བ་གནང་བར་མཛོད། ། འགྲོ་བ་ཀུན་ལ་བདེ་བའི་ཕྱིར། །མུ་སྟེགས་ཅན་དག་གདུལ་དུ་གསོལ། །དེའི་ཚེ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ལ་གོམས་པའི་ཐུགས་ཀྱིས་སེམས་ཅན་སོ་སོའི་བསམ་པ་མཁྱེན་ནས་དེ་དག་གི་རྗེས་སུ་མཐར་ཕན་པ་དང་བདེ་བའི་དོན་མཛད་པའི་ཕྱིར་གཟིམས་པ་ལས་བཞེངས་ནས། སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ། །དེའི་ཚེ་སྐུ་མདོག་ལྷང་ངེ་ལྷམ་མེར་འཚེར་བ་ནི་གསེར་བཙོ་མ་ལྟར་གསལ་བར་གྱུར་ཏོ། །ཞལ་མདོག་ཤིན་ཏུ་མཛེས་པ་ནི་ཇི་ལྟར་ཟླ་བ་རྒྱས་པ་ལྟ་བུའོ། །སྐུ་ཤིན་ཏུ་གསལ་ཞིང་དག་པས་དྲི་མའམ། རྙོག་པའི་བག་མེད་དེ། འོད་ཟེར་ཆེན་པོ་བཀྱེ་ནས་ནམ་མཁའི་དབྱིངས་ཡོངས་སུ་གང་བར་གྱུར་ཏོ། །ཉི་མ་བརྒྱ་སྟོང་པས་ཤིན་ཏུ་ལྷག་པའི་འོད་ཀྱིས་ཤར་ཕྱོགས་དང ། ལྷོ་དང ། ནུབ་དང ། བྱང་དང ། ཕྱོགས་མཚམས་བཞི་དང ། སྟེང་དང་འོག་གི་ཕྱོགས་ཀྱི་སངས་རྒྱས་ཀྱི་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་ཐམས་ཅད་ལ་ཡེ་ཤེས་ཆེན་པོའི་སྣང་བ་བྱིན་ནས་མ་རིག་པའི་མུན་པ་ཡོངས་སུ་བསལ་ཏོ། །གཞན་ཡང་སེམས་
Ka263a
༄#། །ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་བྱང་ཆུབ་ཀྱི་སེམས་ལས་སླར་མི་ལྡོག་པར་བཀོད་དོ། །དེའི་ཚེ་བཅོམ་ལྡན་འདས་སེང་གེའི་རྒྱལ་པོ་ལྟར་བསྙེངས་པ་མེད་བཞིན་དུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུས་སྐུ་ཡོངས་སུ་བརྒྱན་ཏེ། སྐུའི་སྤུའི་བུ་ག་རེ་རེ་ནས་པདྨོ་རེ་རེ་བྱུང་བར་སྤྲུལ་ཏོ། །པདྨོ་དེ་དག་ཀྱང་འདབ་མ་སྟོང་སྟོང་དང་ལྡན་ཏེ། པདྨོ་ཉིད་ནི་གསེར། སྡོང་བུ་ནི་བཻ་ཌཱུརྱ། གེ་སར་ནི་རྡོ་རྗེ། གཞི་ནི་ཤེལ་ལས་བྱས་པ་སྟེ། ཟླུམ་ཁྱད་ནི་ཤིང་རྟའི་འཁོར་ལོ་ཙམ་མོ། །པདྨོ་དེ་དག་སོ་སོ་ལས་ཀྱང་འོད་རྣམ་པ་སྣ་ཚོགས་བྱུང་བ་ནི་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དང ། སྨུག་པོ་དང ། ཤེལ་གྱི་ཁ་དོག་ལྟ་བུ་སྟེ། འོད་དེ་དག་སོ་སོ་ནས་མཚམས་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་དང ། འདུ་ཤེས་ཀྱི་སེམས་ཅན་དམྱལ་བ་དང ། ཐིག་ནག་པོའི་སེམས་ཅན་དམྱལ་བ་དང ། སྣ་ཚོགས་འདུས་པའི་སེམས་ཅན་དམྱལ་བ་དང།་འོ་དོད་འབོད་པའི་སེམས་ཅན་དམྱལ་བ་\?\་ཆེན་པོ་དང ། འོ་དོད་འབོད་པ་ཆེན་པོའི་སེམས་ཅན་དམྱལ་བ་དང ། ཤིན་ཏུ་ཚིག་པའི་སེམས་ཅན་དམྱལ་བ་དང ། རབ་ཏུ་ཆེར་ཚིག་པའི་སེམས་ཅན་དམྱལ་བ་དང ། སེམས་ཅན་དམྱལ་བ་བརྒྱད་པོར་སྐྱེས་པའི་སེམས་ཅན་དག་རྟག་ཏུ་སྡུག་བསྔལ་མང་པོས་རྣམ་པར་གཟེར་བ་ནི། འདི་ལྟ་སྟེ། སྲེག་པ་དང །
Ka263b
བཙོ་པ་དང ། མེ་མུར་དང ། གཏུན་པུས་གདུང་བ་ལ་སོགས་པ་སྟེ། དེ་དག་ཀྱང་འོད་དེས་ཕོག་མ་ཐག་ཏུ་སྡུག་བསྔལ་དེ་དག་ལྷག་མ་མ་ལུས་པར་ཐམས་ཅད་བྱང་ནས་རབ་ཏུ་བདེ་བ་དང།་ཤིན་ཏུ་བསིལ་བར་ལོངས་སྤྱོད་པར་གྱུར་ཏོ། །འོད་ཟེར་དེ་ལས་འདི་སྐད་དུ། དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་སྙིང་པོ་གྲགས་པར་གྱུར་པ་ནི། ཀྱེ། སེམས་ཅན་ཁྱེད་ཀུན་ལའང་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་གྲགས་པར་གྱུར་ཏོ། །སེམས་ཅན་དེ་དག་གིས་དེ་སྐད་ཅེས་ཐོས་ནས་དེ་མ་ཐག་ཏུ་ཚེ་འཕོས་ཏེ་མཐོ་རིས་ཀྱི་ལྷ་དང་མིར་སྐྱེས་སོ། །ཤིན་ཏུ་གྲང་བའི་སེམས་ཅན་དམྱལ་བ་བརྒྱད་ལ་འདི་ལྟ་སྟེ། ཨ་པ་པའི་སེམས་ཅན་དམྱལ་བ་དང ། ་ཏ་ཏའི་སེམས་ཅན་དམྱལ་བ་དང ། ་ལ་ལའི་སེམས་ཅན་དམྱལ་པ་དང།་ཨ་ཚ་ཚའི་སེམས་ཅན་དམྱལ་བ་དང ། ུཏྤ་ལའི་སེམས་ཅན་དམྱལ་བ་དང ། པ་ཐུ་མའི་སེམས་ཅན་དམྱལ་བ་དང ། ཀུ་མུ་དའི་སེམས་ཅན་དམྱལ་བ་དང ། པུཎྜ་རི་ཀའི་སེམས་ཅན་དམྱལ་བ་སྟེ། དེ་དག་ཏུ་སྐྱེས་པའི་སེམས་ཅན་རྟག་ཏུ་སྡུག་བསྔལ་ཆེན་པོ་མྱོང་བ་ནི། འདི་ལྟ་སྟེ། ལུས་རབ་ཏུ་གས་པ་དང ། ཞིག་པ་དང ། དུམ་བུ་དུམ་བུར་ཆད་པར་གྱུར་ཏེ།་དེ་དག་ཀྱང་འོད་ཀྱིས་རེག་མ་ཐག་ཏུ་སྡུག་བསྔལ་ལྷག་མ་མ་ལུས་པར་བྱང་བར་གྱུར་ཏོ། །དྲོ་བ་དང་འཇམ་པར་གྱུར་ནས་འོད་དེ་ལ་འདི་སྐད་དུ། དེ་བཞིན་གཤེགས་པའི་སྙིང་པོ་
Ka264a
༄#། །སྟོན་པའི་སྒྲ་གྲགས་པ་ནི། འདི་ལྟ་སྟེ། ཀྱེ། སེམས་ཅན་དག་ཁྱེད་ལའང་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་གྲགས་ཏེ། དེ་དག་གིས་དེ་སྐད་ཅེས་ཐོས་ནས་དེ་མ་ཐག་ཏུ་ཚེ་འཕོས་ཏེ་མཐོ་རིས་ཀྱི་ལྷ་དང་མིར་སྐྱེས་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་ཛམྦུའི་གླིང་འདི་དང ། འཇིག་རྟེན་ཀྱི་ཁམས་གཞན་དག་གི་སེམས་ཅན་དམྱལ་བ་ཐམས་ཅད་སྟོངས་པར་གྱུར་ཏེ། སྡུག་བསྔལ་མྱོང་བ་མེད་དོ། །ཡི་དྭགས་ཀྱི་ཁམས་སུ་སྐྱེས་པ་དག་ཟས་དང་སྐོམ་གྱིས་ཡོངས་སུ་གདུངས་པ། སྐྲ་ཤད་འཛིངས་པས་ལུས་དཀྲིས་པ། ལོ་བརྒྱ་སྟོང་གི་བར་དུ་ཆུའི་མིང་ཡང་མི་ཐོས་པ་དག་འོད་དེས་རེག་མ་ཐག་ཏུ་བཀྲེས་པ་དང ། སྐོམ་པས་གདུངས་པ་དང་བྲལ་ཏེ། འོད་དེ་ལས་འདི་སྐད་དུ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པའི་སྒྲ་གྲགས་པ་ནི། འདི་ལྟ་སྟེ། སེམས་ཅན་ཁྱེད་ལའང་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་པའི་ཚིག་གྲགས་པར་གྱུར་ཏོ། །སེམས་ཅན་དེ་དག་གིས་ཚིག་དེ་སྐད་ཅེས་ཐོས་ནས་དེ་དག་ཚེ་འཕོས་ཏེ་དེ་མ་ཐག་ཏུ་མཐོ་རིས་ཀྱི་ལྷ་དང་མིར་སྐྱེས་ཏེ། ཡི་དྭགས་ཀྱི་ཁམས་ཀྱང་སྟོངས་པར་གྱུར་ཏེ། དེ་ལ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་སྐུར་པ་ནི་མ་གཏོགས་སོ། །བྱོལ་སོང་གི་སྐྱེ་གནས་སུ་སྐྱེས་པའི་སེམས་ཅན་གཅིག་ལ་གཅིག་འཆའ་ཞིང་ཟ་བ་གནོད་པ་བྱེད་པ་དག་ཀྱང་འོད་དེས་རེག་
Ka264b
ནས་སྡིག་པའི་སེམས་ཞི་བར་གྱུར་ཏེ། འོད་དེ་ལས་ཀྱང་འདི་སྐད་དུ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་གྲགས་པ་ནི། འདི་ལྟ་སྟེ། སེམས་ཅན་ཁྱེད་ལའང་སངས་རྒྱས་ཀྱིས་རང་བཞིན་ཡོད་དོ་ཞེས་གྲགས་པར་གྱུར་ཏོ། །སེམས་ཅན་དེ་དག་གིས་འདི་སྐད་ཅེས་ཐོས་ནས་ཚེ་འཕོས་ཏེ། དེ་མ་ཐག་ཏུ་ལྷ་དང་མིར་སྐྱེས་སོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་བཅོ་ལྔ་པ། དེའི་ཚེ་དེའི་དུས་ན་བྱོལ་སོང་གི་ཁམས་ཀྱང་སྟོངས་པར་གྱུར་ཏེ། དམ་པའི་ཆོས་ལ་སྐུར་པ་ནི་མ་གཏོགས་སོ། །པདྨ་རེ་རེ་ལའང་སངས་རྒྱས་རེ་རེ་བཞུགས་པ་ནི་འོད་ཟེར་འཁོར་བ་འདོམ་གང་དང་ལྡན་པ། གསེར་བཙོ་མའི་མདོག་ལྟ་བུ་ལྷམ་མེར་འཚེར་བ། ཤིན་ཏུ་མཛེས་པ་མཆོག་ཏུ་བསྒྲུན་དུ་མེད་པ།་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུས་སྐུ་ཤིན་ཏུ་བརྒྱན་པ། སངས་རྒྱས་དེ་དག་ལ་ལ་ནི་བཞུགས། ལ་ལ་ནི་འགྲེང ། ལ་ལ་ནི་མནལ། ལ་ལ་ནི་སྡོད། ལ་ལ་ནི་འབྲུག་གི་སྒྲ་སྒྲོགས། ལ་ལ་ནི་ཆར་འབེབས། ལ་ལ་ནི་གློག་གི་འོད་འགྱེད། ལ་ལ་ནི་རླུང་གཏོང ། ལ་ལ་ནི་སྐུ་མེ་ལྕེའི་ཕུང་པོ་ལྟར་འབར། ལ་ལ་ནི་རིན་པོ་ཆེ་སྣ་བདུན་གྱི་རི་དང ། རྫིང་དང ། འཚེ་འུ་དང ། ཆུ་མིག་དང ། འབབ་ཆུ་དང ། ནགས་ཚལ་ཡང་མངོན་པར་སྟོན་ལ་ལ་རིན་པོ་ཆེ་སྣ་བདུན་གྱི་ཡུལ་དང ། གྲོང་དང ། གྲོང་རྡལ་དང ། གྲོང་ཁྱེར་དང །
Ka265a
༄#། །ཁང་ཁྱིམ་ཡང་མངོན་པར་སྟོན། ལ་ལ་ནི་བ་གླང་དང ། རྟ་དང ། སེང་གེ་དང ། སྟག་དང ། སྤྱང་ཀི་དང ། རྨ་བྱ་དང ། ནམ་མཁའ་ལྡིང་ལ་སོགས་པའང་སྟོན། ལ་ལ་ནི་ཛམྦུའི་གླིང་ན་གནས་པའི་སེམས་ཅན་གྱིས་སེམས་ཅན་དམྱལ་བ་དང ། བྱོལ་སོང་དང ། ཡི་དྭགས་འབའ་ཞིག་གིས་གང་བར་སྣང་བ་སྟན། ལ་ལ་ནི་འདོད་པའི་ཁམས་ཀྱི་གནས་རིམ་པ་དྲུག་སྟོན། བཅོམ་ལྡན་འདས་ལ་ལ་ནི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ཀྱི་སྐྱོན་མང་པོ་སྟོན་ཏོ། །ལ་ལ་ནི་བདེན་པ་བཞིའི་ཆོས་སྟོན་ཏོ། །ལ་ལ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སྟེན་ཏོ། །ལ་ལ་ནི་ལས་དང་ཉོན་མོངས་པ་ཐམས་ཅད་རྒྱུ་དང་རྐྱེན་ལས་སྐྱེ་བར་སྟོན་ཏོ། །ལ་ལ་ནི་བདག་དང་བདག་མེད་པ་སྟོན་ཏོ། །ལ་ལ་ནི་སྡུག་བསྔལ་བ་དང་བདེ་བའི་ཆོས་གཉིས་པོ་སྟོན་ཏོ། །ལ་ལ་ནི་རྟག་པ་དང་མི་རྟག་པ་སྟོན་ཏོ། །ལ་ལ་ནི་གཙང་བ་དང་མི་གཙང་བ་སྟོན་ཏོ། །བཅོམ་ལྡན་འདས་ལ་ལ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་སྟོན་ཏོ། །ལ་ལ་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་གང་ཡིན་པ་སྟོན་ཏོ། །ལ་ལ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་གང་ཡིན་པ་སྟོན་ཏོ། །ལ་ལ་ནི་ཉན་ཐོས་ཀྱི་ཡོན་ཏན་གང་ཡིན་པ་སྟོན་ཏོ། །ལ་ལ་ནི་ཐེག་པ་གཅིག་པ་བརྩམས་ཏེ་སྟོན་ཏོ། །ལ་ལ་ནི་ཐེག་པ་གསུམ་གྱི་མངོན་པར་བྱང་ཆུབ་པ་སྟོན་ཏོ། །
Ka265b
བཅོམ་ལྡན་འདས་ལ་ལ་ནི་རྩིབ་ལོགས་གཡོན་པ་ནས་ཆུ་འབབ་པ་དང ། རྩིབ་ལོགས་གཡས་པ་ནས་མེ་འབར་བ་སྟོན་ཏོ། །ལ་ལ་ནི་ཐོག་མ་བཙས་པ་དང ། རབ་ཏུ་བྱུང་བ་དང ། སྙིང་པོ་བྱང་ཆུབ་ལ་ཞུགས་པ་དང ། བྱང་ཆུབ་ཀྱི་ཤིང་དྲུང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང ། ཡོངས་སུ་མྱ་ངན་ལས་འདའ་བའང་སྟོན་ཏོ། །བཅོམ་ལྡན་འདས་ལ་ལ་ནི་སེང་གེའི་སྒྲ་སྒྲོགས་ཏེ།་འཁོར་གྱི་དཀྱིལ་འཁོར་དག་འབྲས་བུ་དང་པོ་དང ། གཉིས་པ་དང ། གསུམ་པ་དང ། བཞི་བའི་བར་དུ་ཐོབ་པར་སྟོན་ཏོ། །ལ་ལ་ནི་འཁོར་བ་ལས་བྱུང་བའི་རྒྱུ་དང་རྐྱེན་ཚད་མེད་པའང་སྟོན་ཏེ། དེའི་ཚེ་ན་ཛམྦུའི་གླིང་འདིར་ངས་པའི་སེམས་ཅན་འོད་དེས་རེག་པ་རྣམས་དམུས་ལོང་དག་ནི་མཐོང་བར་གྱུར། འོན་པ་དག་ནི་ཐོས་པར་གྱུར། ལྐུགས་པ་དག་ནི་སྨྲ་ཤེས་པར་གྱུར། ཞ་བོ་དག་ཀྱང་འགྲོ་ནུས་པར་གྱུར། དབུལ་ཕོངས་པ་ནི་ལོངས་སྤྱོད་དང་ལྡན་པར་གྱུར། སེར་སྣ་ཅན་ནི་གཏོང་ཕོད་པར་གྱུར། ཞེ་སྡང་ཅན་ནི་བྱམས་པའི་སེམས་དང་ལྡན་པར་གྱུར། མ་དད་པ་རྣམས་ནི་དད་པར་གྱུར་ཏེ། དེ་ལྟར་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གཅིག་ཙམ་ཡང་མི་དགེ་བའི་ཆོས་ལ་སྤྱོད་པ་མེད་དེ། ལོག་སྲེད་ཅན་འབའ་ཞིག་ནི་མ་གཏོགས་སོ། །དེའི་ཚེ་ན་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་
Ka266a
༄#། །དང།་སྲིན་པོ་དང ། གྲུལ་བུམ་དང ། མི་དང་མི་མ་ཡིན་པ་ལ་སོགས་པ་ཐམས་ཅད་སྐད་མཐུན་པར་འདི་སྐད་ཅེས་གསོལ་ཏོ། །ཤིན་ཏུ་ལེགས་སོ། ། བླ་ན་མེད་པ་བཅོམ་ལྡན་འདས་ཀྱིས་ཐམས་ཅད་ལ་ཕན་པ་དང ། བདེ་བའི་དོན་མཛད་པ་ཤིན་ཏུ་ལེགས་སོ་ཞེས་དེ་སྐད་ཅེས་གསོལ་ནས། རབ་ཏུ་དགའ་མགུ་རངས་ཏེ་ལ་ལ་ནི་གླུ་ལེན། ལ་ལ་ནི་གར་བྱེད། །ལ་ལ་ནི་ཡན་ལག་བསྐུལ་ཏེ། མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས་སངས་རྒྱས་དང ། དགེ་འདུན་དུ་བཅས་པ་ལ་མངོན་པར་གཏོར་བ་ནི། འདི་ལྟ་སྟེ། ལྷ་རྫས་ཀྱི་མེ་ཏོག་ཨུཏྤ་ལ་དང ། ལྷ་རྫས་ཀྱི་མེ་ཏོག་ཀུ་མུ་ད་དང ། མེ་ཏོག་པདྨོ་དང ། པུཎྜ་རི་ཀ་དང ། ལྷ་རྫས་ཀྱི་མེ་ཏོག་མནད་ར་བ་དང ། མནད་ར་བ་ཆེན་པོ་དང ། མཉྫུ་ཥ་ཀ་དང ། མཉྫུ་ཥ་ཀ་ཆེན་པོ་དང ། སནད་ན་དང ། སནད་ན་ཆེན་པོ་དང ། ལོ་ཙ་ནི་དང ། ལོ་ཙ་ནི་ཆེན་པོ་དང ། བསུང་ཅན་དང ། བསུང་ཅན་ཆེན་པོ་དང ། ཡིད་དུ་འོང་བ་དང ། ཡིད་དུ་འོང་བ་ཆེན་པོ་དང ། བལྟ་ན་དགའ་བ་དང ། བལྟ་ན་དགའ་བ་ཆེན་པོ་དང ། ཤིན་ཏུ་མཛེས་པ་དང ། མཆོག་ཏུ་མཛེས་པ་རྣམས་སོ། །གཞན་ཡང་ལྷ་རྫས་ཀྱི་སྤོས་མང་པོ་མངོན་པར་གཏོར་བ་ནི། འདི་ལྟ་སྟེ། ལྷ་རྫས་ཀྱི་སྤོས་ཆུ་འབྱིང་དང ། ་ག་རུ་དང ། ཙནྡན་དང ། གུར་ཀུམ་དང ། སྤོས་སྦྱར་མ་དང ། རྒྱ་མཚོའི་ངོགས་ཀྱི་བརྩེགས་པ་ལ་སོགས་པའོ། །གཞན་ཡང་ལྷ་རྫས་ཀྱི་རིན་པོ་ཆེའི་རྒྱལ་
Ka266b
མཚན་དང ། བ་དན་དང ། གདུགས་དང ། གཞན་ཡང་ལྷ་རྫས་ཀྱི་རོལ་མོ་གླིང་བུ་དང ། གཅི་བུས་མང་དང ། དགུ་པོ་རྒྱུད་མང་དང ། རྔ་ལ་སོགས་པས་མངོན་པར་མཆོད་ནས་སངས་རྒྱས་ཀྱི་སྤྱན་སྔར་ཚིགས་སུ་བཅད་དེ་གསོལ་པ། བདག་ཅག་ཕྱག་འཚལ་བརྩོན་འགྲུས་རབ་རྩོམ་པ། །བླ་མེད་ཡང་དག་རྫོགས་པ་རྐང་གཉིས་མཆོག་།ལྷ་མི་བཅས་པའི་འཁོར་གྱིས་མི་ཤེས་པ། །ཁྱུ་མཆོག་གཽ་ཏམ་ཁྱོད་ནི་ཤིན་ཏུ་རྟོགས། །བཅོམ་ལྡན་འདས་པའི་དུས་ན་བདག་ཅག་ཕྱིར། །བསྐལ་པ་ཚད་མེད་པར་དུ་དཀའ་བ་མཛད། །ཅི་ཡི་སླད་དུ་ཐུགས་དམ་རབ་བཏང་སྟེ། །ཡོངས་སུ་མྱ་ངན་འདའ་བར་གཤེགས་པར་དགོངས། །འགྲོ་བ་ཐམས་ཅད་ཀུན་གྱིས་མི་ཤེས་པ། །དེ་བཞིན་གཤེགས་པའི་གསང་བའི་སྙིང་པོའོ། །དེ་ཡི་རྐྱེན་གྱིས་འབྱུང་བར་རབ་དཀའ་སྟེ། །འཁོར་བ་ཀུན་ཏུ་འཁོར་ཞིང་ངན་སོང་ལྟུང ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་དགྲ་བཅོམ་པ། །དེ་དག་ཐམས་ཅད་མྱ་ངན་འདའ་བར་འཇུག་།དེ་ལྟར་སངས་རྒྱས་སྤྱོད་ཡུལ་ཟབ་མོ་ནི། །བྱིས་པ་མ་རབས་སུ་ཞིག་རྟོགས་པར་འགྱུར། །འགྲོ་བ་ཀུན་གྱི་ཉོན་མོངས་བསལ་བའི་ཕྱིར། །འགྲོ་བ་ཀུན་ལ་ཟིལ་མངར་ཆོས་ཀྱང་སྟོན། ། གང་ཞིག་བདུད་རྩི་འདི་དག་མྱོང་བ་ནི། །ཕྱིར་ཡང་སྐྱེ་རྒ་ན་འཆི་ལེན་མི་སྲིད། །བཅོམ་ལྡན་འདས་ཀྱིས་ཤིན་ཏུ་གསོ་བ་ནི། །སེམས་ཅན་མང་པོ་བརྒྱ་སྟོང་ཚད་མེད་སྙེད། །ནད་
Ka267a
༄#། །ཀྱིས་ཤིན་ཏུ་གདུངས་ཏེ་གཟིར་བ་རྣམས། །ལྷག་མ་ལུས་པ་མེད་པར་ཐམས་ཅད་བསལ། །བཅོམ་ལྡན་འདས་ནི་ཡུན་རིང་ནད་སྤངས་པས། །དེ་ཕྱིར་སངས་རྒྱས་ཐ་མ་བདུན་པོར་གྱུར། །དེང་འདིར་ཆོས་ཀྱི་ཆར་ཀུན་ཕབ་ནས་སུ། །བདག་ཅག་ཡོན་ཏན་ས་བོན་བརླན་པར་མཛོད། །དེ་ལྟར་ལྷ་མིར་བཅས་པ་འཁོར་རྣམས་ཀྱིས། དེ་སྐད་གསོལ་ནས་ཅང་མི་སྨྲ་བར་འཁོད། །ཚིགས་སུ་བཅད་པ་འདི་དག་གསོལ་བའི་ཚེ། པདྨོ་ལ་བཞུགས་པའི་སངས་རྒྱས་ཐམས་ཅད་ཛམྦུའི་གླིང་ནས་གནས་གཙང་མའི་རིས་ཀྱི་བར་དུ་ཐམས་ཅད་ཀྱིས་ཐོས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་ལེགས་སོ། །ལེགས་སོ་ཞེས་བྱ་བ་བྱིན་ནས། རིགས་ཀྱི་བུ། འདི་ལྟར་ཁྱོད་ནི་ཤིན་ཏུ་ཟབ་མོའི་ཡེ་ཤེས་འདི་ལྟ་བུ་དང་ལྡན་པས་ན་བདུད་དང་མུ་སྟེགས་ཅན་ཐམས་ཅད་ཀྱིས་རྣམ་པར་འཇིག་མི་ནུས་སོ། །རིགས་ཀྱི་བུ་ཁྱོད་འདི་ལྟར་ཤིན་ཏུ་བདེ་བར་གནས་པས་ངན་པར་ལྟ་བ་ཐམས་ཅད་ཀྱི་རླུང་གིས་བསྐྱོད་པར་མི་ནུས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་འདི་ལྟར་སོ་སོ་ཡང་དག་པར་ཤེས་པའི་སྤོབས་པ་དང་ལྡན་པ་ནི་འདས་པའི་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་གངྒ་ཀླུང་གི་བྱེ་མ་སྙེད་ལ་མཆོད་པ་བྱས་པས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
Ka267b
རྒྱས་ལ་དོན་འདི་དག་དྲིས་པར་གྱུར་ཏོ། །རིགས་ཀྱི་བུ། ང་ནི་ཡུན་རིང་པོའི་བསྐལ་པ་ཚད་མེད་མཐའ་ཡས་དཔག་ཏུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་ནད་ཀྱི་དངོས་པོ་དང་བྲལ་བས་བསྙེངས་ཏེ་ཉལ་བའང་ཡོངས་སུ་སྤོང་ངོ ། །འོད་སྲུང ། སྔོན་བསྐལ་པ་ཚད་མེད་གྲངས་མེད་པ་འདས་པ་དེའི་ཚེ་དེའི་དུས་ན་སངས་རྒྱས་བཅོམ་ལྡན་འདས་བླ་མེད་རྒྱལ་བ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པ། མཁྱེན་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་རིག་པ། བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་མངོན་པར་བྱུང་ནས། ཉན་ཐོས་རྣམས་ལ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་རྒྱས་པར་ཕྱེ་ཞིང་བསྟན་ཏེ། དོན་རྟོགས་པར་བྱས་སོ། །དེའི་ཚེ་ན་ངའང་སངས་རྒྱས་དེའི་ཉན་ཐོས་སུ་གྱུར་པས། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་གཟུངས་སུ་བཟུང་ནས། ཀློག་པ་དང ། འདོན་པ་དང ། དོན་ཁོང་དུ་ཆུད་བ་དང ། གླེགས་བམ་དུ་འདྲི་བ་དང ། གཞན་ལ་རྒྱས་པར་འབྱེད་ཅིང་སྟོན་པ་ལ་སོགས་པ་བྱས་ཏེ། དགེ་བའི་རྩ་བ་དེ་ཉིད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་སོ། །རིགས་ཀྱི་བུ། དེ་ཚུན་ཆད་སྡིག་པའི་ཉོན་མོངས་པའི་ལས་ཀྱིས་ངན་སོང་དུ་ལྟུང་
Ka268a
༄#། །མ་མྱོང་ངོ ། །དམ་པའི་ཆོས་ལ་སྐུར་ཏེ་ལོག་སྲེད་ཅན་གྱི་ལུས་སམ། ཉུང་རུམ་དང ། དབང་པོ་མེད་པ་དང ། མཚན་གཉིས་པའི་ལུས་ཀྱང་ལེན་མ་མྱོང་ངོ ། །མཚམས་མེད་པའི་ལས་ཕ་མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། མཆོད་རྟེན་བཤིག་པ་དང ། དགེ་འདུན་གྱི་དབྱེན་བྱེད་པ་དང ། སངས་རྒྱས་ཀྱི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། རྩ་བ་བཞི་ཉམས་པའི་ལས་བྱེད་མ་མྱོང་ངོ ། །དེ་ཚུན་ཆད་ལུས་དང་སེམས་རབ་ཏུ་བདེ་བར་གྱུར་གྱི། སྡུག་བསྔལ་གྱིས་གདུངས་པར་མ་གྱུར་ཏོ། །འོད་སྲུང ། ང་ལ་ནི་ཡང་དག་པར་ན་ནད་ཐམས་ཅད་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ནི་ཡུན་རིང་པོ་ནས་ནད་ཐམས་ཅད་ཡོངས་སུ་སྤངས་པའི་ཕྱིར་རོ། །འོད་སྲུང ། སོ་སོའི་སྐྱེ་བོ་དག་ནི་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པ་ལས་དགོངས་ཏེ་གསུངས་པའི་དོན་མི་ཤེས་པས་ན་དེ་བཞིན་གཤེགས་པ་ནི་ཡང་དག་པར་ནད་ཡོད་དོ་སྙམ་སེམས་སོ། །འོད་སྲུང ། དེ་བཞིན་གཤེགས་པ་ནི་མིའི་ནང་ན་སེང་གེའོ་ཞེས་བྱ་བ་དེའང་དེ་བཞིན་གཤེགས་པ་ནི་ཡང་དག་པར་ན་སེང་གེ་མ་ཡིན་ཏེ། དེ་སྐད་ཅེས་གསུངས་པ་དེ་ནི་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ཡིན་པར་རིག་པར་བྱའོ། །འོད་སྲུང ། དེ་བཞིན་གཤེགས་པ་ནི་མིའི་ནང་ན་ཀླུ་ཆེན་པོ་ཞེས་བྱ་བའང་ང་ནི་བསྐལ་པ་ཚད་མེད་
Ka268b
བའི་བར་དུ་ལས་དེ་དག་ཡོངས་སུ་སྤངས་པ་ཡིན་ནོ། །འོད་སྲུང ། དེ་ལ་དེ་བཞིན་གཤེགས་པ་ནི་མི་ཡིན་ནོ། །ལྷ་ཡིན་ནོ་ཞེས་ཟེར་ཏེ། ཡང་དག་པར་ན་ང་ནི་མིའང་མ་ཡིན། ལྷའང་མ་ཡིན། གནོད་སྦྱིན་མ་ཡིན། དྲི་ཟ་མ་ཡིན། ལྷ་མ་ཡིན་མ་ཡིན། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་མ་ཡིན། བདག་མ་ཡིན། སྲོག་མ་ཡིན། འཚོ་བ་མ་ཡིན་ཤེད་ཅན་མ་ཡིན། ཤེད་བདག་མ་ཡིན། བྱས་པ་མ་ཡིན། མ་བྱས་པ་མ་ཡིན། ཚོར་བ་མ་ཡིན། མི་ཚོར་བ་མ་ཡིན། བཅོམ་ལྡན་འདས་མ་ཡིན། ཉན་ཐོས་མ་ཡིན། སྨྲ་བ་མ་ཡིན། མི་སྨྲ་བ་མ་ཡིན་ཏེ། དེ་སྐད་ཅེས་གསུངས་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ཡིན་པར་རིག་པར་བྱའོ། །འོད་སྲུང ། དེ་ལ་དེ་བཞིན་གཤེགས་པ་ནི་རྒྱ་མཚོ་དང་འདྲ་བའོ། །རི་རབ་དང་འདྲ་བའོ་ཞེས་ཀྱང་བྱ་སྟེ། ཡང་དག་པར་ན་དེ་བཞིན་གཤེགས་པ་ནི་ལན་ཚཝའི་རོ་བྲོ་བ་མ་ཡིན། བྲག་ཅ་ལྟ་བུ་མ་ཡིན་ཏེ། དེ་སྐད་ཅེས་གསུངས་པ་དེའང་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ཡིན་ན། །འོད་སྲུང ། དེ་བཞིན་གཤེགས་པ་ནི་པུཎྜ་རི་ཀ་དང་འདྲ་བའོ་ཞེས་ཀྱང་བྱ་སྟེ། ཡང་དག་པར་ན་དེ་བཞིན་གཤེགས་པ་ནི་པུཎྜ་རི་ཀ་མ་ཡིན་ཏེ། དེ་སྐད་ཅེས་གསུངས་པ་དེའང་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ཡིན་ནོ། །འོད་སྲུང ། དེ་བཞིན་གཤེགས་པ་ནི་ཕ་མ་ལྟ་བུའོ་ཞེས་ཀྱང་བྱ་སྟེ། དེ་
Ka269a
༄#། །བཞིན་གཤེགས་པ་ནི་ཡང་དག་པར་ན་ཕ་མ་མ་ཡིན་གྱི། དེ་སྐད་ཅེས་གསུངས་པ་དེའང་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ཡིན་ནོ། །འོད་སྲུང ། དེ་བཞིན་གཤེགས་པ་ནི་དེད་དཔོན་ཆེན་པོ་ཞེས་ཀྱང་བྱ་སྟེ། དེ་བཞིན་གཤེགས་པ་ནི་ཡང་དག་པར་ན་དེད་དཔོན་ཆེན་པོ་མ་ཡིན་གྱི། དེ་སྐད་ཅེས་གསུངས་པ་དེའང་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ཡིན་ནོ། །འོད་སྲུང ། དེ་བཞིན་གཤེགས་པ་ནི་ཚོང་དཔོན་དང་འདྲ་བའོ་ཞེས་ཀྱང་བྱ་སྟེ། ཡང་དག་པར་ན་དེ་བཞིན་གཤེགས་པ་ནི་ཚོང་དཔོན་མ་ཡིན་གྱི། དེ་སྐད་ཅེས་གསུངས་པ་དེའང་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ཡིན་ནོ། །འོད་སྲུང ། དེ་བཞིན་གཤེགས་པ་ནི་བདུད་བཅོམ་པ་ཞེས་ཀྱང་བྱ་སྟེ། ཡང་དག་པར་ན་དེ་བཞིན་གཤེགས་པ་ལ་ངན་སེམས་ནི་མེད་ཀྱི། དེ་དག་གདུལ་བའི་ཕྱིར་དེ་སྐད་ཅེས་གསུངས་པ་དེའང་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ཡིན་ནོ། །འོད་སྲུང ། དེ་བཞིན་གཤེགས་པ་ནི་འབྲུམ་བུ་མ་རུངས་པ་གསོ་བའོ་ཞེས་ཀྱང་བྱ་སྟེ། ཡང་དག་པར་ན་དེ་བཞིན་གཤེགས་པ་ནི་འབྲུམ་བུ་གསོ་བའི་མཁན་པོ་མ་ཡིན་གྱི། དེ་སྐད་ཅེས་གསུངས་པ་དེའང་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ཡིན་ནོ། །འོད་སྲུང ། ངས་སྔར་གསུངས་པ་ལྟར། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་
Ka269b
གང་ཞིག་ལུས་དང ། ངག་དང ། ཡིད་ཀྱི་ལས་ཡོངས་སུ་དག་པར་སྦྱོང་བ་དེའང་ཐ་མ་འཆི་བའི་དུས་བྱེད་པ་ན་གཉེན་བཤེས་ཡོད་མོད་ཀྱི། དེའི་རོ་གལ་ཏེ་ན་མེར་སྲེག་གོ་།གལ་ཏེ་ན་ཆུའི་ནང་ངམ་དུར་ཁྲོད་དུ་འདོར་ཏེ། ཝ་དང ། ཁྱི་དང ། སྤྱང་ཀི་ལ་སོགས་པས་ཟོས་ཀྱང ། དེའི་རྣམ་པར་ཤེས་པ་ནི་མཐོ་རིས་སུ་སྐྱེའོ། །དེ་ལྟར་དེའི་སེམས་ནི་སོང་བ་དང ། འོང་བའང་མེད། ཕྱིན་པའི་གནས་ཀྱང་མེད་ཀྱི། སྔ་ཕྱིར་འདྲ་བའི་སྐད་ཅིག་མའི་རྒྱུན་ཡིན་གྱི། ཐ་དད་པ་ནི་མེད་དོ་ཞེས་དེ་སྐད་གསུངས་པ་དེའང་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ཡིན་ནོ། །འོད་སྲུང ། ད་ལྟར་ང་ནའོ་ཞེས་བྱ་བ་དེའང་དེ་དང་འདྲ་སྟེ། དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ཡིན་ཏེ། དེ་བས་ན་སྲོག་ལ་ལྟ་བས་ང་རྒྱབ་སྙུན་གྱི། འཇམ་དཔལ་ཁྱོད་འཁོར་རྣམ་བཞི་ལ་ཆོས་སྟོན་ཅིག་ཅེས་བྱས་པ་ཡིན་ནོ། །འོད་སྲུང ། ཡང་དག་པར་ན་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་སྙུན་ཏེ། གློ་གཡས་པ་ཕ་བ་ནས་ཉལ་བའང་མེད་ལ། མཐར་ཡོངས་སུ་མྱ་ངན་ལས་འདས་པའང་མེད་དོ། །འོད་སྲུང ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ནི་སངས་རྒྱས་རྣམས་ཀྱི་ཏིང་ངེ་འཛིན་ཤིན་ཏུ་ཟབ་མོ་ཡིན་གྱི། ཉན་ཐོས་དང ། རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །འོད་སྲུང་ཁྱོད་སྔར་ང་ལ་འདྲི་བ་ལས་དེ་བཞིན་གཤེགས་པ་ཅིའི་སླད་དུ་གཟིམས་ཏེ་མི་བཞེངས།
Ka270a
༄#། །ཞལ་ཟས་ཀྱང་མི་གསོལ། འཁོར་རྣམས་ལ་གདམས་པ་དང ། འཚོ་ཚིས་ཀྱི་ལས་ལ་སོགས་པའང་མི་སྟོན་ཅེས་དྲིས་པ་ནི། འོད་སྲུང ། འདི་ལྟ་སྟེ། ནམ་མཁའ་ཉིད་ལ་ནི་འདུག་པའམ། ལངས་པའང་མེད། ཟས་དང་སྐོམ་འདོད་པའང་མེད། འཁོར་རྣམས་ལ་གདམས་པ་དང ། འཚོ་ཚིས་ཀྱི་ལས་སྟོན་པ་མེད། འོང་བ་དང ། སོང་བ་དང ། སྐྱེ་བ་དང ། འགོག་པ་དང ། རྒ་བ་དང ། ལང་ཚོ་བ་དང ། བྱུང་བ་དང ། ནུབ་པ་དང ། སྨྲས་པ་དང ། འཆག་པ་དང ། གྲོལ་བ་དང ། འཆིང་བ་ཞེས་བྱ་བ་མེད་དེ། བདག་ཅེས་བརྗོད་པ་མེད། གཞན་ཞེས་བརྗོད་པ་མེད། བདག་གྲོལ་བའང་མེད། གཞན་དགྲོལ་བའང་མེད། བདེ་བའང་མ་ཡིན། ན་པའང་མ་ཡིན་ནོ། །རིགས་ཀྱི་བུ། སངས་རྒྱས་བཅོམ་ལྡན་འདས་ཀྱང་དེ་དང་འདྲ་སྟེ། ནམ་མཁའ་ལྟ་བུ་ཡིན་ན། ནད་ཀྱིས་སྡུག་བསྔལ་བ་ག་ལ་ཞིག་ཡོད། འོད་སྲུང ། འཇིག་རྟེན་ན་གང་ཟག་རྣམ་པ་གསུམ་གྱི་ནད་ནི་ཤིན་ཏུའང་གསོ་དཀའོ། །གང་ཞེ་ན། ཐེག་པ་ཆེན་པོ་ལ་སྐུར་བ་དང ། མཚམས་མེད་པ་ལྔ་བྱས་པ་དང ། ལོག་སྲེད་ཅན་ཏེ། ནད་རྣམ་པ་འདི་གསུམ་ནི་འཇིག་རྟེན་ན་ཤིན་ཏུའང་གསོ་དཀའ་སྟེ། ཉན་ཐོས་དང ། རང་སངས་རྒྱས་དང ། བྱང་ཆུབ་སེམས་དཔས་ཀྱང་གསོ་ནུས་པ་མ་ཡིན་ནོ། །རིགས་ཀྱི་བུ། དཔེར་ན། ངེས་བར་འཆི་བའི་ནད་པ་གསོ་
Ka270b
དཀའ་བ་ནི། ནད་གཡོག་དང ། ཡིད་བཞིན་གྱི་སྨན་དུ་ལྡན་ནམ། ནད་གཡོག་མེད་དམ། ཡིད་བཞིན་དུ་སྨན་དང་མི་ལྡན་ནའང་ནད་པ་དེ་ནི་ངེས་པར་གསོར་མི་རུང་བས་ན། མི་དེ་གདོན་མི་ཟ་བར་འཆིའོ། །རིགས་ཀྱི་བུ། གང་ཟག་རྣམ་པ་གསུམ་པོ་དེའང་དེ་དང་འདྲ་སྟེ། གལ་ཏེ་ཉན་ཐོས་སམ། རང་སངས་རྒྱས་སམ། བྱང་ཆུབ་སེམས་དཔས་ཆོས་བསྟན་ཏམ། ཆོས་མ་བསྟན་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་གྱི། ཆོས་མ་ཐོས་པས་སེམས་བསྐྱེད་པར་འགྱུར་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གཞུག་མི་ནུས་སོ། །འོད་སྲུང ། དཔེར་ན། ནད་པ་གསོར་རུང་བ། ནད་གཡོག་དང ། ཡིད་བཞིན་གྱི་སྨན་དང་ལྡན་ན་འཚོ་བར་འགྱུར་རོ། །རྣམ་པ་གསུམ་པོ་དང་མི་ལྡན་ན་འཚོ་བར་མི་འགྱུར་ཏེ། ཉན་ཐོས་དང ། རང་སངས་རྒྱས་ཀྱང་དེ་དང་འདྲ་སྟེ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ལས་ཆོས་ཐོས་ན་དེ་མ་ཐག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་གྱི། ཆོས་མ་ཐོས་པས་སེམས་བསྐྱེད་པར་འགྱུར་བ་ནི་མ་ཡིན་ནོ། །འོད་སྲུང ། དཔེར་ན། ནད་པ་ཞིག་ནད་གཡོག་དང ། ཡིད་བཞིན་གྱི་སྨན་དང་ལྡན་ཡང་རུང ། ནད་གཡོག་དང ། ཡིད་བཞིན་གྱི་སྨན་དུ་མི་ལྡན་ཡང་རུང་སྟེ། འཚོ་བར་འགྱུར་བ་ཡོད་དེ། དེ་བཞིན་དུ་གང་
Ka271a
༄#། །ཟག་རྣམ་པ་གཅིག་ཀྱང་དེ་དང་འདྲ་སྟེ། ཉན་ཐོས་དང་ཕྲད་ཀྱང་རུང ། ཉན་ཐོས་དང་མ་ཕྲད་ཀྱང་རུང ། རང་སངས་རྒྱས་དང་ཕྲད་ཀྱང་རུང ། རང་སངས་རྒྱས་དང་མ་ཕྲད་ཀྱང་རུང ། བྱང་ཆུབ་སེམས་དཔའ་དང་ཕྲད་ཀྱང་རུང ། བྱང་ཆུབ་སེམས་དཔའ་དང་མ་ཕྲད་ཀྱང་རུང ། དེ་བཞིན་གཤེགས་པ་དང་ཕྲད་ཀྱང་རུང ། དེ་བཞིན་གཤེགས་པ་དང་མ་ཕྲད་ཀྱང་རུང ། ཆོས་ཐོས་ཀྱང་རུང ། ཆོས་མ་ཐོས་ཀྱང་རུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་བ་ཡོད་དོ། །འདི་ལྟ་སྟེ། གང་ཟག་སུ་ཞིག་བདག་གི་ཕྱིར་རམ། གཞན་གྱི་ཕྱིར་རམ། གལ་ཏེ་འཇིགས་པའི་ཕྱིར་རམ། རྙེད་པ་དང་གྲགས་པའི་ཕྱིར་རམ། གཡོ་སྒྱུའི་ཕྱིར་རམ། གཞན་བསླུ་བ་ཅན་གྱི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་བྲིས་སམ། འདྲིར་བཅུག་གམ། འཆང་ངམ། འཛིན་ཏམ། ཀློག་གམ། འདོན་ཏམ། བསྟི་སྟང་དང་བཅས་པས་མཆོད་པ་བྱེད་དམ། གཞན་ལ་སྟོན་ཅིང་འཆང་པའོ། །འོད་སྲུང ། གང་ཟག་རྣམ་པ་འདི་ལྔ་ནི་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་ལ་སྐྱོན་དང་བཅས་པ་བཞིན་དུ་སྤྱོད་ཀྱི། དེ་བཞིན་
Ka271b
གཤེགས་པ་ནི་མ་ཡིན་ནོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་རྣམ་པ་གསུམ་བཅད་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པས་སེམས་ཅན་དམྱལ་བ་དང ། བྱོལ་སོང་དང ། ཡི་དྭགས་ཀྱི་ཁམས་སུ་མི་སྐྱེའི། ལྷ་དང་མིར་ལན་བདུན་ལྡོག་པ། སྡུག་བསྔལ་ཐམས་ཅད་བཅད་ནས་མྱ་ངན་ལས་འདས་པར་ཞུགས་པ་སྟེ། འོད་སྲུང ། དེ་ནི་སྐྱོན་དང་བཅས་པས་སྤྱོད་པའི་གང་ཟག་གཅིག་ཅེས་བྱ་སྟེ། མ་འོངས་པའི་དུས་ཀྱི་བསྐལ་པ་བརྒྱད་ཁྲི་འདས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ། །འོད་སྲུང་ཉོན་མོངས་པ་ཐ་མ་གསུམ་པོ་བཅད་ནས། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་སྲབ་པར་གྱུར་ཏེ། ལན་གཅིག་ཕྱིར་ལྡོག་པའི་འབྲས་བུ་ཐོབ་པས། ལན་གཅིག་ཕྱིར་ལྡོག་སྟེ་སྡུག་བསྔལ་ཡོངས་སུ་བཅད་ནས་མྱ་ངན་ལས་འདས་པར་ཞུགས་པ་ནི། འོད་སྲུང ། སྐྱོན་དང་བཅས་པར་སྤྱོད་པ་གཉིས་ཞེས་བྱ་སྟེ། དེའང་བསྐལ་པ་དྲུག་ཁྲི་འདས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ། །འོད་སྲུང ། གང་ཟག་གསུམ་པོ་ནི་ཉོན་མོངས་པ་ཐ་མ་ལྔ་པོ་བཅད་དེ་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་པས་ཕྱིར་མི་ལྡོག་སྟེ། སྡུག་བསྔལ་ཐམས་ཅད་བཅད་ནས་མྱ་ངན་ལས་འདས་པར་ཞུགས་པ་ནི། སྐྱོན་དང་བཅས་པར་སྤྱོད་པ་གསུམ་ཞེས་བྱ་སྟེ། དེའང་བསྐལ་པ་བཞི་ཁྲི་འདས་ནས་བླ་ན་མེད་པ་
Ka272a
༄#། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ། །འོད་སྲུང ། གང་ཟག་བཞི་པོ་ནི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ཡོངས་སུ་བཅད་ནས། དགྲ་བཅོམ་པའི་འབྲས་བུ་ཐོབ་པས་ཉོན་མོངས་པ་ལྷག་མ་མ་ལུས་པར་མྱ་ངན་ལས་འདས་པར་ཞུགས་པ་ནི་བསེ་རུ་ལྟར་གཅིག་ཏུ་སྤྱོད་པའང་མ་ཡིན་ཏེ། དེ་ནི་སྐྱོན་དང་བཅས་པར་སྤྱོད་པ་བཞི་ཞེས་བྱ་སྟེ། དེའང་བསྐལ་པ་ཉི་ཁྲི་འདས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ། །འོད་སྲུང ། གང་ཟག་ལྔ་པའང་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ཡོངས་སུ་བཅད་ནས། རང་སངས་རྒྱས་ཀྱི་འབྲས་བུ་ཐོབ་སྟེ། ཉོན་མོངས་པ་ལྷག་མ་མ་ལུས་པར་མྱ་ངན་ལས་འདའ་བར་ཞུགས་ཏེ། བསེ་རུ་ལྟར་གཅིག་པུ་སྤྱོད་པ་ནི་སྐྱོན་དང་བཅས་པར་སྤྱོད་པ་ལྔ་ཞེས་བྱ་སྟེ། དེའང་བསྐལ་པ་ཁྲི་འདས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ། །འོད་སྲུང ། དེ་དག་ནི་སྐྱོན་དང་བཅས་པར་སྤྱོད་པའི་གང་ཟག་ལྔ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ནི་མ་ཡིན་ནོ། །འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། འཁོར་མང་པོས་ཀུན་ནས་དྲིས་པ་ཞེས་བྱ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་
Ka272b
སེམས་དཔའ་འོད་སྲུང་ལ་བཀའ་སྩལ་པ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་།ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་ལས། སྤྱོད་པ་རྣམ་ལྔ་ཡིད་ལ་བྱའོ། །ལྔ་གང་ཞེ་ན། འཕགས་པའི་སྤྱོད་པ་དང ། ཚངས་པའི་སྤྱོད་པ་དང ། ལྷའི་སྤྱོད་པ་དང ། བྱིས་པའི་སྤྱོད་པ་དང ། སྐྱོན་དང་བཅས་པའི་སྤྱོད་པའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སྤྱོད་པ་ལྔ་པོ་འདི་ལ་ཤིན་ཏུ་ནན་ཏན་བྱའོ། །གཞན་ཡང་སྤྱོད་པ་གཅིག་སྟེ། དེ་བཞིན་གཤེགས་པའི་སྤྱོད་པའོ། །དེའང་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདིའོ། །འོད་སྲུང ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཕགས་པའི་སྤྱད་པ་སྤྱོད་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གལ་ཏེ་ཉན་ཐོས་སམ། དེ་བཞིན་གཤེགས་པ་ལས་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་ཐོས་ནས་དད་པ་བསྐྱེད་དོ། །དད་པ་བསྐྱེད་ནས། འདི་སྙམ་དུ་བསམ་པ་ཡིད་ལ་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བླ་ན་མེད་པའི་ལམ་ཡོད་དེ། ཡང་དག་པའི་ཆོས་ཆེན་པོ་ཡོད་པས་འཁོར་མང་པོ་རྣམས་ཡང་དག་པར་སྤྱོད་དེ། གཞན་ཡང་ཤིན་ཏུ་རྒྱས་བར་ཐེག་པ་ཆེན་པོའི་མདོ་སྡེ་ཡོད་དེ། བདག་ཀྱང་དེ་ལ་དད་པ་དང ། མོས་པར་བྱའོ། །ཐེག་
Ka273a
༄#། །པ་ཆེན་པོའི་མདོ་སྡེ་ཚོལ་བའི་ཕྱིར་ཤིན་ཏུ་ཆགས་པའི་ཆུང་མ་དང ། བུ་དང ། འཁོར་རྣམས་དང ། གནས་པའི་ཁང་ཁྱིམ་དང ། གསེར་དང ། དངུལ་དང ། རིན་པོ་ཆེ་དང ། རྒྱན་དམ་པ་དང ། མེ་ཏོག་དང ། སྤོས་དང ། རོལ་མོ་དང ། བྲན་ཕོ་དང ། བྲན་མོ་དང ། ལས་བྱེད་པའི་མི་དང ། ཁྱེའུ་དང ། བུ་མོ་དང ། བལ་གླང་དང ། རྟ་དང ། ཤིང་རྟ་དང ། བ་གླང་དང ། ལུག་དང ། བྱ་དང ། ཁྱི་དང ། ཕག་ལ་སོགས་པའང་ཡོངས་སུ་གཏང་བར་བྱའོ། །ཡང་འདི་སྙམ་དུ་སེམས་ཏེ། ཁྱིམ་ན་གནས་པ་ཤིན་ཏུ་དོག་པ་དག་ནི་བཙོན་ར་དང་མ་ཚུངས་ཏེ། ཉོན་མོངས་པ་ཐམས་ཅད་ཀྱང་དེའི་དབང་གིས་སྐྱེའོ། །རབ་ཏུ་བྱུང་བ་ཤིན་ཏུ་ཡངས་པ་ནི་ནམ་མཁའ་དང་འདྲ་སྟེ། དགེ་བའི་ཆོས་ཐམས་ཅད་ཀྱང་དེའི་དབང་གིས་སྐྱེ་ཞིང་འཕེལ་ལོ། །ཁྱིམ་ན་གནས་པས་འཚོ་བའི་མཐར་མི་ཕྱིན་གྱི། བདག་ཚངས་པར་སྤྱོད་པའི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ཏེ། ཁྱིམ་ནས་ཁྱིམ་མ་ཡིན་པར་རབ་ཏུ་འབྱུང་ཞིང་བྱང་ཆུབ་ལ་ནན་ཏན་བྱའོ་སྙམ་དུ་བསམས་ནས། བདག་གདོན་མི་ཟ་བར་རབ་ཏུ་བྱུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ནན་ཏན་བྱེད་དོ། །བྱང་ཆུབ་སེམས་དཔའ་དེ་ལྟར་རབ་ཏུ་བྱུང་བའི་ཚེ། བདུད་སྡིག་ཏོ་ཅན་ཤིན་ཏུ་སྡུག་བསྔལ་བར་གྱུར་ནས། འདི་སྐད་དུ་བྱང་ཆུབ་སེམས་དཔའ་འདིའང་
Ka273b
པ་དང་རྩོད་པར་འགྱུར་རོ་ཞེས་ཟེར་རོ། །རིགས་ཀྱི་བུ། དེ་ལྟར་བྱང་ཆུབ་སེམས་དཔའ་གཞན་དང་ལྟ་ག་ལ་ཞིག་རྩོད་དེ། དེའི་ཚེ་ན་བྱང་ཆུབ་སེམས་དཔའ་དེ་དགེ་འདུན་གྱི་གནས་སུ་སོང་ནས། གལ་ཏེ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉེ་གནས་སྤྱོད་ལམ་དང་ལྡན་པ། དབང་པོ་ཞི་བ། སེམས་མཉེན་ཞིང་དེས་པས། ཡོངས་སུ་དག་པ་རབ་ཏུ་ཞི་བའི་དྲུང་དུ་སོང་ནས། རབ་ཏུ་འབྱུང་བར་གསོལ་ཏེ། སྐྲ་དང་ཁ་སྤུ་བྲེགས་ནས་ཆོས་གོས་ངུར་སྨྲིག་གྱོན་ནོ། །དེ་ལྟར་རབ་ཏུ་བྱུང་ནས་ཚུལ་ཁྲིམས་ཡོངས་སུ་བསྲུངས་ཏེ། སྤྱོད་ལམ་མི་ཉམས་པ་དང ། སྤྱོད་ལམ་མཛེས་པ་དང ། ཉེས་པ་མི་བྱེད་པ་དང ། ཚུང་ངུ་ན་ཉེས་བྱས་ཀྱི་བར་དུའང་འཇིགས་པའི་སེམས་བསྐྱེད་ཅིང ། ཚུལ་ཁྲིམས་སྲུང་བའི་སེམས་རྡོ་རྗེ་ལྟར་བརྟན་པའོ། །རིགས་ཀྱི་བུ། དཔེར་ན། མི་ཞིག་རྐྱལ་པ་ཐོགས་ཏེ་རྒྱ་མཚོར་ཞུགས་པ་ལས། དེའི་ཚེ་རྒྱ་མཚོའི་ནང་ནས་སྲིན་པོ་ཞིག་གིས་མི་དེ་ལ་རྐྱལ་པ་བསླངས་པ་ལས། མི་དེས་དེ་སྐད་ཅེས་ཐོས་ནས། དེ་འདི་སྙམ་དུ་སེམས་ཏེ། བདག་ཅི་སྟེ་རྐྱལ་པ་འདི་བྱིན་ན་གདོན་མི་ཟ་བར་ཆུའི་ནང་དུ་ནུབ་སྟེ་འཆིའོ་སྙམ་བསམས་ནས། སྲིན་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ། ། ཁྱོད་ཀྱིས་བདག་བསད་ཀྱང་བླའི། རྐྱལ་པ་ནི་སྦྱིན་དུ་མི་རུང་ངོ ། །སྲིན་པོས་ཡང་སྨྲས་པ། རིལ་གྱིས་སྦྱིན་དུ་མི་རུང་ནའང་ཕྱེད་ཙམ་ཞིག་སྦྱིན་དུ་མི་རུང་ངམ་ཞེས་སྨྲས་ཀྱང་མ་སྟེར་
Ka274a
༄#། །རོ། །སྲིན་པོས་ཡང་སྨྲས་པ། ཕྱེད་སྦྱིན་དུ་མི་རུང་ན་སུམ་ཆ་ཅམ་ཞིག་བྱིན་ཅིག་ཅེས་བྱས་ཀྱང་མ་སྟེར་རོ། །སྲིན་པོས་ཡང་སྨྲས་པ། སུམ་ཆ་ཙམ་སྦྱིན་དུ་མི་རུང་ན་ཡང་ལག་མཐིལ་ཙམ་བྱིན་ཅེས་སྨྲས་ཀྱང་མི་སྟེར་རོ། །སྲིན་པོས་ཡང་སྨྲས་པ། འདི་ལྟར་ཁྱོད་ཀྱིས་ལག་མཐིལ་ཙམ་ཡང་མི་སྦྱིན་ན། བདག་ནི་ཤིན་ཏུ་ལྟོགས་པས་སྡུག་བསྔལ་གྱིས་ཡོངས་སུ་གདུངས་ན་རྡུལ་གྱི་ཆ་ཤས་ཙམ་ཞིག་བདག་ལ་སྩལ་དུ་གསོལ། མི་དེས་སྨྲས་པ། ཁྱོད་སློང་བ་འདིའང་ཆེན་པོ་མ་ཡིན་ཏེ། ཤིན་ཏུའང་ཆུང་མོད་ཀྱི། འོན་ཀྱང་བདག་རྒྱ་མཚོ་མ་བརྒལ་ལ། ཕ་རོལ་གྱི་མཐའ་ཉེ་རིང་ཡང་མ་རྟོགས་པར་ཁྱོད་ལ་བྱིན་པར་གྱུར་ན། དབུགས་ཕྱིར་འབྱུང་སྟེ། རྒྱ་མཚོའི་བགེགས་ལས་ཀྱང་ག་ལ་ཞིག་ཐར་ཏེ། ཆུའི་ནང་དུ་བདག་འཆི་བར་འགྱུར་རོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཡོངས་སུ་བསྲུང་བའང་དེ་དང་འདྲ་སྟེ། ཇི་ལྟར་རྒྱ་མཚོ་བརྒལ་བའི་མི་དེ་རྐྱལ་པ་ཕངས་པ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཚུལ་ཁྲིམས་སྲུང་བའི་ཚེ་ན། ཉོན་མོངས་པའི་སྲིན་པོ་མ་རུངས་པ་རྣམས་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་ཟེར་རོ། །ཁྱོད་བདག་སྨྲ་བ་ལ་ཡིད་ཆེས་པར་གྱིས་ཤིག་དང ། ཁྱོད་ལ་སླུ་བ་མ་ཡིན་ཏེ། ཁྱོད་ཀྱིས་ཕས་ཕམ་པ་བཞི་ཉམས་
Ka274b
ཀྱང་ཚུལ་ཁྲིམས་གཞན་སྲུང་ན་དེའི་རྒྱུ་དེའི་རྐྱེན་གྱིས་ཁྱོད་རབ་ཏུ་བདེ་བའི་མྱ་ངན་ལས་འདའ་བ་ཐོབ་པར་འགྱུར་རོ་ཞེས་ཟེར་རོ། །དེའི་ཚེ་ན། བྱང་ཆུབ་སེམས་དཔའ་དེ་འདི་སྐད་ཅེས་ཟེར་རོ། །བདག་ཚུལ་ཁྲིམས་དེ་དག་བསྲུངས་པས་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་ཡང་བླའི། ཚུལ་ཁྲིམས་ཉམས་ཏེ་མཐོ་རིས་ཀྱི་ལྷར་སྐྱེ་བ་མི་འདོད་དོ། །ཉོན་མོངས་པའི་སྲིན་པོའང་འདི་སྐད་ཅེས་ཟེར་ཏེ། ཁྱོད་ཕས་ཕམ་པ་བཞི་ཉམས་པར་མ་འདོད་ན། དགེ་འདུན་གྱི་ལྷག་མ་མ་བསྲུངས་ཀྱང་དེའི་རྒྱུ་དེའི་རྐྱེན་གྱིས་རབ་ཏུ་བདེ་བའི་མྱ་ངན་ལས་འདའ་བ་ཐོབ་པར་འགྱུར་རོ་ཞེས་སྨྲས་ཀྱང ། དེའི་རྗེས་སུ་མི་འཇུག་གོ་།ཉོན་མོངས་པའི་སྲིན་པོ་ཡང་འདི་སྐད་དུ། ཁྱོད་དགེ་འདུན་གྱི་ལྷག་མ་ཉམས་པར་མི་འདོད་ན། ཉེས་པ་སྦོམ་པོའི་ཆོས་ཉམས་ཀྱང་དེའི་རྒྱུ་དེའི་རྐྱེན་གྱིས་ཁྱོད་རབ་ཏུ་བདེ་བའི་མྱ་ངན་ལས་འདའ་བ་ཐོབ་པར་འགྱུར་རོ། །ཞེས་སྨྲས་ཀྱང ། བྱང་ཆུབ་སེམས་དཔའ་ཚིག་དེའི་རྗེས་སུ་མི་འཇུག་གོ་།ཉོན་མོངས་པའི་སྲིན་པོའང་འདི་སྐད་དུ། ཁྱོད་ཉེས་པ་སྦོམ་པོའི་ཆོས་ཉམས་པར་མི་འདོད་ན། སྤང་བ་ལྟུང་བའི་ཆོས་ཉམས་ཀྱང་དེའི་རྒྱུ་དེའི་རྐྱེན་གྱིས་རབ་ཏུ་བདེ་བའི་མྱ་ངན་ལས་འདའ་བ་ཐོབ་པར་འགྱུར་རོ་ཞེས་སྨྲས་ཀྱང ། བྱང་ཆུབ་སེམས་དཔའ་ཚིག་དེའི་རྗེས་སུ་མི་འཇུག་གོ་།སྲིན་པོས་ཡང་སྨྲས་པ། ཁྱོད་དེ་ལྟར་སྤང་
Ka275a
༄#། །བ་ལྟུང་བའི་ཆོས་ཉམས་པར་མི་འདོད་ན་ལྟུང་བའི་ཆོས་དགུ་བཅུ་ཉམས་ཀྱང་དེའི་རྒྱུ་དེའི་རྐྱེན་གྱིས་རབ་ཏུ་བདེ་བའི་མྱ་ངན་ལས་འདའ་བ་ཐོབ་པར་འགྱུར་རོ་ཞེས་སྨྲས་ཀྱང ། བྱང་ཆུབ་སེམས་དཔའ་ཚིག་དེའི་རྗེས་སུ་མི་འཇུག་གོ་།སྲིན་པོས་ཡང་འདི་སྐད་དུ་ལྟུང་བ་དགུ་བཅུ་ཉམས་པར་མི་འདོད་ན། ཉེས་བྱས་ཀྱི་ཆོས་ཉམས་ཀྱང་དེའི་རྒྱུ་དེའི་རྐྱེན་གྱིས་རབ་ཏུ་བདེ་བའི་མྱ་ངན་ལས་འདའ་བ་ཐོབ་པར་འགྱུར་རོ་ཞེས་སྨྲས་ཀྱང ། བྱང་ཆུབ་སེམས་དཔའ་དེའི་ཚེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་ལ་ཉེས་བྱས་ཀྱི་ཁ་ན་མ་ཐོ་བ་བྱུང་སྟེ་མ་བཤགས། མ་མཐོལ་ན་འཁོར་བའི་ཕ་རོལ་ཏུའང་མི་ཕྱིན། མྱ་ངན་ལས་འདའ་བར་མི་འགྱུར་རོ་སྙམ་སེམས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆུང་ངུ་ན་ཉེས་བྱས་ལའང་རྡོ་རྗེ་ལྟ་བུའི་སེམས་ཀྱིས་སྲུང་ཞིང་འཛིན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕས་ཕམ་པ་བཞི་སྲུང་བ་དང ། ཉེས་བྱས་སྲུང་བ་ལ་ཤིན་ཏུ་བརྟན་ཏེ་ཐ་དད་པ་མེད་དོ། །བྱང་ཆུབ་སེམས་དཔས་གལ་ཏེ་དེ་ལྟར་སྲུང་བ་ནི་ཚུལ་ཁྲིམས་ཀྱི་ཡན་ལག་ལྔ་དང་ལྡན་པ་ཞེས་བྱའོ། །འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་ལས་ཀྱི་ངོ་བོ་ཉིད་ཡོངས་སུ་དག་པའི་ཚུལ་ཁྲིམས་དང ། སྔ་མ་དང་ཕྱི་མའི་འཁོར་ཡོངས་སུ་དག་པའི་ཚུལ་ཁྲིམས་དང ། ངན་པར་རྟོག་པ་མ་ཡིན་པ་
Ka275b
དང ། རྟོག་པ་རྣམ་པར་དག་པའི་ཚུལ་ཁྲིམས་དང ། ཡང་དག་པའི་དྲན་པ་སྲུང་ཞིང་དྲན་པ་རྣམ་པར་དག་པའི་ཚུལ་ཁྲིམས་དང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བའི་ཚུལ་ཁྲིམས་སོ། །འོད་སྲུང ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ལ་རྣམ་པ་གཉིས་ཏེ། འཇིག་རྟེན་ན་ཡང་དག་པར་བསྟན་པའི་ཚུལ་ཁྲིམས་བླངས་པ་དང ། ཡང་དག་པའི་ཆོས་ཀྱི་ཚུལ་ཁྲིམས་ཐོབ་པ་སྟེ། བྱང་ཆུབ་སེམས་དཔས་གལ་ཏེ་ཡང་དག་པའི་ཆོས་ཀྱི་ཚུལ་ཁྲིམས་ཐོབ་ན། ནམ་དུའང་སྡིག་པ་མི་བྱེད་དོ། །འཇིག་རྟེན་ན་ཡང་དག་པར་བསྟན་པའི་ཚུལ་ཁྲིམས་བླང་བ་ནི་གསོལ་པ་དང ། བཞིའི་ལས་བྱས་པས་ཐོབ་པར་འགྱུར་རོ། །གཞན་ཡང་རིགས་ཀྱི་བུ། ཚུལ་ཁྲིམས་ལ་རྣམ་པ་གཉིས་ཏེ། རང་བཞིན་གྱིས་ལྕི་བའི་ཚུལ་ཁྲིམས་དང ། འཇིག་རྟེན་གྱིས་དཔྱས་པ་མེད་པར་བྱེད་པའི་ཚུལ་ཁྲིམས་སོ། །རང་བཞིན་གྱིས་ལྕི་བའི་ཚུལ་ཁྲིམས་ནི་ཕས་ཕམ་པ་བཞིའོ། ། འཇིག་རྟེན་གྱིས་དཔྱས་པ་མེད་པར་བྱ་བའི་ཚུལ་ཁྲིམས་ནི། ཚོང་མི་བྱེད་པ་དང ། བྲེ་ཕུལ་དང ། སྲང་མི་འཆོས་པ་དང ། གཞན་ལ་མི་སླུ་བ་དང ། གཞན་ཡང་རིགས་དང་མཐུ་བསྙམས་ཏེ་གཞན་གྱི་ནོར་མི་འཕྲོག་པ་དང ། གཞན་ཡང་གནོད་སེམས་ཀྱིས་འཆིང་བ་དང ། ལས་སུ་བྱས་པ་བཤིག་སྟེ་མ་རུང་བར་བྱེད་པ་དང ། མེ་མར་གྱི་འོད་ཡོད་བཞིན་དུ་ཉལ་
Ka276a
༄#། །བ་དང ། ཁང་ཁྱིམ་དང ། རྨོ་བའི་ལས་བྱེད་པ་དང ། འཚོ་འཆིས་ཀྱི་ལས་ལ་སོགས་པ་བྱར་མི་རུང་བ་དང ། གཞན་ཡང་བལ་གླང་དང ། རྟ་དང ། ཤིང་རྟ་དང།་བ་གླང་དང ། ལུག་དང ། རྔ་མོ་དང ། བོང་བུ་དང ། བྱ་དང ། ཁྱི་དང ། སྤྲེའུ་དང ། རྨ་བྱ་དང ། ནེ་ཙོ་དང ། འཚོ་བྱེད་དང ། ཀོ་བྱི་ལ་དང ། འཕར་བ་དང ། སྟག་དང ། གཟིག་དང།་བྱི་ལ་དང ། ཕག་དང ། དེ་མ་ཡིན་པ་གཅན་གཟན་མ་རུངས་པ་རྣམས་དང ། ཁྱེའུ་དང ། བུ་མོ་དང ། སྐྱེས་པ་དང ། བུད་མེད་དང ། བྲན་ཕོ་དང ། བྲན་མོ་དང ། ལས་བྱེད་པའི་མི་མི་འཆང ། མི་གསོ་བ་དང ། གཞན་ཡང་གསེར་དང ། དངུལ་དང ། བཻ་ཌཱུརྱ་དང ། ཤེལ་དང ། མུ་ཏིག་དང ། སྨ་གརྦྷ་དང ། མུ་ས་ལ་གརྦྷ་དང ། བྱུ་རུ་དང ། ཤེལ་གྱི་སྣམ་བུ་དང ། དོ་ཤལ་ལ་སོགས་ཏེ་རིན་པོ་ཆེ་རྣམས་དང ། ཟངས་དང ། འཁར་བ་དང ། ར་གན་གྱི་སྣོད་དང ། གདིང་བ་པར་ཏང་དང ། དྲེའུ་རྡོག་དང ། གདིང་བ་འཇམ་པོ་དང།་དེ་མ་ཡིན་པ་ཁྲེ་དང ། འབྲས་དང ། ནས་དང ། གྲོ་དང ། སྲན་མ་དང ། ཟར་མ་དང ། ཟས་གཡོས་བྱས་པ་དང ། མ་བྱས་པ་ལ་སོགས་པ་མི་འཆང་བ་དང ། རྟག་ཏུ་ཟ་གཅིག་བྱེད་ཅིང་ཡང་དང་ཡང་མི་ལེན་པ་དང ། རྟག་ཏུ་བསོད་སྙོམས་སྤྱོད་པ་དང ། དགེ་འདུན་གྱི་ནང་ན་ཟས་ཀྱི་བྱ་བ་བྱེད་པ་དང ། རྟག་ཏུ་ཆོག་ཤེས་པ་དང ། ཁུད་པར་
Ka276b
མགྲོན་དུ་བོས་པར་མི་འགྲོ་བ་དང ། ཤ་མི་ཟ་བ་དང ། སྨྱོ་བའི་ཁུ་བ་ཆང་མི་འཐུང་བ་དང ། དཀུ་བ་རྣམ་པ་ལྔ་ལ་སོགས་ཏེ། དཀུ་ཞིང་མནམ་པའི་བག་མི་ཟ་བ་དང ། དེ་བས་ན་དེའི་ལུས་ནི་མནམ་པའི་བག་མེད་དེ། རྟག་ཏུ་འཇིག་རྟེན་དུ་བཅས་པའི་ལྷ་དང་མི་ཐམས་ཅད་ཀྱིས་བཀུར་སྟི་དང ། རིམ་གྲོ་བྱེད་ཅིང ། མཆོད་པ་དང ། བསྟོད་པར་འགྱུར་བ་དང ། ཟས་ཀྱི་ཚོད་འཛིན་པ་དང ། ལྷག་མ་མི་འཆང་བ་དང ། སྦྱིན་བདག་གི་གོས་བྱིན་པ་ལེན་ནའང་རན་པར་ལེན་པ་དང ། གང་ནས་གང་དུ་འགྲོའང་ཆོས་གོས་གསུམ་དང་ལྷུང་བཟེད་དུ་བཅས་ཏེ། བྱའི་འདབ་མ་ལྟར་མི་འབྲལ་བ་དང ། གཞན་ཡང་རྩ་བའི་འབྲས་བུ་དང ། སྡོང་བུའི་འབྲས་བུ་དང ། ཚིགས་ཀྱི་ས་བོན་དང ། མདུད་པའི་ས་བོན་དང ། འབྲས་བུའི་ས་བོན་མི་འཆང་བ་དང ། གཞན་ཡང་རིན་པོ་ཆེའི་གཏེར་དང ། གསེར་དང ། དངུལ་དང ། བཟའ་བ་དང ། བཏུང་བ་དང ། ཚང་མང་དང ། བང་མཛོད་དང ། བགོ་བའི་གོས་དང ། ཁྲི་སྟན་མཐོན་པོ་དང ། བལ་གླང་གི་མཆེ་བའི་ཁྲི་དང ། གསེར་གྱི་ཁྲི་དང ། ཐགས་སུ་བཏགས་པ་རྣམ་པ་མང་པོ་ལ་སོགས་པ་ལ་མི་ཉལ། མི་འཆང་བ་དང ། གཞན་ཡང་རྩཝ་ལས་བྱས་པའི་སྟན་འཇམ་པོ་ཐམས་ཅད་མི་འཆང་བ་དང ། བལ་གླང་གི་ཁྱོགས་དང ། རྟའི་ཁྱོགས་ལ་མི་འདུག་པ་དང ། ཤིན་ཏུ་འཇམ་པའི་གོས་མི་གདིང་བ་དང ། ཁྲི་ལ་སྔས་གཉིས་མི་བཅའ་
Ka277a
༄#། །བ་དང ། གཞན་ཡང་སྔས་བཟང་པོ་དང ། བསྙེས་པའི་སྔས་མི་འཆང་བ་དང ། ནམ་དུའང་བལ་གླང་འཐབ་པ་དང ། རྟ་འཐབ་པ་དང ། ཤིང་རྟ་འཐབ་པ་དང ། དམག་འཐབ་པ་དང ། སྐྱེས་པ་འཐབ་པ་དང ། བུད་མེད་འཐབ་པ་དང ། ཁྱུ་མཆོག་འཐབ་པ་དང ། ལུག་འཐབ་པ་དང ། ཆུ་གླང་འཐབ་པ་དང ། བྱ་འཐབ་པ་དང ། ནེ་ཙོ་འཐབ་པ་ལ་སོགས་པ་ལ་མི་ལྟ་བ་དང ། ཆེད་དུ་གཡུལ་བཤམས་པ་ལ་མི་ལྟ་བ་དང ། གཞན་ཡང་དུང་འབུད་པ་དང ། རྔ་རྡུང་བ་དང ། གླིང་བུ་དང ། གཅེའུ་ཁ་མང་དང ། གིམ་དང ། ཤིར་དང།་དགུ་པོ་རྒྱུད་མང་ལ་སོགས་ཏེ། རོལ་མོ་རྣམས་སངས་རྒྱས་ལ་མཆོད་པ་མ་གཏོགས་པར་མི་ཉན་པ་དང ། ུག་ཤུད་དང ། མིག་མང་དང ། པར་སིག་གི་རྩེད་མོ་སེང་གེ་དང ། བལ་གླང་གི་རྐྱ་འགྱེད་པ་དང ། ཆོ་ལོ་དང ། རྒྱན་པོ་དང ། ཕོ་ལོང་རྡེབ་པ་དང ། རྡོ་འཕེན་པ་དང ། ཁྲས་དང ། རྩེད་མོའི་བག་ཐམས་ཅད་མི་བྱེད། མི་ལྟ་བ་དང ། ནམ་དུའང་ལྟས་དང ། མཚན་ལྟ་བ་ལག་པ་དང ། རྐང་པ་དང ། ངོ་དང ། མིག་གི་མཚན་ལྟ་བ་མི་བྱེད་པ་དང ། སེན་མོ་ལ་མེ་ལོང་ལྟ་བུར་ལྟ་བ་དང ། རྩ་དང ། ལྕུག་མ་དང ། བུམ་ལ་པ་དང ། ཐོད་པ་ལ་མོ་འདེབས་ཤིང་ལྟས་སུ་ལྟ་བ་མི་བྱེད་པ་དང ། དེ་མ་ཡིན་པ་གཉིད་བསང་བ་མ་གཏོགས་པར་སྐར་མ་ལ་སོགས་པ་མི་ལྟ་བ་དང ། རྒྱལ་པོའི་ཕོ་ཉ་དང་ཕྲིན་གྱིས་ཚུ་རོལ་གྱི་ཚིག་ཕ་
Ka277b
རོལ་ཏུ་སྨྲ་ཞིང ། ཕ་རོལ་གྱི་ཚིག་ཚུ་རོལ་ཏུ་སྨྲ་བ་མི་བྱེད་པ་དང ། གཡོ་དང ། སྒྱུས་ལོག་པར་འཚོ་བ་མ་ཡིན་པ་དང ། གཞན་ཡང་རྒྱལ་པོའི་གཏམ་དང ། བློན་པོ་དང ། རྐུན་པོ་དང ། དགྲ་ཐབས་དང ། བཟའ་བ་དང ། བཏུང་བ་དང ། ཡུལ་དང ། མུ་གེ་དང ། འཇིགས་པ་དང ། བདེ་སྐྱིད་པ་ལ་སོགས་པའི་གཏམ་མི་སྨྲ་བ་སྟེ། རིགས་ཀྱི་བུ། དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཇིག་རྟེན་པས་མི་དཔྱས་པའི་ཚུལ་ཁྲིམས་ཞེས་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ལྟར་བཅས་པའི་ཚུལ་ཁྲིམས་སྲུང་བ་དང ། རང་བཞིན་གྱིས་ལྕི་བའི་ཚུལ་ཁྲིམས་སྲུང་བ་ལ་ཐ་དད་པའི་བྱེ་བྲག་མེད་དོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཚུལ་ཁྲིམས་ཡོངས་སུ་སྲུང་བ་ན་འདི་སྐད་ཅེས་དམ་འཆའོ། །བདག་གི་ལུས་འདི་མེ་མ་མུར་གྱི་དོང་ཟབ་མོར་མཆོངས་ཀྱང་བླའི། འདས་པ་དང ། མ་འོངས་པ་དང ། ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ཀྱིས་བཅས་པའི་ཚུལ་ཁྲིམས་ལས་ཉམས་ཏེ། རྒྱལ་རིགས་ཀྱི་བུ་མོའམ། བྲམ་ཟེའི་བུ་མོའམ། ཁྱིམ་བདག་གི་བུ་མོ་ལ་མི་ཚངས་པར་སྤྱོད་པའི་ལས་མི་བྱའོ་ཞེས་དམ་འཆའོ། ། རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་འདི་སྐད་ཅེས་དམ་འཆའོ། །གལ་ཏེ་ལྕགས་ཤིན་ཏུ་ཚ་བས་བདག་གི་ལུས་དཀྲིས་གླགས་ཀྱང་བླའི། །
Ka278a
༄#། །ཚུལ་ཁྲིམས་ཉམས་པའི་ལུས་ཀྱིས་སྦྱིན་བདག་དད་པས་བྱིན་པའི་གོས་མི་བགོའོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་འདི་སྐད་དུ་དམ་འཆའ་སྟེ། བདག་གི་ཁར་ལྕགས་ཀྱི་ཐུ་ལུ་མ་མིད་ཀྱང་བླའི། ཚུལ་ཁྲིམས་ཉམས་པའི་ཁ་འདིས་ནམ་དུའང་སྦྱིན་བདག་དད་པས་མ་བྱིན་པའི་ཁ་ཟས་མི་ཟའོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་འདི་སྐད་དུ་དམ་འཆའ་སྟེ། བདག་གི་ལུས་འདི་ལྕགས་ཤིན་ཏུ་ཚ་བའི་སྟེང་དུ་ཉལ་ཡང་བླའི། ཚུལ་ཁྲིམས་ཉམས་པའི་ལུས་ཀྱིས་ནམ་དུའང་སྦྱིན་བདག་དད་པས་བྱིན་པའི་ཁྲི་སྟན་ལ་མི་ཉལ་ལོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་འདི་སྐད་ཅེས་དམ་འཆའ་སྟེ། བདག་གི་ལུས་ལ་མཚོན་ཤཀྟི་སུམ་བརྒྱས་བཙུགས་ཀྱང་བླའི། ཚུལ་ཁྲིམས་ཉམས་པའི་ལུས་ཀྱིས་ནམ་དུའང་སྦྱིན་བདག་དད་པས་བྱིན་པའི་ནད་ཀྱི་རྐྱེན་སྨན་མི་བཏུང་ངོ ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་འདི་སྐད་ཅེས་དམ་འཆའ་སྟེ། བདག་གི་ལུས་འདི་ཤིན་ཏུ་ཁོལ་བའི་ཟངས་པོ་ཆེར་བསྐོལ་ཀྱང་བླའི། ཚུལ་ཁྲིམས་ཉམས་པའི་ལུས་ཀྱིས་སྦྱིན་བདག་དད་པས་བྱས་པའི་གནས་ཁང་དུ་མི་འདུག་གོ་།རིགས་ཀྱི་བུ།
Ka278b
གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་འདི་སྐད་ཅེས་དམ་འཆའ་སྟེ། གལ་ཏེ་ལྕགས་ཀྱི་ཐོ་བས་མགོ་ནས་རྐང་གི་བར་དུ་བརྡུངས་ཏེ་རྡུལ་དུ་གྱུར་ཀྱང་བླའི། ཚུལ་ཁྲིམས་ཉམས་པའི་ལུས་ཀྱིས་རྒྱལ་རིགས་དང ། བྲམ་ཟེ་དང ། ཁྱིམ་བདག་གི་རིམ་གྲོ་དང ། ཕྱག་བྱ་བ་མི་འདོད་དོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་འདི་སྐད་ཅེས་དམ་འཆའ་སྟེ། ལྕགས་ཀྱི་ཐུར་མ་ཤིན་ཏུ་ཚ་བས་མིག་གཉིས་བྲུས་ཀྱང་བླའི། འདོད་ཆགས་ཀྱི་སེམས་ཀྱིས་ཕ་རོལ་གྱི་གཟུགས་བཟང་པོ་ལ་མི་ལྟའོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་འདི་སྐད་ཅེས་དམ་འཆའ་སྟེ། ཇི་ལྟར་སྨྱུང་བུ་མང་པོས་རྣ་བའི་དབང་པོ་གཙགས་ཀྱང་བླའི། ། འདོད་ཆགས་དང་བཅས་པའི་སེམས་ཀྱི་སྒྲ་སྙན་པ་མི་མཉན་ནོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་འདི་སྐད་ཅེས་དམ་འཆའ་སྟེ། གྲི་རྣོན་པོས་སྣ་བཅད་ཀྱང་བླའི། འདོད་ཆགས་ཀྱི་སེམས་ཀྱིས་དྲི་ཞིམ་པོ་ལ་མི་སྣོམ་མོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་འདི་སྐད་ཅེས་དམ་འཆའ་སྟེ།་གྲི་རྣོན་པོས་ལྕེ་བཅད་ཀྱང་བླའི། འདོད་ཆགས་ཀྱི་སེམས་ཀྱིས་རོ་ཞིམ་པོ་ལ་མི་ཆགས་སོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་འདི་སྐད་ཅེས་
Ka279a
༄#། །དམ་འཆའ་སྟེ། གལ་ཏེ་སྟ་རེ་རྣོན་པོས་བདག་གི་ལུས་དུམ་བུར་དུམ་བུར་གཏུབས་ཀྱང་བླའི། འདོད་ཆགས་དང་བཅས་པའི་སེམས་ཀྱིས་རེག་བྱ་མང་པོ་ལ་མི་ཆགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རྒྱུ་དེའི་རྐྱེན་གྱིས་རྣལ་འབྱོར་ཅན་དག་སེམས་ཅན་དམྱལ་བ་དང ། བྱོལ་སོང་གི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །འོད་སྲུང ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཡོངས་སུ་སྲུང་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚུལ་ཁྲིམས་ཤིན་ཏུ་བསྲུངས་ནས། སེམས་ཅན་ཐམས་ཅད་ལ་བསྔོ་བར་བྱེད་དོ། །དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཅན་ཐམས་ཅད་ཚུལ་ཁྲིམས་ཤིན་ཏུ་བསྲུང་བ་དང ། རྣམ་པར་དག་པའི་ཚུལ་ཁྲིམས་དང ། ཤིན་ཏུ་དགེ་བའི་ཚུལ་ཁྲིམས་དང ། མི་ཉམས་པའི་ཚུལ་ཁྲིམས་དང ། མི་ཟློས་པའི་ཚུལ་ཁྲིམས་དང ། ཐེག་པ་ཆེན་པོའི་ཚུལ་ཁྲིམས་དང ། ཕྱིར་མི་ལྡོག་པའི་ཚུལ་ཁྲིམས་དང ། སེམས་དང་སྤྱོར་བའི་ཚུལ་ཁྲིམས་དང ། མཐར་ཕྱིན་པའི་ཚུལ་ཁྲིམས་དང ། ཕ་རོལ་ཏུ་ཕྱིན་པའི་ཚུལ་ཁྲིམས་རྫོགས་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཚུལ་ཁྲིམས་ཡོངས་སུ་དག་པར་སྦྱོང་བ་ན། ཐོག་མ་མི་གཡོ་བའི་ས་ལ་གནས་པར་
Ka279b
འགྱུར་རོ། །ཅིའི་ཕྱིར་མི་གཡོ་བའི་ས་ཞེས་བྱ་ཞེ་ན། བྱང་ཆུབ་སེམས་དཔའ་མི་གཡོ་བའི་ས་ལ་གནས་པ་ན། མི་གཡོ། མི་ལྟུང ། མི་ལྡོག་།མི་ཤིག་པའི་ཕྱིར་རོ། །རིགས་ཀྱི་བུ། དཔེར་ན། རི་རབ་རལ་རྒྱལ་པོ་ནི་རླུང་ཤིན་ཏུ་དྲག་པོ་རྫི་རླུང་ཡུག་གིས་ཀྱང་གཡོ་བའམ། ལྟུང་བའམ། འཇིག་པར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ས་དེ་ལ་གནས་པའང་དེ་དང་འདྲ་སྟེ། གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱས་གཡོ་བར་མི་ནུས། སེམས་ཅན་དམྱལ་བ་དང ། བྱོལ་སོང་གི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དུ་ལྟུང་བར་མི་འགྱུར། ཉན་ཐོས་དང ། རང་སངས་རྒྱས་ཀྱི་སར་མི་ལྡོག་སྟེ། ལྟ་བ་མང་པོའི་རླུང་གིས་ཀྱང་མི་ཤིགས་ཤིང་ལོག་པར་འཚོ་བར་མི་འགྱུར་རོ། །རིགས་ཀྱི་བུ། གཞན་ཡང་མི་གཡོ་བ་ཞེས་བྱ་བ་ནི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གིས་མི་གཡོས་སོ། །གཞན་ཡང་མི་ལྟུང་ཞེས་བྱ་བ་ནི་ཕས་ཕམ་པ་བཞིར་མི་ལྟུང་ངོ ། ། གཞན་ཡང་ཕྱིར་མི་ལྡོག་ཅེས་བྱ་བ་ནི་ཕྱིར་ཚུལ་ཁྲིམས་ལས་ཁྱིམ་དུ་མི་ལྡོག་བའོ། །གཞན་ཡང་མི་འཇིག་ཅེས་བྱ་བ་ནི་ཐེག་པ་ཆེན་པོའི་མདོ་སྡེ་ལས་མི་འགལ་བས་མི་ཤིགས་སོ། ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉོན་མོངས་པའི་བདུད་ཀྱིས་མི་གཡོས་སོ། །ཕུང་པོའི་དུད་ཀྱིས་ལྟུང་བར་མི་འགྱུར་རོ། །སྙིང་པོ་བྱང་ཆུབ་ཀྱི་བར་
Ka280a
༄#། །དུ་ལྷའི་བདུད་ཡོད་མོད་ཀྱི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ་།འཆི་བདག་གི་བདུད་ཀྱིས་ཀྱང་མི་ཤིགས་སོ། །རིགས་ཀྱི་བུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་སྤྱོད་པ་ལ་ཤིན་ཏུ་ནན་ཏན་བྱེད་པ་ཞེས་བྱའོ། །རིགས་ཀྱི་བུ། ཅིའི་ཕྱིར་འཕགས་པའི་སྤྱོད་པ་ཞེས་བྱ་ཞེ་ན། འཕགས་པའི་སྤྱོད་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྱོད་པའི་ཕྱིར་ན། འཕགས་པའི་སྤྱོད་པ་ཞེས་བྱའོ། །ཅིའི་ཕྱིར་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ལ་འཕགས་པ་ཞེས་བྱ་ཞེ་ན། དེ་དག་ལ་སོགས་པ་འཕགས་པའི་ཆོས་དང་ལྡན་པའི་ཕྱིར། ཆོས་ཐམས་ཅད་ལ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དུ་རྟོགས་པའི་ཕྱིར། དེ་བས་ན་འཕགས་པ་ཞེས་བྱའོ། །གཞན་ཡང་འཕགས་པའི་ཚུལ་ཁྲིམས་དང་ལྡན་པས་འཕགས་པ་ཞེས་བྱའོ། །འཕགས་པའི་ཏིང་ངེ་འཛིན་དང ། ཤེས་རབ་ཏུ་ལྡན་པས་འཕགས་པ་ཞེས་བྱའོ། །གཞན་ཡང་འཕགས་པའི་ནོར་བདུན་དད་པ་དང ། ཚུལ་ཁྲིམས་དང ། འཛེམ་པ་དང ། ཁྲེལ་བ་དང ། མང་དུ་ཐོས་པ་དང ། ཤེས་རབ་དང ། བཏང་སྙོམས་ཀྱི་ནོར་དང་ལྡན་པས་འཕགས་པ་ཞེས་བྱའོ། །གཞན་ཡང་འཕགས་པའི་ལམ་ཡང་ལག་རྣམ་པ་བདུན་དང་ལྡན་པས་འཕགས་པ་ཞེས་བྱ་སྟེ། དེ་
Ka280b
བས་ན་འཕགས་པའི་སྤྱོད་པ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་སྤྱད་པ་སྤྱོད་པ་ནི། ལུས་འདི་ལ་སྤྱི་བོ་ནས་རྐང་པའི་བར་དུ་བརྟགས་ན། སྐྲ་དང ། སེན་མོ་དང ། སོ་དང ། མི་གཙང་བ་བཙོག་པ། བགས་པ་དང ། ཤ་དང ། རྒྱུས་པ་དང ། རུས་པ་དང ། མཚེར་པ་དང ། མཁལ་མ་དང ། སྙིང་དང ། གློ་བ་དང ། མཆིན་པ་དང ། མཁྲིས་པ་དང ། རྒྱུ་མ་དང ། ཕོ་བ་དང ། ཞུ་བ་དང ། མ་ཞུ་བའི་སྣོད་གཉིས་དང ། བཤང་གཅི་ཆེ་ཆུང་དང ། མཆིལ་མ་དང ། སྣབས་དང ། མཆི་མ་དང ། ཀླད་པ་དང ། ཐོད་པ་དང ། རྐང་དང ། རྣག་དང ། ཁྲག་དང ། རྩ་ལ་སོགས་པ་མི་གཙང་བ་འབའ་ཞིག་གིས་གང་བར་མཐོང་ངོ ། །བྱང་ཆུབ་སེམས་དཔའ་དེ་ལྟར་རྩེ་གཅིག་ཏུ་ཤིན་ཏུ་རྟོག་པ་ན། བདག་ཅེས་བྱ་བ་སུ་དབང ། གང་ན་གནས། བདག་ཅེས་བྱ་བ་སུ་དབང་ཞེས་ཤིན་ཏུ་རྟོག་སྟེ། ཡང་འདི་སྙམ་དུ་སེམས་སོ། །རུས་པ་དེ་བདག་ཡིན་ནམ། རུས་པ་ལས་གཞན་པ་ཞིག་ཡོད་དམ། སྙམ། བྱང་ཆུབ་སེམས་དཔའ་དེའི་ཚེ། བགས་པ་དང ། ཤ་བཏང་སྟེ། ཀེང་རུས་འབའ་ཞིག་ལ་རྟོག་གོ་།ཡང་འདི་སྙམ་དུ་སེམས་ཏེ། རུས་པའི་ཁ་དོག་ཀྱང་རྣམ་པ་ཐ་དད་དེ། སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དང ། ཕུག་རོན་གྱི་གཤོག་པ་ལྟ་བུ་སྟེ། དེ་ལྟར་ན་རུས་པའི་མཚན་ཉིད་ཀྱང་བདག་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན།
Ka281a
༄#། །བདག་ཅེས་བྱ་བ་ནི་སྔོན་པོའམ། སེར་པོའམ། དམར་པོའམ། །དཀར་པོའམ། ཕུག་རོན་གྱི་གཤོག་པ་ལྟ་བུ་མ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་དེ་ལྟར་རྩེ་གཅིག་པའི་སེམས་ཀྱིས་ཤིན་ཏུ་རྟོག་པ་ན། གཟུགས་ལ་འདོད་ཆགས་པ་ཐམས་ཅད་ཞི་བར་འགྱུར་རོ། །ཡང་འདི་སྙམ་དུ་སེམས་ཏེ། རུས་པ་དེའང་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡིན་ཏེ། རྐང་པའི་རྟིང་པའི་རུས་པས་ནི་ལོང་བུའི་རུས་པ་བརྟེན། ལོང་བུས་ནི་རྗེ་ངར་གྱི་རུས་པ་བརྟེན། རྗེ་ངར་གྱི་རུས་པས་ནི་པུས་མོ་བརྟེན། པུས་མོའི་རུས་པས་ནི་བརླའི་རུས་པ་བརྟེན། བརླའི་རུས་པས་ནི་དཔྱིའི་རུས་པ་བརྟེན། དཔྱིའི་རུས་པས་ནི་རྐེད་པའི་རུས་པ་བརྟེན། རྐེད་པའི་རུས་པས་ནི་སྒལ་ཚིགས་ཀྱི་རུས་པ་བརྟེན། སྒལ་ཚིགས་ཀྱི་རུས་པས་ནི་རྩིབ་མའི་རུས་པ་བརྟེན། ཡང་སྒལ་ཚིགས་ཀྱི་རུས་པས་ནི་གཉའ་བའི་རུས་པ་བརྟེན། གཉའ་བའི་རུས་པས་ནི་འགྲམ་པའི་རུས་པ་བརྟེན། འགྲམ་པའི་རུས་པས་ནི་འགྲམ་སོ་དང ། ཐོད་པ་བརྟེན་ཏོ། །ཡང་ལྟག་རུས་ནི་ཕྲག་པའི་རུས་པ་ལ་བརྟེན། ཕྲག་པའི་རུས་པ་ནི་ལག་ངར་གྱི་རུས་པ་ལ་བརྟེན། ལག་ངར་གྱི་རུས་པ་ནི་མཁྲིག་མའི་རུས་པ་ལ་བརྟེན། མཁྲིག་མའི་རུས་པ་ནི་ལག་མཐིལ་གྱི་རུས་པ་ལ་བརྟེན། ལག་མཐིལ་གྱི་རུས་པ་ནི་སོར་མོའི་རུས་པ་ལ་བརྟེན་ཏེ། དེ་ལྟར་རུས་པ་ཐམས་ཅད་གཅིག་ལ་གཅིག་རྟེན་ཅིང་
Ka281b
འབྲེལ་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་རྟོག་པ་ན་ལུས་ཀྱི་རུས་པ་ཐམས་ཅད་སོ་སོ་ནས་འདུག་པར་རྟོགས་སོ། །དེ་ལྟར་ཤིན་ཏུ་རྟོགས་པ་ན་གཟུགས་ལ་ཆགས་པ་དང ། མངའ་བྱད་ལ་ཆགས་པ་དང ། རེག་ན་འཇམ་པའི་ཆགས་པ་རྣམ་པ་གསུམ་པོ་ཡོངས་སུ་སྤོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རུས་པ་སྔོན་པོ་ལ་རྟོག་པ་ནས་ཆེན་པོ་འདི་ལྷོ་བྱང་ཤར་ནུབ་དང ། ཕྱོགས་མཚམས་བཞི་དང ། སྟེང་དང ། འོག་ཀུན་སྔོན་པོར་མཐོང་ངོ ། །སྔོན་པོ་ལ་རྟོག་པ་བཞིན་དུ་སེར་པོ་དང ། དཀར་པོ་དང ། ཕུག་རོན་གྱི་གཤོག་པ་ལྟ་བུའང་དེ་བཞིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་རྟོག་པ་ན་སྨིན་མཚམས་ནས་འོད་ཟེར་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དང ། ཕུག་རོན་གྱི་གཤོག་པ་ལྟ་བུ་བྱུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་འོད་དེ་རེ་རེ་ལས་ཀྱང་སངས་རྒྱས་བཞུགས་པར་མཐོང་ནས། དེ་ལ་ལུས་འདི་མི་གཙང་བའི་རྒྱུ་དང་རྐྱེན་རྟེན་ཅིང་འབྲེལ་ཏེ་འབྱུང་བ་འདྲི་ཞིང་ཞུ་བ་ནི། འདི་ལྟ་སྟེ། ལུས་འདི་འདུག་པ་དང ། ལྡང་བ་དང ། འགྲོ་བ་དང ། སྡོད་པ་དང ། དགུ་བ་དང ། དགྱེ་བ་དང ། ལྟ་བ་དང།་མིག་འཛུམ་པ་དང ། དབུགས་རྒྱུ་བ་དང ། ངུ་བ་དང ། རྒོད་པ་དང ། དགའ་བར་འགྱུར་བ་དེ་ལ་ནི་བདག་པོ་མེད་ན་སུ་ཞིག་དེ་ལྟར་བསྒྱུར་ཞེས་ཞུ་ཞིང་འདྲིའོ། །དེ་སྐད་ཅེས་དྲིས་
Ka282a
༄#། །ནས་འོད་ཀྱི་ནང་ན་བཞུགས་པའི་སངས་རྒྱས་ཀྱང་མོད་ལ་མི་སྣང་བར་གྱུར་ཏོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་བཅུ་དྲུག་པ། ཡང་འདི་སྙམ་དུ་སེམས་ཏེ། འོན་ཏེ་རྣམ་པར་ཤེས་པ་དེ་བདག་ཡིན་ནམ། ཅི་ན་སངས་རྒྱས་རྣམས་ཀྱིས་བདག་ལ་བསྟན་པར་མ་གྱུར་སྙམ་ནས་ཡང་རྣམ་པར་ཤེས་པ་ལ་བརྟགས་ན། རྣམ་པར་ཤེས་པ་ལ་ནི་སྐད་ཅིག་སྐད་ཅིག་ཏུ་ཆུ་བོའི་རྒྱུན་བཞིན་སྐྱེ་ཞིང་འགོག་པས་དེའང་བདག་མ་ཡིན་ནོ། །ཡང་འདི་སྙམ་དུ་སེམས་ཏེ་ཕྱི་ནང་དུ་རྒྱུ་བའི་དབུགས་འདི་ནི་རླུང་ཡིན་ཏེ། རླུང་གི་མཚན་ཉིད་ནི་ཆེན་པོ་བཞི་ཡིན་པས། ཆེན་པོ་བཞི་ལ་བདག་ཅེས་བྱ་བ་གང་ཡིན། སའི་མཚན་ཉིད་ཀྱང་བདག་མ་ཡིན་ལ།་དེ་བཞིན་དུ་ཆུ་དང ། མེ་དང ། རླུང་གི་མཚན་ཉིད་ཀྱང་བདག་ཅེས་བྱ་བ་མ་ཡིན་ནོ་སྙམ་སེམས་སོ། །ཡང་འདི་སྙམ་དུ་སེམས་ཏེ། ལུས་འདི་ལ་ནི་ཐམས་ཅད་ཀྱང་བདག་ཅེས་བྱ་བ་མེད་དེ། སེམས་དང་རླུང་འདུས་ཤིང་ཚོགས་པའི་རྒྱུ་དང་རྐྱེན་ལས་བྱ་བ་རྣམ་པ་སྣ་ཚོགས་མངོན་དུ་སྣང་བར་གྱུར་པ་ནི། དཔེར་ན། སྔགས་ཀྱི་ཕྱིར་རམ། སྒྱུ་མ་མཁན་གྱིས་བྱས་པ་བཞིན་ནོ། །གཞན་ཡང་དགུ་པོ་རྒྱུད་མང་དང་འདྲ་སྟེ། ཡིད་བཞིན་དུ་སྒྲ་འབྱུང་བས་དེས་ན་ལུས་འདི་མི་གཙང་བ་སྟེ། རྒྱུ་དང་རྐྱེན་ཚོགས་པ་ལ་རག་ལུས་པས་གྲུབ་པ་ཡིན་
Ka282b
ན་ཆགས་སུའང་ཅི་ཞིག་ཡོད། གལ་ཏེ་ཕ་རོལ་པོས་གཤེའམ་སྤྱོ་ནའང་ཞེ་སྡང་བསྐྱེད་དུའང་ཅི་ཞིག་ཡོད་དེ། བདག་གི་ལུས་འདི་ནི་མི་གཙང་བ་རྣམ་པ་སུམ་ཅུ་རྩ་དྲུག་གིས་ཡོངས་སུ་གང་ན་གཤེ་ཞིང་སྤྱོ་བ་དེའང་ཅི་ལ་གནས། གཤེ་བ་ཐོས་ནའང་འདི་སྙམ་དུ་སེམས་ཏེ། སྒྲ་སྐད་གང་གིས་སྤྱོ་པར་འགྱུར་སྙམ། སྒྲ་སྐད་ཀུན་ལ་སོ་སོར་བརྟགས་ན་གཤེ་བ་ཡོད་པར་མི་མཐོང་སྟེ། གཅིག་ལ་མེད་པ་བཞིན་མང་པོ་ལའང་དེ་དང་འདྲ་སྟེ། དེ་བས་ན་ཞེ་སྡང་མི་སྐྱེའོ། །གལ་ཏེ་ཕ་རོལ་པོས་བརྡེགས་ནའང་འདི་སྙམ་དུ་སེམས་ཏེ། འདི་ལྟར་བརྡེགས་པ་འདི་ཅི་ལས་བྱུང་སྙམ་བརྟགས་ན་ལག་པ་དང ། སྟོབས་དང ། དབྱིག་པ་དང ། བདག་གི་ལུས་ཚོགས་པ་ལས་རྡེག་པ་ཞེས་བྱ་བ་བྱུང་ན། ཅིའི་ཕྱིར་ཕ་རོལ་ལ་ཁྲོས། འདི་ནི་བདག་གི་ལུས་ཡོད་པས་ན་འདི་འདྲ་བ་མྱོང་བར་གྱུར་ཏེ། བདག་གི་ཕུང་པོ་ལྔའི་ལུས་འདི་ཡོད་པ་ལས་འདི་འདྲ་བར་གྱུར་ཏོ། །དཔེར་ན། འབེན་ཡོད་པའི་རྐྱེན་གྱིས་མདའ་འོང་བ་དང་འདྲ་བར་བདག་གི་ལུས་ཀྱང་དེ་དང་འདྲ་སྟེ། ལུས་ཡོད་པས་ན་རྡེག་པ་ཡོད་དེ། གལ་ཏེ་བདག་གིས་བཟོད་པ་མ་བྱས་ན་སེམས་འཁྲུག་པར་འགྱུར་རོ། །གལ་ཏེ་སེམས་འཁྲུགས་ན་ཡང་དག་པའི་དྲན་པ་ཉམས་པར་འགྱུར། གལ་ཏེ་ཡང་དག་པའི་དྲན་པ་ཉམས་ན། དགེ་བ་དང་མི་དགེ་བའི་དོན་མི་རྟོགས་སོ། །དགེ་བ་དང་མི་དགེ་བའི་དོན་མི་རྟོགས་ན་ཁ་ན་མ་ཐོ་བའི་ཆོས་སྤྱོད་པར་འགྱུར་རོ། །ཁ་ན་
Ka283a
༄#། །མ་ཐོ་བའི་ཆོས་བྱས་ན་སེམས་ཅན་དམྱལ་བ་དང ། བྱོལ་སོང་གི་སྐྱེ་གནས་དང ། ཡི་དྭགས་ཀྱི་ཁམས་སུ་ལྟུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེའི་ཚེ་དེ་ལྟར་རྟོགས་པས་དྲན་པ་ཉེ་བར་བཞག་པ་བཞི་ཐོབ་པར་འགྱུར་རོ། །དྲན་པ་ཉེ་བར་བཞག་པ་བཞི་ཐོབ་པས་ཤིན་ཏུ་བཟོད་པའི་ས་ལ་གནས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ས་དེ་ལ་གནས་ན། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ལ་བཟོད་དོ། །གཞན་ཡང་གྲང་བ་དང ། ཚ་བ་དང ། བྲུ་བ་དང ། སྐོམ་པ་དང ། སྦྲང་མ་དང ། མཆུ་སྨྱུང་དང ། རླུང་དང ། རེག་བྱ་ཡིད་དུ་མི་འོང་བ་དང ། ནད་རྣམ་པ་སྣ་ཚོགས་དང ། ཚིག་ངན་པས་གཤེ་བ་དང ། སྤྱོ་བ་དང ། རྡེག་པ་དང ། འཚོག་པ་དང།་གཞུ་བ་དང ། མདོར་ན་ལུས་དང་སེམས་སྡུག་བསྔལ་བར་འགྱུར་བ་ཐམས་ཅད་ལ་བཟོད་དོ། །དེ་བས་ན་ཤིན་ཏུ་བཟོད་པའི་ས་ལ་གནས་པ་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་སྲུང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་མི་གཡོ་བའི་ས་ལ་གནས་པར་མ་གྱུར་གྱི་བར་དུ་ཚུལ་ཁྲིམས་ཡོངས་སུ་དག་པར་བསྲུང་བ་ན་རྒྱུ་དང་རྐྱེན་གང་གིས་ཚུལ་ཁྲིམས་ཉམས་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཡོད་
Ka283b
དོ། །བྱང་ཆུབ་སེམས་དཔའ་མི་གཡོ་བའི་ས་ལ་གནས་པར་མ་གྱུར་གྱི་བར་དུ་རྒྱུ་དང་རྐྱེན་གྱིས་ཚུལ་ཁྲིམས་ཉམས་པར་གྱུར་པ་ཡོད་དོ། །འོད་སྲུང ། ངོ་མཚར་དུ་གྱུར་ནས་དེ་གང་ལགས་ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་བདག་གི་ཚུལ་ཁྲིམས་ཉམས་པར་གྱུར་པ་དེའི་རྒྱུ་དེའི་རྐྱེན་གྱིས། ཕ་རོལ་པོ་གཞན་དག་ཐེག་པ་ཆེན་པོའི་མདོ་སྡེ་ལ་མོས་ཤིང་དད་པས་འཆང་ཞིང་འཛིན་པར་འགྱུར་རམ། ཕ་རོལ་པོ་གཞན་དག་ཀློག་པ་དང ། འདོན་པ་དང ། ཁོང་དུ་ཆུད་པར་བྱེད་པ་དང ། གླེགས་བམ་དུ་འདྲི་བར་འགྱུར་བ་དང ། གཞན་དག་ལ་ཡང་རྒྱས་པར་སྟོན་ཅིང་འཆད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་ཙམ་གྱི་ཚོད་ན། དེའི་ཕྱིར་ཚུལ་ཁྲིམས་ཉམས་པར་བྱེད་དེ། བྱང་ཆུབ་སེམས་དཔའ་དེའི་ཚེ་འདི་སྙམ་དུ་སེམས་སོ། །བདག་བསྐལ་པ་གཅིག་གམ། བསྐལ་པ་གཅིག་འགྲིབས་ཀྱི་བར་དུ་མཚམས་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་ཡང་བླའི། ཕ་རོལ་པོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་དགོད་པར་བྱེད་དོ། །འོད་སྲུང ། དེའི་རྒྱུ་དེའི་རྐྱེན་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དག་ཉམས་པར་འགྱུར་རོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་
Ka284a
༄#། །དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔས་ཕ་རོལ་པོ་བྱང་ཆུབ་ཀྱི་སེམས་ལས་ཕྱིར་མི་ལྡོག་པར་བསྐྱབ་ཅིང་བསྡུ་བའི་སླད་དུ་ཚུལ་ཁྲིམས་ཉམས་ཀྱང་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་བའི་གནས་མ་མཆིས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་བཀའ་སྩལ་པ། ལེགས་སོ། །ཤིན་ཏུ་ལེགས་སོ། །ཁྱོད་ཀྱིས་སྨྲས་པ་བཞིན་ནོ། །ང་ཡང་སྔོན་ཛམྦུའི་གླིང་འདིར་རྒྱལ་པོ་ཆེན་པོ་དྲང་སྲོང་ཞེས་བྱ་བར་གྱུར་པས་ན་ཐེག་པ་ཆེན་པོའི་མདོ་སྡེ་ལ་བསྟི་སྟང་དང་བཅས་པས་ཤིན་ཏུ་དད་ཅིང་མོས་ཏེ། སེམས་དགེ་བ་འབའ་ཞིག་ལ་བརྩོན་པས་ཁ་ན་མ་ཐོ་བའི་ལས་ཕྲག་དོག་དང་སེར་སྣའི་བག་མེད་དེ། ངག་གི་ལས་ཀྱིས་ནི་རྟག་ཏུ་ངག་སྙན་པ་དང ། དགེ་བའི་ཆོས་སྨྲ་ཞིང་སྟོན་ཏོ། །ལུས་ཀྱིས་ཀྱང་དབུལ་ཕོངས་པ་མགོན་དང་སྐྱབས་མེད་པའི་དཔུང་གཉེན་བྱས་ཏེ། སྦྱིན་པ་ལ་བར་ཆད་མེད་པར་བརྩོན་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་འཇིག་རྟེན་ན་སངས་རྒྱས་ཀྱང་མི་བཞུགས། ཉན་ཐོས་དང ། རང་སངས་རྒྱས་ཀྱང་མེད་དེ། དེའི་ཚེ་ན་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་དད་ཅིང་མོས་པའི་ཕྱིར་ངས་ལོ་བཅུ་གཉིས་ཀྱི་བར་དུ་བྲམ་ཟེའི་གཡོག་བྱས་ཏེ། ཡོ་བྱད་ཅི་འདོད་པ་སྦྱར་ཏོ། །
Ka284b
ལོ་བཅུ་གཉིས་ཀྱི་བར་དུ་བདེ་བ་བྱིན་ནས་སྟོན་པ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ། སྟོན་པ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག་ཅེས་སྨྲས་སོ། །བྲམ་ཟེ་སྨྲས་པ། རྒྱལ་པོ་ཆེན་པོ། བྱང་ཆུབ་ཀྱི་མཚན་ཉིད་ནི་ཅིའང་མེད་པ་སྟེ། ཐེག་པ་ཆེན་པོའི་མདོ་སྡེའང་དེ་དང་འདྲ་བ་ཡིན་ན། རྒྱལ་པོ་ཆེན་པོ། ཅིའི་ཕྱིར་མི་ཞེས་བྱ་བ་བཀུར་བཀུར་ཏེ། ནམ་མཁའ་དང་མཉམ་ཞེས་སྨྲས་སོ། །རིགས་ཀྱི་བུ། ང་དེའི་ཚེ་ཐེག་པ་ཆེན་པོ་ལ་ཤིན་ཏུ་མོས་པས་བྲམ་ཟེས་ཤིན་ཏུ་རྒྱས་པ་ལ་སྐུར་པའི་ཚིག་དེ་ཐོས་ནས། དེའི་ཚེ་ན་ངས་བྲམ་ཟེ་དེའི་སྲོག་བཅད་དོ། །རིགས་ཀྱི་བུ། དེའི་རྒྱུ་དེའི་རྐྱེན་གྱིས་དེ་ཚུན་ཆད་སེམས་ཅན་དམྱལ་བར་མ་སྐྱེས་སོ། །རིགས་ཀྱི་བུ། ཐེག་པ་ཆེན་པོའི་མདོ་སྡེ་ལ་བསྲུང་ཞིང་བསྐྱབ་པའི་མཐུ་སྟོབས་ནི་དེ་ལྟར་ཚད་མེད་དོ། །འོད་སྲུང ། གཞན་ཡང་འཕགས་པའི་སྤྱོད་པ་ནི། འདི་ལྟ་སྟེ། འཕགས་པའི་བདེན་པ་བཞིའོ། །དེའང་གང་ཞེ་ན། སྡུག་བསྔལ་དང ། ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ནི་འཕགས་པའི་བདེན་པ་བཞི་ཞེས་བྱའོ། །འོད་སྲུང ། སྡུག་བསྔལ་ཞེས་བྱ་བ་ནི་ཤ་ཐང་ཞིང་གདུང་བའི་མཚན་ཉིད་དོ། །ཀུན་འབྱུང་བ་ནི་སྐྱེ་ཞིང་འཕེལ་བའི་མཚན་ཉིད་དོ། །འགོག་པ་ནི་ཞི་བ་འགོག་པའི་མཚན་ཉིད་དོ། །ལམ་ནི་ཐེག་པ་ཆེན་པོའི་མཚན་ཉིད་དོ། །རིགས་ཀྱི་བུ།
Ka285a
༄#། །གཞན་ཡང་སྡུག་བསྔལ་ནི་མངོན་དུ་སྣང་བའི་མཚན་ཉིད་དོ། །ཀུན་འབྱུང་བ་ནི་འགྱུར་བའི་མཚན་ཉིད་དོ། །འགོག་པ་ནི་བསལ་བའི་མཚན་ཉིད་དོ། ། ལམ་ནི་བསལ་བར་འགྱུར་བའི་མཚན་ཉིད་དོ། །རིགས་ཀྱི་བུ། གཞན་ཡང་སྡུག་བསྔལ་ལ་རྣམ་པ་གསུམ་སྟེ། སྡུག་བསྔལ་བའི་སྡུག་བསྔལ་དང ། འདུ་བྱེད་ཀྱི་སྡུག་བསྔལ་དང།་འགྱུར་པའི་སྡུག་བསྔལ་ལོ། །ཀུན་འབྱུང་ནི་སྲིད་པ་ཉི་ཤུ་རྩ་ལྔའོ། །འགོག་པ་ནི་སྲིད་པ་ཉི་ཤུ་རྩ་ལྔ་འགོག་པའོ། །ལམ་ནི་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་བསྒོམ་པའོ། །རིགས་ཀྱི་བུ། གཞན་ཡང་ཟག་པ་དང་བཅས་པའི་ཆོས་ལའང་རྒྱུ་དང་བཅས། འབྲས་བུ་དང་བཅས་པ་རྣམ་པ་གཉིས་ཡོད་དོ། །ཟག་པ་མེད་པའི་ཆོས་ལའང་རྒྱུ་དང་བཅས། འབྲས་བུ་དང་བཅས་པ་རྣམ་པ་གཉིས་ཡོད་དོ། །ཟག་པ་དང་བཅས་པ་འབྲས་བུ་དང་བཅས་པ་ནི་སྡུག་བསྔལ་ཞེས་བྱའོ། །ཟག་པ་དང་བཅས་པའི་རྒྱུ་དང་བཅས་པ་ནི་ཀུན་འབྱུང་ཞེས་བྱའོ། །ཟག་པ་མེད་པའི་འབྲས་བུ་དང་བཅས་པ་ནི་འགོག་པ་ཞེས་བྱའོ། །ཟག་པ་མེད་པའི་རྒྱུ་དང་བཅས་པ་ནི་ལམ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་མཚན་ཉིད་རྣམ་པ་འདི་བརྒྱད་ནི་སྡུག་བསྔལ་ཞེས་བྱའོ། །འདི་ལྟ་སྟེ། སྐྱེ་བའི་སྡུག་བསྔལ་དང ། རྒ་བའི་སྡུག་བསྔལ་དང ། ན་བའི་སྡུག་བསྔལ་དང ། ཤི་བའི་སྡུག་བསྔལ་དང ། འདོད་པ་དང་བྲལ་བའི་
Ka285b
སྡུག་བསྔལ་དང ། དགྲ་སྡང་བ་དང་ཕྲད་པའི་སྡུག་བསྔལ་དང ། འདོད་པ་མི་རྙེད་པའི་སྡུག་བསྔལ་དང ། ཕུང་པོ་ལྔའི་སྡུག་བསྔལ་སྟེ། གང་སྡུག་བསྔལ་བརྒྱད་པོ་འདི་དག་སྐྱེ་བར་བྱེད་པ་ནི་ཀུན་འབྱུང་ཞེས་བྱའོ། །ཆོས་འདི་དག་གི་གནས་ཀྱང་མེད་པ་ནི་འགོག་པ་ཞེས་བྱའོ། །སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། དྲན་པ་ཉེ་བར་གཞག་པ་གསུམ་དང ། སྙིང་རྗེ་ཆེན་པོ་ནི་ལམ་ཞེས་བྱའོ། །རིགས་ཀྱི་བུ། སྐྱེ་བ་ཞེས་བྱ་བ་ནི་འབྱུང་བའི་མཚན་ཉིད་དེ། དེའང་རྣམ་པ་ལྔའོ། །འདི་ལྟ་སྟེ། ཐོག་མ་བྱུང་བ་དང ། ཐ་མར་ཟད་པ་དང ། འཕེལ་ཞིང་སྐྱེ་པ་དང ། མངལ་ནས་བྱུང་བ་དང ། རིགས་ལས་སྐྱེས་པའོ། །རྒས་ཞེས་བྱ་བ་ནི་རྒས་པ་ལ་རྣམ་པ་གཉིས་ཏེ། སྐད་ཅིག་སྐད་ཅིག་ཏུ་རྒས་པ་དང ། མཐར་རྒས་པའོ། །ཡང་རྣམ་པ་གཉིས་ཏེ། སྐྱེ་ཞིང་འཕེལ་བས་རྒས་པ་དང ། འགོག་ཅིང་ཞིགས་པས་རྒས་པ་ནི་རྒས་པ་ཞེས་བྱའོ། །ན་བ་ཞེས་བྱ་བ་གང་ཞེ་ན། ན་བ་ནི་ཆེན་པོ་བཞི་ཡི་སྦྲུལ་གདུག་པ་ཤས་མི་མཉམ་པ་ལས་ནད་དུ་གྱུར་ཏེ། དེའང་རྣམ་པ་གཉིས་སོ། །ལུས་ན་བ་དང ། སེམས་ན་བ་སྟེ། ལུས་ན་བ་ལའང་རྣམ་པ་ལྔའོ། །བད་ཀན་ལས་གྱུར་པ་དང ། རླུང་ལས་གྱུར་པ་དང ། མཁྲིས་པ་ལས་གྱུར་པ་དང ། འདུས་པ་ལས་ནད་དུ་གྱུར་པ་དང ། བག་མ་བྱས་པ་ལས་ནད་དུ་གྱུར་པའོ། །བག་མ་བྱས་པའི་ནད་ལའང་རྣམ་པ་བཞི་སྟེ། ཉམས་ཀྱིས་མི་ལྕོགས་བཞིན་དུ་བྱེད་
Ka286a
༄#། །པ་དང ། གཡང་དུ་ལྟུང་བ་དང ། རྡོ་དབྱུག་དང་མཚོན་གྱིས་ཕོག་པ་དང ། མི་མ་ཡིན་པས་བརླམས་པའོ། །སེམས་ན་བ་ལའང་རྣམ་པ་བཞི་སྟེ། ཤིན་ཏུ་དགའ་བ་ལས་གྱུར་པ་དང ། འཇིགས་སྐྲག་པ་ལས་གྱུར་པ་དང ། མྱ་ངན་བྱེད་པ་ལས་གྱུར་པ་དང ། གཏི་མུག་ལས་གྱུར་པའོ། །རིགས་ཀྱི་བུ། གཞན་ཡང་ལུས་ན་བ་དང ། སེམས་ན་བ་ལ་རྣམ་པ་གསུམ་སྟེ། ལས་ཀྱི་རྣམ་པར་སྨིན་པ་དང ། སྡིག་པའི་གཉེན་པོ་མ་སྤངས་པ་དང ། དུས་ལས་གྱུར་པ་སྟེ། དེ་དག་ལ་སོགས་པ་ལས་རྒྱུ་དང ། རྐྱེན་དང ། མིང་དུ་འདོགས་པ་དང ། རྣམ་པ་ཐ་དད་པའི་ནད་སྐྱེས་པར་གྱུར་ཏོ། །རྒྱུ་རྐྱེན་ལས་གྱུར་པ་ནི་རླུང་ལ་སོགས་པའི་ནད་རྣམས་སོ། །མིང་དུ་འདོགས་པ་ནི་སེམས་མྱོས་པ་དང ། གློ་ན་བ་དང།་དབུགས་མི་བདེ་བ་དང ། སྐྱུག་བྲོ་བ་དང ། སྙིང་སྟོར་ལྡང་བ་དང ། ཚད་པར་འཁྲུ་བའོ། །རྣམ་པ་ཐ་དད་པ་ནི་ཀླད་པ་ན་བ་དང ། མིག་ན་བ་དང ། རྐང་ལག་ལ་སོགས་པ་ན་བ་སྟེ། དེ་དག་ནི་ན་བ་ཞེས་བྱའོ། །ཤི་བ་ཞེས་བྱ་བ་གང་ཞེ་ན། བདག་གི་ལུས་བླངས་པ་དེ་དང་བྲལ་བའོ། །ལུས་བླངས་པ་དང་བྲལ་བ་ལའང་རྣམ་པ་གཉིས་ཏེ། ཚེ་ཟད་ནས་ཤི་བ་དང ། ཕྱི་རོལ་གྱི་རྐྱེན་གྱིས་ཤི་བའོ། །ཚེ་ཟད་དེ་ཤི་བ་ལའང་རྣམ་པ་གསུམ་སྟེ། ཚེ་ཟད་ལ་བསོད་ནམས་མི་ཟད་པ་དང ། བསོད་ནམས་ནི་ཟད་ལ་ཚེ་མ་ཟད་པ་དང །
Ka286b
བསོད་ནམས་དང་ཚེ་གཉིས་ཀ་ཟད་པའོ། །ཕྱི་རོལ་གྱི་རྐྱེན་གྱིས་ཤི་བ་ལའང་རྣམ་པ་གསུམ་སྟེ། མི་རིགས་པར་བདག་ལྕེབས་ཏེ་ཤི་བ་དང ། ཕ་རོལ་པོ་གཞན་གྱིས་བསད་པ་དང ། གཉིས་ཀ་དང་བཅས་ཏེ་ཤི་བའོ། །གཞན་ཡང་ཤི་བ་ལ་རྣམ་པ་གསུམ་ཡོད་དེ། བག་མེད་པས་ཤི་བ་དང ། ཚུལ་ཁྲིམས་ཉམས་པས་ཤི་བ་དང ། ཚེའི་དབང་པོ་ཞིག་སྟེ་ཤི་བའོ།། དེ་ལ་བག་མེད་པས་ཤི་བ་གང་ཞེ་ན། ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐུར་པ་ནི་བག་མེད་པས་ཤི་བ་ཞེས་བྱའོ། །ཚུལ་ཁྲིམས་ཉམས་ཏེ་ཤི་བ་གང་ཞེ་ན། འདས་པ་དང ། མ་འོངས་པ་དང ། ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ཀྱིས་བཅས་པའི་ཚུལ་ཁྲིམས་བཤིག་པ་ནི་ཚུལ་ཁྲིམས་ཉམས་ཏེ་ཤི་བ་ཞེས་བྱའོ། །ཚེའི་དབང་པོ་ཞིག་སྟེ་ཤི་བ་གང་ཞེ་ན། ཕུང་པོ་ལྔའི་ལུས་དང་བྲལ་བ་ནི་ཚེའི་དབང་པོ་ཞིག་ནས་ཤི་བ་ཞེས་བྱ་སྟེ། དེ་དག་ནི་ཤི་བའི་སྡུག་བསྔལ་ཆེན་པོ་ཞེས་བྱའོ། །འདོད་པ་དང་བྱེ་བྲལ་བའི་སྡུག་བསྔལ་གང་ཞེ་ན། གང་ཡིད་དུ་འོང་ཞིང་འདོད་པའི་དབང་པོ་ཞིག་གམ་བྲལ་ལམ་གྱེས་པར་གྱུར་པའོ། །ཡིད་དུ་འོང་ཞིང་འདོད་པའི་དངོས་པོ་དང་བྱེ་བྲལ་བ་ལའང་རྣམ་པ་གཉིས་ཏེ། མིའི་ནང་ན་ཕུང་པོ་ལྔ་ཞིག་པ་དང ། ལྷའི་ནང་ན་ཕུང་པོ་ལྔ་དང་བྲལ་བའོ། །དེ་ལྟར་ལྷ་དང་མི་ལ་འདོད་པའི་ཕུང་པོ་ལྔ་ནི་རྣམ་པར་ཕྱེ་ན་ཚད་མེད་དེ། མདོར་ན་དེ་དག་ནི་
Ka287a
༄#། །འདོད་པ་དང་བྱེ་བྲལ་བའི་སྡུག་བསྔལ་བ་ཞེས་བྱའོ། །དགྲ་སྡང་བ་དང་ཕྲད་པའི་སྡུག་བསྔལ་གང་ཞེ་ན། གང་ཡིད་དུ་མི་འོང་ཞིང་མི་འདོད་པ་དང་འདུས་ཤིང་ཕྲད་པའོ། །ཡིད་དུ་མི་འོང་ཞིང་མི་འདོད་པ་དང་ཕྲད་པ་ལའང་རྣམ་པ་གསུམ་སྟེ། སེམས་ཅན་དམྱལ་བ་དང ། ཡི་དྭགས་དང ། བྱོལ་སོང་གི་སྐྱེ་གནས་སོ། །དེ་ལྟར་ངན་སོང་གསུམ་པོའང་རྣམ་པར་དབྱེ་ན་ཚད་མེད་མོད་ཀྱི། མདོར་ན་དེ་དག་ནི་དགྲ་སྡང་བ་དང་ཕྲད་པའི་སྡུག་བསྔལ་བ་ཞེས་བྱའོ། །འདོད་པ་མི་རྙེད་པའི་སྡུག་བསྔལ་གང་ཞེ་ན། འདོད་པ་མི་རྙེད་པའི་སྡུག་བསྔལ་ལའང་རྣམ་པ་གཉིས་ཏེ། རེ་བའི་གནས་ནས་འདོད་པ་མི་རྙེད་པ་དང ། ལས་མང་དུ་བྱས་ནས་འབྲས་བུ་དོན་དུ་མ་གྲུབ་པ་ནི་འདོད་པ་མི་རྙེད་པའི་སྡུག་བསྔལ་ཞེས་བྱའོ། །ཕུང་པོ་ལྔའི་སྡུག་བསྔལ་གང་ཞེ་ན། ཕུང་པོ་ལྔའི་སྡུག་བསྔལ་ནི། སྐྱེ་བའི་སྡུག་བསྔལ་དང ། རྒ་བའི་སྡུག་བསྔལ་དང ། ན་བའི་སྡུག་བསྔལ་དང ། ཤི་བའི་སྡུག་བསྔལ་དང ། འདོད་པ་དང་བྱེ་བྲལ་བའི་སྡུག་བསྔལ་དང ། དགྲ་སྡང་བ་དང་ཕྲད་པའི་སྡུག་བསྔལ་ནི་ཕུང་པོ་ལྔའི་སྡུག་བསྔལ་ཞེས་བྱའོ། །འོད་སྲུང ། སྐྱེ་བའི་དངོས་པོ་ལ་དེ་ལྟར་རྒ་བའི་སྡུག་བསྔལ་ནས་ཕུང་པོ་ལྔའི་སྡུག་བསྔལ་གྱི་བར་དུ་སྡུག་བསྔལ་རྣམ་པ་བདུན་ཡོད་དོ། །འོད་སྲུང ། རྒུད་པ་དང ། རྒ་བ་ནི་ཐམས་ཅད་ལ་ཡོད་
Ka287b
པ་མ་ཡིན་ཏེ། སངས་རྒྱས་དང ། ལྷ་རྣམས་ལ་ནི་ངེས་པར་མེད་དོ། །མི་ལ་གཅིག་ཏུ་མ་ཆད་དེ། ལ་ལ་ལ་ཡོད། ལ་ལ་ལ་མེད་དོ། །འོད་སྲུང ། ཁམས་གསུམ་གྱི་ལུས་སུ་གྱུར་པ་ནི་མི་སྐྱེ་བ་མེད་དེ། རྒ་བ་ནི་གཅིག་ཏུ་མ་ཆད་དོ། །དེ་བས་ན་ཐམས་ཅད་ཀྱང་སྐྱེ་བ་ནི་རྩ་བར་འགྱུར་རོ། །འོད་སྲུང ། འཇིག་རྟེན་གྱི་སེམས་ཅན་དག་ནི་ཕྱིན་ཅི་ལོག་གིས་བསྒྲིབས་པས་ན། སྐྱེ་བ་ལ་ནི་འདོད་ཅིང་ཆགས་ཀྱི། རྒ་བ་དང ། འཆི་བ་ནི་མི་འདོད་དོ། །འོད་སྲུང ། བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ཏེ། ཐོག་མ་སྐྱེ་བ་ནས་སྐྱོན་དུ་རྟོགས་སོ། །འོད་སྲུང ། དཔེར་ན། མི་ཞིག་གི་ཁྱིམ་དུ་བུད་མེད་བཟང་མོ་བལྟ་ན་སྡུག་པ་ཤིན་ཏུ་མཛེས་པ་ཚུལ་དུ་ཤིས་པ་རྒྱན་བཟང་པོས་ཡོངས་སུ་བརྒྱན་པ་ཞིག་འོངས་ནས། ཁྱིམ་བདག་གིས་དེ་ལ་འདི་སྐད་ཅེས་འདྲིའོ། །བུད་མེད་ཁྱོད་མིང་ཅི། སུ་དབང་ཞེས་དྲིས་ན། བུད་མེད་དེས་ཁོ་མོ་ནི་ལྷ་ཆེན་མོ་བཀྲ་ཤིས་མ་ཡིན་ནོ་ཞེས་སྨྲའོ། །ཁྱིམ་བདག་གིས་ཡང་དྲིས་པ། ཁྱོད་མིའི་ཁྱིམ་དུ་འོངས་ན་ཅི་དང་ཅི་ནུས། བུད་མེད་དེས་སྨྲས་པ། ཁོ་མོ་ནི་གར་འོངས་པར་ཁྱིམ་བདག་དེ་ལ་གསེར་དང ། དངུལ་དང ། བཻ་ཌཱུརྱ་དང ། ཤེལ་དང ། མུ་ཏིག་དང ། བྱུ་རུ་དང ། སྦུར་ལོང་དང ། སྨ་གརྦྷ་དང།་མུ་ས་ལ་གརྦྷ་ལ་སོགས་པའི་རིན་པོ་ཆེ་རྣམ་པ་མང་པོ་དང ། བལ་གླང་དང ། རྟ་དང ། ཤིང་རྟ་དང ། བྲན་ཕོ་དང ། བྲན་མོ་ལས་བྱེད་པའི་མི་བདོག་པར་འོང་ངོ ། །ཁྱིམ་བདག་གིས་
Ka288a
༄#། །དེ་སྐད་ཀྱི་ཚིག་ཐོས་ནས་ཤིན་ཏུ་དགའ་མགུ་རངས་ཏེ། བདག་ཅག་གི་བསོད་ནམས་སྨིན་པས་ལྷ་མོ་ཁྱོད་བདག་གི་ཁྱིམ་དུ་འོངས་ཞེས་སྨྲས་ནས། སྤོས་དང ། མེ་ཏོག་གིས་མཆོད་དེ། བསྟི་སྟང་དང་བཅས་པས་ཕྱག་བྱེད་དོ། །དེའི་སྒོ་ནའང་བུད་མེད་ཤིན་ཏུ་མི་སྡུག་པ་གོས་ཧྲུལ་པོ་དྲི་མ་ཅན་གྱོན་པ། པགས་པ་རྩུབ་པ་མདོག་ངན་པ་གཅིག་ཀྱང་འོངས་ནས་ཁྱིམ་བདག་གིས་བུད་མེད་དེ་ལ་ཁྱོད་ཀྱི་མིང་ཅི། སུ་དབང་ཞེས་དྲིས་སོ། །བུད་མེད་དེས་སྨྲས་པ། ཁོ་མོའི་མིང་ནི་སྣ་ནག་མོ་ཞེས་བྱའོ། །དེས་སྨྲས་པ། ཁྱོད་ཀྱི་མིང་ཅིའི་ཕྱིར་སྣ་ནག་མོ་ཞེས་བྱ། བུད་མེད་དེས་སྨྲས་པ། ཁོ་མོ་གང་དུ་འོངས་པ་དེའི་ཁྱིམ་ན་ནོར་རིན་པོ་ཆེ་དང ། ལོངས་སྤྱོད་ཐམས་ཅད་མེད་པར་འགྱུར་བས་ན་སྣ་ནག་མོ་ཞེས་བྱའོ། །ཁྱིམ་བདག་གིས་དེ་སྐད་ཐོས་ནས་མཚོན་རྣོན་པོ་ཐོགས་ཏེ་བུད་མེད་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་མྱུར་དུ་སོང་ཞིག་།མི་འགྲོ་ན་ཁྱོད་གསད་དོ་ཞེས་བྱས་སོ། །བུད་མེད་དེས་སྨྲས་པ། ཁྱོད་ནི་ཤིན་ཏུ་གླེན་པ་ཤེས་པ་མེད་པ་ཡིན་ནོ། །ཁྱིམ་བདག་གིས་སྨྲས་པ། བདག་ཅིའི་ཕྱིར་གླེན་པ་ཤེས་པ་མེད་པ་ཡིན། བུད་མེད་དེས་སྨྲས་པ། ད་ལྟར་ཁྱོད་ཀྱི་ཁྱིམ་ན་འདུག་པ་དེ་ཁོ་མོའི་ནུ་མོ་ཡིན་ཏེ། གར་འགྲོའང་འགྲོགས་དགོས་ན། གལ་ཏེ་ཁོ་མོ་སྐྲོད་ན་ནང་ན་འདུག་པའང་སྐྲོད་ཅིག་།མི་དེ་ཕྱིར་ཁྱིམ་དུ་
Ka288b
སོང་ནས་ལྷ་བཀྲ་ཤིས་མ་ལ་འདི་སྐད་དུ་སྒོ་ན་བུད་མེད་ཅིག་ལྷའི་ནུ་མོ་ཞེས་ཟེར་ན་ཡིན་ནམ། བཀྲ་ཤིས་མས་སྨྲས་པ། དེ་ནི་ཁོ་མོའི་ནུ་མོ་ཡིན་ཏེ། གང་སོང་ཡང་ལྷན་ཅིག་འགྲོགས་ཏེ་འབྲལ་མ་མྱོང་ངོ ། །གར་སོང་ཡང་བདག་ནི་ལེགས་པར་དགའ་སྟེ་ལེགས་པར་བྱེད། ཕན་པར་བྱེད་ཀྱི། ནུ་མོ་ནི་རྟག་ཏུ་ཉེས་པར་དགའ་ཞིང་ཉེས་པར་བྱེད། གནོད་པར་བྱེད་དོ། །ཅི་སྟེ་བདག་འདོད་ན། དེའང་འདོད་པར་བྱ་དགོས་སོ། །བདག་ལ་བསྟི་སྟང་བྱེད་ན། དེ་ལའང་བསྟི་སྟང་བྱ་དགོས་སོ། །ཁྱིམ་བདག་དེས་དེ་སྐད་སྨྲས་པ་ཐོས་ནས། འདི་སྐད་ཅེས་སྨྲས་སོ། །དེ་ལྟར་ལེགས་པ་དང་ཉེས་པ་གཉིས་ཡོད་ན། གཉིས་ཀ་ཁོ་བོ་ལ་མི་དགོས་ཀྱི། གར་དགའ་བར་དེང་ཞིག་ཅེས་བསྒོའོ། །དེ་ནས་བུད་མེད་དེ་གཉིས་ཀྱང་ཕྱིར་གནས་སུ་སོང་ནས། དེའི་ཚེ་ཁྱིམ་བདག་དེ་རབ་ཏུ་དགའ་མགུ་རངས་པར་གྱུར་ཏོ། །དེ་ནས་བུད་མེད་དེ་གཉིས་ཡང་འགྲོགས་ཏེ། དབུལ་པོ་ཞིག་གི་ཁྱིམ་དུ་སོང་ནས་དབུལ་པོ་དེ་རབ་ཏུ་དགའ་སྟེ། དེ་གཉིས་ཀ་ལ་འདི་སྐད་ཅེས་སྨྲས་སོ། །ད་ཕྱིན་ཆད་ཁྱོད་གཉིས་རྟག་ཏུ་བདག་གི་ཁྱིམ་ན་འདུག་ཅིག་།བཀྲ་ཤིས་མས་སྨྲས་པ། བདག་ཅག་གཉིས་སྔར་ཡང་གཞན་གྱིས་བསྐྲད་པ་ཡིན་ན། ད་ཅིའི་ཕྱིར་ཁྱོད་ཀྱིས་བདག་ཅག་གཉིས་ཀ་འདུག་ཅེས་སྨྲ། དབུལ་པོས་སྨྲས་པ། ཁྱོད་ཀྱིས་བདག་ལ་དགོངས་ཤིག་དང ། བདག་ནི་ཁྱོད་ཀྱི་ཕྱིར་འདི་ལའང་རིམ་གྲོ་བྱེད་ན། དེ་བས་ན་གཉིས་ཀ་འདུག་པར་
Ka289a
༄#། །གསོལ་བ་བྱེད་པ་ཡིན་ནོ། །འོད་སྲུང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། ལྷར་སྐྱེ་བར་མི་འདོད་དོ། །སྐྱེས་པས་ན་རྒ་བ་དང།་ན་བ་དང ། འཆི་བ་ཡོད་དེ། དེ་བས་ན་གཉི་ག་སྤོང་སྟེ་མི་འདོད་དོ། །བྱིས་པ་མ་རབས་ནི་རྒ་བ་དང ། ན་བ་དང ། འཆི་བ་ལ་སོགས་པའི་སྐྱོན་མང་པོ་མི་ཤེས་པས། སྐྱེ་བ་དང།་འཆི་བའི་ཆོས་གཉིས་ལ་ཆགས་སོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། བྲམ་ཟེའི་བུ་ཆུང་ངུ་ཤེད་མ་བྱེ་བ་བཀྲེས་པས་ཉེན་ན་ངན་སྐྱུགས་ཀྱི་ནང་ན་ཨ་མྲའི་འབྲས་བུ་ཡོད་པ་ལེན་ཏོ། །དེ་ལ་མཁས་ཤིང་ཤེས་པ་དག་གིས་མཐོང་ནས་འདི་སྐད་དུ་གཤེ་སྟེ། ཁྱོད་ནི་བྲམ་ཟེའི་རིགས་ཤིན་ཏུ་གཙང་བ་ཡིན་ན། ཅིའི་ཕྱིར་ན་ངན་སྐྱུགས་ཀྱི་ནང་ནས་ཨ་མྲའི་འབྲས་བུ་ལེན་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་དེ་ནི་ངོ་ཚ་ནས་དེ་ལ་འདི་སྐད་ཅེས་སྨྲས་སོ། །བདག་གིས་ཡང་དག་པར་ན་ཟ་བར་ནི་མ་བྱས་ཀྱི་བཀྲུས་ཏེ་དོར་སྙམ་མོ། །མཁས་པ་དེས་སྨྲས་པ། ཁྱོད་ནི་ཤིན་ཏུའང་གླེན་ཏེ་ཕྱིར་དོར་བར་བསམ་ན་བླང་བའི་མི་རིགས་སོ་ཞེས་སྨྲས་སོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། སྐྱེ་བའི་ཕྱོགས་མི་ལེན་མི་སྤོང་སྟེ། ཅི་ལྟར་མཁས་པ་ཁྱེའུ་དེ་ལ་སྤྱོད་པ་བཞིན་ནོ། །བུས་པ་མ་རབས་ནི་སྐྱེ་བ་ནི་འདོད་ཀྱི། འཆི་བ་མི་འདོད་དེ། ཁྱེའུ་དེས་
Ka289b
ཤིང་ཏོག་བླངས་ནས་དོར་བ་དང་འདྲའོ། །འོད་སྲུང ། གཞན་ཡང་འདི་ལྟ་སྟེ། དཔེར་ན། ལམ་གྱི་བཞི་མདོར་མི་ཞིག་སྣོད་བཟང་པོའི་ནང་དུ་ཁ་ཟས་རོ་དང ། བསུང་དང ། ཁ་དོག་དང་ལྡན་པ་འཚོང་བ་ལ། ལམ་རིང་པོ་ནས་འོངས་པའི་མི་བཀྲེས་པ་ཉམ་ཆུང་ལ་ངལ་བ་ཞིག་།ཁ་ཟས་དེ་རོ་བསུང་དང ། ཁ་དོག་ཏུ་ལྡན་པ་དེ་མཐོང་ནས་དྲུང་དུ་བསྙེན་ཏེ། འདི་ཅི་ཡིན་ཞེས་འདྲིའོ། ཟས་ཀྱི་བདག་པོ་དེས་སྨྲས་པ། འདི་ནི་ཁ་ཟས་ཀྱི་མཆོག་རོ་བསུང་དང་ཁ་དོག་ཏུ་ལྡན་པ་ཡིན་ཏེ། གང་གིས་འདི་ཟོས་ན་མདོག་དང་སྟོབས་ཀྱང་སྐྱེ་ཞིང་བཀྲེས་པ་དང་སྐོམ་པའང་སེལ་ལ།་ལྷ་རྣམས་ཀྱང་མཐོང་བར་འགྱུར་ཏེ། སྐྱོན་སྣ་གཅིག་ཅིག་ཡོད་དེ། དེ་ནི་འཆི་བར་འགྱུར་བའོ། །མི་དེས་དེ་སྐད་ཅེས་ཐོས་ནས་འདི་སྙམ་དུ་བདག་མདོག་དང་སྟོབས་ཀྱང་དགོས། ལྷ་མཐོང་བ་དང་ཤི་བའང་མི་འདོད་དོ། །སྙམ་ནས་འདི་སྐད་ཅེས་སྨྲས་སོ། །ཟས་འདི་ཟོས་པས་འཆི་བར་འགྱུར་ན་འདི་བཙོངས་ཏེ་ཅི་ཞིག་བྱ། ཟས་བདག་གིས་སྨྲས་པ། མཁས་པ་ཤེས་རབ་ཅན་ནི་སུའང་མི་ཉོ་ཡི། གླེན་པ་ཤེས་རབ་མེད་པ་དག་ནི་ང་ལ་རིན་ཡང་མང་དུ་བྱིན་ནས་ཉོས་ཏེ་ཟའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། ལྷར་སྐྱེ་བའང་མི་འདོད་ལ་མདོག་དང ། སྟོབས་དང་ལྷ་མཐོང་བར་ཡང་མི་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། སྡུག་བསྔལ་མང་པོ་ལས་མི་ཐར་པའི་ཕྱིར་རོ། །བུས་པ་མ་
Ka290a
༄#། །རབས་ནི་རྒ་བ་དང ། ན་བ་དང ། འཆི་བའི་སྐྱོན་མ་མཐོང་བས། སྐྱེ་བའི་གནས་ཀུན་ལ་ཆགས་སོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། དུག་གི་སྡོང་པོ་ནི་རྩ་བས་ཀྱང་འཆི་བར་བྱེད། སྡོང་པོས་ཀྱང་འཆི་བར་བྱེད། ཤུན་པ་དང ། ལོ་མ་དང ། མེ་ཏོག་དང ། འབྲས་བུས་ཀྱང་འཆི་བར་བྱེད་དོ། །རིགས་ཀྱི་བུ། སྲིད་པ་ཉི་ཤུ་རྩ་ལྔ་པོར་སྐྱེ་བའི་གནས་སུ་ཕུང་པོ་ལྔ་བླངས་པའང་དེ་དང་འདྲ་སྟེ། ཐམས་ཅད་འཆི་བར་བྱེད་དོ། །འོད་སྲུང ། གཞན་ཡང་འདི་ལྟ་སྟེ། དཔེར་ན། ངན་སྐྱུགས་ནི་མང་ཉུང་འདྲ་སྟེ་མནམ་མོ། །རིགས་ཀྱི་བུ། སྐྱེ་བའང་དེ་དང་འདྲ་སྟེ། གལ་ཏེ་ཚེ་ལོ་བརྒྱད་ཁྲི་ཐུབ་བམ། ལོ་བཅུ་ཐུབ་པ་དང་འདྲ་སྟེ། ཐམས་ཅད་སྡུག་བསྔལ་དུ་འདྲའོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། གཡང་ས་ཤིན་ཏུ་ཉམ་ང་བ་རྩཝས་ཡོག་པའི་དྲུང་ན་བདུད་རྩི་མང་དུ་ཡོད་དེ། གལ་ཏེ་ཟོས་ན་ལྷའི་ལོ་སྟོང་ཐུབ་ལ། ནད་རྣམས་ཀྱང་རབ་ཏུ་བྱང་ཞིང་བདེ་བར་འགྱུར་རོ། །བྱིས་པ་མ་རབས་ནི་རོ་ལ་ཆགས་པའི་ཕྱིར་རྐང་པའི་འོག་ན་གཡང་ས་ཉམ་ང་བ་ཆེན་པོ་ཡོད་པར་མི་ཤེས་ཏེ། བླང་བར་ཆས་པ་ལས་རྐང་པ་འདྲེད་དེ་གཡང་སར་ལྷུང་ནས་ཤིའོ། །མཁས་པ་ཤེས་རབ་ཅན་ནི་ཤེས་པས་ན་དེར་མི་འགྲོའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། ལྷ་རྫས་ཀྱི་ཟས་བཟང་
Ka290b
པོ་ཡང་མི་འདོད་ན་མི་དག་གི་ཟས་ལྟ་སྨོས་ཀྱང་ཅི་དགོས། བྱིས་པ་མ་རབས་ནི་སེམས་ཅན་དམྱལ་བར་ལྕགས་ཀྱི་ཐུ་ལུམས་པ་ལའང་བཟོད་པར་བྱེད་ན། ལྷ་དང་མིའི་ཟས་བཟང་པོ་ལྟ་སྨོས་ཀྱང་ཅི་དགོས། འོད་སྲུང ། དཔེར་བསྟན་པ་འདི་དག་དང ། གཞན་ཡང་དཔེ་ཚད་མེད་གྲངས་མེད་པའི་སྒོ་ནས་སྐྱེ་བ་འདི་ནི་སྡུག་བསྔལ་ཆེན་པོ་ཡིན་པར་རིག་པར་བྱའོ། །འོད་སྲུང ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལས་སྐྱེ་བའི་སྡུག་བསྔལ་རྟོགས་པ་ཞེས་བྱའོ། །འོད་སྲུང ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལས་རྒ་བའི་སྡུག་བསྔལ་རྟོགས་པ་ཞེ་ན། རྒས་ཞེས་བྱ་བ་ནི་སྐྱུག་བྲོ་བ། ལུ་བ། དཔའ་བ་དང་ཉམ་རྩལ་འཕྲོག་པ། དྲན་པ་དང ། བརྩོན་པ་དང ། འཛིན་པ་དང ། གཞོན་དར་བ་དང ། རབ་ཏུ་བདེ་བ་དང ། ང་རྒྱལ་དང ། རྒྱགས་འཆོས་པ། བདེ་བ་ལ་ཡིད་བཞིན་དུ་སྤྱོད་པ་ཀུན་མ་རུང་བར་བྱེད་དོ། །དེ་ལས་བཟློག་ནས་ལེ་ལོ་དང ། སྙོམས་ལས་ཆེ་བ་དང ། གཞན་གྱིས་བརྙས་པར་འགྱུར་བར་བྱེད་དོ། །འོད་སྲུང ། འདི་ལྟ་སྟེ། དཔེར་ན། རྫིང་བུའི་ནང་ན་པདྨོས་ཡོངས་སུ་གྲང་སྟེ་འདབ་མ་རྒྱས་ན། ཁ་དོག་འཚེར་བས་ཐམས་ཅད་ཀྱི་ཡིད་དུ་འོང་སྟེ་འདོད་དོ། །གལ་ཏེ་སེར་བ་བབ་ན་ཐམས་ཅད་བཅོམ་སྟེ་མ་རུང་བར་བྱེད་དོ། །རིགས་ཀྱི་བུ། རྒ་
Ka291a
༄#། །བའང་དེ་དང་འདྲ་སྟེ། གཞོན་དར་བའི་མདོག་བཟང་པོ་མ་རུང་བར་བྱེད་དོ། །འོད་སྲུང ། གཞན་ཡང་འདི་ལྟ་སྟེ། དཔེར་ན། རྒྱལ་པོ་ཞིག་ལ་བློན་པོ་མཛད་པ་བློ་དང་ལྡན་པ་དགྲ་ཆོས་ལ་མཁས་པ་ཞིག་ཡོད་དེ། རྒྱལ་ཕྲན་གཞན་ཞིག་དེ་ལ་སྡོ་སྟེ་མི་ཉན་ན། རྒྱལ་པོ་དེས་བློན་པོ་དེ་ལ་ཕ་རོལ་གྱི་རྒྱལ་ཕྲན་དེ་གཟུང་ཞིག་ཅེས་བསྒོ་ན། དེས་དེ་ཁྲིད་དེ་འོང་ངོ ། །རྒས་པའང་དེ་དང་འདྲ་སྟེ། གཞོན་དར་བ་བཟུང་ནས་འཆི་བདག་གི་རྒྱལ་པོ་ལ་འབུལ་ལོ། །འོད་སྲུང ། གཞན་ཡང་འདི་ལྟ་སྟེ། དཔེར་ན། ཤིང་རྟའི་སྲོག་ཤིང་ཆག་ན་སྤྱད་དུ་མི་རུང་ངོ ། །རྒས་པའང་དེ་དང་འདྲ་སྟེ། ཅིར་ཡང་མི་རུང་ངོ ། །འོད་སྲུང ། གཞན་ཡང་འདི་ལྟ་སྟེ། དཔེར་ན། ཁྱིམ་བདག་ཕྱུག་པོ་ཞིག་ལ་གསེར་དང ། དངུལ་དང ། བཻཌཱུརྱ་དང ། བྱུ་རུ་དང ། སྨ་གརྦྷ་དང ། མུ་ས་ལ་གརྦྷ་མང་དུ་ཡོད་པའི་ཁྱིམ་དུ་རྐུན་པོའམ། མི་རྒོད་མང་པོ་འོངས་ན་ཐམས་ཅད་ཕྲོགས་ཏེ་ཁྱིམ་སྟོངས་པར་བྱེད་དོ། །རིགས་ཀྱི་བུ། གཞོན་དར་བའི་མདོག་བཟང་པོའང་དེ་དང་འདྲ་སྟེ། རྟག་ཏུ་རྒ་བའི་དགྲས་རྐུ་ཞིང་འཕྲོག་གོ་།རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། མི་དབུལ་པོ་ཞིག་ཟས་བཟང་པོ་དང ། གོས་འཇམ་པོ་ལ་ཆགས་ཏེ། རྟག་ཏུ་\?\་བའི་མི་འགྱུར་རོ། །རིགས་ཀྱི་བུ། རྒས་པའང་དེ་དང་འདྲ་སྟེ། འདོད་པ་ལྔའི་བདེ་སྐྱིད་ལ་ཡིད་བཞིན་
Ka291b
ལོངས་སྤྱོད་པར་འདོད་མོད་ཀྱི་མི་ཐུབ་བོ། །འོད་སྲུང ། གཞན་ཡང་འདི་ལྟ་སྟེ། དཔེར་ན། སྐམ་ས་ལ་འདུག་པའི་རུས་སྦལ་ནི། སེམས་ལ་རྟག་ཏུ་ཆུ་དྲན་ནོ། །རིགས་ཀྱི་བུ། མིའང་དེ་དང་འདྲ་སྟེ། རྒས་འཁོགས་པས་ཡོངས་སུ་བསྐམས་ནས། སེམས་ལ་རྟག་ཏུ་གཞོན་དར་བའི་འདོད་པ་ལྔའི་བདེ་བ་དྲན་ནོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། སྟོན་གྱི་དུས་སུ་མེ་ཏོག་པདྨོ་ཁ་བྱེ་བ་ལ་ནི། ཐམས་ཅད་འདོད་དེ་ཡིད་དུ་འོང་ངོ ། །རྙིངས་ཏེ་སེར་པོར་སོང་ནས་ཐམས་ཅད་ཀྱིས་མི་འདོད་དོ། །རིགས་ཀྱི་བུ། གཞོན་དར་བའི་མདོག་བཟང་པོའང་དེ་དང་འདྲ་སྟེ། ཐམས་ཅད་ཀྱིས་འདོད་ཅིང་དགའ་བ་ལས་རྒས་པར་གྱུར་ན། ཐམས་ཅད་ཀྱི་ཡིད་དུ་མི་འོང་སྟེ་མི་འདོད་དོ། །འོད་སྲུང ། གཞན་ཡང་འདི་ལྟ་སྟེ། དཔེར་ན། བུ་རམ་ཤིང་བཙིར་ཟིན་པའི་ཚིགས་མ་ནི་རོ་མེད་པ་ཡིན་ནོ། །རིགས་ཀྱི་བུ། གཞོན་དར་བའི་མདོག་ཀྱང་དེ་དང་འདྲ་སྟེ། རྒས་རྒུད་པས་ཁེབས་པས་ན། རབ་ཏུ་འབྱུང་བའི་རོ་དང ། ཀློག་ཅིང་འདོན་པའི་རོ་དང ། བསམ་གཏན་གྱི་རོ་དང ། རོ་གསུམ་པོ་མེད་པར་འགྱུར་རོ། །འོད་སྲུང ། གཞན་ཡང་འདི་ལྟ་སྟེ། དཔེར་ན། ཟླ་བ་རྒྱས་པ་ནི་མཚན་མོ་ཤིན་ཏུ་སྣང་ཞིང་གསལ་གྱི། ཉིན་པར་ནི་མ་ཡིན་ནོ། །རིགས་ཀྱི་བུ། མིའང་དེ་དང་འདྲ་སྟེ། གཞོན་པའི་ཚེ་ནི་བཟང་ཞིང་མཛེས་སོ། །རྒས་ནས་ནི་བསྐམས་ཤིང་རིད་དོ། །འོད་སྲུང ། གཞན་ཡང་འདི་ལྟ་སྟེ། དཔེར་ན། རྒྱལ་པོ་ཡང་དག་པའི་ཆོས་ཀྱིས་སྲིད་འཚོ་ཞིང་གཡོ་
Ka292a
༄#། །སྒྱུ་མེད་ལ། སྙིང་རྗེ་དང་ལྡན་པ་ཡོངས་སུ་གཏོང་བ་དང་ལྡན་པ་ཞིག་ཡུལ་གཞན་གྱི་དམག་གིས་བཏབ་ནས་འཁྱམས་ཏེ། ཡུལ་གཞན་དུ་ཕྱིན་པར་གྱུར་ན་ཐམས་ཅད་ཀྱིས་དེ་ལ་སྙིང་བརྩེ་སྟེ། འདི་སྐད་ཅེས་ཟེར་རོ། །རྒྱལ་པོ་ཆེན་པོ། སྔོན་ཡང་དག་པའི་ཆོས་ཀྱི་སྲིད་འཚོ་སྟེ་མི་དགའ་བ་གཅིག་ཀྱང་མེད་ན། ད་ཅིའི་ཕྱིར་འཁྱམས་པར་གྱུར་ཅེས་ཟེར་རོ། །རིགས་ཀྱི་བུ། མིའང་དེ་དང་འདྲ་སྟེ། རྒས་འཁོགས་པས་ཉམས་པར་གྱུར་ནས་གཞོན་དར་བའི་ལས་ཅི་བྱས་པ་ལ་སྨོན་ཏོ། །འོད་སྲུང ། གཞན་ཡང་འདི་ལྟ་སྟེ། དཔེར་ན། མེ་མར་གྱི་སྙིང་པོ་ནི་མར་ལ་རག་ལུས་ཏེ། མར་ཟད་ན་རིང་པོ་མི་ཐོགས་སོ། །རིགས་ཀྱི་བུ། མིའང་དེ་དང་འདྲ་སྟེ། གཞོན་དར་བ་ལ་རག་ལུས་སོ། །གཞོན་དར་བ་ཟད་ནས་རྒས་ཤིང་འཁོགས་པའི་སྙིང་པོ་ནི་རིང་པོ་མི་ཐོགས་སོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། ཆུ་བསྐམས་པའི་གྲམ་པ་ནི་མི་དང ། མི་མ་ཡིན་པ་དང ། བྱ་དང ། གཅན་གཟན་ལ་སོགས་པ་ལ་ཕན་མི་ཐོགས་སོ། །རིགས་ཀྱི་བུ། མིའང་དེ་དང་འདྲ་སྟེ། རྒས་པས་བསྐམས་པར་གྱུར་ན། ལས་སུ་བྱ་བ་ཐམས་ཅད་ལ་ཕན་པར་མི་འགྱུར་རོ། །འོད་སྲུང ། གཞན་ཡང་འདི་ལྟ་སྟེ། དཔེར་ན་ཆུས་བཟས་པའི་གད་ཁ་ན་ཤིང་སྐྱེས་པ་ནི་རླུང་དྲག་པོ་ལངས་མ་ཐག་ཏུ་གདོན་མི་ཟ་བར་འགྱེལ་ཏོ། །རིགས་ཀྱི་བུ། མིའང་དེ་དང་འདྲ་སྟེ། རྒས་པའི་གད་ཁ་གཡང་ས་
Ka292b
དང་ཉེ་བས་འཆི་བའི་རླུང་ལངས་ནས་རིང་པོ་མི་གནས་སོ། །འོད་སྲུང ། གཞན་ཡང་འདི་ལྟ་སྟེ། དཔེར་ན། ཤིང་རྟའི་སྲོག་ཤིང་ཆག་ན་ཁལ་ལྕི་བ་བཀུར་མི་བཟོད་དོ། །རིགས་ཀྱི་བུ། རྒས་པའང་དེ་དང་འདྲ་སྟེ། དགེ་བའི་ཆོས་ཐམས་ཅད་འཛིན་མི་ནུས་སོ། །འོད་སྲུང ། གཞན་ཡང་འདི་ལྟ་སྟེ། དཔེར་ན། བུས་པ་ཆུང་ངུ་ཤེད་མ་བྱེ་བ་ལ་ནི་ཐམས་ཅད་ཀྱིས་བརྙས་སོ། །རིགས་ཀྱི་བུ། རྒས་པའང་དེ་དང་འདྲ་སྟེ། ཐམས་ཅད་ཀྱིས་བརྙས་སོ། །འོད་སྲུང ། དཔེ་འདི་དག་དང ། གཞན་ཡང་དཔེ་ཚད་མེད་དཔག་ཏུ་མེད་པའི་སྒོ་ནས་རྒས་པ་ནི་སྡུག་བསྔལ་ཆེན་པོ་ཡིན་པར་རིག་པར་བྱའོ། །འོད་སྲུང ། འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་སྤྱོད་པ་ན། རྒ་བའི་སྡུག་བསྔལ་རྟོགས་པ་ཞེས་བྱའོ། །འོད་སྲུང ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་སྤྱོད་པ་ན་ན་བའི་སྡུག་བསྔལ་རྟོགས་པ་ཡིན་ཞེ་ན། ན་བ་ཞེས་བྱ་བ་ནི་བདེ་བའི་དངོས་པོ་ཐམས་ཅད་མེད་པར་བྱེད་པ་སྟེ། དཔེར་ན། སེར་བ་བབ་ན་ལོ་ཏོག་ཐམས་ཅད་བཅོམ་སྟེ་མ་རུང་བར་བྱེད་དོ། །འོད་སྲུང ། གཞན་ཡང་འདི་ལྟ་སྟེ། དཔེར་ན། མི་ཞིག་ལ་ཤ་ཁོན་གྱི་དགྲ་ཡོད་ན་རྟག་ཏུ་མྱ་ངན་བྱེད་དེ་འཇིགས་སོ། ། རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། རྟག་ཏུ་ན་བའི་སྡུག་བསྔལ་གྱིས་འཇིགས་ནས་མྱ་ངན་བྱེད་དོ། །འོད་སྲུང ། གཞན་ཡང་འདི་ལྟ་སྟེ། དཔེར་ན། སྐྱེས་བུ་བྱད་བཞིན་བཟང་པོ་ཞིག་
Ka293a
༄#། །ཡོད་ན། རྒྱལ་པོའི་བཙུན་མོས་འདོད་པས་བཀུག་ནས་ལྷན་ཅིག་ཏུ་ཉལ་ལོ། །དེ་ནས་རྒྱལ་པོས་འཕྲིགས་ནས། །དེ་བཟུང་སྟེ་མིག་ཡ་གཅིག་ཕྱུང ། རྣ་བ་ཡ་གཅིག་ཀྱང་བཅད། ལག་པ་ཡ་གཅིག་ཀྱང་བཅད་ན་དེའི་ཚེ་བྱད་བཞིན་སྔོན་ལས་ཉམས་ཏེ་སུས་ཀྱང་མི་འདོད་དོ། །རིགས་ཀྱི་བུ། མིའང་དེ་དང་འདྲ་སྟེ། ལུས་ཀྱི་ཡན་ལག་དང ། མིག་དང ། རྣ་བར་ལྡན་མོད་ཀྱི། ན་བའི་སྡུག་བསྔལ་གྱིས་གཟིར་བར་གྱུར་ན། ཐམས་ཅད་ཀྱིས་མི་འདོད་དོ། །འོད་སྲུང ། གཞན་ཡང་འདི་ལྟ་སྟེ། དཔེར་ན། ཆུ་ཤིང་དང ། སྨྱིག་མ་དང ། འདམ་བུ་དང ། དྲེའུ་ནི་འབྲས་བུའམ། བུ་ཡོད་པར་གྱུར་ན་འཆིའོ། །རིགས་ཀྱི་བུ། མིའང་དེ་དང་འདྲ་སྟེ། ནད་ཡོད་ན་འཆིའོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི་དམག་ལ་དབང་བའི་བློན་པོ་སྔར་སོང་བའི་ཕྱི་བཞིན་དུ་རྒྱལ་པོ་འགྲོའོ། ཉའི་རྒྱལ་པོ་དང ། བུང་བའི་རྒྱལ་པོ་དང ། དུང་གི་རྒྱལ་པོ་དང ། ཁྱུ་མཆོག་གི་རྒྱལ་པོ་དང ། ཚོང་དཔོན་སྔར་སོང་ན་དེའི་ཕྱི་བཞིན་གཞན་དག་འགྲོ་སྟེ་མི་འབྲལ་ལོ། །རིགས་ཀྱི་བུ། འཆི་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོའང་དེ་དང་འདྲ་སྟེ། རྟག་ཏུ་ན་བའི་བློན་པོའི་རྗེས་སུ་འགྲོ་སྟེ་མི་འབྲལ་ལོ། །ཉ་དང ། བུང་བ་དང ། དུང་དང ། ཁྱུ་མཆོག་དང ། ཚོང་དཔོན་ལྟ་བུར་ན་བའི་རྒྱལ་པོའི་རྗེས་སུའང་འཆི་བའི་འཁོར་རྟག་ཏུ་ཕྱི་བཞིན་དུ་འབྲང་སྟེ། རྟག་ཏུ་མི་འབྲལ་ལོ། །འོད་སྲུང ། ན་བའི་རྒྱུ་
Ka293b
དང་རྐྱེན་ནི་འདི་ལྟ་སྟེ། སྡུག་བསྔལ་བ་དང ། འཁྲུག་པ་དང ། སློས་པའི་མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། ལུས་དང་སེམས་མི་བདེ་བར་བྱེད་པ་སྟེ། དགྲ་མ་རུངས་པས་ཉེན་པ་ཞེས་ཀྱང་བྱ། རྐྱལ་བ་འདྲལ་བ་ཞེས་ཀྱང་བྱ། ཟམ་པ་འཇིག་པ་ཞེས་ཀྱང་བྱ། ཡང་དག་པའི་དྲན་པ་འཕྲོག་པ་ཞེས་ཀྱང་བྱ། གཞན་ཡང་གཞོན་དར་བའི་མདོག་བཟང་པོ་དང ། མཐུ་སྟོབས་དང ། བདེ་བ་མ་རུང་བར་བྱེད་པ་ཞེས་ཀྱང་བྱའོ། །ཁྲེལ་དང་ངོ་ཚ་མེད་པ་ལུས་དང་སེམས་འབར་ཞིང་འཚིག་པར་བྱེད་པ་སྟེ། དཔེ་འདི་དག་དང ། དེ་མ་ཡིན་པ་གཞན་ཡང་དཔེ་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་བསྟན་པའི་སྒོ་ནས་ན་བའི་སྡུག་བསྔལ་ནི་སྡུག་བསྔལ་ཆེན་པོ་ཡིན་པར་རིག་པར་བྱའོ། །འོད་སྲུང ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་སྤྱོད་པ་ན། ན་བའི་སྡུག་བསྔལ་རྟོགས་པ་ཞེས་བྱའོ། །འོད་སྲུང ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་སྤྱོད་པ་ན་འཆི་བའི་སྡུག་བསྔལ་རྟོགས་པ་ཡིན་ཞེ་ན། འདི་ལྟ་སྟེ། འཆི་བ་ཞེས་བྱ་བ་ནི་འཚིག་ཅིང་མེད་པར་བྱེད་པའོ། །འོད་སྲུང ། འདི་ལྟ་སྟེ། མེའི་བསྐལ་པ་བྱུང་བ་ན་བསམ་གཏན་གཉིས་པ་མ་གཏོགས་པར་གཞན་ཐམས་ཅད་འཚིག་པར་བྱེད་པའོ། །རིགས་ཀྱི་བུ། འཆི་བའི་སེམས་ཀྱང་ཐམས་ཅད་མེད་པར་བྱེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་
Ka294a
༄#། །པའི་མདོ་སྡེ་ལ་གནས་པའི་མཐུ་སྟོབས་དང་ལྡན་པ་ནི་མ་གཏོགས་སོ། །འོད་སྲུང ། འདི་ལྟ་སྟེ། ཆུའི་བསྐལ་པས་བཀྲུ་བ་ན་ཐམས་ཅད་བཀྲུས་ཏེ་མེད་པར་བྱེད་ན་བསམ་གཏན་གསུམ་པ་ནི་མ་གཏོགས་སོ། །རིགས་ཀྱི་བུ། འཆི་བའི་ཆུའང་དེ་དང་འདྲ་སྟེ། ཐམས་ཅད་བཀྲུ་སྟེ་མེད་པར་བྱེད་ན་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་ལ་གནས་པ་ནི་མ་གཏོགས་སོ། །འོད་སྲུང ། འདི་ལྟ་སྟེ། རླུང་གི་བསྐལ་པ་བྱུང་བ་ན་ཐམས་ཅད་གཏོར་ཏེ་མེད་པར་བྱེད་ན་བསམ་གཏན་བཞི་པ་ནི་མ་གཏོགས་སོ། ། རིགས་ཀྱི་བུ། འཆི་བའི་རླུང་ཡང་དེ་དང་འདྲ་སྟེ། ཐམས་ཅད་མེད་པར་བྱེད་མོད་ཀྱི། བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ལ་གནས་པ་ནི་མ་གཏོགས་སོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཅིའི་སྐད་དུ་བསམ་གཏན་བཞི་པ་དེ་རླུང་གིས་ཀྱང་མི་ཤིགས། ཆུས་ཀྱང་མི་འཁྲུས། མེས་ཀྱང་མི་ཚིག་།བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། རིགས་ཀྱི་བུ། བསམ་གཏན་བཞི་པ་ནི་ཕྱི་ནང་གི་སྐྱོན་ཐམས་ཅད་མེད་པའི་ཕྱིར་རོ། །རིགས་ཀྱི་བུ། བསམ་གཏན་དང་པོ་ལ་ནང་ན་རྟོག་པའི་སྐྱོན་ཡོད་པས་ཕྱི་རོལ་གྱི་མེས་ཚིག་གོ་།བསམ་གཏན་གཉིས་པ་ནི་ནང་ན་དགའ་བའི་སྐྱོན་ཡོད་པས་ཕྱི་རོལ་གྱི་ཆུས་བཀྲུས་སོ། །བསམ་གཏན་གསུམ་པ་ནི་ནང་ན་
Ka294b
དབུགས་རྒྱུ་བས་རླུང་གི་བསྐལ་པས་འཇིག་པར་འགྱུར་རོ། །རིགས་ཀྱི་བུ། བསམ་གཏན་བཞི་པ་ནི་ཕྱི་ནང་གཉིས་ཀའི་སྐྱོན་ཐམས་ཅད་བྲལ་བས་བསྐལ་པས་མི་ཚུགས་པ་ཡིན་ནོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ལ་བདེ་བར་གནས་ན་ཕྱི་ནང་གི་སྐྱོན་ཐམས་ཅད་དང་བྲལ་བས་འཆི་བའི་རྒྱལ་པོས་ཀྱང་མི་ཚུགས་པ་ཡིན་ནོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། ནམ་མཁའ་ལྡིང་གི་རྒྱལ་པོ་ནི་ཀླུ་དང ། ཉ་དང ། གསེར་དངུལ་དང ། རིན་པོ་ཆེ་ལ་སོགས་པ་ཟོས་ཀྱང་ཞུ་བར་ནུས་ན། རྡོ་རྗེ་འབའ་ཞིག་ནི་ཞུ་བར་མི་ནུས་སོ། །རིགས་ཀྱི་བུ། འཆི་བའི་ནམ་མཁའ་ལྡིང་གི་རྒྱལ་པོ་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ཟོས་ཀྱང་ཞུ་བར་ནུས་ན་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཞུ་བར་མི་ནུས་སོ། །འོད་སྲུང ། གཞན་ཡང་འདི་ལྟ་སྟེ། ཆུ་འགྲམ་ན་ཤིང་དང་རྩཝ་སྐྱེས་པ་ཐམས་ཅད་ཆུ་བྲུབ་ན་ཐམས་ཅད་ཆུས་ཁྱེར་ཏེ། རྒྱ་མཚོར་ཕྱིན་གྱི་བར་དུ་འགྲོའང་ལྕང་མ་ནི་མ་གཏོགས་ཏེ་རྩ་བ་མཉེན་པའི་ཕྱིར་རོ། །རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། ཐམས་ཅད་འཁོར་བའི་རྒྱ་མཚོར་འབབ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ལ་གནས་པ་ནི་མ་གཏོགས་སོ། །འོད་སྲུང ། འདི་ལྟ་སྟེ། མཐུ་བོ་ཆེ་ནི་གྱད་
Ka295a
༄#། །ལ་སོགས་པ་ཐམས་ཅད་གདུལ་ནུས་ན། རླུང་ཆེན་པོ་འབའ་ཞིག་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཉེན་པོ་མེད་པའི་ཕྱིར་རོ། །རིགས་ཀྱི་བུ། ཤི་བའི་མཐུ་བོ་ཆེའང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་གདུལ་ནུས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་ངན་འདས་པའི་མདོ་སྡེ་ལ་གནས་པ་ནི་མ་གཏོགས་སོ། །དེ་ཅིའི་ཕྱིར་ཞེ་ན། གཉེན་པོ་མེད་པའི་ཕྱིར་རོ། །འོད་སྲུང ། གཞན་ཡང་འདི་ལྟ་སྟེ། དགྲ་སྡང་བདག་འཁོན་ཡོད་ཀྱང་དེ་ལ་སྒྱུས་བསྙེན་ཏེ་ཉེ་བའམ་མཛའ་བ་ལྟར་འཆོས་ཤིང་ལུས་ཀྱི་གྲིབ་མ་ལྟར་འགྲོགས་ཤིང་བསད་པའི་གླགས་ཆོལ་ཡང་ཕ་རོལ་པོས་སྔ་ནས་བག་བྱས་ན་གསོད་མི་ནུས་སོ། །རིགས་ཀྱི་བུ། འཆི་བའི་དགྲའང་དེ་དང་འདྲ་སྟེ། རྟག་ཏུ་སེམས་ཅན་ཐམས་ཅད་གསོད་པའི་གླགས་ཚོལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལ་གནས་པ་ལ་གསོད་ནུས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་བག་བྱེད་པའི་ཕྱིར་རོ། །འོད་སྲུང ། གཞན་ཡང་འདི་ལྟ་སྟེ། རྡོ་རྗེའི་ཆར་པ་བབ་ན་ཐམས་ཅད་འཇིག་པར་ནུས་ཏེ། ཤིང་དང ། ནགས་ཚལ་དང ། ས་དང ། བྱེ་མ་དང ། གསེག་མ་དང ། གྱོ་མོ་དང ། རྡོ་དང ། གསེར་དང ། དངུལ་དང ། བཻཌཱུརྱ་ལ་སོགས་པ་ཐམས་ཅད་འཇིག་པར་འགྱུར་གྱི། རིན་པོ་ཆེ་ཡང་དག་པའི་རྡོ་རྗེ་ལ་ནི་མ་ཡིན་ནོ། །རིགས་ཀྱི་བུ། འཆི་བའི་རྡོ་རྗེའི་ཆར་
Ka295b
པའང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་མེད་པར་བྱེད་ནུས་ན། བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྟ་བུ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ལ་གནས་པ་ནི་མ་གཏོགས་སོ། །འོད་སྲུང ། གཞན་ཡང་འདི་ལྟ་སྟེ། བྱ་ནམ་མཁའ་ལྡིང་ནི་ཀླུ་ཐམས་ཅད་ཟ་ཡང་སྐྱབས་སུ་འགྲོ་བ་གསུམ་ལ་སྐྱབས་སུ་སོང་བ་ལ་ནི་མ་ཡིན་ནོ། །རིགས་ཀྱི་བུ། འཆི་བའི་ནམ་མཁའ་ལྡིང་ཡང་དེ་དང་འདྲ་སྟེ། སེམས་ཅན་ཚད་མེད་པ་ཐམས་ཅད་ཟོས་ན་སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པ་སྟེ། སྟོང་པ་ཉིད་གསུམ་ལ་གནས་པ་ནི་མ་གཏོགས་སོ། །འོད་སྲུང ། གཞན་ཡང་འདི་ལྟ་སྟེ། སྦྲུལ་གདུག་པ་མ་ལ་ན་ཞེས་བྱ་བས་ཟིན་ན་སྔགས་མཁས་པ་དང ། སྨན་པ་མཁས་པ་ཡོད་མོད་ཀྱི། ཅི་བྱར་ཡང་མེད་དེ། ཨ་ག་ཏ་སྱའི་སྔགས་ཤེས་པ་འབའ་ཞིག་གིས་འཚོ་བར་འགྱུར་བ་ནི་མ་གཏོགས་སོ། །རིགས་ཀྱི་བུ། འཆི་བའི་སྦྲུལ་གདུག་པས་ཟིན་པའང་དེ་དང་འདྲ་སྟེ། སྨན་དཔྱད་ཐམས་ཅད་ཀྱིས་ཅི་ཡང་བྱར་མེད་དེ། བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་སྔགས་ལ་གནས་པ་ནི་མ་གཏོགས་སོ། །འོད་སྲུང ། གཞན་ཡང་འདི་ལྟ་སྟེ། མི་ཞིག་རྒྱལ་པོ་སྡང་བར་གྱུར་ན་མི་དེས་ཚིག་སྙན་པ་འཇམ་པོ་སྨྲས་ཏེ། ནོར་དབྱིག་རིན་པོ་ཆེ་རྒྱལ་པོ་ལ་ཕུལ་ན། མི་སྡང་བར་འགྱུར་རོ། །རིགས་ཀྱི་བུ། འཆི་བའི་རྒྱལ་པོ་དེ་ནི་དེ་དང་མི་འདྲ་སྟེ། ཚིག་སྙན་པ་འཇམ་པོ་སྨྲས་སམ། ནོར་དབྱིག་རིན་པོ་ཆེ་ཕུལ་ཡང་དེ་ལས་མི་ཐར་རོ། །རིགས་ཀྱི་བུ། ་
Ka296a
༄#། །པ་མ་རབས་ནི་གཡང་ས་ཆེན་པོར་འགྲོ་བའི་གྲོགས་མེད་པ་སྟེ། ཤིན་ཏུ་ལམ་རིང་པོར་འགྲོ་བའི་གྲོགས་མེད་པ། ཉིན་མཚན་དུ་སོང་ཡང་ཕྱིན་པའི་མཐའ་མི་ཤེས་པ། ཤིན་ཏུ་གནག་པའི་མུན་པར་འཐོམ་པ། སྣང་བའི་སྒྲོན་མ་མེད་པ། འཇུག་པའི་སྒོ་མེད་ལ་གནས་ཡོད་པ། ན་བའི་དམིགས་མེད་ལ་གསོར་མི་རུང་བ། འགྲོ་བ་ལ་བར་དུ་གཅོད་པ་མེད་ཅིང་ཐར་པ་མེད་པའི་གནས་སུ་ཕྱིན་པ། གཞིག་ཏུ་མེད་པ། མཐོང་བཙམ་གྱིས་མྱ་ངན་གྱིས་གདུངས་པར་འགྱུར་བ། གཟུགས་གདུག་པ་མ་ཡིན་ཡང་ཀུན་གྱིས་འཇིགས་སྐྲག་པ།་ལུས་ལ་ཁྱབ་པར་ཡོད་ཀྱང་མི་ཚོར། མི་ཤེས་པའོ། །འོད་སྲུང ། དཔེ་འདི་དག་དང ། གཞན་ཡང་དཔེ་ཚད་མེད་པ་བསྟན་པའི་སྒོ་ནས་ཤི་བ་ནི་སྡུག་བསྔལ་ཆེན་པོ་ཡིན་པར་རིག་པར་བྱའོ། །འོད་སྲུང ། འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་སྤྱོད་པ་ན་འཆི་བའི་སྡུག་བསྔལ་རྟོགས་པ་ཞེས་བྱའོ། ། འོད་སྲུང ། ཇི་ལྟར་ན་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ལ་གནས་པ་ན་འདོད་པ་དང་བྱེ་བྲལ་བའི་སྡུག་བསྔལ་རྟོགས་པ་ཞེ་ན། འདོད་པ་དང་བྱེ་བྲལ་བའི་སྡུག་བསྔལ་ནི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བའི་རྩ་བ་སྟེ། ཚིགས་སུ་བཅད་པ་ལས་ཀྱང་འདི་དག་འབྱུང་ངོ ། །འདོད་པའི་རྐྱེན་གྱིས་མྱ་ངན་སྐྱེ། འདོད་པའི་
Ka296b
རྐྱན་གྱིས་འཇིགས་པ་སྐྱེ། །འདོད་པ་ཐམས་ཅད་ཡོངས་སྤངས་ན། །མྱ་ངན་འཇིགས་པ་ག་ལས་འོང ། །འདོད་པའི་རྐྱེན་གྱིས་མྱ་ངན་གྱི་སྡུག་བསྔལ་སྐྱེ་སྟེ། མྱ་ངན་གྱི་སྡུག་བསྔལ་ཡིན་པས་ན་སེམས་ཅན་དག་རྒས་ཤིང་རྒུད་པར་འགྱུར་ཏེ། འདོད་པ་དང་བྱེ་བྲལ་བའི་སྡུག་བསྔལ་ནི། འདི་ལྟ་སྟེ། ཚེ་ཟད་པའོ། །རིགས་ཀྱི་བུ། བྱེ་བྲལ་བར་གྱུར་པས་ན་སྡུག་བསྔལ་ཕྲ་མོ་རྣམ་པ་སྣ་ཚོགས་ཀྱང་སྐྱེ་བར་འགྱུར་ཏེ། ཁྱོད་ལ་རྒྱས་པར་ཕྱེ་ཞིང་བསྟན་པ་བྱའོ། །རིགས་ཀྱི་བུ། སྔོན་འདས་པའི་དུས་ན་མིའི་ཚེའང་ཚད་མེད་དེ། དེའི་ཚེ་དེའི་དུས་ན་རྒྱལ་པོ་དགེ་བ་ལ་གནས་པ་ཞེས་བྱ་བ་བྱུང་ངོ ། །དེའི་ཚེ་ན་རྒྱལ་པོ་དེ་གཞོན་ནུའི་ལུས་ཀྱིས་རྒྱལ་ཚབ་ཀྱི་ལས་ཀྱང་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་བྱས་ནས་རྒྱལ་སར་དབང་བསྐུར་ཏེ། རྒྱལ་པོའང་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་བྱས་སོ། །དེའི་ཚེ་རྒྱལ་པོ་དེའི་སྤྱི་བོ་ལ་ཤ་ལྷག་པ་ཤིན་ཏུ་འཇམ་པ་ཤིང་བལ་ལམ། རས་འཇམ་པོ་ལྟར་འཇམ་པ་སྐྱེས་ཏེ། བགས་ཀྱིས་ཇེ་ཆེ་ཇེ་ཆེར་སྐྱེས་ཀྱང་གནོད་པར་མ་གྱུར་ཏེ། ཟླ་བ་བཅུ་ལོན་པ་དང་རྡོལ་ནས་ནང་ནས་ཁྱེའུ་གཞོན་ནུ་བྱད་བཞིན་བཟང་བ་དཔེ་མེད་པ། མཚན་དང་མདོག་ཏུ་ལྡན་པ། མིའི་ནང་ན་ཕུལ་དུ་གྱུར་བ་གཅིག་བྱུང་ངོ ། །རྒྱལ་པོ་ཆེན་པོ་དེ་དགའ་ནས་མིང་ཡང་སྤྱི་བོ་སྐྱེས་ཞེས་བཏགས་ཏེ། དེའི་ཚེ་རྒྱལ་པོ་དགེ་བ་ལ་གནས་པ་དེ་རྒྱལ་པོའི་སྲིད་ཀུན་སྤྱི་བོ་སྐྱེས་ལ་གཏད་ནས་ཕོ་བྲང་དང ། བཙུན་མོ་དང ། བུ་དང ། འཁོར་ཀུན་ཡོངས་སུ་སྤངས་ཏེ། ལོ་རིལ་པོ་བརྒྱད་ཁྲི་བཞི་སྟོང་གི་
Ka297a
༄#། །བར་དུ་བྱང་ཆུབ་ལ་ནན་ཏན་བྱས་སོ། །དེའི་ཚེ་རྒྱལ་པོ་སྤྱི་བོ་སྐྱེས་དེ་ཚེས་བཅོ་ལྔའི་ཉིན་པར་ཁྲུས་བྱས་ཏེ། རྒྱལ་ཐབས་བླངས་ནས་ཡང་ཐོག་མཐོན་པོར་འདུག་པ་ལས་ཤར་ཕྱོགས་ནས་གསེར་གྱི་འཁོར་ལོ་རྩིབས་མ་སྟོང་དང་ལྡན་པ་བཟོ་བྱས་པ་ནི་མ་ཡིན་གྱི། ལྷུན་གྱིས་གྲུབ་པ་གཅིག་བྱུང་བར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་སྤྱི་བོ་སྐྱེས་དེ་འདི་སྙམ་དུ་སེམས་པར་གྱུར་ཏོ། བདག་གིས་སྔོན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ལས་ཐོས་ན། རྒྱལ་རིགས་རྒྱལ་པོར་འགྱུར་བ་ཚེས་བཅོ་ལྔའི་ཉིན་པར་ཁྲུས་བྱས་ཏེ་རྒྱལ་པོའི་དབང་བླངས་ནས་ཡང་ཐོག་མཐོན་པོར་འདུག་པ་ལས། གསེར་གྱི་འཁོར་ལོ་རྩིབས་མ་སྟོང་དང་ལྡན་པ་བཟོ་མ་བྱས་པ་ལྷུན་གྱིས་གྲུབ་པ་རང་བྱུང་ན་རྒྱལ་པོ་དེ་གདོན་མི་ཟ་བར་འཁོར་ལོ་བསྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ཐོས་པ་བསམས་ནས། དེ་བརྟག་པའི་ཕྱིར་ལག་པ་གཡོན་པས་ནི་འཁོར་ལོ་བླངས། ལག་པ་གཡས་པས་ནི་པོག་པོར་ཐོགས་ནས་པུས་མོ་གཡས་པ་ས་ལ་བཙུགས་ཏེ་འདི་སྐད་ཅེས་སྨྲས་སོ། །གསེར་གྱི་འཁོར་ལོ་འདི་ཡང་དག་པ་ཞིག་ཡིན་ན་སྔོན་འདས་པའི་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཆོས་སུ་གར་འགྲོ་བར་སོང་ཞིག་ཅེས་སྨྲས་པ་དང ། དེ་སྐད་སྨྲས་མ་ཐག་ཏུ་གསེར་གྱི་འཁོར་ལོ་དེ་སྟེང་གི་ནམ་མཁའ་ལ་འཕགས་ནས་ཕྱོགས་བཅུར་བསྐོར་ཏེ་ཕྱིར་རྒྱལ་པོའི་ལག་པ་གཡོན་པར་འོངས་སོ། །དེའི་ཚེ་རྒྱལ་པོ་སྤྱི་བོ་སྐྱེས་ཤིན་ཏུ་དགའ་མགུ་རངས་ནས་བདག་ནི་ངེས་པར་འཁོར་
Ka297b
ལོས་བསྒྱུར་བའི་རྒྱལ་པོ་ཡིན་ནོ་ཞེས་སྨྲས་སོ། །ཕྱིས་རིང་པོ་མ་ལོན་པར་བལ་གྱི་གླང་པོ་ཆེ་ཤིན་ཏུ་བཟང་བ་པདྨོ་དཀར་པོ་ལྟར་དཀར་ལ་ཡན་ལག་བདུན་ས་ལ་རེག་པ་བྱུང་སྟེ། རྒྱལ་པོ་སྤྱི་བོ་སྐྱེས་དེས་མཐོང་ནས་ཡང་འདི་སྙམ་དུ་བསམས་སོ། །བདག་གིས་སྔོན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ལས་ཐོས་ན། གལ་ཏེ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཚེས་བཅོ་ལྔའི་ཉིན་པར་ཁྲུས་བྱས་ནས་ཡང་ཐོག་མཐོན་པོར་འཛེགས་ཏེ་འདུག་པ་ལས། བལ་གྱི་གླང་པོ་ཆེ་ཤིན་ཏུ་བཟང་པོ་པདྨ་དཀར་པོ་ལྟར་དཀར་ལ་ཡན་ལག་བདུན་ས་ལ་རེག་པ་བྱུང་ན་དེ་ནི་གདོན་མི་ཟ་བར་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་ཞེས་ཐོས་པ་བསམས་ནས། དེ་བརྟག་པའི་ཕྱིར་པོག་པོར་ཐོགས་ཏེ་པུས་མོ་གཡས་པའི་ལྷངས་ལ་བཙུགས་ནས་འདི་སྐད་ཅེས་སྨྲས་སོ། །བལ་གླང་རིན་པོ་ཆེ་འདི་གལ་ཏེ་ཡང་དག་པ་ཞིག་ཡིན་ན་སྔོན་འདས་པའི་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཆོས་ལྟར་གར་འགྲོ་བར་སོང་ཞིག་།ཅེས་སྨྲས་ནས་བལ་གླང་རིན་པོ་ཆེ་དེ་ནང་པར་ནས་དགོངས་སུ་ཕྱོགས་མཚམས་བརྒྱད་རྒྱ་མཚོའི་མཐའ་ལ་ཐུག་གི་བར་དུ་བསྐོར་ནས་ཕྱིར་གནས་སུ་འོངས་སོ། །དེའི་ཚེ་རྒྱལ་པོ་སྤྱི་བོ་སྐྱེས་རབ་ཏུ་དགའ་མགུ་རངས་ནས་བདག་ནི་གདོན་མི་ཟ་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་ཕྱིས་རིང་པོ་མ་ལོན་པར་རྟ་རིན་པོ་ཆེ་སྤུ་མདོག་མཐོན་མཐིང་དུ་འདུག་ལ། རྔ་རྡོག་གསེར་གྱི་ཁ་དོག་འདྲ་བ་ཞིག་རང་བྱུང་སྟེ། རྒྱལ་པོ་སྤྱི་བོ་སྐྱེས་དེས་མཐོང་ནས་ཡང་འདི་སྙམ་དུ་བསམས་སོ། །
Ka298a
༄#། །བདག་གིས་སྔོན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ལས་ཐོས་ན། གལ་ཏེ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཚེས་བཅོ་ལྔའི་ཉིན་པར་ཁྲུས་བྱས་ནས་ཡང་ཐོག་མཐོན་པོར་འཛེགས་ཏེ་འདུག་པ་ལས། རྟ་རིན་པོ་ཆེ་སྤུ་མདོག་མཐོན་མཐིང་ལ་རྔ་རྡོག་གསེར་གྱི་ཁ་དོག་འདྲ་བ་བྱུང་ན་རྒྱལ་པོ་དེ་ནི་གདོན་མི་ཟ་བར་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡིན་ནོ། །ཞེས་ཐོས་པ་བསམས་ནས་དེ་བརྟག་པའི་ཕྱིར་པོག་པོར་ཐོགས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་འདི་སྐད་ཅེས་སྨྲས་སོ། །རྟ་རིན་པོ་ཆེ་མཐོན་མཐིང་འདི་ཡང་དག་པ་ཞིག་ཡིན་ན་སྔོན་གྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཆོས་ལྟར་གར་འགྲོ་བར་སོང་ཞིག་ཅེས་སྨྲས་ནས། རྟ་རིན་པོ་ཆེ་ནང་པར་ནས་དགོངས་སུ་ཕྱོགས་མཚམས་བརྒྱད་དུ་རྒྱ་མཚོའི་མཐའ་ལ་ཐུག་པར་བསྐོར་ནས་ཕྱིར་གནས་སུ་འོངས་སོ། །དེའི་ཚེ་རྒྱལ་པོ་སྤྱི་བོ་སྐྱེས་རབ་ཏུ་དགའ་མགུ་རངས་ནས་བདག་ནི་གདོན་མི་ཟ་བར་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་རིང་པོ་མ་ལོན་པར་བུད་མེད་རིན་པོ་ཆེ་གཟུགས་བྱད་མཛེས་པ། ཤིན་ཏུ་སྡུག་པ་ཕུལ་དུ་གྱུར་པ། མི་རིང་མི་ཐུང ། ཧ་ཅང་ཡང་མི་དཀར། ཧ་ཅང་ཡང་མི་གནག་།ལུས་ཀྱི་བ་སྤུའི་ཁུང་ནས་སྤོས་ཙནྡན་གྱི་དྲི་བྲོ་བ། ཁ་ནས་པདྨ་སྔོན་པོའི་བསུང་བྲོ་བ། མིག་རྒྱང་རིང་པོ་དཔག་ཚད་གཅིག་ཚུན་ཆད་མཐོང་བ། རྣ་བས་ཀྱང་ཐོས་པ། སྣས་ཀྱང་བསུང་ཚོར་བ། ལྕེ་ཤིན་ཏུ་མཉེན་ཞིང་རིང་ལ་ངོ་ཡོག་པ།
Ka298b
མདོག་འཇམ་ཞིང་འཚེར་བ་ནི་ཟངས་གླེབས་པ་དང་འདྲ་བ། ཤེས་རབ་རྣོ་ལ་བློ་ཆེ་བ། སེམས་ཅན་ཐམས་ཅད་ལ་རྟག་ཏུ་ངག་འཇམ་པོས་སྨྲ་བ། བུད་མེད་དེའི་ལག་པས་རྒྱལ་པོའི་གོས་ལ་རེག་པ་ཙམ་གྱིས་ཀྱང་རྒྱལ་པོ་དེའི་ན་བ་དང་བདེ་བའང་ཤེས་ལ་ཅི་ལ་དམིགས་ཅི་ལ་སེམས་པའང་ཤེས་སོ། །དེའི་ཚེ་རྒྱལ་པོ་སྤྱི་བོ་སྐྱེས་དེ་འདི་སྙམ་དུ་བུད་མེད་གང་རྒྱལ་པོའི་སེམས་ཤེས་པ་ནི་བུད་མེད་རིན་པོ་ཆེ་ཡིན་ནོ་སྙམ་བསམས་སོ། །དེ་ནས་རིང་པོ་མ་ལོན་པར་རྒྱལ་པོའི་ཕོ་བྲང་གི་ནང་ནས་ནོར་བུ་རིན་པོ་ཆེ་བཻ་ཌཱུརྱ་སྔོན་པོ་ལྟ་བུ་ཆེ་ཁྱད་མིའི་བརླ་ཙམ་ཞིག་བྱུང་སྟེ།་ནོར་བུ་རིན་པོ་ཆེ་དེས་མུན་པ་དཔག་ཚད་གཅིག་ཁོར་ཁོར་ཡུག་ཏུ་སྣང་བར་ཡང་བྱེད་ལ། གལ་ཏེ་ཆར་པའི་ཐིགས་པ་ཤིང་རྟའི་སྲོག་ཤིང་ཙམ་བབ་ཀྱང ། ནོར་བུ་རིན་པོ་ཆེ་དེའི་མཐུས་དཔག་ཚད་གཅིག་ཁོར་ཁོར་ཡུག་ཏུ་གདུགས་སུ་གྱུར་ཏེ་ཆར་པ་མི་ཟག་གོ་།དེའི་ཚེ་རྒྱལ་པོ་སྤྱི་བོ་སྐྱེས་འདི་སྙམ་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོས་ནོར་བུ་རིན་པོ་ཆེ་འདི་ཐོབ་ན་གདོན་མི་ཟ་བར་འཁོར་ལོས་བསྒྱུར་པའི་རྒྱལ་པོ་ཡིན་ནོ་སྙམ་སེམས་སོ། །དེ་ནས་རིང་པོ་མ་ལོན་པར་རིན་པོ་ཆེའི་གཏེར་ལ་དབང་བའི་བློན་པོ་རང་བྱུང་སྟེ། ནོར་བུ་རིན་པོ་ཆེ་རབ་ཏུ་མང་བ། ཤིན་ཏུ་ཕྱུག་པ། བང་མཛོད་ཚད་མེད་པ་ཤིན་ཏུ་གང་བ། ཅིས་ཀྱང་མི་ཕོངས། མི་བྲེལ་བ་བསོད་ནམས་ལས་གྱུར་པའི་མིག་གི་དབང་པོས་སའི་འོག་ན་གཏེར་ཅི་ཡོད་པ་ཐམས་
Ka299a
༄#། །ཅད་མཐོང་བས་རྒྱལ་པོས་བསམས་པ་བཞིན་དུ་སྦྱོར་རོ། །དེའི་ཚེ་རྒྱལ་པོ་སྤྱི་བོ་སྐྱེས་དེ་བརྟག་པའི་ཕྱིར་གྲུར་ཞུགས་ནས་རྒྱ་མཚོ་ཆེན་པོར་ཞུགས་ཏེ། རྒྱལ་པོས་དེ་ལ་འདི་སྐད་ཅེས་བསྒོའོ། །ཁོ་བོ་ནོར་བུ་རིན་པོ་ཆེ་རྣམ་པ་ཐ་དད་པ་དག་ཅིག་འདོད་དོ། །བློན་པོ་དེས་དེ་སྐད་ཅེས་ཐོས་མ་ཐག་ཏུ་ལག་པ་གཉིས་ཀྱིས་རྒྱ་མཚོའི་ནང་ནས་བཅུས་པ་དང་སོར་མོ་བཅུ་ལ་ནོར་བུ་རིན་པོ་ཆེའི་གཏེར་བཅུ་ཡོད་པར་གྱུར་ཏེ། རྒྱལ་པོ་ལ་ཕུལ་ནས་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཆེན་པོ། ཇི་ཙམ་འདོད་པ་བཞེས་ཏེ་ལྷག་མ་སླར་རྒྱ་མཚོར་དོར་དུ་གསོལ། དེའི་ཚེ་རྒྱལ་པོ་སྤྱི་བོ་སྐྱེས་རབ་ཏུ་དགའ་མགུ་རངས་ནས་བདག་ནི་ངེས་པར་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡིན་ནོ། །ཞེས་སྨྲས་སོ། ། དེ་ནས་རིང་པོ་མ་ལོན་པར་དམག་ལ་དབང་བའི་བློན་པོ་བྱུང་སྟེ། ཤིན་ཏུའང་རྩལ་ཆེ་ཞིང་དཔའ་བ། དགྲ་ཐབས་ལ་ཕུལ་དུ་མཁས་པ་དམག་གི་ཚོགས་རྣམ་བཞི་ལ་ཤིན་ཏུ་མཁས་པ། རྒྱལ་པོ་གཞན་ལ་རྒོལ་དུ་ཆ་ན་དམག་མངོན་པར་སྟོན་པ། རྒོལ་བ་མེད་པ་ན་ཅང་མི་སྣང་བ། མ་བཏུལ་བ་ཐུལ་བ། ཐུལ་བ་རྣམས་མཐུས་ཤིན་ཏུ་སྐྱོབ་པ་ལ་མཁས་པ་བྱུང་ངོ ། །དེའི་ཚེ་རྒྱལ་པོ་སྤྱི་བོ་སྐྱེས་ཡང་འདི་སྙམ་དུ་སེམས་ཏེ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་དམག་དཔོན་རིན་པོ་ཆེ་འདི་ཡོད་དེ། བདག་ནི་གདོན་མི་ཟ་
Ka299b
བར་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡིན་ནོ། །སྙམ་སེམས་སོ། །དེའི་ཚེ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྤྱི་བོ་སྐྱེས་ཀྱིས་བློན་པོ་རྣམས་ལ་བཀའ་སྩལ་པ། ཁྱེད་འདི་ལྟར་རིག་པར་གྱིས་ཤིག་།ཛམྦུའི་གླིང་འདིར་ནི་བདེ་ཞིང་སྐྱིད་པར་གྱུར་ལ། ང་ནི་རིན་པོ་ཆེ་སྣ་བདུན་དང ། བུ་སྟོང་དུའང་ལྡན་ན་དེ་གཞན་ཅི་ཞིག་བྱར་ཡོད། བློན་པོ་རྣམས་ཀྱིས་གསོལ་པ། དེ་བཞིན་ནོ། །རྒྱལ་པོ་ཆེན་པོ། ཤར་གྱི་ལུས་འཕགས་གླིང་ཞེས་བགྱི་བ་ད་དུང་མ་བཏུལ་ཏེ། རྒྱལ་པོའི་བཀའ་མི་ཉན་ན་དེའང་དབང་པའི་རིགས་སོ་ཞེས་གསོལ་ཏོ། །དེའི་ཚེ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་བཅས་ཏེ། ཐམས་ཅད་ནམ་མཁའ་ལ་འཕགས་ནས་ཤར་གྱི་ལུས་འཕགས་གླིང་དུ་ཆས་ཏེ། གླིང་དེའི་མི་ཐམས་ཅད་དགའ་ནས་བཀའ་ཉན་པར་གྱུར་ཏོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་བཅུ་བདུན་པ། དེ་ནས་ཡང་བློན་པོ་རྣམས་ལ་བཀའ་སྩལ་པ། ལྷོའི་ཛམྦུའི་གླིང་དང ། ཤར་གྱི་ལུས་འཕགས་ཀྱི་གླིང་ནི་རབ་ཏུ་བདེ་བར་གྱུར་ཏེ། ཐམས་ཅད་བཀའ་ཉན་པར་ཡང་གྱུར། རིན་པོ་ཆེ་སྣ་བདུན་དང ། བུ་སྟོང་དུ་ཡང་ལྡན་ན་ད་ཡང་གཞན་ཅི་ཞིག་བྱར་ཡང།་བློན་པོ་རྣམས་ཀྱིས་གསོལ་པ། དེ་བཞིན་ནོ། །རྒྱལ་པོ་ཆེན་པོ། ནུ་ཀྱི་བ་ལང་སྤྱོད་ཅེས་བགྱི་བ་ད་དུང་མ་བཏུལ་ལོ། །དེ་ནས་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་བཅས་ཏེ། ཐམས་
Ka300a
༄#། །ཅད་ནམ་མཁའ་ལ་འཕགས་ནས་ནུབ་ཀྱི་བ་ལང་སྤྱོད་དུ་ཆས་སོ། །རྒྱལ་པོ་དེར་ཕྱིན་མ་ཐག་ཏུ་དེ་ན་གནས་པའི་མི་ཐམས་ཅད་ཀྱང་བཀའ་ཉན་པར་གྱུར་ཏོ།། ཡང་བློན་པོ་རྣམས་ལ་བཀའ་སྩལ་པ། ལྷོའི་ཛམྦུའི་གླིང་དང ། ཤར་གྱི་ལུས་འཕགས་གླིང་དང ། ནུབ་ཀྱི་བ་ལང་སྤྱོད་ན་གནས་པའི་མི་དག་ནི་རབ་ཏུ་བདེ་ཞིང་སྐྱིད་ལ་བཀའ་ཡང་ཉན་པར་གྱུར་ཏེ། རིན་པོ་ཆེ་སྣ་བདུན་དང ། བུ་སྟོང་དུའང་ལྡན་ན་ད་གཞན་ཡང་ཅི་ཞིག་བྱར་ཡོད། བློན་པོ་རྣམས་ཀྱིས་གསོལ་པ། དེ་བཞིན་ནོ། རྒྱལ་པོ་ཆེན་པོ། བྱང་གི་སྒྲ་མི་སྙན་ཞེས་བགྱི་བ་ད་དུང་མ་བཏུལ་ལོ། །དེ་ནས་རྒྱལ་པོའང་རིན་པོ་ཆེ་སྣ་བདུན་དང་བཅས་ཏེ། ཐམས་ཅད་སྟེང་གི་ནམ་མཁའ་ལ་འཕགས་ནས་བྱང་གི་སྒྲ་མི་སྙན་དུ་ཆས་སོ། །དེར་ཕྱིན་མ་ཐག་ཏུ་དེ་ན་གནས་པའི་མི་ཐམས་ཅད་རབ་ཏུ་དགའ་ནས་བཀའ་ཉན་ཏོ། །དེ་ནས་ཡང་བློན་པོ་རྣམས་ལ་བཀའ་སྩལ་པ། གླིང་བཞིན་གནས་པའི་མི་དག་ནི་རབ་ཏུའང་སྐྱིད་ཅིང་བདེ་ལ་བཀའ་ཉན་པར་གྱུར་ཏེ། རིན་པོ་ཆེ་སྣ་བདུན་དང ། བུ་སྟོང་དུ་ལྡན་ནད་གཞན་ཅི་ཞིག་བྱར་ཡོད། བློན་པོ་རྣམས་ཀྱིས་གསོལ་པ། དེ་བཞིན་ནོ། །རྒྱལ་པོ་ཆེན་པོ། སུམ་ཅུ་རྩ་གསུམ་གྱི་ལྷའི་ཚེའང་རབ་ཏུ་རིང་ལ་ཤིན་ཏུ་བདེ་སྐྱིད་དོ། །ལྷའི་ལུས་ནི་ཤིན་ཏུའང་བཟང་སྟེ། དཔེ་ཟླ་མེད་ལ་གནས་པའི་ཕོ་བྲང་དང ། འདུག་པའི་ཁྲི་དང ། ཉལ་བའི་མལ་ཡང་རིན་པོ་ཆེ་སྣ་བདུན་འབའ་
Ka300b
ཞིག་སྟེ། ལྷའི་བསོད་ནམས་བསྙེམས་པས་དེ་དག་ཀྱང་རྒྱལ་པོའི་བཀའ་མི་ཉན་ན་བརྟུལ་ཞིང་དབབ་པའི་རིགས་སོ། །དེ་ནས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་བཅས་ཏེ།་ཐམས་ཅད་ནམ་མཁའ་ལ་འཕགས་ནས་སུམ་ཅུ་རྩ་གསུམ་གནམ་དུ་ཆས་སོ། །དེར་ཕྱིན་པ་དང་ཤིང་ཁ་དོག་སྔོན་པོར་འདུག་པ་གཅིག་མཐོང་ནས་སྔོན་པོར་འདུག་པ་འདི་ཅི་ཞིག་ཡིན་ཞེས་བློན་པོ་རྣམས་ལ་དྲིས་སོ། །བློན་པོ་རྣམས་ཀྱིས་གསོལ་པ། འདི་ནི་ཤིང་པ་རི་ཙི་ཏྲ་ཞེས་བྱ་སྟེ། སུམ་ཅུ་རྩ་གསུམ་གནམ་གྱི་ལྷ་རྣམས་དབྱར་གྱི་ཟླ་གསུམ་ལ་ཤིང་དེའི་འོག་ན་ལོངས་སྤྱོད་ཅིང་རྩེའོ། །གཞན་ཡང་ཁ་དོག་དཀར་པོ་སྤྲིན་དཀར་པོ་དང་འདྲ་བ་ཞིག་མཐོང་ནས་འདི་ཅི་ཡིན་ཞེས་དྲིས་སོ། །བློན་པོ་རྣམས་ཀྱིས་གསོལ་པ། འདི་ནི་སུམ་ཅུ་རྩ་གསུམ་གནམ་གྱི་ཆོས་བཟང་གི་ལྷའི་འདུན་ས་ཞེས་བྱ་སྟེ། སུམ་ཅུ་རྩ་གསུམ་གནམ་གྱི་ལྷ་རྣམས་ནི་དེར་འདུ་ཞིང་ལྷ་དང་མིའི་གཏམ་ཟེར་རོ། །དེའི་ཚེ་བརྒྱ་བྱིན་ལྷའི་དབང་པོས་ཀྱང་རྒྱལ་པོ་སྤྱི་བོ་སྐྱེས་འོངས་པར་ཤེས་ནས་ཕྱི་རོལ་ཏུ་བསུ་སྟེ། ལག་པས་བཟུང་ནས་འགྲོགས་ཏེ། ཆོས་བཟང་གི་འདུན་སར་ཞུགས་ནས་སྟན་ཕྱེད་བདར་ཏེ་ལྷན་ཅིག་ཏུ་འདུག་གོ་།དེའི་ཚེ་རྒྱལ་པོ་གཉིས་ལྷན་ཅིག་ཏུ་འདུག་པ་ན་གཟུགས་བྱད་དང་མཚན་ལ་སོགས་པ་ཐ་དད་པ་མེད་དེ། ལྟ་བ་དང་མིག་འཛུམ་པ་ཙམ་ཞིག་མི་འདྲའོ། །དེའི་ཚེ་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེས་འདི་སྙམ་དུ་སེམས་
Ka301a
༄#། །པར་གྱུར་ཏེ། བདག་གིས་ལྷའི་རྒྱལ་པོའི་ཐབས་ཕྲོགས་ཏེ། བདག་གིས་བྱར་རུང་ངམ་སྙམ་བསམས་སོ། །རིགས་ཀྱི་བུ། དེའི་ཚེ་དེའི་དུས་ན་བརྒྱ་བྱིན་ལྷའི་དབང་པོ་ཐེག་པ་ཆེན་པོའི་མདོ་སྡེ་འཆང་པ་དང ། འཛིན་པ་དང ། ཀློག་པ་དང ། འདོན་པ་དང ། གཞན་ལའང་འབྱེད་ཅིང་སྟོན་པའི་ལས་བྱེད་དེ། ཤིན་ཏུ་ཟབ་མོའི་དོན་ཟད་པར་རྟོགས་པ་ནི་མ་ཡིན་ནོ། །དེ་ལྟར་ཐེག་པ་ཆེན་པོའི་མདོ་སྡེ་འཆང་བ་དང ། འཛིན་པ་དང ། ཀློག་པ་དང ། འདོན་པ་དང ། གཞན་ལ་རྒྱས་པར་འབྱེད་ཅིང་སྟོན་པ་དེའི་རྒྱུ་དེའི་རྐྱེན་གྱིས་གཟི་བརྗིད་ཆེན་པོ་དང་ལྡན་པར་གྱུར་ཏོ། །རིགས་ཀྱི་བུ། དེའི་ཚེ་ན་རྒྱལ་པོ་སྤྱི་བོ་སྐྱེས་དེ་ལྟར་བརྒྱ་བྱིན་ལ་ངན་སེམས་སྐྱེས་པས་དེ་མ་ཐག་ཏུ་ཕྱིར་ཛམྦུ་གླིང་དུ་ལྷུང་ནས་འདོད་པའི་ལྷ་དང ། མི་དང་བྱེ་བྲལ་བར་གྱུར་ཏེ། སྡུག་བསྔལ་ཆེན་པོ་སྐྱེས་སོ། །དེ་ནས་ཀྱང་ནད་ཀྱིས་བཏབ་སྟེ་ཚེ་འཕོས་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་བརྒྱ་བྱིན་དུ་གྱུར་པ་དེ་ནི་སངས་རྒྱས་འོད་སྲུང་ཞེས་བྱ་བ་ཡིན་ནོ། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་ནི་ད་ལྟར་ང་ཡིན་ནོ། །རིགས་ཀྱི་བུ། དེ་བས་ན་འདོད་པ་དང་བྱེ་བྲལ་ན་རབ་ཏུ་སྡུག་བསྔལ་ཆེན་པོ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་ལྟར་འདས་པའི་དུས་ཀྱི་བྱེ་བྲལ་བའི་སྡུག་བསྔལ་དྲན་པ་ཡིན་ན། བྱང་ཆུབ་སེམས་དཔའ་ཐེག་པ་
Ka301b
ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ལ་གནས་པ། ད་ལྟར་གྱི་དུས་ཀྱི་འདོད་པ་དང་བྱེ་བྲལ་བའི་སྡུག་བསྔལ་ལ་རྟོག་པ་ལྟ་ཅི་སྨོས། རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ལ་སྤྱོད་པ་ན་དགྲ་སྡང་བ་དང་ཕྲད་པའི་སྡུག་བསྔལ་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་འདི་ལྟར་སེམས་ཅན་དམྱལ་བ་དང ། བྱོལ་སོང་གི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དང ། མི་དང ། ལྷ་ལའང་དགྲ་སྡང་བ་དང་ཕྲད་པའི་སྡུག་བསྔལ་ཞེས་བྱ་བ་ཡོད་དོ། །འདི་ལྟ་སྟེ། དཔེར་ན། མིས་ནི་བཙོན་རར་བཅུག་པ་དང ། བཟུང་བ་དང ། བཅིངས་པ་དང ། ལྕགས་དང ། ཁོང་སྒྲིལ་དང ། ཤིང་སྒྲོག་ཏུ་བཅུགས་ལ་སྡུག་བསྔལ་ཆེན་པོར་མཐོང་ངོ ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། ལམ་རྒྱུད་ལྔའི་སེམས་ཅན་ཐམས་ཅད་ཀྱང་དགྲ་སྡང་བ་དང་ཕྲད་པའི་སྡུག་བསྔལ་ཆེན་པོ་ཡིན་པར་རྟོགས་སོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། མི་ཞིག་འཁོན་ཡོད་པས་འཇིགས་སམ། སྟོང་ངམ། ལྕགས་སམ། ཁོང་སྒྲིལ་གྱིས་འཇིགས་པས་ཕ་མ་དང ། ཆུང་མ་དང ། བུ་དང ། འཁོར་རྣམས་དང ། རིན་པོ་ཆེ་དང ། སོ་ནམ་ཀུན་སྤངས་ཏེ། ལམ་རིང་པོར་བྱོལ་ཞིང་བྲོས་སོ། །རིགས་ཀྱི་བུ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། འཁོར་
Ka302a
༄#། །བས་འཇིགས་པ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་སྤྱད་དེ། མྱ་ངན་ལས་འདས་པར་འཇུག་གོ་།འོད་སྲུང ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་སྤྱོད་པ་ན་དགྲ་སྡང་བ་དང་ཕྲད་པའི་སྡུག་བསྔལ་རྟོགས་པ་ཞེས་བྱའོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་སྤྱོད་པ་ན་འདོད་པ་མི་རྙེད་པའི་སྡུག་བསྔལ་རྟོགས་པ་ཞེ་ན། འདོད་པ་ནི་ཐམས་ཅད་འདོད་པའོ། །ཐམས་ཅད་འདོད་པ་ལའང་རྣམ་པ་གཉིས་ཏེ། དགེ་བའི་ཆོས་འདོད་པ་དང ། མི་དགེ་བའི་ཆོས་འདོད་པའོ། །དེའང་དགེ་བའི་ཆོས་མ་རྙེད་ན་སྡུག་བསྔལ་བའོ། །མི་དགེ་བའི་ཆོས་དང་མ་བྲལ་ན་སྡུག་བསྔལ་བ་སྟེ། འདི་དག་ནི་ཕུང་པོ་ལྔ་སྡུག་བསྔལ་བ་མདོར་བཤད་པའོ། །འོད་སྲུང ། དེ་དག་ནི་སྡུག་བསྔལ་གྱི་བདེན་པ་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་སྲུང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཕུང་པོ་ལྔ་སྡུག་བསྔལ་བར་གསུངས་པའི་དོན་དེ་ལྟ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཀྱིས་སྔོན་ཤཱཀྱ་མིང་ཆེན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གལ་ཏེ་གཟུགས་སྡུག་བསྔལ་བ་ཡིན་ན་སེམས་ཅན་ཐམས་ཅད་གཟུགས་འདོད་པའི་མི་རིགས་ཏེ། ཐམས་
Ka302b
ཅད་འདོད་པས་ན་སྡུག་བསྔལ་ཞེས་བྱར་མི་རུང་ངོ་ཞེས་ཀྱང་གསུངས། ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ཚོར་བ་ལའང་རྣམ་པ་གསུམ་སྟེ། བདེ་བར་ཚོར་བ་དང ། སྡུག་བསྔལ་བར་ཚོར་བ་དང ། བདེ་བའང་མ་ཡིན་སྡུག་བསྔལ་བའང་མ་ཡིན་པར་ཚོར་བ་སྟེ། སྔོན་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། གང་ཞིག་གིས་དགེ་བའི་ཆོས་ལ་ནན་ཏན་བྱས་ན་བདེ་བ་མྱོང་བར་འགྱུར་རོ་ཞེས་ཀྱང་གསུངས། ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། དགེ་བའི་རྒྱུད་དུ་རེག་བྱ་དྲུག་གིས་ཀྱང་བདེ་བ་མྱོང་བར་འགྱུར་ཏེ། མིག་གིས་གཟུགས་བཟང་པོ་མཐོང་ན་དེའང་བདེ་བ་ལགས་ན། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱི་བར་དུ་བཟང་པོ་ལ་རེག་པའང་བདེ་བའོ་ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་གསུངས་པ། ཚུལ་ཁྲིམས་ལྡན་པ་བདེ་བ་སྟེ། །ལུས་ཀྱི་སྡུག་བསྔལ་མི་མྱོང་བ། །གཉིད་ཀྱིས་ལོག་ནའང་བདེ་བར་འགྱུར། །སད་ན་སེམས་ཀྱང་དགའ་བར་འགྱུར། །གོས་དང་བསོད་སྙོམས་ལེན་པ་དང ། །ཀློག་དང་སྒོམ་ཞིང་འཆད་པ་དང ། །བས་མཐའ་དགོན་པ་རི་དང་ཚལ། །གནས་པར་གྱུར་ན་མཆོག་ཏུ་བདེ། ། གང་ཞིག་སེམས་ཅན་མང་པོ་ལ། །ཉིན་མཚན་རྟག་ཏུ་སྙིང་རྗེ་ཞིང ། །གཞན་ལ་གནོད་པ་མི་བྱེད་ན། །དེ་ཡི་རྐྱེན་གྱིས་རྟག་ཏུ་བདེ། །འདོད་པ་ཉུང་ཞིང་ཆོག་ཤེས་བདེ། །དེ་བཞིན་མང་དུ་
Ka303a
༄#། །ཐོས་པ་བདེ། །ཆགས་མེད་དགྲ་བཅོམ་པ་དག་ཀྱང ། །རབ་ཏུ་བདེ་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ཕ་རོལ་ཕྱིན་པའི་མཐར་ཕྱིན་ཅིང ། །བྱ་བ་ཐམས་ཅད་བྱས་པ་ནི། །མཆོག་ཏུ་བདེ་བ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་མདོ་སྡེ་གཞན་དག་ལས་བདེ་བའི་མཚན་ཉིད་དུ་གསུངས་པའི་དོན་འདི་ལགས་ན། དེ་ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་གསུངས་ན་དོན་དེ་དག་མཐུན་པར་རུང་ངམ། །བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། ལེགས་སོ། །ཤིན་ཏུ་ལེགས་སོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ལ་དོན་འདི་དག་བྲིས་པ་ལེགས་སོ། །རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ནི་སྡུག་བསྔལ་བ་ཐ་མ་ལ་ནན་གྱིས་བདེ་བར་འདུ་ཤེས་ཏེ། དེ་བས་ན་སྡུག་བསྔལ་གྱི་མཚན་ཉིད་འདི་བཤད་པའང་སྔ་མ་དང་ཐ་མི་དད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་སྔར་གསུངས་པ་ལྟར། སྡུག་བསྔལ་ཐ་མ་ལའང་བདེ་བར་འདུ་ཤེས་པ་བསྐྱེད་ན། སྐྱེ་བ་ཐ་མ་དང ། རྒ་བ་ཐ་མ་དང ། ན་བ་ཐ་མ་དང ། འཆིང་ཐ་མ་དང ། འདོད་པ་དང་བྱེ་བྲལ་བ་ཐ་མ་དང ། འདོད་པ་མི་རྙེད་པ་ཐ་མ་དང ། དགྲ་སྡང་བ་དང་ཕྲད་པ་ཐ་མ་དང ། ཕུང་པོ་ལྔ་ཐ་མ་ལ་སོགས་པ་སྡུག་བསྔལ་བ་ལའང་བདེ་བ་མཆིས་པའི་རིགས་
Ka303b
སོ། །བཅོམ་ལྡན་འདས། སྐྱེ་བ་ཐ་མ་ཞེས་བགྱི་བ་ནི་ངན་སོང་གསུམ་མོ། །སྐྱེ་བ་འབྲིང་ཞེས་བགྱི་བ་ནི་མིའི་ནང་དུ་སྐྱེས་པའོ། །སྐྱེ་བ་རབ་ཅེས་བྱ་བ་ནི་མཐོ་རིས་ཀྱི་ལྷར་སྐྱེ་བ་ལགས་ན། གལ་ཏེ་ལ་ལ་ཞིག་གིས་འདི་སྐད་དུ་བདེ་བ་ཐ་མ་ལ་སྡུག་བསྔལ་བར་འདུ་ཤེས། བདེ་བ་འབྲིང་ལ་ནི་སྡུག་བསྔལ་མེད་པར་བདེ་བར་འདུ་ཤེས། བདེ་བ་རབ་ལ་ནི་བདེ་བར་འདུ་ཤེས་སོ་ཞེས་དེ་སྐད་ཅེས་དྲི་བ་མཆིས་ན། དེ་ལ་ཇི་སྐད་ཅེས་ལན་གདབ་པར་བགྱི། བཅོམ་ལྡན་འདས། སྡུག་བསྔལ་ཐ་མ་ལ་བདེ་བར་འདུ་ཤེས་པ་ནི། དཔེར་ན། མི་ཞིག་ལྕག་སྟོང་གིས་གཞུ་བ་ལས། ཐོག་མ་གཅིག་ཕོག་པ་ན་བདེ་བར་འདུ་ཤེས་པའི་རིགས་ན་དེ་བདེ་བར་འདུ་ཤེས་པ་མ་ལགས་པས་ན། ཅིའི་སླད་དུ་སྡུག་བསྔལ་ཐ་མ་ལ་བདེ་བར་འདུ་ཤེས་པར་བགྱི། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། དེ་དེ་བཞིན་ནོ། །དེ་དེ་བཞིན་ནོ། །ཁྱོད་ཀྱིས་སྨྲས་པ་བཞིན་ཏེ། དོན་དེ་ལྟ་བས་ན་བདེ་བར་འདུ་ཤེས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དཔེར་ན། མི་དེ་ལྕག་སྟོང་གིས་གཞུ་བ་ལས། ལྕག་གཅིག་ཕོག་སྟེ་བཏང་ན་དེའི་ཚེ་མི་དེ་བདེ་བའི་འདུ་ཤེས་སྐྱེ་སྟེ། དེ་བས་ན་བདེ་བ་མེད་པ་ལ་ནན་ཏན་གྱིས་བདེ་བར་འདུ་ཤེས་བསྐྱེད་དོ། ། འོད་སྲུང་གིས་གསོལ་པ། མི་དེ་ལྕག་གཅིག་ཕོག་པ་ལ་བདེ་བར་འདུ་ཤེས་པ་མ་ལགས་ཀྱི། དེ་ལས་ཐར་བས་བདེ་བར་འདུ་ཤེས་པ་ལགས་སོ། །བཀའ་སྩལ་པ། འོད་སྲུང ། དེ་བས་
Ka304a
༄#། །ན་ངས་སྔོན་ཤཱཀྱ་མིང་ཆེན་ལ་ཕུང་པོ་ལྔ་ལ་བདེ་བར་གསུངས་པ་ཡང་དག་པ་སྟེ། རྫུན་པ་མ་ཡིན་ནོ། །འོད་སྲུང ། ཚོར་བ་རྣམ་པ་གསུམ་དང ། སྡུག་བསྔལ་རྣམ་པ་གསུམ་ཡོད་དོ། །ཚོར་བ་རྣམ་པ་གསུམ་ནི། འདི་ལྟ་སྟེ། བདེ་བར་ཚོར་བ་དང ། སྡུག་བསྔལ་བར་ཚོར་བ་དང ། སྡུག་བསྔལ་བའང་མ་ཡིན་བདེ་བའང་མ་ཡིན་པར་ཚོར་རོ། །སྡུག་བསྔལ་གསུམ་ནི་སྡུག་བསྔལ་བའི་ཡང་སྡུག་བསྔལ་དང ། འདུ་བྱེད་ཀྱི་སྡུག་བསྔལ་དང ། འགྱུར་བའི་སྡུག་བསྔལ་ལོ། །རིགས་ཀྱི་བུ། སྡུག་བསྔལ་གྱི་ཚོར་བ་ནི་སྡུག་བསྔལ་བའི་སྡུག་བསྔལ་དང ། འདུ་བྱེད་ཀྱི་སྡུག་བསྔལ་དང ། འགྱུར་བའི་སྡུག་བསྔལ་དང ། སྡུག་བསྔལ་གསུམ་དུ་སྦྱར་རོ། །ལྷག་མ་གཉིས་ནི་འདུ་བྱེད་ཀྱི་སྡུག་བསྔལ་དང ། འགྱུར་བའི་སྡུག་བསྔལ་དང་སྦྱར་རོ། །རིགས་ཀྱི་བུ། དེའི་རྒྱུ་དེའི་རྐྱེན་གྱིས་ནི་སྐྱེ་བ་དང ། འཆི་བའི་ནང་ན་ཡང་དག་པར་བདེ་བར་ཚོར་བ་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྡུག་བསྔལ་དང་བདེ་བ་ཉིད་ཐ་དད་པ་མ་ཡིན་པར་རྟོགས་པས་ཐམས་ཅད་སྡུག་བསྔལ་བའོ་ཞེས་གསུངས་སོ། །རིགས་ཀྱི་བུ། སྐྱེ་བ་དང་འཆི་བའི་ནང་ན་ཡང་དག་པར་ན་བདེ་བ་མེད་དེ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་པའི་རྗེས་སུ་བདེ་བ་ཡོད་དོ་ཞེས་གསུངས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་
Ka304b
ཡང་བཅོམ་ལྡན་འདས་ལ་གསོལ་པ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་གྱི་དབང་དུ་མཛད་དེ་རྗེས་སུ་གསུངས་པ་འདི་རྫུན་དུ་མི་འགྱུར་རམ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན་གང་དགེ་བ་བགྱིད་པ་ནི་བདེ་བའི་འབྲས་བུ་མྱོང་བར་འགྱུར། ཚུལ་ཁྲིམས་བསྲུངས་པས་ནི་ལུས་བདེ་བ་དང ། སྡུག་བསྔལ་མི་མྱོང་བས་ན་བྱ་བ་ཐམས་ཅད་རྫོགས་པའི་བར་དུ་འགྱུར་བ་ནི་མཆོག་ཏུ་བདེ་བར་འགྱུར་བ་ལགས་ན། མདོ་སྡེ་དེ་དག་ལ་སོགས་པ་ལས་བདེ་བ་མྱོང་བར་གསུངས་པ་དེ་དག་ཀྱང་རྫུན་དུ་མི་འགྱུར་རམ། གལ་ཏེ་རྫུན་དུ་འགྱུར་ན་ལྟ། སངས་རྒྱས་བཅོམ་ལྡན་འདས་བསྐལ་པ་ཚད་མེད་གྲངས་མེད་པ་བརྒྱ་སྟོང་གི་བར་དུ་བྱང་ཆུབ་བསྒྲུབས་པ་ན་རྫུན་དུ་སྨྲ་བ་ཡོངས་སུ་སྤངས་ཏེ། དེའང་འདི་སྐད་དུ་གསུངས་ན་དེའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གོང་དུ་ཚིགས་སུ་བཅད་པ་ལས་བདེ་བ་མྱོང་བར་བཤད་པ་ནི་བྱང་ཆུབ་ཀྱི་ལམ་གྱི་རྩ་བ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་སྐྱེ་བར་འགྱུར་བས་ན། དེའི་ཕྱིར་སྔར་མདོ་སྡེ་དག་ལས་བདེ་བའི་མཚན་ཉིད་དེ་སྐད་ཅེས་གསུངས་པ་ཡིན་ནོ། །རིགས་ཀྱི་བུ། དཔེར་ན། འཇིག་རྟེན་གྱི་དགོས་པའི་ལོངས་སྤྱོད་ནི་བདེ་བའི་རྒྱུར་འགྱུར་ཏེ། བདེ་བ་ཞེས་བྱའོ། །འདི་ལྟ་སྟེ། ན་ཆུང་བཟང་མོ་དང ། ཆང་ཞིམ་པོ་དང ། ཁ་ཟས་རོ་མཆོག་དང ། སྐོམ་པས་གདུངས་པ་ན་ཆུ་དང་ཕྲད་
Ka305a
༄#། །པ་དང ། གྲང་པའི་ཚེ་མེ་དང་ཕྲད་པ་དང ། གོས་དང ། ལུས་ཀྱི་རྒྱན་དང ། བལ་གླང་དང ། རྟ་དང ། ཤིང་རྟ་དང ། བྲན་ཕོ་དང ། བྲན་མོ་དང ། ལས་བྱེད་པའི་མི་དང ། གསེར་དང ། དངུལ་དང ། བཻ་ཌཱུརྱ་དང ། བྱུ་རུ་དང ། མུ་ཏིག་དང ། བང་མཛོད་དང ། ནས་འབྲས་ལ་སོགས་པ་ནི་འཇིག་རྟེན་གྱི་དགོས་པ་སྟེ། བདེ་བའི་རྒྱུར་འགྱུར་བས་ན་བདེ་བ་ཞེས་པའོ། །རིགས་ཀྱི་བུ། དངོས་པོ་དེ་དག་ལ་སོགས་པས་སྡུག་བསྔལ་ཡང་སྐྱེ་བར་བྱེད་དོ། །འདི་ལྟ་སྟེ། བུད་མེད་ཀྱི་ཕྱིར་སྐྱེས་པ་དག་སྡུག་བསྔལ་བ་དང ། མི་དགའ་བ་དང ། མྱ་ངན་བྱེད་པ་དང ། ཚེ་ངེ་རྡུང་པ་དང ། སྲོག་གི་བར་དུའང་བར་ཆད་དུ་འགྱུར་བ་ཡོད་དོ། །ཆང་དང་ཟས་ཞིམ་པོ་ནས་བང་མཛོད་ཀྱི་བར་དུའང་སྡུག་བསྔལ་ཆེན་པོ་སྐྱེ་བར་འགྱུར་ཏེ། དེ་བས་ན་ཐམས་ཅད་སྡུག་བསྔལ་ཡིན་གྱི། བདེ་བའི་མཚན་ཉིད་མེད་དོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་སྡུག་བསྔལ་བརྒྱད་ལ་སྡུག་བསྔལ་བར་ཤེས་ཏེ། བདེ་བ་མེད་དོ། །རིགས་ཀྱི་བུ་ཉན་ཐོས་དང ། རང་སངས་རྒྱས་ལ་སོགས་པ་ནི་བདེ་བའི་རྒྱུ་མི་ཤེས་པས་ན་དེ་དག་གི་ཕྱིར་སྡུག་བསྔལ་ཐ་མ་ལ་བདེ་བའི་མཚན་ཉིད་ཡོད་པར་སྨྲའོ། །བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལ་གནས་པ་འབའ་ཞིག་ནི་སྡུག་བསྔལ་གྱི་རྒྱུ་དང ། བདེ་བའི་རྒྱུ་རྟོགས་ཤིང་
Ka305b
ཤེས་སོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ལ་གནས་པ་ན་ཀུན་འབྱུང་གི་བདེན་པ་རྟོགས་པ་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཀུན་འབྱུང་གི་བདེན་པ་འདི་ཕུང་པོའི་རྒྱུ་དང་རྐྱེན་ཡིན་པར་རྟོགས་སོ། །ཀུན་འབྱུང་ཞེས་བྱ་བ་ནི་ཕྱིར་ཡང་སྲིད་པ་ལ་འདོད་པ་སྟེ། འདོད་པ་ལ་རྣམ་པ་གཉིས་སོ། །བདག་གི་ལུས་འདོད་པ་དང ། དགོས་པ་འདོད་པའོ། །ཡང་རྣམ་པ་གཉིས་ཏེ། འདོད་པ་ལྔ་མ་ཐོབ་པ་ལ་སེམས་རྩེ་གཅིག་ཏུ་ཚོལ་བ་དང ། རྙེད་ནས་ཤིན་ཏུ་ཆགས་པ་ལ་བཟོད་པར་བྱེད་པའོ། །གཞན་ཡང་རྣམ་པ་གསུམ་སྟེ། འདོད་པའི་འདོད་པ་དང ། གཟུགས་ཀྱི་འདོད་པ་དང ། གཟུགས་མེད་པའི་འདོད་པའོ། །གཞན་ཡང་རྣམ་པ་གསུམ་སྟེ། ལས་ཀྱི་རྒྱུ་དང་རྐྱེན་ལ་འདོད་པ་དང ། ཉོན་མོངས་པའི་རྒྱུ་དང་རྐྱེན་ལ་འདོད་པ་དང ། སྡུག་བསྔལ་གྱི་རྒྱུ་དང་རྐྱེན་ལ་འདོད་པའོ། །རབ་ཏུ་བྱུང་བ་ལ་འདོད་པ་རྣམ་པ་བཞི་བཞིའོ། །ཆོས་གོས་དང ། བསོད་སྙོམས་དང ། མལ་ཆ་དང ། ནད་ཀྱི་རྐྱེན་སྨན་ནོ། །གཞན་ཡང་རྣམ་པ་ལྔ་སྟེ། ཕུང་པོ་ལྔ་ལ་ཆགས་ནས་དགོས་པའི་རྗེས་སུ་ཐམས་ཅད་འདོད་དེ། རྣམ་པར་རྟོག་པ་ཚད་མེད་མཐའ་ཡས་པའོ། །རིགས་ཀྱི་བུ། འདོད་པ་ལའང་རྣམ་པ་གཉིས་ཏེ། དགེ་བ་ལ་འདོད་པ་དང ། མི་དགེ་བ་ལ་འདོད་པའོ། །མི་དགེ་བ་ལ་འདོད་པ་ནི་གླེན་པ་འབའ་
Ka306a
༄#། །ཞིག་འདོད་དོ། །དགེ་བ་ལ་འདོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་འདོད་དོ། །དགེ་བའི་ཆོས་འདོད་པ་ལའང་རྣམ་པ་གཉིས་ཏེ།་མི་དགེ་བ་དང ། དགེ་བའོ། །ཐེག་པ་གཉིས་པོ་ཚོལ་བ་ནི་མི་དགེ་བའོ། །ཐེག་པ་ཆེན་པོ་ཚོལ་བ་ནི་དགེ་བའོ། །རིགས་ཀྱི་བུ། བྱིས་པ་མ་རབས་ཀྱི་འདོད་པ་ནི་ཀུན་འབྱུང་ཞེས་བྱ་སྟེ། བདེན་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་འདོད་པ་ནི་བདེན་པ་ཞེས་བྱ་སྟེ། ཀུན་འབྱུང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་བསྒྲལ་བའི་དོན་གྱི་ཕྱིར་སྐྱེ་བ་ལེན་གྱི། འདོད་པའི་ཕྱིར་སྐྱེ་བ་ལེན་པ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་གསོལ་པ། སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོ་སྡེ་གཞན་དག་ལས་སེམས་ཅན་དག་གི་ཕྱིར་ལས་ནི་རྒྱུ་དང་རྐྱེན་དུ་འགྱུར་རོ་ཞེས་གསུངས། བར་བར་ནི་ང་རྒྱལ་རྒྱུར་འགྱུར་རོ་ཞེས་གསུངས། བར་བར་ནི་རེག་བྱ་དྲུག་རྒྱུར་འགྱུར་རོ་ཞེས་གསུངས། བར་བར་ནི་མ་རིག་པ་ཕུང་པོ་ལྔར་འགྱུར་ཏེ། རྒྱུ་དང་རྐྱེན་དུ་འགྱུར་རོ་ཞེས་གསུངས་ན། དེ་ཅིའི་སླད་དུ་འཕགས་པའི་བདེན་པ་བཞི་ལས་འདོད་པའི་མཚན་ཉིད་འབའ་ཞིག་ཕུང་པོ་ལྔའི་རྒྱུར་འགྱུར་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་སྨྲས་པ་
Ka306b
བཞིན་ཏེ། རྒྱུ་དང་རྐྱེན་གཞན་དག་ཀྱང་རྒྱུར་མི་འགྱུར་བ་ནི་མ་ཡིན་མོད་ཀྱི། ཕུང་པོ་ལྔའི་རྒྱུ་ནི་མདོར་ན་འདོད་པ་ལས་གྱུར་ཏོ། །རིགས་ཀྱི་བུ། དཔེར་ན། རྒྱལ་པོ་ཆེན་པོ་གཤེགས་ན་བློན་པོ་ཆེན་པོ་འཁོར་དང་བཅས་ཏེ་རྗེས་སུ་འགྲོའོ། །འདོད་པ་ཡང་དེ་དང་འདྲ་སྟེ། འདོད་པ་གང་དུ་སྤྱོད་པའི་རྗེས་སུ་ཀུན་ནས་ཉོན་མོངས་པ་རྣམས་ཀྱང་རྗེས་སུ་འགྲོའོ། །དཔེར་ན། གོས་གང་དུ་སྣུམ་པ་དེར་རྡུལ་ཆགས་པ་བཞིན་དུ་འདོད་པའང་དེ་དང་འདྲ་སྟེ། གང་དུ་འདོད་པར་ལས་ཀྱི་ཉོན་མོངས་པའང་དེ་ལ་གནས་སོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། གང་དུ་བརླན་པའི་ས་ལ་ནི་མྱུ་གུ་སྐྱེའོ། །འདོད་པའང་དེ་དང་འདྲ་སྟེ། ལས་ཀྱི་ཉོན་མོངས་པའི་མྱུ་གུ་ཐམས་ཅད་སྐྱེ་བར་བྱེད་དོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐོག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ལ་གནས་པ་དག་ནི་འདོད་པ་ལ་རྣམ་པ་དགུར་ཤིན་ཏུ་རྟོགས་སོ། །འདི་ལྟ་སྟེ། བུ་ལོན་མ་འཁོར་བ་ལྟ་བུ་དང ། ཆུང་མ་སྲིན་མོ་ལྟ་བུ་དང ། མེ་ཏོག་བཟང་པོའི་སྡོང་བུ་ལ་སྦྲུལ་གདུག་པས་དཀྲིས་པ་ལྟ་བུ་དང ། ཟས་ཡིད་དུ་མི་འོང་ཞིང་མི་འདོད་པ་ནན་གྱིས་ཟ་བ་ལྟ་བུ་དང ། སྦྲུལ་ཚོང་མ་ལྟ་བུ་དང ། བ་ལུ་ཀའི་འབྲས་བུ་ལྟ་བུ་དང ། རྨའི་ཤ་རྨེན་ལྟ་བུ་དང ། རླུང་དྲག་པོ་ལྟ་བུ་དང ། སྐར་མ་ཕོད་ལྟ་བུའོ། །དེ་ལ་ཇི་ལྟར་ན་བུ་ལོན་མ་འཁོར་བ་ལྟ་བུ་ཞེ་ན། རིགས་ཀྱི་བུ། དཔེར་ན། མི་དབུལ་པོ་ཞིག་བུ་ལོན་ཆགས་པས་རྫོགས་སུ་ཉེ་སྟེ།
Ka307a
༄#། །མཇུག་ལུས་ན་བཟུང་བ་ལས་མི་ཐར་ཏོ། །ཉན་ཐོས་དང་རང་སངས་རྒྱས་ཀྱང་དེ་དང་འདྲ་སྟེ། འདོད་པའི་བག་ཆགས་ཀྱི་ལྷག་མ་ལུས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་མི་རྒྱའོ། །རིགས་ཀྱི་བུ། དེ་ལྟར་ན་བུ་ལོན་མ་འཁོར་བ་ལྟ་བུ་ཞེས་བྱའོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་ཆུང་མ་སྲིན་མོ་ལྟ་བུ་ཞེ་ན། རིགས་ཀྱི་བུ།་དཔེར་ན། མི་ཞིག་ཆུང་མར་སྲིན་མོ་བླངས་ན་བུ་བཙས་མ་ཐག་ཏུ་ཟའོ། །བུ་ཟད་ནས་ཁྱོའང་ཟའོ། །རིགས་ཀྱི་བུ། འདོད་པའི་སྲིན་མོའང་དེ་དང་འདྲ་སྟེ། སེམས་ཅན་དག་དགེ་བའི་རྩ་བ་ཇི་ཙམ་བསྐྱེད་པ་སྐྱེས་མ་ཐག་ཏུ་མེད་པར་བྱེད་དོ། །དགེ་བའི་རྩ་བ་ཟད་པར་བྱས་ནས་སེམས་ཅན་དམྱལ་བ་དང ། བྱོལ་སོང་གི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་བྱེད་དེ། བྱང་ཆུབ་སེམས་དཔའ་ནི་མ་གཏོགས་སོ། །དེ་ལྟར་ན་ཆུང་མ་སྲིན་མོ་ལྟ་བུ་ཞེས་བྱའོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་མེ་ཏོག་བཟང་པོའི་སྡོང་བུ་ལ་སྦྲུལ་གདུག་པས་དཀྲིས་པ་ལྟ་བུ་ཞེ་ན། དཔེར་ན། མེ་ཏོག་བཟང་པོ་ལ་དགའ་བ་ཞིག་མེ་ཏོག་གི་སྡོང་བུ་ལ་སྦྲུལ་གདུག་པའི་ཉེན་ཡོད་པར་མི་ཤེས་པས་དྲུང་དུ་བསྙེན་ནས་མེ་ཏོག་བཟུང་ངོ ། །བཟུང་མ་ཐག་ཏུ་སྦྲུལ་གྱིས་བཟུང་ནས་ཚེའི་དུས་བྱས་སོ། །བུས་པ་མ་རབས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། འདོད་པ་ལྔའི་མེ་ཏོག་ལ་ཆགས་པས་འདོད་པའི་སྦྲུལ་གདུག་པའི་སྐྱོན་ཡོད་པར་མི་ཤེས་
Ka307b
པས་ལེན་ཏོ། །བླངས་ནས་འདོད་པའི་སྦྲུལ་གདུག་པས་ཟིན་ཏེ། ཚེའི་དུས་བྱས་ནས་ངན་སོང་གསུམ་དུ་ལྷུང་སྟེ། བྱང་ཆུབ་སེམས་དཔའ་ནི་མ་གཏོགས་སོ། །དེ་ལྟར་ན་མེ་ཏོག་བཟང་པོའི་སྡོང་བུ་ལ་སྦྲུལ་གདུག་པས་དཀྲིས་པ་ལྟ་བུ་ཞེས་བྱའོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་ཡིད་དུ་མི་འོང་བའི་ཟས་ངན་པ་ནན་གྱིས་ཟ་བ་ལྟ་བུ་ཞེ་ན། འདི་ལྟ་སྟེ། ལ་ལ་ཞིག་ཟས་ངན་པ་ཡིད་དུ་མི་འོང་བ་ནན་གྱིས་ཟོས་ན། ཟོས་མ་ཐག་ཏུ་ལྟོ་བ་ན་སྟེ་ཚད་པར་འཁྲུས་ཏེ་འཆིའོ། །འདོད་པའི་ཟས་ཀྱང་དེ་དང་འདྲ་སྟེ། ལམ་རྒྱུད་ལྔའི་སེམས་ཅན་དག་འདོད་པ་ལ་ནན་གྱིས་ཆགས་པས་དེའི་རྒྱུ་དེའི་རྐྱེན་གྱིས་ངན་སོང་གསུམ་དུ་ལྷུང་སྟེ། བྱང་ཆུབ་སེམས་དཔའ་ནི་མ་གཏོགས་སོ། །དེ་ལྟར་ན་ཟས་ཡིད་དུ་མི་འོང་བ་ནན་གྱིས་ཟ་བ་ལྟ་བུ་ཞེས་བྱའོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་བུད་མེད་སྤྲུལ་ཚོང་མ་ལྟ་བུ་ཞེ་ན། དཔེར་ན། མི་གླེན་པ་དག་ནི་བུད་མེད་སྤྲུལ་ཚོང་མ་དང་འདྲུལ་ཏེ། བུད་མེད་དེས་གཅམ་དང་སྒྱུ་རྣམ་པ་སྣ་ཚོགས་ཀྱིས་མིའི་ནོར་ཀུན་འཕྲོག་གོ་།དེའི་ནོར་ཟང་ནས་ནི་སྐྲོད་དོ། ། འདོད་པའི་སྤྲུལ་ཚོང་མའང་དེ་དང་འདྲ་སྟེ། གླེན་པ་ཤེས་རབ་མེད་པ་དག་དེ་ལ་བསྟེན་ཏེ། འདོད་པ་དེས་དགེ་བའི་ཆོས་ཐམས་ཅད་འཕྲོག་གོ་།དགེ་བའི་ཆོས་ཀུན་ཟད་པར་བྱས་ནས་ངན་སོང་གསུམ་དུ་ལྷུང་པར་སྐྲོད་དོ། །བྱང་ཆུབ་སེམས་དཔའ་འབའ་ཞིག་ནི་མ་གཏོགས་སོ། །དེ་ལྟར་ན་བུད་མེད་སྤྲུལ་ཚོང་མ་ལྟ་བུ་ཞེས་བྱའོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་བ་ལུ་ཀའི་འབྲས་བུ་ལྟ་བུ་
Ka308a
༄#། །ཞེ་ན། དཔེར་ན། བ་ལུ་ཀའི་འབྲས་བུ་བྱས་ཟོས་ན་ཟོས་མ་ཐག་ཏུ་ཕྱིར་བྱུང་ནས་ས་ལ་གཏུགས་པ་རླུང་གིས་བདས་ཏེ། ཤིང་དྲུང་དུ་ཕྱིན་ན་དེ་མ་ཐག་ཏུ་སྐྱེས་ཏེ། ཤིང་དེ་ཉིད་ལ་དཀྲིས་གླགས་ནས་ཤིང་ནྱ་གྲོ་དྷའང་ཚད་དུ་ཕྱིན་པར་མི་སྐྱེ་བར་བྱེད་ཅིང་སྐམ་པར་ཡང་འགྱུར་རོ། །འདོད་པའི་བ་ལུ་ཀའི་འབྲས་བུའང་དེ་དང་འདྲ་སྟེ། བུས་པ་མ་རབས་ཀྱི་དགེ་བའི་རྩ་བ་ཅི་ཡོད་པ་དཀྲིས་གླགས་ནས་མི་འཕེལ་མི་སྐྱེ་བ་དང ། མེད་པར་འགྱུར་ཞིང་སྐམ་པའི་བར་ཡང་བྱེད་དོ། །བསྐམས་ཤིང་མེད་པར་བྱས་ནས་ཚེ་འཕོས་པའི་འོག་ཏུ་ངན་སོང་གསུམ་དུ་ལྟུང་བར་བྱེད་དེ། བྱང་ཆུབ་སེམས་དཔའ་ནི་མ་གཏོགས་སོ། །དེ་ལྟར་ན་བ་ལུ་ཀའི་འབྲས་བུ་ལྟ་བུ་ཞེས་བྱའོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་རྨའི་ཤ་རྨེན་ལྟ་བུ་ཞེ་ན།་དཔེར་ན། མི་ཞིག་རྨ་བྱུང་སྟེ་ཤ་རྨེན་ཡོད་ན་གསོ་དགོས་ཏེ་བཏང་དུ་མི་རུང་ངོ ། །བཞག་སྟེ་མ་གསོས་ན་རྨ་ཡང་རེད་ལ་འབུའང་འཇུག་སྟེ། དེའི་རྐྱེན་གྱིས་ཚེའི་དུས་ཀྱང་བྱེད་པར་འགྱུར་རོ། །བྱིས་པ་གླེན་པའི་འདོད་པ་ལྔའི་འབྲས་བུའང་དེ་དང་འདྲ་སྟེ། འདོད་པ་ནི་རྨའི་ནང་ན་ཤ་རྨེན་ལྟ་བུ་ཡིན་པས་བརྩོན་འགྲུས་སུ་གསོ་དགོས་སོ། །འདོད་པའི་ཤ་རྨེན་མ་གསོས་ན། ཚེ་འཕོས་མ་ཐག་ཏུ་ངན་སོང་གསུམ་དུ་ལྟུང་སྟེ། བྱང་ཆུབ་སེམས་དཔའ་ནི་མ་གཏོགས་སོ། །དེ་ལྟར་ན་འདོད་པའི་ཤ་རྨེན་ལྟ་བུ་ཞེས་བྱའོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་
Ka308b
རླུང་དྲག་པོ་ལྟ་བུ་ཞེ་ན། དཔེར་ན། རླུང་དྲག་པོ་ལངས་ནས་རིའང་རྙིལ། གད་པའང་བཏིབ། ཤིང་ཡང་རྩ་བ་ནས་འདོན་ཏོ། །འདོད་པའི་རླུང་དྲག་པོའང་དེ་དང་འདྲ་སྟེ། ཕ་མ་ལའང་ངན་སེམས་བསྐྱེད་ལ། ཤེས་རབ་ཆེན་པོའི་མཆོག་རི་བོ་ལ་སོགས་པའི་བླ་ན་མེད་པའི་བྱང་ཆུབ་ཀྱི་རྩ་བ་ཤིན་ཏུ་བརྟན་པའང་རྩ་ནས་འབྱིན་ཏེ། བྱང་ཆུབ་སེམས་དཔའ་ནི་མ་གཏོགས་སོ། །དེ་ལྟར་ན་རླུང་དྲག་པོ་ལྟ་བུ་ཞེས་བྱའོ། །དེ་ལ་ཇི་ལྟར་སྐར་མ་ཕོད་ལྟ་བུ་ཞེ་ན། དཔེར་ན། སྐར་མ་ཕོད་བྱུང་ན། གང་དུ་བྱུང་བའི་ཡུལ་དེར་མུ་གེ་དང ། ནད་དང ། འཁྲུག་པ་འབྱུང་ངོ ། །འདོད་པའི་སྐར་མ་ཕོད་ཀྱང་དེ་དང་འདྲ་སྟེ། དགེ་བའི་རྩ་བ་ཐམས་ཅད་ཀྱི་ས་བོན་གཅོད་ཅིང་བྱིས་པ་མ་རབས་དག་དབུལ་ཕོངས་པ་དང ། མུ་གེ་འབྱུང་བ་དང ། ཉོན་མོངས་པའི་ནད་སྐྱེ་བ་དང ། འཁོར་བར་འཁོར་ཞིང་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་བར་བྱེད་དེ། བྱང་ཆུབ་སེམས་དཔའ་ནི་མ་གཏོགས་སོ། །དེ་ལྟར་ན་སྐར་མ་ཕོད་ལྟ་བུ་ཞེས་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ལ་གནས་པ་ན་འདོད་པའི་ཀུན་ནས་ཉོན་མོངས་པ་ལ་རྣམ་པ་འདི་དགུ་ལྟ་བུར་རྟོགས་སོ། །རིགས་ཀྱི་བུ། དེ་བས་ན་བྱིས་པ་མ་རབས་ནི་སྡུག་བསྔལ་ཡོད་ཀྱི། བདེན་པ་མེད་དོ། །ཉན་ཐོས་དང་རང་སངས་རྒྱས་ནི་སྡུག་བསྔལ་ཡང་ཡོད། སྡུག་བསྔལ་གྱི་བདེན་པའང་ཡོད་ཀྱི། ཡང་དག་པའི་བདེན་པ་ནི་མེད་དོ། །བྱང་ཆུབ་
Ka309a
༄#། །སེམས་དཔའ་རྣམས་ནི་སྡུག་བསྔལ་ཤེས་ཤིང་སྡུག་བསྔལ་མེད་དེ། དེ་བས་ན་སྡུག་བསྔལ་བ་ནི་མེད་ཀྱི། ཡང་དག་པའི་བདེན་པ་ནི་ཡོད་དོ། །བྱིས་པ་མ་རབས་ནི་ཀུན་འབྱུང་ནི་ཡོད་ཀྱི། བདེན་པ་ནི་མེད་དོ། །ཉན་ཐོས་དང ། རང་སངས་རྒྱས་ནི་ཀུན་འབྱུང་ཡང་ཡོད། །ཀུན་འབྱུང་གྱི་བདེན་པའང་ཡོད་དོ། །བྱང་ཆུབ་སེམས་དཔའ་ནི་ཀུན་འབྱུང་ཤེས་ཤིང་ཀུན་འབྱུང་མེད་དེ། དེ་བས་ན་ཀུན་འབྱུང་ནི་མེད་ཀྱི། ཡང་དག་པའི་བདེན་པ་ནི་ཡོད་དོ། །ཉན་ཐོས་དང ། རང་སངས་རྒྱས་ནི་འགོག་པ་ཡོད་ཀྱང་ཡང་དག་པ་མ་ཡིན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འགོག་པའང་ཡོད། ཡང་དག་པའི་བདེན་པའང་ཡོད་དོ། །ཉན་ཐོས་དང ། རང་སངས་རྒྱས་ནི་ལམ་ཡོད་ཀྱང་བདེན་པ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལམ་ཡང་ཡོད་ལ། ཡང་དག་པའི་བདེན་པའང་ཡོད་དོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ལ་གནས་པ་ན་འགོག་པ་མཐོང་ཞིང་འགོག་པའི་བདེན་པ་མཐོང་བ་ཡིན་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་ཐམས་ཅད་ཡོངས་སུ་བཅད་པའོ། །གལ་ཏེ་ཉོན་མོངས་པ་བཅད་ན་རྟག་པ་ཞེས་བྱའོ། །ཉོན་མོངས་པའི་མེ་བསད་པས་ན་རབ་ཏུ་ཞི་བ་ཞེས་བྱའོ། །ཉོན་མོངས་པ་འགགས་པས་ན་བདེ་བ་མྱོང་བར་གྱུར་ཏོ། །སངས་
Ka309b
རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་འདོད་པས་ཡོངས་སུ་དག་པ་ཞེས་བྱའོ། །སྲིད་པ་ཉི་ཤུ་ལྔ་པོ་ཕྱིར་མི་ལེན་པས་ན་འཇིག་རྟེན་ལས་འདས་བ་ཞེས་བྱའོ། །འཇིག་རྟེན་ལས་འདས་པས་ན་བདག་ཅེས་བྱའོ། །གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་དང ། སྐྱེས་པ་དང ། བུད་མེད་དང ། སྐྱེ་བ་དང ། གནས་པ་དང ། འགོག་པ་དང ། སྡུག་བསྔལ་དང ། བདེ་བ་དང ། སྡུག་བསྔལ་ཡང་མ་ཡིན་བདེ་བའང་མ་ཡིན་པ་ལ་མཚན་མར་མི་ལེན་པས་ན་མཐར་ཕྱིན་པ་རབ་ཏུ་ཞི་བ་ཡང་དག་པའི་བདེན་པ་ཞེས་བྱའོ། །རིགས་ཀྱི་བུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ལ་གནས་པ་ན་འགོག་པའི་འཕགས་པའི་བདེན་པ་ལ་ཡོངས་སུ་རྟོག་པ་ཞེས་བྱའོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ལ་གནས་པ་ན་ལམ་གྱི་འཕགས་པའི་བདེན་པ་རྟོག་པ་ཡིན་ཞེ་ན། རིགས་ཀྱི་བུ། དཔེར་ན།་མུན་ཁུང་གི་ནང་དུ་མེ་མར་བྱུང་ན་དེའི་ནང་ན་དངོས་པོ་ཆེན་པོ་དང་ཆུང་ངུ་ཀུན་མཐོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལ་གནས་པ་དག་འཕགས་པའི་ལམ་བརྒྱད་ཀྱི་རྐྱེན་གྱིས་ཆོས་ཐམས་ཅད་མཐོང་བར་འགྱུར་རོ། །འདི་ལྟ་སྟེ། རྟག་པ་དང ། མི་རྟག་པ་དང ། འདུས་
Ka310a
༄#། །བྱས་དང ། འདུས་མ་བྱས་དང ། སེམས་ཅན་དང ། སེམས་ཅན་མ་ཡིན་པ་དང ། དངོས་པོ་དང ། དངོས་པོ་མ་ཡིན་པ་དང ། བདེ་བ་དང ། སྡུག་བསྔལ་དང ། བདག་དང།་བདག་མེད་པ་དང ། གཙང་བ་དང ། མི་གཙང་བ་དང ། ཉོན་མོངས་པ་དང ། ཉོན་མོངས་པ་མ་ཡིན་པ་དང ། ལས་དང ། ལས་མ་ཡིན་པ་དང ། བདེན་པ་དང ། བདེན་པ་མ་ཡིན་པ་དང ། ཐེག་པ་དང ། ཐེག་པ་མ་ཡིན་པ་དང ། ཤེས་པ་དང ། ཤེས་པ་མ་ཡིན་པ་དང ། ཡོན་ཏན་དང ། ཡོན་ཏན་མ་ཡིན་པ་དང ། བདག་པོ་དང ། བདག་པོ་མ་ཡིན་པ་དང ། མཐོང་བ་དང ། མཐོང་བ་མ་ཡིན་པ་དང ། གཟུགས་དང ། གཟུགས་མ་ཡིན་པ་དང ། ལམ་དང ། ལམ་མ་ཡིན་པ་དང ། ཤེས་རབ་དང ། ཤེས་རབ་མ་ཡིན་པ་རྣམས་སོ། རིགས་ཀྱི་བུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལ་གནས་པ་ན་འཕགས་པའི་ལམ་གྱི་བདེན་པ་ལ་ཡོངས་སུ་རྟོག་པ་ཞེས་བྱའོ། ། བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གལ་ཏེ་འཕགས་པའི་ལམ་བརྒྱད་ལམ་གྱི་འཕགས་པའི་བདེན་པ་ལགས་ན་དེའི་དོན་མཐུན་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་སྐབས་ཁ་ཅིག་ཏུ་ཟག་པ་དང་བཅས་པ་སྒྲོལ་བའི་སླད་དུ་དད་པའི་སེམས་ནི་
Ka310b
ལམ་ལགས་སོ་ཞེས་གསུངས། སྐབས་ཁ་ཅིག་ཏུ་ནི་བག་བྱེད་པ་ལམ་ལགས་སོ་ཞེས་གསུངས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་བག་བྱས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བས་བྱང་ཆུབ་སེམས་དཔའི་ལམ་གྱི་ཡན་ལག་གོ་ཞེས་ཀྱང་གསུངས། སྐབས་ཁ་ཅིག་ཏུ་ནི་བརྩོན་འགྲུས་ནི་ལམ་ལགས་སོ་ཞེས་གསུངས་ཏེ། དེ་ཡང་དགའ་པོ་ལ་བཀའ་སྩལ་པ། དགའ་བོ། གང་ཞིག་བརྩོན་འགྲུས་ཤིན་ཏུ་བརྩམས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་ཀྱང་གསུངས། སྐབས་ཁ་ཅིག་ཏུ་ནི་ལུས་ལ་ལུས་ཀྱི་རྗེས་སུ་དྲན་པ་ཉེ་བར་བཞག་པ་ནི་སེམས་རྩེ་གཅིག་ཏུ་དམིགས་ཏེ། བརྩོན་འགྲུས་སུ་ལུས་ལ་ལུས་ཀྱི་རྗེས་སུ་དྲན་པ་ཉེ་བར་བཞག་པ་ལ་ནན་ཏན་བྱས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ་ཞེས་ཀྱང་གསུངས། །སྐབས་ཁ་ཅིག་ཏུ་ནི་ཡང་དག་པའི་ཏིང་ངེ་འཛིན་ལམ་ལགས་སོ་ཞེས་ཀྱང་གསུངས་ཏེ་དེའང་འོད་སྲུང་ཆེན་པོ་ལ་བཀའ་སྩལ་པ་ལྟར་ན། ཡང་དག་པའི་ཏིང་ངེ་འཛིན་ནི་ལམ་ལགས་ཏེ། ཡང་དག་པའི་ཏིང་ངེ་འཛིན་མ་ལགས་པ་ནི་ལམ་ལགས་སོ་ཞེས་མ་གསུངས། ཏིང་ངེ་འཛིན་དུ་ཞུགས་ན་ཕུང་པོ་ལྔ་སྐྱེ་ཞིང་འགོག་པ་ཡིད་ལ་བྱེད་ནུས་པར་འགྱུར་གྱི། ཏིང་ངེ་འཛིན་དུ་མ་ཞུགས་པར་ཡིད་ལ་བྱེད་ནུས་པ་མ་ཡིན་ནོ་ཞེས་ཀྱང་གསུངས། སྐབས་ཁ་ཅིག་ཏུ་ནི་ཆོས་
Ka311a
༄#། །གཅིག་ལའང་གང་བསྒོམ་ཞིང་ནན་ཏན་བྱེད་པ་དེས་སེམས་ཅན་ཐམས་ཅད་ཀྱི་མྱ་ངན་དང ། སྡུག་བསྔལ་པ་དང ། འཁྲུག་པ་རྣམས་ཡོངས་སུ་སྦྱང་ཞིང་ཡང་དག་པའི་ཆོས་ཐོབ་པར་འགྱུར་རོ་ཞེས་གསུངས་པ་ནི། འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པ་ནི་ཏིང་ངེ་འཛིན་ལགས་སོ་ཞེས་ཀྱང་གསུངས། །སྐབས་ཁ་ཅིག་ཏུ་ནི་མི་རྟག་པ་ལ་བསྒོམ་པ་ལམ་ལགས་སོ་ཞེས་ཀྱང་གསུངས་ཏེ། དེའང་དགེ་སློང་རྣམས་ལ་བཀའ་སྩལ་པ། གང་ཞིག་མི་རྟག་པ་ལ་མང་དུ་བསྒོམས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ་ཞེས་ཀྱང་གསུངས། སྐབས་ཁ་ཅིག་ཏུ་ནི་ཤིན་ཏུ་དབེན་པའི་བས་མཐར་གཅིག་པུ་གནས་ཏེ་ཡིད་ལ་བྱས་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ་ཞེས་ཀྱང་གསུངས། སྐབས་ཁ་ཅིག་ཏུ་ནི་ཕ་རོལ་པོ་གཞན་ལ་ཆོས་བསྟན་པ་ནི་ལམ་ལགས་ཏེ་ཆོས་ཐོས་པས་ཐེ་ཚོམ་གྱི་དྲ་བ་ཆོད་པར་འགྱུར། ཐེ་ཚོམ་གྱི་དྲ་བ་ཆོད་པས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ་ཞེས་ཀྱང་གསུངས། སྐབས་ཁ་ཅིག་ཏུ་ནི་ཚུལ་ཁྲིམས་བསྲུངས་པ་ནི་ལམ་ལགས་སོ་ཞེས་གསུངས་ཏེ། དེའང་དགའ་བོ་ལ་བཀའ་སྩལ་པ། དགའ་བོ། །གང་ཞིག་ཚུལ་ཁྲིམས་སྲུང་བ་ལ་ཤིན་ཏུ་ནན་ཏན་བྱས་ན་གང་ཟག་དེ་ནི་འཁོར་བའི་རྒྱ་མཚོ་ལས་བརྒལ་བར་འགྱུར་
Ka311b
རོ་ཞེས་ཀྱང་གསུངས། སྐབས་ཁ་ཅིག་ཏུ་ནི་དགེ་བའི་བཤེས་གཉེན་ལ་བསྟེན་པ་ནི་ལམ་ལགས་སོ་ཞེས་གསུངས་ཏེ། དེའང་དགའ་བོ་ལ་བཀའ་སྩལ་པ། གང་ཞིག་དགེ་བའི་བཤེས་གཉེན་ལ་བསྟེན་ན་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་ཏེ། སེམས་ཅན་གང་ཞིག་ང་ལ་བསྙེན་བཀུར་བྱས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ། ། ཞེས་ཀྱང་གསུངས། སྐབས་ཁ་ཅིག་ཏུ་ནི་བྱམས་པ་བསྒོམ་པ་ནི་ལམ་ལགས་ཏེ་བྱམས་པ་བསྒོམས་ན་ཉོན་མོངས་པ་ཐམས་ཅད་ཆོད་ཅིང་མི་གཡོ་བའི་གནས་ཐོབ་པར་འགྱུར་རོ་ཞེས་ཀྱང་གསུངས། སྐབས་ཁ་ཅིག་ཏུ་ནི་ཤེས་རབ་ནི་ལམ་ལགས་སོ་ཞེས་གསུངས་ཏེ། དེའང་སྔོན་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་སྐྱེ་དགུའི་བདག་མོའི་སླད་དུ་ཕུ་ནུ་མོ་གསུངས་པ་དང ། ཉན་ཐོས་རྣམས་ཀྱང་ཤེས་རབ་ཀྱི་མཚོན་གྱིས་སྲིད་པའི་ཟག་པ་དང་བཅས་པའི་ཉོན་མོངས་པ་གཅོད་དོ་ཞེས་ཀྱང་གསུངས། སྐབས་ཁ་ཅིག་ཏུ་ནི་དེ་བཞིན་གཤེགས་པས་སྦྱིན་པ་ནི་ལམ་ལགས་སོ་ཞེས་ཀྱང་གསུངས་ཏེ། དེའང་སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ། ངས་སྔོན་སྦྱིན་པ་མང་དུ་བྱས་པས། དེའི་རྒྱུ་དེའི་རྐྱེན་གྱིས་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པར་རིག་པར་གྱིས་ཤིག་ཅེས་ཀྱང་གསུངས་པ་ལགས་ན། བཅོམ་ལྡན་འདས། གལ་ཏེ་འཕགས་པའི་ལམ་
Ka312a
༄#། །བརྒྱད་ལམ་གྱི་བདེན་པ་ལགས་སོ་ཞེས་གསུངས་ན། མདོ་སྡེ་གཞན་དག་ལས་དེ་སྐད་ཅེས་གསུངས་པ་དག་རྫུན་དུ་མ་གྱུར་ཏམ། གལ་ཏེ་མདོ་སྡེ་དེ་དག་ལས་འབྱུང་བ་རྫུན་དུ་མ་གྱུར་ན་ཅིའི་སླད་དུ་དེ་དག་ལས་ཀྱང་འཕགས་པའི་ལམ་བརྒྱད་ནི་ལམ་གྱི་བདེན་པ་ཡིན་ནོ་ཞེས་མ་གསུངས། དེ་ལྟར་མ་གསུངས་པས་ན་སྔོན་དེ་བཞིན་གཤེགས་པས་གསུངས་པའང་འཁྲུལ་པ་འདྲ་སྟེ། བདག་ནི་ངེས་པར་སངས་རྒྱས་བཅོམ་ལྡན་འདས་ནི་ཡུན་རིང་པོ་ནས་འཁྲུལ་པ་དང་བྲལ་བར་འཚལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་བཀའ་སྩལ་པ་ལེགས་སོ། །ལེགས་སོ། །རིགས་ཀྱི་བུ་ཁྱོད་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་མདོ་སྡེ་ལས་དོན་ཤིན་ཏུ་ཟབ་མོ་ཤེས་པར་འདོད་པས་དེ་སྐད་ཅེས་ཞུས་པ་ཤིན་ཏུ་ལེགས་སོ། །རིགས་ཀྱི་བུ། མདོ་སྡེ་དེ་དག་ཀྱང་ཐམས་ཅད་ལམ་གྱི་བདེན་པར་འཇུག་གོ་།རིགས་ཀྱི་བུ། དད་པ་ནི་ལམ་མོ་ཞེས་བྱ་བ་དད་པ་ནི་ལམ་ཡིན་ཏེ། དད་པ་ནི་རྩ་བ་ཡིན་པས་ན་བྱང་ཆུབ་ཀྱི་ལམ་གྱི་གྲོགས་སུ་འགྱུར་ཏེ། དེ་བས་ན་ངས་གསུངས་པ་དེ་ལ་འཁྲུལ་པ་མེད་དོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི་ཚད་མེད་པའི་ཐབས་ལ་ཤིན་ཏུ་མཁས་པས་སེམས་ཅན་གདུལ་པའི་ཕྱིར་དེ་ལྟར་རྣམ་པ་སྣ་ཚོགས་སུ་གསུངས་པ་ཡིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན།
Ka312b
སྨན་པ་མཁས་པ་ནི་སེམས་ཅན་གྱི་ནད་རྣམ་པ་སྣ་ཚོགས་ལ་ཤིན་ཏུ་མཁས་པས་ཇི་ལྟར་ན་བ་བཞིན་དུ་སྨན་སྦྱོར་ཏེ། སྨན་གྱི་མི་རུང་བའི་གཉེན་པོའང་སྟོན་ན་ཆུ་འབའ་ཞིག་ནི་མ་གཏོགས་སོ། །དེའང་འདི་ལྟ་སྟེ། སྒེའུ་གཤེར་གྱི་ཁུ་བ་དང ། ཤིང་མངར་གྱི་ཁུ་བ་དང ། ཤ་ཁ་ར་ནག་པོའི་ཁུ་བ་དང ། ་མ་ལའི་ཁུ་བ་དང ། ནི་པ་ལའི་ཁུ་བ་དང ། པ་ར་ཧ་ལའི་ཁུ་བ་དང ། ཆུ་གྲང་མོ་དང ། ཆུ་ཚ་བ་དང ། དགུན་ཆུ་དང ། བལ་པོ་སེའུའི་ཆུ་ལ་སོགས་པའོ། །རིགས་ཀྱི་བུ། སྨན་པ་མཁས་པ་ནད་ཀྱི་རྣམ་པ་ལ་མཁས་པ་དག་ཀྱང་སྨན་ལ་མི་རུང་བའི་གཉེན་པོ་མང་མོད་ཀྱི། ཆུ་ནི་དེར་མ་གཏོགས་སོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཐབས་ལ་ཤིན་ཏུ་མཁས་པས་ཆོས་ཀྱི་མཚན་ཉིད་གཅིག་གིས་སེམས་ཅན་ཇི་ལྟ་ཇི་ལྟ་བའི་རྗེས་སུ་མིང་དང་མཚན་ཉིད་དེ་དང་དེ་ལྟ་བུས་རྒྱས་པར་འབྱེད་ཅིང་སྟོན་ཏེ། སེམས་ཅན་རྣམས་ཀྱང་ཇི་ལྟར་བསྟན་པ་བཞིན་དུ་ཉམས་སུ་ལེན་ཏོ། །ཉམས་སུ་བླངས་ནས་ནན་ཏན་བྱས་པས་ཉོན་མོངས་པ་ཐམས་ཅད་བྱང་པར་འགྱུར་བ་ནི། ཇི་ལྟར་ནད་པས་སྨན་པའི་ལུང་བཞིན་དུ་བྱས་པས་ནད་འབྱང་བ་བཞིན་ནོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། མི་ཞིག་སྐད་རྣམ་པ་ཀུན་ལ་མཁས་ཏེ། མི་ཕལ་མོ་ཆེའི་ནང་དུ་འདུག་པ་ལས་མི་ཐམས་ཅད་སྐོམ་གྱིས་ཡོངས་སུ་གདུངས་ཏེ། འདི་སྐད་དུ་བདག་སྐོམ་སྟེ་ཆུ་འདོད་དོ་ཞེས་སྨྲ་ན། མི་དེས་རྣམ་
Ka313a
༄#། །པ་ཇི་བཞིན་དུ་ཆུ་གྲང་མོ་གཙང་མ་སོ་སོར་བྱིན་ན། རྣམ་པ་དེ་དག་ལ་ལ་ནི་ཆུ་འདོད་དོ་ཞེས་ཟེར། ལ་ལ་ནི་པ་ཎི་ཞེས་ཟེར། ལ་ལ་ནི་ཨུ་དི་ཞེས་ཟེར། ལ་ལ་ནི་ས་ལེ་མ་ཞེས་ཟེར། ལ་ལ་ནི་ས་ལི་ཞེས་ཟེར། ལ་ལ་ནི་པན་ཞེས་ཟེར། ལ་ལ་ནི་བདུད་རྩི་ཞེས་ཟེར། ལ་ལ་ནི་འོ་མ་ཞེས་ཟེར་ཏེ། དེ་ལྟར་ཆུའི་མིང་སྨྲ་བ་ཚད་མེད་པ་འཁོར་རྣམས་ལ་སྨྲའོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། འཕགས་པའི་ལམ་གཅིག་གིས་ཉན་ཐོས་རྣམས་ལ་དད་པའི་དབང་པོ་ནས་འཕགས་པའི་ལམ་བརྒྱད་ཀྱི་བར་དུ་རྒྱས་པར་སྟོན་ཅིང་འཆད་དོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། གསེར་མགར་མཁས་པ་ནི་གསེར་གཅིག་པུ་ལ་ལུས་ཀྱི་རྒྱན་རྣམ་པ་སྣ་ཚོགས་ཡིད་བཞིན་དུ་བྱེད་དོ། །འདི་ལྟ་སྟེ། གདུ་བུ་དང ། སོར་གདུབ་དང ། རྣ་ཆ་དང ། ཅོད་པན་དང ། དཔུང་རྒྱན་ལ་སོགས་པ་རྣམ་པ་སྣ་ཚོགས་མི་མཐུན་མོད་ཀྱི། གསེར་ལས་གཞན་མ་ཡིན་ནོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སངས་རྒྱས་ནི་ལམ་གཅིག་ལས་སེམས་ཅན་གྱི་རྗེས་སུ་རྣམ་པ་སྣ་ཚོགས་སུ་འབྱེད་ཅིང་སྟོན་ཏེ། བར་བར་ནི་རྣམ་པ་གཅིག་ཅེས་སྟོན་ཏོ། །འདི་ལྟ་སྟེ། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི་གཅིག་སྟེ། གཉིས་སུ་མེད་དོ་ཞེས་གསུངས། ཡང་རྣམ་པ་གཉིས་ཏེ། ཏིང་ངེ་འཛིན་དང ། ཤེས་རབ་བོ་ཞེས་ཀྱང་གསུངས། གཞན་
Ka313b
ཡང་རྣམ་པ་གསུམ་དུ་གསུངས་ཏེ། ལྟ་བ་དང ། ཡེ་ཤེས་དང ། ཤེས་རབ་བོ། །གཞན་ཡང་རྣམ་པ་བཞི་སྟེ། མཐོང་བའི་ལམ་དང ། སྒོམ་པའི་ལམ་དང ། མི་སློབ་པའི་ལམ་དང ། སངས་རྒྱས་ཀྱི་ལམ་མོ། །གཞན་ཡང་རྣམ་པ་ལྔ་སྟེ། དད་པ་སྥོད་པའི་ལམ་དང ། ཆོས་སྤྱོད་པའི་ལམ་དང ། དད་པས་རྣམ་པར་གྲོལ་བའི་ལམ་དང ། མཐོང་བས་ཕྱིན་པའི་ལམ་དང ། ལུས་ཀྱིས་རེག་པའི་ལམ་མོ། །གཞན་ཡང་རྣམ་པ་དྲུག་སྟེ། རྒྱུན་དུ་ཞུགས་པའི་ལམ་དང ། ལན་གཅིག་ཕྱིར་ལྡོག་པའི་ལམ་དང ། ལན་གཅིག་ཕྱིར་ལྡོག་པའི་ལམ་དང ། དགྲ་བཅོམ་པའི་ལམ་དང ། རང་སངས་རྒྱས་ཀྱི་ལམ་དང ། སངས་རྒྱས་ཀྱི་ལམ་མོ། །གཞན་ཡང་རྣམ་པ་བདུན་ཏེ། དྲན་པ་བྱང་ཆུབ་ཀྱི་ཡན་ལག་དང ། ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་དང ། བརྩོན་འགྲུས་བྱང་ཆུབ་ཀྱི་ཡན་ལག་དང ། དགའ་བ་བྱང་ཆུབ་ཀྱི་ཡན་ལག་དང ། ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་དང ། ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག་དང ། བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་གོ་།གཞན་ཡང་རྣམ་པ་བརྒྱད་དེ། ཡང་དག་པའི་ལྟ་བ་དང ། ཡང་དག་པའི་རྟོག་པ་དང ། ཡང་དག་པའི་ངག་དང ། ཡང་དག་པའི་ལས་ཀྱི་མཐའ་དང ། ཡང་དག་པའི་འཚོ་བ་དང ། ཡང་དག་པའི་རྩོལ་བ་དང ། ཡང་དག་པའི་དྲན་པ་དང ། ཡང་དག་པའི་ཏིང་ངེ་འཛིན་ཏོ། །གཞན་ཡང་རྣམ་པ་དགུ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་དང ། དད་པའོ། །གཞན་ཡང་རྣམ་
Ka314a
༄#། །པ་བཅུ་སྟེ། སྟོབས་བཅུའོ། །གཞན་ཡང་རྣམ་པ་བཅུ་གཅིག་སྟེ། སྟོབས་བཅུ་དང ། བྱམས་པ་ཆེན་པོའོ། །གཞན་ཡང་རྣམ་པ་བཅུ་གཉིས་ཏེ། སྟོབས་བཅུ་དང ། བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོའོ། །གཞན་ཡང་རྣམ་པ་བཅུ་གསུམ་སྟེ། སྟོབས་བཅུ་དང ། བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོ་དང ། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ནོ། །གཞན་ཡང་རྣམ་པ་བཅུ་དྲུག་སྟེ། སྟོབས་བཅུ་དང ། བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོ་དང ། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་དང ། སངས་རྒྱས་ཀྱིས་བརྙེས་པའི་ཡང་དག་པའི་དྲན་པ་ཉེ་བར་གཞག་པ་གསུམ་མོ། །གཞན་ཡང་རྣམ་པ་ཉི་ཤུ་སྟེ། སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོ་དང ། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་དང ། ཡང་དག་པའི་དྲན་པ་ཉེ་བར་གཞག་པ་གསུམ་མོ། །རིགས་ཀྱི་བུ། ལམ་དེ་དག་ནི་དངོས་པོ་གཅིག་སྟེ། དེ་བཞིན་གཤེགས་པས་སྔོན་སེམས་ཅན་གྱི་ཕྱིར་རྣམ་པ་སྣ་ཚོགས་སུ་གསུངས་པ་ཡིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། མེ་ལྟ་བུ་དངོས་པོ་གཅིག་ཏུ་ཟད་ན་ཚིག་པ་ལས་མེ་མང་པོར་གྱུར་ཏོ། །འདི་ལྟ་སྟེ། ཤིང་གི་མེ་དང ། རྩཝའི་མེ་དང ། ཕུབ་མའི་མེ་དང ། རྟ་རྟུག་དང ། བ་ལང་གི་ལྕི་བའི་མེ་ཞེས་རྣམ་པ་མང་པོར་བཏགས་སོ། །རིགས་ཀྱི་བུ། སངས་རྒྱས་ཀྱི་ལམ་ཡང་དེ་དང་འདྲ་བར་གཅིག་སྟེ།
Ka314b
གཉིས་སུ་མེད་མོད་ཀྱི། སེམས་ཅན་གྱི་ཕྱིར་རྣམ་པ་སྣ་ཚོགས་སུ་སོ་སོར་ཕྱེ་བ་ཡིན་ནོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། རྣམ་པར་ཤེས་པ་གཅིག་ལས་རྣམ་པ་དྲུག་ཏུ་ཕྱེ་སྟེ། བསྟན་པ་ནི་མིག་གི་སྐབས་སུ་ནི་མིག་གི་རྣམ་པར་ཤེས་པ་ཞེས་བཏགས་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །རིགས་ཀྱི་བུ། ལམ་ཡང་དེ་དང་འདྲ་བར་གཅིག་སྟེ། གཉིས་སུ་མེད་མོད་ཀྱི། དེ་བཞིན་གཤེགས་པས་སེམས་ཅན་དག་གདུལ་བའི་ཕྱིར་རྣམ་པ་སྣ་ཚོགས་སུ་ཕྱེ་ཞིང་བསྟན་པ་ཡིན་ནོ། །རིགས་ཀྱི་བུ། གཞན་ཡང་འདི་ལྟ་སྟེ། དཔེར་ན། གཟུགས་ལྟ་བུ་གཅིག་ལ་མིག་གིས་མཐོང་བའི་སྐབས་སུ་ནི་གཟུགས་ཞེས་བྱ། རྣ་བས་ཐོས་པའི་སྐབས་སུ་ནི་སྒྲ་ཞེས་བཏགས། སྣས་སྣོམ་པའི་ཚེ་ནི་དྲི་ཞེས་བྱ། ལྕེས་མྱོང་བའི་དུས་སུ་ནི་རོ་ཞེས་བྱ། ལུས་ཀྱིས་ཚོར་བའི་སྐབས་སུ་ནི་རེག་བྱ་ཞེས་བཏགས་སོ། །རིགས་ཀྱི་བུ། ལམ་ཡང་དེ་དང་འདྲ་བར་གཅིག་སྟེ་གཉིས་སུ་མེད་མོད་ཀྱི། སེམས་ཅན་དག་གདུལ་བའི་ཕྱིར་རྣམ་པ་སྣ་ཚོགས་སུ་ཕྱེ་ཞིང་བསྟན་ཏོ། །རིགས་ཀྱི་བུ། དོན་དེ་ལྟ་བས་ན་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ཀྱང་འཕགས་པའི་ལམ་གྱི་བདེན་པ་ཞེས་བྱའོ། །རིགས་ཀྱི་བུ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཕགས་པའི་བདེན་པ་བཞི་རིམ་གྱིས་བསྟན་ཏེ། དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཅན་ཚད་མེད་པ་སྙེད་འཁོར་བ་ལས་སྒྲོལ་བར་གྱུར་ཏོ། །བྱང་ཆུབ་སེམས་
Ka315a
༄#། །དཔའ་འོད་སྲུང་གིས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས། སྔོན་དུས་གཅིག་ཅིག་ན། ཀླུང་གངྒཱའི་འགྲམ་ཤི་ཤུ་ཞེས་བགྱི་བའི་ཚལ་ན་བཞུགས་ཏེ། དེའི་ཚེ་དེ་བཞིན་གཤེགས་པས་ཤིང་གི་འདབ་མ་གཅིག་ཕྱག་གིས་བླངས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། ད་ལྟར་ངའི་ལག་ན་ཡོད་པའི་འདབ་མ་མང་ངམ་ས་ལ་བརྟེན་ཏེ་རྩི་ཤིང་ལ་སོགས་པ་སྐྱེས་པ་ཐམས་ཅད་ཀྱི་ལོ་མ་མང་ཞེས་བཀའ་སྩལ་པ་དང ། དགེ་སློང་རྣམས་ཀྱིས་གསོལ་པ། ས་ལ་བརྟེན་ཏེ་སྐྱེས་པའི་རྩི་ཤིང་གི་ལོ་མ་ནི་རབ་ཏུ་མང་སྟེ། དཔག་ཏུ་མ་མཆིས་སོ། །དེ་བཞིང་གཤེགས་པའི་ཕྱག་ན་བསྣམས་པའི་ལོ་མ་ནི་ཤི་ཏུའང་ཉུང་སྟེ། སྨོས་སུ་མི་འཚལ་ལོ། །བཀའ་སྩལ་པ། དགེ་སློང་དག་།ངས་རྟོགས་པའི་ཆོས་ཐམས་ཅད་ནི་ས་ཆེན་པོ་ལ་བརྟེན་ཏེ་སྐྱེས་པའི་རྩི་ཤིང་ལ་སོགས་པའི་ལོ་མ་དང་འདྲའོ། །སེམས་ཅན་རྣམས་ལ་བསྟན་པ་ནི་ལག་ན་ཁྱེར་བའི་ལོ་མ་དང་འདྲ་ཞེས་གསུངས་ན། བཅོམ་ལྡན་འདས། དེའི་ཚེ་དེ་སྐད་ཅེས་གསུངས་པ་དེ་དེ་བཞིན་གཤེགས་པས་ཆོས་ཚད་མེད་པ་ཐུགས་སུ་ཆུད་པ། གལ་ཏེ་བདེན་པ་བཞིའི་ནང་དུ་གཏོགས་ན་ནི་དེ་བཞིན་གཤེགས་པས་སྔར་གསུངས་ཀྱང་ལགས། གལ་ཏེ་མ་གཏོགས་ན་ནི་བདེན་པ་ལྔ་མཆིས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་བཀའ་སྩལ་པ།
Ka315b
ལེགས་སོ། །ལེགས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་དེ་སྐད་ཅེས་ཞུས་པ་ནི་སེམས་ཅན་ཚད་མེད་པ་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་ཞུས་པ་ལེགས་སོ། །རིགས་ཀྱི་བུ། འདི་ལྟར་ཆོས་ཐམས་ཅད་ནི་འཕགས་པའི་བདེན་པ་བཞིའི་ནང་དུ་གཏོགས་སོ། །འོད་སྲུང་གིས་ཡང་གསོལ་པ། དེ་ལྟར་ཆོས་ཐམས་ཅད་འཕགས་པའི་བདེན་པ་བཞིའི་ནང་དུ་གཏོགས་ན། ཅིའི་སླད་དུ་དེ་བཞིན་གཤེགས་པས་སྨོས་པ་ཙམ་སྟེ་རྒྱས་པར་མ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེར་གཏོགས་པ་ནི་ཡིན་མོད་ཀྱི། བསྟན་ཅིང་བཤད་པ་ཞེས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། འཕགས་པའི་བདེན་པ་རྟོགས་པ་ལ་ཤེས་རབ་རྣམ་པ་གཉིས་ཏེ། འབྲིང་དང ། རབ་བོ། །འབྲིང་དེ་ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཤེས་རབ་པོ། །རབ་ནི་སངས་རྒྱས་དང ། བྱང་ཆུབ་སེམས་དཔའི་ཡེ་ཤེས་སོ། །རིགས་ཀྱི་བུ། ཕུང་པོ་རྣམས་ལ་སྡུག་བསྔལ་བར་རྟོགས་པ་ནི་ཤེས་རབ་འབྲིང་ཞེས་བྱའོ། ཕུང་པོ་རྣམས་ལ་མཚན་ཉིད་གྲང་ས་མེད་པར་ཕྱེ་སྟེ། ཐམས་ཅད་སྡུག་བསྔལ་བར་ཤེས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་པའི་སྤྱོད་ཡུལ་མ་ཡིན་པ་ནི་ཡེ་ཤེས་རབ་ཅེས་བྱའོ། །རིགས་ཀྱི་བུ། དོན་འདི་དག་ནི་མདོ་སྡེ་དག་ལས་ཀྱང་ངས་མ་གསུངས་སོ། །རིགས་ཀྱི་བུ། འཇུག་པ་ཤེས་པ་ནི་སྒོ་ཞེས་ཀྱང་བྱ། སྡུག་བསྔལ་ཞེས་ཀྱང་བྱ་སྟེ། དེ་ནི་ཤེས་རབ་འབྲིང་ཞེས་བྱའོ། །མཚན་ཉིད་
Ka316a
༄#། །རྣམ་པ་སྣ་ཚོགས་སུ་ཕྱེ་སྟེ། ཐམས་ཅད་སྡུག་བསྔལ་བ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་པའི་སྤྱོད་ཡུལ་མ་ཡིན་པ་ནི་ཡེ་ཤེས་རབ་ཅེས་བྱའོ། །དོན་འདི་དག་ཀྱང་མདོ་སྡེ་དག་ལས་ངས་མ་གསུངས་སོ། །རིགས་ཀྱི་བུ། གང་ཁམས་ཤེས་པ་ནི་ཡན་ལག་ཅེས་བྱ། མཚན་ཉིད་ཅེས་ཀྱང་བྱ། སྡུག་བསྔལ་བ་ཞེས་ཀྱང་བྱ་སྟེ། དེ་ནི་ཤེས་རབ་འབྲིང་ཞེས་བྱའོ། །ཁམས་རྣམས་ལ་མཚན་ཉིད་ཚད་མེད་པར་ཕྱེ་སྟེ། ཐམས་ཅད་སྡུག་བསྔལ་བ། ཉན་ཐོས་དང ། རང་སངས་རྒྱས་རྣམས་ཀྱིས་ཤེས་པའི་སྤྱོད་ཡུལ་མ་ཡིན་པ་ནི་ཡེ་ཤེས་རབ་ཅེས་བྱའོ། །རིགས་ཀྱི་བུ། དོན་འདི་དག་ཀྱང་མདོ་སྡེ་དེ་དག་ལས་ངས་མ་གསུངས་སོ། །རིགས་ཀྱི་བུ། གཟུགས་འཇིག་པའི་མཚན་ཉིད་དུ་ཤེས་པ་ནི་ཤེས་རབ་འབྲིང་ཞེས་བྱའོ། །གཟུགས་ལ་མཚན་ཉིད་རྣམ་པ་སྣ་ཚོགས་སུ་ཕྱེ་སྟེ། ཐམས་ཅད་སྡུག་བསྔལ་བ་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པའི་སྤྱོད་ཡུལ་མ་ཡིན་པ་ནི་ཡེ་ཤེས་རབ་ཅེས་བྱ་སྟེ། དོན་འདིའང་མདོ་སྡེ་དེ་དག་ལས་ངས་མ་གསུངས་སོ། །རིགས་ཀྱི་བུ། ཚོར་བ་ལ་ཚོར་བའི་མཚན་ཉིད་དུ་ཤེས་པ་ནི་ཤེས་རབ་འབྲིང་ཞེས་བྱའོ། །ཚོར་བ་ལ་མཚན་ཉིད་རྣམ་པ་སྣ་ཚོགས་སུ་ཕྱེ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པའི་སྤྱོད་ཡུལ་མ་ཡིན་པ་ནི་ཡེ་ཤེས་རབ་ཅེས་བྱ་སྟེ། རིགས་ཀྱི་བུ།
Ka316b
དོན་འདིའང་མདོ་སྡེ་དེ་དག་ལས་ངས་མ་གསུངས་སོ། །རིགས་ཀྱི་བུ། འདུ་ཤེས་ལ་ལེན་པའི་མཚན་ཉིད་དུ་ཤེས་པ་ནི་ཤེས་རབ་འབྲིང་ཞེས་བྱའོ། །འདུ་ཤེས་ལ་ལེན་པའི་མཚན་ཉིད་རྣམ་པ་སྣ་ཚོགས་སུ་ཕྱེ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པའི་སྤྱོད་ཡུལ་མ་ཡིན་པ་ནི་ཡེ་ཤེས་རབ་ཅེས་བྱ་སྟེ། དོན་འདི་ནི་མདོ་སྡེ་དེ་དག་ལས་ཀྱང་ངས་མ་གསུངས་སོ། །རིགས་ཀྱི་བུ། འདུ་བྱེད་ལ་བྱེད་པའི་མཚན་ཉིད་དུ་ཤེས་པ་ནི་ཤེས་རབ་འབྲིང་ཞེས་བྱའོ། །འདུ་བྱེད་ལ་བྱེད་པའི་མཚན་ཉིད་རྣམ་པ་སྣ་ཚོགས་སུ་ཕྱེ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པར་འགྱུར་བའི་མཚན་ཉིད་མ་ཡིན་པ་ནི་ཡེ་ཤེས་རབ་ཅེས་བྱའོ། །རིགས་ཀྱི་བུ། དོན་འདི་ནི་མདོ་སྡེ་དག་ལས་ཀྱང་ངས་མ་གསུངས་སོ། །རིགས་ཀྱི་བུ། རྣམ་པར་ཤེས་པ་ལ་བྱེ་བྲག་ལ་བྱེད་པའི་མཚན་ཉིད་དུ་ཤེས་པ་ནི་ཤེས་རབ་འབྲིང་ཞེས་བྱའོ། །རྣམ་པར་ཤེས་པ་ལ་ཤེས་པའི་མཚན་ཉིད་རྣམ་པ་སྣ་ཚོགས་སུ་ཕྱེ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པའི་མཚན་ཉིད་མ་ཡིན་པ་ནི་ཡེ་ཤེས་རབ་ཅེས་བྱའོ། །རིགས་ཀྱི་བུ། དོན་འདི་ནི་མདོ་སྡེ་དེ་དག་ལས་ཀྱང་ངས་མ་གསུངས་སོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་བཅོ་བརྒྱད་པ། རིགས་ཀྱི་བུ། འདོད་པའི་རྐྱེན་གྱིས་ཕུང་པོ་ལྔ་སྐྱེས་པར་ཤེས་པ་ནི་ཤེས་རབ་འབྲིང་ཞེས་བྱའོ། །གང་ཟག་གཅིག་གི་འདོད་པ་སྐྱེས་པའང་ཉན་ཐོས་
Ka317a
༄#། །དང་རང་སངས་རྒྱས་ཚད་མེད་མཐའ་ཡས་པ་རྣམས་ཀྱིས་མི་ཤེས་པ། སེམས་ཅན་ཐམས་ཅད་ཀྱི་འདོད་པ་གང་དང་གང་སྐྱེས་པ་དེ་དང་དེ་དག་ཐམས་ཅད་ཤེས་པ་ནི་ཡེ་ཤེས་རབ་ཅེས་བྱ་སྟེ། དོན་འདིའང་མདོ་སྡེ་དེ་དག་ལས་ངས་མ་གསུངས་སོ། །རིགས་ཀྱི་བུ། ཉོན་མོངས་པ་འགོག་པར་ཤེས་པ་ནི་ཤེས་རབ་འབྲིང་ཞེས་བྱའོ། ། ཉོན་མོངས་པའང་དཔག་ཏུ་མེད་ལ། འགོག་པའང་དེ་བཞིན་དཔག་ཏུ་མེད་པར་རྣམ་ཕྱེ་སྟེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་པའི་སྤྱོད་ཡུལ་མ་ཡིན་པ་ནི་ཡེ་ཤེས་རབ་ཅེས་བྱ་སྟེ། དོན་འདིའང་མདོ་སྡེ་དེ་དག་ལས་ངས་མ་གསུངས་སོ། །རིགས་ཀྱི་བུ། ལམ་གྱི་མཚན་ཉིད་ཀྱིས་ཉོན་མོངས་པ་སྤོང་པར་ཤེས་པའི་ཤེས་རབ་འབྲིང་ཞེས་བྱའོ། ། རིགས་ཀྱི་བུ། ལམ་གྱི་མཚན་ཉིད་ཀྱང་ཚད་མེད་མཐའ་ཡས་པ་སྤོང་བར་འགྱུར་བའི་ཉོན་མོངས་པའང་ཚད་མེད་མཐའ་ཡས་པར་རྣམ་པར་ཕྱེ་སྟེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་པའི་སྤྱོད་ཡུལ་མ་ཡིན་པ་ནི་ཡེ་ཤེས་རབ་ཅེས་བྱ་སྟེ། དོན་འདིའང་མདོ་སྡེ་དེ་དག་ལས་ངས་མ་གསུངས་སོ། །རིགས་ཀྱི་བུ། ཀུན་རྫོབ་ཀྱི་བདེན་པ་ཤེས་པ་ནི་ཤེས་རབ་འབྲིང་ཞེས་བྱའོ། །ཀུན་རྫོབ་ཀྱི་བདེན་པ་ཚད་མེད་མཐའ་ཡས་དཔག་ཏུ་མེད་པར་རྣམ་པར་ཕྱེ་སྟེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་པའི་སྤྱོད་ཡུལ་མ་ཡིན་པ་
Ka317b
ནི་ཡེ་ཤེས་རབ་ཅེས་བྱ་སྟེ། དོན་འདིའང་མདོ་སྡེ་དེ་དག་ལས་ངས་མ་གསུངས་སོ། །རིགས་ཀྱི་བུ། འདུ་བྱེད་ཐམས་ཅད་མི་རྟག་པ་དང ། ཆོས་ཐམས་ཅད་བདག་མེད་པ་དང ། མྱ་ངན་ལས་འདས་པ་ཞི་བ་དོན་དམ་པར་ཤེས་པ་ནི་ཤེས་རབ་འབྲིང་ཞེས་བྱའོ། །དོན་དམ་པ་ཚད་མེད་མཐའ་ཡས་དཔག་ཏུ་མེད་པར་ཤེས་ཤིང ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་པའི་སྤྱོད་ཡུལ་མ་ཡིན་པ་ནི་ཡེ་ཤེས་རབ་ཅེས་བྱ་སྟེ། དོན་འདིའང་མདོ་སྡེ་དེ་དག་ལས་ངས་མ་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཀུན་རྫོབ་ཀྱི་བདེན་པ་དང ། དོན་དམ་པའི་བདེན་པ་ཞེས་བགྱི་བའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། དོན་དམ་པའི་བདེན་པ་ལ་ཀུན་རྫོབ་ཀྱི་བདེན་པ་མཆིས་སམ། ཀུན་རྫོབ་ཀྱི་བདེན་པ་ལ་དོན་དམ་པའི་བདེན་པ་མཆིས་སམ། ཅི་སྟེ་མཆིས་ན་བདེན་པ་གཅིག་ཏུ་བས་སོ། །ཅི་སྟེ་མ་མཆིས་ན་དེ་བཞིན་གཤེགས་པས་གསུངས་པ་རྫུན་དུ་མི་འགྱུར་རམ། བཀའ་སྩལ་པ། རིགས་ཀྱི་བུ། ཀུན་རྫོབ་ཀྱི་བདེན་པ་ཉིད་དོན་དམ་པའི་བདེན་པའོ། །གསོལ་པ། བཅོམ་ལྡན་འདས། དེ་ལྟ་ན་ནི་བདེན་པ་གཉིས་སུ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཤིན་ཏུ་ཐབས་མཁས་པས་སེམས་ཅན་གྱི་རྗེས་སུ་བདེན་པ་གཉིས་སུ་
Ka318a
༄#། །གསུངས་སོ། །རིགས་ཀྱི་བུ། ཚིག་ཏུ་སྨྲ་བ་ལྟར་ན་རྣམ་པ་གཉིས་ཏེ། འཇིག་རྟེན་གྱི་ཆོས་དང ། འཇིག་རྟེན་ལས་འདས་པའི་ཆོས་སོ། །རིགས་ཀྱི་བུ། འཇིག་རྟེན་ལས་འདས་པའི་གང་ཟག་གིས་ཤེས་པ་དེ་ནི་དོན་དམ་པའི་བདེན་པ་ཞེས་བྱའོ། །འཇིག་རྟེན་པའི་གང་ཟག་གིས་ཤེས་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །རིགས་ཀྱི་བུ། ཕུང་པོ་ལྔ་འདུས་པ་ལས་བདག་ཅེས་བཏགས་ཏེ། སེམས་ཅན་མ་རབས་ནི་གཏོགས་པའི་རྗེས་སུ་འཇུག་པས་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །ཕུང་པོ་ལའང་བདག་ཅེས་བྱ་བ་མེད་པར་ཤེས་ལ། ཕུང་པོའི་ཕ་རོལ་ནའང་བདག་མེད་པར་ཤེས་པ་ནི་འཇིག་རྟེན་ལས་འདས་པ་ཞེས་བྱ་སྟེ། མཚན་ཉིད་ཇི་ལྟ་བ་བཞིན་དུ་ཤེས་པ་ནི་དོན་དམ་པའི་བདེན་པ་ཞེས་བྱའོ། །གཞན་ཡང་རིགས་ཀྱི་བུ། ཆོས་ལ་ལ་ནི་མིང་ཡང་ཡོད་ལ་འབྲས་བུའང་ཡོད་དོ། །ཆོས་ལ་ལ་ནི་མིང་ཡོད་ལ་འབྲས་བུ་མེད་དོ། །རིགས་ཀྱི་བུ། མིང་ཡོད་ལ་འབྲས་བུ་མེད་པ་ནི་ཀུན་རྫོབ་ཀྱི་བདེན་པའོ། །མིང་ཡང་ཡོད་ལ་འབྲས་བུའང་ཡོད་པ་ནི་དོན་དམ་པའི་བདེན་པའོ། །རིགས་ཀྱི་བུ། བདག་ཇི་ལྟ་བ་བཞིན་དུ་སེམས་ཅན་དང ། སྲོག་དང ། ཤེས་པ་དང ། མཐོང་བ་དང ། འཚོ་བ་དང ། ཤེད་ཅན་དང ། ཤེད་བདག་དང ། ཚོར་བ་དང ། བྱས་པ་དང ། ཚ་བའི་དུས་ཀྱི་སྨིག་རྒྱུ་དང ། དྲི་ཟའི་གྲོང་ཁྱེར་དང །
Ka318b
རུས་སྦལ་ཀྱི་སྤུ་དང ། རི་བོང་གི་རཝ་དང ། མེ་མགལ་བསྐོར་བའི་འཁོར་ལོ་དང ། ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །སྡུག་བསྔལ་བ་དང ། ཀུན་འབྱུང་དང ། འགོག་པ་དང ། ལམ་ནི་དོན་དམ་པའི་བདེན་པ་ཞེས་བྱའོ། །རིགས་ཀྱི་བུ། འཇིག་རྟེན་གྱི་ཆོས་ལ་རྣམ་པ་ལྔ་སྟེ། མིང་གི་འཇིག་རྟེན་དང ། ཚིག་གི་འཇིག་རྟེན་དང ། འཆིང་བའི་འཇིག་རྟེན་དང ། ཆོས་ཀྱི་འཇིག་རྟེན་དང ། ཆགས་པའི་འཇིག་རྟེན་དང་ལྔའོ། །རིགས་ཀྱི་བུ། མིང་གི་འཇིག་རྟེན་གང་ཞེ་ན། སྐྱེས་པ་དང ། བུད་མེད་དང ། བུམ་པ་དང ། གོས་དང ། ཤིང་རྟ་དང ། ཁང་ཁྱིམ་ལ་སོགས་པའི་དངོས་པོ་ནི་མིང་གི་འཇིག་རྟེན་ཞེས་བྱའོ། །ཚིག་གི་འཇིག་རྟེན་གང་ཞེ་ན། རྩ་བ་བཞི་པའི་ཚིགས་སུ་བཅད་པ་གཅིག་སྟེ། ཚིགས་སུ་བཅད་པ་དེ་དག་ནི་ཚིག་གི་འཇིག་རྟེན་ཞེས་བྱའོ། །འཆིང་བའི་འཇིག་རྟེན་གང་ཞེ་ན། དྲིལ་བ་དང ། སྦྱར་བ་དང ། མདུད་པ་བོར་བ་དང ། སྦམས་པ་དང ། བཅིངས་པ་དང ། ཐལ་མོ་སྦྱར་བ་ནི་འཆིང་པའི་འཇིག་རྟེན་ཞེས་བྱའོ། །ཆོས་ཀྱི་འཇིག་རྟེན་གང་ཞེ་ན། གཎྜི་བརྡུངས་ན་དགེ་འདུན་འདུ་བ་དང ། རྔ་བརྡུངས་ན་དམག་ཆ་བ་དང ། དུང་བུས་ན་དུས་ཤེས་པ་སྟེ།་དེ་ནི་ཆོས་ཀྱི་འཇིག་རྟེན་ཞེས་བྱའོ། །ཆགས་པའི་འཇིག་རྟེན་གང་ཞེ་ན། དཔེར་ན། རྒྱང་རིང་པོ་ནས་ཁ་དོག་བསྒྱུར་བའི་གོས་གྱོན་པའི་མི་མཐོང་ན། དེ་ནི་དགེ་སྦྱོང་ཡིན་གྱི། བྲམ་ཟེ་
Ka319a
༄#། །མ་ཡིན་ནོ་ཞེས་ཆགས་པ་དང ། ཐག་པ་མདུད་པ་བོར་བ་སེ་རལ་ཁ་རུ་ཐོགས་པ་མཐོང་ན། དེ་འདི་སྙམ་དུ་དེ་ནི་བྲམ་ཟེ་ཡིན་གྱི། དགེ་སྦྱོང་མ་ཡིན་ནོ། ། སྙམ་བསམས་པ་དེ་ནི་ཆགས་པའི་འཇིག་རྟེན་ཞེས་བྱའོ། །རིགས་ཀྱི་བུ། དེ་དག་ནི་འཇིག་རྟེན་གྱི་ཆོས་རྣམ་པ་ལྔ་ཞེས་བྱའོ། །རིགས་ཀྱི་བུ། སོ་སོའི་སྐྱེ་བོ་གང་ཞིག་དེ་ལྟར་འཇིག་རྟེན་གྱི་ཆོས་རྣམ་པ་ལྔ་པོ་ལ་སེམས་ཕྱིན་ཅི་མ་ལོག་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ན་དོན་དམ་པའི་བདེན་པ་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། ཚིག་པ་དང ། ཆོད་པ་དང ། ཤིགས་པ་དང ། འཇིག་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །མི་ཚིག་།མི་ཆོད། མི་ཤིགས། མི་འཇིག་པ་ནི་དོན་དམ་པའི་བདེན་པ་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། སྡུག་བསྔལ་གྱི་མཚན་ཉིད་བརྒྱད་དང་བཅས་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །སྐྱེ་བ་མེད། རྒ་བ་མེད། ན་བ་མེད། འཆི་བ་མེད། འདོད་པ་དང་བྱེ་བྲལ་བ་མེད། དགྲ་སྡང་བ་དང་ཕྲད་པ་མེད། འདོད་པ་མི་རྙེད་པ་མེད། ཕུང་པོ་ལྔ་མེད་པ་ནི་དོན་དམ་པའི་བདེན་པ་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། དཔེར་ན། ཤེས་པའི་རྩལ་མང་པོ་དང་ལྡན་པའི་མི་ཞིག་རྒྱུག་པའི་ཚེ་ནི་རྒྱུག་པ་ཞེས་བྱ། ཞིང་རྔ་བའི་ཚེ་ནི་ཞང་པ་ཞེས་བྱ། ཟས་ཀྱི་གཡོས་བྱེད་པ་ནི་གཡོས་མཁན་ཞེས་བྱ། ཤིང་
Ka319b
བཞོག་པའི་ཚེ་ནི་ཤིང་མཁན་ཞེས་བྱ། གསེར་དངུལ་གྱི་རྡུང་བྱེད་པའི་ཚེ་ནི་གསེར་མགར་ཞེས་བྱ་སྟེ། དེ་ལྟར་མི་གཅིག་ལ་མིང་དུ་བཏགས་པ་མང་དུ་ཡོད་དོ། །ཆོས་ཀྱང་དེ་དང་འདྲ་སྟེ། ཡང་དག་པར་གཅིག་མོད་ཀྱི། མིང་དུ་བཏགས་པ་མང་ངོ ། །ཕ་མ་ཕྲད་ཅིང་འདུས་པ་ལས་སྐྱེས་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་འདུས་པ་ལས་སྐྱེས་པ་ནི་དོན་དམ་པའི་བདེན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས། ཡང་དག་པའི་བདེན་པ་ཞེས་བགྱི་བའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཡང་དག་པའི་བདེན་པ་ཞེས་བྱ་ནི་ཡང་དག་པའི་ཆོས་སོ། །རིགས་ཀྱི་བུ། གང་ཆོས་ཡང་དག་པ་མ་ཡིན་པ་དེ་ནི་ཡང་དག་པའི་བདེན་པ་མ་ཡིན་ནོ། །རིགས་ཀྱི་བུ། ཡང་དག་པའི་བདེན་པ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་སྟེ། ཕྱིན་ཅི་མ་ལོག་པ་ནི་ཡང་དག་པའི་བདེན་པ་ཞེས་བྱའོ། །རིགས་ཀྱི་བུ། ཡང་དག་པའི་བདེན་པ་ནི་མི་བདེན་པ་མེད་པ་སྟེ། མི་བདེན་པ་དང་བཅས་པ་ནི་ཡང་དག་པའི་བདེན་པ་ཞེས་མི་བྱའོ། །རིགས་ཀྱི་བུ། ཡང་དག་པའི་བདེན་པ་ནི་ཐེག་པ་ཆེན་པོ་སྟེ། ཐེག་པ་ཆེན་པོ་མ་ཡིན་པ་ནི་ཡང་དག་པའི་བདེན་པ་ཞེས་མི་བྱའོ། །རིགས་ཀྱི་བུ། ཡང་དག་པའི་བདེན་པ་ནི་སངས་རྒྱས་ཀྱིས་
Ka320a
༄#། །གསུངས་པ་སྟེ། བདུད་ཀྱིས་སྨྲས་པ་མ་ཡིན་ནོ། །བདུད་ཀྱིས་སྨྲས་པ་དང ། སངས་རྒྱས་ཀྱིས་གསུངས་པ་མ་ཡིན་པ་ནི་ཡང་དག་པའི་བདེན་པ་ཞེས་མི་བྱའོ། །རིགས་ཀྱི་བུ། ཡང་དག་པའི་བདེན་པ་ཞེས་བྱ་བ་ནི་རྣམ་པར་དག་པའི་ལམ་གཅིག་སྟེ། གཉིས་སུ་མེད་པའོ། །རིགས་ཀྱི་བུ། རྟག་པ་དང་བཅས། བདེ་བ་དང་བཅས། བདག་དང་བཅས། ཡོངས་སུ་དག་པ་དང་བཅས་པ་ནི་ཡང་དག་པའི་བདེན་པའི་དོན་ཞེས་བྱའོ། །འཇམ་དཔལ་གཞོན་ནུས་ཡང་གསོལ་པ། བཅོམ་ལྡན་འདས། གལ་ཏེ་ཡང་དག་པ་དེ་ཡང་དག་པའི་བདེན་པ་ལགས་ན། ཡང་དག་པའི་ཆོས་ནི་དེ་བཞིན་གཤེགས་པའི་སྟོང་པ་ཉིད་དང ། སངས་རྒྱས་ཀྱི་རང་བཞིན་ལགས་ཏེ། ཅི་སྟེ་དེ་ལྟ་བུ་ལགས་ན། དེ་བཞིན་གཤེགས་པ་དང ། ནམ་མཁའ་ཉིད་དང ། སངས་རྒྱས་ཀྱི་རང་བཞིན་བྱེ་བྲག་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་བཀའ་སྩལ་པ། སྡུག་བསྔལ་ཡོད་ན་བདེན་པ་དང་བཅས། ཡང་དག་པ་དང་བཅས། ཀུན་འབྱུང་ཡོད་ན་བདེན་པ་དང་བཅས། ཡང་དག་པ་དང་བཅས། འགོག་པ་ཡོད་ན་བདེན་པ་དང་བཅས། ཡང་དག་པ་དང་བཅས། ལམ་ཡོད་ན་བདེན་པ་དང་བཅས། ཡང་དག་པ་དང་བཅས་སོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི་སྡུག་བསྔལ་མ་ཡིན། བདེན་པ་མ་ཡིན་ཏེ། ཡང་དག་པ་
Ka320b
ཡིན་ནོ། །སྟོང་པ་ཉིད་ཀྱང་སྡུག་བསྔལ་མ་ཡིན། བདེན་པ་མ་ཡིན་ཏེ། ཡང་དག་པ་ཡིན་ནོ། །སངས་རྒྱས་ཀྱི་རང་བཞིན་ཡང་སྡུག་བསྔལ་མ་ཡིན། བདེན་པ་མ་ཡིན་ཏེ། ཡང་དག་པ་ཡིན་ནོ། །འཇམ་དཔལ། སྡུག་བསྔལ་ཞེས་བྱ་བ་ནི་མི་རྟག་པའི་མཚན་ཉིད། གཅད་དུ་རུང་བའི་མཚན་ཉིད་དེ། དེ་བས་ན་ཡང་དག་པའི་བདེན་པ་ཞེས་མི་བྱའོ། །དེ་བཞིན་གཤེགས་པ་ཉིད་ནི་སྡུག་བསྔལ་མ་ཡིན། མི་རྟག་པ་མ་ཡིན། གཅད་དུ་རུང་བ་མ་ཡིན་ཏེ། དེ་བས་ན་ཡང་དག་པའི་བདེན་པ་ཞེས་བྱ་སྟེ། ནམ་མཁའ་དང ། སངས་རྒྱས་ཀྱི་རང་བཞིན་ཡང་དེ་བཞིན་དུ་རིག་པར་བྱའོ། །རིགས་ཀྱི་བུ། གཞན་ཡང་ཀུན་འབྱུང་ཞེས་བྱ་བ་ནི་ཕུང་པོ་ལྔ་འདུས་ཤིང་སྐྱེ་བར་བྱེད་པས་སྡུག་བསྔལ་ཞེས་ཀྱང་བྱ། མི་རྟག་པ་ཞེས་ཀྱང་བྱ། གཅད་དུ་རུང་བ་སྟེ། ཡང་དག་པའི་བདེན་པ་ཞེས་མི་བྱའོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི་ཀུན་འབྱུང་གི་མཚན་ཉིད་མ་ཡིན། ཕུང་པོའི་རྒྱུ་མ་ཡིན། གཅད་དུ་རུང་བའི་མཚན་ཉིད་མ་ཡིན་ཏེ། དེ་བས་ན་ཡང་དག་པ་ཞེས་བྱ་སྟེ། ནམ་མཁའ་དང ། སངས་རྒྱས་ཀྱི་རང་བཞིན་ཡང་དེ་བཞིན་དུ་རིག་པར་བྱའོ། །རིགས་ཀྱི་བུ། འགོག་པ་ཞེས་བྱ་བ་ནི་ཉོན་མོངས་པ་འགོག་པ་སྟེ། རྟག་པའང་ཡིན། མི་རྟག་པའང་ཡིན་ནོ། །ཐེག་པ་གཉིས་ཀྱིས་འཐོབ་པ་ནི་མི་རྟག་པ་ཞེས་བྱའོ། །སངས་རྒྱས་རྣམས་ཀྱིས་འཐོབ་པ་ནི་རྟག་པ་ཞེས་ཀྱང་བྱ། རང་གིས་རིག་
Ka321a
༄#། །པའི་ཆོས་ཞེས་ཀྱང་བྱ་སྟེ། ཡང་དག་པའི་བདེན་པ་ཞེས་བྱའོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཉིད་ནི་འགོག་པ་ཞེའམ། ཉོན་མོངས་པ་འགོག་པ་ཞེས་ཀྱང་མི་བྱ། རྟག་པ་དང ། མི་རྟག་པའང་མ་ཡིན། རང་གིས་རིག་པའང་མ་ཡིན། རྟག་པ་གནས་པ་མི་འགྱུར་བ་སྟེ། དེ་བས་ན་ཡང་དག་པ་ཞེས་བྱའོ། །ནམ་མཁའ་དང ། སངས་རྒྱས་ཀྱི་རང་བཞིན་ཡང་དེ་བཞིན་དུ་རིག་པར་བྱའོ། །རིགས་ཀྱི་བུ། ལམ་ཞེས་བྱ་བ་ནི་ཉོན་མོངས་པ་གཅོད་པ་སྟེ། རྟག་པའང་མ་ཡིན་ལ་མི་རྟག་པའང་མ་ཡིན་ཏེ། བསྒོམ་པའི་ཆོས་ཡིན་པས་ན་ཡང་དག་པའི་བདེན་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ནི་ལམ་གྱིས་ཉོན་མོངས་པ་གཅོད་པའང་མ་ཡིན། རྟག་པ་དང་མི་རྟག་པའང་མ་ཡིན། བསྒོམ་པའི་ཆོས་ཀྱང་མ་ཡིན་ཏེ། རྟག་པ་གནས་པ་མི་འགྱུར་མི་འཕོ་བས་དེའི་ཕྱིར་བདེན་པ་ཞེས་བྱ་སྟེ། ནམ་མཁའ་དང ། སངས་རྒྱས་ཀྱི་རང་བཞིན་ཡང་དེ་བཞིན་དུ་རིག་པར་བྱའོ། ། རིགས་ཀྱི་བུ། གཞན་ཡང་ཡང་དག་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པའང་ཡང་དག་པའོ། །ཡང་དག་པ་ནི་ནམ་མཁའ་སྟེ། ནམ་མཁའ་ཡང་ཡང་དག་པའོ། །ཡང་དག་པ་ནི་སངས་རྒྱས་ཀྱི་རང་བཞིན་ཏེ། སངས་རྒྱས་ཀྱི་རང་བཞིན་ཡང་ཡང་དག་པའོ། །འཇམ་དཔལ། སྡུག་བསྔལ་ཡོད་ན་སྡུག་བསྔལ་གྱི་རྒྱུ་དང་བཅས། སྡུག་
Ka321b
བསྔལ་ཟད་པ་དང་བཅས། སྡུག་བསྔལ་གྱི་གཉེན་པོ་དང་བཅས་ཏེ། དེ་བཞིན་གཤེགས་པ་ནི་སྡུག་བསྔལ་མ་ཡིན་པ་ནས། གཉེན་པོའི་བར་དུ་མ་ཡིན་པས་དེ་བས་ན་ཡང་དག་པ་ཞེས་བྱ་སྟེ། བདེན་པ་མ་ཡིན་ནོ། །ནམ་མཁའ་དང ། སངས་རྒྱས་ཀྱི་རང་བཞིན་ཡང་དེ་བཞིན་དུ་རིག་པར་བྱའོ། །སྡུག་བསྔལ་ནི་འདུས་བྱས་དང་བཅས། ཟག་པ་དང་བཅས། མི་བདེ་བ་དང་བཅས་སོ།། དེ་བཞིན་གཤེགས་པ་ནི་འདུས་བྱས་དང་བཅས་པ་མ་ཡིན། ཟག་པ་དང་བཅས་པ་མ་ཡིན་ཏེ། རབ་ཏུ་བདེ་བས་ན་ཡང་དག་པ་ཡིན་གྱི། བདེན་པ་མ་ཡིན་ནོ། །འཇམ་དཔལ་གཞོན་ནུས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན་ཕྱིན་ཅི་མ་ལོག་པ་ནི་ཡང་དག་པའི་བདེན་པ་ཞེས་གསུངས་ཏེ། གལ་ཏེ་དེ་ལྟ་བུ་ལགས་ན་བདེན་པ་བཞི་ལ་ཕྱིན་ཅི་ལོག་བཞི་མཆིས་སམ། གལ་ཏེ་མཆིས་ན་ཅིའི་སླད་དུ་ཕྱིན་ཅི་མ་ལོག་པ་ནི་ཡང་དག་པའི་བདེན་པ་ཞེས་གསུངས། ཕྱིན་ཅི་ལོག་ཐམས་ཅད་ནི་ཡང་དག་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་བཀའ་སྩལ་པ། ཕྱིན་ཅི་ལོག་ཐམས་ཅད་ནི་སྡུག་བསྔལ་གྱི་བདེན་པའི་ནང་དུ་གཏོགས་ཏེ། དཔེར་ན། སེམས་ཅན་ལྟ་བུ་ཕྱིན་ཅི་ལོག་གི་སེམས་དང་བཅས་པས་ཕྱིན་ཅི་ལོག་ཅེས་བྱའོ། །རིགས་ཀྱི་བུ། དཔེར་ན། མི་ཞིག་ཕམ་དང ། སློབ་དཔོན་དང ། བླ་མའི་ངག་མི་ཉན་ལ། བསྟན་པ་བཞིན་དུ་མི་བྱེད་པ་དེ་ནི་ཕྱིན་ཅི་
Ka322a
༄#། །ལོག་པ་ཞེས་བྱ་སྟེ། ཕྱིན་ཅི་ལོག་དེའང་སྡུག་བསྔལ་མ་ཡིན་པ་མ་ཡིན་གྱི། སྡུག་བསྔལ་ཡིན་ནོ། །འཇམ་དཔལ་གྱིས་ཡང་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་མི་བདེན་པ་མ་ལགས་པ་དེ་ཡང་དག་པའི་བདེན་པ་ལགས་ན། མི་བདེན་པ་དེ་ནི་ཡང་དག་པའི་བདེན་པ་མ་ལགས་པར་འཚལ་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། མི་བདེན་པ་རྫུན་ཐམས་ཅད་ནི་སྡུག་བསྔལ་གྱི་ནང་དུ་གཏོགས་ཏེ། དཔེར་ན། སེམས་ཅན་ཞིག་ཕ་རོལ་པོ་གཞན་ལ་དབང་བཟས་ཏེ། གཡོ་སྒྱུ་ཞིག་བྱས་ན། དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཅན་དམྱལ་བ་དང ། བྱོལ་སོང་གི་སྐྱེ་གནས་དང ། ཡི་དྭགས་ཀྱི་ཁམས་སུ་ལྟུང་སྟེ། དེ་དག་ནི་མི་བདེན་པ་ཞེས་བྱའོ། །མི་བདེན་པ་དེ་ནི་སྡུག་བསྔལ་བ་མ་ཡིན་པ་མ་ཡིན་གྱི། སྡུག་བསྔལ་བ་ཡིན་ནོ། །ཉན་ཐོས་དང ། རང་སངས་རྒྱས་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡོངས་སུ་སྤངས་ཏེ་མི་སྤྱོད་པས་ན་མི་བདེན་པ་ཞེས་མི་བྱའོ། །མི་བདེན་པ་ནི་སངས་རྒྱས་རྣམས་དང ། ཐེག་པ་གཉིས་ཀྱིས་ཡོངས་སུ་བསལ་བའི་ཕྱིར་ཡང་དག་པའི་བདེན་པ་ཞེས་བྱའོ། ། འཇམ་དཔལ་གྱིས་ཡང་གསོལ་བ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ཐེག་པ་ཆེན་པོ་ལ་ཡང་དག་པའི་བདེན་པ་ཞེས་བགྱི་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་
Ka322b
པ་ནི་ཡང་དག་པ་མ་ལགས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་བཀའ་སྩལ་པ། ཐེག་པ་གཉིས་པོ་ནི་ཡང་དག་པའང་ཡིན་ལ། ཡང་དག་པའང་མ་ཡིན་ནོ། ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཉོན་མོངས་པ་རྣམས་བཅད་པས་ན་ཡང་དག་པ་ཞེས་བྱའོ། །མི་རྟག་ཅིང་མི་གནས་ལ་འགྱུར་ཞིང་འཕོ་བའི་ཆོས་ཅན་ཡིན་པས་ན་ཡང་དག་པ་མ་ཡིན་ནོ། །འཇམ་དཔལ་གྱིས་ཡང་དག་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ཡང་དག་པ་ཞེས་བགྱི་ན། གང་བདུད་ཀྱིས་སྨྲས་པ་དེ་ཡང་དག་པར་མ་ལགས་པར་འཚལ་ཏེ། བཅོམ་ལྡན་འདས། བདུད་ཀྱིས་སྨྲས་པ་དེ་འཕགས་པའི་བདེན་པར་གཏོགས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་བཀའ་སྩལ་པ། བདུད་ཀྱིས་སྨྲས་པ་ནི་སྡུག་བསྔལ་དང ། ཀུན་འབྱུང་ཞེས་བྱ་བའི་བདེན་པ་གཉིས་ཀྱི་ནང་དུ་གཏོགས་སོ། །ཇི་ཙམ་དུ་ཆོས་མ་ཡིན་པ་དང ། འདུལ་བ་མ་ཡིན་པ་ཕ་རོལ་ལ་ཕན་པ་དང ། བདེ་བའི་དོན་དུ་མི་འགྱུར་བ་ཐམས་ཅད་ནི་དུས་ཐམས་ཅད་དུ་མི་དལ་བར་སྨྲས་ཀྱང ། ཕ་རོལ་པོས་སྡུག་བསྔལ་མཐོང་བར་རམ། ཀུན་འབྱུང་ཆོད་པར་རམ། འགོག་པ་རིག་པར་རམ། ལམ་བསྒོམ་པར་འགྱུར་བ་མེད་དེ། དེ་བས་ན་མི་བདེན་པ་ཡིན་ཏེ། མི་བདེན་པ་དེ་ནི་བདུད་ཀྱིས་སྨྲས་པ་ཞེས་བྱའོ། །འཇམ་དཔལ་གྱིས་ཡང་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་རྣམ་པར་དག་པའི་
Ka323a
༄#། །ལམ་གཅིག་སྟེ། གཉིས་སུ་མ་མཆིས་སོ་ཞེས་བགྱི་བ། མུ་སྟེགས་ཅན་རྣམས་ཀྱང་འདི་སྐད་དུ་རྣམ་པར་དག་པའི་ལམ་གཅིག་སྟེ། གཉིས་སུ་མ་མཆིས་སོ་ཞེས་མཆིས་ན། ཅི་སྟེ་ལམ་གཅིག་པུ་དེ་ཡང་དག་པའི་བདེན་པ་ལགས་ན། མུ་སྟེགས་ཅན་དང་ཁྱད་པར་ཅི་མཆིས། ཅི་སྟེ་ཁྱད་པར་མ་མཆིས་ན་རྣམ་པར་དག་པའི་ལམ་གཅིག་གོ་ཞེས་གསུངས་པ་ཡང་མི་རིགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། མུ་སྟེགས་ཅན་རྣམས་ལ་སྡུག་བསྔལ་དང ། ཀུན་འབྱུང་གི་བདེན་པ་ནི་ཡོད་ཀྱི། འགོག་པ་དང ། ལམ་གྱི་བདེན་པ་ནི་མེད་པས་འགོག་པ་མ་ཡིན་པ་ལ་འགོག་པར་འདུ་ཤེས། ལམ་མ་ཡིན་པ་ལ་ལམ་དུ་འདུ་ཤེས། འབྲས་བུ་མ་ཡིན་པ་ལ་འབྲས་བུར་འདུ་ཤེས། རྒྱུ་མ་ཡིན་པ་ལ་རྒྱུར་འདུ་ཤེས་ཏེ། དེ་བས་ན་དེ་ལ་ནི་རྣམ་པར་དག་པའི་ལམ་གཅིག་སྟེ། གཉིས་སུ་མེད་དོ་ཞེས་བྱ་བ་མེད་དོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་རྟག་པ་དང་བཅས། བདག་དང་བཅས། བདེ་བ་དང་བཅས། དག་པ་དང་བཅས་པ་ལ་ཡང་དག་པའི་དོན་ཅེས་བགྱི་ན་ལྟ། མུ་སྟེགས་ཅན་རྣམས་ལ་ཡང་དག་པའི་བདེན་པ་མཆིས་ཀྱི། སངས་རྒྱས་ཀྱི་ཆོས་ལ་ནི་མ་མཆིས་པར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། མུ་སྟེགས་ཅན་རྣམས་ཀྱང་འདི་སྐད་
Ka323b
ཅེས་སྨྲ་སྟེ། འདུ་བྱེད་ཐམས་ཅད་ནི་རྟག་པའོ། །ཇི་ལྟར་རྟག་ཅེ་ན། ཡིད་དུ་འོང་བ་དང ། ཡིད་དུ་མི་འོང་བའི་ལས་ཀྱི་རྣམ་པར་སྨིན་པ་ལ་སོགས་པ་མེད་པར་མི་འགྱུར་པའི་ཕྱིར་རོ། ། ཡིད་དུ་འོང་བ་ནི་དགེ་བ་བཅུའི་འབྲས་བུ་མྱོང་བའོ། །ཡིད་དུ་མི་འོང་བ་ནི་མི་དགེ་བ་བཅུའི་ལས་ཀྱི་རྣམ་པར་སྨིན་པ་སྟེ། གལ་ཏེ་འདུ་བྱེད་ཐམས་ཅད་མི་རྟག་ན་ལས་བྱས་པ་རྣམས་འདི་ནས་ཤི་འཕོས་ནས་ཕ་རོལ་ཏུ་རྣམ་པར་སྨིན་པའི་འབྲས་བུ་སུས་མྱོང་བར་འགྱུར། དེ་བས་ན་འདུ་བྱེད་ཐམས་ཅད་ནི་རྟག་པ་ལགས་ཏེ། སྲོག་བཅད་པའི་རྐྱེན་གྱིས་རྟག་པ་ཞེས་བྱའོ། །བཅོམ་ལྡན་འདས། ཅི་སྟེ་འདུ་བྱེད་ཐམས་ཅད་མི་རྟག་ན་གསོད་པ་དང ། བསད་པ་གཉིས་ཀ་མི་རྟག་པར་འགྱུར་རོ། །གལ་ཏེ་མི་རྟག་ན་སེམས་ཅན་དམྱལ་བར་ཁ་ན་མ་ཐོ་བའི་ལས་མྱོང་བར་འགྱུར། གལ་ཏེ་ངེས་པར་སེམས་ཅན་དམྱལ་བའི་རྣམ་པར་སྨིན་པ་མྱོང་ན་འདུ་བྱེད་རྣམས་ཀྱང་ཡང་དག་པར་མི་རྟག་པ་མ་ལགས་པར་འགྱུར་རོ། །བཅོམ་ལྡན་འདས། སེམས་རྩེ་གཅིག་ཏུ་སེམས་ཤིང་དྲན་པའང་རྟག་པ་ཞེས་བགྱིའོ། །འདི་ལྟ་སྟེ། ལོ་བཅུ་ལོན་ཏེ་དྲན་པ་ནི་ལོ་བརྒྱའི་བར་དུ་དྲན་ཏེ་མི་བརྗེད་པའང་རྟག་པ་ཞེས་བགྱི་སྟེ། ཅི་སྟེ་མི་རྟག་ན་སྔོན་མཐོང་བའི་དངོས་པོ་དག་སུས་དྲན་པར་འགྱུར། དེ་བས་ན་འདུ་བྱེད་ཐམས་ཅད་མི་རྟག་པ་མ་ལགས་སོ། །བཅོམ་ལྡན་འདས། དྲན་པ་ཐམས་ཅད་ཀྱང་རྟག་
Ka324a
༄#། །པ་ཞེས་བགྱིའོ། །དཔེར་ན། མི་ཞིག་སྔོན་མི་གཞན་ཞིག་གི་ལག་པའམ། རྐང་པའམ། མགོ་འམ། གཉའ་བ་ལ་སོགས་པ་ཅི་འདྲ་བ་མཐོང་ན་ཕྱིས་མཐོང་མ་ཐག་ཏུ་ངོ་ཤེས་སོ། །ཅི་སྟེ་མི་རྟག་པ་ཞིག་ལགས་ན་མཚན་མ་སྔ་མ་མེད་པར་སོང་བའི་རིགས་སོ། །བཅོམ་ལྡན་འདས། ལས་བྱེད་པ་ཐམས་ཅད་ནི་ཡུན་རིང་དུ་གོམས་པ་ལས་འགྱུར་ཏེ། ཐོག་མ་སློབ་པ་ནས་ལོ་གསུམ་མ་མ། ལོ་ལྔ་ནས་མཁས་པར་འགྱུར་བས་རྟག་པ་ཞེས་བགྱིའོ། །བཅོམ་ལྡན་འདས། རྩིས་སློབ་པའང་གཅིག་ལས་གཉིས། གཉིས་ལས་གསུམ་སྟེ། བརྒྱ་སྟོང་གི་བར་དུའོ། །ཅི་སྟེ་མི་རྟག་ན་ཐོག་མ་གཅིག་ཀྱང་མ་མཆིས་པར་འགྱུར་རོ། །གལ་ཏེ་ཐོག་མའི་གཅིག་མ་མཆིས་ན་གཉིས་སུ་ག་ལ་འགྱུར་ཏེ། དེ་ལྟར་ན་གཅིག་ནི་རྟག་པ་སྟེ་གཉིས་སུ་མ་ལགས་སོ། །གཅིག་མ་མཆིས་པར་མ་སོང་བས་གཉིས་ནས་བརྒྱ་སྟོང་གི་བར་དུ་འགྱུར་ཏེ། དེ་བས་ན་རྟག་གོ་།བཅོམ་ལྡན་འདས། དཔེར་ན། ཆོས་ཀློག་པའམ། འདོན་པ་ལྟ་བུ་ཨ་ག་མ་གཅིག་དང ། ་ག་མ་གཉིས་དང ། ་ག་མ་གསུམ་དང ། བཞིའི་བར་དུ་འདོན་པར་འགྱུར་རོ། །གལ་ཏེ་མི་རྟག་ན་ཀློག་པ་དང ། འདོན་པ་བཞི་ལ་ཐུག་གི་བར་དུ་མི་འགྱུར་ཏེ། ཀློག་པ་དང་འདོན་པ་འཕེལ་ཞིང་སྐྱེ་བས་ན་རྟག་པ་ཞེས་བགྱིའོ། །བཅོམ་ལྡན་འདས། བུམ་
Ka324b
པ་དང ། གོས་དང ། ཤིང་རྟ་དང ། བུ་ལོན་ཆགས་པ་དང ། ས་ཆེན་པོའི་མཚན་ཉིད་རི་དང ། ཆུ་དང ། ནགས་ཚལ་དང ། རྩི་ཤིང་གི་ལོ་མ་དང ། སེམས་ཅན་གྱི་ནད་གསོ་བ་ལ་སོགས་པ་ཐམས་ཅད་རྟག་སྟེ། དེ་དང་འདྲའོ། །བཅོམ་ལྡན་འདས། མུ་སྟེགས་ཐམས་ཅད་ནི་དེ་སྐད་ཅེས་མཆི་སྟེ། འདུ་བྱེད་ཐམས་ཅད་རྟག་ཅེས་མཆིའོ། །འདུ་བྱེད་ཐམས་ཅད་རྟག་ན་ཡང་དག་པའི་བདེན་པ་ལགས་པར་འགྱུར་རོ། །བཅོམ་ལྡན་འདས། མུ་སྟེགས་ཅན་ཁ་ཅིག་ཀྱང་འདི་སྐད་དུ་བདེ་བའང་ཡོད་ཅེས་མཆིའོ། །ཇི་ལྟར་ཤེས་ཤེ་ན། ཡིད་དུ་འོང་བའི་འབྲས་བུ་མྱོང་བར་འགྱུར་བའི་སླད་དུའོ། །བཅོམ་ལྡན་འདས། བདེ་བ་མྱོང་བ་ནི་ངེས་པར་མཆིས་སོ། །འདི་ལྟ་སྟེ། ཚངས་པའི་རྒྱལ་པོ་ཆེན་པོ་དང ། དབང་སྒྱུར་ཆེན་པོ་དང ། བརྒྱ་བྱིན་ལྷའི་དབང་ཕྱུག་དང ། འཇུག་སེལ་དང ། ལྷ་དང ། མི་ལ་སོགས་པ་སྟེ། དེ་བས་ན་ངེས་པར་བདེ་བ་མཆིས་སོ། །བཅོམ་ལྡན་འདས། མུ་སྟེགས་ཅན་ཁ་ཅིག་ཀྱང་འདི་སྐད་དུ་བདེ་བ་མཆིས་ཞེས་སྨྲ་སྟེ། དེའང་སེམས་ཅན་དག་རེ་ཞིང་ཚོལ་བའི་སེམས་སྐྱེ་བའོ། །འདི་ལྟ་སྟེ། བཀྲེས་པ་ཟས་ཚོལ་བ་དང ། སྐོམ་པ་ཆུ་ཚོལ་བ་དང ། གྲང་བ་དྲོ་བ་ཚོལ་བ་དང ། ཚ་བ་བསིལ་བ་འདོད་པ་དང ། ངལ་བ་བསྟི་འདོད་པ་དང ། ནད་པ་འཚོ་འདོད་པ་དང ། འདོད་པ་གཟུགས་ཚོལ་བ་སྟེ། ཅི་སྟེ་བདེ་བ་མ་མཆིས་ན་དེ་དག་ཅིའི་སླད་དུ་ཚོལ། ཚོལ་བ་མཆིས་པས་ན་བདེ་བ་མཆིས་
Ka325a
༄#། །པར་མངོན་ནོ། །བཅོམ་ལྡན་འདས། མུ་སྟེགས་ཅན་ཁ་ཅིག་ཀྱང་འདི་སྐད་ཅེས་མཆིའོ། །སྦྱིན་པ་བྱིན་པས་བདེ་བར་འགྱུར་ཏེ། འཇིག་རྟེན་པ་དག་དགེ་སློང་ངམ། བྲམ་ཟེའམ། དབུལ་ཕོངས་པ་ལ་གོས་དང ། ཟས་དང ། སྐོམ་དང ། མལ་ཆ་དང ། ནད་ཀྱི་རྐྱེན་སྨན་དང ། བལ་གླང་དང ། རྟ་དང ། ཐེག་པ་དང ། སྤོས་ཕྱེ་མ་དང ། མེ་ཏོག་དང ། ཁང་ཁྱིམ་དང ། གནས་དང ། མེ་མར་ལ་སོགས་པ་སྦྱིན་པ་བྱིན་ན། ཚེ་ཕྱི་མ་ལ་ཡིད་དུ་འོང་བའི་འབྲས་བུ་མྱོང་བར་འགྱུར་ཏེ། དེ་བས་ན་ངེས་པར་བདེ་བ་མཆིས་སོ། །བཅོམ་ལྡན་འདས། མུ་སྟེགས་ཅན་ཁ་ཅིག་ཀྱང་འདི་སྐད་ཅེས་མཆིའོ། །རྒྱུ་དང་རྐྱེན་གྱི་ཕྱིར་བདེ་བ་མཆིས་པར་འཚལ་ལོ། །འདི་ལྟ་སྟེ། བདེ་བ་མྱོང་བའང་རྒྱུ་དང་རྐྱེན་མཆིས་པས་ན་བདེ་བ་ལ་རེག་པ་ཞེས་བྱ་སྟེ། བདེ་བ་མ་མཆིས་ན་རྒྱུ་དང་རྐྱེན་ཡང་ག་ལ་མཆིས། དཔེར་ན། རི་བོང་གི་རཝ་མ་མཆིས་ན། རྒྱུ་དང་རྐྱེན་ཡང་མ་མཆིས་སོ། ། བདེ་བའི་རྒྱུ་དང་རྐྱེན་མཆིས་པས་བདེ་བ་མཆིས་པར་འཚལ་ལོ། །བཅོམ་ལྡན་འདས། མུ་སྟེགས་ཅན་ཁ་ཅིག་ཀྱང་འདི་སྐད་ཅེས་མཆི་སྟེ། རབ་དང ། འབྲིང་དང ། ཐ་མའི་ཕྱིར་བདེ་བ་མཆིས་པར་འཚལ་ཏོ། །བདེ་བ་མྱོང་བ་ཐ་མ་ནི་བརྒྱ་བྱིན་ལྷའི་དབང་ཕྱུག་གོ་།བདེ་བ་མྱོང་བ་འབྲིང་ནི་ཚངས་པ་ཆེན་པོ་ལྷའི་རྒྱལ་པོའོ། །བདེ་བ་མྱོང་བ་རབ་ནི་དབང་སྒྱུར་ཆེན་པོ་སྟེ། དེ་ལྟར་རབ་
Ka325b
དང ། འབྲིང་དང ། ཐ་མ་མཆིས་པས་བདེ་བ་མཆིས་པར་འཚལ་ཏོ། །བཅོམ་ལྡན་འདས། མུ་སྟེགས་ཅན་ཁ་ཅིག་ནི་འདི་སྐད་ཅེས་དག་པ་མཆིས་སོ་ཞེས་མཆིའོ། །དེ་ཅིའི་སླད་དུ་ཞེ་ན་ཅི་སྟེ་དག་པ་ཞིག་མ་མཆིས་ན་འདོད་པ་སྐྱེ་བའང་མི་རིགས་ན། འདོད་པ་སྐྱེ་བ་ལས་ན་དག་པ་མཆིས་པར་འཚལ་ཏོ། །ཁ་ཅིག་ཀྱང་འདི་སྐད་ཅེས་མཆི་སྟེ། གསེར་དང ། དངུལ་དང ། བཻ་ཌཱུརྱ་དང ། ཤེལ་དང ། སྨ་གརྦྷ་དང ། མུ་ས་ལ་གརྦྷ་དང ། སྤུག་དང ། མུ་ཏིག་དང ། ཤེལ་གྱི་སྣམ་བུ་དང ། དོ་ཤལ་དང ། འབབ་ཆུ་དང ། ཆུ་མིག་དང ། ཁྲུས་ཀྱི་རྫིང་བུ་དང ། བཟའ་བ་དང ། བཏུང་བ་དང ། གོས་དང ། མེ་ཏོག་དང ། སྤོས་དང ། སྤོས་ཕྱེ་མ་དང ། བྱུག་སྤོས་དང ། སྣང་བའི་སྒྲོན་མ་ལ་སོགས་པ་ཐམས་ཅད་ཀྱང་ཡོངས་སུ་དག་པའི་ཆོས་ཅན་ནོ་ཞེས་མཆིའོ། །གཞན་ཡང་འདི་སྐད་དུ་ཕུང་པོ་ལྔ་ནི་སྣོད་གཙང་མ་སྟེ། བཅུད་ཀྱང་གཙང་མས་ཡོངས་སུ་གང་ངོ ། །འདི་ལྟ་སྟེ། ལྷ་དང ། མི་དང ། དྲང་སྲོང་དང ། དགྲ་བཅོམ་པ་དང ། རང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་དང ། སངས་རྒྱས་རྣམས་ཏེ། དོན་དེ་ལྟ་བས་ན་གཙང་ངོ་ཞེས་མཆིའོ། །བཅོམ་ལྡན་འདས། མུ་སྟེགས་ཅན་ཁ་ཅིག་ནི་བདག་ཅེས་བགྱི་བ་མཆིས་སོ་ཞེས་མཆི་སྟེ། ཇི་ཙམ་དུ་མཐོང་བ་དང ། བྱ་བ་བྱེད་པ་ནི་བདག་གོ་ཞེས་མཆི་སྟེ། དཔེར་ན། མི་ཞིག་རྫ་མཁན་གྱི་ཁྱིམ་དུ་ཕྱིན་ན་རྫ་མཁན་ཉིད་དང་མ་ཕྲད་ཀྱང ། འཇི་བ་དང་འཁོར་ལོ་མཐོང་བས་གདོན་
Ka326a
༄#། །མི་ཟ་བར་རྫ་མཁན་གྱི་ཁྱིམ་ཡིན་པར་ཤེས་ཏེ། བདག་ཅེས་བྱ་བའང་དེ་དང་འདྲ་སྟེ། མིག་གིས་གཟུགས་མཐོང་མ་ཐག་ཏུ་ངེས་པར་བདག་ཅེས་བགྱི་བ་མཆིས་པར་འཚལ་ཏོ། །ཅི་སྟེ་བདག་ཅེས་བགྱི་བ་མ་མཆིས་ན་སུ་ཞིག་གིས་གཟུགས་མཐོང ། སུ་ཞིག་གིས་སྒྲ་ཐོས་པ་ནས། རེག་བྱ་དང ། ཆོས་ཀྱི་བར་དུ་རྒྱས་པར་རོ། །གཞན་ཡང་བདག་ཅེས་བགྱི་བ་མཆིས་ཏེ། ཇི་ལྟར་ཤེས་ཤེ་ན། མཚན་མ་ལས་རིག་པར་འགྱུར་ཏེ། མཚན་མ་ཞེས་བགྱི་བ་ཇི་ལྟ་བུ་ཞེ་ན། དབུགས་རྒྱུ་བ་དང ། མིག་གིས་བལྟ་ཞིང་འཛུམ་པ་དང ། ཚེའི་ཚད་དང ། སྡུག་བསྔལ་དང ། བདེ་བ་མྱོང་བ་དང ། ཆགས་པས་ཁྲོ་བ་དང ། ཆོས་དེ་དག་ལ་སོགས་པ་ནི་ཐམས་ཅད་བདག་ཅེས་བགྱི་བའི་མཚན་མ་ལགས་ཏེ། དེ་བས་ན་ངེས་པར་བདག་ཅེས་བགྱི་བ་མཆིས་པར་འཚལ་ཏོ། །གཞན་ཡང་བདག་ཅེས་བགྱི་བ་མཆིས་པ་ནི་རོ་བྲོ་བའི་བྱེ་བྲག་ཕྱེད་པ་སྟེ། དཔེར་ན། མི་ཞིག་ཤིང་ཏོག་ཟོས་ན་མཐོང་མ་ཐག་ཏུ་རོ་ཅི་བྲོ་བ་འཚལ་ཏེ། དེ་བས་ན་བདག་ཅེས་བགྱི་བ་མཆིས་སོ། །གཞན་ཡང་བདག་ཅེས་བགྱི་བ་མཆིས་པར་ལས་བགྱིད་པའི་སྒོ་ནས་རིག་སྟེ། སྐམ་པ་ཐོགས་ན་འཛིན་པའི་ལས་བྱེད། སྟ་རེ་ཐོགས་ན་གཅོད་པའི་ལས་བྱེད། བུམ་པ་ཐོགས་ན་ཆུ་ལྡུགས་པའི་ལས་བྱེད། ཤིང་རྟ་དང་འགྲོགས་ན་
Ka326b
འཁོར་ལོས་བསྒྱུར་བའི་ལས་བགྱིད་དེ། ལས་དེ་དག་ལ་སོགས་པའང་བདག་ཅེས་བགྱི་བ་དེས་བཟུང་བས་ན་བྱེད་པར་འགྱུར་ཏེ། དེ་བས་ན་ངེས་པར་བདག་ཅེས་བགྱི་བ་མཆིས་སོ། །གཞན་ཡང་བདག་ཅེས་བགྱི་བར་མཆིས་པར་ཅི་མངོན་ཞེ་ན། དཔེར་ན། བུ་བྱུང་མ་ཐག་ཏུ་ནུ་ཞོ་འཐུང་འཚལ་བ་ནི་སྔོན་གྱི་བག་ཆགས་ལས་གྱུར་ཏེ། དེ་བས་ན་ངེས་པར་བདག་ཅེས་བགྱི་བ་མཆིས་སོ། །གཞན་ཡང་བདག་ཅེས་བགྱི་བ་མཆིས་ཏེ། ཅི་མངོན་ཞེ་ན། འདུས་ཤིང་ཚོགས་པ་ལས་སེམས་ཅན་ཕ་རོལ་ལ་ཕན་པར་འགྱུར་བའི་ཕྱིར་ཏེ། དཔེར་ན། བུམ་པ་དང།་གོས་དང ། ཤིང་རྟ་དང ། ཞིང་དང ། ཁྱིམ་དང ། རི་དང ། ནགས་ཚལ་དང ། ཤིང་དང ། བལ་གླང་དང ། རྟ་དང ། བ་ལང་དང ། ལུག་ལ་སོགས་ཏེ། དངོས་པོ་དེ་དག་འདུས་པ་ལས་ཕན་པའི་དོན་དུ་འགྱུར་ཏེ། ནང་གི་ཕུང་པོ་ལྔའང་དེ་དང་འདྲ་བར་མིག་གི་དབང་པོ་ལ་སོགས་པ་འདུས་ཤིང་ཚོགས་ན་བདག་ཅེས་བྱ་བ་ལ་ཕན་པར་འགྱུར་ཏེ། དེ་བས་ན་བདག་ཅེས་བགྱི་བ་ངེས་པར་མཆིས་སོ། །གཞན་ཡང་བདག་ཅེས་བགྱི་བ་མཆིས་པར་ཅི་མངོན་ཞེ་ན། བར་དུ་གཅོད་ཅིང་སྒྲིབ་ནུས་པའི་ཕྱིར་རོ། །དཔེར་ན། དངོས་པོ་མཆིས་ན་བར་དུ་བཅད་ཅིང་བསྒྲིབ་ཏུ་རུང་གི་།དངོས་པོ་མ་མཆིས་ན་བསྒྲིབ་ཏུ་མ་མཆིས་ཏེ། བསྒྲིབ་ཅིང་བར་དུ་བཅད་དུ་མཆིས་པས་ན་བདག་ཅེས་བགྱི་བ་མཆིས་པར་འཚལ་ཏོ། །
Ka327a
༄#། །དེ་བས་ན་བདག་ཅེས་བགྱི་བ་ངེས་པར་མཆིས་སོ། །གཞན་ཡང་བདག་ཅེས་བགྱི་བ་མཆིས་པར་ཅི་མངོན་ཞེ་ན། གྲོགས་དང་གྲོགས་མ་ཡིན་པའི་ཕྱིར་ཏེ།་གཉེན་དང་གཉེན་མ་ཡིན་པའང་གྲོགས་སུ་འགྱུར་བ་མ་ལགས། ཡང་དག་པའི་ཆོས་དང་ལོག་པའི་ཆོས་ཀྱང་གྲོགས་སུ་འགྱུར་བ་མ་ལགས། ཡེ་ཤེས་དང་ཡེ་ཤེས་མ་ཡིན་པའང་གྲོགས་སུ་འགྱུར་བ་མ་ལགས། དགེ་སྦྱོང་དང་དགེ་སྦྱོང་མ་ཡིན་པའང་གྲོགས་སུ་འགྱུར་བ་མ་ལགས། བྲམ་ཟེ་དང་བྲམ་ཟེ་མ་ཡིན་པ་དང ། བུ་དང་བུ་མ་ཡིན་པ་དང ། ཉིན་དང་ཉིན་མ་ཡིན་པ་དང ། མཚན་དང་མཚན་མ་ཡིན་པ་དང ། བདག་དང་བདག་མ་ཡིན་པ་ལ་སོགས་པ་ཆོས་དེ་དག་ནི་གྲོགས་དང་གྲོགས་མ་ཡིན་པས་ན།་བདག་ཅེས་བགྱི་བ་ངེས་པར་མཆིས་སོ། །བཅོམ་ལྡན་འདས། མུ་སྟེགས་ཅན་དག་ཀྱང་དེ་ལྟར་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་མཆིས་པར་སྨྲ་སྟེ། རྟག་པ་དང ། བདེ་བ་དང ། བདག་དང་ཡོངས་སུ་དག་པ་ཞེས་བགྱི་བ་ངེས་པར་མཆིས་པར་འཛིན་ཏོ། །བཅོམ་ལྡན་འདས། དོན་དེ་ལྟ་བས་ན་མུ་སྟེགས་ཅན་དག་ཀྱང་ཡང་དག་པའི་བདེན་པ་མ་མཆིས་ཞེས་སྨྲའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དགེ་སྦྱོང་ངམ་བྲམ་ཟེ་གང་ཞིག་རྟག་པ་ཡོད་ཅེའམ།
Ka327b
བདེ་བ་ཡོད་ཅེའམ། ཡོངས་སུ་དག་པ་ཡོད་ཅེའམ། བདག་ཡོད་ཅེས་སྨྲ་ན། དེ་ནི་དགེ་སྦྱོང་མ་ཡིན། བྲམ་ཟེ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཁོར་བ་ལས་འཁྲུལ་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་སྟོན་པ་ཆེན་པོ་སྤོང་བའི་ཕྱིར་རོ། །དགེ་སྦྱོང་དང་བྲམ་ཟེ་དེ་དག་ནི་འདོད་པའི་ནང་དུ་ཤིན་ཏུ་བྱིང་བས་དགེ་བའི་ཆོས་ཉམ་ཆུང་བའི་ཕྱིར་རོ། །མུ་སྟེགས་ཅན་དེ་དག་ནི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གིས་རྣམ་པར་བཅིངས་ཀྱང ། འདོད་པའི་བདེ་བ་ལ་བཟོད་པར་བྱེད་པའི་ཕྱིར་རོ། །མུ་སྟེགས་ཅན་དེ་དག་ནི་ལས་གྱི་འབྲས་བུ་བདག་གིས་བྱས་པ། བདག་གིས་མྱོང་བར་ཤེས་མོད་ཀྱི། མི་དགེ་བའི་ཆོས་སྤོང་བར་མི་ནུས་སོ། །མུ་སྟེགས་ཅན་དེ་དག་ནི་ཡང་དག་པའི་ཆོས་ཅན་མ་ཡིན། ཡང་དག་པའི་འཚོ་བས་འཚོ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་མེ་མེད་དེ། སྦྱོང་མི་ནུས་པའི་ཕྱིར་རོ། །མུ་སྟེགས་ཅན་དེ་དག་ནི་འདོད་པ་ལྔའི་མཆོག་དམ་པ་ལ་ཆགས་མོད་ཀྱི། བརྩོན་འགྲུས་སུ་ནན་ཏན་མི་བྱེད་པས་དགེ་བའི་ཆོས་ཀྱིས་དབུལ་བའི་ཕྱིར་རོ། །མུ་སྟེགས་ཅན་དེ་དག་ནི་ཡང་དག་པའི་རྣམ་པར་ཐར་པ་འདོད་མོད་ཀྱི། ཚུལ་ཁྲིམས་བསྲུང་བའི་རྐང་པ་དང་མི་ལྡན་པའི་ཕྱིར་རོ། །མུ་སྟེགས་ཅན་དེ་དག་ནི་བདེ་བ་འདོད་མོད་ཀྱི། བདེ་བར་འགྱུར་བའི་རྒྱུ་དང་རྐྱེན་ཚོལ་མི་ནུས་སོ། །མུ་སྟེགས་ཅན་དེ་དག་ནི་སྡུག་བསྔལ་བར་འགྱུར་བ་ཐམས་ཅད་མི་འདོད་མོད་
Ka328a
༄#། །ཀྱི།་སྤྱོད་པ་ཐམས་ཅད་སྡུག་བསྔལ་གྱི་རྒྱུར་འགྱུར་བ་མི་སྤོང་ངོ ། །མུ་སྟེགས་ཅན་དེ་དག་ནི་ཆེན་པོ་བཞིའི་སྦྲུལ་གདུག་པས་དཀྲིས་ཤིང་གླགས་ཀྱང་བག་མེད་པར་སྤྱོད་དོ། །མུ་སྟེགས་ཅན་དེ་དག་ནི་མ་རིག་པས་ཡོངས་སུ་ཁེབས་པས་དགེ་བའི་བཤེས་གཉེན་སྤོང་སྟེ། ཁམས་གསུམ་དུ་གནས་པར་མོས་པས་མི་རྟག་པའི་མེ་ཆེན་པོ་ཤིན་ཏུ་འབར་བ་ལས་ཐར་བར་མི་ནུས་སོ། །མུ་སྟེགས་ཅན་དེ་དག་ནི་ཉོན་མོངས་པའི་ནད་ལྕི་བ་འཚོ་དཀའ་བས་བཏབ་ཀྱང་མཁས་པ་དང་ལྡན་པའི་སྨན་པ་མི་ཚོལ་ལོ། །མུ་སྟེགས་ཅན་དེ་དག་ནི་མ་འོངས་པའི་དུས་མཐའ་མེད་པའི་ལམ་རིང་པོ་ཤིན་ཏུ་ཡང་བ་བགྲོད་དགོས་ཀྱང་བདེ་བའི་ཆོས་ཀྱི་ཚོགས་གསག་ཅིང་བདག་གི་རྒྱན་དུ་འགྱུར་བ་མི་ཤེས་སོ། །མུ་སྟེགས་ཅན་དེ་དག་ནི་འདོད་ཆགས་ཀྱི་གདུག་པས་གསོད་པར་འགྱུར་ཡང་འདོད་པ་ལྔའི་བ་མོ་གདུག་པ་ལ་ཆགས་སོ། །མུ་སྟེགས་ཅན་དེ་དག་ནི་ཞེ་སྡང་གི་མེ་ཤིན་ཏུ་འབར་ཞིང་མཆེད་ཀྱང་མི་དགེ་བའི་བཤེས་གཉེན་ལ་སྟེན་པར་བྱེད་དོ། །མུ་སྟེགས་ཅན་དེ་དག་ནི་མ་རིག་པས་ཁེབས་ཏེ་ཟིལ་གྱིས་ནོན་ཀྱང་ངན་པར་ལྟ་བའི་ཆོས་ལོག་པ་ཚོལ་ལོ། །མུ་སྟེགས་ཅན་དེ་དག་ནི་ངན་པར་ལྟ་བས་རྟག་ཏུ་བསླུས་ཀྱང་དེ་དག་ལ་དགེ་བའི་བཤེས་གཉེན་དུ་འདུ་ཤེས་སྐྱེད་དོ། །མུ་སྟེགས་ཅན་དེ་དག་ནི་
Ka328b
འབྲས་བུ་ཞིམ་པོ་ལ་རེའང་འབྲས་བུ་ཁ་བའི་ས་བོན་འདེབས་སོ། །མུ་སྟེགས་ཅན་དེ་དག་ནི་ཉོན་མོངས་པའི་མུན་ཁང་དུ་ཞུགས་ཀྱང་ཡེ་ཤེས་ཆེན་པོའི་སྒྲོན་མེ་སྤོང་བར་བྱེད་དོ། །མུ་སྟེགས་ཅན་དེ་དག་ནི་ཉོན་མོངས་པས་ཤིན་ཏུ་གདུངས་ཏེ་སྐོམ་ཡང་འདོད་པའི་ཚཝ་ཆུ་འཐུང་ངོ ། །མུ་སྟེགས་ཅན་དེ་དག་ནི་འཁོར་བའི་རྒྱ་མཚོ་མཐའ་ཡས་པས་གཡེངས་ཀྱང་བླ་ན་མེད་པའི་གྲུ་སྤོང་བར་བྱེད་དོ། །མུ་སྟེགས་ཅན་དེ་དག་ནི་ཕྱིན་ཅི་ལོག་གིས་ཤིན་ཏུ་བསླད་ཀྱང་འདུ་བྱེད་ཐམས་ཅད་རྟག་ཅེས་སྨྲ་སྟེ། འདུ་བྱེད་ཐམས་ཅད་ནི་རྟག་ཅེས་བྱ་བའི་གནས་མེད་དོ། །རིགས་ཀྱི་བུ། ངས་བལྟས་ན་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །དེའང་ཇི་ལྟར་ཤེས་ཤེ་ན། རྒྱུ་དང་རྐྱེན་གྱིས་སྒོ་ནས་ཤེས་སོ། །ཇི་ཙམ་དུ་རྐྱེན་ལས་སྐྱེས་པའི་ཆོས་ཐམས་ཅད་ནི་མི་རྟག་པར་རིག་པར་བྱའོ། །དེ་བས་ན་མུ་སྟེགས་ཅན་གྱི་ཆོས་ཐམས་ཅད་ནི་གཅིག་ཙམ་ཡང་རྐྱེན་ལས་མ་སྐྱེས་པ་མེད་དོ། །རིགས་ཀྱི་བུ། སངས་རྒྱས་ཀྱི་རང་བཞིན་ནི་མ་སྐྱེས་པ།་མི་འགོག་པ། འོང་བའང་མེད། སོང་བའང་མེད། འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན། རྒྱུ་ལས་བྱས་པ་མ་ཡིན། རྒྱུ་མེད་པ་ལས་བྱས་པ་མ་ཡིན། མ་བྱས་པ་མ་ཡིན། བྱས་པ་མ་ཡིན། མཚན་མ་མ་ཡིན། མཚན་མ་མེད་པ་མ་ཡིན། མིང་ཡོད་པ་མ་ཡིན། མིང་མེད་པ་མ་ཡིན། མིང་མ་ཡིན། གཟུགས་མ་ཡིན། རིང་པོ་མ་ཡིན། ཐུང་
Ka329a
༄#། །ངུ་མ་ཡིན། ཕུང་པོ་དང ། ཁམས་མ་ཡིན། སྐྱེ་མཆེད་དུ་གཏོགས་པ་མ་ཡིན་པས་ན་རྟག་པ་ཞེས་བྱའོ། །རིགས་ཀྱི་བུ། སངས་རྒྱས་ཀྱི་རང་བཞིན་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ནི་ཆོས་སོ། །ཆོས་ནི་རྟག་པའོ། །རིགས་ཀྱི་བུ། རྟག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ནི་དགེ་འདུན་ནོ། །དགེ་འདུན་ནི་རྟག་པའོ། །དོན་དེ་ལྟ་བས་ན་རྐྱེན་ལས་སྐྱེས་པའི་ཆོས་ཐམས་ཅད་ནི་རྟག་པ་ཞེས་མི་བྱ་སྟེ། མུ་སྟེགས་ཅན་དེ་དག་གི་ཆོས་ནི་གཅིག་ཙམ་ཡང་རྐྱེན་ལས་མ་སྐྱེས་པ་མེད་དོ། །རིགས་ཀྱི་བུ། མུ་སྟེགས་ཅན་དག་ནི་སངས་རྒྱས་ཀྱི་རང་བཞིན་དང ། དེ་བཞིན་གཤེགས་པ་དང ། ཆོས་མི་མཐོང་བས་དེ་བས་ན་མུ་སྟེགས་ཅན་དག་སྨྲ་བ་ཐམས་ཅད་ནི་རྫུན་ཏེ།་ཡང་དག་པའི་བདེན་པ་མེད་དོ། །བུས་པ་མ་རབས་དག་ནི་སྔོན་བུམ་པ་དང ། གོས་དང ། ཐེག་པ་དང ། ཁང་ཁྱིམ་དང ། གྲོང་ཁྱེར་དང ། ཆུ་ཀླུང་དང ། རི་དང ། ནགས་ཚལ་དང ། སྐྱེས་པ་དང ། བུད་མེད་དང ། བལ་གླང་དང ། རྟ་དང ། བ་ལང་དང ། ལུག་ལ་སོགས་པ་མཐོང་བ་ལས་ཕྱིས་དེ་འདྲ་བ་ཞིག་མཐོང་ན་རྟག་པ་ཡིན་ནོ་ཞེས་སྨྲ་སྟེ། ཡང་དག་པར་ན་དེ་ནི་རྟག་པ་མ་ཡིན་ནོ། །རིགས་ཀྱི་བུ། འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ནམ་མཁའ་དང ། འདུས་མ་བྱས་ནི་རྟག་པ་ཞེས་བྱའོ། །སངས་རྒྱས་ཀྱི་རང་བཞིན་ནི་འདུས་
Ka329b
མ་བྱས་པས་ན་རྟག་པ་ཞེས་བྱའོ། །ནམ་མཁའ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །སངས་རྒྱས་ཀྱི་རང་བཞིན་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པའོ། །འདུས་མ་བྱས་པ་ནི་རྟག་པའོ། །རྟག་པ་ནི་ཆོས་སོ། །ཆོས་ནི་དགེ་འདུན་ནོ། །དགེ་འདུན་ནི་འདུས་མ་བྱས་སོ། །འདུས་མ་བྱས་ནི་རྟག་པའོ། །རིགས་ཀྱི་བུ། འདུས་བྱས་ཀྱི་ཆོས་ལ་མདོར་ན་རྣམ་པ་གཉིས་ཏེ། གཟུགས་ཀྱི་ཆོས་དང ། གཟུགས་མ་ཡིན་པའི་ཆོས་སོ། །གཟུགས་མ་ཡིན་པའི་ཆོས་ཞེས་བྱ་བ་ནི། སེམས་དང ། སེམས་ལས་བྱུང་བའི་ཆོས་སོ། ། གཟུགས་ཀྱི་ཆོས་ཞེས་བྱ་བ་ནི། ས་དང ། ཆུ་དང ། མེ་དང ། རླུང་ངོ ། །རིགས་ཀྱི་བུ། སེམས་ནི་མི་རྟག་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་དམིགས་ཤིང་རྣམ་པར་རྟོག་པ་དང་ལྡན་པའི་ཕྱིར་རོ། །རིགས་ཀྱི་བུ། མིག་གི་རྣམ་པར་ཤེས་པའི་རང་བཞིན་སོ་སོ་བ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་གྱི་བར་དུའང་སོ་སོ་སྟེ། དེ་བས་ན་མི་རྟག་གོ་།རིགས་ཀྱི་བུ། གཟུགས་ཀྱི་སྤྱོད་ཡུལ་སོ་སོ་བ་ནས་ཆོས་ཀྱི་སྤྱོད་ཡུལ་གྱི་བར་དུའང་སོ་སོ་སྟེ། དེ་བས་ན་མི་རྟག་གོ། །རིགས་ཀྱི་བུ། མིག་གི་རྣམ་པར་ཤེས་པ་དང་ལྡན་པ་སོ་སོ་བ་ནས། ཡིད་ཀྱི་རྣམ་པར་ཤེས་པ་དང་ལྡན་པའི་བར་དུ་སོ་སོ་སྟེ། དེ་བས་ན་མི་རྟག་གོ་།རིགས་ཀྱི་བུ། ཅི་སྟེ་སེམས་རྟག་པ་ཞིག་ཡིན་ན་ནི་མིག་གི་རྣམ་པར་ཤེས་པ་འབའ་ཞིག་གིས་ཆོས་
Ka330a
༄#། །ཐམས་ཅད་ལ་དམིགས་པར་འགྱུར་བའི་རིགས་སོ། །རིགས་ཀྱི་བུ། མིག་གི་རྣམ་པར་ཤེས་པ་སོ་སོ་བ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་སོ་སོ་བས་ན་མི་རྟག་པར་ཤེས་སོ། །འདྲ་བའི་ཆོས་སྐད་ཅིག་སྐད་ཅིག་ཏུ་སྐྱེ་ཞིང་འགོག་པས་བྱིས་པ་མ་རབས་ཀྱིས་དེ་ལྟར་མཐོང་ནས་རྟག་པར་འཛིན་ཏོ། །རིགས་ཀྱི་བུ། རྒྱུ་དང་རྐྱེན་གྱིས་མཚན་ཉིད་གཞིག་ཏུ་རུང་བས་ན་མི་རྟག་པ་ཞེས་བྱའོ། །འདི་ལྟ་སྟེ། མིག་གི་དབང་པོ་དང ། གཟུགས་དང ། སྣང་བ་དང ། བསམས་པའི་རྐྱེན་ལས་མིག་གི་རྣམ་པར་ཤེས་པ་སྐྱེ་སྟེ། རྣ་བའི་རྣམ་པར་ཤེས་པ་སྐྱེ་བ་ནའང་རྐྱེན་སོ་སོ་བས། མིག་གི་རྣམ་པར་ཤེས་པའི་རྐྱེན་གྱིས་མ་ཡིན་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་སོ་སོ་བའང་དེ་བཞིན་དུ་རིག་པར་བྱའོ། །གཞན་ཡང ། རིགས་ཀྱི་བུ། འདུ་བྱེད་རྣམས་ཀྱི་རྒྱུ་དང་རྐྱེན་འཇིག་པས་ན་སེམས་ནི་མི་རྟག་གོ་།འདི་ལྟ་སྟེ། མི་རྟག་བསྒོམ་པའི་སེམས་ཀྱང་གཞན་ལ། སྡུག་བསྔལ་བ་དང ། སྟོང་པ་ཉིད་དང ། བདག་མེད་པ་སྒོམ་པའི་སེམས་ཀྱང་གཞན་ནོ། །ཅི་སྟེ་སེམས་རྟག་པ་ཞིག་ཡིན་ན་མི་རྟག་པ་རྟག་ཏུ་བསྒོམ་པས་ན་སྡུག་བསྔལ་བ་དང ། སྟོང་པ་ཉིད་དང ། བདག་མེད་པ་རྟོགས་པར་ཡང་མི་འགྱུར་ན། རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་རྟོགས་པ་ལྟ་ཅི་སྨོས་ཏེ། དོན་དེ་ལྟ་བས་ན་མུ་སྟེགས་
Ka330b
ཅན་གྱི་ཆོས་ཀྱི་ནང་དུ་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་བསྡུ་མི་ནུས་སོ། །རིགས་ཀྱི་བུ། དེ་བས་ན་སེམས་ཀྱི་ཆོས་ནི་ངེས་པར་མི་རྟག་གོ་།ཡང་ན། རིགས་ཀྱི་བུ། སེམས་ཀྱི་རང་བཞིན་ཐ་དད་པའི་ཕྱིར་ན་མི་རྟག་གོ་།འདི་ལྟ་སྟེ། ཉན་ཐོས་ཀྱི་སེམས་ཀྱི་རང་བཞིན་སོ་སོ། རང་སངས་རྒྱས་ཀྱི་སེམས་ཀྱི་རང་བཞིན་སོ་སོ། སངས་རྒྱས་རྣམས་ཀྱི་སེམས་ཀྱི་རང་བཞིན་ཡང་སོ་སོ་སྟེ། མུ་སྟེགས་ཅན་ཐམས་ཅད་ཀྱི་སེམས་ནི་རྣམ་པ་གསུམ་སྟེ། རབ་ཏུ་བྱུང་བའི་སེམས་དང ། ཁྱིམ་ན་གནས་པའི་སེམས་དང ། ཁྱིམ་ན་གནས་པས་དབེན་པའི་སེམས་སོ། །དབེན་པ་དང་ལྡན་པའི་སེམས་ཀྱང་གཞན་ལ། སྡུག་བསྔལ་དང་ལྡན་པའི་སེམས་ཀྱང་གཞན། བདེ་བའང་མ་ཡིན་སྡུག་བསྔལ་བའང་མ་ཡིན་པ་དང་ལྡན་པའི་སེམས་ཀྱང་གཞན། འདོད་ཆགས་དང་ལྡན་པའི་སེམས་ཀྱང་གཞན། ཞེ་སྡང་དང་ལྡན་པའི་སེམས་ཀྱང་གཞན། གཏི་མུག་དང་ལྡན་པའི་སེམས་ཀྱང་གཞན་ཏེ། མུ་སྟེགས་ཅན་ཐམས་ཅད་ཀྱི་སེམས་ཀྱི་མཚན་ཉིད་ཀྱང་གཞན་ནོ། །འདི་ལྟ་སྟེ།་གཏི་མུག་དང་ལྡན་པའི་སེམས་ཀྱང་གཞན་ལ། ཐེ་ཚོམ་དང་ལྡན་པའི་སེམས་ཀྱང་གཞན། ངན་པར་ལྟ་བ་དང་ལྡན་པའི་སེམས་ཀྱང་གཞན། འགྲོ་བ་དང་སྡོད་པའི་སྤྱོད་ལམ་གྱི་སེམས་ཀྱང་གཞན་ནོ། །རིགས་ཀྱི་བུ། ཅི་སྟེ་སེམས་རྟག་པ་ཞིག་ཡིན་ན། ཁ་དོག་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དང ། སྨུག་པོར་བྱེ་བྲག་མི་ཕྱེད་པའི་རིགས་
Ka331a
༄#། །སོ། །རིགས་ཀྱི་བུ། གལ་ཏེ་སེམས་རྟག་པ་ཞིག་ཡིན་ན། དྲན་པར་བྱ་བའི་ཆོས་ཐམས་ཅད་བརྗེད་པར་འགྱུར་བའི་མི་རིགས་སོ། །རིགས་ཀྱི་བུ། ཅི་སྟེ་སེམས་རྟག་པ་ཞིག་ཡིན་ན་ཀློག་པ་དང ། འདོན་པའི་ལས་བྱེད་པ་འཕེལ་ཞིང་སྐྱེ་བའི་མི་རིགས་སོ། །རིགས་ཀྱི་བུ། ཅི་སྟེ་སེམས་རྟག་པ་ཞིག་ཡིན་ན་བྱས་པ་དང ། བྱེད་པ་དང ། བྱ་བ་བཤད་པའི་མི་རིགས་ཏེ། བྱས་པ་དང ། བྱེད་པ་དང ། བྱ་བ་ཡོད་པས་ན་སེམས་དེ་ནི་ངེས་པར་མི་རྟག་པར་ཤེས་པར་བྱའོ། །རིགས་ཀྱི་བུ། ཅི་སྟེ་སེམས་རྟག་པ་ཞིག་ཡིན་ན། སྡང་བ་དང་བྱམས་པ་མེད་དོ། །སྡང་བའང་མ་ཡིན། བྱམས་པའང་མ་ཡིན་པར་འགྱུར་རོ། །ཅི་སྟེ་སེམས་རྟག་པ་ཞིག་ཡིན་ན་བདག་གི་རྫས་དང ། གཞན་གྱི་རྫས་ཤེའམ། འཆིའོ། །སྐྱེའོ་ཞེས་བརྗོད་པའི་མི་རིགས་སོ།། ཅི་སྟེ་སེམས་རྟག་པ་ཞིག་ཡིན་ན་བྱ་བ་བྱས་ཀྱང་སྐྱེ་ཞིང་འཕེལ་བའི་མི་རིགས་སོ། །རིགས་ཀྱི་བུ། དོན་དེ་ལྟ་བས་ན་སེམས་ཀྱི་རང་བཞིན་ནི་སོ་སོ་ཐ་དད་དེ། ཐ་དད་པས་ན་མི་རྟག་པར་རིག་པར་བྱའོ། །རིགས་ཀྱི་བུ། ངས་འདི་ནི་གཟུགས་མ་ཡིན་པའི་ཆོས་ལ་མི་རྟག་པའི་དོན་བཤད་པ་ནི་འདི་དག་ཡིན་ནོ། །དེ་ལ་གཞན་ཡང་ཁྱོད་ལ་གཟུགས་མི་རྟག་པ་བཤད་དེ། གཟུགས་ནི་མི་རྟག་པ་སྟེ། ཐོག་མ་ནས་མ་སྐྱེས་པའོ། །སྐྱེས་ནས་འགོག་པའི་ཕྱིར་མངལ་དུ་འཇུག་པ་ནུར་ནུར་པོའི་ཚེ་ཐོག་མ་ནས་མ་སྐྱེས་ལ། སྐྱེས་ནས་འགྱུར་
Ka331b
བའི་ཕྱིར་རོ། །ཕྱི་རོལ་གྱི་མྱུ་གུ་དང ། སྡོང་བུའང་ཐོག་མ་ནས་མ་སྐྱེས་ལ། སྐྱེས་ནས་འགྱུར་བའི་ཕྱིར། དེ་བས་ན་གཟུགས་ཀྱི་ཆོས་ཐམས་ཅད་ནི་མི་རྟག་པར་ཤེས་པར་བྱའོ། །རིགས་ཀྱི་བུ། ནང་གི་གཟུགས་ནི་དུས་གཞན་དུ་འགྱུར་ཏེ། ནུར་ནུར་པོའི་ཚེའང་གཞན་ལ་མེར་མེར་པོའི་ཚེའང་གཞན། མཁྲེགས་པའི་ཚེའང་གཞན། མངལ་གྱི་ཚེའང་གཞན། སྐྱེ་བའི་ཚེའང་གཞན། བུས་པའི་ཚེའང་གཞན། གཞོན་ནུའི་ཚེའང་གཞན་པ་ནས་རྒས་པའི་བར་དུ་འགྱུར་ཏེ་སོ་སོར་འགྱུར་བས་ན་གཞན་ནོ། །ཕྱི་རོལ་གྱི་གཟུགས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། མྱུ་གུའི་ཚེའང་གཞན། སྡོང་བུའི་ཚེའང་གཞན། ཡལ་གའི་ཚེའང་གཞན། ལོ་མའི་ཚེའང་གཞན། མེ་ཏོག་གི་ཚེའང་གཞན། འབྲས་བུའི་ཚེའང་གཞན་ནོ། །རིགས་ཀྱི་བུ། གཞན་ཡང་ནང་གི་རོ་བྲོ་བའང་ནུར་ནུར་པོའི་ཚེའང་གཞན་བ་ནས། རྒས་པའི་བར་དུའང་ཐ་དད་དེ་གཞན་ནོ། །ཕྱི་རོལ་གྱི་རོ་བྲོ་བ་དེ་དང་འདྲ་སྟེ། མྱུ་གུ་དང ། སྡོང་བུ་དང ། ཡལ་ག་དང ། ལོ་མ་དང ། མེ་ཏོག་དང ། འབྲས་བུའི་བར་དུ་ཐ་དད་དེ་གཞན་ནོ། །ནུར་ནུར་པོའི་མཐུ་སྟོབས་ཀྱི་ཚེ་གཞན་པ་ནས། རྒས་ཀྱི་བར་དུ་མཐུ་སྟོབས་ཀྱང་ཐ་དད་དེ་གཞན་ནོ། །ནུར་ནུར་པོའི་ཚེ་གཟུགས་བྱད་ཀྱང་གཞན་པ་ནས།་རྒས་པའི་བར་དུ་གཟུགས་བྱང་ཀྱང་ཐ་དད་དེ་གཞན་ནོ། །ནུར་ནུར་པོའི་ཚེ་ན་རྣམ་པར་སྨིན་པའི་འབྲས་བུའང་གཞན་པ་ནས། རྒས་པའི་བར་དུ་རྣམ་པར་སྨིན་པའི་འབྲས་
Ka332a
༄#། །བུའང་ཐ་དད་དེ་གཞན་ནོ། །ནུར་ནུར་པོའི་ཚེ་མིང་བཏགས་པའང་གཞན་པ་ནས། རྒས་པའི་བར་དུ་མིང་འདོགས་པའང་ཐ་དད་དེ་གཞན་ནོ། །འདི་ལྟ་སྟེ།་ནང་གི་གཟུགས་ཀྱང་ཞིག་མ་ཐག་ཏུ་ཕྱིར་འདུ་བས་ན་མི་རྟག་སྟེ། ཕྱི་རོལ་གྱི་རྩི་ཤིང་ཡང་ཞིག་མ་ཐག་ཏུ་ཕྱིར་འདུ་བས་ན་མི་རྟག་གོ་།བགས་ཀྱིས་སྐྱེ་བའི་ཕྱིར་ཡང་མི་རྟག་གོ། ནུར་ནུར་པོ་ནས་རྒས་པའི་བར་དུའང་བགས་ཀྱིས་སྐྱེ་ཞིང་འགྱུར་ལ། མྱུ་གུ་ནས་འབྲས་བུའི་བར་དུའང་བགས་ཀྱིས་སྐྱེ་ཞིང་འགྱུར་བས་ན་མི་རྟག་གོ་།གཟུགས་ཐམས་ཅད་འགོག་པར་འགྱུར་བས་ན་མི་རྟག་སྟེ། །ནུར་ནུར་པོ་འགོག་པའི་ཚེ་གཞན་པ་ནས་རྒས་པའི་བར་དུ་འགོག་པའང་གཞན་ནོ། །མྱུ་གུ་འགོག་པ་གཞན་པ་ནས་འབྲས་བུ་འགོག་པའི་བར་དུའང་གཞན་པས་ན་མི་རྟག་གོ་།བྱིས་པ་མ་རབས་ཤེས་པ་མེད་པ་དག་ནི་སྐྱེ་བ་དྲན་པར་མཐོང་བས་རྟག་པར་འཛིན་ཏེ། དོན་དེ་ལྟ་བས་ན་མི་རྟག་པ་ཞེས་བྱའོ། །གལ་ཏེ་མི་རྟག་ན་དེ་ནི་སྡུག་བསྔལ་པ་ཡིན་ནོ། །སྡུག་བསྔལ་བ་ཡིན་པས་ན་མི་གཙང་བའོ། །རིགས་ཀྱི་བུ། དོན་འདི་དག་ནི་འོད་སྲུང་གིས་ཀྱང་སྔར་དྲིས་ཏེ། ངས་རྒྱས་པར་བཤད་དོ། །གཞན་ཡང་རིགས་ཀྱི་བུ། འདུ་བྱེད་ཐམས་ཅད་ལའང་བདག་ཅེས་བྱ་བ་མེད་དོ། །རིགས་ཀྱི་བུ། ཆོས་ཐམས་ཅད་ཅེས་བྱ་བ་ནི་མདོར་ན་གཟུགས་དང ། གཟུགས་མ་ཡིན་པ་སྟེ། གཟུགས་ལ་ནི་བདག་ཅེས་བྱ་བ་
Ka332b
མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གཞིག་ཏུ་རུང ། གཅད་དུ་རུང ། བཙོག་ཏུ་རུང་ལ། སྐྱེ་ཞིང་འཕེལ་བའི་ཕྱིར་རོ། །བདག་ཅེས་བྱ་བ་ནི་གཞིག་ཏུ་མི་རུང ། གཅད་དུ་མི་རུང ། སྐྱེ་ཞིང་འཕེལ་བ་མེད་དེ། དེ་བས་ན་གཟུགས་ནི་བདག་མ་ཡིན་ནོ། །གཟུགས་མ་ཡིན་པའི་ཆོས་ཀྱང་བདག་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་དང་རྐྱེན་ལས་སྐྱེས་པའི་ཕྱིར་རོ། །རིགས་ཀྱི་བུ། ཅི་སྟེ་མུ་སྟེགས་ཅན་དག་རྩེ་གཅིག་ཏུ་དྲན་པས་བདག་ཡོད་པར་ཤེས་པ་ཡིན་ན། རྩེ་གཅིག་ཏུ་དྲན་པ་ཉིད་ནི་བདག་ཅེས་བྱ་བ་མ་ཡིན་ནོ། །ཅི་སྟེ་རྩེ་གཅིག་ཏུ་དྲན་པ་བདག་ཡིན་ནོ་ཞེས་བྱར་ནི་འདས་པའི་དངོས་པོ་དག་བརྗེད་པའང་ཡོད་དོ། །བརྗེད་པ་ཡོད་པས་ན་ངེས་པར་བདག་ཅེས་བྱ་བ་མེད་དོ། །རིགས་ཀྱི་བུ། ཅི་སྟེ་མུ་སྟེགས་ཅན་དག་དྲན་པའི་ཕྱིར་བདག་ཡོད་ཅེས་བྱར་ནི་དྲན་པ་མེད་པས་ན་བདག་ཅེས་བྱ་བ་མེད་དོ། །རིགས་ཀྱི་བུ། དཔེར་ན། མི་ཞིག་ལག་པ་ལ་སོར་མོ་དྲུག་ཡོད་པ་མཐོང་ན། དེ་ལ་འདི་སྐད་དུ་སྔོན་ཆེ་གེ་མོ་ཞིག་ཏུ་མ་ཕྲད་དམ་ཞེས་འདྲིའོ། །ཅི་སྟེ་བདག་ཅེས་བྱ་བ་ཡོད་ན་འདྲི་བའི་ཡང་མི་རིགས་ཏེ། འདི་འདྲི་བ་ལས་ན་བདག་ཅེས་བྱ་བ་ངེས་པར་མེད་དོ། །རིགས་ཀྱི་བུ། ཅི་སྟེ་མུ་སྟེགས་ཅན་དག་བར་དུ་གཅོད་ཅིང་བསྒྲིབ་ཏུ་རུང་བའི་ཕྱིར་བདག་ཡོད་ཅེས་བྱ་བ་ནི། རིགས་ཀྱི་བུ། བསྒྲིབ་ཏུ་ཡོད་པས་ན་ངེས་པར་བདག་ཅེས་བྱ་བ་མེད་པར་ཤེས་སོ། །དཔེར་ན། ལྷ་སྦྱིན་ཞེས་བརྗོད་པའི་ཚེ་ལྷ་
Ka333a
༄#། །སྦྱིན་མ་ཡིན་ནོ་ཞེས་མི་བརྗོད་དོ། །བདག་ཀྱང་དེ་དང་འདྲ་སྟེ། ངེས་པར་བདག་ཡིན་ན་ལྟ། བདག་ཅེས་བྱ་བ་ལ་སྒྲིབ་པར་མི་འགྱུར་ཏེ། སྒྲིབ་པར་འགྱུར་པས་ན་ངེས་པར་བདག་ཅེས་བྱ་བ་མེད་དོ། །ཅི་སྟེ་སྒྲིབ་པར་འགྱུར་བས་བདག་ཡོད་པར་ཤེས་ན་དེ་ལྟར་ཁྱོད་མ་བསྒྲིབས་ན་ངེས་པར་བདག་ཅེས་བྱ་བ་མེད་དོ། །རིགས་ཀྱི་བུ།་ཅི་སྟེ་མུ་སྟེགས་ཅན་དག་གྲོགས་དང་གྲོགས་མ་ཡིན་པ་ལས་བདག་ཡོད་པར་ཤེས་སོ་ཞེས་བྱར་ནི་གྲོགས་མེད་པས་ན་བདག་ཅེས་བྱ་བ་མེད་པའི་རིགས་སོ། །གྲོགས་མེད་པའི་ཆོས་ཡོད་དེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་དང ། ནམ་མཁའ་དང ། སངས་རྒྱས་ཀྱི་རང་བཞིན་ནོ། །བདག་ཅེས་བྱ་བའང་དེ་དང་འདྲ་བར་ཡང་དག་པར་གྲོགས་མེད་དེ། དེ་བས་ངེས་པར་བདག་ཅེས་བྱ་བ་མེད་དོ། །རིགས་ཀྱི་བུ། གཞན་ཡང་མུ་སྟེགས་ཅན་དག་ཅི་སྟེ་མིང་བཏགས་པ་ལས་བདག་ཡོད་པར་ཤེས་སོ་ཞེས་བྱར་ནི་བདག་མེད་པའི་ཆོས་ལའང་བདག་མེད་ཅེས་འདོགས་པའི་མིང་ཡོད་དེ། དཔེར་ན། ཤིན་ཏུ་དབུལ་པོ་ཞིག་གི་མིང་ཕྱུག་པོ་ཞེས་འདོགས་པ་དང ། དཔེར་ན། བདག་ཤིའོ་ཞེས་བྱ་བ་སྟེ། གལ་ཏེ་བདག་ཅེས་བྱ་བ་ཤི་ན་བདག་གིས་བདག་གསོད་པར་འགྱུར་རོ། །བདག་ཅེས་བྱ་བ་ནི་ཡང་དག་པར་ན་གསད་དུ་མི་རུང་སྟེ། ཐ་སྙད་དུ་བདག་གསོད་པ་ཞེས་བཏགས་སོ། །དཔེར་ན་
Ka333b
མི་ཐུང་ངུ་ཞིག་རིང་པོ་ཞེས་བཏགས་པ་དང་འདྲ་སྟེ། དེ་བས་ན་ངེས་པར་བདག་ཅེས་བྱ་བ་མེད་པར་ཤེས་སོ། །གཞན་ཡང ། རིགས་ཀྱི་བུ། ཅི་སྟེ་མུ་སྟེགས་ཅན་དག་བུ་བྱུང་མ་ཐག་ཏུ་ནུ་ཞོ་ཚོལ་བ་ལས་བདག་ཡོད་པར་ཤེས་སོ་ཞེས་བྱ་བ་ནི། རིགས་ཀྱི་བུ། ཅི་སྟེ་བདག་ཅེས་བྱ་བ་ཡོད་ན་བུས་པ་ཆུང་ངུ་ཐམས་ཅད་མི་གཙང་བ་ངན་སྐྱུགས་དང ། མེ་དང ། སྦྲུལ་གདུག་པ་ལ་འཛིན་པའི་མི་རིགས་སོ། །དེ་བས་ན་ངེས་པར་བདག་ཅེས་བྱ་བ་མེད་དོ། །རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ནི་རྣམ་པ་འདི་གསུམ་གྱི་ཡེ་ཤེས་མཉམ་པར་ཡོད་དོ། །འདི་ལྟ་སྟེ། འདོད་ཆགས་དང ། ཟ་བ་དང ། འཇིགས་པ་སྟེ། དེ་བས་ན་བདག་ཅེས་བྱ་བ་མེད་དོ། །གཞན་ཡང ། རིགས་ཀྱི་བུ། ཅི་སྟེ་མུ་སྟེགས་ཅན་དག་མཚན་མ་དང ། གཟུགས་ཙམ་ལས་བདག་ཡོད་པར་ཤེས་སོ་ཞེས་བྱར་ནི། རིགས་ཀྱི་བུ། མཚན་མ་ཡོད་པས་ཀྱང་བདག་མེད་ལ། མཚན་མ་མེད་པས་ཀྱང་བདག་མེད་དོ། །དཔེར་ན། མི་གཉིད་ལོག་པའི་ཚེ། སོང་བ་དང ། འོང་བ་དང ། དགུ་པ་དང ། དགྱེ་བ་དང ། བལྟ་བའང་མེད་ལ། བདེ་བ་དང་སྡུག་བསྔལ་བའང་མི་ཚོར་བས་ན་བདག་ཡོད་པའི་མི་རིགས་སོ། །ཅི་སྟེ་སོང་བ་དང ། འོང་བ་དང ། དགུ་བ་དང ། དགྱེ་བ་དང ། བལྟ་བ་ཡོད་པས་བདག་ཡོད་པར་ཤེས་ན། ཤིང་གི་འཁྲུལ་འཁོར་བྱས་པའི་མི་ལའང་བདག་ཡོད་པའི་རིགས་སོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའང་དེ་དང་འདྲ་
Ka334a
༄#། །སྟེ།་མི་འགྲོ་།མི་འདོད། མི་དགྱེ། མི་དགུ། མི་བལྟ། མི་འཛུམ། སྡུག་བསྔལ་བ་མ་ཡིན། བདེ་བ་མ་ཡིན། འདོད་ཆགས་མ་ཡིན། ཞེ་སྡང་མ་ཡིན། གཏི་མུག་མ་ཡིན། སྤྱོད་པ་མ་ཡིན་ཏེ། དེ་ལྟར་ན་དེ་བཞིན་གཤེགས་པ་ནི་ཡང་དག་པའི་བདག་ཅེས་བྱ་བ་ཡོད་དོ། །གཞན་ཡང ། རིགས་ཀྱི་བུ། ཅི་སྟེ་མུ་སྟེགས་ཅན་དག་ཕ་རོལ་པོས་ཤིང་ཏོག་སྐྱུར་མོ་ཟོས་ན། ཚུ་རོལ་གྱི་འགྲམ་ཆུ་ལངས་པ་ལས་བདག་ཡོད་པར་ཤེས་སོ་ཞེས་བྱར་ནི། རིགས་ཀྱི་བུ། དྲན་པ་ལས་མཐོང་ནས་འགྲམ་ཆུ་ལངས་ཏེ། འགྲམ་ཆུ་ནི་བདག་མ་ཡིན།་བདག་ཀྱང་འགྲམ་ཆུ་མ་ཡིན་ནོ། །དགའ་བ་མ་ཡིན། མྱ་ངན་མ་ཡིན། གླལ་པ་མ་ཡིན། དགོད་པ་མ་ཡིན། ལྟུང་བ་མ་ཡིན། སྐྱེ་བ་མ་ཡིན། སྐོམ་པ་མ་ཡིན། འགྲངས་པ་མ་ཡིན་ཏེ། དེ་བས་ན་ངེས་པར་བདག་མེད་པར་ཤེས་སོ། །རིགས་ཀྱི་བུ། མུ་སྟེགས་ཅན་དེ་དག་ནི་བུས་པ་ཆུང་ངུ་ཤེད་མ་བྱེ་བ་དང་འདྲ་སྟེ། ཤེས་པ་མེད་པ། ཐབས་མེད་པ། རྟོགས་པ་མེད་པ། རྟག་པ་དང ། མི་རྟག་པ་དང ། སྡུག་བསྔལ་བ་དང ། བདེ་བ་དང ། ཡོངས་སུ་དག་པ་དང ། ཡོངས་སུ་མ་དག་པ་དང ། བདག་དང་བདག་མེད་པ་དང ། ཚོར་བ་དང་ཚོར་བ་མ་ཡིན་པ་དང ། སེམས་ཅན་དང་སེམས་ཅན་མ་ཡིན་པ་དང ། བདེ་བ་དང་བདེ་བ་མ་ཡིན་པ་དང ། ཡོད་པ་དང་ཡོད་པ་མ་ཡིན་པ་མི་ཤེས་ཏེ། སངས་རྒྱས་ཀྱི་
Ka334b
ཆོས་ལས་བག་དང ། ཆ་ཙམ་ཞིག་བླངས་ནས་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པར་འཛིན་ཏེ། ཡང་དག་པར་རྟག་པ་དང ། བདེ་བ་དང ། བདག་དང་ཡོངས་སུ་དག་པ་མི་ཤེས་སོ། །དཔེར་ན། དམུས་ལོང་འོ་མའི་ཁ་དོག་མི་ཤེས་པས། གཞན་ལ་འོ་མའི་ཁ་དོག་ཅི་འདྲ་ཞེས་དྲིས་པ་ལས། ཕ་རོལ་པོས་དུང་གི་ཁ་དོག་འདྲའོ་ཞེས་བསྟན་ན། དམུས་ལོང་དེ་འོ་མའི་ཁ་དོག་ལ་དུང་གི་སྒྲ་འདྲ་བ་ཞིག་ཡིན་པར་འཛིན་ཏོ། །ཡང་དུང་གི་ཁ་དོག་ཅི་འདྲ་ཞེས་དྲིས་པ་ལས། འབྲས་ཕྱེ་འདྲའོ་ཞེས་སྨྲས་ན། དམུས་ལོང་དེ་དུང་གི་ཁ་དོག་ལ་ཤིན་ཏུ་འཇམ་པར་འཛིན་ཏོ། །ཡང་འདི་སྐད་དུ་འབྲས་ཕྱེའི་ཁ་དོག་ཅི་འདྲ་ཞེས་དྲིས་པ་ལས། ཕ་རོལ་པོས་ཁ་བ་འདྲའོ་ཞེས་སྨྲས་ན། དམུས་ལོང་དེས་འབྲས་ཕྱེ་མའི་ཁ་དོག་ལ་གྲང་བར་འཛིན་ཏོ། །ཁ་བའི་ཁ་དོག་ཀྱང་ཅི་འདྲ་ཞེས་དྲིས་པ་ལས་ཕ་རོལ་པོས་ངང་པའི་གཤོག་པ་འདྲའོ་ཞེས་སྨྲས་ཀྱང་དམུས་ལོང་དེས་དེ་ལྟར་དཔེར་བསྟན་པ་བཞིའི་སྒོ་ནས་ཀྱང་དམུས་ལོང་དེས་འོ་མའི་ཁ་དོག་ཡང་དག་པ་ཅི་འདྲ་བ་མི་ཤེས་སོ། །མུ་སྟེགས་ཅན་དེ་དག་ཀྱང་དེ་དང་འདྲ་སྟེ། རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་མི་ཤེས་སོ། །རིགས་ཀྱི་བུ། དེ་བས་ན་སངས་རྒྱས་ཀྱི་ཆོས་ལ་ནི་ཡང་དག་པའི་བདེན་པ་ཡོད་ཀྱི། མུ་སྟེགས་ཅན་རྣམས་ལ་མ་ཡིན་ནོ།། །།འཕགས་པ་ཡོངས་སུ་
Ka335a
༄#། །མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་བཅུ་དགུ་པ། འཇམ་དཔལ་གཞོན་ནུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ངོ་མཚར་ཆེའོ། ། དེ་བཞིན་གཤེགས་པ་ནི་ཡོངས་སུ་མྱ་ངན་ལས་འདའ་ཀར་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཡང་དག་པའི་བདེན་པ་རྣམ་པར་ཕྱེ་སྟེ་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་བཀའ་སྩལ་པ། ཅི་ཁྱོད་དེ་བཞིན་གཤེགས་པ་ལ་མྱ་ངན་ལས་འདའ་བར་འདུ་ཤེས་སམ། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི་ཡང་དག་པར་ན་རྟག་པ། གནས་པ། མི་འགྱུར་བ། ཡོངས་སུ་མྱ་ངན་ལས་མ་འདས་པའོ། །རིགས་ཀྱི་བུ། དེ་ལ་གང་ཞིག་བདག་ཏུ་འཛིན་ན་དེ་ནི་སངས་རྒྱས་ཀྱི་བདག་ཅེས་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །བདག་ཅེས་བྱ་བ་ནི་ཆོས་ཏེ་ཆོས་ནི་བདག་གི་བའོ། །བདག་ནི་ལམ་སྟེ་ལམ་ནི་བདག་གི་བའོ། །བདག་ནི་བཅོམ་ལྡན་འདས་ཏེ། བཅོམ་ལྡན་འདས་ནི་བདག་གི་བའོ། །བདག་ནི་ཉན་ཐོས་ཏེ་ཉན་ཐོས་ནི་བདག་གི་བའོ། །བདག་གི་བ་ནི་ཆོས་སྟོན་པར་འགྱུར་ཏེ་གཞན་དག་ཉན་པར་བྱེད་དོ། །བདག་ནི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། གཞན་གྱིས་ནུས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་དེ་ལྟ་བུར་མི་འཛིན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་འཁོར་ལོ་མི་བསྐོར་རོ། །
Ka335b
རིགས་ཀྱི་བུ། གང་ཞིག་དེ་ལྟ་བུར་འཛིན་ན་བདག་ནི་མིག་གོ་།མིག་ནི་བདག་གི་བའོ། །རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱི་བར་དུའང་དེ་བཞིན་ཏེ། བདག་ནི་གཟུགས་སོ། ། གཟུགས་ནི་བདག་གི་པའོ། །དེ་བཞིན་དུ་ཆོས་ཀྱི་བར་དུའང་རྒྱས་པར་རིག་པར་བྱའོ། །བདག་ནི་སའོ། །ས་ནི་བདག་གི་པ་སྟེ། ཆུ་དང ། མེ་དང ། རླུང་ཡང་དེ་བཞིན་དུ་རིག་པར་བྱའོ། ། རིགས་ཀྱི་བུ། དེ་ལ་གང་ཞིག་འདི་སྐད་དུ་བདག་ཅེས་བྱ་བ་ནི་དད་པའོ། །དད་པ་ནི་བདག་གི་བའོ། །བདག་ཅེས་བྱ་བ་ནི་མང་དུ་ཐོས་པའོ། །མང་དུ་ཐོས་པ་ནི་བདག་གི་བའོ། །བདག་ཅེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་བདག་གི་བའོ། །བདག་ཅེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བདག་གི་བའོ། །བདག་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་བདག་གི་བའོ། །བདག་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བདག་གི་བའོ། །བདག་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བདག་གི་བའོ། །བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བདག་གི་བའོ། །བདག་ནི་དྲན་པ་ཉེ་བར་གཞག་པ་བཞིའོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་བདག་གི་བའོ། །དེ་བཞིན་དུ་ཡང་དག་པར་
Ka336a
༄#། །སྤོང་བ་བཞི་དང ། རྫུ་འཕྲུལ་གྱི་རྐང་པ་བཞི་དང ། དབང་པོ་ལྔ་དང ། སྟོབས་ལྔ་དང ། བྱང་ཆུབ་ཀྱི་ཡན་ལག་བདུན་དང ། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱང་རྒྱས་པར་རིག་པར་བྱའོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི་དེ་ལྟར་མི་འཛིན་པས་ན་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་འཁོར་ལོ་མི་བསྐོར་རོ། །རིགས་ཀྱི་བུ།་ཅི་སྟེ་དེ་བཞིན་གཤེགས་པ་རྟག་པ་གནས་པ་མི་འགྱུར་མི་འཕོ་བ་ཡིན་ན། ཅིའི་ཕྱིར་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་སྨྲས། དེ་བས་ན་ཁྱོད་ཀྱིས་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་བྱ་བའི་མི་རིགས་སོ། །རིགས་ཀྱི་བུ། དཔེར་ན། མིག་དང ། གཟུགས་དང ། སྣང་བ་དང ། བསམ་པ་འདུས་པ་ལས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ། །རིགས་ཀྱི་བུ། མིག་ཀྱང་འདི་ལྟར་བདག་གིས་ནི་མིག་གི་རྣམ་པར་ཤེས་པ་བསྐྱེད་དོ་སྙམ་མི་སེམས་པ་ནས། བསམ་པའི་བར་དུའང་མིག་གི་རྣམ་པར་ཤེས་པ་བསྐྱེད་དོ་སྙམ་མི་སེམས་ལ། མིག་གི་རྣམ་པར་ཤེས་པ་ཉིད་ཀྱང་བདག་ནི་བདག་བསྐྱེད་དོ་སྙམ་མི་སེམས་ཏེ། རིགས་ཀྱི་བུ། འོན་ཀྱང་དེ་རྣམས་འདུས་ཤིང་ཚོགས་པ་ལས་མཐོང་བར་གྱུར་ཏོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་
Ka336b
དང ། ཆོས་རྣམས་རྟོག་པ་དང ། གཞན་ཡང་ལྐོག་མ་དང ། རྐན་དང ། ལྕེ་དང ། སོ་དང ། མཆུ་དང ། ཁ་ལས་ཚིག་ཏུ་སྨྲ་བའི་སྒྲ་ལས། ཐོག་མ་ཚེ་དང་ལྡན་པ་ཀཽཎྜི་ནྱ་ལ་ཆོས་བསྟན་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་སྟེ། དོན་དེ་ལྟ་བས་ན་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་ཞེས་མི་བྱའོ། །རིགས་ཀྱི་བུ། གང་མ་བསྐོར་བ་དེ་ནི་ཆོས་ཞེས་བྱ་སྟེ། ཆོས་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ། དཔེར་ན། གཙུབ་ཤིང་དང ། གཙུབ་སྟན་དང ། ལག་པ་དང ། རྩཝ་འདུས་པ་ལས་མེ་བྱུང་སྟེ། གཙུབ་ཤིང་ཡང་བདག་གིས་ནི་མེ་ཕྱུང་ངོ་སྙམ་མི་སེམས། གཙུབ་སྟན་དང ། ལག་པ་དང ། རྩཝ་ཡང་བདག་གིས་མེ་ཕྱུང་ངོ་སྙམ་མི་སེམས་སོ། །མེའང་དེ་ལྟར་བདག་གིས་བདག་ཕྱུང་ངོ་སྙམ་མི་སེམས་སོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ནས་ཚེ་དང་ལྡན་པ་ཀཽཎྜི་ནྱའི་བར་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ནི་ངས་ཆོས་ཀྱི་འཁོར་ལོ་བསྐོར་རོ་སྙམ་མི་དགོངས་སོ། །རིགས་ཀྱི་བུ། དེ་ལྟར་མི་དགོངས་པ་དེ་ནི་ཆོས་ཀྱི་འཁོར་ལོ་ཡང་དག་པར་བསྐོར་བ་ཞེས་བྱ་སྟེ། དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ། །རིགས་ཀྱི་བུ། དཔེར་ན། མར་ཡང་ཞོ་དང ། ཆུ་དང ། རྫ་མ་དང ། སྲུབ་ཤིང་དང ། ཐག་གུ་དང ། ལག་པ་ལས་མར་འབྱུང་སྟེ། ཞོའང་འདི་ལྟར་
Ka337a
༄#། །བདག་གིས་མར་ཕྱུང་ངོ་སྙམ་མི་སེམས་པ་ནས་ལག་པའི་བར་དུ་བདག་གིས་འདི་ལྟར་མར་ཕྱུང་ངོ་སྙམ་མི་སེམས། མར་ཡང་འདི་ལྟར་བདག་གིས་མར་ཕྱུང་ངོ་སྙམ་མི་སེམས་ཏེ། རྐྱེན་མང་པོ་འདུས་པ་ལས་མར་བྱུང་བར་གྱུར་ཏོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། འདི་ལྟར་ངས་ནི་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་སྙམ་མི་དགོངས་སོ། །ཇི་ལྟར་མི་དགོངས་པ་དེ་ནི་ཆོས་ཀྱི་འཁོར་ལོ་ཡང་དག་པར་བསྐོར་བ་ཞེས་བྱ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ། །རིགས་ཀྱི་བུ། དཔེར་ན།་ས་བོན་དང ། ས་དང ། ཆུ་དང ། མེ་དང ། རླུང་དང ། རྨོས་དང ། དུས་དང ། ལས་སུ་བྱ་བ་ལས་མྱུ་གུ་སྐྱེ་བར་འགྱུར་རོ། །རིགས་ཀྱི་བུ། ས་བོན་ཡང་འདི་ལྟར་བདག་གིས་མྱུ་གུ་བསྐྱེད་དོ་སྙམ་མི་སེམས་པ་ནས། ལས་སུ་བྱས་པའི་བར་དུའང་འདི་ལྟར་བདག་གིས་མྱུ་གུ་བསྐྱེད་དོ་སྙམ་དུ་མི་སེམས། མྱུ་གུའང་འདི་ལྟར་བདག་གིས་མྱུ་གུ་བསྐྱེད་དོ་སྙམ་མི་སེམས་སོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་བར་ངས་ནི་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་སྙམ་དུ་མི་དགོངས་ཏེ། རིགས་ཀྱི་བུ། གང་མི་དགོངས་པ་དེ་ནི་ཡང་དག་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་སྟེ། ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ། དཔེར་ན། རྔ་ཡང་རྔ་ཤིང་དང ། ཀོ་བ་དང ། མིའི་ལག་པ་དང ། རྡུང་བ་
Ka337b
འདུས་པ་ལས་སྒྲ་འབྱུང་སྟེ། རྔ་ཡང་འདི་ལྟར་བདག་གིས་སྒྲ་དབྱུང་ངོ་སྙམ་མི་སེམས་པ་ནས་རྡུང་བ་དང ། སྒྲའི་བར་དུ་ཡང་བདག་གིས་སྒྲ་ཕྱུང་ངོ་སྙམ་མི་སེམས་སོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་བར་ངས་ནི་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་སྙམ་མི་དགོངས་སོ། །རིགས་ཀྱི་བུ། གང་དེ་ལྟར་མི་དགོངས་པ་ནི་ཡང་དག་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་སྟེ། རིགས་ཀྱི་བུ།་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་འདུས་མ་བྱས་པའོ། །འདུས་མ་བྱས་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ། ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱོད་ཡུལ་ཡིན་གྱི། ཉན་ཐོས་དང ། རང་སངས་རྒྱས་ཀྱིས་ཤེས་པ་མ་ཡིན་ནོ། །རིགས་ཀྱི་བུ། ནམ་མཁའ་ནི་སྐྱེ་བ་མ་ཡིན། སྐྱེས་པ་མ་ཡིན། བྱེད་པ་མ་ཡིན། བྱས་པ་མ་ཡིན། འདུས་བྱས་ཀྱི་ཆོས་མ་ཡིན་ནོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སྐྱེ་བ་མ་ཡིན། སྐྱེས་པ་མ་ཡིན། བྱེད་པ་མ་ཡིན། བྱས་པ་མ་ཡིན། འདུས་བྱས་ཀྱི་ཆོས་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། སྐྱེ་བ་མ་ཡིན། སྐྱེས་པ་མ་ཡིན། བྱེད་པ་མ་ཡིན། བྱས་པ་མ་ཡིན། འདུས་བྱས་ཀྱི་ཆོས་མ་ཡིན་ནོ། །རིགས་ཀྱི་བུ། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་གྱི་གསུང་དང ། འཇིག་རྟེན་ལས་འདས་པའི་གསུང་
Ka338a
༄#། །ངོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པས་ཉན་ཐོས་དང ། རང་སངས་རྒྱས་ལ་ནི་འཇིག་རྟེན་གྱི་གསུང་གིས་གསུང་ངོ ། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི་འཇིག་རྟེན་ལས་འདས་པའི་གསུང་གིས་གསུང་ངོ ། །རིགས་ཀྱི་བུ། འཁོར་གྱི་དཀྱིལ་འཁོར་ལའང་རྣམ་པ་གཉིས་ཏེ། ཐེག་པ་ཆུང་ངུ་ཚོལ་བ་དང ། ཐེག་པ་ཆེན་པོ་ཚོལ་བའོ། །ང་སྔོན་ཝཱ་ར་ཎཱ་སིར་ཉན་ཐོས་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། ད་ཡང་རྩཝ་མཆོག་གི་གྲོང་ཁྱེར་འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །རིགས་ཀྱི་བུ། གཞན་ཡང་གང་ཟག་ལ་རྣམ་པ་གཉིས་ཏེ། དབང་པོ་འབྲིང་དང ། དབང་པོ་རབ་བོ་།དབང་པོ་འབྲིང་པོ་ལ་ནི་ཝཱ་ར་ཎཱ་སིར་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །དབང་པོ་རབ་ནི་མིའི་ནང་ན་ཁྱུ་མཆོག་གི་རྒྱལ་པོ་ལྟ་བུ་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་སོགས་པ་ལ་རྩཝ་མཆོག་གི་གྲོང་ཁྱེར་འདིར་ཆོས་ཆེན་པོའི་འཁོར་ལོ་བསྐོར་ཏོ། །རིགས་ཀྱི་བུ། དབང་པོ་ཐ་མ་ལ་ནི་དེ་བཞིན་གཤེགས་པ་ཆོས་ཀྱི་འཁོར་ལོ་མི་བསྐོར་ཏེ། དབང་པོ་ཐ་མ་ཞེས་བྱ་བ་ནི་ལོག་སྲེད་ཅན་དག་གོ་།རིགས་ཀྱི་བུ། གཞན་ཡང་སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བ་ལའང་རྣམ་པ་གཉིས་ཏེ། བརྩོན་འགྲུས་འབྲིང་པོ་དང ། བརྩོན་འགྲུས་རབ་བོ། །ཝཱ་ར་ཎཱ་སིར་ནི་བརྩོན་
Ka338b
འགྲུས་འབྲིང་པོ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །རྩཝ་མཆོག་གི་གྲོང་ཁྱེར་འདིར་ནི་བརྩོན་འགྲུས་རབ་རྣམས་ལ་ཆོས་ཆེན་པོའི་འཁོར་ལོ་བསྐོར་ཏོ། །རིགས་ཀྱི་བུ། གཞན་ཡང་ངས་སྔོན་ཝཱ་ར་ཎཱ་སིར་ཐོག་མ་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་ལྷ་དང་མི་བརྒྱད་ཁྲི་སྙེད་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །ད་རྩཝ་མཆོག་གི་གྲོང་ཁྱེར་འདིར་ནི་ལྷ་དང་མི་ཁྲི་ཕྲག་བརྒྱད་ཅུ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །རིགས་ཀྱི་བུ། སྔོན་ཝ་ར་ཎཱ་སིར་ནི་ཚངས་པ་ཆེན་པོའི་རྒྱལ་པོས་ང་ལ་ཕྱག་བཙལ་ཏེ།་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་ཏོ། །རྩཝ་མཆོག་གི་གྲོང་ཁྱེར་འདིར་ནི་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ང་ལ་ཕྱག་བཙལ་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་ཏོ། །རིགས་ཀྱི་བུ། གཞན་ཡང་སྔོན་ཝཱ་ར་ཎཱ་སིར་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པར་བསྟན་ཏོ། །ད་རྩཝ་མཆོག་གི་གྲོང་ཁྱེར་འདིར་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་བསྟན་ཏོ། །གཞན་ཡང ། རིགས་ཀྱི་བུ། ངས་སྔོན་ཝཱ་ར་ཎཱ་སིར་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་གསུང་དབྱངས་ཚངས་པའི་འཇིག་རྟེན་ལ་ཐུག་གི་བར་དུ་གྲགས་སོ། །ད་རྩཝ་མཆོག་གི་གྲོང་ཁྱེར་འདིར་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་གསུང་དབྱངས་ཀྱིས་ཤར་ཕྱོགས་
Ka339a
༄#། །ཀྱི་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་ཉི་ཤུ་སྙེད་དུ་གྲགས་ཏེ། ལྷོ་དང ། ནུབ་དང ། བྱང་དང ། ཕྱོགས་མཚམས་བཞི་དང ། སྟེང་དང ། འོག་ཏུའང་དེ་བཞིན་དུ་གྲགས་པར་གྱུར་ཏོ། །གཞན་ཡང ། རིགས་ཀྱི་བུ། སངས་རྒྱས་བཅོམ་ལྡན་འདས་ཇི་ཙམ་དུ་གསུང་བ་ཐམས་ཅད་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱའོ། །རིགས་ཀྱི་བུ། དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་འཁོར་ལོས་ནི་མ་བཏུལ་བ་རྣམས་ཐུལ་བ་དང ། ཐུལ་བ་རྣམས་བདེ་བར་བྱེད་དོ། །རིགས་ཀྱི་བུ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་གསུངས་པའང་དེ་དང་འདྲ་སྟེ། ཚད་མེད་པའི་ཀུན་ནས་ཉོན་མོངས་པ་མ་བཏུལ་བའང་ཐུལ་བར་བྱེད་ལ། ཐུལ་བའང་དགེ་བའི་རྩ་བ་སྐྱེ་བར་བྱེད་དོ། །རིགས་ཀྱི་བུ། དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི་འཁོར་ལོ་རིན་པོ་ཆེས་ཕས་རྒོལ་བའི་སྒྲ་ཐམས་ཅད་ཞི་བར་བྱེད་དོ། །དེ་བཞིན་གཤེགས་པས་ཆོས་བསྟན་པའང་དེ་དང་འདྲ་སྟེ། ཀུན་ནས་ཉོན་མོངས་པའི་དགྲ་ཐམས་ཅད་ཞི་བར་བྱེད་དོ། །གཞན་ཡང ། རིགས་ཀྱི་བུ། དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེས་ནི་འོག་ནས་སྟེང་དུ་ཡིད་བཞིན་དུ་འགྱུར་རོ། །དེ་བཞིན་གཤེགས་པས་ཆོས་བསྟན་པའང་དེ་དང་འདྲ་སྟེ། ངན་སོང་གི་སེམས་ཅན་ཐམས་ཅད་མཐོ་རིས་ཀྱི་ལྷར་སྐྱེ་བ་ནས་སངས་
Ka339b
རྒྱས་ཀྱི་བྱང་ཆུབ་ལ་ཐུག་གི་བར་དུ་ཕྱིན་པར་བྱེད་དོ། །རིགས་ཀྱི་བུ། དེ་བས་ན་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་ཆོས་ཀྱི་འཁོར་ལོ་གདོད་བསྐོར་རོ་ཞེས་མ་ཟེར་ཅིག་།དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དོན་འདི་དག་བདག་གིས་མ་འཚལ་བའི་སླད་དུ་ཞུ་བ་ནི་མ་ལགས་ཀྱི། སེམས་ཅན་ཐམས་ཅད་ལ་ཕན་པ་དང ། བདེ་བའི་སླད་དུ་ཞུས་པ་ལགས་སོ་།བཅོམ་ལྡན་འདས། བདག་ནི་ཡུན་རིང་པོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱོད་ཡུལ་ལགས་ཀྱི། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་ཡུལ་མ་ལགས་པར་འཚལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་བཀའ་སྩལ་པ། རིགས་ཀྱི་བུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལ་གནས་པ་ནི། འཕགས་པའི་སྤྱད་པ་སྤྱོད་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གཞན་ཡང་ཅིའི་སླད་དུ་འཕགས་པའི་སྤྱོད་པ་ཞེས་བགྱི། བཀའ་སྩལ་པ། རིགས་ཀྱི་བུ། འཕགས་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། དེ་བས་ན་འཕགས་པའི་སྤྱོད་པ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས། གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱོད་པ་ལགས་
Ka340a
༄#། །ན།་ཉན་ཐོས་དང ། རང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའི་སྤྱོད་པ་མ་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ། སངས་རྒྱས་བཅོམ་ལྡན་འདས་ཀྱང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་བརྟེན་ཏེ། འདི་ལྟར་རྣམ་པར་ཕྱེ་ཞིང་བསྟན་པས་འཕགས་པའི་སྤྱོད་པ་ཞེས་བྱའོ། །ཉན་ཐོས་དང ། རང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་ལྟར་ཐོས་ནས་རྗེས་སུ་སྤྱོད་ན་འཕགས་པའི་སྤྱོད་པ་ཞེས་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་སྤྱོད་པ་འདི་ལ་གནས་ན་འཇིགས་པ་མེད་པའི་ས་ལ་གནས་པར་འགྱུར་རོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་གང་མི་འཇིགས་པའི་ས་ལ་གནས་ན་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བས་ནམ་དུའང་མི་འཇིགས་ཏེ། སེམས་ཅན་དམྱལ་བ་དང ། བྱོལ་སོང་གི་སྐྱེ་གནས་དང ། ཡི་དྭགས་སུ་ལྟུང་བའི་འཇིགས་པ་མེད་པར་འགྱུར་རོ། །རིགས་ཀྱི་བུ། མི་དགེ་བ་ལ་རྣམ་པ་གཉིས་ཏེ། ལྷ་མ་ཡིན་དང ། མིའི་ནང་དུ་སྐྱེས་པའོ། །མིའི་དང་དུ་སྐྱེས་པ་ལའང་མི་དགེ་བ་རྣམ་པ་གསུམ་སྟེ། ལོག་སྲེད་ཅན་དང ། ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་སྐུར་པ་དང ། ཕས་ཕམ་པ་བཞི་ཉམས་པའོ། །རིགས་ཀྱི་བུ། ས་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ནམ་དུའང་དེ་ལྟ་
Ka340b
བུའི་མི་དགེ་བའི་གནས་སུ་ལྟུང་བས་མི་འཇིགས་སོ། །གཞན་ཡང་དགེ་སྦྱོང་དང ། བྲམ་ཟེ་དང ། མུ་སྟེགས་ཅན་ངན་པར་ལྟ་བ་དང ། ལྷའི་བུ་བདུད་སྡིག་ཏོ་ཅན་ལ་སོགས་པས་ཀྱང་མི་འཇིགས་སོ། །གཞན་ཡང་སྲིད་པ་ཉི་ཤུ་ལྔ་པོས་མི་འཇིགས་ཏེ། དེ་བས་ནས་འདི་ནི་འཇིགས་པ་མེད་པ་ཞེས་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིགས་པ་མེད་པའི་ས་ལ་གནས་པ་ནི་ཏིང་ངེ་འཛིན་རྣམ་པ་ཉི་ཤུ་ལྔ་ཐོབ་པས་སྲིད་པ་ཉི་ཤུ་ལྔ་གཞོམ་པར་བྱེད་དོ། །རིགས་ཀྱི་བུ། དྲི་མ་མེད་པའི་ཏིང་ངེ་འཛིན་ཐོབ་པས་ནི་སེམས་ཅན་དམྱལ་བའི་སྲིད་པ་བཅོམ། ཕྱིར་མི་ལྡོག་པའི་ཏིང་ངེ་འཛིན་ཐོབ་པས་ནི་བྱོལ་སོང་གི་སྲིད་པ་བཅོམ། སེམས་བདེ་བའི་ཏིང་ངེ་འཛིན་ཐོབ་པས་ནི་ཡི་དྭགས་ཀྱི་སྲིད་པ་བཅོམ། རབ་ཏུ་དགའ་བའི་ཏིང་ངེ་འཛིན་ཐོབ་པས་ནི་ལྷ་མ་ཡིན་གྱི་སྲིད་པ་བཅོམ། ཉི་མའི་འོད་ཟེར་གྱི་ཏིང་ངེ་འཛིན་ཐོབ་པས་ནི་ཤར་གྱི་ལུས་འཕགས་གླིང་དུ་སྐྱེ་བའི་སྲིད་པ་བཅོམ། ཟླ་བའི་འོད་ཟེར་གྱི་ཏིང་ངེ་འཛིན་ཐོབ་པས་ནི་ནུབ་ཀྱི་བ་ལང་སྤྱོད་དུ་སྐྱེ་བའི་སྲིད་པ་བཅོམ། མེད་བལ་གྱི་ཏིང་ངེ་འཛིན་ཐོབ་པས་ནི་བྱང་གི་སྒྲ་མི་སྙན་དུ་སྐྱེ་བའི་སྲིད་པ་བཅོམ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པས་ནི་ལྷོའི་ཛམྦུའི་གླིང་དུ་སྐྱེ་བའི་སྲིད་པ་བཅོམ། ཆོས་ཐམས་ཅད་མི་གཡོ་བའི་ཏིང་ངེ་འཛིན་ཐོབ་པས་ནི་རྒྱལ་ཆེན་བཞིའི་གནས་སུ་སྐྱེ་བའི་སྲིད་པ་བཅོམ། ཤིན་ཏུ་
Ka341a
༄#། །གདུལ་དཀའི་ཏིང་ངེ་འཛིན་ཐོབ་པས་ནི་སུམ་ཅུ་རྩ་གསུམ་གནམ་དུ་སྐྱེ་བའི་སྲིད་པ་བཅོམ། ཡིད་དུ་འོང་བའི་ཏིང་ངེ་འཛིན་ཐོབ་པས་ནི་འཐབ་བྲལ་གནམ་དུ་སྐྱེ་བའི་སྲིད་པ་བཅོམ། ཐམས་ཅད་སྔོན་པོའི་ཏིང་ངེ་འཛིན་ཐོབ་པས་ནི་དགའ་ལྡན་གནམ་དུ་སྐྱེ་བའི་སྲིད་པ་བཅོམ། ཐམས་ཅད་སེར་པོའི་ཏིང་ངེ་འཛིན་ཐོབ་པས་ནི་འཕྲུལ་དགའ་གནམ་དུ་སྐྱེ་བའི་སྲིད་པ་བཅོམ། ཐམས་ཅད་དམར་པོའི་ཏིང་ངེ་འཛིན་ཐོབ་པས་ནི་གཞན་འཕྲུལ་དབང་བྱེད་གནམ་དུ་སྐྱེ་བའི་སྲིད་པ་བཅོམ། ཐམས་ཅད་དཀར་པོའི་ཏིང་ངེ་འཛིན་ཐོབ་པས་ནི་བསམ་གཏན་དང་པོའི་སྲིད་པ་བཅོམ། རྣམ་པ་སྣ་ཚོགས་ཀྱི་ཏིང་ངེ་འཛིན་ཐོབ་པས་ནི་ཚངས་པ་ཆེན་པོའི་སྲིད་པ་བཅོམ། ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ཐོབ་པས་ནི་བསམ་གཏན་གཉིས་པའི་སྲིད་པ་བཅོམ། འབྲུག་སྒྲའི་ཏིང་ངེ་འཛིན་ཐོབ་པས་ནི་བསམ་གཏན་གསུམ་པའི་སྲིད་པ་བཅོམ། ཆར་པ་བབ་པའི་ཏིང་ངེ་འཛིན་ཐོབ་པས་ནི་བསམ་གཏན་བཞི་པའི་སྲིད་པ་བཅོམ། ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པས་ནི་འདུ་ཤེས་མེད་པའི་སྲིད་པ་བཅོམ། མེ་ལོང་ལྟ་བུའི་ཏིང་ངེ་འཛིན་ཐོབ་པས་ནི་གཙང་མའི་རིས་ལན་གཅིག་ཕྱིར་མི་ལྡོག་པའི་སྲིད་པ་བཅོམ། ཆགས་པ་མེད་པའི་ཏིང་ངེ་འཛིན་ཐོབ་པས་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟེང་གི་སྲིད་པ་བཅོམ། རྟག་པའི་
Ka341b
ཏིང་ངེ་འཛིན་ཐོབ་པས་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྟོང་གི་སྲིད་པ་བཅོམ། དགའ་བའི་ཏིང་ངེ་འཛིན་ཐོབ་པས་ནི་ཅུང་ཟད་མེད་པའི་སྐྱེ་མཆེད་སྟེང་གི་སྲིད་པ་བཅོམ། བདག་གི་ཏིང་ངེ་འཛིན་ཐོབ་པས་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟེང་གི་སྲིད་པ་བཅོམ་མོ། །རིགས་ཀྱི་བུ། འདི་དག་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཉི་ཤུ་རྩ་ལྔ་ཐོབ་པས་སྲིད་པ་ཉི་ཤུ་རྩ་ལྔ་བཅོམ་པ་ཞེས་བྱའོ། །རིགས་ཀྱི་བུ། ཏིང་ངེ་འཛིན་ཉི་ཤུ་རྩ་ལྔ་པོ་འདི་དག་ནི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཞེས་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་དག་ལ་ཞུགས་ན། གལ་ཏེ་རི་རབ་རིའི་རྒྱལ་པོ་འདི་འཇིག་པར་འདོད་ནའང་བསམས་པ་བཞིན་དུ་འཇིག་གོ་།གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཤེས་པར་འདོད་ནའང་ཡིད་བཞིན་དུ་ཤེས་པར་འགྱུར་རོ། །གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གནས་པའི་སེམས་ཅན་ཐམས་ཅད་ལུས་ཀྱི་བ་སྤུའི་ཁུང་གཅིག་ཏུ་ཞུགས་པར་འདོད་ནའང་ཡིད་བཞིན་དུ་འགྱུར་ཏེ། དོག་པའམ་གཟེར་བའི་སེམས་མེད་དོ། །གལ་ཏེ་སེམས་ཅན་གྲངས་མེད་པར་སྤྲུལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོངས་སུ་གང་བར་འདོད་ནའང་ཡིད་བཞིན་དུ་འགྱུར་རོ། །ཅི་སྟེ་ལུས་གཅིག་ལས་ལུས་མང་པོར་འདོད་དམ། ལུས་མང་པོ་ལས་ལུས་
Ka342a
༄#། །གཅིག་ཏུ་འདོད་ནའང་ཡིད་བཞིན་དུ་འགྱུར་ཏེ། དེ་ལྟ་བུར་འགྱུར་མོད་ཀྱི། པདྨོ་ལྟར་སེམས་ཅི་ལའང་མི་ཚངས་སོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཏིང་ངེ་འཛིན་གྱི་རྒྱལ་པོ་དེ་ལ་ཞུགས་ནས་དབང་དུ་འགྱུར་བའི་ས་ལའང་གནས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དབང་དུ་འགྱུར་བའི་ས་ལ་གནས་པ་ནི་དབང་དུ་འགྱུར་པའི་མཐུ་དང་ལྡན་པས། གང་ནས་གང་དུ་སྐྱེ་བར་འདོད་པ་དེ་དང་དེ་དག་ཏུ་ཡིད་བཞིན་དུ་སྐྱེ་བར་འགྱུར་རོ། །རིགས་ཀྱི་བུ། དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་གླིང་བཞིར་འགྲོ་འདོད་ན་ཡིད་བཞིན་དུ་ཕྱིན་ཏེ་བར་དུ་གཅོད་པ་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། གང་ནས་གང་དུ་སྐྱ་བར་འདོད་པ་དེ་དང་དེ་དག་ཏུ་ཡིད་བཞིན་དུ་སྐྱེ་བར་འགྱུར་རོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་དམྱལ་བ་ན་གནས་པའི་སེམས་ཅན་དག་དགེ་བའི་རྩ་བ་ལ་འཇོག་པར་འགྱུར་ན་བྱང་ཆུབ་སེམས་དཔའ་དེར་སྐྱེ་སྟེ། བྱང་ཆུབ་སེམས་དཔའ་དེར་སྐྱེ་མོད་ཀྱི། སྔོན་གྱི་ལས་ཀྱི་འབྲས་བུ་ནི་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་དུ་གྱུར་པའི་ས་ལ་གནས་པ་དེའི་རྒྱུ་དེའི་རྐྱེན་གྱིས་དེར་སྐྱེ་བར་འགྱུར་རོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དམྱལ་བ་ན་
Ka342b
གནས་མོད་ཀྱི། དམྱལ་བ་གཏུབ་པའི་སྡུག་བསྔལ་ལ་སོགས་པ་ནི་མི་མྱོང་ངོ ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལྷུན་གྱིས་གྲུབ་པའི་ཡོན་ཏན་ཡང་ཚད་མེད་དཔག་ཏུ་མེད་དེ། བསྐལ་པ་ཁྲི་ཕྲག་བརྒྱ་སྟོང་གི་བར་དུའང་བཤད་གྱིས་མི་རྫོགས་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོན་ཏན་བརྗོད་པ་ལྟ་སྨོས་ཀྱང་ཅི་དགོས། དེའི་ཚེ་ན་འཁོར་གྱི་དཀྱིལ་འཁོར་དེ་ན། བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་སྙིང་པོའི་རྒྱལ་པོ་ཞེས་བྱ་བ་གཟི་བརྗིད་ཆེན་པོ་དང་མངོན་པར་ཤེས་པ་དང་ལྡན་པ། གཟུངས་ཆེན་པོ་ཐོབ་པ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་དང་འཇིགས་པ་མེད་པ་ཐོབ་པ་ཞིག་འདུག་པ་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་དང་ཡེ་ཤེས་ནི་ཚད་མ་མཆིས་དཔག་ཏུ་མ་མཆིས་ཏེ། བསྐལ་པ་ཁྲི་ཕྲག་བརྒྱ་སྟོང་གི་བར་དུའང་བཤད་ཀྱིས་མི་རྫོགས་ཞེས་བགྱི་བ་བདག་གིས་ཡིད་ལ་བསམས་པ་ལྟར་ཐེག་པ་ཆེན་པོའི་མདོ་སྡེ་དང་སྦྱར་ན་དེ་ལྟ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེའི་མཐུས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
Ka343a
༄#། །དེ་ལས་འབྱུང་ཞིང་སྐྱེའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལེགས་སོ། །ལེགས་སོ་ཞེས་བྱ་བ་བྱིན་ནས། རིགས་ཀྱི་བུ། དེ་དེ་བཞིན་ནོ། དེ་དེ་བཞིན་ཏེ།་ཁྱོད་ཀྱིས་སྨྲས་པ་བཞིན་ཏེ། དེ་ལྟར་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེའང་དེ་ལྟར་ཡོན་ཏན་ཚད་མེད་མཐའ་ཡས་པ་དང་ལྡན་མོད་ཀྱི། མདོ་སྡེ་དེ་དག་མདོ་སྡེ་འདིའི་དཔེར་ཡང་མི་བཟོད་དེ། བརྒྱའི་ཆར་ཡང་མི་བཟོད། སྟོང་གི་ཆར་ཡང་མི་བཟོད། བརྒྱ་སྟོང་གི་ཆར་ཡང་མི་བཟོད་པ་ནས་རྩིས་སམ། གྲངས་སམ། དཔེའི་བར་དུའང་མི་བཟོད་དོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། བ་ལས་འོ་མ་འབྱུང་སྟེ། འོ་མ་ལས་ནི་ཞོ་འབྱུང ། ཞོ་ལས་ནི་མར་འབྱུང ། མར་ལས་ནི་ཞུན་མར་འབྱུང ། ཞུན་མར་ལས་ནི་མར་གྱི་སྙིང་པོ་འབྱུང ། མར་གྱི་སྙིང་པོ་ཞེས་བྱ་བ་ནི་མཆོག་དང་ཕུལ་དུ་གྱུར་པ་སྟེ། གང་ཞིག་གིས་འཐུངས་ན་ནད་རྣམ་པ་སྣ་ཚོགས་འབྱུང་བར་འགྱུར་ཏེ། སྨན་ཐམས་ཅད་ཀྱི་ནང་དུའང་འགྲོའོ། །རིགས་ཀྱི་བུ། སངས་རྒྱས་བཅོམ་ལྡན་འདས་ཀྱང་དེ་དང་འདྲ་སྟེ། སངས་རྒྱས་ལས་ནི་མདོ་སྡེ་བཅུ་གཉིས་འབྱུང་ངོ ། །མདོ་སྡེ་བཅུ་གཉིས་ལས་ནི་མདོའི་སྡེ་འབྱུང་ངོ ། །མདོའི་སྡེ་ལས་ནི་ཤིན་ཏུ་རྒྱས་པའི་མདོ་སྡེ་འབྱུང་ངོ ། །ཤིན་ཏུ་རྒྱས་པའི་མདོ་སྡེ་ལས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་ངོ ། །ཤེས་རབ་ཀྱི་ཕ་རོལ་
Ka343b
ཏུ་ཕྱིན་པ་ལས་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་མར་གྱི་སྙིང་པོ་ལྟ་བུ་འབྱུང་ངོ ། །མར་གྱི་སྙིང་པོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་གྱི་དཔེའོ། །སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ། དེ་བས་ན་དེ་བཞིན་གཤེགས་པའི་ཡོན་ཏན་ནི་ཚད་མེད་མཐའ་ཡས་དཔག་ཏུ་མེད་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པས་གསུངས་པ་ལྟར་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ནི་མར་གྱི་སྙིང་པོ་ལྟ་བུར་མཆོག་ཏུ་གྱུར། ཕུལ་དུ་འགྱུར་ཏེ། གང་ཞིག་གིས་འཐུངས་ན་ནད་ཀྱི་རྣམ་པའང་འབྱང་བར་འགྱུར་ལ། སྨན་ཐམས་ཅད་ཀྱི་ནང་དུའང་འགྲོའོ། །ཞེས་གསུངས་པ་ཐོས་ནས་བདག་འདི་སྙམ་དུ་གྱུར་ཏོ། །གང་མདོ་སྡེ་འདི་མི་ཉན་ཅིང་མི་འདོན་པ་དེ་ནི་ཤིན་ཏུའང་གཏི་མུག་ཆེ་བ་སྟེ། དགེ་བའི་སེམས་ཅན་མ་མཆིས་པར་འཚལ་ཏོ། །བཅོམ་ལྡན་འདས། བདག་ནི་པགས་པ་བཤུས་ཏེ་ཡི་གེ་འདྲི་བའི་གཞིར་བྱས་ལ། ཁྲག་ཕྱུང་སྟེ་སྣག་ཚར་བྱ་བ་དང ། རྐང་ཕྱུང་སྟེ་ཆུར་བྱ་བ་དང ། རུས་པ་གཞོགས་ཏེ་སྨྱུག་གུར་བྱས་ལ། ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་བྲི་བར་བཟོད་དོ། །བྲིས་ནས་ཀྱང་ཀློག་པ་དང ། འདོན་པ་དང ། ཁོང་དུ་ཆུད་པར་བྱ་བ་དང ། གཞན་ལ་རྒྱ་ཆེར་སྟོན་ཅིང་འཆད་ཀྱང་བཟོད་དོ། །བཅོམ་ལྡན་འདས་
Ka344a
༄#། །གལ་ཏེ་སེམས་ཅན་གང་ཞིག་ལོངས་སྤྱོད་ལ་ཆགས་པར་འགྱུར་ན་བདག་གིས་དེ་ལ་སྔར་ལོངས་སྤྱོད་བྱིན་ཏེ། དེའི་འོག་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་ཀློག་པར་བསྐུལ་ལོ། །གལ་ཏེ་ལོངས་སྤྱོད་ཆེན་པོ་དང་ལྡན་པ་ཞིག་ན། སྔར་ཡིད་ལ་འདོད་པའི་གཏམ་སྙན་པ་བྱས་ཏེ། དེའི་འོག་ཏུ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་ཀློག་པར་བསྐུལ་ལོ། །གལ་ཏེ་མ་རབས་ཤིག་ཡིན་ན་མཐུས་ནན་གྱིས་ཀློག་ཏུ་གཞུག་གོ་།གལ་ཏེ་ང་རྒྱལ་ཅན་ཞིག་ཡིན་ནའང་བདག་གིས་སྔར་ཡིད་བཞིན་དུ་གཡོག་བྱས་ཏེ་ཤིན་ཏུ་དགའ་ཞིང་མགུ་བར་བྱས་ལ། དེའི་འོག་ཏུ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་བསྟན་ཏོ། །གལ་ཏེ་ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་སྐུར་པ་ཞིག་མཆིས་ན་མཐུ་སྟོབས་ཀྱིས་གདུལ་བར་འཚལ་ལོ། །བཏུལ་ནས་དེའི་འོག་ཏུ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ཀློག་ཏུ་གཞུག་གོ་།གལ་ཏེ་ཐེག་པ་ཆེན་པོའི་མདོ་སྡེ་ལ་དད་ཅིང་མོས་པ་ཞིག་ན། བདག་དེའི་དྲུང་དུ་མཆིས་ཏེ། ཤིན་ཏུ་བསྟི་སྟང་དང་བཅས་པས་རིམ་གྲོ་དང ། བཀུར་སྟི་དང ། མཆོད་པ་དང ། བསྟོད་པ་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །ཁྱོད་ཐེག་པ་ཆེན་པོའི་མདོ་སྡེ་ལ་ཤིན་ཏུ་མོས་པ་དང ། ཐེག་པ་
Ka344b
ཆེན་པོའི་མདོ་སྡེ་ལ་ཤིན་ཏུ་དགའ་བ་དང ། ཐེག་པ་ཆེན་པོའི་མདོ་སྡེ་འདོད་པ་དང ། ཐེག་པ་ཆེན་པོའི་མདོ་སྡེའི་རོ་ལ་དགའ་བ་དང ། ཐེག་པ་ཆེན་པོ་ལ་ཤིན་ཏུ་དད་པ་དང ། བསྟི་སྟང་དང ། བཀུར་སྟི་དང ། མཆོད་པ་བྱེད་པ་ལེགས་སོ། །རིགས་ཀྱི་བུ། ཁྱོད་ཀྱིས་འདི་ལྟར་ཤིན་ཏུ་དགེ་བའི་སེམས་འདིའི་རྒྱུ་དང ། འདིའི་རྐྱེན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་མཐའ་ཡས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་ཤིན་ཏུ་འཕགས་ཏེ། དེ་དག་པས་སྔར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཁྱོད་ནི་རིང་པོ་མི་ཐོགས་པར་འཁོར་གྱི་དཀྱིལ་འཁོར་མང་པོ་ལ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རང་བཞིན་དགོངས་ཏེ་གསུངས་པའི་སྙིང་པོ་སྟོན་ཅིང་འཆད་པར་འགྱུར་རོ། །རིགས་ཀྱི་བུ། སྔོན་འདས་པའི་དུས་སངས་རྒྱས་ཀྱི་ཉི་མ་མ་ཤར་བ་དེའི་ཚེ་དེའི་དུས་ན་ང་བྲམ་ཟེར་གྱུར་ཏེ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་མུ་སྟེགས་ཅན་ཐམས་ཅད་ཀྱིས་མུ་སྟེགས་ཅན་གྱི་གཙུག་ལག་ཐམས་ཅད་ཀྱང་ཁོང་དུ་ཆུད་དེ་རབ་ཏུ་ཞི་བར་སྤྱོད་ཅིང ། སྤྱོད་ལམ་དང་ལྡན་པ་སེམས་ཡོངས་སུ་དག་པས་ཕྱི་རོལ་གྱི་རྐྱེན་གྱིས་འདོད་པའི་འདུ་ཤེས་མི་སྐྱ་སྟེ། ཞེ་སྡང་གི་མེ་བསད་ནས་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པའི་ཆོས་ཡིད་ལ་བཟུང་སྟེ། ཕྱོགས་
Ka345a
༄#། །ཐམས་ཅད་དུ་ཐེག་པ་ཆེན་པོའི་མདོ་སྡེ་བཙལ་ཀྱང་ཤིན་ཏུ་རྒྱས་པའི་མིང་ཙམ་ཡང་མ་ཐོས་སོ། །ང་དེའི་ཚེ་ན་གངས་ཀྱི་རི་ཞིག་ལ་གནས་ཏེ། རི་དེ་ཤིན་ཏུ་དབེན་ལ། ཆུ་མིག་དང ། འབབ་ཆུ་དང ། ཁྲུས་ཀྱི་རྫིང་བུ་དང ། སྐྱེད་ཤིང་དང ། ནགས་ཚལ་དང ། རྩི་ཤིང་གིས་ཡོངས་སུ་གང་སྟེ། གནས་དེའི་བར་བར་ན་བྲག་ལས་ཆུ་མིག་གཙང་མ་འབབ་སྟེ། མེ་ཏོག་བསུང་ཅན་གྱིས་ཡོངས་སུ་བརྒྱན་ལ། བྱ་དང་རི་དྭགས་ཀྱང་དཔག་ཏུ་མེད་དོ། །དེ་ན་ཤིན་ཏུ་རོ་དང་ལྡན་པའི་འབྲས་བུའི་ཤིང་རྣམ་པ་ཐ་དད་པའང་དཔག་ཏུ་མེད་ལ། གཞན་ཡང་པདྨོའི་རྩ་བ་མངར་པོ་དང ། ཤིང་སྔོན་པོའི་རྩ་བ་བསུང་ཅན་གྱིས་ཡོངས་སུ་གང་ངོ ། །ང་དེའི་ཚེ་དེའི་དུས་ན་གཅིག་པུ་དེ་ན་གནས་ཏེ། ཤིང་གི་འབྲས་བུ་འབའ་ཞིག་ཟའོ། །ཟོས་ནས་སེམས་རྩེ་གཅིག་ཏུ་ཏིང་ངེ་འཛིན་ཡིད་ལ་བྱེད་དོ། །ལོ་ཚད་མེད་པའི་བར་དུ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་ངོ་ཞེས་ཀྱང་མ་ཐོས་ལ། ཐེག་པ་ཆེན་པོའི་མདོ་སྡེའི་མིང་ཡང་མ་ཐོས་སོ། །རིགས་ཀྱི་བུ། ངས་དེ་ལྟར་དཀའ་ཐུབ་སྤྱོད་པ་ན་བརྒྱ་བྱིན་ལྷའི་དབང་པོ་དང ། ལྷའི་བུ་རྣམས་ཤིན་ཏུ་ངོ་མཚར་དུ་གྱུར་ཏེ། འདུས་ནས་སོ་སོ་ནས་འདི་སྙམ་དུ་འགྱུར་ཏེ། ཚིགས་སུ་བཅད་པ་འདི་སྨྲས་སོ། །གཅིག་ལ་གཅིག་ནི་འདི་སྐད་ཅེས། །རྣམ་དག་གངས་ཀྱི་རི་འདི་ལ། །རབ་ཞི་འདོད་
Ka345b
ཆགས་སྤངས་པའི་བདག་།ཡོན་ཏན་བརྒྱད་པའི་རྒྱལ་པོའོ། །འདོད་ཆགས་ཞེ་སྡང་ང་རྒྱལ་སྤངས། །གཏི་མུག་གཡོ་སྒྱུ་ཡོངས་སུ་བཅད། །ངག་གི་སྒོ་ནས་མི་སྨྲ་བ། །རྩུབ་ཤིང་བརླང་བའི་ཚིག་རྣམས་སོ། །དེའི་ཚེ་འཁོར་དེའི་ནང་ན་ལྷའི་སྲས་པོ་རབ་ཏུ་དགའ་བ་ཞེས་བྱ་བ་ཞིག་གིས་ཡང་ཚིགས་སུ་བཅད་དེ་སྨྲས་པ། དེ་ལྟར་འདོད་ཆགས་སྤངས་ནས་སུ། །ཡོངས་དག་བརྩོན་འགྲུས་རབ་བརྩོན་པ། །བརྒྱ་བྱིན་ལྷ་ཡི་ཐབས་འདོད་དམ། །ལྷ་ཡི་གནས་སུ་སྐྱེ་བར་འདོད། །ཇི་སྟེ་མུ་སྟེགས་ཅན་ཡིན་ནམ། །ཤིན་ཏུ་དཀའ་ཐུབ་སྤྱད་པ་འདི། །བརྒྱ་བྱིན་ལྷ་ཡི་དབང་པོ་ཡི། །དབང་དང་ཐབས་དག་ཚོལ་ཕྱིར་རོ། །དེའི་ཚེ་གཞན་ཡང་ལྷའི་སྲས་བོ་དྲང་སྲོང་གཅིག་ཅེས་བྱ་བས། བརྒྱ་བྱིན་ལ་ཚིགས་སུ་བཅད་དེ་གསོལ་པ། ལྷ་ཡི་དབང་པོ་ཀཽ་ཤི་ཀ།་དེ་ལྟར་ཐེ་ཚོམ་བསྐྱེད་མི་རིགས། །མུ་སྟེགས་དཀའ་ཐུབ་སྤྱོད་པ་ཡང ། །བརྒྱ་བྱིན་དབང་པོའི་ཐབས་མི་ཚོལ། །ཚིགས་སུ་བཅད་པ་དེ་སྐད་ཅེས་སྨྲས་ནས་ཡང་འདི་སྐད་ཅེས་གསོལ་ཏོ། །ཀཽ་ཤི་ཀ། འཇིག་རྟེན་ན་སྐྱེས་བུ་ཆེན་པོ་དག་ནི་སེམས་ཅན་ལ་ཕན་པའི་ཕྱིར་གྱི། བདག་གི་ལུས་ལ་ཆགས་པའི་ཕྱིར་མ་ཡིན། སེམས་ཅན་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་དཀའ་ཐུབ་ཚད་མེད་པ་རྣམ་པ་སྣ་ཚོགས་སྤྱོད་དོ། །སྐྱེས་བུ་དེ་ནི་འཁོར་བའི་སྐྱོན་མང་པོ་མཐོང་བས། ཅི་སྟེ་ས་ཆེན་པོ་འདི་དག། རི་དང ། རྒྱ་མཚོ་ཆེན་པོར་རིན་པོ་ཆེས་
Ka346a
༄#། །ཡོངས་སུ་གང་བར་མཐོང་ཡང ། མཆིལ་མའམ། ངར་སྣབས་ལྟར་ཆགས་པ་མི་སྐྱེད་དོ། །དེ་ལྟར་སྐྱེས་བུ་ཆེན་པོ་དེ་རིན་པོ་ཆེ་དང ། ལོངས་སྤྱོད་དང ། ཆུང་མ་དང ། བུ་དང ། མགོ་དང ། མིག་དང ། ཀླད་པ་དང ། ལག་པ་དང ། རྐང་པ་དང ། ཡན་ལག་དང ། ཉིང་ལག་དང ། གནས་པའི་ཁང་ཁྱིམ་དང ། བ་གླང་དང ། རྟ་དང ། ཐེག་པ་དང ། བྲན་པོ་དང ། བྲན་མོ་དང ། ལས་བྱེད་པའི་མིའང་ཡོངས་སུ་སྤངས་ཏེ། མཐོ་རིས་ཀྱི་ལྷར་སྐྱེ་བར་མི་སྨོན་གྱི། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་འབའ་ཞིག་སྦྱོར་རོ། །བདག་གིས་འཚལ་བ་ལྟར་ན་སྐྱེས་བུ་ཆེན་པོ་དེ་ནི་ཡོངས་སུ་དག་ཅིང་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཡོངས་སུ་བཅད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འབའ་ཞིག་ཚོལ་ལོ། །བརྒྱ་བྱིན་ལྷའི་དབང་པོས་ཡང་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱིས་སྨྲས་པ་ལྟར་དྲང་སྲོང་ཆེན་པོ་དེ་འཇིག་རྟེན་དང་བཅས་པ་ཐམས་ཅད་ཀྱི་སྐྱབས་སུ་འགྱུར་པ་ཡིན་ལ། ཅི་སྟེ་འཇིག་རྟེན་འདི་ནས་སངས་རྒྱས་ཀྱི་ཤིང་ཆེན་པོ་བྱུང་ན། འཇིག་རྟེན་དུ་བཅས་པ་ལྷ་དང།་མི་དང ། ལྷ་མ་ཡིན་ལ་སོགས་པ་ཐམས་ཅད་ཀྱི་ཉོན་མོངས་པའི་སྦྲུལ་གདུག་པ་ཐམས་ཅད་སེལ་བར་འགྱུར་ཏེ། སེམས་ཅན་དེ་དག་སངས་རྒྱས་ཀྱི་སྐྱེད་ཤིང་གི་གྲིབ་
Ka346b
པ་འདུག་པས་ཉོན་མོངས་པའི་སྦྲུལ་གདུག་པ་ཐམས་ཅད་རྣམ་པར་སེལ་བར་འགྱུར་རོ། །དྲང་སྲོང་ཆེན་པོ་དེ་མ་འོངས་པའི་དུས་སུ་བདེ་བར་གཤེགས་པར་གྱུར་ན་ལྟ། བདག་ཅག་ལ་སོགས་པ་ཐམས་ཅད་ཀྱང་ཤིན་ཏུ་འབར་བའི་ཉོན་མོངས་པ་དཔག་ཏུ་མེད་པ་ཞི་བར་འགྱུར་ཏེ། དེ་ནི་ཤིན་ཏུའང་ཡིད་ཆེས་བར་དཀའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཚད་མེད་པ་བརྒྱ་སྟོང་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་ལ། རྐྱེན་ཅུང་ཟད་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་འགྱུར་ཏེ། དཔེར་ན། ཆུའི་ཟླ་བ་ལྟར་ཆུ་འགུལ་ན་ཟླ་བ་འགུལ་བ་དང་འདྲའོ། །ཡང་དཔེར་ན། རི་མོ་བྲིས་པའི་སྐུ་གཟུགས་དང་འདྲ་སྟེ། བྱ་བ་ནི་དཀའ་ལ་གཞིག་ནི་སླ་བ་ལྟར་བྱང་ཆུབ་ཀྱི་སེམས་ཀྱང་དེ་དང་འདྲ་སྟེ། བསྐྱེད་ནི་དཀའ་ལ་བཟློག་ནི་སླའོ། །དྲང་སྲོང་ཆེན་པོ། དཔེར་ན། མི་ཞིག་གོ་མཚོན་དང་ཤིན་ཏུ་ཆས་ཏེ། གཡུལ་ངོར་ཕྱིན་ནས་དགྲ་དང་ཕྲད་མ་ཐག་ཏུ་འཇིགས་ནས་ཕྱིར་ལྡོག་པ་དང་འདྲ་བར་སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་བར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་གོ་མཚོན་གྱིས་ཡོངས་སུ་བརྒྱན་ནས་འཁོར་བའི་སྐྱོན་མཐོང་མ་ཐག་ཏུ་འཇིགས་པ་བསྐྱེད་ནས་ཕྱིར་ལྡོག་པར་འགྱུར་རོ། །དེ་བས་ན་ངས་སྐྱེས་བུ་དེ་ཉོན་མོངས་པ་དང་གདུང་བ་མེད་པར་དཀའ་བ་སྤྱོད་དེ། སྤྱོད་པ་ཡོངས་སུ་
Ka347a
༄#། །དག་པར་མཐོང་མོད་ཀྱི། འོན་ཀྱང་ཡིད་མི་ཆེས་ཀྱི། དེའི་གན་དུ་ཉེ་བར་སོང་ལ། སྐྱེས་བུ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཕྲག་པ་ལ་བསྐུར་ནུས་སམ། མི་ནུས་པ་བརྟག་དགོས་སོ། །དཔེར་ན། ཤིང་རྟ་ལ་འཕང་ལོ་གཉིས་ཡོད་ན་སྤྱད་དུ་རུང་བ་དང ། བྱ་ལ་འདབ་མ་གཉིས་ཡོད་ན་འཕུར་ནུས་པ་དང་འདྲ་བར་དཀའ་ཐུབ་སྤྱོད་པའང་དེ་དང་འདྲ་སྟེ། ཤིན་ཏུ་ཚུལ་ཁྲིམས་སྡོམ་པར་ནི་ངས་ཀྱང་མཐོང་ན། ཤིན་ཏུ་ཟབ་མོའི་ཡེ་ཤེས་ཡོད་དམ་མེད་པ་བརྟག་དགོས་སོ། །ཅི་སྟེ་ཤིན་ཏུ་ཟབ་མོའི་ཡེ་ཤེས་ཡོད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཁུར་ལྕི་བ་ཕྲག་པ་ལ་ཁྱེར་ནུས་སོ། །དྲང་སྲོང ། དཔེར་ན། ཉ་མོ་ལྟ་བུ་མངལ་ན་ཕྲུ་གུ་ནི་རབ་ཏུ་མང་མོད་ཀྱི།་ཕྲུ་གུར་འགྱུར་བ་ནི་ཉུང་ངོ ། །དཔེར་ན། ཤིང་ཨ་མྲའང་མེ་ཏོག་ནི་ཤིན་ཏུ་མང་ཡང་འབྲས་བུར་འགྱུར་བ་ནི་ཉུང་ངོ ། །སེམས་ཅན་བྱང་ཆུབ་ཏུ་སེམས་བསྐྱེད་པའང་ཚད་མེད་མོད་ཀྱི། ཐ་མར་འབྲས་བུར་འགྱུར་པ་ནི་ཤིན་ཏུ་ཉུང་ངོ ། །དྲང་སྲོང་ཆེན་པོ། བདག་ཅག་འགྲོགས་ཏེ་སྐྱེས་བུ་དེ་གང་ན་བར་རྟོག་ཏུ་འདོད་དོ། །དྲང་སྲོང ། དཔེར་ན། གསེར་ཡང་དག་པར་ཡང་རྣམ་པ་གསུམ་གྱི་སྒོ་ནས་བརྟགས་ན་ཡང་དག་པ་ཡིན་ནམ་མ་ཡིན་པ་རྟོགས་སོ། །འདི་ལྟ་སྟེ། བསྲེག་པ་དང ། བརྡུང་བ་དང ། བརྡར་བའི་སྒོ་ནས་
Ka347b
བརྟག་པའོ། །དཀའ་ཐུབ་སྤྱོད་པའང་དེ་དང་འདྲའོ་ཞེས་སྨྲས་ནས། དེའི་ཚེ་བརྒྱ་བྱིན་ལྷའི་དབང་པོ་བདག་གི་ལུས་སྲིན་པོའི་ལུས་ཤིན་ཏུ་འཇིགས་སུ་རུང་བ་ཞིག་ཏུ་སྤྲུལ་ནས་གངས་ཀྱི་རི་ལ་བབས་ཏེ། ཧ་ཅང་ཡང་མི་རིང་བ་ན་འདུག་ནས། དེའི་ཚེ་སྲིན་པོ་དེའང་མི་འཇིགས་པའི་སེམས་དང ། ཤིན་ཏུ་སྤོབས་པའི་སྐད་གསང་བས་འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པ་ཚིགས་སུ་བཅད་པ་ཕྱེད་པོ་འདི་སྨྲས་སོ། །ཀྱེ་མའོ་འདུ་བྱེད་རྟག་པ་མེད། །སྐྱེ་ཞིང་འགོག་པའི་ཆོས་ཅན་ཡིན། །ཚིགས་སུ་བཅད་པ་ཕྱེད་པ་འདི་སྨྲས་ནས། དེའི་དྲུང་དུ་འདུག་སྟེ། ཤིན་ཏུ་འཇིགས་སུ་རུང་བའི་གཟུགས་མངོན་པར་བསྟན་ནས། མིག་བགྲད་དེ་ཕྱོགས་བཞི་ཀུན་ཏུ་བལྟས་སོ། །དེའི་ཚེ་དཀའ་ཐུབ་སྤྱོད་པ་དེས་ཚིགས་སུ་བཅད་པ་ཕྱེད་པོ་འདི་ཐོས་ནས་རབ་ཏུ་དགའ་བའི་སེམས་བསྐྱེས་པ་ནི། དཔེར་ན། ཚོང་པ་ཤིན་ཏུ་ཉམ་ང་བའི་གཡང་སར་མཚན་མོ་སོང་སོང་བ་ལས་གྲོགས་སྟོར་ནས་ཤིན་ཏུ་འཇིགས་ཏེ་གྲོགས་ཚོལ་པ་ལས། གྲོགས་དང་ཕྲད་པ་ཙམ་དུ་ཤིན་ཏུ་དགའ་མགུ་རངས་པ་ཚད་མེད་པ་སྐྱེས་སོ། །གཞན་ཡང ། དཔེར་ན། ནད་ཡུན་རིང་པོས་བཏབ་པ་ཞིག་སྨན་པ་མཁས་པ་དང་ཕྲད་དེ་སྨན་བཟང་པོས་གསོས་པ་ཙམ་མམ། དཔེར་ན། རྒྱ་མཚོར་ལྟུང་བ་ལས་གཟིངས་དང་ཕྲད་པ་ཙམ་མམ། ཤིན་ཏུ་སྐོམ་གྱིས་གདུངས་པ་ཞིག་ཆུ་གྲང་མོ་དང་ཕྲད་པའམ། དགྲས་
Ka348a
༄#། །བདས་པ་ལས་ཤོར་བ་ཙམ་མམ། ཡུན་རིང་པོར་བཙོན་དུ་བཟུང་བ་ལས་ཐར་བ་ཙམ་མམ། ཞིང་པ་ཐན་ཆེན་བྱུང་བ་ལས་ཆར་པ་བབ་བ་ཙམ་མམ་མགྲོན་པོ་ལམ་རིང་པོར་མགྲོན་དུ་སོང་པ་ཕྱིར་འཁོར་བ་ཙམ་དུ་ཐོས་ནས་ཤིན་ཏུ་དགའ་བ་ཆེན་པོ་སྐྱེས་སོ། །རིགས་ཀྱི་བུ། ང་དེའི་ཚིགས་སུ་བཅད་པ་ཕྱེད་པོ་དེ་ཐོས་ནས་ཤིན་ཏུ་དགའ་བའང་དེ་དང་འདྲ་སྟེ། འདུག་པ་ལས་ལངས་ནས་ལག་པས་སྐྲ་བཏེག་སྟེ། ཕྱོགས་བཞིར་བལྟས་ནས་འདི་སྐད་ཅེས་སྨྲས་སོ། །ད་ཅི་ཚིགས་སུ་བཅད་པ་སྨྲ་བ་འདི་སུ་ཡིན་ཞེས་བལྟས་ན། གཞན་ནི་མི་སྣང་གི་།སྲིན་པོ་འབའ་ཞིག་མཐོང་ནས་ཡང་འདི་སྐད་ཅེས་སྨྲས་སོ། །འདི་ལྟར་རྣམ་པར་གྲོལ་བའི་སྒོ་འབྱེད་པ་འདི་སུ་ཡིན། སངས་རྒྱས་ཀྱི་གསུང་དབྱངས་ཀྱི་འབྲུག་སྒྲ་སྒྲོགས་པ་འདི་སུ་ཡིན། འཁོར་བའི་གཉིད་ཀྱིས་ཤིན་ཏུ་ལོག་པ་འདི་ལས་སད་པར་བྱེད་པ་འདི་སུ་ཡིན་ཞེས་སྨྲས་སོ། །ཡང་འདི་སྐད་དུ་འཁོར་བ་ན་ཤིན་ཏུ་མུ་གེས་གདུངས་པའི་སེམས་ཅན་རྣམས་ལ་བླ་ན་མེད་པའི་བྱང་ཆུབ་ཀྱི་རོ་སྟོན་པ་འདི་སུ་ཡིན། སེམས་ཅན་ཚད་མེད་པ་འཁོར་བའི་རྒྱ་མཚོར་བྱིང་བ་ལས་གྲུ་ཆེན་པོས་འདྲེན་པ་འདི་སུ་ཡིན། སེམས་ཅན་མང་པོ་ཉོན་མོངས་པའི་ནད་ཀྱིས་ཤིན་ཏུ་གཟིར་བ་ལས་ནད་གསོ་བའི་སྨན་པར་གྱུར་བ་འདི་སུ་ཡིན། ཚིགས་སུ་བཅད་པ་ཕྱེད་པོ་འདི་སྨྲས་
Ka348b
པས་བདག་གི་སེམས་བསྐུལ་ཏེ། ཇི་ལྟར་ཟླ་བ་ཕྱེད་པོས་པདྨོ་བགས་ཀྱིས་ཕྱེ་བ་ལྟར་གྱུར་ཏོ། །ཞེས་སྨྲས་སོ། །རིགས་ཀྱི་བུ། ང་དེའི་ཚེ་དེའི་དུས་ན་གཞན་ཅིའང་མ་མཐོང་གི་།སྲིན་པོ་འབའ་ཞིག་མཐོང་བས་ཡང་འདི་སྙམ་དུ་ཚིགས་སུ་བཅད་པ་ཕྱེད་པོ་འདི་སྲིན་པོས་མ་སྨྲས་སྙམ་སེམས་པར་གྱུར་ཏེ། །ཡང་འདི་སྙམ་དུ་སེམས་ཏེ། འདིས་སྨྲས་པ་ནི་མ་ཡིན་པ་སྙམ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱད་གཟུགས་ཤིན་ཏུ་མི་སྡུག་ལ་འཇིགས་སུ་རུང་བ་ནི་འདི་ལྟ་བུར་མི་འགྱུར་བའི་ཕྱིར་རོ། །གང་གིས་ཚིགས་སུ་བཅད་པ་འདི་ཐོས་ནས་འཇིགས་སུ་རུང་བའི་མི་སྡུག་པ་ཐམས་ཅད་དང་བྲལ་བའི་རིགས་ཏེ། ཅིའི་ཕྱིར་ན་འདི་ལྟ་བུ་བྱད་གཟུགས་ཅན་གྱིས་འདི་སྐད་དུ་ཚིགས་སུ་བཅད་པས་སྨྲས་པར་གྱུར་ཏེ། དེ་ནི་མེའི་ནང་ནས་པདྨོ་སྐྱེ་མི་སྲིད་ལ། ཉི་མས་གདུངས་པའི་འོད་ལས་ཆུ་གྲང་མོ་འབྱུང་མི་སྲིད་སྙམ་སེམས་པར་གྱུར་ཏེ། རིགས་ཀྱི་བུ། ངའང་དེའི་ཚེ་ན་འདི་སྙམ་དུ་བདག་ནི་ཤིན་ཏུ་ཤེས་པ་མེད་པ་སྟེ། གལ་ཏེ་ན་སྲིན་པོ་འདི་སྔོན་འདས་པའི་སངས་རྒྱས་དང་ཕྲད་དེ། སངས་རྒྱས་ལ་ཚིགས་སུ་བཅད་པ་ཕྱེད་པོ་འདི་ཐོས་སམ། སུས་ཤེས། ཚིགས་སུ་བཅད་པ་ཕྱེད་པོའི་དོན་འདི་དྲི་བར་བྱའོ་སྙམ་དུ་བསམས་ནས། སྲིན་པོ་དེ་ལ་བསྙེན་ཏེ་འདི་སྐད་ཅེས་སྨྲས་སོ། །ལེགས་སོ། །སྐྱེས་བུ་ཆེན་པོ་ཁྱོད་སྔོན་འདས་པའི་འཇིགས་པ་དང་བྲལ་བས་གསུངས་པའི་ཚིགས་སུ་བཅད་པ་ཕྱེད་པོ་འདི་སུ་ལས་ཐོས། སྐྱེས་
Ka349a
༄#། །བུ་ཆེན་པོ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཕྱེད་པོ་འདི་ག་ལས་རྙེད། སྐྱེས་བུ་ཆེན་པོ། ཚིགས་སུ་བཅད་པ་ཕྱེད་པོ་འདིའི་དོན་འདི་ནི་འདས་པ་དང ། མ་འོངས་པ་དང ། ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ཡང་དག་པའི་ལམ་ཡིན་ཏེ། འཇིག་རྟེན་ན་གནས་པའི་སེམས་ཅན་ཚད་མེད་པ་ནི་རྟག་ཏུ་ལྟ་བའི་དྲ་བས་ཀུན་ཏུ་གླགས་པས་ན། ནམ་དུའང་མུ་སྟེགས་ཅན་གྱི་ཆོས་ལས་འཇིག་རྟེན་ལས་འདས་པ་སྟོབས་བཅུ་དང་ལྡན་པ་ཤིན་ཏུ་དཔའ་བས་གསུངས་པའི་སྟོང་པ་ཉིད་ཀྱི་དོན་འདི་མི་ཐོས་སོ། །རིགས་ཀྱི་བུ། ངས་དེ་ལ་དེ་སྐད་ཅེས་དྲིས་པ་དང ། ཕྱིར་ང་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་ཆེན་པོ་ཁྱོད་ང་ལ་འདི་སྐད་ཅེས་མ་འདྲི་ཞིག་།དེ་ཅིའི་ཕྱིར་ཞེ་ན། ཁོ་བོ་ཟས་མ་རྙེད་ནས་ཞག་མང་དུ་ལོན་ཏེ་གནས་ཀུན་ཏུ་བཙལ་ཀྱང་མ་རྙེད་པས། བཀྲེས་པ་དང་སྐོམ་པས་ཡོངས་སུ་གདུངས་ཏེ་སྔར་སྨྲས་པའང་མྱོས་བཞིན་དུ་སྨྲས་པར་ཟད་ཀྱི། དྲན་བཞིན་ནམ་ཤེས་བཞིན་དུ་སྨྲས་པ་མ་ཡིན་ཏེ། གལ་ཏེ་བདག་གི་མཐུ་སྟོབས་ཀྱིས་ནམ་མཁའ་ལ་འཕུར་ཏེ་བྱང་གི་སྒྲ་མི་སྙན་དུ་ཕྱིན་ནས་ལྷའི་གནས་ཀྱི་བར་དུ་ཕྱིན་ནས་ཀྱང་བདག་གི་ཟས་མ་རྙེད་པས་དེ་སྐད་ཅེས་སྨྲས་པ་ཡིན་ནོ། །རིགས་ཀྱི་བུ། ངས་དུས་དེའི་ཚེ་ན་སྲིན་པོ་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་ཆེན་པོ། གལ་ཏེ་ཁྱོད་ཀྱིས་
Ka349b
ང་ལ་ཚིགས་སུ་བཅད་པ་འདི་རྫོགས་པར་སྨྲས་ན། བདག་ཆེད་དུ་ཁྱོད་ཀྱི་སློབ་མར་དམ་འཆའོ། །སྐྱེས་བུ་ཆེན་པོ་ཁྱོད་ཀྱིས་སྨྲས་པ་འདི་ནི་ཚིག་ཀྱང་མ་རྫོགས། དོན་ཡང་མ་རྫོགས་ན་ཁྱོད་ཅིའི་ཕྱིར་རྫོགས་པར་མི་སྨྲ། ཟང་ཟིང་གི་སྦྱིན་པ་ནི་རྫོགས་པའི་མཐའ་ཡོད་ཀྱི། ཆོས་ཀྱི་སྦྱིན་པ་ནི་རྫོགས་པའི་མཐའ་མེད་དོ། །རྫོགས་པའི་མཐའ་མེད་མོད་ཀྱི། ཕན་པ་དང་བདེ་བའི་དོན་དུ་ཆེའོ། །བདག་གིས་ཚིགས་སུ་བཅད་པ་ཕྱེད་པོ་འདི་ཐོས་ནས་ངོ་མཚར་དུ་ཐེ་ཚོམ་དུ་གྱུར་གྱི། ཚིགས་སུ་བཅད་པ་འདི་རྫོགས་པར་སྨྲས་ཏེ། བདག་གི་ཐེ་ཚོམ་བཅད་ན་ཚེ་གཅིག་ཏུ་ཁྱོད་ཀྱི་སློབ་མ་བྱའོ་ཞེས་སྨྲས་སོ། །སྲིན་པོས་སྨྲས་པ། ཁྱོད་ཀྱི་ཤེས་པ་ནི་ལྷག་ཆེས་པས་ཁྱོད་བདག་གི་དོན་ནི་ཆེར་འཛིན་གྱི། ཁོ་བོའི་བསམ་པ་ནི་མི་སེམས་པ་ལྟ། ཁོ་བོ་ནི་ཤིན་ཏུ་བཀྲེས་པས་གདུངས་ནས་སྨྲ་མི་ཕོད་དོ། །ངས་ཡང་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཟས་སུ་ཅི་ཞིག་ཟ་ཞེས་དྲིས་ན། སྲིན་པོ་དེས་སྨྲས་པ། ཁྱོད་ང་ལ་མ་འདྲི་ཞིག་།ཅི་སྟེ་ངས་སྨྲས་ན་མི་མང་པོ་དག་ཤིན་ཏུ་སྐྲག་པར་འགྱུར་རོ། །ངས་ཡང་དེ་ལ་འདི་སྐད་ཅེས་དྲིས་སོ། །ཡུལ་སྟོང་པ་འདིར་མི་སུའང་མེད་ལ་ང་ནི་ཁྱོད་ལ་མི་འཇིགས་ན། ཅིའི་ཕྱིར་མི་སྨྲ། སྲིན་པོ་དེས་ཡང་སྨྲས་པ། ཁོ་བོ་ཟས་སུ་མི་ཤ་རྗེན་པ་དང ། ཁྲག་དྲོན་པོ་འཐུང་སྟེ། ཁོ་བོ་ནི་བསོད་ནམས་ཆུང་བས་ཟས་སུ་འདི་ལྟ་བུ་ཟའང་གནས་ཐམས་ཅད་དུ་མ་རྙེད་དོ། །འཇིག་རྟེན་
Ka350a
༄#། །ན་མི་དག་ཤིན་ཏུ་མང་མོད་ཀྱི། ཐམས་ཅད་བསོད་ནམས་དང་ལྡན་པ་ཤ་སྟག་ལ། ལྷས་ཀྱང་བསྲུངས་པས་ན་བདག་ནི་དེ་དག་གསོད་ཅིང་ཟ་བའི་མཐུ་མེད་དོ་ཞེས་སྨྲས་སོ། །རིགས་ཀྱི་བུ། ངས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཚིགས་སུ་བཅད་པ་འདི་དོན་དང་བཅས་རྫོགས་པར་སྨྲོས་ཤིག་དང ། ངའི་ལུས་འདི་ཁྱོད་ལ་ཡོངས་སུ་གཏང་བར་བྱའོ། །སྐྱེས་བུ་ཆེན་པོ། ཅི་སྟེ་ཁོ་བོའི་ལུས་འདི་ཤིན་ཏུའང་ཅིར་ཡང་དགོས་པ་མེད་ཀྱི། སྟག་དང ། སྤྱང་ཀི་དང ། འཕར་བ་དང ། བྱ་རྒོད་དང ། བྱན་ལག་དང ། ཁཝ་ལ་སོགས་པ་ཟས་པར་འགྱུར་ཏེ། སྤུ་ཉག་མ་གཅིག་ཙམ་གྱི་བསོད་ནམས་ཀྱང་སྐྱེ་བར་མི་འགྱུར་གྱི། བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཚོལ་བའི་ཕྱིར་སྙིང་པོ་མེད་པའི་ལུས་འདིས་སྙིང་པོ་དང་བཅས་པའི་ལུས་སུ་གྱུར་ཅིག་ཅེས་སྨྲས་སོ། །སྲིན་པོ་དེས་ཡང་འདི་སྐད་ཅེས་སྨྲས་སོ། །ཁྱོད་འདི་སྐད་དུ་སྨྲ་བ་འདི་ཡི་གེ་འབྲུ་བརྒྱད་པོའི་ཕྱིར་ལུས་ཡོངས་སུ་གཏང་ངོ ། །ཞེས་སྨྲ་བ་འདི་སུ་དག་གིས་ཡིད་ཆེས་པར་འགྱུར། རིགས་ཀྱི་བུ། ངས་དེའི་ཚེ་ན་དེ་ལའང་འདི་སྐད་ཅེས་སྨྲས་སོ། །ཁྱོད་ནི་ཡང་དག་པར་ཤེས་པ་མེད་པ་སྟེ། དཔེར་ན། མི་ཞིག་ཁམ་ཕོར་ཐོགས་ཏེ། རིན་པོ་ཆེ་སྣ་བདུན་གྱི་སྣོད་དང་བརྗེས་པ་དང་འདྲ་བར་བདག་ཀྱང་སྙིང་པོ་མེད་
Ka350b
པའི་ལུས་འདིས་རྡོ་རྗེ་ལྟ་བུའི་ལུས་ཐོབ་པར་འགྱུར་ན། འདི་སྐད་ཅེས་སྨྲས་པ་འདི་ལ་སུས་ཡིད་ཆེས་པར་འགྱུར་ཞེས་བྱ་བ་ནི། ཁོ་བོའི་དབང་དུ་ཚངས་པ་ཆེན་པོའི་རྒྱལ་པོ་དང ། བརྒྱ་བྱིན་ལྷའི་དབང་ཕྱུག་དང ། རྒྱལ་ཆེན་བཞིའི་རྒྱལ་པོ་ལ་སོགས་པ་དཔང་དུ་ཡོད་དོ། །དེ་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་འཕྲུལ་གྱི་མིག་ཅན། སེམས་ཅན་ཚད་མེད་པ་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་ཐེག་པ་ཆེན་པོ་ལ་ནན་ཏན་བྱེད་ཅིང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའང་དཔང་དུ་འགྱུར་རོ། །དེ་མ་ཡིན་པ་གཞན་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ད་ལྟར་སེམས་ཅན་གྱི་དོན་དུ་འཚོ་ཞིང་སྐྱོང་བ་རྣམས་ཀྱང་བདག་གི་དཔང་དུ་འགྱུར་ཏེ། བདག་ནི་ཡེ་གེ་འབྲུ་བརྒྱད་པོའི་ཕྱིར་ལུས་འདི་ཡོངས་སུ་གཏོང་ངོ ། །སྲིན་པོས་ཡང་སྨྲས་པ། ཅི་སྟེ་ཁྱོད་དེ་ལྟར་ལུས་ཡང་དག་པར་གཏོང་ཕོད་ན་ཤིན་ཏུ་ལེགས་པར་ཉོན་ཅིག་།ཚིགས་སུ་བཅད་པ་འདིའང་བསྟན་པར་བྱའོ། །རིགས་ཀྱི་བུ། ངས་དེའི་ཚེ་དེ་སྐད་ཅེས་ཐོས་ནས་སེམས་རབ་ཏུ་དགའ་བ་སྐྱེས་ཏེ། ལུས་ལ་གྱོན་པའི་ཤ་པགས་ཀྱི་གོས་ཕུད་ནས་སྲིན་པོའི་སྟན་དུ་བཏིང་སྟེ། སློབ་དཔོན། གདན་ལ་བཞུགས་སུ་གསོལ་ཞེས་སྨྲས་ནས། ཐལ་མོ་སྦྱར་ཏེ་པུས་མོ་ས་ལ་བཙུགས་ནས་འདི་སྐད་ཅེས་སྨྲས་སོ། །སློབ་དཔོན། བདག་ལ་ཚིགས་སུ་བཅད་པ་
Ka351a
༄#། །ཕྱེད་པོ་འདི་བསྟན་དུ་གསོལ་ཞེས་སྨྲས་ནས། དེ་ནས་སྲིན་པོས་ཚིགས་སུ་བཅད་པ་ཕྱེད་སྨྲས་སོ། །སྐྱེས་ནས་འགོག་པར་འགྱུར་བས་ན། །དེ་དག་ཉེ་བར་ཞི་བ་བདེ། །དེའི་ཚེ་སྲིན་པོ་དེས་ཚིགས་སུ་བཅད་པ་དེ་སྨྲས་ནས་ཡང་འདི་སྐད་ཅེས་ཟེར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱོད་ཚིགས་སུ་བཅད་པའི་དོན་རྫོགས་པ་ཐོས་ན། ད་ཁྱོད་ཀྱི་སྨོན་ལམ་ཡོངས་སུ་རྫོགས་མོད་ཀྱི། ཅི་སྟེ་ཁྱོད་ངེས་པར་སེམས་ཅན་ལ་ཕན་པ་དང་བདེ་བའི་དོན་སྤྱོད་པ་ལ་ཡང་དག་པ་ཡིན་ཞེ་ན། ད་ང་ལ་ལུས་སྦྱིན་པའི་དུས་ལ་བབ་བོ་ཞེས་སྨྲས་སོ། །རིགས་ཀྱི་བུ། ང་དེའི་ཚེ་དེའི་དུས་ན་དོན་འདི་ཤིན་ཏུ་ཡིད་ལ་བྱས་ནས། དེའི་འོག་ཏུ་བྲག་དང ། རྩིག་ངོས་དང ། ཤིང་དང ། ལམ་ག་ཀུན་ཏུ་ཚིགས་སུ་བཅད་པ་འདི་བྲིས་ནས། ལུས་ཀྱི་ཤ་མི་སྣང་བར་བྱ་བའི་ཕྱིར་ལུས་ལ་གྱོན་པའི་གོས་བསྡམས་ནས་ཤིང་ཁར་འཛེགས་སོ། །དེའི་ཚེ་ཤིང་དེའི་ལྷས་ང་ལ་འདི་སྐད་ཅེས་དྲིས་སོ། །ལེགས་སོ། །ལེགས་སོ། །སྐྱེས་བུ་ཆེན་པོ་ཁྱོད་ད་ལྟར་ཅི་ཞིག་བྱེད་སྙམ་དུ་སེམས། རིགས་ཀྱི་བུ། ངས་དེའི་ཚེ་ན་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁོ་བོ་ནི་ལུས་འདི་ཡོངས་སུ་བཏང་སྟེ། ཚིགས་སུ་བཅད་པ་ཐོས་པའི་དྲིན་པས་བསྙམ་སེམས་སོ། །ཤིང་གི་ལྷ་དེས་སྨྲས་པ། ཚིགས་སུ་བཅད་པ་དེ་ཐོས་ན། ཕན་པའི་དོན་ཅི་ཞིག་ཡོད་ཅེས་སྨྲས་
Ka351b
སོ། །བྱང་ཆུབ་སེམས་དཔའ་དེས་སྨྲས་པ། ཚིགས་སུ་བཅད་པ་འདི་ནི་འདས་པ་དང ། མ་འོངས་པ་དང ། ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྟོང་པ་ཉིད་འབྱེད་པའི་ཆོས་ཡིན་ཏེ། ང་ནི་ཆོས་འདིའི་ཕྱིར་ལུས་ཡོངས་སུ་གཏོང་ངོ ། །རྙེད་པ་དང ། གྲགས་པ་དང ། ལོངས་སྤྱོད་དང ། རིན་པོ་ཆེ་དང ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང ། རྒྱལ་ཆེན་རིས་བཞིའི་རྒྱལ་པོ་དང ། བརྒྱ་བྱིན་ལྷའི་དབང་ཕྱུག་དང ། ཚངས་པ་ཆེན་པོའི་རྒྱལ་པོ་དང ། ལྷ་དང་མིའི་བདེ་བ་འདོད་པའི་ཕྱིར་མ་ཡིན་གྱི། སེམས་ཅན་ཐམས་ཅད་ལ་ཕན་པ་དང ། བདེ་བའི་དོན་གྱི་ཕྱིར་ལུས་འདི་ཡོངས་སུ་གཏོང་ངོ ། །རིགས་ཀྱི་བུ། ངའི་ལུས་འདི་ཡོངས་སུ་གཏོང་བའི་ཚེའང་འདི་སྐད་ཅེས་སྨྲས་སོ། །ཇི་ཙམ་དུ་སེར་སྣ་ལ་གནས་པའི་སེམས་ཅན་དག་བདག་གིས་ལུས་ཡོངས་སུ་བཏང་བ་འདི་མཐོང་ན་སྦྱིན་པ་ལ་གནས་པར་འགྱུར་བ་དང ། གང་སྦྱིན་པ་ལ་ཞེན་པ་ང་རྒྱལ་གྱིས་མངོན་པར་ཟིན་པ་དག་ཀྱང་བདག་གིས་འདི་ལྟར་ལུས་ཡོངས་སུ་བཏང་བ་འདི་མཐོང་བར་ཤོག་ཅེས་སྨོན་ལམ་བཏབ་ནས། ལུས་འདི་མཆིལ་མའམ། ས་རྡོ་ལྟར་ཡོངས་སུ་བཏང་ངོ ། །བྱང་ཆུབ་སེམས་དཔས་དེའི་ཚེ་ན་དེ་སྐད་ཅེས་སྨྲས་མ་ཐག་ཏུ་ཤིང་ཁ་ནས་མཆོངས་སོ། །དེའི་ཚེ་དེའི་དུས་ན་སྟེང་གི་བར་སྣང་ལས་སྒྲ་སྐད་རྣམ་པ་སྣ་ཚོགས་བྱུང་ནས་སྲིད་པའི་རྩེ་མོ་ལ་ཐུག་གི་བར་དུ་གྲགས་པར་གྱུར་ཏོ། །
Ka352a
༄#། །དེའི་ཚེ་དེའི་དུས་ན་སྲིན་པོ་དེའི་ཕྱིར་བརྒྱ་བྱིན་གྱི་ལུས་སུ་བསྒྱུར་ནས། བྱང་ཆུབ་སེམས་དཔའ་ས་ལ་མ་ལྷུང་བར་བླངས་ཏེ་བདེ་བར་བཞག་གོ་།དེའི་ཚེ་བརྒྱ་བྱིན་ལྷའི་དབང་ཕྱུག་དང ། ལྷའི་སྲས་པོ་དང ། ཚངས་པ་ཆེན་པོའི་རྒྱལ་པོར་བཅས་ཏེ། བྱང་ཆུབ་སེམས་དཔའི་རྐང་པ་ལ་སྤྱི་བོས་ཕྱག་བཙལ་ནས་འདི་སྐད་ཅེས་སྨྲས་སོ། ། ལེགས་སོ། །ལེགས་སོ། །བྱང་ཆུབ་སེམས་དཔའ་ཡང་དག་པ་སྟེ། སེམས་ཅན་ཚད་མེད་པ་ལ་ཕན་པ་དང་བདེ་བའི་དོན་དུ་འགྱུར་བ། མ་རིག་པའི་མུན་པ་ཆེན་པོར་ཆོས་ཆེན་པོའི་སྒྲོན་མ་སྣང་བར་བྱེད་པ། བདག་ནི་དེ་བཞིན་གཤེགས་པའི་ཆོས་ཆེན་པོ་བསྲུང་ཞིང་བསྐྱབ་པའི་ཕྱིར་ཁྱོད་ཀྱི་སེམས་འཁྲུགས་ཤིང་གནོད་པ་བྱས་པ་དག་འགྱོད་ཅིང་མཐོལ་ལོ། །ཁྱོད་ནི་མ་འོངས་པའི་དུས་སུ་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་ན། བདག་ཅག་ཀྱང་བསྒྲལ་བར་སྨོན་ཏོ། །དེའི་ཚེ་བརྒྱ་བྱིན་ལྷའི་དབང་ཕྱུག་དང ། ལྷའི་སྲས་པོ་རྣམས་བྱང་ཆུབ་སེམས་དཔའ་ལ་ཕྱག་བཙལ་ནས་མི་སྣང་བར་གྱུར་ཏོ། །རིགས་ཀྱི་བུ། ང་སྔོན་ཚིགས་སུ་བཅད་པ་ཕྱེད་ཀྱི་ཕྱིར་ཡང་ལུས་ཡོངས་སུ་བཏང་སྟེ། དེའི་རྒྱུ་དེའི་རྐྱེན་གྱིས་བསྐལ་པ་བཅུ་གཉིས་ཀྱིས་བྱམས་པ་པས་སྔོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་
Ka352b
པར་སངས་རྒྱས་སོ། །རིགས་ཀྱི་བུ། ངས་དེ་ལྟར་ཚད་མེད་པའི་ཡོན་ཏན་ཐོབ་པའང་དེ་བཞིན་གཤེགས་པའི་ཡང་དག་པའི་ཆོས་ལ་མཆོད་པའི་དབང་གིས་སོ། །རིགས་ཀྱི་བུ་ཁྱོད་ཀྱང་དེ་དང་འདྲ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས་བྱང་ཆུབ་སེམས་དཔའ་ཚད་མེད་མཐའ་ཡས་པ་གངྒཱའི་བྱེ་མ་སྙེད་པས་ཤིན་ཏུ་འཕགས་ཏེ་ཕུལ་དུ་གྱུར་ཏོ། །རིགས་ཀྱི་བུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ལ་གནས་པ་ན་འཕགས་པའི་སྤྱད་པ་སྤྱོད་པ་ཞེས་བྱའོ། །འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། འཕགས་པའི་སྤྱོད་པ་ཞེས་བྱ་བའི་ལེའུ་སྟེ་དྲུག་པའོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་པ། རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚངས་པར་སྤྱོད་པ་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ལ་གནས་པ་དག་ཆོས་རྣམ་པ་འདི་བདུན་གྱིས་ན་ཚངས་པར་སྤྱོད་པ་དང་ལྡན་པར་འགྱུར་རོ། ། བདུན་གང་ཞེ་ན། འདི་ལྟ་སྟེ། ཆོས་ཤེས་པ་དང ། དོན་ཤེས་པ་དང ། དུས་ཤེས་པ་དང ། ཆོག་ཤེས་པ་དང ། བདག་ཤེས་པ་དང ། འཁོར་ཤེས་པ་དང ། བླ་མ་དང་འོག་མ་
Ka353a
༄#། །ཤེས་པའོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཤེས་པ་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་སེམས་སེམས་དཔའ་སེམས་དཔའ་ཆེན་པོས་མདོ་སྡེ་བཅུ་གཉིས་ཤེས་པ་ཡིན་ཏེ། མདོའི་སྡེ་དང ། དབྱངས་ཀྱིས་བསྙད་པ་དང ། ལུང་དུ་བསྟན་པ་དང ། ཚིགས་སུ་བཅད་པ་དང ། ཆེད་དུ་བརྗོད་པ་དང ། གླེང་གཞི་དང ། རྟོགས་པ་བརྗོད་པ་དང ། དེ་ལྟ་བུ་བྱུང་བ་དང ། སྐྱེས་པའི་རབས་དང ། ཤིན་ཏུ་རྒྱས་པ་དང ། རྨད་དུ་བྱུང་བའི་ཆོས་དང ། གཏན་ལ་དབབ་པར་བསྟན་པ་ཤེས་པའོ། །རིགས་ཀྱི་བུ། མདོའི་སྡེ་ཞེས་བྱ་བ་ནི། འདི་སྐད་བདག་གིས་ཐོས་པ་ཞེས་སྨོས་པ་ནས། དགའ་ནས་རྗེས་སུ་ཡི་རང་ངོ་ཞེས་བྱ་བའི་བར་དུ་ནི་མདོའི་སྡེ་ཞེས་བྱའོ། །དབྱངས་ཀྱིས་བསྙད་པ་ཞེས་བྱ་བ་ནི། གང་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། བདག་ཅག་ཀྱང་ཤིན་ཏུ་གླེན་ཏེ། ཤེས་པ་མེད་པས་འཕགས་པའི་བདེན་པ་བཞི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ཏེ། དེ་བས་ན་འཁོར་བར་ཡོངས་སུ་འཁོར་ཞིང་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་ནུབ་པར་གྱུར་ཏོ། །བདེན་པ་བཞི་ཡང་གང་ཞེ་ན། སྡུག་བསྔལ་བ་དང ། ཀུན་འབྱུང་བ་དང ། འགོག་པ་དང ། ལམ་མོ། །སྔོན་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་མདོའི་སྡེ་གསུངས་ནས་དེའི་ཚེ་ན་
Ka353b
སྐྱེས་བུ་དབང་པོ་རྣོན་པོ་དག་དེའི་འོག་ཏུ་ཆོས་མཉན་པའི་ཕྱིར། སངས་རྒྱས་ཀྱི་སྤྱན་སྔར་ལྷགས་ཏེ། གཞན་དག་ལ་འདི་སྐད་དུ་བཅོམ་ལྡན་འདས་ཀྱིས་སྔར་ཅི་ཞིག་མཛད་ཅེས་དྲིས་པ་དང ། བཅོམ་ལྡན་འདས་མཁྱེན་བཞིན་དུ་མདོའི་སྡེ་སྔར་གསུངས་པ་ལས། ཡང་ཚིགས་སུ་བཅད་དེ་འདི་སྐད་དུ་གསུངས་པ་ཡིན་ནོ། །ང་སྔོན་ཁྱེད་དང་འདྲ་བར་ནི། །བདེན་པ་བཞི་པོ་མ་མཐོང་སྟེ། །དེ་བས་འཁོར་བར་ཡོངས་སུ་འཁོར། །སྡུག་བསྔལ་ཆེན་པོའི་རྒྱ་མཚོར་ལྟུང ། །གང་གིས་བདེན་པ་བཞི་རྟོགས་ན། །འཁོར་བ་ཡོངས་སུ་གཅོད་པར་འགྱུར། །སྐྱེ་བའི་སྲིད་པ་ཀུན་ཟད་ན། སྲིད་པ་ཐམས་ཅད་ལེན་མི་སྲིད། །ཅེས་བྱ་བ་དག་ནི་དབྱངས་ཀྱིས་བསྙད་པའི་སྡེ་ཞེས་བྱའོ། །ལུང་དུ་བསྟན་པའི་སྡེ་ཞེས་བྱ་བ་ནི། མདོ་སྡེའམ། འདུལ་བ་ལས་དེ་བཞིན་གཤེགས་པས་དུས་ཁ་ཅིག་ཏུ་ལྷ་དང་མི་རྣམས་ལ་སངས་རྒྱས་སུ་ལུང་སྟོན་པ་སྟེ། མ་ཕམ་པ་ཁྱོད་མ་འོངས་པའི་དུས་སུ་རྒྱལ་པོ་དུང་ཞེས་བྱ་བ་འབྱུང་སྟེ། དེའི་ཚེ་དེའི་དུས་ན་མངོན་པར་འཚང་རྒྱ་སྟེ། མཚན་ཡང་བྱམས་པ་ཞེས་བྱ་བར་འགྱུར་རོ་ཞེས་སྨོས་པ་དག་ནི་ལུང་དུ་བསྟན་པའི་སྡེ་ཞེས་བྱའོ། །ཚིགས་སུ་བཅད་པའི་སྡེ་ཞེས་བྱ་བ་ནི། མདོ་སྡེ་དང ། འདུལ་བ་གང་ལས་ལྷགས་པའི་ཚིགས་སུ་བཅད་པ་ཚིག་བཞི་པོ་འདི་དག་སྨོས་པ་སྟེ། སྡིག་པ་ཐམས་ཅད་ཡོངས་སུ་སྤང ། །དགེ་འོ་ཅོག་ནི་རྫོགས་པར་བྱ། །བདག་གི་སེམས་ཀྱང་ཤིན་
Ka354a
༄#། །ཏུ་གདུལ། །དེ་ནི་སངས་རྒྱས་བསྟན་པའོ། །ཞེས་སྨྲས་པ་དེ་དག་ནི་ཚིགས་སུ་བཅད་པའི་སྡེ་ཞེས་བྱའོ། །ཆེད་དུ་བརྗོད་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཕྱི་དྲོའི་དུས་སུ་ཏིང་ངེ་འཛིན་དུ་ཞུགས་ནས་ལྷ་རྣམས་ལ་རྒྱ་ཆེར་ཆོས་སྟོན་ཏེ། དེའི་ཚེ་དགེ་སློང་དག་སོ་སོ་ནས་འདི་སྙམ་དུ་དེ་བཞིན་གཤེགས་པ་ད་ལྟར་ཅི་ཞིག་མཛད་སྙམ་བསམས་ནས། དེའི་ནང་པར་དེ་བཞིན་གཤེགས་པ་ཏིང་ངེ་འཛིན་ལས་བཞེངས་ཏེ། སུས་ཀྱང་མ་ཞུས་པར་གཞན་གྱི་བསམ་པ་མཁྱེན་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ། དགེ་སློང་དག་།འདི་ལྟར་ཤེས་པར་བྱའོ། །ལྷར་སྐྱེས་པ་ཐམས་ཅད་ནི་ཤིན་ཏུའང་ཚེ་རིང་ངོ ། །དགེ་སློང་ཁྱེད་ཕ་རོལ་པོ་གཞན་གྱི་ཕྱིར་རྙེད་པ་མི་ཚོལ་བ་ལེགས་སོ། །འདོད་པ་ཉུང་བ་ལེགས་སོ། །ཆོག་ཤེས་པའང་ལེགས་སོ། །དུར་ཁྲོད་ན་གནས་པའང་ལེགས་སོ་ཞེས་སུས་ཀྱང་མ་ཞུས་པར་ཆེད་དུ་གསུངས་པ་དེ་དག་ནི་ཆེད་དུ་བརྗོད་པའི་སྡེ་ཞེས་བྱའོ། །གླང་གཞི་ཞེས་བྱ་བ་ནི། མདོ་སྡེ་ལས་ཚིགས་སུ་བཅད་པ་འབྱུང་བ་གླེང་གཞི་ནས་འབྱེད་ཅིང་བསྟན་པ་སྟེ། དེའང་ཡུལ་མཉན་དུ་ཡོད་པ་ན་སྐྱེས་བུ་གཅིག་གི་བྱ་རྒྱས་བྱ་བཟུང་ནས་ཚེལ་པོར་བཅུག་སྟེ། ཆུ་དང་འབྲས་བསྙོད་ནས་ཕྱིར་བཏང་ངོ ། །བཅོམ་ལྡན་འདས་ཀྱིས་དེའི་སྔོན་གྱི་རྒྱུ་དང་རྐྱེན་མཁྱེན་པས་དེ་ལས་
Ka354b
གླེངས་ཏེ་ཚིགས་སུ་བཅད་པ་འདི་གསུངས་སོ། །སྡིག་པ་ཕྲ་མོ་ཆུང་ངུ་ལ། །མི་གནོད་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་ཟགས་པ་ཡང ། །སྣོད་ཆེན་ཡོངས་སུ་གང་བར་འགྱུར། ། ཞེས་གསུངས་པ་དག་ནི་གླེང་གཞིའི་སྡེ་ཞེས་བྱའོ། །རྟོགས་པ་བརྗོད་པ་ཞེས་བྱ་བ་ནི། འདུལ་བ་ལས་དཔེ་བསྟན་པ་རྣམས་ཏེ། དེ་དག་ནི་རྟོགས་པ་བརྗོད་པའི་སྡེ་ཞེས་བྱའོ། །དེ་ལྟ་བུ་བྱུང་བ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་གསུངས་པ་ལས། དགེ་སློང་དག་།འདི་ལྟར་རིག་པར་བྱའོ། །ང་འཇིག་རྟེན་དུ་གཤེགས་ཏེ་གསུངས་པ་རྣམས་ནི་ཁམས་ཀྱི་མདོ་སྡེ་ཞེས་བྱ་བ་དང ། བཅོམ་ལྡན་འདས་བསོད་སྐྱབས་འཇིག་རྟེན་དུ་གཤེགས་ཏེ་གསུངས་པ་ནི་བདུད་རྩི་ལྔ་ཞེས་བྱ་བ་དང ། སངས་རྒྱས་རྣམ་པར་གཟིགས་འཇིག་རྟེན་དུ་གཤེགས་ཏེ་གསུངས་པ་ནི་ཆོས་ཀྱི་མེ་ལོང་ཞེས་བྱ་བ་དང ། བཅོམ་ལྡན་འདས་འོད་སྲུང་འཇིག་རྟེན་དུ་གཤེགས་ཏེ་གསུངས་པ་ནི་སྟོང་པ་རྣམ་པར་འབྱེད་པ་ཞེས་བྱ་བ་སྨོས་པ་དེ་དག་ནི་དེ་ལྟ་བུ་བྱུང་བའི་སྡེ་ཞེས་བྱའོ། །སྐྱེས་བའི་རབས་ཞེས་བྱ་བ་ནི། བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་དཀའ་བར་མཛད་པ་འདི་དག་ཡིན་ཏེ། དགེ་སློང་རྣམས་ཤེས་པར་གྱིས་ཤིག་།ངས་སྔོན་ཤ་བའི་ལུས་བྱས་པ་དང ། དྲེད་མོའི་ལུས་དང ། ཤ་བཀྲའི་ལུས་དང ། རི་བོང་གི་ལུས་དང ། རྒྱལ་པོའི་ལུས་དང ། འཁོར་ལོས་བསྒྱུར་བའི་
Ka355a
༄#། །རྒྱལ་པོའི་ལུས་དང ། ཀླུ་དང ། ནམ་མཁའ་ལྡིང་གི་ལུས་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པ་ན་མྱོང་བར་གྱུར་ཏོ། །ཞེས་སྨོས་པ་ནི་སྐྱེས་པའི་རབས་ཞེས་བྱའོ། །ཤིན་ཏུ་རྒྱས་པ་ཞེས་བྱ་བ་ནི། ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེའི་དོན་ཤིན་ཏུ་རྒྱ་ཆེ་བ་ལ་ཡངས་པ་ནི་ནམ་མཁའ་དང་འདྲ་ཞེས་གསུངས་པ་ནི་ཤིན་ཏུ་རྒྱས་པའི་མདོ་སྡེ་ཞེས་བྱའོ། །རྨད་དུ་བྱུང་བ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཐོག་མ་བཙས་མ་ཐག་ཏུ་སུས་ཀྱང་མ་བསྟན་པར་གོམ་པ་བདུན་སོང་བ་དང ། འོད་ཟེར་ཆེན་པོ་བསྐྱེ་བ་དང ། ཕྱོགས་བཅུར་བལྟས་པ་དང ། སྤྲེའུ་སྦྲང་རྩིའི་སྣོད་ཐོགས་ཏེ་དེ་བཞིན་གཤེགས་པ་ལ་ཕུལ་བ་དང ། ཁྱི་གོང་དཀར་སངས་རྒྱས་ལ་ཆོས་ཉན་པ་དང་བདུད་སྡིག་ཏོ་ཅན་བ་ལང་སྔོན་པོར་སྤྲུལ་ནས། གྱོ་མོའི་ལྷུང་བཟེད་མང་པོ་བཞག་པའི་ནང་དུ་སོང་སྟེ། གཅིག་ལ་གཅིག་རེག་ཅིང་འཁྲོལ་ཡང་མ་ཆག་པ་དང ། སངས་རྒྱས་ཐོག་མ་བཙས་ནས་ལྷའི་རྟེན་དུ་ཞུགས་པ་ན། ལྷ་རྣམས་ལངས་ཏེ་ཕྱག་འཚལ་བ་ལ་སོགས་པ་དེ་དག་ནི་རྨད་དུ་བྱུང་བའི་སྡེ་ཞེས་བྱའོ། །གཏན་ལ་དབབ་པར་བསྟན་པ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གསུངས་པ་ལས། ཇི་ཙམ་དུ་དོན་གཏན་ལ་ཕབ་པར་བྱེ་བྲག་ཕྱེ་སྟེ་མཚན་ཉིད་བསྟན་པ་ནི་གཏན་ལ་དབབ་པར་བསྟན་པའི་སྡེ་ཞེས་
Ka355b
བྱའོ། །བྱང་ཆུབ་སེམས་དཔའ་དེ་ལྟར་མདོ་སྡེ་བཅུ་གཉིས་རྟོགས་ཤིང་ཤེས་ན་ཆོས་ཤེས་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཤེས་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡི་གེ་དང་ཚིགས་སུ་སྨྲ་བ་ཐམས་ཅད་ཀྱི་དོན་རྒྱས་པར་ཤེས་པ་ནི་དོན་ཤེས་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དུས་ཤེས་པ་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དུས་གང་དུ་དུར་ཁྲོད་ནག་ནས་པ་དང ། གང་གི་དུས་སུ་བརྩོན་འགྲུས་ཤིན་ཏུ་རྩོམ་པ་དང ། གང་གི་དུས་སུ་བཏང་སྙོམས་དང་ཏིང་ངེ་འཛིན་སྒོམ་པ་དང ། གང་གི་དུས་སུ་སངས་རྒྱས་ལ་མཆོད་པ་བྱ་བ་དང ། གང་གི་དུས་སུ་སློབ་དཔོན་ལ་བསྙེན་བཀུར་བྱ་བ་དང ། གང་གི་དུས་སུ་སྦྱིན་པ་དང ། ཚུལ་ཁྲིམས་དང ། བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་ལ་ནན་ཏན་བྱ་བའི་དུས་ཤེས་པ་ནི་དུས་ཤེས་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོག་ཤེས་པ་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོག་ཤེས་པ་ནི། འདི་ལྟ་སྟེ། ཟས་དང ། སྐོམ་དང ། ཆོས་གོས་དང ། སྨན་དང ། འགྲོ་བ་དང ། སྡོད་པ་དང ། འདུག་པ་དང ། ཉལ་བ་དང ། གཉིད་ལས་སད་པ་དང ། ཅང་མི་སྨྲ་བ་དག་ནི་ཆོག་ཤེས་པ་ཞེས་བྱའོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཤེས་པ་ཞེ་ན། བྱང་
Ka356a
༄#། །ཆུབ་སེམས་དཔའ་དེ་བདག་ལ་བདག་འདི་ལྟར་ཤེས་ཏེ། བདག་ལ་དད་པ་ནི་འདི་ལྟ་བུ་ཞིག་ཡོད། ཚུལ་ཁྲིམས་ནི་འདི་ལྟ་བུ། མང་དུ་ཐོས་པ་ནི་འདི་ལྟ་བུ། བཏང་སྙོམས་པ་ནི་འདི་ལྟ་བུ། ཤེས་རབ་ནི་འདི་ལྟ་བུ། འོང་བ་དང་འགྲོ་བ་ནི་འདི་ལྟ་བུ། ཡང་དག་པར་དྲན་པ་ནི་འདི་ལྟ་བུ། དགེ་བ་སྤྱོད་པ་ནི་འདི་ལྟ་བུ། དྲིས་པ་ནི་འདི་ལྟ་བུ། ལན་བཏབ་པ་ནི་འདི་ལྟ་བུ་ཞེས་བྱ་བ་ཤེས་པ་ནི་བདག་ཤེས་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་ཤེས་པ་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་འདི་ལྟར་འདི་ནི་རྒྱལ་རིགས་ཀྱི་འཁོར། འདི་ནི་བྲམ་ཟེའི་རིགས་ཀྱི་འཁོར། འདི་ནི་ཁྱིམ་བདག་གི་འཁོར། འདི་ནི་དགེ་སྦྱོང་གི་འཁོར་ཏེ། འཁོར་དེ་དག་ཏུ་འདི་ལྟར་འགྲོ་བར་བྱ། འདི་ལྟར་འདུག་པར་བྱ། འདི་ལྟར་ཆོས་སྨྲ་བར་བྱ། འདྲི་ལྟར་དྲི་ཞིང་ལན་གླན་པར་བྱ་བ་ཤེས་པ་ནི་འཁོར་ཤེས་པ་ཞེས་བྱའོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་མ་དང་འོག་མ་ཤེས་པ་ཞེ་ན། རིགས་ཀྱི་བུ། དེ་ལའང་རྣམ་པ་གཉིས་ཏེ། དད་པ་དང ། མ་དད་པའོ། །བྱང་ཆུབ་སེམས་དཔའ་དད་པ་ནི་དགེ་བ་དང ། མ་དད་པ་ནི་མི་དགེ་བར་རིག་པར་བྱའོ། །དད་པ་ལའང་རྣམ་པ་གཉིས་ཏེ། དགེ་འདུན་
Ka356b
གྱི་གནས་སུ་གནས་པ་དང ། མི་གནས་པའོ། །དེའང་བྱང་ཆུབ་སེམས་དཔས་གང་དགེ་འདུན་གྱི་གནས་ཁང་ན་གནས་པ་ནི་དགེ་བའོ། །མི་གནས་པ་ནི་མི་དགེ་བའོ། །གནས་པ་ལའང་རྣམ་པ་གཉིས་ཏེ། ཕྱག་འཚལ་བ་དང ། ཕྱག་མི་འཚལ་བའོ། །དེའང་བྱང་ཆུབ་སེམས་དཔས་གང་ཕྱག་འཚལ་བ་ནི་དགེ་བ། ཕྱག་མི་འཚལ་བ་ནི་མི་དགེ་བར་རིག་པར་བྱའོ། །ཕྱག་འཚལ་བ་ལའང་རྣམ་པ་གཉིས་ཏེ། ཆོས་ཉན་པ་དང ། ཆོས་མི་ཉན་པའོ། །དེའང་བྱང་ཆུབ་སེམས་དཔས་གང་ཆོས་ཉན་པ་ནི་དགེ་བ། ཆོས་མི་ཉན་པ་ནི་མི་དགེ་བར་རིག་པར་བྱའོ། །ཆོས་ཉན་པ་ལའང་རྣམ་པ་གཉིས་ཏེ། སེམས་རྩེ་གཅིག་ཏུ་ཉན་པ་དང ། སེམས་རྩེ་གཅིག་ཏུ་མི་ཉན་པའོ། །དེའང་བྱང་ཆུབ་སེམས་དཔས་སེམས་རྩེ་གཅིག་ཏུ་ཉན་པ་ནི་དགེ་བ། སེམས་རྩེ་གཅིག་ཏུ་མི་ཉན་པ་ནི་མི་དགེ་བར་རིག་པར་བྱའོ། །སེམས་རྩེ་གཅིག་ཏུ་ཉན་པ་ལའང་རྣམ་པ་གཉིས་ཏེ། དོན་ཡིད་ལ་བྱེད་པ་དང ། དོན་ཡིད་ལ་མི་བྱེད་པའོ། །དེའང་བྱང་ཆུབ་སེམས་དཔས་གང་དོན་ཡིད་ལ་བྱེད་པ་ནི་དགེ་བ། དོན་ཡིད་ལ་མི་བྱེད་པ་ནི་མི་དགེ་བར་རིག་པར་བྱའོ། །དོན་ཡིད་ལ་བྱེད་པ་ལའང་རྣམ་པ་གཉིས་ཏེ། སྨྲས་པ་བཞིན་དུ་སྤྱོད་པ་དང ། སྨྲས་པ་བཞིན་དུ་མི་སྤྱོད་པའོ། །དེའང་སྨྲས་པ་བཞིན་དུ་སྤྱོད་པ་ནི་དགེ་བ། སྨྲས་པ་བཞིན་དུ་མི་སྤྱོད་པ་ནི་མི་དགེ་བར་རིག་པར་
Ka357a
༄#། །བྱའོ། །སྨྲས་པ་བཞིན་དུ་སྤྱོད་པ་ལའང་རྣམ་པ་གཉིས་ཏེ། ཉན་ཐོས་ཀྱི་ཐེག་པའི་སྒོ་ནས་ཚོལ་ཞིང་སྡུག་བསྔལ་བའི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ་མི་སྤྱོད་པ་དང ། བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ཏེ། འགྲོ་བ་མང་པོ་ལ་ཕན་པ་དང་བདེ་བའི་དོན་དུ་སྦྱོར་བ་ནི་བྱང་ཆུབ་སེམས་དཔའ་སྟེ། གང་འགྲོ་བ་མང་པོ་ལ་ཕན་པ་དང་བདེ་བའི་དོན་བྱེད་པ་ནི་མཆོག་དམ་པའོ། །རིགས་ཀྱི་བུ། དཔེར་ན། རིན་པོ་ཆེའི་ནང་ན་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མཆོག་གོ ། རོ་བྲོ་བའི་ནང་ན་ནི་བདུང་རྩི་མཆོག་གོ་།དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ལྷ་དང་མིའི་ནང་ན་མཆོག་ཏུ་བྱུང ། ཕུལ་དུ་གྱུར་ཏེ། དཔེར་བྱར་མེད་དོ། །རིགས་ཀྱི་བུ། འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལ་གནས་པ་ན། དགེ་བའི་ཆོས་བདུན་ལ་གནས་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཆོས་རྣམ་པ་འདི་བདུན་དང་ལྡན་ན་ཚངས་པར་སྤྱོད་པ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་ཚངས་པར་སྤྱོད་པ་ཞེས་བྱ་བ་ནི། འདི་ལྟ་སྟེ། བྱམས་པ་དང ། སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
Ka357b
བཅོམ་ལྡན་འདས། བྱམས་པ་མང་དུ་བསྒོམས་པས་ཞེ་སྡང་མ་མཆིས་པར་འགྱུར་ཏེ། སྙིང་རྗེའི་སེམས་ཀྱིས་ཀྱང་ཞེ་སྡང་གཅོད་པར་འགྱུར་བས་ན། ཅིའི་སླད་དུ་ཚད་མེད་བཞི་ཞེས་སྨྲས། དོན་དང་སྦྱར་ན་གསུམ་དུ་བས་སོ། །བཅོམ་ལྡན་འདས་བྱམས་པ་ལ་དམིགས་པ་རྣམ་པ་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང ། ཆོས་ལ་དམིགས་པ་དང ། མི་དམིགས་པའོ། །སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་ཀྱང་དེ་དང་འདྲ་སྟེ། དོན་དང་སྦྱར་ན་གསུམ་དུ་བས་ཏེ། བཞིར་ནི་མ་མཆིས་སོ། །སེམས་ཅན་ལ་དམིགས་པ་ནི་ཕུང་པོ་ལྔ་ལ་དམིགས་ནས་བདེ་བར་འདོད་པ་སྟེ། དེ་ནི་སེམས་ཅན་ལ་དམིགས་པ་ཞེས་བགྱིའོ། །ཆོས་ལ་དམིགས་པ་ནི་སེམས་ཅན་ལ་དམིགས་ནས་ཅི་དགོས་པ་སྦྱིན་པ་སྟེ། དེ་ནི་ཆོས་ལ་དམིགས་པ་ཞེས་བགྱིའོ། །མི་དམིགས་པ་ནི་དེ་བཞིན་གཤེགས་པ་ལ་དམིགས་པ་སྟེ། མི་དམིགས་པ་ཞེས་བགྱིའོ། །བྱམས་པ་ཞེས་བགྱི་བ་ནི་དབུལ་ཕོངས་པའི་སེམས་ཅན་ལ་དམིགས་པའོ། །དེ་བཞིན་གཤེགས་པ་སྟོན་པ་ཆེན་པོ་ནི་དབུལ་ཕོངས་པ་དང་ཡོངས་སུ་བྲལ་ཏེ། རབ་ཏུ་བདེ་བ་ལགས་སོ། །ཅི་སྟེ་སེམས་ཅན་ལ་དམིགས་ན་སངས་རྒྱས་ལ་དམིགས་པ་མ་ལགས་ཏེ། ཆོས་ཀྱང་དེ་དང་འདྲའོ། །དེ་བས་ན་དེ་བཞིན་གཤེགས་པ་ལ་དམིགས་པ་ནི་མི་དམིགས་པ་ཞེས་བགྱིའོ། །བཅོམ་ལྡན་འདས། བྱམས་པས་དམིགས་པ་ནི་སེམས་ཅན་
Ka358a
༄#། །ཐམས་ཅད་ལ། དཔེར་ན། ཕ་མའམ། ཆུང་མའམ། བུའམ། གཉེན་བཤེས་ལ་དམིགས་པ་དང་འདྲ་སྟེ། དེ་བས་ན་སེམས་ཅན་ལ་དམིགས་པ་ཞེས་བགྱིའོ། །ཆོས་ལ་དམིགས་པ་ནི་ཕ་མ་དང ། ཆུང་མ་དང ། བུ་དང ། གཉེན་བཤེས་སུ་མི་ལྟ་ཞིང་ཆོས་ཐམས་ཅད་ལ་རྟེན་ཅིང་འབྲེལ་ཏེ་འབྱུང་བར་བལྟ་བ་ནི་ཆོས་ལ་དམིགས་པ་ཞེས་བགྱིའོ། །མི་དམིགས་པ་ནི་ཆོས་ལ་མཚན་མར་མི་གནས། སེམས་ཅན་ལ་མཚན་མར་མི་གནས་པ་ནི་མི་དམིགས་པ་ཞེས་བགྱི་སྟེ། སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་ཀྱང་དེ་དང་འདྲའོ། །དེ་བས་ན་གསུམ་དུ་བས་ཀྱི། བཞིར་ནི་མ་མཆིས་སོ། །བཅོམ་ལྡན་འདས། གང་ཟག་ལ་རྣམ་པ་གཉིས་ཏེ། མཐོང་བས་སྤྱོད་པ་དང ། དགའ་བས་སྤྱོད་པའོ། །མཐོང་བས་སྤྱོད་པ་ནི་བྱམས་པ་དང ། སྙིང་རྗེའི་ཤས་ཆེར་བསྒོམ་མོ། །དགའ་བས་སྤྱོད་པ་ནི། དགའ་བ་དང ། བཏང་སྙོམས་ཀྱི་ཤས་ཆེར་བསྒོམ་སྟེ། དེ་བས་ན་གསུམ་དུ་བས་ཀྱི་བཞིར་ནི་མ་མཆིས་སོ། །བཅོམ་ལྡན་འདས། ཚད་མེད་པ་ཞེས་བགྱི་བ་ནི་མཐའ་ཡས་ལ། མཐའ་དཔག་ཏུ་མ་མཆིས་པའི་སླད་དུ་ཚད་མ་མཆིས་པ་ཞེས་བགྱི་སྟེ།་ཚད་མ་མཆིས་ན་གཅིག་ཏུ་བས་ཀྱི། བཞིར་ནི་མ་མཆིས་སོ། །ཅི་སྟེ་བཞིར་མཆིས་ན་ཚད་མ་མཆིས་པ་ཞེས་བགྱིར་མི་རུང་སྟེ། དེ་བས་ན་གཅིག་ཏུ་བས་ཀྱི་བཞིར་ནི་མ་མཆིས་
Ka358b
སོ། །བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། རིགས་ཀྱི་བུ། སངས་རྒྱས་བཅོམ་ལྡན་འདས་ནི་སོ་སོའི་སྐྱེ་བོ་མང་པོའི་ཕྱིར་ཆོས་གསུངས་པའང་ཤིན་ཏུ་དགོངས་ཏེ་གསུངས་པ་ཡིན་པས་རིག་ཅིང་ཤེས་པར་དཀའོ། །སེམས་ཅན་ཁ་ཅིག་ལ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་གཅིག་ཏུ་གསུངས་ཏེ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་གཅིག་གང་ཞེ་ན། འདི་ལྟ་སྟེ། འདུས་བྱས་ཀྱི་ཆོས་ཐམས་ཅད་དོ། །རིགས་ཀྱི་བུ། ཁ་ཅིག་ཏུ་ནི་རྣམ་པ་གཉིས་སུ་གསུངས་ཏེ། རྒྱུ་དང་འབྲས་བུའོ། །ཁ་ཅིག་ཏུ་ནི་རྣམ་པ་གསུམ་དུ་གསུངས་ཏེ། ཉོན་མོངས་པ་དང ། ལས་དང ། སྡུག་བསྔལ་ལོ། །ཁ་ཅིག་ཏུ་ནི་རྣམ་པ་བཞིར་གསུངས་ཏེ། མ་རིག་པ་དང ། འདུ་བྱེད་དང ། སྐྱེ་བ་དང ། རྒ་ཤིའོ། །ཁ་ཅིག་ཏུ་ནི་རྣམ་པ་ལྔར་གསུངས་ཏེ། ཚོར་བ་དང ། སྲེད་པ་དང ། ལེན་པ་དང ། སྲིད་པ་དང ། སྐྱེ་བའོ། །ཁ་ཅིག་ཏུ་ནཾ་རྣམ་པ་དྲུག་ཏུ་གསུངས་ཏེ། དུས་གསུམ་གྱི་རྒྱུ་དང་འབྲས་བུའོ། །སྐབས་ཁ་ཅིག་ཏུ་ནི་རྣམ་པ་བདུན་དུ་གསུངས་ཏེ། རྣམ་པར་ཤེས་པ་དང ། མིང་དང ། གཟུགས་དང ། སྐྱེ་མཆེད་དྲུག་དང ། རེག་པ་དང ། ཚོར་བ་དང ། སྲིད་པ་དང ། ལེན་པའོ། །ཁ་ཅིག་ཏུ་ནི་རྣམ་པ་བརྒྱད་དུ་གསུངས་ཏེ། མ་རིག་པ་དང ། འདུ་བྱེད་དང ། སྐྱེ་བ་དང ། རྒ་ཤི་མ་གཏོགས་པ་ལྷག་མ་བརྒྱད་པོའོ། །ཁ་ཅིག་ཏུ་ནི་རྣམ་པ་དགུར་གསུངས་ཏེ། མདོ་སྡེ་གྲོང་ཁྱེར་ཞེས་བྱ་བའི་ནང་ནས་བཤད་པ་དང་འདྲ་བར་མ་རིག་པ་
Ka359a
༄#། །དང ། འདུ་བྱེད་དང ། རྣམ་པར་ཤེས་པ་མ་གཏོགས་པའི་ལྷག་མ་དགུ་པོའོ། །ཁ་ཅིག་ཏུ་ནི་རྣམ་པ་བཅུ་གཅིག་ཏུ་གསུངས་ཏེ། དེའང་གཅེར་པུ་པ་ཀུན་ཏུ་སྨྲ་བ་ཞེས་བྱ་བའི་ཕྱིར་སྐྱེ་བའི་ཆོས་གཅིག་མ་གཏོགས་པར་ལྷག་མ་རྣམ་པ་བཅུ་གཅིག་གོ་།སྐབས་ཁ་ཅིག་ཏུ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་རྫོགས་པར་གསུངས་ཏེ།་དེའང་རྒྱལ་པོའི་ཁབ་ཏུ་འོད་སྲུང་ལ་སོགས་པ་ལ་མ་རིག་པ་ནས། སྐྱེ་བ་དང ། རྒ་ཤིའི་བར་དུ་བཅུ་གཉིས་རྫོགས་པར་གསུངས་པའོ། །རིགས་ཀྱི་བུ། རྟེན་ཅིང་འབྲེལ་བར་འབྱུང་བ་གཅིག་ལ་སོ་སོའི་སྐྱེ་བོའི་ཕྱིར་རྣམ་པ་ཐ་དད་དུ་གསུངས་ཏེ། ཚད་མེད་པའི་སེམས་ཀྱང་དེ་དང་འདྲའོ། །རིགས་ཀྱི་བུ། དེ་བས་ན་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་སྤྱོད་ཡུལ་ལ་ཐེ་ཚོམ་མི་བསྐྱེད་དོ། །རིགས་ཀྱི་བུ། སངས་རྒྱས་བཅོམ་ལྡན་འདས་ནི་ཤིན་ཏུ་ཐབས་མཁས་པ་དང་ལྡན་པས་མི་རྟག་པ་ལ་རྟག་པར་གསུངས། རྟག་པ་ལ་མི་རྟག་པར་གསུངས། བདེ་བ་ལ་སྡུག་བསྔལ་བར་ཡང་གསུངས། སྡུག་བསྔལ་བ་ལ་བདེ་བར་གསུངས། ཡོངས་སུ་མ་དག་པ་ལ་ཡོངས་སུ་དག་པར་གསུངས། ཡོངས་སུ་དག་པ་ནི་ཡོངས་སུ་མ་དག་པར་གསུངས། བདག་ལ་བདག་མེད་པར་གསུངས། བདག་མེད་པ་ལ་བདག་ཏུ་གསུངས། སེམས་ཅན་མ་ཡིན་པ་ལ་སེམས་ཅན་དུ་གསུངས། སེམས་ཅན་ལ་ནི་སེམས་ཅན་མ་ཡིན་པར་གསུངས། དངོས་པོ་མ་ཡིན་པ་ལ་
Ka359b
དངོས་པོར་གསུངས། དངོས་པོ་ལ་ནི་དངོས་པོ་མ་ཡིན་པར་གསུངས། མི་བདེན་པ་ལ་ནི་བདེན་པར་ཡང་གསུངས། བདེན་པ་ལ་ནི་མི་བདེན་པར་གསུངས། ཡུལ་མ་ཡིན་པ་ལ་ནི་ཡུལ་དུ་གསུངས། ཡུལ་ལ་ནི་ཡུལ་མ་ཡིན་པར་གསུངས། སྐྱེ་བ་མ་ཡིན་པ་ལ་སྐྱེ་བར་གསུངས། སྐྱེ་བ་ནི་སྐྱེ་བ་མ་ཡིན་པར་གསུངས་པ་ནས། མ་རིག་པ་ལ་ནི་རིག་པར་གསུངས། རིག་པ་ནི་མ་རིག་པར་གསུངས། གཟུགས་ནི་གཟུགས་མ་ཡིན་པར་གསུངས། གཟུགས་མ་ཡིན་པའང་གཟུགས་སུ་གསུངས། ལམ་མ་ཡིན་པ་ནི་ལམ་དུ་གསུངས། ལམ་ནི་ལམ་མ་ཡིན་པའི་བར་དུ་གསུངས་སོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པས་ནི་ཚད་མེད་པའི་ཐབས་མཁས་པས་སེམས་ཅན་གདུལ་བའི་ཕྱིར་རྫུན་པའི་བག་ག་ལ་ཞིག་གསུངས། རིགས་ཀྱི་བུ། སེམས་ཅན་ལ་ལ་ཞིག་ལོངས་སྤྱོད་ལ་ཆགས་ན། ངས་དེ་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྤྲུལ་ནམ་ལོ་ཚད་མེད་པའི་བར་དུ་ཅི་དང་ཅི་འདོད་པ་རྣམ་པ་སྣ་ཚོགས་བྱིན་ཏེ། དེའི་འོག་ཏུ་གདོད་བླ་ན་མེད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་དོ། །སེམས་ཅན་ལ་ལ་ཅི་སྟེ་འདོད་པ་ལྔ་ལ་ཆགས་ན་ལོ་ཚད་མེད་པའི་བར་དུ་འདོད་པ་རྣམ་པ་ལྔའི་མཆོག་དམ་པ་ལ་ལོངས་སྤྱོད་དུ་བཅུག་ནས།་དེའི་འོག་ཏུ་གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་དོ། །གལ་ཏེ་སེམས་ཅན་ལ་ལ་རིགས་སྙེམས་ཤིང་ང་རྒྱལ་ཅན་དུ་གྱུར་ན། ངས་མི་དེའི་གཡོག་ལོ་
Ka360a
༄#། །ཚད་མེད་པའི་བར་དུ་བྱས་ཏེ། ཤིན་ཏུ་བསྙེན་བཀུར་གྱིས་དེའི་སེམས་མགུ་བར་བྱས་ནས་དེའི་འོག་ཏུ་གདོད་བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ལ་བཀོད་དོ། །སེམས་ཅན་གང་ཞིག་རང་བཞིན་གྱིས་ང་རྒྱལ་ཅན་དུ་གྱུར་ཏེ། གཞན་གྱིས་གྲོས་གདབ་ཅིང་བཅོས་དགོས་ན། ལོ་བརྒྱ་སྟོང་གི་བར་དུ་དེ་ལ་བསྟན་ཅིང་བཅོས་ནས་སེམས་དུལ་བར་བྱས་ཏེ། གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་དོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི་ལོ་ཚད་མེད་པའི་བར་དུ་ཐབས་རྣམ་པ་སྣ་ཚོགས་ཀྱིས་འགྲོ་བ་མང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་པའང་རྫུན་པ་ཡིན་ནམ། སངས་རྒྱས་བཅོམ་ལྡན་འདས་ནི་མི་དགེ་བ་ལ་གནས་ཀྱང་པདྨོ་ལྟར་ཉེས་པའི་འདམ་རྫབ་ཀྱིས་མི་གོས་སོ། །རིགས་ཀྱི་བུ། ཚད་མེད་པ་བཞིའི་དོན་ཡང་དེ་ལྟར་ཤེས་པར་བྱའོ། །རིགས་ཀྱི་བུ།་ཚད་མེད་པའི་སེམས་ནི་རང་བཞིན་གྱིས་རྣམ་པ་བཞི་སྟེ། གང་ཞིག་གིས་ནན་ཏན་དུ་བྱས་ན་ཚངས་པ་ཆེན་པོའི་གནས་སུ་སྐྱེ་བར་འགྱུར་རོ། །རིགས་ཀྱི་བུ། དེ་ལྟར་ཚད་མེད་པ་རྣམས་ལ་གྲོགས་སུ་འགྱུར་བ་རྣམ་པ་བཞི་ཡོད་དེ། དེ་བས་ན་བཞི་ཞེས་བྱའོ། །གང་བྱམས་པའི་སེམས་ལ་ནན་ཏན་བྱེད་པ་ནི་འདོད་ཆགས་ཡོངས་སུ་ཆོད་པར་
Ka360b
འགྱུར་རོ། །སྙིང་རྗེའི་སེམས་ལ་ནན་ཏན་བྱེད་པ་ནི་ཞེ་སྡང་ཡོངས་སུ་སྤོང་བར་འགྱུར་རོ། །དགའ་བའི་སེམས་ལ་ནན་ཏན་བྱེད་པ་ནི་མི་བདེ་བ་ཡོངས་སུ་སྤོང་བར་འགྱུར་རོ། །བཏང་སྙོམས་ཀྱི་སེམས་ལ་ནན་ཏན་བྱེད་པ་ནི་འདོད་ཆགས་དང་ཞེ་སྡང་བའི་སེམས་ཡོངས་སུ་སྤོང་བར་འགྱུར་རོ། །རིགས་ཀྱི་བུ། དོན་དེ་ལྟ་བས་ན་རྣམ་པ་བཞི་སྟེ། གཅིག་གམ། གཉིས་སམ། གསུམ་དུ་ནི་མ་ཡིན་ནོ། །རིགས་ཀྱི་བུ་ཁྱོད་སྨྲ་བ་ལྟར་བྱམས་པའི་སེམས་ཀྱིས་ཞེ་སྡང་སྤོང་བ་ལྟར་སྙིང་རྗེའི་སེམས་ཀྱང་དེ་དང་འདྲ་བས་གསུམ་དུ་འོས་སོ་ཞེས་དེ་སྐད་མ་ཟེར་ཅིག་།དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། ཞེ་སྡང་ལའང་རྣམ་པ་གཉིས་ཏེ། སྲོག་དང་དབྲལ་བའི་ཞེ་སྡང་དང ། རྡེག་འཚོག་བྱེད་པའི་ཞེ་སྡང་ངོ ། །བྱམས་པ་བསྒོམས་པས་ནི་སྲོག་དང་བྲལ་བའི་ཞེ་སྡང་སྤོང་བར་འགྱུར་རོ། །སྙིང་རྗེ་བསྒོམས་པས་ནི་རྡེག་འཚོག་བྱེད་པའི་ཞེ་སྡང་སྤོང་བར་འགྱུར་རོ། །རིགས་ཀྱི་བུ། དོན་དེ་ལྟ་བས་ན་ཚད་མེད་པ་ནི་བཞིར་འོས་པ་མ་ཡིན་ནམ། གཞན་ཡང་ཞེ་སྡང་ལ་རྣམ་པ་གཉིས་ཏེ། སེམས་ཅན་ལ་ཞེ་སྡང་བ་དང ། སེམས་ཅན་མ་ཡིན་པ་ལ་ཞེ་སྡང་བའོ། །བྱམས་པ་བསྒོམས་པས་ནི་སེམས་ཅན་ལ་ཞེ་སྡང་བ་སྤོང་བར་འགྱུར་རོ། །སྙིང་རྗེ་བསྒོམས་པས་ནི་སེམས་ཅན་མ་ཡིན་པ་ལ་ཞེ་སྡང་བ་སྤོང་བར་འགྱུར་རོ། །གཞན་ཡང་ཞེ་སྡང་ལ་རྣམ་པ་གཉིས་ཏེ། རྒྱུ་རྐྱེན་
Ka361a
༄#། །དང་ལྡན་པ་དང ། རྒྱུ་རྐྱེན་དང་མི་ལྡན་པའོ། །བྱམས་པ་བསྒོམས་པས་ནི་རྒྱུ་རྐྱེན་དང་ལྡན་པ་སྤོང་བར་འགྱུར་རོ། །སྙིང་རྗེ་བསྒོམས་པས་ནི་རྒྱུ་རྐྱེན་དང་མི་ལྡན་པ་སྤོང་བར་འགྱུར་རོ། །གཞན་ཡང་ཞེ་སྡང་ལ་རྣམ་པ་གཉིས་ཏེ། སྔོན་འདས་པ་ནས་གོམས་པ་དང ། ད་ལྟར་གྱི་དུས་ན་གོམས་པའོ། །བྱམས་པ་བསྒོམས་པས་ནི་སྔོན་འདས་པའི་དུས་ཀྱི་གོམས་པ་སྤོང་བར་འགྱུར་རོ། །སྙིང་རྗེ་བསྒོམས་པས་ནི་ད་ལྟར་གྱི་དུས་སུ་གོམས་པ་སྤོང་བར་འགྱུར་རོ། །གཞན་ཡང་ཞེ་སྡང་ལ་རྣམ་པ་གཉིས་ཏེ། འཕགས་པ་ལ་ཞེ་སྡང་བ་དང ། བུས་པ་མ་རབས་ལ་ཞེ་སྡང་བའོ། །བྱམས་པའི་སེམས་བསྒོམས་པས་ནི་འཕགས་པ་ལ་ཞེ་སྡང་བ་སྤོང་བར་འགྱུར་རོ། །སྙིང་རྗེའི་སེམས་བསྒོམས་པས་ནི་བྱིས་པ་མ་རབས་ལ་ཞེ་སྡང་བ་སྤོང་བར་འགྱུར་རོ། །གཞན་ཡང་ཞེ་སྡང་ལ་རྣམ་པ་གཉིས་ཏེ། ཞེ་སྡང་རབ་དང ། ཞེ་སྡང་འབྲིང་ངོ ། །བྱམས་པ་བསྒོམས་པས་ན་ཞེ་སྡང་རབ་སྤོང་བར་འགྱུར་རོ། །སྙིང་རྗེ་སྒོམས་པས་ནི་ཞེ་སྡང་འབྲིང་སྤོང་བར་འགྱུར་རོ། །རིགས་ཀྱི་བུ། དོན་དེ་ལྟ་བས་ན་རྣམ་པ་བཞིར་འོས་ན་གསུམ་དུ་ཟད་ཀྱི། བཞིར་མེད་དོ་ཞེས་བརྒལ་བའི་མི་རིགས་སོ། །དེ་བས་ན། འོད་སྲུང ། ཚད་མེད་པའི་སེམས་ལ་གྲོགས་དང་གཉེན་པོར་འགྱུར་བ་ནི་རྣམ་པ་བཞིར་ཕྱེ་སྟེ་བསྟན་པ་ཡིན་ནོ། །གཞན་ཡང་
Ka361b
སྣོད་ཀྱི་ཕྱིར་ན་རྣམ་པ་བཞིར་འོས་ཏེ། གལ་ཏེ་སྣོད་གང་ལ་བྱམས་པ་དང་ལྡན་ན་དེ་ལ་སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་ཡོད་པ་མ་ཡིན་ཏེ། དོན་དེ་ལྟ་བས་ན་རྣམ་པ་བཞི་ལས་དབྲིར་མེད་དོ། །རིགས་ཀྱི་བུ། སྤྱོད་པ་ལས་བྱེ་བྲག་ཏུ་འང་རྣམ་པ་བཞིར་འོས་སོ། །གལ་ཏེ་བྱམས་པ་སྤྱོད་པའི་དུས་ན་སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་མེད་པས་དེ་བས་ན་རྣམ་པ་བཞིར་མངོན་ནོ། །རིགས་ཀྱི་བུ། ཚད་མེད་པའི་ཕྱིར་རྣམ་པ་བཞིར་འོས་སོ། །གཞན་ཡང་ཚད་མེད་པ་ནི་རྣམ་པ་བཞི་ཡོད་དོ། །ཆད་མེད་པའི་སེམས་ཁ་ཅིག་ནི་དམིགས་པ་ཡོད་ལ་དབང་དུ་འགྱུར་བ་མ་ཡིན་པ་དང ། བྱམས་པའི་སེམས་ཁ་ཅིག་ནི་དབང་དུ་འགྱུར་ལ་དམིགས་པ་མ་ཡིན་པ་དང ། བྱམས་པའི་སེམས་ཁ་ཅིག་ནི་དམིགས་པའང་ཡོད་ལ་དབང་དུའང་འགྱུར་བ་དང ། བྱམས་པའི་སེམས་ཁ་ཅིག་ནི་དམིགས་པའང་མ་ཡིན། དབང་དུ་འགྱུར་བའང་མ་ཡིན་པའོ། །དེ་ལ་ཚད་མེད་པའི་སེམས་གང་ནི་དམིགས་པ་ཡོད་ལ་དབང་དུ་འགྱུར་བ་མ་ཡིན་ཞེ་ན། ཁ་ཅིག་སེམས་ཅན་ཚད་མེད་མཐའ་ཡས་པ་ལ་དམིགས་ཀྱང་ཏིང་ངེ་འཛིན་གྱི་དབང་མ་ཐོབ་བམ། ཅི་སྟེ་ཐོབ་ཀྱང་མ་ངེས་པའམ། ཐོབ་ཀྱང་ཕྱིར་ཉམས་པའོ། །ཚད་མེད་པ་གང་ཞིག་དབང་དུ་འགྱུར་ཡང་དམིགས་པ་མ་ཡིན་ཞེ་ན། འདི་ལྟ་སྟེ། དཔེར་ན། ཕ་མ་དང ། ཕུ་ནུ་དང ། གཉེན་
Ka362a
༄#། །བཤེས་ལ་བདེ་བར་བྱ་བར་དམིགས་པ་སྟེ། ཚད་མེད་པར་དམིགས་པ་ནི་མ་ཡིན་ནོ། །ཚད་མེད་པ་གང་ཞིག་དམིགས་ཀྱང་དམིགས་ལ། དབང་དུའང་འགྱུར་བ་ཞེ་ན། དེ་ནི་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་སོ། །ཚད་མེད་པ་གང་ཞིག་དམིགས་པའང་མ་ཡིན་དབང་དུ་འགྱུར་བའང་མ་ཡིན་ཞེ་ན། ཉན་ཐོས་དང ། རང་སངས་རྒྱས་ལྟ་བུ་ནི་སེམས་ཅན་ཚད་མེད་པ་ལ་རྒྱ་ཆེར་དམིགས་ཀྱང་མི་ནུས་ལ། དབང་དུ་འགྱུར་བའང་མ་ཡིན་ནོ། །རིགས་ཀྱི་བུ། དོན་དེ་ལྟ་བས་ན་ཚད་མེད་པ་ནི་རྣམ་པ་བཞི་སྟེ། ཉན་ཐོས་དང ། རང་སངས་རྒྱས་རྣམས་ཀྱིས་ཤེས་པར་ནུས་པ་མ་ཡིན་གྱི། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱོད་ཡུལ་ལོ། །རིགས་ཀྱི་བུ། དེ་ལྟར་དངོས་པོ་རྣམ་པ་བཞི་པོ་འདི་ནི་ཉན་ཐོས་དང་རང་སངས་རྒྱས་ལའང་ཚད་མེད་པ་ཞེས་བྱ་མོད་ཀྱི་སྨོས་སུ་མི་ཆོག་གོ་།སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཚད་མེད་མཐའ་ཡས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱོད་ཡུལ་ལགས་ཀྱི། ཉན་ཐོས་དང ། རང་སངས་རྒྱས་རྣམས་ཀྱི་བཟོད་པ་མ་ལགས་སོ། །བཅོམ་ལྡན་འདས།
Ka362b
བྱང་ཆུབ་སེམས་དཔའ་གང་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ལ་གནས་ནས། བྱམས་པ་དང ། སྙིང་རྗེའི་སེམས་སུ་འགྱུར་བ་ལས་བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོའི་སེམས་མ་ལགས་སོ་ཞེས་བགྱི་བར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་གང་ཞིག་གལ་ཏེ་སེམས་ཅན་རྣམས་ལ་གཉེན་དང ། དགྲ་སྡང་བ་དང ། བར་མ་རྣམ་པ་གསུམ་དུ་ཕྱེ་སྟེ། གཉེན་ལས་ཀྱང་རབ་དང་འབྲིང་དང་ཐ་མ་གསུམ་དུ་ཕྱེ་ལ། དགྲ་སྡང་བ་ལའང་དེ་བཞིན་དུ་ཕྱེ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཉེན་དུ་འགྱུར་བའི་མཆོག་ལ་ནི་བདེ་བའི་མཆོག་སྦྱིན། གཉེན་གྱི་འབྲིང་དང་ཐ་མ་ལ་ནི་སྙོམས་པར་བདེ་བའི་མཆོག་ཙམ་བྱིན། དགྲ་སྡང་བའི་མཆོག་ལ་ནི་བདེ་བའི་ཤས་ཅུང་ཟད་བྱིན། དགྲ་སྡང་བ་འབྲིང་ལ་ནི་བདེ་བའང་འབྲིང་ཙམ་བྱིན། དགྲ་སྡང་བ་ཐ་མ་ནི་བདེ་བའི་མཆོག་བྱིན་ཏེ། བྱང་ཆུབ་སེམས་དཔའ་དེ་བཞིན་དུ་གོང་ནས་གོང་དུ་དགྲ་སྡང་བའི་མཆོག་ལ་ནི་བདེ་བ་འབྲིང་ཙམ་བྱིན། དགྲ་སྡང་བ་འབྲིང་དང་ཐ་མ་ལ་ནི་མཉམ་པར་བདེ་བའི་མཆོག་སྦྱིན་པ་ལ་ནན་ཏན་བྱེད་དམ། གོང་ནས་གོང་དུ་རབ་དང ། འབྲིང་དང ། ཐ་མ་ལའང་བདེ་བའི་མཆོག་མཉམ་པར་སྦྱིན་པ་ལ་ནན་ཏན་བྱེད་དམ། གལ་ཏེ་དགྲ་སྡང་བའི་མཆོག་ལ་བདེ་བའི་མཆོག་སྦྱིན་པར་ནན་
Ka363a
༄#། །ཏན་བྱེད་ན། དེ་ནི་བྱམས་པའི་སེམས་དང་ལྡན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དེའི་ཚེ་ཕ་མ་དང་དགྲ་སྡང་བའི་མཆོག་ལའང་བྱེ་བྲག་མེད་ཅིང་སེམས་མཉམ་པར་གྱུར་ཀྱང ། རིགས་ཀྱི་བུ། དེ་ལ་བྱམས་པ་ཞེས་བྱའི། བྱམས་པ་ཆེན་པོ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་བྱམས་པ་དང་ལྡན་ཡང་བྱམས་པ་ཆེན་པོ་ཞེས་མི་བགྱི། བཀའ་སྩལ་པ། རིགས་ཀྱི་བུ། ཤིན་ཏུ་ལྡན་པར་དཀའ་བས་ན་བྱམས་པ་ཆེན་པོ་ཞེས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཡུན་རིང་པོ་ནས་བསྐལ་པ་ཚད་མེད་པའི་བར་དུ་ཉོན་མོངས་པ་མང་དུ་བསགས་ལ། དགེ་བའི་ཆོས་མ་བསྒོམས་པས་དེ་བས་ན་ཉིན་གཅིག་གམ་ཞག་གཅིག་ཙམ་གྱིས་སེམས་དུལ་བར་མི་འགྱུར་རོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། སྲན་མ་སྐམ་པོ་ལ་ནི་ཁབ་ཀྱིས་བཙུགས་ཀྱང་མི་ཟུག་པ་དང་འདྲ་བར་ཉོན་མོངས་པ་ཤིན་ཏུ་སྲ་བའང་དེ་དང་འདྲ་སྟེ། ཉིན་ཞག་གཅིག་ཙམ་ཞིག་སེམས་རྩེ་གཅིག་ཏུ་གྱུར་ཏེ་མ་ཡེངས་ཀྱང་ཤིན་ཏུ་གདུལ་དཀའོ། །གཞན་ཡང ། དཔེར་ན། ཁྱི་ནི་མིས་མི་འཇིགས་ཀྱི།་རི་དྭགས་ཤ་བ་ལ་སོགས་པ་ནི་མི་ལ་འཇིགས་ཏེ་མཐོང་མ་ཐག་ཏུ་འབྲོས་སོ། །ཞེ་སྡང་ཤིན་ཏུ་སྤང་དཀའ་བའང་ཁྱིམ་སྲུང་བའི་ཁྱི་དང་འདྲའོ། །བྱམས་པའི་སེམས་ཤིན་ཏུ་
Ka363b
ཉམས་སླ་བ་ནི་རི་དྭགས་ཤ་བ་དང་འདྲའོ། །དེ་བས་ན་སེམས་ནི་ཤིན་ཏུ་གདུལ་དཀའ་བས་བྱམས་པ་ཆེན་པོ་ཞེས་མི་བྱའོ། །རིགས་ཀྱི་བུ། གཞན་ཡང ། དཔེར་ན། རྡོ་ལ་རི་མོ་བྲིས་ན་རྟག་ཏུ་ཡོད་དོ། །ཆུ་ལ་རི་མོ་བྲིས་ན་དེ་མ་ཐག་ཏུ་མེད་པར་འགྱུར་ཏེ་མི་གནས་སོ། །ཞེ་སྡང་ནི་རྔོ་ལ་རི་མོ་བྲིས་པ་དང་འདྲའོ། །དགེ་བའི་རྩ་བ་ནི་ཆུ་ལ་རི་མོ་བྲིས་པ་དང་འདྲ་སྟེ། དེ་བས་ན་སེམས་འདི་ནི་ཤིན་ཏུ་གདུལ་དཀའོ། །གཞན་ཡང ། དཔེར་ན། མེའི་ཕུང་པོ་ཆེན་པོའི་འོད་ནི་ཡུན་རིང་དུ་ཡོད་དོ། །གློག་གི་འོད་ནི་སྐད་ཅིག་མ་སྟེ་མི་གནས་སོ། །ཞེ་སྡང་ནི་མེའི་ཕུང་པོ་དང་འདྲའོ། །བྱམས་པ་ནི་གློག་གི་འོད་དང་འདྲ་སྟེ། དེ་བས་ན་སེམས་འདི་ནི་ཤིན་ཏུ་གདུལ་དཀའ་བ་སྟེ། དོན་དེ་བས་ན་བྱམས་པ་ཆེན་པོ་ཞེས་མི་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ཆེན་པོ་ས་དང་པོ་ལ་གནས་པ་ནི་བྱམས་པ་ཆེན་པོ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། སྡིག་ཏོ་ཅན་གྱི་མཆོག་ནི་ལོག་སྲེད་ཅན་ཞེས་བྱ་སྟེ། ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔས་བྱམས་པ་ཆེན་པོ་བསྒོམ་པ་ནི་ལོག་སྲེད་ཅན་ལའང་བྱེ་བྲག་གི་སེམས་མེད་ལ་ཉེས་པ་མི་མཐོང་བས་ཞེ་སྡང་མི་སྐྱེད་དེ། དོན་དེ་ལྟ་བས་ན་བྱམས་པ་ཆེན་པོ་ཞེས་བྱའོ། །རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ཀྱི་ཕན་པ་དང་བདེ་བར་མི་འགྱུར་བ་ཡོངས་སུ་སེལ་བ་ནི་བྱམས་པ་ཆེན་པོ་ཞེས་བྱའོ། །སེམས་ཅན་མང་པོ་ལ་ཕན་པ་དང་བདེ་བ་ཚད་མེད་པ་
Ka364a
༄#། །བྱིན་པ་ནི་སྙིང་རྗེ་ཆེན་པོ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ལ་དགའ་བའི་སེམས་བསྐྱེད་པ་ནི་དགའ་བ་ཆེན་པོ་ཞེས་བྱའོ། །སྐྱོ་བ་མེད་པ་ནི་བཏང་སྙོམས་ཆེན་པོ་ཞེས་བྱའོ། །བདག་དང ། ཆོས་དང ། མཚན་ཉིད་དང ། བདག་གི་ལུས་སུ་མི་མཐོང་ཞིང ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ལྟ་བ་ནི་བཏང་སྙོམས་ཆེན་པོ་ཞེས་བྱའོ། །བདག་གི་བདེ་བཏང་ནས་གཞན་ལ་བྱིན་པ་ནི་བཏང་སྙོམས་ཆེན་པོ་ཞེས་བྱའོ། །རིགས་ཀྱི་བུ། ཚད་མེད་པ་བཞི་ཙམ་གྱིས་བྱམས་པ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་སྐྱེ་ཞིང་རྫོགས་པར་འགྱུར་གྱི། སྤྱོད་པ་གཞན་གྱིས་མ་ཡིན་ནོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་སྔར་འཇིག་རྟེན་གྱི་ཚད་མེད་པ་བཞིའི་སེམས་ཐོབ་ནས་གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་ཏེ། རིམ་གྱིས་འཇིག་རྟེན་ལས་འདས་པའང་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ། འཇིག་རྟེན་གྱི་ཚད་མེད་པའི་རྒྱུ་ལས་འཇིག་རྟེན་ལས་འདས་པའི་ཚད་མེད་པ་ཐོབ་པར་འགྱུར་ཏེ། དེ་བས་ན་ཚད་མེད་པ་ཆེན་པོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། ཕན་པ་དང་བདེ་བར་མི་འགྱུར་བ་ཡོངས་སུ་སེལ་ཅིང་ཕན་པ་དང་བདེ་བར་བྱ་བ་བསམས་པ་ནི་བསམས་པ་ཙམ་དུ་ཟད་ཀྱི། ཡང་དག་པར་ཕན་པ་དང་བདེ་བར་
Ka364b
མི་འགྱུར་རོ། །བཅོམ་ལྡན་འདས། དཔེར་ན། དགེ་སློང་མི་གཙང་བ་ལ་རྟོག་པ་ནི་ལུས་ལ་གྱོན་པའི་གོས་ཀྱང་ཕགས་པར་མཐོང་མོད་ཀྱི། ཡང་དག་པར་ཕགས་པ་མ་ལགས་སོ། །ཟས་རྣམས་ཀྱང་སྲིན་བུར་འདུ་ཤེས་མོད་ཀྱི། ཡང་དག་པར་སྲིན་བུ་མ་ལགས་སོ། །སྲན་ཚོད་འཐུང་བའང་མི་གཙང་བའི་ཁུ་བར་འདུ་ཤེས་མོད་ཀྱི། ཡང་དག་པར་མི་གཙང་བའི་ཁུ་བ་མ་ལགས་སོ། ། ཞོ་ལ་རྐང་ངམ་ཀླད་པ་ལྟ་བུར་འདུ་ཤེས་མོད་ཀྱི། ཡང་དག་པར་ན་ཀླད་པ་མ་ལགས་སོ། །ཕྱེ་ལ་རུས་ཕྱེར་འདུ་ཤེས་མོད་ཀྱི། ཡང་དག་པར་ན་རུས་ཕྱེ་མ་ལགས་སོ། །ཚད་མེད་པ་བཞིའི་སེམས་ཀྱང་དེ་དང་འདྲ་སྟེ། ཡང་དག་པར་སེམས་ཅན་ལ་ཕན་པ་དང་བདེ་བར་འགྱུར་བ་ནི་མ་ལགས་ཀྱི། ཁ་ཙམ་ཞིག་སེམས་ཅན་ལ་བདེ་བ་སྦྱིན་ནོ་ཞེས་སྨྲས་ཀྱང་ཡང་དག་པར་བདེ་བར་མི་འགྱུར་ན། དེ་ལྟ་བུར་སེམས་པ་དེ་རྫུན་པ་མ་ལགས་སམ། བཅོམ་ལྡན་འདས། ཅི་སྟེ་རྫུན་པ་མ་ལགས་ལ་ཡང་དག་པར་བདེན་པར་འགྱུར་བ་ཞིག་ན། ཅིའི་སླད་དུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱི་རླབས་ཀྱིས་ཐམས་ཅད་བདེ་བ་མྱོང་བར་མི་མཛད། ཅི་སྟེ་ཡང་དག་པར་བདེ་བར་མི་འགྱུར་ན། བཅོམ་ལྡན་འདས་ཀྱིས་གསུངས་པ་ལས་ངས་མངོན་དུ་དྲན་པ་སྔོན་བྱམས་པའི་སེམས་འབའ་ཞིག་ལ་ནན་ཏན་བྱས་པ་ཙམ་གྱིས་བསྐལ་པས་འཇིག་རྟེན་གྱི་ཁམས་འདི་ལན་བདུན་
Ka365a
༄#། །བཀྲུས་ཀྱི་བར་དུ་འཇིག་རྟེན་གྱི་ཁམས་འདིར་མ་སྐྱེས་ཏེ། འཇིག་རྟེན་ཆགས་པའི་དུས་ན་ནི་ཚངས་པའི་ལྷར་སྐྱེས། འཇིག་རྟེན་ཞིག་པའི་དུས་ན་ནི་འོག་མིན་གནམ་གྱི་ལྷར་སྐྱེས་སོ། །ཚངས་པའི་ལྷར་སྐྱེས་པ་ན་དབང་དང་མཐུར་ལྡན་ཏེ། གཞན་གྱིས་ཟིལ་གྱིས་མི་ནོན་ལ་ཚངས་པ་སྟོང་གི་ནང་ན་མཆོག་ཏུ་གྱུར། ཕུལ་དུ་གྱུར་ཏེ། ཚངས་པ་ཆེན་པོའི་རྒྱལ་པོར་སྐྱེས་ནས་སེམས་ཅན་ཐམས་ཅད་ཀྱིས་བདག་ལ་གཙོ་བོར་འདུ་ཤེས་སྐྱེས་སོ། །ལན་སུམ་ཅུ་རྩ་དྲུག་གི་བར་དུ་སུམ་ཅུ་རྩ་གསུམ་གནམ་གྱི་ལྷའི་དབང་པོ་བརྒྱ་བྱིན་ལྷའི་དབང་ཕྱུག་ཏུ་སྐྱེས་སོ། །སྐྱེ་བ་ཚད་མེད་པ་བརྒྱ་སྟོང་གི་བར་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྐྱེས་སོ་ཞེས་གསུངས་ཏེ། བྱམས་པའི་སེམས་འབའ་ཞིག་བསྒོམས་པས་ལྷ་དང ། མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་པས་ན། ཅི་སྟེ་མི་བདེན་ན་འདི་སྐད་དུ་གསུངས་པ་དང་ཡང་ཅིས་ལྡན་པར་འགྱུར། བཅོམ་ལྡན་འདས་ཀྱིས་བསྐའ་སྩལ་པ། ལེགས་སོ། །ལེགས་སོ། །རིགས་ཀྱི་བུ་ཁྱོད་ནི་ཤིན་ཏུ་དཔའ་བས་མི་འཇིགས་པ་དང་ལྡན་ནོ། །དེ་ནས་འོད་སྲུང་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། གང་ཞིག་སེམས་ཅན་གཅིག་ཙམ་ལ། །ཞེ་སྡང་སེམས་ནི་མི་སྐྱེད་ཅིང ། །དེ་ལ་བདེ་བར་འདོད་པ་ནི། །ཤིན་ཏུ་བྱམས་པ་ཞེས་བྱའོ། །གང་ཞིག་སེམས་ཅན་ཐམས་ཅད་ལ། སྙིང་རྗེ་བ་ཡི་སེམས་
Ka365b
བསྐྱེད་པ། །དེ་ནི་འཕགས་པའི་རིགས་ཞེས་བྱ། །བསོད་ནམས་ཆད་མེད་ཐོབ་པར་འགྱུར། །ཅི་སྟེ་མངོན་ཤེས་ལྔ་ལྡན་པའི། །དྲང་སྲོང་ས་ཆེན་གང་པར་གྱུར། །དབང་དང་ལྡན་པའི་རྒྱལ་པོ་ཞིག་བདེ་བ་ཐམས་ཅད་བྱིན་ན་ནི། །རྟ་དང་བ་ལང་ནོར་སྣ་ཚོགས། །དེ་ཡིས་བསོད་ནམས་ཐོབ་པ་ནི། །བྱམས་པ་བསྒོམས་པའི་བསོད་ནམས་ཀྱིས། །བཅུ་དྲུག་ཆ་གཅིག་ཙམ་མི་ཕོད། །རིགས་ཀྱི་བུ། བྱམས་པ་བསྒོམས་པ་ནི་རྫུན་མ་ཡིན་ཏེ་ཡང་དག་པར་བདེན་པའོ། །ཉན་ཐོས་དང ། རང་སངས་རྒྱས་ཀྱི་བྱམས་པ་ནི་རྫུན་པ་ཞེས་བྱའོ། །སངས་རྒྱས་དང ། བྱང་ཆུབ་སེམས་དཔའི་བྱམས་པ་ནི་ཡང་དག་པ་སྟེ་མི་རྫུན་པར་མི་མངོན་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པ་ནི་ས་ལའང་གསེར་དུ་མཐོང་གསེར་ལའང་སར་མཐོང་སྟེ། ས་ལ་ནི་ཆུར་མཐོང ། ཆུ་ལའང་སར་མཐོང ། ཆུ་ལ་ནི་མེར་མཐོང ། མེ་ལའང་ཆུར་མཐོང ། ས་ལ་ནི་རླུང་དུ་མཐོང ། རླུང་ལའང་སར་མཐོང་སྟེ། ཡིད་བཞིན་དུ་གྲུབ་པས་རྫུན་པ་མེད་དོ། །སེམས་ཅན་ཡང་དག་པ་ལ་ནི་སེམས་ཅན་མ་ཡིན་པར་མཐོང ། སེམས་ཅན་མ་ཡིན་པ་ལ་ནི་ཡང་དག་པར་སེམས་ཅན་དུ་མཐོང་སྟེ། ཡིད་བཞིན་དུ་གྲུབ་པས་རྫུན་པ་མེད་དོ། །རིགས་ཀྱི་བུ། དེ་བས་ན་བྱང་ཆུབ་སེམས་པའི་ཚད་མེད་པ་བཞིའི་སེམས་ཀྱིས་བསམ་པ་ནི་ཡང་དག་པའོ། །གཞན་ཡང ། རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་ཡང་
Ka366a
\པགེ་མིསསིང\་
Ka366b
\པགེ་མིསསིང\་
Ka367a
༄#། །པ་ཡོངས་སུ་རྫོགས་པར་མི་འགྱུར་རོ། །གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་རྫོགས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་འགྲུབ་བོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། མི་ཞིག་དུག་མདས་ཕོག་པ་ལས། མི་དེའི་གཉེན་བཤེས་དག་དེའི་དུག་བསལ་ཅིང་བདེ་བར་བྱ་བའི་ཕྱིར་སྨན་པ་མཁས་པ་གཉེར་ནས་དུག་མདའ་དབྱུང་བ་ལས་མི་དེ་འདི་སྐད་ཅེས་ཟེར་རོ། །རེ་ཞིག་ཁོ་བོའི་ལུས་ལ་མ་རེག་པར་སྡོད་ཅིག་།བདག་གིས་དུག་མདའ་འདི་གང་ཕྱོགས་ནས་འོངས། སུ་འཕངས། རྒྱལ་རིགས་སམ། བྲམ་ཟེའམ། རིགས་ངན་གྱིས་འཕངས་སམ། ག་ལས་འོངས་པ་བརྟགས་ཏེ་བྱའོ། །ཡང་མདའ་ཉིད་ཤིང་ངམ། སྨྱིག་མའམ། འོན་ཏེ་ལྕང་མའམ། མདེའུ་ཉིད་ཀྱང་སུས་བརྡུངས། རྣོ་ལྕགས་སམ། གཉེན་ལྕགས་སམ། མདའ་སྒྲོ་ཉིད་ཀྱང་བྱ་ཅི་ཞིག་གི་སྒྲོ། བྱ་རྒོད་དམ། བྱན་ལག་གི་སྒྲོའམ། དུག་ཉིད་ཀྱང་ག་ལས་བྱུང ། སུས་བྱས་པ་ཞིག་།འོན་ཏེ་རང་བྱུང་བ་ཞིག་གམ། འོན་ཏེ་མིས་བྱས་པའི་དུག་གམ། འོན་ཏེ་སྦྲུལ་གདུག་པའི་དུག་ཡིན་ནམ། དེ་ལྟར་གླེན་པས་བརྟགས་ཀྱང་རྟོགས་པར་མ་གྱུར་ཏེ། དེ་མ་ཐག་ཏུ་ཚེ་འཕོས་སོ། ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ཡང་དེ་དང་འདྲ་སྟེ། སྦྱིན་པ་བྱིན་པ་ན་བྱེ་བྲག་ཏུ་རྣམ་པར་འབྱེད་དེ། འདི་ནི་སྦྱིན་པ། འདི་ནི་ལེན་པའོ། །འདི་ནི་ཚུལ་ཁྲིམས་བསྲུང་བ། འདི་ནི་
Ka367b
ཚུལ་ཁྲིམས་ངན་པ་ཅན་ནོ་ཞེས་བྱ་བ་ནས། འབྲས་བུ་རྣམ་པར་སྨིན་པའི་བར་དུ་བྱེ་བྲག་ཏུ་འབྱེད་པས་ནམ་དུའང་སྦྱིན་པར་མི་འགྱུར་རོ། །གལ་ཏེ་སྦྱིན་པ་མ་སྦྱིན་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་འགྱུར་རོ། །གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་རྫོགས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་འགྲུབ་པོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་སྤྱོད་པ་ན། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་མཉམ་པ་ནི་བུ་གཅིག་པ་དང་འདྲ་བར་འདུ་ཤེས་སོ། །གཞན་ཡང་སྦྱིན་པ་བྱིན་པ་ན་སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་སེམས་བསྐྱེད་པ་ནི་ཇི་ལྟར་ཕ་མས་བུ་གཅིག་པ་ན་བའི་ནད་གཡོག་བྱེད་པ་དང་འདྲའོ། །སྦྱིན་པ་སྤྱོད་པ་ན་སེམས་རབ་ཏུ་དགའ་བ་ནི་ཇི་ལྟར་ཕ་མས་བུའི་ནད་གསོས་པ་མཐོང་བ་དང་འདྲའོ། །སྦྱིན་པ་བྱིན་ནས་སེམས་བཏང་སྙོམས་སུ་འགྱུར་བ་ནི། དཔེར་ན། ཕ་མས་བུ་གཅིག་པ་སྐྱེད་རྫོགས་ཏེ་ཤེད་བྱེ་ནས་རང་གསོས་པར་མཐོང་བ་དང་འདྲའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་སེམས་ཀྱིས་ཁ་ཟས་ཀྱི་བག་སྦྱིན་པ་བྱིན་པ་ན་འདི་ལྟར་སྨོན་ལམ་འདེབས་ཏེ། བདག་གི་སྦྱིན་པ་བྱིན་པ་འདི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱུར་ཅིག་།དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཅན་ཐམས་ཅད་ཀྱིས་ཡེ་ཤེས་ཆེན་པོའི་ཟས་ཐོབ་ཅིང་བླ་ན་མེད་པའི་ཐེག་པ་ཆེན་པོར་བསྔོ་བ་ལ་བརྩོན་
Ka368a
༄#། །པར་གྱུར་ཅིག་།སེམས་ཅན་ཐམས་ཅད་ཀྱིས་དགེ་བའི་ཡེ་ཤེས་ཀྱི་ཟས་ཐོབ་ཅིང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཟས་ཚོལ་བར་མ་གྱུར་ཅིག་།སེམས་ཅན་ཐམས་ཅད་ཀྱིས་ཆོས་ཀྱི་དགའ་བའི་ཟས་ཐོབ་ཅིང་འདོད་པའི་ཟས་ཚོལ་བར་མ་གྱུར་ཅིག་།སེམས་ཅན་ཐམས་ཅད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཟས་ཐོབ་ཅིང་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་དང ། ཐོགས་པ་མེད་པའི་མཆོག་གི་དགེ་བའི་རྩ་བ་སྡུད་པར་གྱུར་ཅིག་།སེམས་ཅན་ཐམས་ཅད་ཀྱིས་སྟོང་པ་ཉིད་ཀྱི་མཚན་ཉིད་རྟོགས་ཤིང་ཐོགས་པ་མེད་པའི་ལུས་ཐོབ་ནས་ནམ་མཁའ་ལྟ་བུར་གྱུར་ཅིག་།སེམས་ཅན་ཐམས་ཅད་རྟག་ཏུ་སྦྱིན་པ་ལེན་པར་འགྱུར་ཞིང་ཐམས་ཅད་ལ་བྱམས་པ་དང ། བརྩེ་བ་དང ། ཀུན་གྱི་བསོད་ནམས་ཀྱི་ཞིང་དུ་གྱུར་ཅིག་།ཅེས་སྨོན་ལམ་འདེབས་སོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་སེམས་ཀྱིས་ཟས་ཀྱི་སྦྱིན་པ་བྱིན་པ་ན་སྨོན་ལམ་དེ་དག་བསྐྱེད་པ་ལ་ཤིན་ཏུ་བརྟན་པར་བྱའོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་སེམས་ཀྱིས་བཏུང་བའི་སྐོམ་སྦྱིན་པ་བྱིན་པ་ན་འདི་ལྟར་སྨོན་ལམ་འདེབས་ཏེ།་བདག་གི་སྦྱིན་པ་བྱིན་པ་འདི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱུར་ཅིག་།དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་ཆུ་བོར་འཇུག་པ་དང ། རོ་རྣམ་པ་བརྒྱད་
Ka368b
དང་ལྡན་པའི་ཆུ་འཐུང་ཞིང་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལ་བགྲོད་པ་དང ། ཉན་ཐོས་དང ། རང་སངས་རྒྱས་ཀྱི་སྐོམ་པས་གདུང་བ་སྤོང་བ་དང ། བླ་ན་མེད་པའི་སངས་རྒྱས་ཀྱི་ཐེག་པས་མི་ངོམས་པ་དང ། ཉོན་མོངས་པས་གདུང་བ་ཡོངས་སུ་སྤོང་ཞིང་ཆོས་ཀྱི་རོས་མི་ངོམས་པ་དང ། འཁོར་བའི་འདོད་པ་སྤོང་ཞིང་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ལ་མོས་པ་དང ། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་དང ། ཏིང་ངེ་འཛིན་རྣམས་ཐོབ་པ་དང ། ཤིན་ཏུ་ཟབ་པའི་ཡེ་ཤེས་ཀྱི་རྒྱ་མཚོར་ཞུགས་པར་གྱུར་ཅིག་།སེམས་ཅན་ཐམས་ཅད་ཀྱིས་བདུད་རྩིའི་རོ་མྱོང་ཞིང ། བྱང་ཆུབ་སེམས་དཔའ་འཇིག་རྟེན་དུ་བྱུང་བའི་འདོད་པ་སྤངས་ནས་རབ་ཏུ་བདེ་བའི་རོ་མྱོང་བར་གྱུར་ཅིག་།སེམས་ཅན་ཐམས་ཅད་ཀྱིས་ཆོས་ཀྱི་རོ་ཚད་མེད་པ་བརྒྱ་སྟོང་ཇི་སྙེད་དང་ལྡན་པར་འགྱུར་ཞིང་ཆོས་ཀྱི་རོ་དང་ལྡན་པར་གྱུར་ནས་སངས་རྒྱས་ཀྱི་རང་བཞིན་མཐོང་བར་གྱུར་ཅིག་།སངས་རྒྱས་ཀྱི་རང་བཞིན་མཐོང་ནས་ཆོས་ཀྱི་ཆར་རབ་ཏུ་འབེབས་པར་གྱུར་ཅིག་།ཆོས་ཀྱི་ཆར་རབ་ཏུ་ཕབ་ནས་ནམ་མཁའ་ལྟར་སངས་རྒྱས་ཀྱི་རང་བཞིན་གྱིས་ཀུན་ཏུ་ཁེབས་ཤིང་ཆད་མེད་པའི་སེམས་ཅན་ཐམས་ཅད་ཀྱིས་ཉན་ཐོས་དང་རང་སངས་ཀྱི་རོ་མ་ཡིན་པ། ཐེག་པ་ཆེན་པོའི་ཆོས་ཀྱི་རོ་གཅིག་པ་ཐོབ་པར་གྱུར་ཅིག་།སེམས་ཅན་ཐམས་ཅད་ཀྱིས་རྣམ་པ་དྲུག་ཏུ་གྱུར་པའི་རོ་མ་ཡིན་པ་མངར་བའི་རོ་གཅིག་པ་ཐོབ་པར་གྱུར་
Ka369a
༄#། །ཅིག། སེམས་ཅན་ཐམས་ཅད་ཀྱིས་ཆོས་ཀྱི་རོ་འབའ་ཞིག་ཚོལ་ཞིང་ཐོགས་པ་མེད་པའི་སངས་རྒྱས་ཀྱི་ཆོས་སྤྱོད་པའི་རོ་ལས་རོ་གཞན་ཚོལ་བར་མ་གྱུར་ཅིག་།རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་སེམས་ཀྱིས་བཏུང་བའི་སྐོམ་སྦྱིན་པ་བྱིན་པ་ན་སྨོན་ལམ་འདི་དག་ལ་ཤིན་ཏུ་བརྟན་པར་བྱའོ། ། རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱམས་པའི་སེམས་ཀྱིས་ཐེག་པ་སྦྱིན་པ་བྱིན་པ་ན། འདི་ལྟར་སྨོན་ལམ་འདེབས་སོ། །བདག་གིས་སྦྱིན་པ་བྱིན་པ་འདི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱུར་ཅིག་།དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་རྫོགས་པ་དང ། ཐེག་པ་ཆེན་པོ་ལ་གནས་པ་དང ། ཕྱིར་མི་ལྡོག་པའི་ཐེག་པ་དང ། མི་གཡོ་བའི་ཐེག་པ་དང ། རྡོ་རྗེ་གདན་གྱི་ཐེག་པ་དང ། ཉན་ཐོས་དང ། རང་སངས་རྒྱས་མི་ཚོལ་བའི་ཐེག་པ་དང ། སངས་རྒྱས་ཀྱི་ཐེག་པ་ལ་འབབ་པ་དང ། མི་ཕྲོགས་པའི་ཐེག་པ་དང ། མི་ཞན་པའི་ཐེག་པ་དང ། ཕྱིར་མི་ནུར་བའི་ཐེག་པ་དང ། བླ་ན་མེད་པའི་ཐེག་པ་དང ། སྟོབས་བཅུའི་ཐེག་པ་དང ། ཡོན་ཏན་ཆེན་པོའི་ཐེག་པ་དང ། རྨད་དུ་བྱུང་བའི་ཐེག་པ་དང ། ངོ་མཚར་ཆེ་བའི་ཐེག་པ་དང ། ཤིན་ཏུ་རྙེད་དཀའ་བའི་ཐེག་པ་དང ། མཐའ་ཡས་པའི་ཐེག་པ་དང ། ཐམས་ཅད་མཁྱེན་པའི་ཐེག་པས་བཏེག་པར་
Ka369b
གྱུར་ཅིག་།རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་སེམས་ཀྱིས་ཐེག་པ་སྦྱིན་པ་བྱིན་པ་ན་རྟག་ཏུ་སྨོན་ལམ་དེ་དག་བསྐྱེད་པ་ལ་བརྟན་པར་བྱའོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགོ་བའི་གོས་སྦྱིན་པ་བྱིན་པ་ན། འདི་ལྟར་སྨོན་ལམ་འདེབས་སོ། །བདག་གིས་སྦྱིན་པ་བྱིན་པ་འདི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱུར་ཅིག་།དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཅན་ཐམས་ཅད་འཛེམ་པ་དང་ངོ་ཚ་བའི་གོས་དང་ལྡན་ཞིང ། ཆོས་ཀྱི་དབྱིངས་ཀྱིས་ལུས་ཁེབས་ནས་ལྟ་བ་མང་པོས་གླགས་པའི་གོས་དྲལ་བ་དང ། གོས་ཀྱིས་ལུས་ལ་ཁྲུ་གང་གིས་མི་རེག་པ་དང ། གསེར་གྱི་མདོག་ཅན་གྱི་ལུས་ཐོབ་པ་དང ། རེག་བྱ་རྣམས་ཤིན་ཏུ་འཇམ་པ་དང ། འོད་གསལ་ཞིང་ཐོགས་པ་མེད་པ་དང ། མདོག་འཚེར་ཅིང་ཕགས་པ་འཇམ་ལ་འོད་རྟག་ཏུ་ཚད་མེད་པ་དང ། གཟུགས་མེད་ཅིང་གཟུགས་དང་བྲལ་བར་གྱུར་ཅིག་།སེམས་ཅན་ཐམས་ཅད་ཀྱིས་གཟུགས་མེད་པའི་ལུས་ཐོབ་ཅིང་གཟུགས་ཐམས་ཅད་ལས་འདས་པ་དང ། གཟུགས་མེད་པའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་ཞུགས་པར་གྱུར་ཅིག་།ཅེས་སྨོན་ལམ་འདེབས་སོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོས་ཀྱི་སྦྱིན་པ་བྱིན་པ་ན། དེ་ལྟར་སྨོན་ལམ་བསྐྱེད་པ་ལ་བརྟན་པར་བྱའོ། །རིགས་
Ka370a
༄#། །ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྒོམ་པ་ན། མེ་ཏོག་དང ། བྱུག་སྤོས་དང ། སྤོས་ཕྱེ་མ་དང ། བསུང་ཅན་སྦྱིན་པ་བྱིན་པའི་ཚེ་འདི་ལྟར་སྨོན་ལམ་འདེབས་སོ། །བདག་གིས་སྦྱིན་པ་བྱིན་པ་འདི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱུར་ཅིག་།དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀུ་སུ་མའི་ཏིང་ངེ་འཛིན་ཐོབ་ཅིང ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ཅོད་པན་མགོ་ལ་ཐོགས་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་གཟུགས་ཟླ་བ་ཉ་བ་དང་འདྲ་བར་འགྱུར་ཞིང ། མཐོང་བའི་གཟུགས་ཐམས་ཅད་ཀྱང་ཕུལ་དུ་གྱུར་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་ཀྱིས་མཚན་ཉིད་གཅིག་པའི་བསོད་ནམས་བརྒྱས་ཡོངས་སུ་བརྒྱན་པར་ཤོག་ཅིག་སེམས་ཅན་ཐམས་ཅད་ཀྱིས་ཡིད་བཞིན་དུ་ཡིད་དུ་འོང་བའི་གཟུགས་མཐོང་བར་ཤོག་ཅིག་།སེམས་ཅན་ཐམས་ཅད་ཀྱིས་རྟག་ཏུ་དགེ་བའི་བཤེས་གཉེན་དང་ཕྲད་ཅིང་ཐོགས་པ་མེད་པའི་གསུང་ཐོབ་ནས། མི་གཙང་བ་རྣམས་དང་བྲལ་བར་ཤོག་ཅིག་།སེམས་ཅན་ཐམས་ཅད་ཀྱིས་དགེ་བའི་རྩ་བ་བླ་ན་མེད་པ་རིན་པོ་ཆེ་ལྟ་བུ་དང་ལྡན་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་གཅིག་ལ་གཅིག་མཐོང་བ་ཙམ་གྱིས་དགའ་ཞིང་མཛའ་བ་དང ། སྡུག་བསྔལ་བར་འགྱུར་བའི་མྱ་ངན་མེད་པ་དང ། སོ་སོར་དགེ་བ་དང་ལྡན་ཞིང་གཅིག་ལ་གཅིག་མི་
Ka370b
གནོད་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་ཚུལ་ཁྲིམས་ཀྱི་བསུང་དང་ལྡན་པར་ཤོག་ཅིག་དང ། སེམས་ཅན་ཐམས་ཅད་ཐོགས་པ་མེད་པའི་ཚུལ་ཁྲིམས་བསྲུང་ཞིང ། དེའི་དྲི་བསུང་གིས་ཕྱོགས་བཅུར་ཡོངས་སུ་མངད་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་ཤིན་ཏུ་བརྟན་པའི་ཚུལ་ཁྲིམས་དང ། འགྱོད་པ་མེད་པའི་ཚུལ་ཁྲིམས་དང ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚུལ་ཁྲིམས་དང ། ཚུལ་ཁྲིམས་ངན་པ་ཡོངས་སུ་སྤངས་པའི་ཚུལ་ཁྲིམས་དང ། ཐམས་ཅད་མེད་པའི་ཚུལ་ཁྲིམས་དང་སྔོན་མ་བྱུང་བའི་ཚུལ་ཁྲིམས་དང ། མཁན་པོ་མེད་པའི་ཚུལ་ཁྲིམས་དང ། བྱ་བ་མེད་པའི་ཚུལ་ཁྲིམས་དང ། གདུང་བ་མེད་པའི་ཚུལ་ཁྲིམས་དང ། ཉོན་མོངས་པ་མེད་པའི་ཚུལ་ཁྲིམས་དང ། མཐར་ཕྱིན་པའི་ཚུལ་ཁྲིམས་དང ། མཉམ་པའི་ཚུལ་ཁྲིམས་དང་ལྡན་ཞིང ། སྤོས་ཀྱི་ལྡེ་གུས་ལུས་ལ་བྱུག་པ་དང ། མཚོན་གྱིས་འདེབས་ཤིང་འཛུགས་པ་ལ་མཉམ་པར་བྱམས་སྡང་མེད་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཚུལ་ཁྲིམས་ཐོབ་པ་དང ། ཐེག་པ་ཆུང་ངུའི་ཚུལ་ཁྲིམས་མ་ཡིན་པ་ཐེག་པ་ཆེན་པོའི་ཚུལ་ཁྲིམས་དང་ལྡན་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལྷུན་གྱིས་གྲུབ་པའི་ཚུལ་ཁྲིམས་དང་ལྡན་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་སྦྱིན་པ་དང ། ཚུལ་
Ka371a
༄#། །ཁྲིམས་དང ། བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་ལ་གོམས་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་པདྨོ་དམ་པ་དང་ལྡན་ཞིང ། པདྨོའི་དྲི་བསུང་གིས་ཕྱོགས་བཅུར་ཡོངས་སུ་མངད་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་བླ་ན་མེད་པའི་ཟས་བསུང་ཅན་དང་ལྡན་ཞིང ། ཇི་ལྟར་བུང་བ་དག་མེ་ཏོག་གི་ཁ་དོག་དང་བསུང་ལ་མི་གནོད་པ་ལྟར་སེམས་ཅན་ཐམས་ཅད་ཡོན་ཏན་ཚད་མེད་པ་ལས་གྲུབ་པའི་ལས་དང་ལྡན་པར་ཤོག་ཅིག་།ཅེས་སྨོན་ལམ་འདེབས་སོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་སེམས་ཀྱིས་མེ་ཏོག་དང་སྤོས་ཀྱི་སྦྱིན་པ་བྱིན་པ་ན་རྟག་ཏུ་སྨོན་ལམ་འདི་དག་གདབ་པ་ལ་བརྟན་པར་བྱའོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་སེམས་ཀྱིས་ཁྲི་སྟན་དང་གདིང་བ་སྦྱིན་པ་བྱིན་པ་ན་འདི་ལྟར་སྨོན་ལམ་འདེབས་སོ། །བདག་གིས་སྦྱིན་པ་བྱིན་པ་འདི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱུར་ཅིག་།དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཅན་ཐམས་ཅད་ལྷའི་ལྷ་ཉལ་བའི་ཁྲི་དང་ལྡན་པར་གྱུར་ཅིག་།ཤེས་རབ་ཆེན་པོ་དང་ལྡན་ཞིང་བསམ་གཏན་བཞིའི་གནས་ལ་འདུག་པ་དང ། བྱང་ཆུབ་སེམས་དཔའ་ཉལ་བའི་ཁྲི་སྟན་ལ་
Ka371b
ཉལ་བ་དང ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཁྲི་སྟན་ལ་མི་ཉལ་བ་དང ། ངན་པས་ཉལ་བའི་ཁྲི་སྟན་ཡོངས་སུ་སྤོང་བར་ཤོག་ཅིག་།སེམས་ཅན་ཐམས་ཅད་ཤིན་ཏུ་བདེ་བར་ཉལ་ཞིང ། འཁོར་བའི་ཁྲི་སྟན་ཡོངས་སུ་སྤངས་ཏེ། ཡོངས་སུ་མྱ་ངན་ལས་འདས་པ་སེང་གེའི་ཁྲི་སྟན་དང་ལྡན་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་ཁྲི་སྟན་དེ་ལ་འདུག་ནས་ཀྱང་དེ་མ་ཡིན་པའི་སེམས་ཅན་ཚད་མེད་པ་གཞན་ལའང་མངོན་པར་ཤེས་པ་སེང་གེ་རྣམ་པར་རོལ་པ་མངོན་དུ་སྟོན་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་གཞལ་མེད་ཁང་ཆེན་པོ་འདི་ལ་གནས་ནས་སེམས་ཅན་ཐམས་ཅད་ལའང་སངས་རྒྱས་ཀྱི་རང་བཞིན་སྟོན་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཁྲི་སྟན་ལ་འདུག་ནས་འཇིག་རྟེན་གྱི་ཆོས་ཀྱིས་མི་འཕྲོགས་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་བཟོད་པའི་ཁྲི་སྟན་ཐོབ་ནས་འཁོར་བའི་བཀྲེས་གྲང་གི་མུ་གེ་ལས་བྲལ་བར་ཤོག་ཅིག་།སེམས་ཅན་ཐམས་ཅད་འཇིགས་པ་མེད་པའི་ཁྲི་སྟན་ཐོབ་ནས་ཉོན་མོངས་པའི་དགྲ་ཐམས་ཅད་སྤོང་བར་ཤོག་ཅིག་།སེམས་ཅན་ཐམས་ཅད་རྣམ་པར་དག་པའི་ཁྲི་སྟན་ཐོབ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འབའ་ཞིག་ལ་བརྩོན་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་དགེ་བ་ལ་གནས་པའི་ཁྲི་སྟན་ཐོབ་ནས་རྟག་ཏུ་དགེ་བའི་བཤེས་གཉེན་གྱིས་སྐྱོབ་པར་ཤོག་ཅིག་།སེམས་ཅན་ཐམས་
Ka372a
༄#། །ཅད་གློ་གཡས་པས་ཉལ་བའི་ཁྲི་སྟན་ཐོབ་ནས་སངས་རྒྱས་རྣམས་ཀྱིས་མཛད་པའི་ཆོས་ལ་གནས་པར་ཤོག་ཅིག་།ཅེས་སྨོན་ལམ་འདེབས་སོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་བྱམས་པའི་སེམས་ཀྱིས་ཁྲི་སྟན་དང་གདིང་བ་སྦྱིན་པ་བྱིན་པ་ན་དེ་ལྟར་སྨོན་ལམ་གདབ་པ་ལ་བརྟན་པར་བྱའོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་སེམས་ཀྱིས་ཁང་ཁྱིམ་གྱི་སྦྱིན་པ་བྱིན་པ་ན་འདི་ལྟར་སྨོན་ལམ་འདེབས་སོ། །བདག་གིས་སྦྱིན་པ་བྱིན་པ་འདི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱུར་ཅིག་།དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་ཁང་པར་གནས་ཤིང་དགེ་བའི་བཤེས་གཉེན་དག་སྤྱོད་པ་ལ་ནན་ཏན་དུ་སྤྱོད་པ་དང ། སྙིང་རྗེ་ཆེན་པོ་ལ་ནན་ཏན་དུ་བྱེད་པ་དང ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ནན་ཏན་དུ་སྤྱོད་པ་དང ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཛད་པ་ལ་སྤྱོད་པ་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྤྱོད་པའི་ལམ་ལ་སྤྱོད་པ་དང ། ནམ་མཁའ་ལྟར་མཐའ་ཡས་ཤིང་རྒྱ་ཆེ་བ་ལ་སྤྱོད་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་ཡང་དག་པའི་དྲན་པ་དང་ལྡན་ཞིང་ངན་པར་རྟོག་པ་ཡོངས་སུ་སྤོང་བར་ཤོག་ཅིག་།སེམས་ཅན་ཐམས་ཅད་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་
Ka372b
བ་ལ་བདེ་བར་གནས་ཤིང་ཕྱིན་ཅི་ལོག་བཞི་ཡོངས་སུ་སྤོང་བར་ཤོག་ཅིག་།སེམས་ཅན་ཐམས་ཅད་འཇིག་རྟེན་ལས་འདས་པའི་ཡི་གེ་དང་འབྲུ་འཛིན་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་བླ་ན་མེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྣོད་དུ་ངེས་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་བདུད་རྩིའི་ཁང་པར་འཇུག་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་ཐོག་མ་དང ། བར་མ་དང ། ཐ་མའི་སེམས་ཀུན་གྱིས་རྟག་ཏུ་ཡོངས་སུ་མྱ་ངན་ལས་འདས་པའི་ཁང་པར་ཞུགས་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་མ་འོངས་པའི་དུས་སུ་བྱང་ཆུབ་སེམས་དཔའི་གཞལ་མེད་ཁང་དུ་རྟག་ཏུ་གནས་པར་ཤོག་ཅིག་།ཅེས་སྨོན་ལམ་འདེབས་སོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་ཅན་ཆེན་པོས་བྱམས་པའི་སེམས་ཀྱིས་གནས་པའི་ཁང་ཁྱིམ་སྦྱིན་པ་བྱིན་པ་ན་རྟག་ཏུ་སྨོན་ལམ་འདི་དག་བསྐྱེད་པ་ལ་བརྟན་པར་བྱའོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་སེམས་ཀྱིས་མར་མེའི་སྣང་བ་སྦྱིན་པ་བྱིན་པ་ན་འདི་ལྟར་སྨོན་ལམ་འདེབས་སོ། །བདག་གིས་སྦྱིན་པ་བྱིན་པ་འདི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱུར་ཅིག་།དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཅན་ཐམས་ཅད་ཚད་མེད་པའི་འོད་དང་ལྡན་ཞིང་སངས་རྒྱས་ཀྱི་ཆོས་ལ་བདེ་བར་གནས་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་རྟག་ཏུ་སྣང་བས་ཀུན་ཏུ་གསལ་བར་ཤོག་ཅིག་།སེམས་
Ka373a
༄#། །ཅན་ཐམས་ཅད་མདོག་དམ་པ་དང་ལྡན་ཏེ་ཕུལ་དུ་གྱུར་པའི་མདོག་འཚེར་བ་དང་ལྡན་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་མིག་དང་ལྡན་ཏེ་ལྡོངས་པའི་རབ་རིབ་ཆོད་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྒྲོན་མ་དང་ལྡན་ཏེ། བདག་མེད་པ་དང ། སེམས་ཅན་མེད་པ་དང ། གང་ཟག་མེད་པ་དང ། སྲོག་མེད་པ་ལ་ཤིན་ཏུ་མཁས་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ཡོངས་སུ་དག་པ་ནམ་མཁའ་ལྟ་བུར་མཐོང་བར་ཤོག་ཅིག་།སེམས་ཅན་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་མིག་དང་ལྡན་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱང་གསལ་བར་མཐོང་བར་ཤོག་ཅིག་།སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་འོད་དང་ལྡན་ཏེ་ཕྱོགས་བཅུར་སྣང་བར་ཤོག་ཅིག་།སེམས་ཅན་ཐམས་ཅད་ཐོགས་པ་མེད་པའི་མིག་དང་ལྡན་ཏེ། ཐམས་ཅད་ཀྱིས་སངས་རྒྱས་ཀྱི་རང་བཞིན་ཡོངས་སུ་དག་པ་མཐོང་བར་ཤོག་ཅིག་།སེམས་ཅན་ཐམས་ཅད་ཡེ་ཤེས་ཆེན་པོའི་སྣང་བ་ཐོབ་ཅིང་མུན་པ་ཐམས་ཅད་དང་ལོག་སྲེག་ཅན་ཐམས་ཅད་བཅོམ་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་ཚད་མེད་པའི་འོད་དང་ལྡན་ཞིང་ཆད་མེད་པའི་སངས་རྒྱས་ཀྱི་ཞིང་ཀུན་སྣང་བར་ཤོག་ཅིག་།སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་སྒྲོན་མེ་འཛུགས་ཤིང ། །ཐེག་པ་ཆུང་ངུ་གཉིས་ཀྱི་སྒྲོན་མེ་སྤོང་བར་ཤོག་
Ka373b
ཅིག་།སེམས་ཅན་ཐམས་ཅད་སྣང་བའི་འོད་དང་ལྡན་ཞིང ། མ་རིག་པའི་མུན་པ་བསལ་ནས་ཉི་མ་སྟོང་པས་ལྷག་པའི་ཀུན་ཏུ་སྣང་བའི་ཡོན་ཏན་དང་ལྡན་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་ཚད་མེད་པའི་མེའི་འོད་ཀྱི་ནོར་བུ་ཞེས་བྱ་བའི་སྣང་བ་ཐོབ་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་ཀྱི་མུན་པ་ནག་ཐམས་ཅད་བསལ་བར་ཤོག་ཅིག་།སེམས་ཅན་ཐམས་ཅད་སྤྱན་ལྔ་དང་ལྡན་ཏེ། ཆོས་རྣམས་ཀྱི་མཚན་ཉིད་རྟོགས་པ་དང ། སྟོན་པ་མི་དགོས་པར་རང་གིས་རིག་པར་ཤོག་ཅིག་།སེམས་ཅན་ཐམས་ཅད་མ་རིག་པ་ལ་མི་ལྟ་བར་ཤོག་ཅིག་།སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡང་དག་པར་སྟོན་པར་ཤོག་ཅིག་།ཅེས་སྨོན་ལམ་འདེབས་སོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་སེམས་ཀྱིས་མར་མེའི་སྣང་བ་སྦྱིན་པ་བྱིན་པ་ན་རྟག་ཏུ་སྨོན་ལམ་འདི་དག་བསྐྱེད་པ་ལ་བརྟན་པར་བྱའོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་རྩ་གཅིག་པ། རིགས་ཀྱི་བུ། ཉན་ཐོས་དང ། རང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་དང ། བཅོམ་ལྡན་འདས་རྣམས་ཀྱིས་དགེ་བའི་རྩ་བར་འགྱུར་བའི་གཞི་ནི་བྱམས་པ་ཡིན་ནོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་སེམས་ལ་ནན་ཏན་བྱེད་པ་ན་ཚད་མེད་པའི་དགེ་བའི་རྩ་བ་འདི་དག་སྐྱེ་བར་
Ka374a
༄#། །འགྱུར་རོ། །འདི་ལྟ་སྟེ། མི་སྡུག་པ་ལ་རྟོག་པ་དང ། དབུགས་ཕྱི་ནང་དུ་རྒྱུ་བ་བགྲང་བ་དང ། མི་རྟག་པ་དང ། འགོག་པ་དང ། དྲན་པ་ཉེ་བར་གཞག་པ་བཞི་དང་ཐབས་མཁས་པ་བདུན་དང ། རྟོག་པའི་གནས་གསུམ་དང ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་དང ། བདག་མེད་པ་ལ་སོགས་པ་རྟོག་པ་དང ། དྲོད་དང ། སྤྱི་བོ་དང ། བཟོད་པ་དང ། འཇིག་རྟེན་མཆོག་གི་ཆོས་དང ། མཐོང་བའི་ལམ་དང ། བསྒོམ་པའི་ལམ་དང ། ཡང་དག་པར་སྤོང་བ་དང ། རྫུ་འཕྲུལ་གྱི་རྐང་པ་དང ། དབང་པོ་དང ། སྟོབས་དང ། བྱང་ཆུབ་ཀྱི་ཡན་ལག་བདུན་དང ། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་དང ། བསམ་གཏན་བཞི་དང ། ཚད་མེད་པ་བཞི་དང ། རྣམ་པར་ཐར་པ་བརྒྱད་དང ། མཆོག་གི་གནས་བརྒྱད་དང ། ཐམས་ཅད་འཇུག་པ་བཅུ་དང ། སྟོང་པ་ཉིད་དང ། མཚན་མེད་པ་དང ། སྨོན་པ་མེད་པ་དང ། རྩོད་པ་མེད་པའི་ཏིང་ངེ་འཛིན་དང ། ཕ་རོལ་པོའི་སེམས་ཤེས་པའི་ཡེ་ཤེས་དང ། མངོན་པར་ཤེས་པ་རྣམས་དང ། ཐོག་མའི་མཐའ་ཤེས་པའི་ཡེ་ཤེས་དང ། ཉན་ཐོས་ཀྱི་ཡེ་ཤེས་དང ། རང་སངས་རྒྱས་ཀྱི་ཡེ་ཤེས་དང ། བྱང་ཆུབ་སེམས་དཔའི་ཡེ་ཤེས་དང ། སངས་རྒྱས་ཀྱི་ཡེ་ཤེས་ལ་སོགས་པ་ཆོས་དེ་དག་ཐམས་ཅད་ཀྱི་གཞིར་འགྱུར་པ་ནི་བྱམས་པ་ཡིན་ནོ། །རིགས་ཀྱི་བུ། དེ་བས་ན་བྱམས་པ་ནི་ཡང་དག་པར་བདེན་པ་སྟེ།
Ka374b
རྫུན་པ་མ་ཡིན་ནོ། །རིགས་ཀྱི་བུ། ཅི་སྟེ་གཅིག་གིས་དགེ་བའི་རྩ་བ་ཐམས་ཅད་ཀྱི་གཞིར་འགྱུར་བ་གང་ཡིན་ཞེས་འདྲི་ན། བྱམས་པ་ཡིན་ནོ་ཞེས་གྱིས་ཤིག་།དེ་བས་ན་ཡང་དག་པ་སྟེ། རྫུན་པ་མ་ཡིན་ནོ། །རིགས་ཀྱི་བུ། དགེ་བར་འགྱུར་པ་ནི་ཡང་དག་པར་སེམས་པའོ། །ཡང་དག་པར་སེམས་པ་ནི་བྱམས་པའོ། །བྱམས་པ་ནི་དེ་བཞིན་གཤེགས་པའོ། །བྱམས་པ་ནི་ཐེག་པ་ཆེན་པོའོ། །ཐེག་པ་ཆེན་པོ་ནི་བྱམས་པའོ། །བྱམས་པ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ། བྱམས་པ་ནི་བྱང་ཆུབ་ཀྱི་ལམ་མོ། །བྱང་ཆུབ་ཀྱི་ལམ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ནི་བྱམས་པའོ། །རིགས་ཀྱི་བུ། བྱམས་པ་ནི་ཚངས་པ་ཆེན་པོའོ། །ཚངས་པ་ཆེན་པོ་ནི་བྱམས་པའོ། །བྱམས་པ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ། །བྱམས་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཕ་མ་ལྟ་བུ་ཡིན་ནོ། །ཕ་མ་ནི་བྱམས་པའོ། །བྱམས་པ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ། བྱམས་པ་ནི་བསམ་གྱིས་ཁྱབ་པའོ། །བསམ་གྱིས་མི་ཁྱབ་པ་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ལོ། །སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ནི་བྱམས་པའོ། །དེ་བས་ན་བྱམས་པ་ནི་དེ་བཞིན་གཤེགས་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། བྱམས་པ་ནི་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནོ། །དེ་ལྟར་སངས་རྒྱས་ཀྱི་རང་བཞིན་དེའང་ཡུན་རིང་པོ་ནས་ཉོན་མོངས་པ་ཟིལ་གྱིས་གནང་ཏེ་བསྒྲིབས་པས་སེམས་ཅན་རྣམས་ཀྱིས་མཐོང་ངོ ། །དེ་
Ka375a
༄#། །ལྟར་སངས་རྒྱས་ཀྱི་རང་བཞིན་ནི་བྱམས་པའོ། །བྱམས་པ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ། བྱམས་པ་ནི་སྟོང་པ་ཆེན་པོའོ། །སྟོང་པ་ཆེན་པོ་ནི་བྱམས་པ་ཆེན་པོའོ། །བྱམས་པ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ། བྱམས་པ་ནི་ནམ་མཁའོ། །ནམ་མཁའ་ནི་བྱམས་པའོ། །བྱམས་པ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ། བྱམས་པ་ནི་རྟག་པའོ། །རྟག་པ་ནི་ཆོས་སོ། །ཆོས་ནི་དགེ་འདུན་ནོ། །དགེ་འདུན་ནི་བྱམས་པའོ། །བྱམས་པ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ། བྱམས་པ་ནི་བདེ་བའོ། ། བདེ་བ་ནི་ཆོས་སོ། །ཆོས་ནི་དགེ་འདུན་ནོ། །དགེ་འདུན་ནི་བྱམས་པའོ། །བྱམས་པ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ། བྱམས་པ་ནི་ཡོངས་སུ་དག་པའོ། །ཡོངས་སུ་དག་པ་ནི་ཆོས་སོ། །ཆོས་ནི་དགེ་འདུན་ནོ། །དགེ་འདུན་ནི་བྱམས་པའོ། །བྱམས་པ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ། བྱམས་པ་ནི་བདག་ཅེས་བྱའོ། །བདག་ནི་ཆོས་སོ། །ཆོས་ནི་དགེ་འདུན་ནོ། །དགེ་འདུན་ནི་བྱམས་པའོ། །བྱམས་པ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ། བྱམས་པ་ནི་བདུད་རྩིའོ། །བདུད་རྩི་ནི་བྱམས་པའོ། །བྱམས་པ་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །སངས་རྒྱས་ཀྱི་རང་བཞིན་ནི་ཆོས་སོ། །ཆོས་ནི་དགེ་འདུན་ནོ། །དགེ་འདུན་ནི་བྱམས་པའོ། །བྱམས་པ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ། བྱམས་པ་ནི་བྱང་ཆུབ་སེམས་
Ka375b
དཔའ་ཐམས་ཅད་ཀྱི་བླ་ན་མེད་པའི་བྱང་ཆུབ་བོ། །བྱང་ཆུབ་ནི་བྱམས་པའོ། །བྱམས་པ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ། བྱམས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ཚད་མེད་པའི་སྤྱོད་ཡུལ་ལོ། །ཚད་མེད་པའི་སྤྱོད་ཡུལ་ནི་བྱམས་པའོ། །དེ་བས་ན་བྱམས་པ་ནི་དེ་བཞིན་གཤེགས་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། བྱམས་པ་ནི་མི་རྟག་པའོ། །མི་རྟག་པ་ནི་བྱམས་པའོ། །བྱམས་པ་འདི་ནི་ཉན་ཐོས་ཀྱི་བྱམས་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། བྱམས་པ་དེ་སྡུག་བསྔལ་བ་ཡིན་ན་སྡུག་བསྔལ་བ་ནི་བྱམས་པ་ཡིན་ནོ། ། དེ་བས་ན་བྱམས་པ་དེ་ནི་ཉན་ཐོས་ཀྱི་བྱམས་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། བྱམས་པ་ཡོངས་སུ་མ་དག་པ་ཡིན་ན་ཡོངས་སུ་དག་པའི་བྱམས་པའོ་།དེ་བས་ན་བྱམས་པ་དེ་ནི་ཉན་ཐོས་ཀྱི་བྱམས་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། བྱམས་པ་ནི་བདག་མེད་པ་ཡིན་ནོ། །བདག་མེད་པ་ནི་བྱམས་པའོ། །དེ་བས་ན་བྱམས་པ་དེ་ནི་ཉན་ཐོས་ཀྱི་བྱམས་པའོ། ། རིགས་ཀྱི་བུ། བྱམས་པ་ནི་མི་བདེན་པའོ། །མི་བདེན་པ་ནི་བྱམས་པའོ། །བྱམས་པ་དེ་ནི་ཉན་ཐོས་ཀྱི་བྱམས་པའོ། །རིགས་ཀྱི་བུ། ཉན་ཐོས་ཀྱི་བྱམས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ན། སྦྱིན་པ་ནི་བྱམས་པ་མ་ཡིན་ཏེ། བྱམས་པ་དེ་ནི་ཉན་ཐོས་ཀྱི་བྱམས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུའང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །རིགས་ཀྱི་བུ།
Ka376a
༄#། །བྱམས་པ་གང་ཞིག་སེམས་ཅན་ལ་ཕན་མི་ཐོགས་ན་བྱམས་པ་དེ་ནི་ཉན་ཐོས་ཀྱི་བྱམས་པའོ། །རིགས་ཀྱི་བུ། བྱམས་པ་གང་ཞིག་མཚན་ཉིད་གཅིག་པའི་ལམ་ལ་མ་ཞུགས་ན་བྱམས་པ་དེ་ནི་ཉན་ཐོས་ཀྱི་བྱམས་པའོ། །རིགས་ཀྱི་བུ། བྱམས་པ་གང་ཞིག་ཆོས་ཐམས་ཅད་མངོན་པར་མ་རྟོགས་ན་བྱམས་པ་དེ་ནི་ཉན་ཐོས་ཀྱི་བྱམས་པའོ། །རིགས་ཀྱི་བུ།་བྱམས་པ་གང་ཞིག་དེ་བཞིན་གཤེགས་པའི་སྙིང་པོ་མི་མཐོང་ན་བྱམས་པ་དེ་ནི་ཉན་ཐོས་ཀྱི་བྱམས་པའོ། །རིགས་ཀྱི་བུ། བྱམས་པ་གང་ཞིག་ཆོས་ཐམས་ཅད་ཡོད་པའི་མཚན་ཉིད་དུ་མི་མཐོང་ན་བྱམས་པ་དེ་ནི་ཉན་ཐོས་ཀྱི་བྱམས་པའོ། །རིགས་ཀྱི་བུ། ཅི་སྟེ་བྱམས་པ་ཟག་པ་དང་བཅས་ན་ཟག་པ་དང་བཅས་པའི་བྱམས་པ་དེ་ནི་ཉན་ཐོས་ཀྱི་བྱམས་པའོ། ། རིགས་ཀྱི་བུ། ཅི་སྟེ་བྱམས་པ་འདུས་བྱས་དང་བཅས་ན་འདུས་བྱས་དང་བཅས་པའི་བྱམས་པ་དེ་ནི་ཉན་ཐོས་ཀྱི་བྱམས་པའོ། །རིགས་ཀྱི་བུ། ཅི་སྟེ་བྱམས་པས་དང་པོ་ལ་མི་གནས་ན་ས་དང་པོའི་བྱམས་པ་མ་ཡིན་ཏེ། དེ་ནི་ཉན་ཐོས་ཀྱི་བྱམས་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། ཅི་སྟེ་བྱམས་པས་སངས་རྒྱས་ཀྱི་སྟོབས་བཅུ་དང ། མི་འཇིགས་པ་བཞི་ཐོབ་པར་མི་ནུས་ན་བྱམས་པ་དེ་ནི་ཉན་ཐོས་ཀྱི་བྱམས་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། བྱམས་པ་གང་གིས་དགེ་སྦྱོང་གི་འབྲས་བུ་ཐོབ་པར་འགྱུར་བའི་བྱམས་པ་དེ་ནི་ཉན་ཐོས་ཀྱི་
Ka376b
བྱམས་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། བྱམས་པ་གང་ཞིག་ཡོད་པ་དང ། མེད་པ་དང ། ཡོད་པའང་མ་ཡིན་མེད་པའང་མ་ཡིན་པ་དང་བཅས་པ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ཐམས་ཅད་ཀྱིས་དཔག་ནུས་པ་མ་ཡིན་ནོ། །རིགས་ཀྱི་བུ། ཅི་སྟེ་བྱམས་པ་བསམ་གྱིས་མི་ཁྱབ་ན་ཆོས་ཀྱང་བསམ་གྱིས་མི་ཁྱབ་བོ། །སངས་རྒྱས་ཀྱི་རང་བཞིན་ཡང་བསམ་གྱིས་མི་ཁྱབ་བོ། །དེ་བཞིན་གཤེགས་པའང་བསམ་གྱིས་མི་ཁྱབ་བོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ལ་\?\་པ་ནི་བྱམས་པ་དེ་ལྟ་བུ་དག་ལ་ནན་ཏན་བྱེད་དོ། །གཉིད་ཀྱི་བདེ་བ་ལ་གནས་ཀྱང་རྟག་ཏུ་བརྩོན་འགྲུས་རྩོམ་པས་གཉིད་ཀྱིས་ཟིལ་གྱིས་མི་ནོན་ནོ། །རྟག་ཏུ་སད་མོད་ཀྱི་གཉིད་མེད་པའི་ཕྱིར་སད་པའང་མེད་དོ།། གཉིད་ཀྱི་ནང་ན་ལྷ་རྣམས་ཡོངས་སུ་བསྲུང་མོད་ཀྱི། སྡིག་པ་མི་སྤྱོད་པས་ན་བསྲུང་བའང་མེད་དོ། །གཉིད་དང་ཡོངས་སུ་བྲལ་བས་རྨི་ལམ་ངན་པའམ། མི་དགེ་བར་འགྱུར་བ་གང་ཡང་མེད་དོ། །ཚངས་པའི་ལྷར་སྐྱེས་མོད་ཀྱི། དབང་དུ་གྱུར་བས་ན་སྐྱེ་བའང་མེད་དོ། །རིགས་ཀྱི་བུ། གང་བྱམས་པ་ལ་ནན་ཏན་བྱེད་པ་དེ་ནི་དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར་རོ། །རིགས་ཀྱི་བུ། ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་དམ་པ་འདི་ཡང་དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་ནོ། །སངས་
Ka377a
༄#། །རྒྱས་བཅོམ་ལྡན་འདས་ཀྱང་དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་མཐའ་ཡས་པ་དང་ལྡན་ནོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། ཅི་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཇི་ཙམ་ཡིད་ལ་བགྱིད་པ་དེ་དག་ཐམས་ཅད་ཡང་དག་པར་བདེན་པ་ལགས་ལ། ཉན་ཐོས་དང ། རང་སངས་རྒྱས་ཀྱི་བདེན་པ་ཡང་དག་པ་མ་ལགས་ན། ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐུ་སྟོབས་ཀྱིས་སེམས་ཅན་ཐམས་ཅད་མཚུངས་བར་བདེ་བ་མྱོང་བར་མི་མཛད། དེ་ལྟར་སེམས་ཅན་ཐམས་ཅད་ཡང་དག་པར་བདེ་བ་མི་མྱོང་བས་ན་བྱང་ཆུབ་སེམས་དཔའ་བྱམས་པའི་སེམས་ལ་ནན་ཏན་བགྱིད་པ་ནི་ཕན་པ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའི་བྱམས་པ་ནི་ཕན་པར་མི་འགྱུར་བ་མ་ཡིན་ཏེ། རིགས་ཀྱི་བུ། སེམས་ཅན་ཁ་ཅིག་ནི་ངེས་པར་སྡུག་བསྔལ་མྱོང་བའང་ཡོད། ཁ་ཅིག་ནི་མི་མྱོང་བའང་ཡོད་དོ། །སེམས་ཅན་གང་ངེས་པར་སྡུག་བསྔལ་མྱོང་བར་འགྱུར་བ་ལོག་སྲེད་ཅན་དག་ལ་ནི་བྱང་ཆུབ་སེམས་དཔའི་བྱམས་པས་ཕན་པར་མི་འགྱུར་རོ། །གང་སྡུག་བསྔལ་མྱོང་བ་མ་ངེས་པ་དག་ལ་ནི་བྱང་ཆུབ་སེམས་དཔའི་བྱམས་པས་ཕན་པར་འགྱུར་ཏེ། སེམས་
Ka377b
ཅན་དེ་དག་རབ་ཏུ་བདེ་བ་མྱོང་བར་བྱེད་དོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། མི་ཞིག་རྒྱང་རིང་པོ་ན་སེང་གེ་དང ། སྟག་དང ། སྤྱང་ཀི་དང ། སྲིན་པོ་དང ། ཡི་དྭགས་ལ་སོགས་པ་མཐོང་ན་རང་བཞིན་གྱིས་འཇིགས་སྐྲག་པ་སྐྱེའོ། །ཅི་སྟེ་མཚན་མོ་གཡང་ས་མཐོང་ནའང་དེ་བཞིན་དུ་འཇིགས་པ་སྐྱེའོ། །རིགས་ཀྱི་བུ། མི་དེ་རང་བཞིན་གྱིས་འཇིགས་པ་སྐྱེ་བ་དང་འདྲ་བར་སེམས་ཅན་གང་བྱམས་པ་ལ་ནན་ཏན་བྱེད་པ་མཐོང་ན། རང་བཞིན་གྱིས་བདེ་བ་མྱོང་བར་འགྱུར་རོ། །རིགས་ཀྱི་བུ། དོན་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་བྱམས་པ་ལ་ནན་ཏན་བྱེད་པ་ནི་ཡང་དག་པར་ཡིད་ལ་བྱེད་པ་སྟེ། ཕན་པར་མི་འགྱུར་བའང་མ་ཡིན་ནོ། །རིགས་ཀྱི་བུ། ངས་ནི་བྱམས་པ་དེ་ལ་རྣམ་པ་ཚད་མེད་པ་བཤད་དོ། །འདི་ལྟ་སྟེ། མངོན་པར་ཤེས་པ་དག་གོ་།རིགས་ཀྱི་བུ།་དཔེར་ན། ལྷ་སྦྱིན་གྱིས་རྒྱལ་པོ་མ་སྐྱེས་དགྲ་ལ་དེ་བཞིན་གཤེགས་པ་བསད་པར་བསྟན་ཏེ། དེའི་ཚེ་ང་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་མཐར་གྱིས་ལེན་པར་ཞུགས་པ་ན་རྒྱལ་པོ་མ་སྐྱེས་དགྲས་ནོར་སྲུང་བའི་བལ་གླང་མྱོས་པ་བཏང་ནས་ང་དང་སློབ་མར་བཅས་པ་གསོད་དུ་བཅུག་གོ། དེའི་ཚེ་བལ་གླང་དེ་དག་གིས་སེམས་ཅན་ཚད་མེད་པ་བརྒྱ་སྟོང་རྫིས་ཏེ་བསད་པས་སེམས་ཅན་ཤི་བ་དེ་དག་གི་ཁྲག་གིས་ཕོག་པས་ལྷག་པར་མྱོས་པར་ཡང་གྱུར་ལ། ངའི་སློབ་མ་ངུར་སྨྲིག་གྱོན་པའང་ཁྲག་སྙམ་དུ་མཐོང་ནས། བལ་གླང་དེ་
Ka378a
༄#། །དག་དོར་ཏེ་བྱུང་ངོ ། །ངའི་སློབ་མའི་ནང་ན་འདོད་པ་དང་མ་བྲལ་བ་ཐམས་ཅད་ནི་ཕྱོགས་བཞིར་བྲོས་ཏེ། ཚེ་དང་ལྡན་པ་དགའ་བོ་འབའ་ཞིག་མ་གཏོགས་སོ། །དེའི་ཚེ་དེའི་དུས་ན་རྒྱལ་པོའི་ཁབ་ན་གནས་པའི་མི་ཐམས་ཅད་སྐད་མཐུན་པས་ངུས་ཏེ། མཆི་མ་བླགས་ནས་འདི་སྐད་ཅེས་སྨྲས་སོ། །ཀྱི་ཧུད། དེ་བཞིན་གཤེགས་པ་ནི་མེད་པར་གྱུར་ཏོ།། དེ་ཅིའི་སླད་དུ་དེ་བཞིན་གཤེགས་པ་འདི་ལྟར་ནང་གཅིག་ཏུ་ཞིག་པར་གྱུར་ཅེས་སྨྲས་སོ། །དེའི་ཚེ་ན་ལྷ་སྦྱིན་ངོ་མཚར་གྱི་དགའ་བ་སྐྱེས་ནས། དགེ་སྦྱོང་གོའུ་ཏ་མ་མེད་པར་གྱུར་པ་ནི་ལེགས་སོ། །དེང་ཕན་ཆད་ནི་ཡང་དག་པ་མེད་པར་གྱུར་ཏེ། གྲོས་ལེགས་པར་སྨོན་པ་བཞིན་དུ་གྲུབ་པར་གྱུར་ཏོ་ཞེས་སྨྲས་སོ། །རིགས་ཀྱི་བུ། དེའི་ཚེ་ན་ངས་ནོར་སྲུང་བའི་བལ་གླང་གདུལ་བའི་ཕྱིར་བྱམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱག་བརྐྱང་སྟེ་བསྟན་པས་སོར་མོ་ལྔ་ལ་སེང་གེ་ལྔ་སྣང་བར་གྱུར་ཏོ། །བལ་གླང་གིས་དེ་མཐོང་ནས་ཤིན་ཏུ་སྐྲག་པས་བཤང་གཅིའང་ཤོར་ཏེ། ལུས་ས་ལ་བརྡབས་ནས་ངའི་ཞབས་ལ་གུས་པར་ཕྱག་བྱས་སོ། །རིགས་ཀྱི་བུ། དེའི་ཚེ་ན་ངའི་སོར་མོ་ལྔ་ལ་ཡང་དག་པར་སེང་གེ་མེད་ཀྱང་བྱམས་པ་བསྒོམས་པའི་དགེ་བའི་རྩ་བའི་མཐུས་དེ་དག་བཏུལ་བར་གྱུར་ཏོ། །རིགས་ཀྱི་བུ། གཞན་ཡང་ང་ཡོངས་སུ་མྱ་ངན་ལས་འདའ་ཀར་རྩཝ་མཆོག་
Ka378b
གི་གྲོང་ཁྱེར་དུ་གཤེགས་པ་ན་གྱད་ལྔ་བརྒྱ་ཙམ་ཞིག་ལམ་ཀ་ན་ལམ་འཆོས་ཤིང་ཕྱག་དར་དང་ཆག་ཆག་བྱེད་དོ། །ལམ་ཀ་ཕ་བོང་གཅིག་ཡོད་པ་ལ་གྱད་རྣམས་ལོག་སྟེ། མཐུ་སྟོབས་ཅི་ཡོད་པས་བཏེག་ཀྱང་དོར་མ་ནུས་སོ། །དེའི་ཚེ་ན་གྱད་རྣམས་ལ་ཐུགས་བརྩེ་བའི་ཕྱིར་བྱམས་པའི་ཐུགས་བསྐྱེད་ནས། ཞབས་ཀྱི་མཐེ་བོས་ཕ་བོང་དེ་གནམ་འཕང་དུ་བོར་ནས། ཕྱག་གིས་བཟུང་སྟེ་ཕྱག་མཐིལ་གཡས་པར་བཞག་གོ། བུས་པ་ཙམ་གྱིས་ཞིབ་མོར་ཡང་གྱུར་ལ་ཕྱིར་ཡང་བསྡུས་ཏེ་བསྒོངས་པར་གྱད་རྣམས་ཀྱིས་མཐོང་བར་བྱས་སོ། །གྱད་དེ་དག་གི་ང་རྒྱལ་དང་དྲེགས་པའི་སེམས་ཀྱང་ཞི་བར་བྱས་ནས་ཆོས་རྣམ་པ་སྣ་ཚོགས་ཀྱང་བསྟན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་གོ། རིགས་ཀྱི་བུ། དེའི་ཚེ་ན་དེ་བཞིན་གཤེགས་པས་ཡང་དག་པར་ན་ཞབས་ཀྱི་མཐེ་བོས་ཕ་བོང་དེ་གནམ་འཕང་དུ་བོར་བའམ། ཕྱག་མཐིལ་གཡས་པར་བཞག་པའམ། ཞིབ་མོར་བྱས་པའམ། ཕྱིར་གོང་བུར་བསྒོངས་པའང་མེད་མོད་ཀྱི། རིགས་ཀྱི་བུ། དེའང་བྱམས་པའི་དགེ་བའི་རྩ་བའི་མཐུ་ལས་ན། གྱད་རྣམས་ཀྱིས་དངོས་པོ་དེ་ལྟ་བུ་དག་མཐོང་བར་རིག་པར་བྱའོ། །རིགས་ཀྱི་བུ། གཞན་ཡང་ལྷོ་ཕྱོགས་པོ་ཏ་ལའི་ཡུལ་ན། གྲོང་ཁྱེར་ཆེན་པོ་ཤུ་པ་ལ་ཞེས་བྱ་བ་ན་ཁྱིམ་བདག་འདོད་པ་ཞེས་བྱ་བ་སྔོན་འདས་པའི་དུས་ན་སངས་རྒྱས་ཚད་མེད་པ་སྙེད་ལ་
Ka379a
༄#། །དགེ་བའི་རྩ་བ་བསྐྱེད་པ། འགྲོ་བ་མང་པོའི་གཙོ་བོར་གྱུར་པ་ཞིག་ཡོད་དོ། །རིགས་ཀྱི་བུ། གྲོང་ཁྱེར་ཆེན་པོ་དེ་ན་གནས་པའི་མི་ཐམས་ཅད་མུ་སྟེགས་ཅན་ལ་ཕྱོགས་ཏེ། གཅེར་བུ་པ་དག་གི་གཡོག་བྱེད་དོ། །དེའི་ཚེ་དེའི་དུས་ན་ཁྱིམ་བདག་དེ་གདུལ་བའི་ཕྱིར་རྒྱལ་པོའི་ཁབ་ནས་གྲོང་ཁྱེར་དེར་གཤེགས་པར་ཆས་སོ། །དེའི་བར་ནི་དཔག་ཚད་དྲུག་རྩ་ལྔ་ཞིག་ཡོད་དེ། དེ་ན་གནས་པའི་སེམས་ཅན་དག་གདུལ་བའི་ཕྱིར་བཅོམ་ལྡན་འདས་འཁོར་དང་བཅས་ཏེ་གོམ་པས་དལ་གྱིས་གཤེགས་སོ། །དེའི་ཚེ་གྲོང་ཁྱེར་ཤུ་པ་ལ་ཞེས་བྱ་བ་ན་གནས་པའི་གཅེར་བུ་པ་རྣམས་ང་འོང་ངོ་ཞེས་ཐོས་ནས། དེ་དག་སེམས་ཀྱིས་འདི་སྙམ་དུ་བསམས་པར་གྱུར་ཏོ། །གལ་ཏེ་དགེ་སྦྱོང་གོའུ་ཏ་མ་འདིར་འོངས་ན། འདི་ན་གནས་པ་ཐམས་ཅད་བདག་ཅག་ཀྱང་སྤོང་ཞིང་ཡོ་བྱད་ཀྱང་མི་སྟེར་ཏེ། དབུལ་ཕོངས་པར་གྱུར་ན། བདག་ཅག་ཅིས་འཚོར་འགྱུར་སྙམ་བསམས་ནས།་གཅེར་བུ་པ་རྣམས་སོ་སོར་ཁ་བཀྲམ་སྟེ། གྲོང་ཁྱེར་དེ་ན་གནས་པའི་མི་རྣམས་ལ་འདི་སྐད་ཅེས་བསྒོའོ། །དགེ་སྦྱོང་གོའུ་ཏ་མ་ཞེས་བྱ་བ་དེ་འདིར་འོང་ཞེས་གྲག་གི། དགེ་སྦྱོང་དེ་ནི་ཕ་དང་མའང་སྤངས་ནས་གར་ཡང་རྒྱུ་ཞིང་འགྲོ་སྟེ། གང་ནས་གང་དུ་ཕྱིན་པའི་གནས་དེ་དང་དེ་དག་ཏུ་ལོ་ཉེས་པ་དང་མུ་གེ་འབྱུང་བར་བྱད། ནད་མང་བ་དང་
Ka379b
འཆི་བ་མང་བར་བྱེད་དོ། །དེ་ལས་ཐར་པའང་མེད་དོ། །དགེ་སྦྱོང་གོའུ་ཏ་མ་རུངས་པ་དེ་ནི་འཁོར་ཡང་སྲིན་པོ་ཡི་དྭགས་མ་རུངས་པ་ཤ་སྟག་ཁྲིད་ཅིང་འོང་ངོ ། །དེ་ལ་ནི་ཕའང་མེད། མའང་མེད་དེ། དབུལ་ཕོངས་པས་ཆེད་དུ་འཁོར་འདོད་པའི་ཕྱིར་འོང་ངོ ། །དེས་སྟོན་ཅིང་འཆད་པའང་རྫུན་འབའ་ཞིག་ཏུ་ཟད་དེ། གང་དུ་ཕྱིན་ཀྱང་ཐོག་མ་ནས་བདེ་བ་དང་སྐྱིད་པ་མེད་དོ་ཞེས་བསྒྲགས་པས། དེ་དག་གིས་དེ་སྐད་ཐོས་ནས་ཤིན་ཏུ་འཇིགས་སྐྲག་སྟེ། གཅེར་བུ་པའི་རྐང་པ་ལ་སྤྱི་བོས་ཕྱག་བཙལ་ནས་ཕྱིར་འདི་སྐད་ཅེས་སྨྲས་སོ། །སྟོན་པ་ཆེན་པོ། བདག་ཅག་གིས་ཐབས་ཅི་བྱས་ན། དགེ་སྦྱོང་གིའུ་ཏ་མ་འདིར་མི་འོང་བར་འགྱུར། གཅེར་བུ་བས་སྨྲས་པ། དགེ་སྦྱོང་གོའུ་ཏ་མ་ནི་རང་བཞིན་གྱིས་ནགས་ཚལ་དང ། ཆུ་མིག་དང ། འབབ་ཆུ་ལ་དགའ་བའི་རིགས་ཀྱི། གྲོང་ཕྱིན་ཅི་ཡོད་པ་ཐམས་ཅད་བཅད་དེ་མེད་པར་བྱ་དགོས་ཀྱི། ཁྱེད་རྣམས་སོ་སོ་ནས་གྲོང་ཁྱེར་གྱི་ཕྱི་རོལ་དུ་དེང་ལ། སྐྱེད་ཤིང་གཅིག་ཀྱང་མ་ལུས་པར་ཆོད་ཅིག་།ཆུ་མིག་དང ། ཁྲོན་པ་དང ། འབབ་ཆུ་ཀུན་ཡང་མི་གཙང་བ་དང ། ངན་སྐྱུགས་ཀྱིས་ཁོང་ཞིག་།ཕྱིར་ལོག་ལ་གྲོང་ཁྱེར་གྱི་སྒོ་དམ་དུ་བཅད་ལ་དགྲ་ཆ་བཤམས་ཏེ། གྲོང་ཁྱེར་བསྲུངས་ལ་ཅི་ནས་ཀྱང་མི་ཆུད་པར་བྱའོ། །གལ་ཏེ་གནས་འདིར་མ་ཆུད་ན་ཁྱེད་ཀྱང་གདོད་བདེ་བར་འགྱུར་རོ། །བདག་ཅག་ཀྱང་ཅི་ནུས་ཀྱིས་དགེ་སྦྱོང་གོའུ་ཏ་མ་ཕྱིར་
Ka380a
༄#། །བཟློག་པའི་ཆོ་ག་བྱའོ་ཞེས་སྨྲས་ནས་དེ་དག་ཀྱང་བསྒོ་བ་བཞིན་དུ་མཉན་ཏེ། ཤིང་ཐམས་ཅད་ཀྱང་བཅད། ཆུའང་བསྐམས་ནས་དགྲ་ཆ་བཤམས་ཏེ་གྲོང་ཁྱེར་བསྲུང་ངོ ། །རིགས་ཀྱི་བུ། དེའི་ཚེ་ང་གྲོང་ཁྱེར་དེར་ཕྱིན་པ་ན། ནགས་ཚལ་དང ། སྐྱེད་ཤིང་ནི་གཅིག་ཀྱང་མི་སྣང་གི། མི་མང་པོ་མཚོན་ཆ་ཐོགས་ཏེ་སྡོད་པ་མཐོང་ངོ ། །དེ་ལྟ་བུ་དག་མཐོང་བ་དང་ཤིན་ཏུ་ཐུགས་བརྩེ་ནས་བྱམས་པའི་ཐུགས་བསྐྱེད་པས། ནགས་ཚལ་དང ། སྐྱེད་ཤིང་ཐམས་ཅད་ཀྱང་ཕྱིར་སྐྱེས་ཏེ། དེ་མ་ཡིན་པ་གཞན་ཡང་དཔག་ཏུ་མེད་པའི་ཤིང་རྣམས་སྐྱེས་ལ། ཆུ་མིག་དང ། རྫིང་བུ་དང ། ཁྲོན་པ་དང ། འབབ་ཆུ་ཐམས་ཅད་ཀྱང་ཤིན་ཏུ་གསལ་ཞིང་དང་བ་ནི་བཻ་ཌཱུརྱ་སྔོན་པོ་ལྟ་བུར་གྱུར་ནས། ཀུན་ཏུ་གང་ཞིང་ལུད་དེ། མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས་ཀྱང་ཡོངས་སུ་ཁེབས་པར་གྱུར་ཏེ། །གྲོང་ཁྱེར་དེའི་ངོས་ཀྱི་ར་བའང་བཻ་ཌཱུརྱ་མཐོན་མཐིང་ལྟ་བུར་གྱུར་ཏེ། གྲོང་ཁྱེར་དེ་ན་གནས་པ་ཐམས་ཅད་ཀྱིས་ཐལ་བྱུང་དུ་ང་འཁོར་དང་བཅས་པའང་གསལ་བར་མཐོང་ངོ ། །གྲོང་ཁྱེར་གྱི་སྒོ་དེའང་རང་བྱེ་ནས་ཐོགས་པར་མ་གྱུར། མཚོན་ཆ་རྣམས་ཀྱང་མེ་ཏོག་སྣ་ཚོགས་སུ་གྱུར་ཏེ། ཁྱིམ་བདག་འདོད་པས་གཙོ་བོར་བྱས་ནས་མི་ཐམས་ཅད་འཁོར་དང་བཅས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་སོ། །ངས་དེ་དག་ལ་
Ka380b
ཆོས་རྣམ་པ་སྣ་ཚོགས་བཤད་ནས། དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །རིགས་ཀྱི་བུ། དེའི་ཚེ་ན་ངས་དེ་ལྟར་ཡང་དག་པར་ནགས་ཚལ་དང ། སྐྱེད་ཤིང་བསྐྱེད་པའམ། ཆུ་གཙང་མས་ཆུ་མིག་དང ། རྫིང་བུ་ཀུན་གང་བར་བྱས་པའམ། གྲོང་ཁྱེར་གྱི་ར་བ་བཻ་ཌཱུརྱ་ར་བསྒྱུར་\?\་བའམ། དེ་ན་གནས་པའི་མི་དེ་དག་གིས་ཐལ་བྱུང་དུ་མཐོང་བར་བྱས་པའམ། གྲོང་ཁྱེར་གྱི་སྒོ་རང་བྱེ་བའམ། མཚོན་ཆ་རྣམས་མེ་ཏོག་ཏུ་བསྒྱུར་བ་མེད་མོད་ཀྱི། རིགས་ཀྱི་བུ། དེའང་བྱམས་པའི་དགེ་བའི་རྩ་བའི་མཐུ་ལས་མི་དེ་དག་གིས་དངོས་པོ་དེ་དག་མཐོང་བར་གྱུར་ཏོ། །རིགས་ཀྱི་བུ། གཞན་ཡང་མཉན་དུ་ཡོད་པ་ན་བྲམ་ཟེའི་བུ་མོ་བ་སི་ཏ་ཞེས་བྱ་བ་ལ་བུ་གཅིག་པུ་ཞིག་ཡོད་དེ། དཔེ་མེད་པར་ཤིན་ཏུ་བྱམས་པ་ཤིང་སྡུག་པ་ལས་ནད་ཀྱིས་བཏབ་ནས་ཤི་བར་གྱུར་ཏོ། །དེའི་ཚེ་བུད་མེད་དེ་མྱ་ངན་ཆེན་པོས་གདུངས་པས་མྱོས་ཏེ། སྒྲེན་མོར་ཀུན་ཏུ་རྒྱུག་ཀྱང་ངོ་མི་ཚ་སྟེ་ལམ་གྱི་བཞི་མདོ་དག་ཏུ་དུས་ནས། བུ་ག་རེ། བུ་གར་སོང་ཞེས་འབོད་ཅིང་གྲོང་ཁྱེར་ཀུན་ཏུ་རྒྱུ་ཞིང་འགྲོའང་ངལ་བ་མེད་དོ། །རིགས་ཀྱི་བུ། བུད་མེད་དེ་སྔོན་འདས་པའི་དུས་ཀྱི་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ཞིག་ཡིན་པས། ངས་བུད་མེད་དེ་ལ་བྱམས་པའི་ཐུགས་བསྐྱེད་པས། དེའི་ཚེ་ན་བུད་མེད་དེས་ང་མཐོང་ནས་ང་ལ་བུར་འདུ་ཤེས་བསྐྱེད་དེ།
Ka381a
༄#། །དེ་མ་ཐག་ཏུ་སེམས་སོར་ཆུད་ནས། ང་ཕང་དུ་བླངས་ཏེ་ང་ལ་འོ་བྱས་སོ། །དེའི་ཚེ་དེའི་དུས་ན་ངས་དགའ་བོ་ལ་ཆོས་གོས་འདི་བུད་མེད་དེ་ལ་བྱིན་ཅིག་ཅེས་བཀའ་སྩལ་ཏོ། །དེ་ལ་ཆོས་གོས་བྱིན་ནས་ཆོས་རྣམ་པ་སྣ་ཚོགས་བཤད་དེ། བུད་མེད་དེས་ཆོས་ཐོས་ནས་རབ་ཏུ་དགའ་མགུ་རངས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །རིགས་ཀྱི་བུ། དེའི་ཚེ་ན་ཡང་དག་པར་དེའི་བུའང་ང་མ་ཡིན་ལ། ངའི་མའང་དེ་མ་ཡིན་ཏེ། བང་དུ་བླངས་པའམ། འོ་བྱས་པའང་མེད་མོད་ཀྱི། རིགས་ཀྱི་བུ།་དེའང་བྱམས་པའི་དགེ་བའི་རྩ་བའི་མཐུ་ལས་བུད་མེད་དེས་དངོས་པོ་དེ་ལྟ་བུ་དག་མཐོང་བར་རིག་པར་བྱའོ། །རིགས་ཀྱི་བུ། གཞན་ཡང་གྲོང་ཁྱེར་སེར་སྐྱ་ན་དགེ་བསྙེན་མ་མཧཱ་སི་ན་དར་ཏ་ཞེས་བྱ་བ་སྔོན་འདས་པའི་དུས་ན་སངས་རྒྱས་ཚད་མེད་པ་སྙེད་ལ་དགེ་བའི་རྩ་བ་རབ་ཏུ་བསྐྱེད་པ་ཞིག་ཟླ་བ་གསུམ་གྱི་བར་དུ་དགེ་འདུན་སྤྱན་དྲངས་ནས། ནད་ཀྱི་རྐྱེན་སྨན་ཡང་དབུལ་ལོ། །དེའི་ཚེ་དགེ་འདུན་དེ་དག་གི་ནང་ན་དགེ་སློང་གཅིག་གཅིག་ནད་ཚབས་པོ་ཆེས་བཏབ་ནས། སྨན་དང་གཉེར་ཏེ་དཔྱད་བྱས་ནས་ནད་འདི་ནི་ཤ་ཞིག་གིས་སྨན་བྱ་དགོས་ཏེ། ཤ་མེད་ན་སྲོག་ཀྱང་རིང་པོ་མི་ཐུབ་བོ་ཞེས་བསྒོའོ། །དེའི་ཚེ་དགེ་བསྙེན་མས་ཚིག་དེ་སྐད་ཅེས་སྨྲས་པ་ཐོས་ནས། གསེར་ཐོགས་ཏེ་ཚོང་དུས་སུ་འདི་སྐད་
Ka381b
ཅེས་སྨྲས་སོ། །ཀྱེ།་ཁྱོད་ལ་ཤ་འཚོང་བ་ཅི་ཡོད། རིན་དུ་ཤ་དང་མཉམ་པའི་གསེར་སྦྱིན་ནོ་ཞེས་ཚོང་དུས་ཐོག་ཐག་ཏུ་བཙལ་ཀྱང་ཤ་མ་རྙེད་དོ། །དེ་ནས་དགེ་བསྙེན་མ་དེ་གྲི་བླངས་ནས་བདག་ཉིད་ཀྱི་བརླ་ཤ་བཅད་དེ་གཏུབས་ནས། ཤ་ཙོག་ཏུ་བྱས། སྤོས་རྣམ་པ་སྣ་ཚོགས་ཀྱིས་བཏབ་སྟེ། དགེ་སློང་ནད་པ་དེ་ལ་བྱིན་ནོ། །དགེ་སློང་དེས་ཤ་ཟོས་ནས་ནད་ཀྱང་སོས་པར་གྱུར་ཏོ། །དེའི་ཚེ་དགེ་བསྙེན་མ་དེ་ཤ་བཅད་པའི་རྨ་རེད་ནས་ཤིན་ཏུ་མི་བཟད་པའི་སྡུག་བསྔལ་ཆེན་པོ་མྱོང་བས། འདི་སྐད་དུ། སངས་རྒྱས་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་བོས་སོ། །དེའི་ཚེ་དེའི་དུས་ན་ང་མཉན་དུ་ཡོད་པ་ན་བཞུགས་ཏེ་དེ་སྐད་ཅེས་པོས་པ་ཐོས་ནས། བུད་མེད་དེ་ལ་ཤིན་ཏུ་ཐུགས་རྗེ་ཆེན་པོ་སྐྱེས་པས་བུད་མེད་དེས་དེ་མ་ཐག་ཏུ་ང་མཐོང་བར་གྱུར་ཏོ། །དེ་ནས་དེའི་རྨ་ལ་སྨན་གྱིས་བསྐུས་མ་ཐག་ཏུ་སྔ་མ་ཁོ་ན་བཞིན་དུ་སོར་ཆུད་པར་གྱུར་ཏོ། །དེ་ནས་དེ་ལ་ཆོས་རྣམ་པ་སྣ་ཚོགས་བསྟན་ཅིང་བཤད་ནས་རབ་ཏུ་དགའ་མགུ་རངས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །རིགས་ཀྱི་བུ། ང་ནི་དེའི་ཚེ་ན་ཡང་དག་པར་གྲོང་ཁྱེར་སེར་སྐྱར་ཡང་མ་གཤེགས་ལ། དགེ་བསྙེན་མའི་རྨ་ལ་སྨན་བསྐུས་པའང་མེད་མོད་ཀྱི། རིགས་ཀྱི་བུ། དེའང་བྱམས་པའི་དགེ་བའི་རྩ་བའི་ཤུགས་ཀྱིས་དགེ་བསྙེན་མ་དེས་དེ་ལྟ་བུའི་དངོས་པོ་དག་
Ka382a
༄#། །མཐོང་བར་གྱུར་ཏོ། །རིགས་ཀྱི་བུ། གཞན་ཡང་ལྷས་བྱིན་མ་རུངས་པ་ཆོག་མི་ཤེས་ཏེ། ཟས་ཀྱི་ཚོད་མ་ཟིན་ནས་མར་མང་དུ་འཐུངས་པས་ཀླད་པ་ན་ཞིང་སྤོས་པར་གྱུར་ཏེ། ཤིན་ཏུ་མི་བཟད་པའི་སྡུག་བསྔལ་ཆེན་པོ་མྱོང་སྟེ། འདི་སྐད་དུ། སངས་རྒྱས་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་བོས་སོ། །དེའི་ཚེ་ནང་གྲོང་ཁྱེར་ཨུད་ནི་ན་བཞུགས་པ་ལས། དེ་སྐད་ཅེས་བོས་པའི་སྒྲ་ཐོས་ནས་ཤིན་ཏུ་བྱམས་པའི་སེམས་སྐྱེས་པས་དེའི་ཚེ་ལྷ་སྦྱིན་གྱིས་ང་མཐོང་བར་གྱུར་ཏོ། །དེའི་ཚེ་ངའང་དེར་གཤེགས་ནས་ཕྱག་གིས་མགོ་དང ། ལྟོ་བ་ལ་བྱུགས་ཏེ། སྒའི་ཁུ་བ་བླུད་ནས་འཐུངས་མ་ཐག་ཏུ་སོས་པར་གྱུར་ཏོ། །རིགས་ཀྱི་བུ། ང་དེའི་ཚེ་ན་ཡང་དག་པར་ལྷས་བྱིན་གྱི་དྲུང་དུ་གཤེགས་པའང་མེད་ལ། ཕྱག་གིས་མགོ་དང ། ལྟོ་བ་ལ་བྱུགས་པའམ། སྒའི་ཁུ་བའང་བླུད་པ་མེད་མོད་ཀྱི། རིགས་ཀྱི་བུ། དེའང་བྱམས་པའི་དགེ་བའི་རྩ་བའི་ཤུགས་ཀྱིས་ལྷས་བྱིན་གྱིས་དངོས་པོ་དེ་དག་མཐོང་བར་རིག་པར་བྱའོ། །རིགས་ཀྱི་བུ། གཞན་ཡང་ཡུལ་ཀོ་ས་ལར་མི་རྒོད་མ་རུངས་པ་ལྔ་བརྒྱ་ཙམ་ཞིག་བསྡོངས་ཤིང་ཆོམ་ཤོད་བྱེད་དེ། ཤིན་ཏུ་གནོད་པར་གྱུར་ནས། རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ཀྱིས་དམག་གིས་བཏབ་སྟེ། ཐམས་ཅད་བཟུང་ནས་མིག་ཕྱུང་སྟེ། ནགས་ཚལ་སྟུག་པོར་བཞག་གོ། །དེའི་ཚེ་ན་མི་རྒོད་
Ka382b
མ་རུངས་པ་དེ་དག་སྔོན་སངས་རྒྱས་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པ་ཤ་སྟག་སྟེ། དེ་ལྟར་མིག་ཕྱུང་བས་ཤིན་ཏུ་སྡུག་བསྔལ་ཆེན་པོ་མྱོང་བར་གྱུར་པས། འདི་སྐད་དུ། སངས་རྒྱས་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་བོས་སོ། །བདག་ཅག་ལ་མགོན་དང་སྐྱབས་བགྱིད་པ་མ་མཆིས་ཏེ། དཔུང་གཉེན་མ་མཆིས་སོ་ཞེས་ཆོ་ངེ་བཏབ་སྟེ་ངུས་སོ། ། དེའི་ཚེ་ན་ང་རྒྱལ་བུ་ཛེ་ཏའི་ཚལ་ན་བཞུགས་པ་ལས་དེ་སྐད་ཅེས་འབོད་པའི་སྒྲ་ཐོས་ནས་ཤིན་ཏུ་བྱམས་པའི་ཐུགས་བསྐྱེད་དེ། དེའི་ཚེ་ན་ཤིན་ཏུ་བསིལ་བའི་རླུང་གིས་རི་བསུང་ཅན་ལས་སྨན་བདུད་རྩི་ལྟ་བུ་རྣམ་པ་སྣ་ཚོགས་ཀྱིས་མིག་ཏུ་བཀང་ནས་ཕྱིར་སོས་བཞིན་དུ་མཐོང་བར་གྱུར་ཏོ། །མི་རྒོད་མ་རུངས་པ་དེ་དག་དེ་ལྟར་མིག་ཕྱེ་མ་ཐག་ཏུ་དེ་བཞིན་གཤེགས་པ་མཐོང་བར་གྱུར་ཏོ། །དེ་ནས་མི་རྒོད་མ་རུངས་པ་དེ་དག་ལ་དམ་པའི་ཆོས་བསྟན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་གོ། །རིགས་ཀྱི་བུ། དེའི་ཚེ་ན་ཡང་དག་པར་རླུང་དུ་སྤྲུལ་པའང་མེད་ལ། རི་བསུང་ཅན་ནས་སྤོས་བླངས་པའམ། མི་དེ་དག་གི་མདུན་དུ་ཆོས་བསྟན་པའང་མེད་མོད་ཀྱི། རིགས་ཀྱི་བུ། དེའང་བྱམས་པའི་དགེ་བའི་རྩ་བའི་ཤུགས་ཀྱིས་མི་རྒོད་མ་རུངས་པ་དེ་དག་གིས་དེ་ལྟ་བུའི་དངོས་པོ་དག་མཐོང་བར་གྱུར་ཏོ། །རིགས་ཀྱི་བུ། གཞན་ཡང་རྒྱལ་ཚབ་བཻ་ཌཱུརྱ་ཞེས་བྱ་བ་གླེན་ཞིང་
Ka383a
༄#། །གཏི་མུག་པས་རྒྱལ་པོའི་ཐབས་ཕྲོགས་ཏེ། བདག་ཉིད་རྒྱལ་སར་ཞུགས་ནས། སྔོན་གྱི་འཁོན་མ་བཏང་བས་ཤཱཀྱ་རིགས་ཀྱི་བུ་མོ་སྟོང་ཕྲག་བཅུ་གཉིས་སྙེད་རྣ་བ་དང ། སྣ་བཅད་དེ། རྐང་ལག་གཏུབས་ནས་འོབས་ཀྱི་ནང་དུ་བོར་རོ། །དེའི་ཚེ་བུད་མེད་དེ་རྣམས་ཤིན་ཏུ་སྡུག་བསྔལ་བར་གྱུར་ནས། སངས་རྒྱས་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །བདག་ཅག་ལ་མགོན་དང་སྐྱབས་བགྱིད་པ་མ་མཆིས་སོ། །ཞེས་སྨྲས་ནས་སྐད་ཆེན་པོ་ཕྱུང་སྟེ་དུས་སོ། །བུད་མེད་དེ་རྣམས་སྔོན་སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པ་ཤ་སྟག་སྟེ། ང་དེའི་ཚེ་ན་འོད་མའི་ཚལ་ན་བཞུགས་པ་ལས་དེ་སྐད་ཅེས་བོས་པའི་སྒྲ་ཐོས་ནས་ཤིན་ཏུ་ཐུགས་རྗེ་སྐྱེས་པས་དེའི་ཚེ་བུ་མོ་དེ་དག་གིས་ང་གྲོང་ཁྱེར་སེར་སྐྱར་གཤེགས་ཏེ་རྨའང་ཆུ་གཙང་མས་བཀྲུས་ནས་སྨན་གྱིས་བསྐུས་པར་མཐོང་སྟེ། སྡུག་བསྔལ་ཡང་དེ་མ་ཐག་ཏུ་ཞི་བར་གྱུར་ཏོ། །རྣ་བ་དང ། སྣ་དང ། རྐང་ལག་ཐམས་ཅད་བཅད་པའང་ཕྱིར་སྐྱེས་ཏེ་སོར་ཆུད་པར་གྱུར་ཏོ། །དེའི་ཚེ་ན་ངས་དམ་པའི་ཆོས་ཀྱང་བསྟན་ནས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཐམས་ཅད་དགེ་སློང་མ་སྐྱེ་དགུའི་བདག་མོ་ཆེན་པོའི་དྲུང་དུ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་པར་གྱུར་ཏོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པས་ནི་དེའི་ཚེ་ན་ཡང་དག་པར་གྲོང་ཁྱེར་སེར་སྐྱར་གཤེགས་
Ka383b
པའང་མེད་ལ། རྨ་བཀྲུས་པའམ། སྨན་བསྐུས་པའམ། སྡུག་བསྔལ་ཞི་བར་བྱས་པའང་མེད་མོད་ཀྱི། རིགས་ཀྱི་བུ། དེ་དག་ཐམས་ཅད་ཀྱང་བྱམས་པའི་དགེ་བའི་རྩ་བའི་ཤུགས་ཀྱིས་བུད་མེད་དེ་དག་གིས་དངོས་པོ་དེ་ལྟ་བུ་དག་མཐོང་བར་རིག་པར་བྱའོ། །སྙིང་རྗེ་དང་དགའ་བའི་སེམས་ཀྱང་དེ་དང་འདྲའོ། །རིགས་ཀྱི་བུ། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱམས་པའི་སེམས་ཡིད་ལ་བྱེད་པ་ནི་ཡང་དག་པ་སྟེ། རྫུན་པ་མ་ཡིན་ནོ། །རིགས་ཀྱི་བུ། ཚད་མེད་པའང་བསམ་གྱིས་མི་ཁྱབ་ལ། བྱང་ཆུབ་སེམས་དཔའི་སྤྱོད་པའང་བསམ་གྱིས་མི་ཁྱབ། སངས་རྒྱས་རྣམས་ཀྱི་མཛད་པའང་བསམ་གྱིས་མི་ཁྱབ། ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདིའང་བསམ་གྱིས་མི་ཁྱབ་བོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང ། སྙིང་རྗེ་ཆེན་པོ་དང ། དགའ་བ་ལ་ནན་ཏན་བྱས་ནས་བུ་གཅིག་པ་དང་འདྲ་བའི་ས་རབ་ཏུ་དགའ་བ་ལ་གནས་པར་འགྱུར་རོ། རིགས་ཀྱི་བུ། དེ་ལ་ཅིའི་ཕྱིར་ན་ས་དེ་ལ་རབ་ཏུ་དགའ་བ་ཞེས་ཀྱང་བྱ་ལ། བུ་གཅིག་པ་དང་འདྲ་བ་ཞེས་ཀྱང་བྱ་ཞེ་ན། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཕ་མས་བུ་བདེ་ཞིང་སྐྱིད་པར་མཐོང་ན་སེམས་རབ་ཏུ་དགའ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལ་གནས་པའང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་
Ka384a
༄#། །བའི་ལྟ་བས་དགེ་བ་ལ་ནན་ཏན་བྱེད་པར་མཐོང་ན་རབ་ཏུ་དགའ་བའི་སེམས་སྐྱེ་སྟེ། དེ་བས་ན་ས་དེ་ནི་རབ་ཏུ་དགའ་བ་ཞེས་བྱའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཕ་མས་བུ་ན་བ་མཐོང་ན་ཤིན་ཏུ་སྡུག་བསྔལ་བའི་སེམས་སྐྱེ་སྟེ། སྙིང་རྗེ་བས་མྱ་ངན་གྱི་སེམས་དང་ཅུང་ཟད་ཀྱང་མི་འབྲལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དེ་ལ་གནས་པའང་དེ་དང་འདྲ་སྟེ། སོ་སོའི་སྐྱེ་བོ་དག་ཉོན་མོངས་པའི་ནད་ཀྱིས་ཡོངས་སུ་གཟིར་བ་མཐོང་ནས་བུ་དང་འདྲ་བར་སྙིང་བརྩེ་བས་མྱ་ངན་བྱེད་དེ། ལུས་ཀྱི་བ་སྤུའི་བུ་ག་ནས་ཁྲག་ཀྱང་ཟག་གོ། དེ་བས་ན་ས་འདི་ནི་བུ་གཅིག་པ་ལྟ་བུ་ཞེས་ཀྱང་བྱའོ། །རིགས་ཀྱི་བུ། དཔེར་ན། བྱིས་པ་ཆུང་ངུ་ཤེད་མ་བྱེ་བ་ནི་བོང་བ་དང ། གསེག་མ་དང ། རུས་གོང་དང ། ཤིང་བུ་དང ། བཙོག་པའི་བག་ཀྱང་ལག་ཏུ་བླངས་ནས་ཁར་འཇུག་གོ། དེའི་ཕ་མས་དེ་ལྟ་བུ་དག་མཐོང་ན་གནོད་པར་འགྱུར་དུ་དོགས་ཏེ། ལག་པ་གཡོན་པས་ནི་འགྲམ་པ་བཙིར། ལག་པ་གཡས་པས་ནི་ཕྱིར་འབྱིན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དེ་ལ་གནས་པའང་དེ་དང་འདྲ་སྟེ། སེམས་ཅན་དག་ཆོས་ཀྱི་སྐུའི་ཤེད་མ་རྫོགས་པས་ལུས་དང ། ངག་དང ། ཡིད་ཀྱི་སྒོ་ནས་སྡིག་པ་མི་དགེ་བའི་ཆོས་སྤྱོད་པར་བྱང་ཆུབ་སེམས་དཔས་མཐོང་ན་ཡེ་ཤེས་ཀྱི་ལག་གིས་དེ་ནས་འབྱིན་ཏེ། དེ་དག་འཁོར་བ་ན་འཁོར་ཞིང་
Ka384b
སྡུག་བསྔལ་མང་པོ་མྱོང་བར་མི་འདོད་པས་ས་འདི་ནི་བུ་གཅིག་པ་དང་འདྲ་བ་ཞེས་བྱའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཕ་མ་ཞིག་ལ་ཤིན་ཏུ་བྱམས་པའི་བུ་གཅིག་པུ་ཡོད་པ་ལས་གལ་ཏེ་ཤི་བར་གྱུར་ན་དེའི་ཕ་མའང་ལྷན་ཅིག་ཏུ་ཤི་བར་འདོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། གལ་ཏེ་ལོག་སྲེད་ཅན་དག་སེམས་ཅན་དམྱལ་བར་ལྷུང་ན་དེ་དང་ལྷན་ཅིག་ཏུ་སེམས་ཅན་དམྱལ་བར་འགྲོ་བར་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། ལོག་སྲེད་ཅན་དེ་དག་སྡུག་བསྔལ་མྱོང་བའི་ཚེ་གལ་ཏེ་སྐད་ཅིག་ཙམ་ཞིག་འགྱོད་པའི་སེམས་སྐྱེས་ན་ངས་དེ་ལ་ཆོས་རྣམ་པ་སྣ་ཚོགས་བསྟན་ཅིང་བཤད་དོ། སྐད་ཅིག་ཐང་ཅིག་ཙམ་གྱི་དགེ་བའི་རྩ་བ་སྐྱེ་བར་བྱེད་པས་ན་ས་འདི་ནི་བུ་གཅིག་པ་དང་འདྲ་བ་ཞེས་བྱའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཕ་མ་ལ་བུ་གཅིག་པུ་ཞིག་ཡོད་ན་བུ་དེ་གཉིད་ལོག་གམ་སད་ཀྱང་རུང་སྟེ། འགྲོའམ། སྡོད་དམ། འདུག་གམ། ཉལ་ཡང་རྟག་ཏུ་སེམས་ལ་དྲན་ནོ། གལ་ཏེ་ཉེས་པ་ཞིག་བྱས་ནའང་ཚིག་འཇམ་པོས་སྟོན་ཅིང་འཆོས་ཀྱི། ངན་པས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། གལ་ཏེ་སོ་སོའི་སྐྱེ་བོ་དག་སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེས་ཀྱང་རུང ། ལྷ་དང་མིར་སྐྱེས་ཀྱང་རུང་སྟེ། དགེ་བའམ། སྡིག་པ་ཅི་བྱེད་སྙམ་རྟག་
Ka385a
༄#། །ཏུ་སེམས་ཏེ་མི་གཏོང་ངོ ། །གལ་ཏེ་སྡིག་པ་མི་དགེ་བའི་ལས་ཤིག་བྱེད་ནའང་དེ་ལ་ཞེ་སྡང་བའི་སེམས་མི་སྐྱེ་སྟེ། དེ་བས་ན་ས་འདི་ནི་བུ་གཅིག་པ་དང་འདྲ་བ་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན་ཤིན་ཏུ་ཟབ་པས་བདག་གིས་འཚལ་བ་ནི་ཤིན་ཏུའང་རྒྱ་ཆུང་ན་འདི་ཇི་ལྟ་བུར་འཚལ་བར་བགྱི། གལ་ཏེ་བྱང་ཆུབ་སེམས་དཔའ་དག་བུ་གཅིག་པ་ལྟ་བུའི་ས་ལ་གནས་བས་དེ་ལྟ་བུར་གྱུར་ན་ལྟ། ཅིའི་སླད་དུ་དེ་བཞིན་གཤེགས་པ་སྔོན་རྒྱལ་པོ་མཛད་པའི་ཚེ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བྲམ་ཟེ་དེ་སྙེད་ཀྱི་སྲོག་བཅད་པར་གྱུར། གལ་ཏེ་ས་འདི་ཐོབ་ན་ནི་སྐྱོབ་ཅིང་དཔུང་གཉེན་དུ་གྱུར་པའི་རིགས། གལ་ཏེ་མ་ཐོབ་ན་ཅིའི་སླད་དུ་སེམས་ཅན་དམྱལ་བར་མི་ལྟུང ། གལ་ཏེ་སེམས་ཅན་ཐམས་ཅད་ལ་སྲས་སྒྲ་གཅན་འཛིན་དང་འདྲ་བར་དགོངས་ན། ཅིའི་སླད་དུ་ལྷ་སྦྱིན་ལ་འདི་སྐད་དུ་གླེན་པ་ངོ་ཚ་མེད་པ་མིའི་ངར་སྣབས་ཟ་བ་ཞེས་བཀའ་སྩལ་པས་ལྷ་སྦྱིན་གྱིས་ཐོས་ནས་འཁོན་དུ་བཟུང་སྟེ། མི་དགེ་བའི་སེམས་བསྐྱེད་ནས། སངས་རྒྱས་ཀྱི་སྐུ་ལ་ཁྲག་ཕྱུང་བར་གྱུར། ལྷ་སྦྱིན་གྱིས་དེ་ལྟ་བུའི་སྡིག་པ་བྱས་ནས་ཀྱང་དེ་བཞིན་གཤེགས་པས་སེམས་ཅན་དམྱལ་བར་ལྷུང་ཞིང་བསྐལ་པ་གཅིག་གི་བར་དུ་སྡུག་བསྔལ་
Ka385b
མྱོང་བར་འགྱུར་རོ་ཞེས་ལུང་བསྟན། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་དེ་དོན་དང་འགལ་བར་འགྱུར་བ་མ་ལགས་སམ། བཅོམ་ལྡན་འདས། བཙུན་པ་རབ་འབྱོར་ལྟ་བུ་སྟོང་བ་ཉིད་ཀྱི་ས་ལ་གནས་པའང་གྲོང་དུ་འཇུག་ཅིང་བསོད་སྙོམས་ལེན་པ་ན་སྔར་ཕ་རོལ་པོ་ལ་ཡོངས་སུ་རྟོག་གོ། གལ་ཏེ་ཕ་རོལ་པོས་བརྙས་སམ་སྨོད་པའི་སེམས་སུ་གྱུར་ན། ཅི་སྟེ་ཤིན་ཏུ་བཀྲེས་པར་གྱུར་ཀྱང ། དེ་དག་ལས་བསོད་སྙོམས་མི་ལེན་ཏོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་རབ་འབྱོར་ནི་རྟག་ཏུ་འདི་སྙམ་དུ་སེམས་ཏེ། འདི་ལྟ་བུ་དག་མངོན་པར་དྲན་ནོ། །སྔོན་གྱི་བསོད་ནམས་ཀྱི་ཞིང་དུ་འགྱུར་བ་ཞིག་ལ། མི་དགེ་བའི་རྟོག་པ་གཅིག་ཙམ་བསྐྱེད་པས་དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་སྟེ། སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་རོ། །བདག་ཅི་སྟེ་ལྟོགས་པར་གྱུར་ཏེ། གཞའ་གཙང་མ་ཟོས་ཀྱང་བླའི། གཞན་དག་བདག་ལ་བརྙས་ཤིང་སྨད་པས་སེམས་ཅན་དམྱལ་བར་ལྟུང་ཞིང་སྡུག་བསྔལ་མྱོང་བར་མི་བྱའོ་སྙམ་བསམས་ནས་ཡང་འདི་སྙམ་དུ་སེམས་སོ། །ཅི་སྟེ་སེམས་ཅན་གང་ཞིག་བདག་འགྲེང་བ་ལས་འཕྱ་བར་གྱུར་ན། བདག་གཞའ་གཙང་དུ་འདུག་པ་ལས་མི་ལྡང་ངོ ། ། གལ་ཏེ་སེམས་ཅན་གང་ཞིག་བདག་འདུག་པ་ལ་འཕྱ་བར་གྱུར་ན། བདག་གཞའ་གཙང་དུ་འགྲེང་བ་ལས་གནས་མི་བསྐྱོད་དེ། འགྲོ་བ་ནྡང ། ཉལ་བའང་དེ་དང་འདྲའོ། །དེ་ལྟར་བཙུན་
Ka386a
༄#། །པ་རབ་འབྱོར་ཡང་སེམས་ཅན་གྱི་ཡིད་བསྲུང་བའི་ཕྱིར་དེ་ལྟ་བུར་སེམས་བསྐྱེད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྟ་སྨོས་ཀྱང་ཅི་འཚལ། གལ་ཏེ་བུ་གཅིག་པ་དང་འདྲ་བའི་ས་ཐོབ་ན། ཅིའི་སླད་དུ་དེ་བཞིན་གཤེགས་པས་དེ་ལྟ་བུའི་གསུང་མ་ཀླས་པ་གསུངས་པས་སེམས་ཅན་མང་པོ་ཤིན་ཏུ་མི་དགེ་བའི་སེམས་བསྐྱེད་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། འདི་སྐད་དུ་སངས་རྒྱས་བཅོམ་ལྡན་འདས་ལ་སོ་སོའི་སྐྱེ་བོའི་ཉོན་མོངས་པར་འགྱུར་བའི་རྒྱུ་མཛད་དོ་ཞེས་མ་རྒོལ་ཅིག་།རིགས་ཀྱི་བུ། གལ་ཏེ་སྦྲང་བུའི་མཆུས་རྒྱ་མཚོའི་གཏིང་ཐུག་པར་ཟད་པར་བྱེད་ཀྱང་སྲིད་ཀྱི། དེ་བཞིན་གཤེགས་པས་ནི་སེམས་ཅན་གྱི་ཉོན་མོངས་པའི་རྒྱུར་འགྱུར་བར་མི་མཛད་དོ། རིགས་ཀྱི་བུ། གལ་ཏེ་ས་ཆེན་པོ་འདི་གཟུགས་མ་ཡིན་པར་འགྱུར་ཡང་སྲིད། ཆུ་ནི་སྐམ་པའི་མཚན་ཉིད་དུ་འགྱུར་ཡང་སྲིད། མེ་ནི་གྲང་བའི་མཚན་ཉིད་དུ་འགྱུར་ཡང་སྲིད། རླུང་ནི་གནས་པའི་མཚན་ཉིད་དུ་འགྱུར་ཡང་སྲིད། དཀོན་མཆོག་གསུམ་དང ། སངས་རྒྱས་ཀྱི་རང་བཞིན་དང ། ནམ་མཁའ་ནི་མི་རྟག་པའི་མཚན་ཉིད་དུ་འགྱུར་ཡང་སྲིད་ཀྱི། དེ་བཞིན་གཤེགས་པ་ནི་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་རྒྱུར་འགྱུར་བ་མི་མཛད་དོ། །རིགས་ཀྱི་བུ། གལ་ཏེ་ཚུལ་ཁྲིམས་ཀྱི་རྩ་བ་
Ka386b
བཞི་ཉམས་པ་དང ། ལོག་སྲེད་ཅན་དང ། དམ་པའི་ཆོས་ལ་སྐུར་བ་དག་ལུས་འདི་ཉིད་ཀྱིས་སྟོབས་བཅུ་དང ། མི་འཇིགས་པ་དང ། མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུ་འཐོབ་ཀྱང་སྲིད་ཀྱི། དེ་བཞིན་གཤེགས་པ་ནི་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་རྒྱུར་འགྱུར་བ་མི་མཛད་དོ། །རིགས་ཀྱི་བུ། གལ་ཏེ་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ནི་རྟག་ཏུ་གནས་ཤིང་མི་འགྱུར་ཡང་སྲིད་ཀྱི། དེ་བཞིན་གཤེགས་པ་ནི་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་རྒྱུར་འགྱུར་བ་མི་མཛད་དོ། །རིགས་ཀྱི་བུ། གལ་ཏེ་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དག་ཚུལ་ཁྲིམས་ཀྱི་རྩ་བ་བཞི་ཉམས་ཤིང་ལོག་སྤེད་ཅན་དུ་གྱུར་ནས་དམ་པའི་ཆོས་ལ་སྐུར་ཀྱང་སྲིད་ཀྱི། དེ་བཞིན་གཤེགས་པ་ནི་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་རྒྱུར་འགྱུར་བ་མི་མཛད་དོ། །རིགས་ཀྱི་བུ། གལ་ཏེ་སེམས་ཅན་ཚད་མེད་པ་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་མེད་པར་འགྱུར་ཡང་སྲིད། དེ་བཞིན་གཤེགས་པའང་མཐར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཡང་སྲིད་ཀྱི། དེ་བཞིན་གཤེགས་པ་ནི་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་རྒྱུར་འགྱུར་བ་མི་མཛད་དོ། །རིགས་ཀྱི་བུ། གལ་ཏེ་ཞགས་པས་རླུང་ཟིན་པའམ། སོས་ལྕགས་ཆོད་པའམ། སེན་མོས་རི་རབ་འཇིག་ནུས་ཀྱང་སྲིད་ཀྱི། དེ་བཞིན་གཤེགས་པ་ནི་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་རྒྱུར་འགྱུར་
Ka387a
༄#། །བ་མི་མཛད་དོ། །སྤྲུལ་གདུག་པ་དང་ལྷན་ཅིག་ཏུ་གནས་སམ། སེང་གེ་ལྟོགས་པའི་ཁར་ལག་པ་བཅུག་གམ། ཁ་ཌ་ལའི་ཐལ་བས་ལུས་བཀྲུས་པར་གྱུར་ཀྱང་བླའི། འདི་སྐད་དུ་སངས་རྒྱས་བཅོམ་ལྡན་འདས་ནི་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་རྒྱུར་འགྱུར་བ་མཛད་དོ་ཞེས་སྨྲ་བར་མི་བྱའོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི་ཡང་དག་པར་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་ཡོངས་སུ་གཅོད་ཀྱི། ནམ་དུའང་ཉོན་མོངས་པའི་རྒྱུར་འགྱུར་བ་མི་མཛད་དོ། །རིགས་ཀྱི་བུ། ཁྱོད་སྨྲ་བ་ལྟར་དེ་བཞིན་གཤེགས་པས་སྔོན་བྲམ་ཟེ་བསད་དོ་ཞེས་བྱ་བ་ནི། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆུང་ངུ་ན་གྲོག་སྦུར་ཙམ་ཡང་ཆེད་དུ་མི་གསོད་ན་བྲམ་ཟེ་གསོད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། བྱང་ཆུབ་སེམས་དཔའ་ནི་རྟག་ཏུ་ཐབས་མཁས་པ་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ལ་ཚད་མེད་པའི་འཚོ་བའི་སྲོག་སྦྱིན་པར་བྱེད་དོ། །རིགས་ཀྱི་བུ། ཁ་ཟས་སྦྱིན་པ་ནི་སྲོག་སྦྱིན་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་སྤྱོད་པ་ན་རྟག་ཏུ་སེམས་ཅན་དག་ཚད་མེད་པའི་འཚོ་བ་སྦྱིན་པར་བྱེད་དོ། །རིགས་ཀྱི་བུ། སྲོག་གཅོད་པ་ཡོངས་སུ་སྤངས་པའི་ཚུལ་ཁྲིམས་བསྲུངས་པས་ཚེ་རིང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
Ka387b
པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་སྤྱོད་པ་ན། སེམས་ཅན་ཐམས་ཅད་ལ་འཚོ་བའི་སྲོག་ཚད་མེད་པ་སྦྱིན་པ་བྱིན་ནོ། །རིགས་ཀྱི་བུ། དག་གི་སྒོ་ནས་ཉེས་པའི་སྐྱོན་མེད་པས་ན་ཚེ་རིང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་སྤྱོད་པ་ན་སེམས་ཅན་ལ་འཁོན་དུ་འགྱུར་བ་མི་སྟོན་ཏེ། ལེགས་པ་ནི་གཞན་ལ་བདར། ཉས་པ་ནི་བདག་ཁས་ལེན་པས་རྩོད་པ་མེད་དེ། ཚེ་རིང་བར་འགྱུར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་སྤྱོད་པ་ན་སེམས་ཅན་ལ་ཚད་མེད་པའི་འཚོ་བའི་སྲོག་སྦྱིན་པ་ཞེས་བྱའོ། །རིགས་ཀྱི་བུ། དགེ་བ་ལ་བརྩོན་འགྲུས་བྱས་པས་ཚེ་རིང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་སྤྱོད་པ་ནི་རྟག་ཏུ་སེམས་ཅན་དག་དགེ་བའི་ཆོས་ལ་ནན་ཏན་བྱེད་པར་བསྐུལ་ནས་སོ་སོའི་སྐྱེ་བོ་དག་དེ་བཞིན་དུ་བྱས་པས་ཚེ་ཚད་མེད་པ་ཐོབ་པར་བྱས་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་སྤྱོད་པ་ན་སེམས་ཅན་ལ་ཚད་མེད་པའི་འཚོ་བ་བྱིན་པ་ཡིན་ནོ། །རིགས་ཀྱི་བུ། སེམས་སྡུད་པ་ལ་ནན་ཏན་བྱེད་པ་ནི་ཚེ་རིང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་སྤྱོད་པ་ན། སེམས་ཅན་དག་
Ka388a
༄#། །མཉམ་པར་འཇོག་པའི་སེམས་ལ་ནན་ཏན་བྱེད་པར་བསྐུལ་ནས་སེམས་ཅན་དག་དེ་བཞིན་དུ་སྤྱད་པས་ཚེ་རིང་བར་འགྱུར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་སྤྱོད་པ་ནི་སེམས་ཅན་ལ་ཚད་མེད་པའི་འཚོ་བ་སྦྱིན་པ་ཞེས་བྱའོ། །རིགས་ཀྱི་བུ། ཇི་ཙམ་དུ་དགེ་བར་འགྱུར་པའི་ཕྱོགས་ལ་བག་ཡོད་པར་སྤྱོད་པ་ནི་ཚེ་རིང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་སྤྱོད་པ་ན་སེམས་ཅན་རྣམས་དགེ་བའི་ཆོས་ལ་བག་ཡོད་པར་སྤྱོད་དུ་བཅུག་ནས། སོ་སོའི་སྐྱེ་བོ་དག་དེ་བཞིན་དུ་སྤྱད་པས་དེའི་རྒྱུ་དེའི་རྐྱེན་གྱིས་ཚེ་རིང་བར་འགྱུར་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་སྤྱོད་པ་ན་སེམས་ཅན་ལ་འཚོ་བ་ཚད་མེད་པ་སྦྱིན་པ་ཞེས་བྱའོ། །རིགས་ཀྱི་བུ། དོན་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ལ་སྲོག་འཕྲོག་པའི་ཆོས་མེད་དོ། །རིགས་ཀྱི་བུ་ཁྱོད་ཀྱིས་འདི་སྐད་དུ་ང་ལ་བྲམ་ཟེ་བསད་པའི་ཚེ་ས་འདི་ཐོབ་བམ་ཞེས་དྲིས་པ་ནི། རིགས་ཀྱི་བུ། ངས་དེའི་ཚེ་ས་དེ་ཐོབ་པས་དེ་དག་ལ་སྡུག་པར་དགོངས་པའི་ཕྱིར་དེ་དག་གི་སྲོག་གི་དབང་པོ་བཅད་པ་ཡིན་གྱི། ངན་སེམས་ཀྱིས་ནི་མ་ཡིན་ནོ། །རིགས་ཀྱི་བུ། འདི་
Ka388b
ལྟ་སྟེ། དཔེར་ན། བུ་གཅིག་པའི་ཕ་མ་ནི་བུ་དེ་ལ་ཤིན་ཏུ་སྡུག་པར་བསམས་པས་གལ་ཏེ་ཉེས་པ་ཆེན་པོ་ཞིག་བྱས་ཏེ་གྱོད་ལ་ཐུག་པར་གྱུར་ན། དེའི་ཕ་མ་འཇིགས་སྐྲག་པས་སྐྲོད་པའམ། གསོད་པར་ཡང་བྱེད་དེ། དེ་ལྟར་གལ་ཏེ་སྐྲོད་དམ་གསོད་ཀྱང་ངན་སེམས་ནི་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམ་པའི་ཆོས་བསྲུང་ཞིང་སྐྱོབ་པའང་དེ་དང་འདྲ་སྟེ། གལ་ཏེ་སེམས་ཅན་གང་ཞིག་ཐེག་པ་ཆེན་པོའི་ཆོས་ལ་སྐུར་བ་འདེབས་ན། དེ་ལ་གཞུ་བ་དང ། འཚོག་པ་དང ། གནོད་པར་བྱ་བ་དང ། གལ་ཏེ་ན་སྲོག་གི་དབང་པོའི་བར་དུ་ཡང་གཅོད་དེ།་མ་འོངས་པའི་དུས་སུ་དགེ་བའི་ཆོས་ལ་ནན་ཏན་བྱེད་པར་འདོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་འདི་སྙམ་དུ་སེམས་ཏེ། རྒྱུ་གང་དང་རྐྱེན་གང་གིས་སེམས་ཅན་རྣམས་དད་པའི་སེམས་སྐྱེ་བར་འགྱུར་སྙམ་སེམས་ཏེ། ཐབས་ཇི་བཞིན་དུ་དེའི་ལས་བྱེད་དེ། བྲམ་ཟེ་མང་པོ་དག་ཚེ་འཕོས་ནས་མཚམས་མེད་པའི་སེམས་ཅན་དམྱལ་བར་སྐྱེས་ཏེ།་རྣམ་པ་གསུམ་པོ་འདི་དག་སེམས་སོ། །བདག་གནས་གང་ནས་འདིར་སྐྱེས་སྙམ་སེམས་ཏེ། སྔོན་མིའི་རྒྱུད་ལས་སྐྱེས་པར་ཤེས་པ་དང ། བདག་སྐྱེ་བའི་གནས་འདི་ཅི་ཡིན་སྙམ་བསམས་ནས། མཚམས་མེད་པའི་སེམས་ཅན་དམྱལ་བ་ཡིན་པར་ཤེས་པ་དང ། ལས་གང་དང་རྐྱེན་གང་གིས་འདིར་སྐྱེས་པར་གྱུར་སྙམ་བསམས་ནས། འདི་ནི་ཐེག་པ་ཆེན་པོ་
Ka389a
༄#། །ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་འཕྱ་ཞིང་སྐུར་པ་དང་མ་དད་པའི་རྒྱུ་དང་རྐྱེན་གྱིས་རྒྱལ་པོས་བསད་ནས་གནས་འདིར་སྐྱེས་པར་གྱུར་ཏོ་སྙམ་སེམས་སོ། །དེ་ལྟར་བསམས་ནས་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་ཤིན་ཏུ་དད་པ་དང་གུས་པའི་སེམས་སྐྱེས་ཏེ། དེ་ནས་ཚེ་འཕོས་ནས་དེ་བཞིན་གཤེགས་པ་ཟིལ་མངར་རྔ་ཞེས་བྱ་བའི་འཇིག་རྟེན་དུ་སྐྱེས་ཏེ། ཚེ་ཡང་བསྐལ་པ་བཅུ་སྙེད་ཚད་བར་གྱུར་ཏོ། །རིགས་ཀྱི་བུ། དོན་དེ་ལྟ་བས་ན་ངས་སྔོན་མི་དེ་དག་ལ་བསྐལ་པ་བཅུ་སྙེད་ཐུབ་པར་གྱུར་པའི་འཚོ་བ་བྱིན་པ་ཡིན་ན། དེ་ལ་གསོད་པ་ཞེས་བྱར་རུང་ངམ། རིགས་ཀྱི་བུ། གང་ས་རྐོབ་དང ། རྩཝ་རྔ་བ་དང ། ཤིང་གཅོད་པ་དང ། རོ་ལ་མཚོན་གྱིས་འདེབས་པ་དང ། རྒྱབ་པ་དང ། འཚོག་པ་དང ། གཞུ་བའི་ལས་བྱས་ན་དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རམ། བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན། སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། སྔོན་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ལ་ཆོས་བསྟན་པ་ན། ཀྱེ། དགེ་སློང་དག་།མགལ་དུམ་ལའང་ངན་སེམས་མ་སྐྱེད་ཅིག་།དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ནི་ངན་སེམས་བསྐྱེད་པའི་རྒྱུས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །
Ka389b
ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་ལེགས་སོ། །ཤིན་ཏུ་ལེགས་སོ་ཞེས་བྱ་བ་བྱིན་ནས། ཁྱོད་ཀྱིས་སྨྲས་པ་བཞིན་དུ་ལེགས་པར་ཡིད་ལ་ཟུངས་ཤིག་།ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། ངན་སེམས་ཀྱིས་སེམས་ཅན་དམྱལ་བར་ལྟུང་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ལ་ངན་སེམས་ཞེས་བྱ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་ཆུང་ངུ་ན་གྲོག་སྦུར་གྱི་བར་དུའང་བྱམས་ཤིང་བརྩེ་བ་དང་ཕན་པ་དང་བདེ་བའི་སེམས་བསྐྱེད་དོ། ། དེའང་ཅིའི་ཕྱིར་ཞེ་ན། རྒྱུ་དང་རྐྱེན་དུ་འགྱུར་བ་དང ། ཐབས་ལ་མཁས་པའི་ཕྱིར་རོ། །ཐབས་མཁས་པའི་ཤུགས་ཀྱིས་སེམས་ཅན་རྣམས་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །རིགས་ཀྱི་བུ། དོན་དེ་ལྟ་བས་ན་ངས་དེའི་ཚེ་ན། ཤིན་ཏུ་ཐབས་མཁས་པས་དེ་དག་གི་སྲོག་ཕྲོགས་ཀྱང་ངན་སེམས་ཀྱིས་ནི་མ་ཡིན་ནོ། །རིགས་ཀྱི་བུ། བྲམ་ཟེའི་ཆོས་ཀྱིས་གལ་ཏེ་གྲོག་སྦུར་ཤིང་རྟ་བཅུ་གང་བ་བསད་ཀྱང་སྡིག་བར་མི་འགྱུར། སྤྲང་མ་དང ། མཆུ་སྦྲང་དང ། བྱི་ལ་དང ། སེང་གེ་དང ། སྟག་དང ། དོན་དང ། དྲེད་དང ། གཅན་གཟན་སྡིག་པ་ཅན་སེམས་ཅན་ལ་གནོད་པར་འགྱུར་བ་དག་ཤིང་རྟ་བཅུ་ཚང་བར་བསད་དམ། ཡི་དྭགས་དང ། སྲིན་པོ་དང ། གྲུལ་བུམ་དང ། ཀ་ཏ་པུ་ཏ་ན་དང ། བརྗེད་བྱེད་དང ། སྨྱོ་བྱེད་དང ། སྐེམ་
Ka390a
༄#། །བྱེད་ལ་སོགས་པ་ཡི་དྭགས་སེམས་ཅན་ལ་གནོད་པར་འགྱུར་བ་དག་གི་སྲོག་བཅད་ཀྱང་རྣམ་པར་སྨིན་པའི་སྡིག་མེད་དོ། །གལ་ཏེ་མིའི་ནང་ན་ངན་པ་ཞིག་བསད་ནའང་རྣམ་པར་སྨིན་པའི་སྡིག་ཡོད་དེ། བསད་མ་ཐག་ཏུ་མ་མཐོལ་ན་ཡི་དྭགས་ཀྱི་ཁམས་སུ་ལྟུང་བར་འགྱུར་རོ། །གལ་ཏེ་ཞག་གསུམ་ཟན་མི་ཟ་བར་མཐོལ་ཞིང་བཤགས་ན།་སྡིག་པའང་ལྷག་མ་མ་ལུས་པར་འབྱང་བར་འགྱུར་རོ། །གལ་ཏེ་སློབ་དཔོན་བསད་དམ། ཕ་མ་དང ། བུད་མེད་བསད་དམ། བལ་གླང་བསད་ན་ལོ་གྲངས་མེད་པ་སྟོང་གི་བར་དུ་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ་ཞེས་སྨྲའོ། །རིགས་ཀྱི་བུ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ནི་ཤེས་བཞིན་དུ་བསད་པ་ལ་རྣམ་པ་གསུམ་སྟེ། རབ་དང ། འབྲིང་དང ། ཐ་མའོ། །ཐ་མ་ནི། གྲོག་སྦུར་ལ་སོགས་ཏེ། བྱོལ་སོང་གི་སྐྱེ་གནས་ཐམས་ཅད་དོ། །དེ་ལ་མ་གཏོགས་པ་ནི་བྱང་ཆུབ་སེམས་དཔའ་དག་བྱོལ་སོང་གི་ལུས་སུ་སྐྱེ་བར་སྟོན་པའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨོན་ལམ་གྱི་དབང་གིས་བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བ་སྟོན་པའང་ཡོད་དེ། དེ་ནི་གསོད་པའི་ཐ་མ་ཞེས་བྱའོ། ། གསོད་པ་ཐ་མའི་རྒྱུ་དང་རྐྱེན་གྱིས་ཀྱང་སེམས་ཅན་དམྱལ་བ་དང ། བྱོལ་སོང་གི་སྐྱེ་གནས་དང ། ཡི་དྭགས་ཀྱི་ཁམས་སུ་ལྟུང་སྟེ། སྡུག་བསྔལ་ཐ་མ་མྱོང་བར་འགྱུར་རོ། །དེ་ཅིའི་ཕྱིར་
Ka390b
ཞེ་ན། བྱོལ་སོང་ལའང་དགེ་བའི་རྩ་བ་ཅུང་ཟད་ཡོད་དེ། དེ་དག་བསད་ན་ཁ་ན་མ་ཐོ་བའི་རྣམ་པར་སྨིན་པ་མྱོང་བར་འགྱུར་ཏེ། དེ་ནི་གསོད་པ་ཐ་མ་ཞེས་བྱའོ། །གསོད་པ་འབྲིང་ཞེས་བྱ་བ་ནི། སོ་སོའི་སྐྱེ་བོ་མ་རབས་ནས་རྒྱུན་དུ་ཞུགས་པའི་བར་དུ་ནི་འབྲིང་ཞེས་བྱ་སྟེ། ལས་དེའི་རྒྱུ་དང་རྐྱེན་གྱིས་ཀྱང་སེམས་ཅན་དམྱལ་བ་དང ། བྱོལ་སོང་གི་སྐྱེ་གནས་དང ། ཡི་དྭགས་ཀྱི་ཁམས་སུ་ལྟུང་སྟེ།་སྡུག་བསྔལ་འབྲིང་མྱོང་བར་འགྱུར་བས་འདི་ནི་གསོད་པ་འབྲིང་ཞེས་བྱའོ། །གསོད་པ་རབ་ཅེས་བྱ་བ་ནི། ཕ་མ་བསད་པ་ནས། དགྲ་བཅོམ་པ་དང ། རང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ངེས་པའི་བར་དུ་བསད་ན་རབ་ཅེས་བྱའོ། །དེའི་རྒྱུ་དེའི་རྐྱེན་གྱིས་མཚམས་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་ཞིང་སྡུག་བསྔལ་རབ་མྱོང་བར་འགྱུར་ཏེ། དེ་ནི་བསད་པ་རབ་ཅེས་བྱའོ། །རིགས་ཀྱི་བུ། གང་ཞིག་གིས་ལོག་སྲེད་ཅན་བསད་ན་བསད་པ་རྣམ་པ་གསུམ་གང་དུའང་མི་བསྡུའོ། །རིགས་ཀྱི་བུ། བྲམ་ཟེ་དེ་དག་ནི་ཐམས་ཅད་ཀྱང་ལོག་སྲེད་ཅན་ཞེས་བྱའོ། ། དཔེར་ན། ས་རྐོ་བ་དང ། རྩཝ་རྔ་བ་དང ། ཤིང་གཅོད་པ་དང ། རོ་ལ་མ་ཚོན་གྱིས་བཏབ་བམ། རྒྱབ་པ་དང ། བཙོགས་བརྡེགས་ཀྱང ། ཁ་ན་མ་ཐོ་བའི་རྣམ་པར་སྨིན་པར་མི་འགྱུར་ལ། ལོག་སྲེད་ཅན་བསད་པའང་དེ་དང་འདྲ་སྟེ། ཁ་ན་མ་ཐོ་བའི་རྣམ་པར་སྨིན་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྲམ་ཟེ་དེ་དག་ལའང་དད་པ་ལ་སོགས་ཏེ་དབང་པོ་ལྔའི་བར་དུ་མེད་པས་ན་དེ་དག་བསད་ཀྱང་
Ka391a
༄#། །སེམས་ཅན་དམྱལ་བར་མི་ལྟུང་ངོ་།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་རྩ་གཉིས་པ། རིགས་ཀྱི་བུ་ཁྱོད་ཀྱིས་འདི་སྐད་དུ་དེ་བཞིན་གཤེགས་པ་ལ་ཁྱོད་ཅིའི་ཕྱིར་ལྷ་སྦྱིན་ལ་གླེན་པ་མཆིལ་མ་ཟའོ་ཞེས་སྦྱོས་ཏེ་ཅི་བྱ་ཞེས་ཟེར་བ་མི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ནི་ཇི་ཙམ་དུ་གསུང་ངོ་ཅོག་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །རིགས་ཀྱི་བུ། ཡང་དག་པར་སྨྲ་བ་ལ་ནི་འཇིག་རྟེན་པ་ཐམས་ཅད་འདོད་དོ། །དུས་མ་ཡིན་པ་དང ། ཆོས་མ་ཡིན་པ་དང ། ཕན་པ་དང་བདེ་བར་མི་འགྱུར་བའི་ཚིག་ནི་ནམ་དུའང་མི་གསུང་ངོ ། །རིགས་ཀྱི་བུ། ཚིག་ཁ་ཅིག་ནི་ཤིན་ཏུ་བརླང་ཞིང་རྩུབ་ལ་རྫུན་པའང་ཡིན་ཏེ། དུས་མ་ཡིན་པ་དང ། ཆོས་མ་ཡིན་པ་དང ། གང་གིས་ཐོས་ཀྱང་མི་འདོད་པ་དང ། ཕན་པ་དང ། བདེ་བར་མི་འགྱུར་བ་ན་ངས་ནམ་དུའང་མ་གསུངས་སོ། །རིགས་ཀྱི་བུ། ཚིག་ཏུ་གསུངས་པ་ཁ་ཅིག་ནི་བརླང་ཞིང་རྩུབ་ཀྱང་ཡང་དག་པ་མི་རྫུན་པ་སྟེ། དུས་དང་ལྡན་པ། ཆོས་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་སྟེ། ཐོས་པས་མི་དགའ་བར་འགྱུར་བའང་ངེས་པར་གསུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ནི་མཁྱེན་པ་དང་ལྡན་པ་སྟེ། ཤིན་ཏུ་ཐབས་མཁས་པ་དང་ལྡན་པའི་ཕྱིར་རོ། །རིགས་ཀྱི་བུ། ངས་སྔོན་དུས་གཅིག་ན་འབྲོག་དགོན་པ་དང ། གྲོང་དང་
Ka391b
གྲོང་ཁྱེར་དང ། ནགས་ཚལ་དུ་རྒྱུ་ཞིང་གཤེགས་པ་ན། ནགས་ཚལ་གྱི་དྲུང་ན་ཡི་དྭགས་འབྲོག་དགོན་པ་ཞེས་བྱ་བ་ཞིག་ཡོད་དེ། ཟས་སུ་ཤ་ཟ་ཁྲག་འཐུང་བས་སེམས་ཅན་མང་པོ་ལ་གནོད་པར་ཡང་འགྱུར་ལ། གྲོང་ཁྱེར་དེའི་མི་རྣམས་ལ་ཉིན་རེ་ཞིང་རེ་རེ་ཟའོ། །རིགས་ཀྱི་བུ། ངས་དེའི་ཚེ་ན་ཡི་དྭགས་དེ་ལ་ཆོས་རྒྱས་པར་བསྟན་ཅིང་བཤད་ཀྱང་ཁྲོ་ཞིང་གཏུམ་ལ་གླེན་ཏེ་ཤེས་པ་མེད་པས་ངས་བསྟན་པ་མི་ཉན་ཏོ། །དེའི་ཚེ་ན་ངས་ཡི་དྭགས་མཐུ་ཆེན་པོ་དང་ལྡན་པ་ཞིག་ཏུ་སྤྲུལ་ནས་དེའི་གནས་ཀྱང་བསྒུལ་ཏེ་མི་བདེ་བར་བྱས་སོ། །དེའི་ཚེ་ན་ཡི་དྭགས་དེ་དེ་མ་ཐག་ཏུ་འཁོར་དང་བཅས་ཏེ་གནས་ནས་བྱུང་ནས། ང་ལ་རྒོལ་དུ་ཆས་སོ། །དེའི་ཚེ་ཡི་དྭགས་དེས་ང་མཐོང་མ་ཐག་ཏུ་དྲན་པ་སྟོར་ཏེ་མྱོས་བཞིན་དུ་ཤིན་ཏུ་འཇིགས་སྐྲག་པས། ས་ལ་འགྱེལ་ཏེ་བརྒྱལ་བར་གྱུར་ནས་མི་རོ་ལྟ་བུར་དབུགས་ཀྱང་ཆད་པར་གྱུར་ཏོ། །དེ་ལ་ངས་བྱམས་པ་བརྩེ་བའི་ཐུགས་བསྐྱེད་ནས་ལག་པས་དེའི་མགོ་བོ་ལ་བྱུགས་པས་དེ་མ་ཐག་ཏུ་ཕྱིར་སངས་ནས་འདི་སྐད་ཅེས་སྨྲས་སོ། །བདག་ནི་དེང་ལུས་དང་སྲོག་ཀྱང་ཕྱིར་ཐོབ་སྟེ། ལྷའི་རྒྱལ་པོ་ཆེན་པོ་འདི་ནི་ཤིན་ཏུ་མཐུ་ཆེ་བ་དང་གཟི་བརྗིད་ཆེ་བ་སྟེ། བྱམས་པ་བརྩེ་བའི་ཐུགས་དང་ལྡན་པས་བདག་གི་ཉེས་པའི་སྐྱབས་ཀྱང་བྱས་ཞེས་སྨྲས་སོ། །དེའི་ཚེ་ན་ཡི་དྭགས་དེ་ང་ལ་དད་པའི་སེམས་བསྐྱེད་པས། ངས་དེའི་ཚེ་ཕྱིར་ཡང་དེ་བཞིན་གཤེགས་པའི་སྐུར་སྤྲུལ་ནས་གཞན་
Ka392a
༄#། །ཡང་ཆོས་རྣམ་པ་སྣ་ཚོགས་བསྟན་ཅིང་བཤད་ནས། ཡི་དྭགས་དེ་སྲོག་མི་གཅོད་པའི་ཁྲིམས་སྲུང་དུ་བཅུག་གོ་།དེའི་ཚེ་ན་འབྲོག་དགོན་པའི་གྲོང་ཁྱེར་དེ་ན་ཁྱིམ་བདག་གཅིག་ཟ་བའི་རེས་ལ་བབ་ནས་གྲོང་གི་མི་རྣམས་ཀྱིས་ཀྱང་ཡི་དྭགས་དེའི་དྲུང་དུ་བསྐྱལ་ལོ། །དེའི་ཚེ་ཡི་དྭགས་དེས་ཁྱིམ་བདག་བླངས་ནས་ང་ལ་ཕུལ་ལོ། །ངས་ཀྱང་བླངས་ནས་ཁྱིམ་བདག་དེའི་མིང་ཡང་ལག་པ་ཞེས་བཏགས་སོ་།དེའི་ཚེ་ན་ཡི་དྭགས་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་འཁོར་དང་བཅས་པ་ནི་ཤ་དང་ཁྲག་འཚལ་བ་ལགས་ན། དེ་སྲོག་མི་གཅོད་པའི་ཁྲིམས་བླངས་ན་བདག་ཅག་ཅིས་འཚོ་བར་བགྱི། དེ་ལ་ངས་འདི་སྐད་ཅེས་བཀའ་སྩལ་ཏོ། །དེང་ཕྱིན་ཆད་ངའི་ཉེ་གནས་ཉན་ཐོས་རྣམས་གང་ན་སངས་རྒྱས་ཀྱི་ཆོས་ལ་ནན་ཏན་བྱེད་པའི་གནས་ཐམས་ཅད་དུ་ཀུན་གྱིས་ཁྱོད་ལ་ཟས་སྦྱིན་པར་བཀའ་སྩལ་ཏོ། །རིགས་ཀྱི་བུ། དེའི་རྒྱུ་དེའི་རྐྱེན་གྱིས་དགེ་སློང་རྣམས་ཀྱིས་འབྲོག་དགོན་པའི་ཡི་དྭགས་ལ་རྟག་ཏུ་གཏོར་མ་བྱིན་ཅིག་ཅེས་ཁྲིམས་བཅས་པ་ཡིན་ནོ། །གལ་ཏེ་གནས་ཁང་དག་ཏུ་གཏོར་མ་མ་བྱིན་པར་གྱུར་ན་དེ་དག་ནི་ངའི་ཉེ་གནས་མ་ཡིན་ཏེ། ལྷའི་བདུད་ཀྱི་དཔུང་དང་འཁོར་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི་སེམས་ཅན་གདུལ་བའི་ཕྱིར་དེ་ལྟ་བུའི་ཐབས་རྣམ་
Ka392b
པ་སྣ་ཚོགས་སྟོན་ཏེ། ཆེད་དུ་དེ་དག་འཇིགས་པར་བྱེད་པ་ནི་མ་ཡིན་ནོ། །རིགས་ཀྱི་བུ། ངས་སྔོན་དབྱུག་པ་ཐོགས་ཏེ། ཡི་དྭགས་ཆོས་སྲུང་བ་ཞེས་བྱ་བ་ལ་བརྡེགས་སོ། །ཡང་དུས་གཅིག་ན་ཡི་དྭགས་ལུག་མགོ་ཞེས་བྱ་བ་རི་ཀ་ནས་ཕུལ་ཏེ་རྦབ་ཏུ་བཏང་ངོ ། །གཞན་ཡང་ཤིང་ཀ་ནས་ཡི་དྭགས་སྤྲེའུ་ཞེས་བྱ་བ་གཡང་དུ་བཏང་བ་དང ། བལ་གླང་ནོར་སྲུང་བ་ཞེས་བྱ་བ་སེང་གེ་ལྔ་མཐོང་བར་བྱས་པ་དང ། རྡོ་རྗེའི་ལུས་སུ་སྤྲུལ་ནས་མུ་སྟེགས་ཅན་ཀུན་ཏུ་སྨྲ་བ་འཇིགས་པར་བྱས་པ་དང ། སེང་ལྡེང་གི་ཕུར་བུ་ཡི་དྭགས་སྤུ་ཅན་ལ་བཙུགས་པ་དང ། དེ་ལ་སོགས་པ་བྱས་ཀྱང་ཡི་དྭགས་དེ་དག་ལ་གནོད་པར་མ་གྱུར་ཏེ། དེ་དག་ལ་དམ་པའི་ཆོས་ལ་གནས་པར་བྱ་བའི་ཕྱིར་ཐབས་རྣམ་པ་སྣ་ཚོགས་སྟོན་ཏོ། །རིགས་ཀྱི་བུ། ངས་དེའི་ཚེ་ན་ཡང་དག་པར་ལྷ་སྦྱིན་ལ་སྤྱོས་པའང་མེད་ལ། ལྷ་སྦྱིན་ཉིད་ཀྱང་གླེན་པའང་མ་ཡིན། མིའི་མཆིལ་མ་ཟ་བའང་མ་ཡིན། ངན་སོང་དུ་སྐྱེ་བར་ཡང་མི་འགྱུར། མཚམས་མེད་པའི་སེམས་ཅན་དམྱལ་བར་བསྐལ་པ་གཅིག་གི་བར་དུ་སྡུག་བསྔལ་མྱོང་བའང་མ་ཡིན། དགེ་འདུན་གྱི་དབྱེན་བྱས་པའམ། སངས་རྒྱས་ཀྱི་སྐུ་ལ་ཁྲག་ཕྱུང་བའང་མ་ཡིན། རྩ་བ་བཞི་ཉམས་པའང་མ་ཡིན། དམ་པའི་ཆོས་ལ་སྐུར་བ་དང ། ཐེག་པ་ཆེན་པོའི་མདོ་སྡེ་ལ་སྐུར་པའང་མ་ཡིན། ལོག་སྲེད་ཅན་ཡང་མ་ཡིན། ཉན་ཐོས་དང་རང་སངས་རྒྱས་ཀྱང་མ་ཡིན་ནོ། །རིགས་ཀྱི་བུ།
Ka393a
༄#། །ལྷ་སྦྱིན་ཞེས་བྱ་བ་ནི་ཡང་དག་པར་ན་ཉན་ཐོས་དང ། རང་སངས་རྒྱས་ཀྱི་སྤྱོད་ཡུལ་མ་ཡིན་གྱི། སངས་རྒྱས་ཉག་གཅིག་གིས་མཁྱེན་ཅིང་གཟིགས་པར་ཟད་དོ། ། རིགས་ཀྱི་བུ། དེ་བས་ན་ཁྱོད་ཀྱིས་འདི་སྐད་དུ་དེ་བཞིན་གཤེགས་པས་ཅིའི་ཕྱིར་ལྷ་སྦྱིན་ལ་སྨོད་པ་དང ། གཤེ་བ་དང ། སྤྱོ་བ་མཛད་ཅེས་མ་འདྲི་ཞིག་།ཁྱོད་ཀྱིས་ནི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ལ་དེ་ལྟར་ཐེ་ཚོམ་བསྐྱེད་པའི་མི་རིགས་སོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་གསོལ་པ། དཔེར་ན། བུ་རམ་ཤིང་ནི་ཡང་དང་ཡང་བསྐོལ་ན་རོ་རྣམ་པ་སྣ་ཚོགས་འབྱུང་བ་དང་འདྲ་བར་བདག་ཀྱང་བཅོམ་ལྡན་འདས་ལས་ཡང་དང་ཡང་ཐོས་པས་ཆོས་ཀྱི་རོ་རྣམ་པ་མང་དུ་ཐོབ་པ་ནི། འདི་ལྟ་སྟེ། འབྱུང་བའི་རོ་དང ། འདོད་པ་སྤོང་བའི་རོ་དང ། ཞི་བའི་རོ་དང ། བྱང་ཆུབ་ཀྱི་རོ་རྣམས་སོ། །ཡང་བཅོམ་ལྡན་འདས། དཔེར་ན། གསེར་ཡང་དག་པ་ནི་ཡང་དང་ཡང་བཞུ་སྟེ་བརྡུངས་ན་གསེར་བཙོ་མར་འགྱུར་ཏེ། ཤིན་ཏུ་གསལ་བ་དང ། མཉེན་པ་དང ། ཤིན་ཏུ་འོད་གསལ་བ་དང ། རིན་ཐང་སྐྱེ་བར་འགྱུར་ཏེ། ལྷ་དང་མིའི་རིན་པོ་ཆེར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཡང་དང་ཡང་ཞུ་ཞིང་དྲིས་ན་ཤིན་ཏུ་ཟབ་མོའི་དོན་ཐོས་པ་དང་མཐོང་བར་འགྱུར་བས་ཟབ་མོ་ལ་རྣལ་འབྱོར་པ་རྣམས་གཟུངས་སུ་
Ka393b
འཛིན་ཅིང་ནན་ཏན་བྱེད་པ་དང ། སྐྱེ་བོ་ཚད་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དང ། དེའི་འོག་ཏུ་ལྷ་དང་མི་ལ་སོགས་པས་བསྟི་སྟང་དང ། བཀུར་སྟིར་མཆོད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་ལེགས་སོ། །ལེགས་སོ་ཞེས་བྱ་བ་བྱིན་ཏེ། འོད་སྲུང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ལ་ཕན་པ་དང་བདེ་བར་འདོད་པའི་ཕྱིར་ཤིན་ཏུ་ཟབ་མོའི་དོན་འདི་དྲིས་པ་ལེགས་སོ། །རིགས་ཀྱི་བུ། དོན་དེ་ལྟ་བས་ན། ངས་ཀྱང་ཁྱོད་ཀྱིས་བསམས་པ་བཞིན་དུ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པ་ཟབ་མོའི་དོན་བསྟན་པ་ནི། འདི་ལྟ་སྟེ། རབ་ཏུ་དགའ་བ་བུ་གཅིག་པ་དང་འདྲ་བའི་ས་བསྟན་པའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་གསོལ་པ། གལ་ཏེ་བྱང་ཆུབ་སེམས་དཔའ་དག་བྱམས་པ་དང ། སྙིང་རྗེ་དང ། དགའ་བ་ལ་ནན་ཏན་བྱས་པས་བུ་གཅིག་པ་དང་འདྲ་བའི་ས་ཐོབ་པར་འགྱུར་ན། བཏང་སྙོམས་ཀྱི་སེམས་ལ་ནན་ཏན་བགྱིད་པ་ན་ས་གང་དག་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། །ཤིན་ཏུ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ནི་ཤིན་ཏུ་དུས་ལ་མཁས་པས་ངས་ཀྱང་བཤད་པར་དགོངས་པ་ལས་ཁྱོད་ཀྱིས་ཞུས་པ་ལེགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཏང་
Ka394a
༄#། །སྙོམས་ཀྱི་སེམས་ལ་ནན་ཏན་བྱེད་པ་ན། རབ་འབྱོར་ལྟར་སྟོང་པ་ཉིད་ཀྱི་མཉམ་པའི་ས་ལ་གནས་པར་འགྱུར་རོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་ཀྱི་མཉམ་པའི་ས་ལ་གནས་པ་ན། ཕ་མ་དང ། ཕུ་ནུ་དང ། སྲིང་མོ་དང ། བུ་དང ། གཉེན་བཤེས་དང ། བྱམས་སྡང་དུ་མི་དམིགས་པ་ནས། ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་དང ། སེམས་ཅན་དང ། འཚོ་བའི་བར་དུ་མི་དམིགས་སོ། །རིགས་ཀྱི་བུ། དེ་ལྟར་ནམ་མཁའ་ལ་ཕ་མ་དང ། ཕུ་ནུ་དང ། ཆུང་མ་དང ། བུ་མེད་པ་ནས། སེམས་ཅན་དང ། འཚོ་བའི་བར་དུ་མེད་པ་དང་འདྲ་བར་ཆོས་ཐམས་ཅད་ཀྱང་ཕ་མ་ནས། འཚོ་བའི་བར་དུ་མེད་དོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་ཆོས་ཐམས་ཅད་ལ་སེམས་མཉམ་པར་ལྟ་བ་ནི་ཇི་ལྟར་ནམ་མཁའ་དང་འདྲའོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ཀྱི་ཆོས་ལ་ནན་ཏན་བྱེད་པ་ལ་ཤིན་ཏུ་མཁས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་གསོལ་པ། དེ་ལ་སྟོང་པ་ཉིད་ཅེས་བགྱི་བ་གང་ལགས། བཀའ་སྩལ་པ། རིགས་ཀྱི་བུ། སྟོང་པ་ཉིད་ཅེས་བྱ་བ་ནི། འདི་ལྟ་སྟེ། ནང་སྟོང་པ་ཉིད་དང ། ཕྱི་སྟོང་པ་ཉིད་དང ། ཕྱི་ནང་སྟོང་པ་ཉིད་དང ། འདུས་བྱས་སྟོང་པ་ཉིད་དང ། འདུས་མ་བྱས་སྟོང་པ་ཉིད་དང །
Ka394b
ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང ། རང་བཞིན་སྟོང་པ་ཉིད་དང ། དམིགས་སུ་མེད་པའི་སྟོང་པ་ཉིད་དང ། དོན་དམ་པའི་སྟོང་པ་ཉིད་དང ། སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དང ། ཆེན་པོ་སྟོང་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟ་བུར་ནང་གི་སྟོང་པ་ལ་ཡོངས་སུ་རྟོག་ཅེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་གི་ཆོས་སྟོང་པ་ཉིད་དུ་རྟོག་གོ་།ནང་གི་ཆོས་སྟོང་པ་ཉིད་ནི། འདི་ལྟ་སྟེ། ཕ་མ་དང ། བྱམས་སྡང་དང ། སེམས་ཅན་དང ། འཚོ་བ་དང ། རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པའང་མེད།་དེ་བཞིན་གཤེགས་པ་དང ། ཆོས་དང ། དགེ་འདུན་དང ། རྫས་ཀྱི་དངོས་པོའང་མེད་དོ། །དེ་ལྟར་ནང་གི་ཆོས་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་མོད་ཀྱི། སངས་རྒྱས་ཀྱི་རང་བཞིན་དེ་ནི་ནང་ནའང་མ་ཡིན། ཕྱི་རོལ་ནའང་མ་ཡིན་ནོ། །དེ་ཇི་ལྟ་ཞེ་ན། སངས་རྒྱས་ཀྱི་རང་བཞིན་ནི་རྟག་པ། གནས་པ། མི་འགྱུར་མི་འཕོ་བའི་ཕྱིར་རོ། །དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་གི་སྟོང་པ་ཉིད་ལ་ཡོངས་སུ་རྟོག་པ་ཞེས་བྱའོ། །ཕྱི་རོལ་གྱི་སྟོང་པ་ཉིད་ཀྱང་དེ་དང་འདྲ་སྟེ། ནང་གི་ཆོས་ཅུང་ཟད་ཀྱང་མེད་པའོ། །ཕྱི་ནང་གི་སྟོང་པའང་དེ་དང་འདྲའོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་དང ། སངས་རྒྱས་དང ། ཆོས་དང ། དགེ་འདུན་དང ། སངས་རྒྱས་ཀྱི་རང་བཞིན་ནི་སྟོང་པ་གཉིས་པོ་འདི་ལ་མི་
Ka395a
༄#། །གནས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་རྟག་པ་དང ། བདག་དང ། བདག་དང་།ཡོངས་སུ་དག་པ་དང ། ཆོས་རྣམ་པ་བཞི་པོ་འདི་དག་ནི་སྟོང་པ་ཉིད་ཅེས་མི་བྱ་སྟེ།་ཕྱི་ནང་གཉིས་ཀ་སྟོང་པ་ཉིད་ཅེས་བྱའོ། །རིགས་ཀྱི་བུ། འདུས་བྱས་སྟོང་པ་ཉིད་ནི་ཇི་ཙམ་དུ་འདུས་བྱས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །འདི་ལྟ་སྟེ། ནང་སྟོང་པ་ཉིད་དང ། ཕྱི་སྟོང་པ་ཉིད་དང ། ཕྱི་ནང་སྟོང་པ་ཉིད་དང ། རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་སྟོང་པ་ཉིད་དང ། སེམས་ཅན་དང ། འཚོ་བ་དང ། དེ་བཞིན་གཤེགས་པ་པ་དང ། ཆོས་དང ། དགེ་འདུན་དང ། དོན་དམ་པ་སྟོང་པ་སྟེ། དེ་ལ་སངས་རྒྱས་ཀྱི་རང་བཞིན་འདུས་བྱས་ཀྱི་ཆོས་མ་ཡིན་ཏེ། དེ་བས་ན་སངས་རྒྱས་ཀྱི་རང་བཞིན་ནི་འདུས་བྱས་ཀྱི་ཆོས་ཀྱི་སྟོང་པ་ཉིད་མ་ཡིན་པས་འདུས་བྱས་ཀྱི་སྟོང་པ་ཞེས་བྱའོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུས་མ་བྱས་པའི་སྟོང་པ་ལ་ཡོངས་སུ་རྟོག་པ་ཞེ་ན། འདུས་མ་བྱས་ཀྱི་ཆོས་དེ་ནི་ཐམས་ཅད་ཀྱང་སྟོང་པ་ཉིད་དོ། །འདི་ལྟ་སྟེ། མི་རྟག་པ་དང ། སྡུག་བསྔལ་བ་དང ། ཡོངས་སུ་མ་དག་པ་དང ། བདག་མེད་པ་དང ། ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་དང ། སེམས་ཅན་དང ། འཚོ་བའི་མཚན་ཉིད་དང ། འདུས་བྱས་དང ། ཟག་པ་དང་བཅས་པ་དང ། ནང་གི་ཆོས་དང ། ཕྱི་རོལ་གྱི་ཆོས་སོ། །
Ka395b
འདུས་མ་བྱས་པའི་ཆོས་ལས། སངས་རྒྱས་ལ་སོགས་ཏེ། ཆོས་རྣམ་པ་བཞི་པོ་འདི་དག་ནི་འདུས་བྱས་ཀྱང་མ་ཡིན་ལ། འདུས་མ་བྱས་པའི་མཚན་ཉིད་ཀྱང་མ་ཡིན་ཏེ། དགེ་བའི་ཕྱིར་ན་འདུས་མ་བྱས་པ་ཉིད་མ་ཡིན་ནོ། །རྟག་པ་དང་གནས་པའི་ཕྱིར་འདུས་བྱས་པ་མ་ཡིན་ཏེ། འདི་དག་ནི་བྱང་ཆུབ་སེམས་དཔའ་འདུས་མ་བྱས་པའི་སྟོང་པ་ལ་ཡོངས་སུ་རྟོག་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཐོག་མ་མེད་པའི་སྟོང་པ་ཉིད་ལ་ཡོངས་སུ་རྟོག་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཁོར་བ་ལ་མཐའ་མེད་པར་མཐོང་བས་ཐམས་ཅད་ཀྱང་སྟོང་པ་ཉིད་དང་རབ་ཏུ་ཞི་བའོ། །འདི་ལྟ་སྟེ། སྟོང་པ་ཉིད་ཅེས་བྱ་བ་ནི་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་སྟེ། ཐམས་ཅད་སྟོང་པ་ཉིད་ཀྱིས་ཞི་བ། འགྱུར་བ་དང་འཕོ་བ་མེད་པ། སེམས་ཅན་དང ། འཚོ་བ་དང ། དཀོན་མཆོག་གསུམ་དང ། སངས་རྒྱས་ཀྱི་རང་བཞིན་དང ། འདུས་མ་བྱས་པའི་ཆོས་ཀྱང་མེད་པ་ནི་བྱང་ཆུབ་སེམས་དཔའ་ཐོག་མ་མེད་པའི་སྟོང་པ་ཉིད་ལ་ཡོངས་སུ་རྟོག་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་སུ་མེད་པའི་སྟོང་པ་ཉིད་ལ་ཡོངས་སུ་རྟོག་པ་ཞེ་ན། དཔེར་ན། མི་ཞིག་བུ་མེད་པས་ཁྱིམ་སྟོང་ངོ་ཞེས་མཐར་བྱམས་པ་དང་སྡང་བ་མེད་པར་རྟོག་པ་དང ། གླེན་པ་གཏི་མུག་ཅན་
Ka396a
༄#། །དག་ཕྱོགས་ཙམ་སྟོང་ངོ་ཞེས་སྨྲ་བ་དང ། དབུལ་པོ་ངན་པ་དག་ཐམས་ཅད་སྟོང་པའོ་ཞེས་ཁ་ཅིག་ནི་སྟོང་པ་ཉིད་དུ་སྨྲ། ཁ་ཅིག་ནི་སྟོང་པ་མ་ཡིན་ནོ་ཞེས་སྨྲ་བ་ལྟ་བུ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ལྟར་ཡོངས་སུ་རྟོག་པ་ན་མི་དབུལ་པོ་དང་འདྲ་བར་ཐམས་ཅད་སྟོང་པ་ཉིད་དུ་རྟོག་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་སུ་མེད་པའི་སྟོང་པ་ཉིད་ལ་ཡོངས་སུ་རྟོག་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་དམ་པའི་སྟོང་པ་ཉིད་ལ་རྟོག་པ་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དོན་དམ་པ་སྟོང་པ་ཉིད་ལ་ཡོངས་སུ་རྟོག་པའི་ཚེ་མིག་གི་དབང་པོ་སྐྱེ་བ་ན་གང་ནས་ཀྱང་མ་འོངས་ལ།་ཐ་མ་འགགས་པའི་དུས་ནའང་སོང་བ་མེད་དོ། །ཐོག་མ་ནས་མེད་ལ་ཡོད་པ་དང ། ཡོད་ནས་ཀྱང་ཕྱིར་མེད་པར་འགྱུར་ཏེ། དེ་ལྟར་ཡང་དག་པ་ཉིད་ཀྱི་རྗེས་བཅད་ན་མིག་ཀྱང་མེད། བདག་པོའང་མེད་དེ། ཇི་ལྟར་མིག་ལ་རང་བཞིན་མེད་པ་དང་འདྲ་བར་ཆོས་ཐམས་ཅད་ཀྱང་དེ་དང་འདྲའོ། །ཆོས་གང་ལ་སོགས་པ་ལ་དོན་དམ་པའི་སྟོང་པ་ཞེས་བྱ་ཞེ་ན། ལས་ཀྱང་ཡོད། རྣམ་པར་སྨིན་པའང་ཡོད་བཞིན་དུ་བྱེད་པ་ཡོད་པར་མི་མཐོང་སྟེ། སྟོང་པའི་ཆོས་འདི་དག་ནི་དོན་དམ་པའི་སྟོང་པ་ཞེས་བྱ་སྟེ། དེ་ལྟར་ན་བྱང་
Ka396b
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་དམ་པའི་སྟོང་པ་ཉིད་ལ་རྟོག་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་ཀྱི་སྟོང་པ་ལ་རྟོག་པ་ཞེ་ན། སྟོང་པ་ཉིད་ཀྱི་སྟོང་པ་ཞེས་བྱ་བ་ནི་ཉན་ཐོས་དང ། རང་སངས་རྒྱས་ལ་སོགས་པས་མྱོང་བར་འགྱུར་བའི་གནས་ཡིན་ཏེ། རིགས་ཀྱི་བུ། ཡོད་པའང་མ་ཡིན་ལ། ། མེད་པའང་མ་ཡིན་པ་ནི་སྟོང་པ་ཉིད་ཀྱི་སྟོང་པ་ཞེས་བྱའོ། །ཡིན་པའང་མ་ཡིན་ལ། མ་ཡིན་པའང་མ་ཡིན་པ་ནི་སྟོང་པ་ཉིད་ཀྱི་སྟོང་པ་ཞེས་བྱའོ། །རིགས་ཀྱི་བུ། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་དེ་ལ་ཕྱོགས་ཅུང་ཟད་རྡུལ་གྱི་ཆ་ཤས་ཙམ་རྟོག་པར་འགྱུར་བ་ཡིན་ན་གཞན་ལྟ་སྨོས་ཀྱང་ཅི་དགོས། རིགས་ཀྱི་བུ། དེ་ལྟར་སྟོང་པ་ཉིད་ཀྱི་སྟོང་པ་ནི་ཉན་ཐོས་ཀྱི་སྟོང་པ་ཉིད་ཀྱི་སྟོང་པའི་ཏིང་ངེ་འཛིན་དང་ཐུན་མོང་དུ་འགྱུར་བ་མ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་སྟོང་པ་ལ་ཡོངས་སུ་རྟོག་པ་ཞེས་བྱའོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཆེན་པོ་ལ་ཡོངས་སུ་རྟོག་པ་ཞེ་ན། རིགས་ཀྱི་བུ། སྟོང་པ་ཆེན་པོ་ཞེས་བྱ་བ་ནི། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་སྟོང་པ་ཆེན་པོ་ཞེས་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་འདི་ལ་གནས་པ་ན་སྟོང་པ་ཉིད་ཀྱི་སྒོ་ཐོབ་པས་ནམ་མཁའ་ལྟ་བུར་
Ka397a
༄#། །མཉམ་པའི་ས་ལ་གནས་པར་འགྱུར་རོ། །རིགས་ཀྱི་བུ། ངས་འཁོར་གྱི་དཀྱིལ་འཁོར་ཆེན་པོ་འདིར་འདི་ལྟ་བུ་ལ་སོགས་པ་སྟོང་པ་ཉིད་ཀྱི་དོན་བསྟན་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀླུང་གངྒཱ་བཅུའི་བྱེ་མ་སྙེད་ནམ་མཁའ་ལྟར་མཉམ་པའི་ས་ལ་གནས་པར་གྱུར་ཏོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ས་དེ་ལ་གནས་ནས་ཆོས་ཐམས་ཅད་ལ་ཐོགས་པ་མེད་དེ། གཟུང་བའང་མེད། མོས་བར་འགྱུར་བའང་མེད་དེ། དོན་དེ་ལྟ་བས་ན་ནམ་མཁའ་ལྟར་མཉམ་པའི་ས་ཞེས་བྱའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ནམ་མཁའ་ནི་གཟུགས་ཡིད་དུ་འོང་བ་ལ་ཆགས་པར་ཡང་མི་བྱེད། ཡིད་དུ་མི་འོང་བའི་གཟུགས་ལ་ཞེ་སྡང་ཡང་མི་སྐྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་འདི་ལ་གནས་པའང་དེ་དང་འདྲ་སྟེ། གཟུགས་བཟང་པོ་དང ། ངན་པ་ལ་འདོད་པའམ། ཞེ་སྡང་བའི་སེམས་མེད་དོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ནམ་མཁའ་ནི་རྒྱ་ཆེ་ལ་ཡངས་པས་ཟླ་མེད་དེ། ཆོས་ཐམས་ཅད་ཤོང་པ་དང་འདྲ་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་ས་དེ་ལ་གནས་ན་དེ་དང་འདྲ་བར་ཤིན་ཏུ་རྒྱ་ཆེ་བ་དང ། བླ་མེད་པ་དང ། ཆོས་ཐམས་ཅད་ཤོང་བ་ཡིན་ནོ། །དོན་དེ་ལྟ་བས་ན་ནམ་མཁའ་ལྟར་མཉམ་པའི་ས་ཞེས་
Ka397b
བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་དཔའ་ཆེན་པོས་ས་འདི་ལ་གནས་ན་ཆོས་ཐམས་ཅད་མཐོང་བ་དང་རྟོགས་པར་འགྱུར་ཏེ། གལ་ཏེ་སྤྱོད་དམ། དམིགས་སམ། དེའི་རང་བཞིན་དང ། མཚན་ཉིད་དང ། རྒྱུ་དང ། རྐྱེན་དང ། སེམས་ཅན་གྱི་སེམས་དང ། དབང་པོ་དང ། བསམ་གཏན་དང ། ཐེག་པ་དང ། དགེ་བའི་བཤེས་གཉེན་དང ། ཚུལ་ཁྲིམས་སྲུང་བ་དང ། སྦྱིན་པ་ལ་སྤྱོད་པ་ལ་སོགས་པ་ཆོས་ཐམས་ཅད་རྟོགས་ཤིང་མཐོང་བར་འགྱུར་རོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དེ་ལ་གནས་ན་ཤེས་བཞིན་དུ་མི་མཐོང་ངོ ། །གང་དག་ཤེས་ཤེ་ན། འདི་ལྟ་སྟེ། བདག་སྨྱུང་བར་བྱེད་པའི་ཆོས་དང ། ཆུར་མཆོང་བ་དང ། མེར་མཆོང་བ་དང ། བྲག་ལས་མཆོང་བ་དང ། རྐང་པ་ཡ་ཅིག་གིས་འགྲེང་བ་དང ། ཚ་བ་ལྔས་བསྲེག་པ་དང ། ཐལ་ཁུང་དང ། ས་དང ། ཚེར་ཕུང་དང ། ལོ་མ་དང ། རྩཝ་དང ། ལྕི་བའི་སྟེང་ན་ཉལ་བ་དང ། གོས་རྩུབ་པོ་གསོ་རས་གྱོན་པ་དང ། དུར་ཁྲོད་དང ། ཕྱག་དར་ཁྲོད་དུ་བོར་བའི་བར་བུར་གྱོན་པ་དང ། ཁམ་པ་ལ་གྱོན་པ་དང ། ཤ་བའི་ཕགས་པ་གྱོན་པ་དང ། ཤིང་ཤུན་དང ། རྩཝ་གྱོན་པ་དང ། རྩཝ་དང་འབྲས་བུ་ཟ་བ་དང ། པདྨོའི་རྩ་བ་དང ། སྣུམ་གྱི་ཞག་དང ། བ་ལང་གི་ལྕི་བ་དང ། རྩ་བ་དང་འབྲས་བུ་ཟ་བ་དང ། གལ་ཏེ་སློང་ཞིང་ཟ་ནའང ། ཁྱིམ་བདག་གཅིག་ལས་ལྷག་པར་མི་སློང་སྟེ། ཅི་
Ka398a
༄#། །སྟེ་མེད་བྱས་ན། ང་ཐལ་བྱུང་དུ་འགྲོ་སྟེ། ཕྱིར་བོས་ཀྱང་འོང་མུ་མི་བཏུབ་པ་དང ། ལན་ཚཝ་དང ། ཤ་དང ། བའི་འོ་མ་ལས་གྱུར་པའི་རོ་རྣམ་པ་ལྔ་མྱོང་བར་མི་བྱེད་པ་དང ། རྟག་ཏུ་ཕུབ་མ་ཟ་ཞིང་ཆུ་ཚན་འཐུང་བ་དང ། བ་ལང་གི་དཀའ་ཐུབ་དང ། ཁྱི་དང་བྱ་དང་ཕག་གི་དཀའ་ཐུབ་ལེན་པ་དང ། ལུས་ལ་ཐལ་བ་སྐུད་པ་དང ། སྐྲ་སྐྱེད་པས་མཚན་མར་འཛིན་པ་དང ། ལུག་གིས་ལྷ་རྗེད་ཅིང་དེའི་འོག་ཏུ་གསོད་པ་དང ། ཟླ་བ་བཞི་མི་རྗེད་པ་དང ། ཞག་བདུན་རླུང་ཟ་བ་དང ། མེ་ཏོག་རྣམ་པ་བརྒྱ་སྟོང་གིས་ལྷ་རྣམས་ལ་མཆོད་དེ། དེའི་རྐྱེན་གྱིས་འདོད་པ་ཐམས་ཅད་འགྲུབ་བོ་ཞེས་ཟེར་བ་དང ། དེ་ལ་སོགས་པ་ཆོས་འདི་དག་ནི་བླ་ན་མེད་པ་རྣམ་པར་ཐར་པའི་རྒྱུར་འགྱུར་བའི་གནས་མེད་དོ། །དེ་དག་ནི་ཤེས་པར་བྱ་བ་ཞེས་བྱའོ། །དེ་ལ་མི་མཐོང་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཟག་གཅིག་ཙམ་ཡང་ཆོས་དེ་དག་བྱས་པས་ཡང་དག་པར་རྣམ་པར་ཐར་པ་མ་མཐོང་བས་ན་མི་མཐོང་བ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་བཞིན་དུ་མཐོང་བའང་ཡོད་དོ། །དེ་ལ་མཐོང་བ་གང་ཞེ་ན། སེམས་ཅན་དག་ལོག་པར་འགྲོ་བའི་ཆོས་དེ་དག་བྱས་ན་གདོན་མི་ཟ་བར་སེམས་ཅན་དམྱལ་བར་ལྟུང་བར་མཐོང་
Ka398b
སྟེ།་དེ་ནི་མཐོང་བ་ཞེས་བྱའོ། །དེ་ལ་ཤེས་པ་གང་ཞེ་ན། སེམས་ཅན་དེ་དག་སེམས་ཅན་དམྱལ་བ་དེ་ལས་ཐར་ནས་མིར་སྐྱེས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནས་ཕ་རོལ་ཏུ་ཕྱིན་པ་གཞན་གྱི་བར་དུ་རྫོགས་པར་སྤྱོད་ན་དེ་དག་གདོན་མི་ཟ་བར་ཡང་དག་པའི་རྣམ་པར་གྲོལ་བ་ཐོབ་པར་ཤེས་ཏེ། དེ་ནི་ཤེས་པ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཐོང་བ་དང་ཤེས་པ་ཡོད་དོ། །དེ་ལ་མཐོང་བ་གང་ཞེ་ན། རྟག་པ་དང་མི་རྟག་པ་དང ། སྡུག་བསྔལ་བ་དང་བདེ་བ་དང ། ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པ་དང ། བདག་དང་བདག་མེད་པ་མཐོང་བ་ནི་མཐོང་བ་ཞེས་བྱའོ། །དེ་ལ་ཤེས་པ་གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་ནི་མཐར་མྱ་ངན་ལས་འདའ་བར་གཤེགས་པ་མ་ཡིན་པར་ཤེས་པ་དང ། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ནི་རྡོ་རྗེ་སྟེ། མི་འཇིག་པ། ཉོན་མོངས་པ་ལས་གྲུབ་པ་མ་ཡིན་པ། བཙོག་པ་དང ། མནམ་པ་དང ། རུལ་བ་དང ། མྱགས་པའི་སྐུ་མ་ཡིན་པར་ཤེས་སོ། །གཞན་ཡང་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཤེས་པ་སྟེ། དེ་ནི་ཤེས་པ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་པ་དང ། མཐོང་བ་ཡོད་དོ། །དེ་ལ་ཤེས་པ་ནི་སེམས་ཅན་གང་དག་དད་པའི་སེམས་
Ka399a
༄#། །དང་ལྡན་པ་ཤེས་སོ། །སེམས་ཅན་གང་དག་ནི་ཐེག་པ་ཆེན་པོ་ཚོལ་བར་བྱེད། གང་ཟག་གང་ནི་འཁོར་བའི་རྗེས་སུ་འབྲང་བར་བྱེད། གང་ཟག་གང་ནི་འཁོར་བ་ལས་ཟློག་པར་བྱེད། གང་ཟག་གང་ནི་ཡང་དག་པ་གནས་པར་བྱེད། སེམས་ཅན་གང་དག་ནི་ཕ་རོལ་ཏུ་ཕྱིན་པའང་རབ་ཏུ་ཤེས་སོ། །འཁོར་བ་ནི་བྱིན་པ་མ་རབས་སོ། །འཁོར་བ་ལས་ཟློག་པ་ནི་རྒྱུན་དུ་ཞུགས་པ་ནས། རང་སངས་རྒྱས་ཀྱི་བར་དུ་ཐོབ་པའོ། །ཡང་དག་པ་ལ་གནས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །ཕ་རོལ་ཏུ་ཕྱིན་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ཏེ། དེ་དག་ནི་ཤེས་པ་ཞེས་བྱའོ། །དེ་ལ་མཐོང་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ལ་གནས་ནས་ཚངས་པར་སྤྱོད་པའི་སེམས་དང ། ཤིན་ཏུ་རྣམ་པར་དག་པའི་འཕྲུལ་གྱི་མིག་གིས་སོ་སོའི་སྐྱེ་བོ་དག་ལུས་དང ། ངག་དང ། ཡིད་ཀྱི་སྒོ་ནས་མི་དགེ་བ་གསུམ་གྱི་ལས་བྱས་པས་སེམས་ཅན་དམྱལ་བ་དང ། བྱོལ་སོང་གི་སྐྱེ་གནས་དང ། ཡི་དྭགས་ཀྱི་ཁམས་སུ་སྐྱེ་བ་མཐོང་བ་དང ། སོ་སོའི་སྐྱེ་བོ་དགེ་བའི་ལས་ལ་ནན་ཏན་བྱེད་པ་དག་ནི་ཚེ་འཕོས་ནས་མཐོ་རིས་ཀྱི་ལྷ་དང ། མིར་སྐྱེ་བ་མཐོང་བ་དང ། དེ་ལ་སེམས་ཅན་ཁ་ཅིག་ནི་མུན་པ་ནས་མུན་པར་འགྲོ་བ་དང ། སེམས་ཅན་ཁ་ཅིག་ནི་མུན་པ་ནས་སྣང་བར་འགྲོ།
Ka399b
པ་དང ། སེམས་ཅན་ཁ་ཅིག་ནི་སྣང་བ་ནས་མུན་པར་འགྲོ་བ་དང ། སེམས་ཅན་ཁ་ཅིག་ནི་སྣང་བ་ནས་སྣང་བར་འགྲོ་བའང་མཐོང་སྟེ། དེ་ནི་མཐོང་བ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཐོང་བ་དང ། སེམས་པ་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སོ་སོའི་སྐྱེ་བོ་ཁ་ཅིག་ལུས་ལ་ནན་ཏན་བྱས། ཚུལ་ཁྲིམས་ལ་ནན་ཏན་བྱས། སེམས་ལ་ནན་ཏན་བྱས། ཤེས་རབ་ལ་ནན་ཏན་བྱས་ཀྱང ། གང་ཟག་དེ་ཚེ་འདི་ཉིད་ལ་སྡིག་པའི་ལས་རྣམ་པར་སྨིན་པར་འགྱུར་བ་དང ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་རྐྱེན་གྱིས་གདོན་མི་ཟ་བར་སེམས་ཅན་དམྱལ་བའི་ལས་རྣམ་པར་སྨིན་པར་འགྱུར་བ་དང ། གང་ཟག་དག་ལུས་ལ་ནན་ཏན་བྱས། ཚུལ་ཁྲིམས་དང ། སེམས་དང ། ཤེས་རབ་ལ་ནན་ཏན་བྱས་པས་ཚེ་འདི་ལ་ཡང་བ་ཙམ་མྱོང་ནས་སེམས་ཅན་དམྱལ་བར་མི་ལྟུང་བའང་ཤེས་སོ། །དེ་ལ་ལས་གང་དང ། ནི་འཕྲལ་དུ་རྣམ་པར་སྨིན་པར་འགྱུར་ཞེ་ན། སྡིག་པ་མི་དགེ་བའི་ལས་ཅི་ཡོད་པ་མཐོལ་ཞིང་བཤགས་ལ། བཤགས་པའི་འོག་ཏུ་ཕྱིས་མི་བྱེད་པ་དང ། འཛེམ་པ་དང ། ངོ་ཚ་བ་དང་ལྡན་པའི་ཕྱིར། དཀོན་མཆོག་གསུམ་ལ་མཆོད་པ་བྱེད་པའི་ཕྱིར། བདག་གིས་བདག་ལ་གནོང་བསྐུར་བའི་ཕྱིར། གང་ཟག་དེ་ནི་དགེ་བའི་ལས་དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཅན་དམྱལ་བར་
Ka400a
༄#། །མི་ལྟུང་སྟེ། ཚེ་འདི་ལ་མྱོང་བ་ནི། འདི་ལྟ་སྟེ། ཀླད་པ་ན་བ་དང ། མིག་ན་བ་དང ། ལྟོ་ན་བ་དང ། རྒྱབ་ན་བ་དང ། མི་སྙན་པ་དང ། འཆི་བར་འགྱུར་བ་དང ། གཤེ་བ་དང ། སྤྱོ་བ་དང ། བརྒྱད་པ་དང ། བསྐྱེད་པ་དང ། གཞུ་བ་དང ། རྡེག་པ་དང ། བཟུང་བ་དང ། བཀྲེས་པ་དང ། སྐོམ་པས་སྡུག་བསྔལ་ཏེ། དེ་དག་ལ་སོགས་པ་ཚེ་འདི་ལའང་མྱོང་བར་ཤེས་པ་ནི་ཤེས་པ་ཞེས་བྱའོ། །དེ་ལ་མཐོང་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཟག་ཁ་ཅིག་ལུས་ལ་ནན་ཏན་མི་བྱེད། ཚུལ་ཁྲིམས་དང ། སེམས་དང ། ཤེས་རབ་ལ་ནན་ཏན་མི་བྱེད་ཀྱང་སྡིག་པའི་ལས་ཆུང་དུ་བྱེད་ན་དེའི་ལས་ནི་ཚེ་འདི་ལ་འཕྲལ་དུ་མྱོང་བར་མཐོང་ངོ ། །གང་ཟག་དེས་སྡིག་པ་ཆུང་དུ་བྱས་ལ་འཆགས་ཤིང་མཐོལ་བར་ཡང་མི་བྱེད། བདག་གིས་བདག་ལ་གནོང་བསྐུར་བར་མི་བྱེད། འཛེམ་པ་དང ། ངོ་ཚ་བར་ཡང་མི་བྱེད། འཇིགས་པའམ། སྐྲག་པར་ཡང་མི་བྱེད་ན་དེ་ལས་འཕེལ་ཞིང་སྐྱེ་བར་འགྱུར་ཏེ། སེམས་ཅན་དམྱལ་བ་མྱོང་བར་མཐོང་སྟེ། དེ་ནི་མཐོང་བ་ཞེས་བྱའོ། །གཞན་ཡང་ཤེས་ལ་མི་མཐོང་བའང་ཡོད་དོ། །དེ་ལ་ཤེས་པ་ནི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱིས་རང་བཞིན་ཡོད་པར་ནི་ཤེས་ལ། ཉོན་མོངས་པས་ཟིལ་གྱིས་མནན་ཏེ་བསྒྲིབས་ནས་མི་མཐོང་བས་ན། དེ་ནི་ཤེས་ལ་མི་མཐོང་བ་ཞེས་བྱའོ། །གཞན་
Ka400b
ཡང་ཤེས་ལ་ཅུང་ཟད་མཐོང་བ་ཡོད་དོ། །ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ནི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཤེས་ཀྱང་གསལ་བར་མི་མཐོང་བ་ནི་ཟླ་བ་ཉིན་མོ་མི་གསལ་བ་དང་འདྲའོ། །གཞན་ཡང་མཐོང་ཡང་མཐོང་ལ་ཤེས་ཀྱང་ཤེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དེ་ནི་གཟིགས་པ་དང ། མཁྱེན་པ་ཞེས་བྱའོ། །གཞན་ཡང་མཐོང་བ་དང་ཤེས་པ་དང ། མི་མཐོང་བ་དང་མི་ཤེས་པ་ཡོད་དོ། །དེ་ལ་མཐོང་བ་དང་ཤེས་པ་ནི། འདི་ལྟ་སྟེ། འཇིག་རྟེན་གྱི་ཡི་གེ་དང ། སྐད་དང ། པོ་དང ། མོ་དང ། ཐེག་པ་དང ། བུམ་པ་དང ། ཁང་པ་དང ། གྲོང་ཁྱེར་དང ། ཟས་དང ། གོས་དང ། རི་དང ། ཆུ་དང ། རབ་དག་སེམས་ཅན་གྱི་ཚེའི་ཚད་ནི་མཐོང་བ་དང་ཤེས་པ་ཞེས་བྱའོ། །དེ་ལ་མི་མཐོང་བ་དང་མི་ཤེས་པ་ནི་འཕགས་པ་རྣམས་ཀྱིས་དགོངས་ཏེ་གསུངས་པའི་ཚིག་དང ། ཕོ་མོ་མེད་པ་ནས་ར་བའི་བར་དུ་མེད་པ་ནི་མི་མཐོང་བ་དང་མི་ཤེས་པ་ཞེས་བྱའོ། །གཞན་ཡང་ཤེས་ལ་མི་མཐོང་བ་ཡོད་དེ། ཤེས་པ་ནི་སྦྱིན་པའི་གནས་དང ། མཆོད་པའི་གནས་ཤེས་པ་དང ། ལེན་པའི་གནས་ཤེས་པ་དང ། རྒྱུ་དང་འབྲས་བུ་ཤེས་པ་སྟེ། དེ་ནི་ཤེས་པ་ཞེས་བྱའོ། །དེ་ལ་མི་མཐོང་བ་ནི་སྦྱིན་པའི་གནས་དང ། མཆོད་པའི་གནས་དང ། ལེན་པའི་གནས་མི་མཐོང ། རྒྱུ་དང་འབྲས་བུ་རྣམ་པར་སྨིན་པ་མི་མཐོང་བ་སྟེ།
Ka401a
༄#། །དེ་ནི་མི་མཐོང་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་བརྒྱད་པོ་ཤེས་པ་ནི་དེ་བཞིན་གཤེགས་པའི་སྤྱན་རྣམ་པ་ལྔས་ཤེས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་རྟོགས་ཤིང་འཚལ་བར་གྱུར་ན་ཕན་པ་ཇི་ལྟ་བུ་དག་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་རྟོགས་ཤིང་ཤེས་ན་སོ་སོ་ཡང་དག་པར་ཤེས་པ་བཞི་ཐོབ་པར་འགྱུར་རོ། །འདི་ལྟ་སྟེ། ཆོས་སོ་སོ་ཡང་དག་པར་ཤེས་པ་དང ། དོན་སོ་སོ་ཡང་དག་པར་ཤེས་པ་དང ། ཚིག་སོ་སོ་ཡང་དག་པར་ཤེས་པ་དང ། སྤོབས་པ་སོ་སོ་ཡང་དག་པར་ཤེས་པའོ། །དེ་ལ་ཆོས་སོ་སོ་ཡང་དག་པར་ཤེས་པ་ནི། ཆོས་ཐམས་ཅད་དང་ཆོས་ཀྱི་མཚན་ཉིད་ཤེས་པའོ། །དོན་སོ་སོ་ཡང་དག་པ་ཤེས་པ་ནི། ཆོས་ཐམས་ཅད་ཀྱི་དོན་དུ་བཏགས་པ་ཐམས་ཅད་ཤེས་པ་སྟེ། ཆོས་ཀྱི་རྗེས་སུ་མིང་དང་ཚིག་ཏུ་གདགས་པ་ལས་དོན་དུ་འགྱུར་བ་ཐམས་ཅད་དོ། །ཚིག་སོ་སོ་ཡང་དག་པར་ཤེས་པ་ནི། ཡི་གེའི་གཙུག་ལག་དང ། སྒྲ་སྐད་ཀྱི་གཙུག་ལག་དང ། རྣམ་པར་རིག་བྱེད་ཀྱི་གཙུག་ལག་དང ། འཇིག་རྟེན་པའི་གཙུག་ལག་
Ka401b
རྣམས་སོ། །སྤོབས་པ་སོ་སོ་ཡང་དག་པར་ཤེས་པ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ཙམ་ཚིག་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ཙམ་ཚིག་མི་ཟློག་པ། འཇིགས་པ་མེད་ཅིང་ཟིལ་གྱིས་མི་ནོན་པའོ། །རིགས་ཀྱི་བུ། འདི་དག་ནི་བྱང་ཆུབ་སེམས་དཔས་དེ་ལྟར་མཐོང་ཞིང་ཤེས་པ་ཙམ་གྱིས་སོ་སོ་ཡང་དག་པར་ཤེས་པ་བཞི་ཐོབ་པར་འགྱུར་བ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་ཆོས་སོ་སོ་ཡང་དག་པར་ཤེས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཉན་ཐོས་དང ། རང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་དང ། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་ཤེས་པའོ། །དོན་སོ་སོ་ཡང་དག་པར་ཤེས་པ་ནི། ཐེག་པ་ལ་རྣམ་པ་གསུམ་ཡོད་མོད་ཀྱི། གཅིག་ཏུ་འདུ་བར་ཤེས་པ་ལ་སོ་སོ་ཐ་དད་པའི་མཚན་ཉིད་མེད་པའོ། །ཚིག་སོ་སོ་ཡང་དག་པར་ཤེས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་གཅིག་ལའང་མིང་རྣམ་པ་སྣ་ཚོགས་སུ་བཏགས་ནས་བསྐལ་པ་ཚད་མེད་པའི་བར་དུ་བཤད་ཀྱང་མི་རྫོགས་ཀྱི། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ནི་དེ་ལྟར་བཤད་ནུས་པའི་གནས་མེད་དོ། །སྤོབས་པ་སོ་སོ་ཡང་དག་པར་ཤེས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསྐལ་པ་ཚད་མེད་པའི་བར་དུ་སེམས་ཅན་ཐམས་ཅད་ལ་ཆོས་རྣམས་སྟོན་པ་ནི་མིང་དང་དོན་རྣམ་པ་ཐ་དད་པ་
Ka402a
༄#། །སྣ་ཚོགས་བཤད་ཀྱང་ཟད་པའི་མཐའ་མེད་དོ། །རིགས་ཀྱི་བུ། གཞན་ཡང་ཆོས་སོ་སོ་ཡང་དག་པར་ཤེས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཆོས་ཀུན་ཤེས་ཀྱང་དེ་ལ་ཆགས་པ་མེད་དོ། །དོན་སོ་སོ་ཡང་དག་པར་ཤེས་པ་ནི། དོན་རྣམས་ཤེས་ཀྱང་དེ་ལ་མི་ཆགས་སོ། །ཚིག་སོ་སོ་ཡང་དག་པར་ཤེས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མིང་དང་ཚིག་རྣམས་ཤེས་ཀྱང་དེ་ལ་ཆགས་པ་མེད་དོ། །སྤོབས་པ་སོ་སོ་ཡང་དག་པར་ཤེས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་བསྟན་ཅིང་བཤད་པ་ནི་མཆོག་ཡིན་པར་ཤེས་ཀྱང་དེ་ལ་མི་ཆགས་པའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། གལ་ཏེ་ཆགས་པར་གྱུར་ན་བྱང་ཆུབ་སེམས་དཔའ་ཞེས་མི་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་ཡང་གསོལ་པ། བཅོམ་ལྡན་འདས། གལ་ཏེ་མ་ཆགས་ན་ཆོས་འཚལ་བར་མི་འགྱུར། གང་ཆོས་འཚལ་བ་ནི་ཆགས་པ་སྟེ། གང་མི་ཆགས་པར་འཚལ་བ་ནི་ཅིའང་འཚལ་བ་མ་མཆིས་པ་ལགས་ན། ཅིའི་སླད་དུ་དེ་བཞིན་དུ་གཤེགས་པས་ཆོས་འཚལ་བ་ལ་མ་ཆགས་པའོ་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཇི་ཙམ་དུ་ཆགས་པ་ནི་ཐོགས་པ་མེད་པ་མ་ཡིན་གྱི། ཆགས་པ་མེད་པ་ལ་
Ka402b
ཐོགས་པ་མེད་པ་ཞེས་བྱའོ། །རིགས་ཀྱི་བུ། དེ་བས་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་འདྲ་སྟེ། ཆགས་པ་ཡོད་ན་ཐོགས་པ་མེད་པ་མ་ཡིན་ནོ། །གལ་ཏེ་ཐོགས་པ་མ་ཡིན་ན་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་སྟེ། དེ་ནི་བྱིས་པ་མ་རབས་ཡིན་པར་རིག་པར་བྱའོ། །ཅིའི་ཕྱིར་ཆགས་པ་དེ་ལ་བྱིས་པ་མ་རབས་ཞེས་བྱ་ཞེ་ན། བྱིས་པ་མ་རབས་ཐམས་ཅད་ནི་གཟུགས་ལ་ཆགས་པ་ནས་རྣམ་པར་ཤེས་པའི་བར་དུ་ཆགས་སོ། །གཟུགས་ལ་ཆགས་པས་འདོད་ཆགས་པའི་སེམས་སྐྱེའོ། །འདོད་ཆགས་པའི་སེམས་བསྐྱེད་པས་གཟུགས་ཀྱིས་རྣམ་པར་བཅིངས་པ་ནས་རྣམ་པར་ཤེས་པའི་བར་དུ་རྣམ་པར་བཅིངས་སོ། །དེ་ལྟར་འཆིང་བས་རྣམ་པར་བཅིངས་པས་ན་སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། ཟློས་པའི་མྱ་ངན་དང ། སྨྲེ་སྔགས་འདོན་པའི་སྡུག་བསྔལ་ཆེན་པོ་དང ། ཉོན་མོངས་པ་ཐམས་ཅད་ལས་ཐར་བར་མ་གྱུར་ཏོ། །དེ་བས་ན་གང་ཆགས་པ་ནི་བྱིས་པ་མ་རབས་ཞེས་བྱ་སྟེ། དོན་དེ་ལྟ་བས་ན་བྱིས་པ་མ་རབས་ཐམས་ཅད་ནི་སོ་སོ་ཡང་དག་པར་ཤེས་པ་བཞི་མེད་དོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསྐལ་པ་ཚད་མེད། གྲངས་མེད་པའི་བར་དུ་ཆོས་རྣམས་ཤེས་ཤིང་མཐོང་བར་གྱུར་ཏོ། །དེ་ལྟར་ཤེས་ཤིང་མཐོང་བས་ན་དོན་ཡང་ཤེས་པར་གྱུར་ཏོ། །དེ་ལྟར་ཆོས་ཀྱི་མཚན་ཉིད་ཤེས་ཤིང་དོན་ཤེས་པས་ན་གཟུགས་རྣམས་ལ་ཆགས་པ་མི་སྐྱེད་པ་
Ka403a
༄#། །ནས།་རྣམ་པར་ཤེས་པའི་བར་དུའང་དེ་དང་འདྲའོ། །དེ་ལྟར་མ་ཆགས་པས་ན་བྱང་ཆུབ་སེམས་དཔའ་གཟུགས་ལའང་ཆགས་པའི་སེམས་མི་སྐྱེད་པ་ནས། རྣམ་པར་ཤེས་པའི་བར་དུ་ཆགས་པའི་སེམས་མི་སྐྱེད་དོ། །དེ་ལྟར་ཆགས་པ་མེད་པས་ན་གཟུགས་ཀྱིས་རྣམ་པར་མ་བཅིངས་པ་ནས་རྣམ་པར་ཤེས་པའི་བར་དུ་མ་བཅིངས་པའོ། །དེ་ལྟར་རྣམ་པར་ཤེས་པ་མ་བཅིངས་པས་ན། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། ཟློས་པའི་མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་ཆེན་པོ་དང ། ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་ཐར་པར་གྱུར་ཏོ། །དོན་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་སོ་སོ་ཡང་དག་པར་ཤེས་པ་བཞི་ཐོབ་པའོ། །རིགས་ཀྱི་བུ། དེའི་རྒྱུ་དེའི་རྐྱེན་གྱིས་ངའི་ཉེ་གནས་རྣམས་ལ་མདོ་སྡེ་བཅུ་གཉིས་ལས་ཀྱང་ཆགས་པས་བཅིངས་པ་ནི་བདུད་ཀྱིས་བཅིངས་པ་ཞེས་བྱའོ། །གང་མ་ཆགས་པ་དེ་ནི་བདུད་ཀྱིས་བཅིངས་པ་ལས་རྣམ་པར་ཐར་པ་ཞེས་བྱའོ། །འདི་ལྟ་སྟེ། དཔེར་ན། འཇིག་རྟེན་ན་གང་ཉེས་པ་བྱེད་པ་དེ་ནི་རྒྱལ་པོས་རྣམ་པར་བཅིངས་པར་འགྱུར་རོ། །གང་ཉེས་པ་མེད་པ་དེ་ནི་རྒྱལ་པོས་ཀྱང་མི་འཆིང་ངོ ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། གང་ཆགས་པས་བཅིངས་པ་ནི་བདུད་ཀྱིས་བཅིངས་པ་ཞེས་བྱའོ། །གང་ཆགས་པས་
Ka403b
མ་བཅིངས་པ་དེ་ནི་བདུད་ཀྱིས་མ་བཅིངས་པ་ཞེས་བྱའོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ནི་ཆགས་པ་མེད་དོ། །རིགས་ཀྱི་བུ། གཞན་ཡང་ཆོས་སོ་སོ་ཡང་དག་པར་ཤེས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡི་གེའི་གཟུངས་ལ་ཤིན་ཏུ་མཁས་པས་བརྗེད་པར་མི་འགྱུར་ཏེ། གཟུངས་ཞེས་བྱ་བ་ནི། འདི་ལྟ་སྟེ། ས་དང་རི་ལྟ་བུའམ། མིག་དང་སྤྲིན་ལྟ་བུའམ། མི་དང་མ་ལྟ་བུ་སྟེ། ཆོས་ཐམས་ཅད་ཀྱང་དེ་འདྲའོ། །དོན་སོ་སོ་ཡང་དག་པར་ཤེས་པ་ནི། བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ཀྱི་མིང་དང་ཚིག་ཤེས་ཀྱང་དོན་མི་ཤེས་སོ། །དོན་སོ་སོ་ཡང་དག་པར་ཤེས་པ་ཐོབ་པ་ནི་དོན་རྣམས་ཀྱང་ཤེས་སོ། །ཇི་ལྟར་ན་དོན་ཤེས་པ་ཡིན་ཞེ་ན་།དེ་ནི་ས་ལྟ་བུ་འཛིན་པ་སྟེ། དཔེར་ན། སས་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པ་ཐམས་ཅད་འཛིན་ཏེ། དེ་བས་ནས་ལྟ་བུར་འཛིན་པ་ཞེས་བྱའོ། །རིགས་ཀྱི་བུ། རི་ལྟ་བུར་འཛིན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སེམས་ཏེ། དེ་ཅིའི་ཕྱིར་རི་ལ་འཛིན་པ་ཞེས་བྱ་ཞེ་ན། རིས་ནི་ས་བཟུང་སྟེ། མི་གཡོ་བར་བྱེད་པས་འཛིན་པ་ཞེས་བྱའོ། །ཅིའི་ཕྱིར་མིག་ལ་འཛིན་པ་ཞེས་བྱ་ཞེ་ན། མིག་གིས་སྣང་བ་འཛིན་པའི་ཕྱིར་ན་འཛིན་པ་ཞེས་བྱའོ། །ཅིའི་ཕྱིར་ན་སྤྲིན་ལ་འཛིན་པ་ཞེས་བྱ་ཞེ་ན། སྤྲིན་ནི་ཀླུའི་དབུགས་ཡིན་ཏེ། ཀླུའི་དབུགས་ཀྱིས་ཆུ་འཛིན་པས་ན་སྤྲིན་ཡང་འཛིན་པ་
Ka404a
༄#། །ཞེས་བྱའོ། །ཅིའི་ཕྱིར་མི་ལ་འཛིན་པ་ཞེས་བྱ་ཞེ་ན། མིས་ཆོས་དང་ཆོས་མ་ཡིན་པ་འཛིན་ནུས་པའི་ཕྱིར་མི་ཡང་འཛིན་པ་ཞེས་བྱའོ། །ཅིའི་ཕྱིར་མ་ལ་འཛིན་པ་ཞེས་བྱ་ཞེ་ན། མས་བུ་འཛིན་པའི་ཕྱིར་མ་ཡང་འཛིན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་མིང་དང་ཚིག་དང་དོན་ཤེས་པའང་དེ་དང་འདྲའོ། །ཚིག་སོ་སོ་ཡང་དག་པར་ཤེས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚིག་རྣམ་པ་སྣ་ཚོགས་ཀྱིས་དོན་གཅིག་བསྟན་ཅིང་བཤད་པའང་དོན་མེད་པའོ། །དཔེར་ན། སྐྱེས་པ་དང ། བུད་མེད་དང ། ཁང་ཁྱིམ་དང ། ཐེག་པ་དང ། སེམས་ཅན་ལ་སོགས་པའི་མིང་རྣམས་སོ། །ཅིའི་ཕྱིར་དོན་མེད་ཅེ་ན། རིགས་ཀྱི་བུ། དོན་མེད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དང ། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ལོ། །ཚིག་ཅེས་བྱ་བ་ནི་བྱིས་པ་མ་རབས་རྣམས་ཀྱི་སྤྱོད་ཡུལ་ལོ། །དོན་ཤེས་པའི་ཕྱིར་ན་ཚིག་སོ་སོ་ཡང་དག་པར་ཤེས་པ་ཐོབ་པར་འགྱུར་རོ། །སྤོབས་པ་སོ་སོ་ཡང་དག་པར་ཤེས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚིག་ཤེས་ཤིང་དོན་ཤེས་པས་བསྐལ་པ་ཚད་མེད་གྲངས་མེད་པའི་བར་དུ་ཚིག་དང་དོན་བཤད་པ་ཟད་མི་ཤེས་པའི་ཕྱིར་སྤོབས་པ་སོ་སོ་ཡང་དག་པར་ཤེས་པ་ཞེས་བྱའོ།།
Ka404b
རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསྐལ་པ་ཚད་མེད་པ་མཐའ་ཡས་གྲངས་མེད་པའི་བར་དུ་ཀུན་རྫོབ་ཀྱི་བདེན་པ་ལ་ཤིན་ཏུ་ནན་ཏན་བྱས་སོ། །དེ་ལྟར་ཤིན་ཏུ་ནན་ཏན་བྱས་པས་ན་ཆོས་སོ་སོ་ཡང་དག་པར་ཤེས་པ་རྟོགས་པར་གྱུར་ཏོ། །གཞན་ཡང་བསྐལ་པ་ཚད་མེད་གྲངས་མེད་པའི་བར་དུ་དོན་དམ་པའི་བདེན་པ་ལ་ནན་ཏན་བྱས་པས་ན། དོན་སོ་སོ་ཡང་དག་པར་ཤེས་པ་ཐོབ་པར་གྱུར་ཏོ། །གཞན་ཡང་བསྐལ་པ་ཚད་མེད་མཐའ་ཡས་པའི་བར་དུ་གཙུག་ལག་བྱ་ཀ་ར་ན་ལ་ཤིན་ཏུ་ནན་ཏན་བྱས་པས་ཚིག་སོ་སོ་ཡང་དག་པར་ཤེས་པ་ཐོབ་པར་གྱུར་ཏོ། །གཞན་ཡང་བསྐལ་པ་ཚད་མེད་གྲངས་མེད་པའི་བར་དུ་འཇིག་རྟེན་གྱི་གཙུག་ལག་བསླབས་པས་སྤོབས་པ་སོ་སོ་ཡང་དག་པར་ཤེས་པ་ཐོབ་པར་གྱུར་ཏོ། །རིགས་ཀྱི་བུ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ནི་སོ་སོ་ཡང་དག་པར་ཤེས་པ་བཞི་པོ་འདི་དག་ཐོབ་པའི་གནས་མེད་དོ། །རིགས་ཀྱི་བུ། ངས་མདོ་སྡེ་དགུ་པོ་ལས།་ཉན་ཐོས་དང་རང་སངས་རྒྱས་ཀྱིས་སོ་སོ་ཡང་དག་པར་ཤེས་པ་བཞི་ཐོབ་བོ་ཞེས་གསུངས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ནི་ཡང་དག་པར་ཐོབ་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་གྱི་དོན་བྱེད་པས་སོ་སོ་ཡང་དག་པར་ཤེས་པ་བཞི་ལ་ནན་ཏན་བྱེད་དོ། །རང་སངས་རྒྱས་ལ་སོགས་པ་ནི་
Ka405a
༄#། །ཞི་བ་ཕྱོགས་གཅིག་པ་སྤྱོད་དེ་གཅིག་པུ་གནས་པ་ལ་དགའ་བས། གལ་ཏེ་སེམས་ཅན་གྱི་དོན་བྱེད་ནའང་མངོན་པར་ཤེས་པ་འབའ་ཞིག་སྟོན་གྱི། རྟག་ཏུ་ཅང་མི་སྨྲ་བར་འདུག་པས་སྟོན་ཅིང་བཤད་པ་མེད་ན། སོ་སོ་ཡང་དག་པར་ཤེས་པ་བཞི་ལྟ་ཞིག་ག་ལ་ཡོད། །ཅིའི་ཕྱིར་ཅང་མི་སྨྲ་བ་ལ་བསྟན་པ་མེད་ཅེ་ན། རང་སངས་རྒྱས་ཀྱིས་ཆོས་བཤད་པས་སེམས་ཅན་གྱི་དོན་བྱེད་པའམ་ཕ་རོལ་པོས་དྲོད་དང ། སྤྱི་བོ་དང ། འཇིག་རྟེན་པའི་ཆོས་ཀྱི་མཆོག་ཐོབ་པར་འགྱུར་བའམ། རྒྱུན་དུ་ཞུགས་པ་དང ། ལན་གཅིག་ཕྱིར་ལྡོག་པ་དང ། ཕྱིར་མི་ལྡོག་པ་དང ། དགྲ་བཅོམ་པ་ཐོབ་པར་རམ། སངས་རྒྱས་ཐོབ་པར་རམ། སངས་རྒྱས་ཐོབ་པར་རམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐོབ་པར་བྱེད་ཀྱང་མི་ནུས་ལ། ཕ་རོལ་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད་ཀྱང་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། རང་སངས་རྒྱས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མདོ་སྡེ་དགུ་པོ་མེད་དེ། དེ་བས་ན་རང་སངས་རྒྱས་ནི་ཚིག་སོ་སོ་ཡང་དག་པར་ཤེས་པ་དང ། སྤོབས་པ་སོ་སོ་ཡང་དག་པར་ཤེས་པ་མེད་དོ། །རིགས་ཀྱི་བུ། རང་སངས་རྒྱས་ནི་ཆོས་ཀུན་ཤེས་མོད་ཀྱི། ཆོས་སོ་སོ་ཡང་དག་པར་ཤེས་པ་ནི་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་སོ་སོ་ཡང་དག་པར་
Ka405b
ཤེས་པ་ནི་ཡི་གེ་ཤེས་པ་ཞེས་བྱ་སྟེ། རང་སངས་རྒྱས་ཀྱིས་ཀྱང་ཡི་གེ་ཤེས་མོད་ཀྱི། ཡི་གེ་སོ་སོ་ཡང་དག་པར་ཤེས་པ་ཞེས་བྱ་བ་མེད་དོ། །དེ་ཡང་ཅིའི་ཕྱིར་ཞེ་ན། རྟག་པ་གནས་པ་ཞེས་བྱ་བའི་ཡི་གེ་གཉིས་པོ་མི་ཤེས་པས་ན། རང་སངས་རྒྱས་ནི་ཚིག་སོ་སོ་ཡང་དག་པར་ཤེས་པ་ཐོབ་པ་མ་ཡིན་ནོ། །དོན་ཤེས་ཀྱང་དོན་སོ་སོ་ཡང་དག་པར་ཤེས་པ་མ་ཡིན་ནོ། །ཡང་དག་པར་དོན་ཤེས་པ་ནི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཤེས་པའོ། །སངས་རྒྱས་ཀྱི་རང་བཞིན་གྱི་དོན་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱའོ། །དེ་ལྟ་བས་ན་རང་སངས་རྒྱས་ནི་དོན་སོ་སོ་ཡང་དག་པར་ཤེས་པ་ཐོབ་པ་མ་ཡིན་ཏེ། དེ་བས་ན་རང་སངས་རྒྱས་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་སོ་སོ་ཡང་དག་པར་ཤེས་པ་བཞི་མེད་དོ། །ཅིའི་ཕྱིར་ཉན་ཐོས་ལ་སོ་སོ་ཡང་དག་པར་ཤེས་པ་བཞི་མེད་ཅེ་ན། ཉན་ཐོས་ལ་ཐབས་མཁས་པ་རྣམ་པ་གསུམ་པོ་མེད་པའི་ཕྱིར་རོ། །གསུམ་པོ་གང་ཞེ་ན། ངེས་པའི་ཚིག་འཇམ་པོ་སྨྲ་ཞིང་ཆོས་སྦྱིན་པ་དང ། ངེས་པའི་ཚིག་རྩུབ་པོ་སྨྲ་ཞིང་ཆོས་སྦྱིན་པ་དང ། འཇམ་པོའང་མ་ཡིན་རྩུབ་པོའང་མ་ཡིན་པས་ཆོས་སྦྱིན་པ་སྟེ།་ཉན་ཐོས་ལ་རྣམ་པ་གསུམ་པོ་འདི་དག་མེད་པས་ན་སོ་སོ་ཡང་དག་པར་ཤེས་པ་བཞི་མེད་དོ། །གཞན་ཡང་ཉན་ཐོས་དང་རང་སངས་རྒྱས་ནི་ཚིག་དང་དོན་ཤེས་པའི་
Ka406a
༄#། །མཐར་ཡང་མ་ཕྱིན་ལ། སྤྱོད་ཡུལ་ཤེས་པའི་དབང་དུ་འགྱུར་བའི་ཡེ་ཤེས་ཀྱང་མེད། སྟོབས་བཅུ་དང་མི་འཇིགས་པ་བཞིའང་མེད། རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ཀྱི་མཐར་ཕྱིན་པའང་མ་ཡིན། སེམས་ཅན་རྣམས་ཀྱི་དབང་པོ་རྣོ་རྟུལ་གྱི་ཁྱད་པར་རྟོགས་པར་ཡང་མ་གྱུར། བདེན་པ་གཉིས་ལ་ཐེ་ཚོམ་ཟ་བའི་སེམས་ཀྱང་ཡོངས་སུ་ཆད་པ་མ་ཡིན། སེམས་ཅན་གྱི་སེམས་ཡུལ་ཅི་ལ་དམིགས་པའང་མཁས་པར་མ་གྱུར། དོན་དམ་པའི་སྟོང་པ་ཉིད་སྟོན་པ་ལ་ཤིན་ཏུ་མཁས་པར་ཡང་མ་གྱུར་ཏེ།་དེ་བས་ན་ཐེག་པ་ཆུང་ངུ་གཉིས་ཀྱིས་ནི་སོ་སོ་ཡང་དག་པར་ཤེས་པ་བཞི་ཐོབ་པ་མ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། དེ་ལྟར་ཉན་ཐོས་དང་རང་སངས་རྒྱས་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་སོ་སོ་ཡང་དག་པར་ཤེས་པ་བཞི་མ་མཆིས་ན། ཅིའི་སླད་དུ་དེ་བཞིན་གཤེགས་པས་འདི་སྐད་དུ། ཚེ་དང་ལྡན་པ་ཤཱ་རིའི་བུ་ནི་ཤེས་རབ་ཀྱི་མཆོག་གོ་།མཽངྒལ་ཡ་ན་ཆེན་པོ་ནི་མངོན་པར་ཤེས་པའི་མཆོག་གོ་།ཀཽཥྛི་ལ་ཆེན་པོ་ནི་སོ་སོ་ཡང་དག་པར་ཤེས་པ་བཞིའི་མཆོག་ཅེས་གསུངས་ལ། ཅི་སྟེ་མཆིས་ན་དེ་བཞིན་གཤེགས་པ་ཅིའི་སླད་དུ་དེ་སྐད་ཅེས་བཀའ་སྩལ། དེ་ནས་བཅོམ་ལྡན་འདས་ཀྱིས་
Ka406b
བྱང་ཆུབ་སེམས་དཔའ་འོད་སྲུང་ལ་ལེགས་སོ། །ཤིན་ཏུ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཀླུང་གངྒཱའི་ཆུའང་ཚད་མེད་ལ། ཀླུང་སིནྡྷུ་ཞེས་བྱ་བའི་ཆུའང་ཚད་མེད། ཀླུང་པཀྵུའི་ཆུའང་ཚད་མེད། ཀླུང་སི་ཏའི་ཆུའང་ཚད་མེད། མཚོ་མ་དྲོས་པའི་ཆུའང་ཚད་མེད། རྒྱ་མཚོ་ཆེན་པོའི་ཆུའང་ཚད་མེད་དེ། དེ་ལྟར་ཆུ་མང་པོ་དག་ཚད་མེད་པར་འདྲ་མོད་ཀྱི། ཡང་དག་པར་ན་མང་ཉུང་ནི་མི་མཉམ་མོ། །ཉན་ཐོས་དང ། རང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་ཡང་དག་པར་ཤེས་པ་བཞི་ཡང་དེ་དང་འདྲའོ། །རིགས་ཀྱི་བུ་དེ་ལ་མཉམ་མོ་ཞེས་བྱ་བ་ནི་གནས་མེད་དོ། །རིགས་ཀྱི་བུ། ངས་བུས་པ་མ་རབས་ལ་ཁྱད་པར་དུ་ཀཽཥྛི་ལ་ཆེན་པོ་ནི་སོ་སོ་ཡང་དག་པར་ཤེས་པ་བཞིའི་མཆོག་གོ་ཞེས་གསུངས་ཏེ། ཁྱོད་ཀྱིས་དྲིས་པའི་དོན་ནི་འདིའོ། །རིགས་ཀྱི་བུ། ཉན་ཐོས་ཀྱི་ཐེག་པ་པ་དག་ལ་ལས་ནི་གཅིག་ཙམ་ཐོབ། ལ་ལས་ནི་གཉིས་ཙམ་ཐོབ་སྟེ། བཞི་ཆར་རྫོགས་པར་ཐོབ་པ་ནི་གནས་མེད་དོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར། སྔར་ཚངས་པར་སྤྱོད་པའི་ལེའུ་གསུངས་པ་ལས། བྱང་ཆུབ་སེམས་དཔའ་ཤེས་པ་དང་མཐོང་བས་སོ་སོ་ཡང་དག་པར་ཤེས་པ་བཞི་ཐོབ་པ་ནི། བྱང་ཆུབ་སེམས་དཔས་ཤེས་པ་དང་མཐོང་པ་
Ka407a
༄#། །ལ་ཐོབ་པའང་མཆིས་ལ། སེམས་ཀྱང་མ་མཆིས་པས་ཐོབ་པ་མེད་དོ་ཞེས་གསུངས་ཏེ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡང་དག་པར་ན་ཐོབ་པ་མ་མཆིས་སོ། །ཅི་སྟེ་བྱང་ཆུབ་སེམས་དཔའ་ལ་ཐོབ་པའི་སེམས་མཆིས་ན་བྱང་ཆུབ་སེམས་དཔའ་མ་ལགས་ཏེ། བྱིས་པ་མ་རབས་སོ་ཞེས་གསུངས་ན། དེ་ཅིའི་སླད་དུ་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔས་ཐོབ་པ་མཆིས་སོ་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ལེགས་སོ། །ངས་ཀྱང་བཤད་པར་དགོངས་པ་ལས། ཁྱོད་ཀྱིས་ཞུས་པ་ཤིན་ཏུ་ལེགས་སོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡང་དག་པར་ན་ཅིའང་ཐོབ་པ་མེད་དེ། །ཅིའང་ཐོབ་པ་མེད་པ་ནི་སོ་སོ་ཡང་དག་པར་ཤེས་པ་བཞི་ཞེས་བྱའོ། །རིགས་ཀྱི་བུ། དོན་ཅི་ཞིག་གི་ཕྱིར་ཅིའང་ཐོབ་པ་མེད་པ་ལ་སོ་སོ་ཡང་དག་པར་ཤེས་ཞེས་བྱ་ཞེ་ན། གལ་ཏེ་ཐོབ་པ་ཡོད་ན་ཐོགས་པ་དང་བཅས་པ་ཞེས་བྱ་སྟེ། ཇི་ཙམ་དུ་ཐོགས་པ་དང་བཅས་པ་དེ་ནི་ཕྱིན་ཅི་ལོག་བཞི་ཞེས་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ནི་ཕྱིན་ཅི་ལོག་བཞི་མེད་པའི་ཕྱིར་སོ་སོ་ཡང་དག་པར་ཤེས་པ་བཞི་འཐོབ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་ནི་
Ka407b
ཅིའང་ཐོབ་པ་མེད་པ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་ཅིའང་ཐོབ་པ་མེད་པ་ནི་ཤེས་རབ་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་དེ་ཐོབ་པས་ན་ཅིའང་ཐོབ་པ་མེད་པ་ཞེས་བྱའོ། །ཐོབ་པ་དང་བཅས་པ་ནི་མ་རིག་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ནི་མ་རིག་པའི་མུན་པ་ཡོངས་སུ་བཅད་པས་ན་ཐོབ་པ་མེད་པ་ཞེས་བྱ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་ནི་ཐོབ་པ་མེད་པ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་ཐོབ་པ་མེད་པ་ནི་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ལྟར་མྱ་ངན་ལས་འདས་པ་ཆེན་པོ་ལ་བདེ་བར་གནས་པས་ཆོས་རྣམས་ཀྱི་མཚན་ཉིད་མི་མཐོང་བས་བྱང་ཆུབ་སེམས་དཔའ་ནི་ཐོབ་པ་མེད་པ་ཞེས་བྱའོ། །ཇི་ཙམ་དུ་ཐོབ་པ་དང་བཅས་པ་དེ་ནི་སྲིད་པ་ཉི་ཤུ་རྩ་ལྔ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ནི་སྲིད་པ་ཉི་ཤུ་རྩ་ལྔ་པོ་ཡོངས་སུ་བཅད་ནས་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པས་ན་བྱང་ཆུབ་སེམས་དཔའ་ནི་ཅིའང་ཐོབ་པ་མེད་པ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་ཐོབ་པ་མེད་པ་ནི་ཐེག་པ་ཆེན་པོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ལ་དམིགས་པས་ན་ཐེག་པ་ཆེན་པོ་ཐོབ་པར་འགྱུར་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་ནི་ཅིའང་ཐོབ་པ་མེད་པ་ཞེས་བྱའོ། །ཇི་ཙམ་དུ་ཐོབ་པ་ཡོད་ན་ནི་ཉན་ཐོས་དང་རང་སངས་
Ka408a
༄#། །རྒྱས་ཀྱི་བྱང་ཆུབ་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་ནི་ཐེག་པ་ཆུང་ངུ་གཉིས་ཀྱི་བྱང་ཆུབ་ཡོངས་སུ་བཅད་དེ་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པས་ན། བྱང་ཆུབ་སེམས་དཔའ་ནི་ཐོབ་པ་མེད་པ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་ཐོབ་པ་མེད་པ་ནི་ཤིན་ཏུ་རྒྱས་པའི་མདོ་སྡེ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་མདོ་སྡེ་འདི་ཀློག་ཅིང་འདོན་པས་ན་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པ་ཞེས་བྱ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་ནི་ཅིའང་ཐོབ་པ་མེད་པ་ཞེས་བྱའོ། །ཐོབ་པ་ཡོད་པ་ནི་མདོ་སྡེ་བཅུ་གཅིག་པོ་སྟེ། བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་རྒྱས་པ་འབའ་ཞིག་སྟོན་ཅིང་འཆད་དེ། དེ་བས་ན་བྱང་ཆུབ་སེམས་དཔའ་ནི་ཅིའང་ཐོབ་པ་མེད་པ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་ཐོབ་པ་མེད་པ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །འཇིག་རྟེན་ན་དངོས་པོ་ཅིའང་མེད་པ་ནི་ནམ་མཁའ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔས་ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པས་ཅིའང་མི་མཐོང་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་ནི་ཅིའང་ཐོབ་པ་མེད་པ་ཞེས་བྱའོ། །ཐོབ་པ་དང་བཅས་པ་ནི་འཁོར་བར་འཁོར་བའི་འཁོར་ལོ་སྟེ། བྱིས་པ་མ་རབས་ཐམས་ཅད་ནི་འཁོར་བར་འཁོར་བས་ན་མཐོང་བ་ཡོད་དོ། །བྱང་ཆུབ་སེམས་དཔས་ནི་འཁོར་བ་ཐམས་ཅད་ཡོངས་སུ་
Ka408b
བཅད་དེ། དེ་བས་ན་བྱང་ཆུབ་སེམས་དཔའ་ནི་ཅིའང་ཐོབ་པ་མེད་པ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཅིའང་ཐོབ་པ་མེད་པ་ནི་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ཀྱི་རང་བཞིན་མཐོང་བས་ན་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཞེས་བྱ་བ་ཐོབ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཅིའང་ཐོབ་པ་མེད་པ་ཞེས་བྱའོ། །ཐོབ་པ་དང་བཅས་པས་ནི་མི་རྟག་པ། མི་བདེ་བ། བདག་མེད་པ། ཡོངས་སུ་མ་དག་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་མི་རྟག་པ་དང ། མི་བདེ་བ་དང ། བདག་མེད་པ་དང ། ཡོངས་སུ་མ་དག་པ་ཡོངས་སུ་བཅད་པས་ན་བྱང་ཆུབ་སེམས་དཔའ་ནི་ཅིའང་ཐོབ་པ་མེད་པ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་ཅིའང་ཐོབ་པ་མེད་པ་ནི་དོན་དམ་པའི་སྟོང་པ་ཉིད་ཅེས་བྱ་སྟེ།་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དོན་དམ་པའི་སྟོང་པ་ཉིད་ལ་རྣམ་པར་བལྟས་ན་ཅིའང་མི་མཐོང་བས་བྱང་ཆུབ་སེམས་དཔའ་ནི་ཅིའང་ཐོབ་པ་མེད་པ་ཞེས་བྱའོ། །ཐོབ་པ་དང་བཅས་པ་ནི་ལྟ་བ་ལྔ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ནི་ལྟ་བ་ལྔ་ཡོངས་སུ་བཅད་དེ་དོན་དམ་པའི་སྟོང་པ་ཉིད་ཐོབ་པས་ན་བྱང་ཆུབ་སེམས་དཔའ་ནི་ཅིའང་
Ka409a
༄#། །ཐོབ་པ་མེད་པ་ཞེས་བྱའོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་རྩ་གསུམ་པ། རིགས་ཀྱི་བུ། གཞན་ཡང་ཅིའང་ཐོབ་པ་མེད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ནི་ཅིའང་ཐོབ་པ་མེད་པས་བྱང་ཆུབ་སེམས་དཔའ་ནི་ཅིའང་ཐོབ་པ་མེད་པ་ཞེས་བྱའོ། །ཐོབ་པ་དང་བཅས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་སྟེ། བྱང་ཆུབ་སེམས་དཔའ་ནི་ཐེག་པ་ཆུང་ངུ་གཉིས་ཀྱི་བྱང་ཆུབ་ཡོངས་སུ་བཅད་པས་བྱང་ཆུབ་སེམས་དཔའ་ནི་ཅིའང་ཐོབ་པ་མེད་པ་ཞེས་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་དྲིས་པའང་ཐོབ་པ་མེད་ལ། ངས་བཤད་པའང་ཐོབ་པ་མེད་དོ། །ཇི་ཙམ་དུ་ཐོབ་པ་ཡོད་པ་དེ་ནི་བདུད་ཀྱི་རིས་ཡིན་ཏེ། ངའི་ཉེ་གནས་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའི་ཐོབ་པ་མ་མཆིས་པ་བདག་ལ་བསྟན་པ་ན་སེམས་ཅན་ཚད་མེད་པ་རྣམས་མཚན་མ་དང་བཅས་པའི་སེམས་ཡོངས་སུ་སྤངས་པར་གྱུར་ཏེ། དེ་བས་ན་བདག་གིས་ཐོབ་པ་མ་མཆིས་པའི་དོན་ཞུས་པས་ཚད་མེད་པའི་སེམས་ཅན་དེ་དག་བདུད་ཀྱི་འཁོར་
Ka409b
དུ་འགྱུར་བ་སྤངས་ནས་སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་ཏོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སྔར་ཤིང་སཱ་ལའི་དྲུང་ན་བཞུགས་པ་ན་ཙུནད་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། སྔོན་ནི་ཡོད་ལ་ད་ནི་མེད། །སྔོན་ནི་མེད་ལ་ད་ནི་ཡོད། །དུས་གསུམ་སྲིད་པའི་ཆོས་ཐམས་ཅད། །དེ་ལྟ་བུ་ཡི་གནས་མི་སྲིད། །ཅེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། །ངས་སེམས་ཅན་མང་པོ་གདུལ་བའི་ཕྱིར་ཡང་དེ་སྐད་ཅེས་གསུངས་པ་ཡིན། །གཞན་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕྱིར་ཡང་དེ་སྐད་ཅེས་གསུངས་པ་ཡིན། གཞན་ཡང་འཇམ་དཔལ་གཞོན་ནུའི་ཕྱིར་དེ་སྐད་ཅེས་གསུངས་པ་ཡིན་གྱི། ཙུནད་གཅིག་པུའི་ཕྱིར་དེ་སྐད་ཅེས་ཚིགས་སུ་བཅད་དེ་གསུངས་པ་མ་ཡིན་ནོ། །དེའི་ཚེ་འཇམ་དཔལ་གྱིས་ང་ལ་དེ་སྐད་དུ་ཞུ་བར་གཟས་པ་ལས། ངས་དེའི་སེམས་པ་མཁྱེན་ནས་དེ་ལ་བཤད་དེ། ངས་དེ་ལྟར་བཤད་ནས་འཇམ་དཔལ་གཞོན་ནུས་ནི་དོན་ཡང་མངོན་པར་རྟོགས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། འཇམ་དཔལ་ལྟར་དོན་མངོན་པར་རྟོགས་པ་དུ་མཆིས། དེ་བཞིན་གཤེགས་པས་འཁོར་གྱི་དཀྱིལ་འཁོར་ལ་རྒྱ་ཆེར་བསྟན་
Ka410a
༄#། །དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་བརྟགས་པར་ཉོན་ཅིག་དང་ཁྱོད་ལའང་བཤད་པར་བྱའོ། །ཐོག་མ་ནས་ཡོད་ཅེས་བྱ་བ་ནི་ང་ལ་སྔོན་ཉོན་མོངས་པ་ཚད་མེད་པ་སྙེད་ཡོད་དེ། ཉོན་མོངས་པའི་དབང་གིས་ད་ལྟར་གྱི་མྱ་ངན་ལས་འདས་པ་ཆེན་པོ་མེད་དོ། །ཐོག་མ་ནས་མེད་ཅེས་བྱ་བ་ནི་ཐོག་མ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་པས་ད་ལྟར་གྱི་ཀུན་ནས་ཉོན་མོངས་པ་ཡོད་དོ། །གལ་ཏེ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ།་ཚངས་པའམ། མིའམ་གང་ཡང་རུང་སྟེ། དེ་བཞིན་གཤེགས་པ་ལ་འདས་པ་དང ། མ་འོངས་པ་དང ། ད་ལྟར་གྱི་དུས་ན་ཉོན་མོངས་པ་ཡོད་ཅེས་སྨྲ་ན་དེ་ནི་གནས་མ་ཡིན་ནོ། །རིགས་ཀྱི་བུ། གཞན་ཡང་ཐོག་མ་ནས་ཡོད་ཅེས་བྱ་བ་ནི་ང་ལ་ཐོག་མ་ནས་ཕ་མ་གཉིས་འདུས་པ་ལས་བྱུང་བའི་ལུས་ཡོད་དེ། དེ་བས་ན་ད་ལྟར་གྱི་རྡོ་རྗེ་ལྟ་བུའི་ཆོས་ཀྱི་སྐུར་ནི་མེད་དོ། །ཐོག་མ་ནས་མེད་ཅེས་བྱ་བ་ནི་ངའི་སྐུ་ལ་ཐོག་མ་ནས་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་མེད་དེ། ཐོག་མ་ནས་མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུ་མེད་པས་ད་ལྟར་གྱི་ནད་བཞི་བརྒྱ་རྩ་བཞི་ཚང་བར་ཡོད་དོ། །དེ་ལ་གལ་ཏེ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ།
Ka410b
བདུད་དམ། ཚངས་པའམ། མིར་བཅས་པ་གང་ཡང་རུང་སྟེ། དེ་བཞིན་གཤེགས་པ་ལ་འདས་པ་དང ། མ་འོངས་པ་དང ། ད་ལྟར་གྱི་དུས་ན་ནད་ཀྱི་སྡུག་བསྔལ་ཡོད་ཅེས་སྨྲ་ན་དེ་ནི་གནས་མ་ཡིན་ནོ། །རིགས་ཀྱི་བུ། གཞན་ཡང་ཐོག་མ་ནས་ཡོད་ཅེས་བྱ་བ་ནི་ང་ལ་ཐོག་མ་ནས་མི་རྟག་པ་དང ། བདག་མེད་པ་དང ། བདེ་བ་མེད་པ་དང ། ཡོངས་སུ་དག་པ་མེད་པ་ཡོད་དེ། དེ་ལྟར་མི་རྟག་པ་དང ། བདག་མེད་པ་དང ། བདེ་བ་མེད་པ་དང ། ཡོངས་སུ་དག་པ་མེད་པ་ཡོད་པས་ད་ལྟར་གྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མེད་དོ། །ཐོག་མ་ནས་མེད་ཅེས་བྱ་བ་ནི་ཐོག་མ་ནས་སངས་རྒྱས་ཀྱི་རང་བཞིན་མ་མཐོང་སྟེ། དེ་ལྟར་མ་མཐོང་བས་ན་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་མེད་དོ། །དེ་ལ་གལ་ཏེ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། མིར་བཅས་པ་གང་ཞིག་གིས་དེ་བཞིན་གཤེགས་པ་ལ་འདས་པ་དང ། མ་འོངས་པ་དང ། ད་ལྟར་གྱི་དུས་ན་མི་རྟག་ཅེའམ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་མེད་ཅེས་ཟེར་ན། དེ་ནི་གནས་མ་ཡིན་ནོ། །རིགས་ཀྱི་བུ། གཞན་ཡང་ཐོག་མ་ནས་ཡོད་ཅེས་བྱ་བ་ནི་ཐོག་མ་ནས་བུས་པ་མ་རབས་ལས་དཀའ་ཐུབ་སྤྱོད་པའི་སེམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་སྙམ་སྟེ། དངོས་པོ་དེ་ལྟ་བུའི་ཕྱིར་ད་ལྟར་གྱི་དུས་ན་བདུད་
Ka411a
༄#། །རྣམ་བཞི་ཆོམས་པའང་མ་ཡིན་ནོ། །ཐོག་མ་ནས་མེད་ཅེས་བྱ་བ་ནི་ཐོག་མ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་མེད་དོ། །ཕ་རོལ་ཏུ་ཕྱིན་པ་དྲུག་མེད་པས་ན་བུས་པ་མ་རབས་ཀྱི་དཀའ་ཐུབ་སྤྱོད་པའི་སེམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་སྙམ་སེམས་སོ། །དེ་ལ་གལ་ཏེ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། མིར་བཅས་པ་གང་ཞིག་གིས་དེ་བཞིན་གཤེགས་པ་ལ་འདས་པ་དང ། མ་བྱོན་པ་དང ། ད་ལྟར་གྱི་དུས་ན་དཀའ་ཐུབ་སྤྱོད་པ་ཡོད་དོ་ཞེས་སྨྲ་ན། དེ་ནི་གནས་མ་ཡིན་ནོ། །རིགས་ཀྱི་བུ། གཞན་ཡང་ཐོག་མ་ནས་ཡོད་ཅེས་བྱ་བ་ནི་ང་ལ་ཐོག་མ་ནས་ཟས་དང་འདྲེས་པའི་ལུས་ཡོད་དོ། །ཟས་ཀྱི་ལུས་ཡོད་པས་ད་ལྟར་གྱི་མཐའ་ཡས་པའི་སྐུ་མེད་དོ། །ཐོག་མ་ནས་མེད་ཅེས་བྱ་བ་ནི་ཐོག་མ་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མེད་དོ། །དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མེད་པས་ད་ལྟར་གྱི་ཟས་དང་འདྲེས་པའི་ལུས་ཡོད་དོ། །དེ་ལ་གལ་ཏེ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། མིར་བཅས་པ་གང་ཞིག་གིས་དེ་བཞིན་གཤེགས་པ་ལ་འདས་པ་དང ། མ་འོངས་པ་དང ། ད་ལྟར་གྱི་དུས་ན་ཟས་དང་འདྲེས་པའི་ལུས་ཡོད་ཅེས་ཟེར་ན། དེ་ནི་གནས་མ་ཡིན་ནོ། །རིགས་ཀྱི་བུ།
Ka411b
གཞན་ཡང་ཐོག་མ་ནས་ཡོད་ཅེས་བྱ་བ་ནི་ངས་སྔོན་ཐོག་མ་ནས་ཆོས་ཐམས་ཅད་བླང་བ་དང ། ཆགས་པའི་སེམས་ཡོད་དེ། དེ་བས་ན་ད་ལྟར་གྱི་མཐར་ཕྱིན་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་མེད་དོ། །ཐོག་མ་ནས་མེད་ཅེས་བྱ་བ་ནི་ཐོག་མ་ནས་དབུ་མའི་དོན་བདེན་པ་མེད་དོ། །དེ་ལྟར་དབུ་མའི་དོན་བདེན་པ་མེད་པས་ཆོས་ཐམས་ཅད་ལ་མ་ཆགས་པའི་སེམས་མེད་དོ། ། གལ་ཏེ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། མིར་བཅས་པ་གང་ཞིག་གིས་དེ་བཞིན་གཤེགས་པ་ལ་འདས་པ་དང ། མ་འོངས་པ་དང ། ད་ལྟར་གྱི་དུས་ན་ཆོས་ཐམས་ཅད་ལ་མཚན་མ་ཡོད་དོ་ཞེས་སྨྲ་ན་དེ་ནི་གནས་མ་ཡིན་ནོ། །རིགས་ཀྱི་བུ། གཞན་ཡང་ཐོག་མ་ནས་ཡོད་ཅེས་བྱ་བ་ནི་ངས་སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ན་དབང་པོ་རྟུལ་པོ་ཉན་ཐོས་ཀྱི་ཉེ་གནས་སུ་གྱུར་པ་ཡོད་དོ། །དེ་ལྟར་དབང་པོ་རྟུལ་པོ་ཉན་ཐོས་ཀྱི་ཉེ་གནས་སུ་གྱུར་པ་ཡོད་པས་ན་ཐེག་པ་གཅིག་པུའི་བདེན་པ་མེད་དོ། །ཐོག་མ་ནས་མེད་ཅེས་བྱ་བ་ནི་ཐོག་མ་ནས་དབང་པོ་རྣོན་པོའི་མིའི་ནང་ན་བལ་གླང་གི་རྒྱལ་པོ་ལྟ་བུ་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་སོགས་པ་མེད་དོ། ། དབང་པོ་རྣོན་པོ་འོད་སྲུང་ལྟ་བུ་མེད་པས་ན་ཅི་རིགས་སུ་ཐབས་མཁས་པས་ཐེག་པ་གསུམ་དུ་ཕྱེ་སྟེ་བསྟན་ཏོ། །དེ་ལ་གལ་ཏེ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ།
Ka412a
༄#། །ཚངས་པའམ། མིར་བཅས་པ་གང་གིས་ཀྱང་དེ་བཞིན་གཤེགས་པ་ལ་འདས་པ་དང ། མ་འོངས་པ་དང ། ད་ལྟར་གྱི་དུས་ན་ཐེག་པ་གསུམ་མཐར་ཕྱིན་པ་ཡིན་ནོ་ཞེས་སྨྲ་ན་དེ་ནི་གནས་མ་ཡིན་ནོ། །རིགས་ཀྱི་བུ། གཞན་ཡང་ཐོག་མ་ནས་ཡོད་ཅེས་བྱ་བ་ནི་ངས་སྔོན་འདི་སྐད་དུ་ད་སྟེ་ཟླ་བ་གསུམ་ན་ཤིང་སཱ་ལ་དྲུང་གཉིས་ཀྱི་བར་ན་ཡོངས་སུ་མྱ་ངན་ལས་འདའོ་ཞེས་གསུངས་ཏེ། དེ་བས་ན་ད་ལྟར་ཤིན་ཏུ་རྒྱས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོའི་མདོ་འཆད་པར་མི་འགྱུར་རོ། །ཐོག་མ་ནས་མེད་ཅེས་བྱ་བ་ནི། ཐོག་མ་ནས་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མེད་དོ། །དེ་ལྟར་མེད་པས་ན་ད་ལྟར་དེ་བཞིན་གཤེགས་པ་ལ་མི་རྟག་གོ་ཞེས་གསུངས་སོ། །དེ་ལ་གལ་ཏེ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། མིའང་རུང ། གང་ཞིག་གིས་དེ་བཞིན་གཤེགས་པ་ལ་འདས་པ་དང ། མ་འོངས་པ་དང ། ད་ལྟར་གྱི་དུས་སུ་མི་རྟག་གོ་ཞེས་ཟེར་ན། དེ་ནི་གནས་མ་ཡིན་ནོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཆོས་ཐམས་ཅད་མཁྱེན་ཀྱང་མི་མཁྱེན་ཅེས་གསུང་ངོ ། །ཆོས་ཐམས་ཅད་གཟིགས་ཀྱང་གཟིགས་པ་མེད་དོ་ཞེས་གསུང ། མཚན་མ་དང་བཅས་པའི་ཆོས་ལ་མཚན་མ་
Ka412b
མེད་དོ་ཞེས་གསུང ། མཚན་མ་མེད་པའི་ཆོས་ཀྱང་མཚན་མ་དང་བཅས་པའོ་ཞེས་གསུང ། ཡང་དག་པར་མི་རྟག་པའང་རྟག་གོ་ཞེས་གསུང ། ཡང་དག་པར་རྟག་པའང་མི་རྟག་གོ་ཞེས་གསུང་སྟེ། བདག་དང ། བདེ་བ་དང ། ཡོངས་སུ་དག་པའང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཐེག་པ་གསུམ་གྱི་ཆོས་ཀྱང་ཐེག་པ་གཅིག་ཏུ་གསུང ། ཐེག་པ་གཅིག་ཀྱང་ཅི་རིགས་པར་གསུམ་དུ་གསུང་ངོ ། །མདོའི་མཚན་ཉིད་ནི་རྒྱས་པའི་མཚན་ཉིད་དུ་གསུང ། རྒྱས་པའི་མཚན་ཉིད་ཀྱང་མདོར་གསུང ། ཕས་ཕམ་པ་བཞི་ཉེས་པ་སྦོམ་པོར་ཡང་གསུང ། ཉེས་པ་སྦོམ་པོ་ནི་ཕས་ཕམ་པ་བཞིར་ཡང་གསུང ། ཁ་ན་མ་ཐོ་བ་ནི་ཁ་ན་མ་ཐོ་བ་མ་ཡིན་པར་གསུང ། ཁ་ན་མ་ཐོ་བ་མ་ཡིན་པ་ནི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ་ཞེས་གསུངས་ཉེས་པ་ཡང་བ་ནི་ལྕི་བར་གསུང ། ལྕི་བ་ནི་ཡང་བར་ཡང་གསུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ནི་སེམས་ཅན་སོ་སོའི་དབང་པོ་གསལ་བར་གཟིགས་པའི་ཕྱིར་རོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི་དེ་སྐད་གསུང་ཡང་རྫུན་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བརྫུན་དུ་སྨྲ་བ་ནི་སྐྱོན་དང་བཅས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་ཉེས་པའི་སྐྱོན་ཐམས་ཅད་ཡོངས་སུ་བྲལ་བ་ཡིན་ན་བརྫུན་དུ་སྨྲ་བ་ག་ལ་ཞིག་ཡོད། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ལ་བརྫུན་དུ་གསུང་བ་མེད་མོད་ཀྱི། ཇི་སྟེ་སེམས་
Ka413a
༄#། །ཅན་དག་ལ་བརྫུན་དུ་སྨྲ་བའི་རྐྱེན་གྱི་ཆོས་ཀྱིས་ཕན་པའི་དོན་དུ་འགྱུར་ན། ཅི་རིགས་པའི་ཐབས་ཀྱིས་དེ་ལ་སྟོན་ཅིང་གསུང་ངོ ། །རིགས་ཀྱི་བུ། ཀུན་རྫོབ་ཀྱི་བདེན་པ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་དོན་དམ་པའི་བདེན་པའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ནི་དོན་དམ་པའི་བདེན་པ་ལས་ཀུན་རྫོབ་ཀྱི་བདེན་པ་གསུངས་ཏེ། གཞན་དུ་ན་སོ་སོའི་སྐྱེ་བོ་དག་དོན་དམ་པའི་བདེན་པ་ཐོབ་པར་བྱ་བའི་ཕྱིར་རོ། །ཇི་སྟེ་སོ་སོའི་སྐྱེ་བོ་དག་དོན་དམ་པའི་བདེན་པ་མི་ཐོབ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་ཀྱི་བདེན་པ་ནམ་དུའང་མི་གསུང་ངོ ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི་བར་འགའི་དུས་སུ་ཀུན་རྫོབ་ཀྱི་བདེན་པ་གསུང་བ་ན། སེམས་ཅན་གྱིས་ནི་དེ་བཞིན་གཤེགས་པས་དོན་དམ་པའི་བདེན་པ་གསུང་ངོ་སྙམ་སེམས་སོ། །སྐབས་ཁ་ཅིག་ཏུ་ནི་དོན་དམ་པའི་བདེན་པ་གསུངས་པ་ན་སེམས་ཅན་གྱིས་དེ་བཞིན་གཤེགས་པ་ནི་ཀུན་རྫོབ་ཀྱི་བདེན་པ་གསུང་ངོ་སྙམ་སེམས་ཏེ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་ཡུལ་ཟབ་མོ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་པ་ནི་མ་ཡིན་ནོ། །རིགས་ཀྱི་བུ། དེ་བས་ན་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཅིའང་ཐོབ་པ་མེད་དོ་ཞེས་བརྒལ་བའི་མི་རིགས་སོ། །
Ka413b
བྱང་ཆུབ་སེམས་དཔའ་ནི་རྟག་ཏུ་དོན་དམ་པའི་བདེན་པ་དང་ལྡན་པ་ཡིན་ན། ཅིའི་ཕྱིར་ཅིའང་ཐོབ་པ་མེད་དོ་ཞེས་བརྒལ། འོད་སྲུང་གིས་ཡང་གསོལ་པ། བཅོམ་ལྡན་འདས། དོན་དམ་པའི་བདེན་པ་ནི་ལམ་ཞེས་ཀྱང་བགྱི། བྱང་ཆུབ་ཅེས་ཀྱང་བགྱི། མྱ་ངན་ལས་འདས་པ་ཞེས་ཀྱང་བགྱི་ན། ཇི་སྟེ་བྱང་ཆུབ་སེམས་དཔའ་ལམ་དང ། བྱང་ཆུབ་དང ། མྱ་ངན་ལས་འདས་བ་ཐོབ་ན་དེ་ནི་མི་རྟག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཇི་སྟེ་རྟག་པ་ལགས་ན་ཐོབ་པར་ཡང་མི་རུང་ངོ ། །དཔེར་ན། ནམ་མཁའ་ནི་སུས་ཀྱང་ཐོབ་པར་ཡང་མི་རུང་ངོ ། །བཅོམ་ལྡན་འདས། དཔེར་ན། འཇིག་རྟེན་གྱི་དངོས་པོ་དག་ཐོག་མ་ནས་མེད་ལ་ད་ཡོད་པ་ནི་མི་རྟག་པ་ཞེས་བགྱི་ན་བྱང་ཆུབ་ཀྱང་དེ་དང་འདྲ་སྟེ། ཇི་སྟེ་བྱང་ཆུབ་ཐོབ་པ་ཞིག་ལགས་ན་མི་རྟག་པ་ཞེས་བགྱིའོ། །ཇི་སྟེ་ཆོས་རྟག་པ་ཞིག་ལགས་ན། ཐོབ་པའང་མ་མཆིས་ལ། སྐྱེ་བའང་མ་མཆིས་ཏེ། དཔེར་ན། སངས་རྒྱས་ཀྱི་རང་བཞིན་ཡང་ཐོབ་པའང་མ་མཆིས་ལ། སྐྱེ་བའང་མ་མཆིས་སོ། །བཅོམ་ལྡན་འདས། ལམ་ནི་གཟུགས་ཀྱང་མ་ལགས། གཟུགས་མ་ལགས་པའང་མ་ལགས། རིང་པོའང་མ་ལགས། ཐུང་ངུའང་མ་ལགས། མཐོ་བའང་མ་ལགས། དམའ་བའང་མ་ལགས། སྐྱེ་བའང་མ་ལགས། འགོག་པའང་མ་ལགས། དམར་པོའང་མ་ལགས། དཀར་པོའང་མ་ལགས། སྔོན་པོའང་མ་ལགས། སེར་
Ka414a
༄#། །པོའང་མ་ལགས། ཡོད་པའང་མ་ལགས། མེད་པའང་མ་ལགས་ན། ཅིའི་སླད་དུ་དེ་བཞིན་གཤེགས་པས་ཐོབ་པར་རུང་ཞེས་གསུངས། བྱང་ཆུབ་དང ། མྱ་ངན་ལས་འདས་པའང་དེ་དང་མཚུངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །རིགས་ཀྱི་བུ། ལམ་ལ་རྣམ་པ་གཉིས་ཏེ། རྟག་པ་དང ། མི་རྟག་པའོ། །བྱང་ཆུབ་ལའང་རྣམ་པ་གཉིས་ཏེ། རྟག་པ་དང ། མི་རྟག་པའོ། །མྱ་ངན་ལས་འདས་པའང་དེ་དང་འདྲ་སྟེ། ཕྱི་རོལ་པ་མུ་སྟེགས་ཅན་གྱི་ལམ་ནི་མི་རྟག་པ་ཞེས་བྱའོ། །ནང་གི་ལམ་ནི་རྟག་པ་ཞེས་བྱའོ། །ཉན་ཐོས་དང ། རང་སངས་རྒྱས་ཀྱི་བྱང་ཆུབ་ནི་མི་རྟག་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དང ། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི་རྟག་པ་ཞེས་བྱའོ། །ཕྱི་རོལ་གྱི་རྣམ་པར་གྲོལ་བ་ནི་མི་རྟག་པ་ཞེས་བྱའོ། །ནང་གི་རྣམ་པར་གྲོལ་བ་ནི་རྟག་པ་ཞེས་བྱའོ། །རིགས་ཀྱི་བུ། ལམ་དང ། བྱང་ཆུབ་དང ། མྱ་ངན་ལས་འདའ་བ་ནི་ཀུན་ཀྱང་རྟག་པ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ནི་རྟག་ཏུ་ཉོན་མོངས་པ་གྲངས་མེད་པས་ཡོངས་སུ་ཁེབས་ཏེ། ཤེས་རབ་ཀྱི་མིག་མེད་པས་མཐོང་བར་མ་གྱུར་ཏོ། །སོ་སོའི་སྐྱེ་བོ་དག་མཐོང་བར་འདོད་པས་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་ལ་ནན་ཏན་དུ་སྤྱོད་དོ། །དེ་ལྟར་ན་ནན་ཏན་སྤྱོད་པས་ན་ལམ་དང ། བྱང་
Ka414b
ཆུབ་དང ། མྱ་ངན་ལས་འདའ་བ་མཐོང་བར་འགྱུར་ཏེ། དེ་ནི་བྱང་ཆུབ་སེམས་དཔས་ལམ་དང ། བྱང་ཆུབ་དང ། མྱ་ངན་ལས་འདའ་བ་ཐོབ་པ་ཞེས་བྱའོ། །ལམ་གྱི་མཚན་ཉིད་ནི་ཡང་དག་པར་སྐྱེ་བའམ་འགོག་པ་མ་ཡིན་ཏེ། དེ་བས་ན་གཟུང་དུ་མེད་དོ། །རིགས་ཀྱི་བུ། ལམ་ཞེས་བྱ་བ་ནི་གཟུགས་དང ། དབྱིབས་ཀྱང་མེད། བལྟར་རུང་བའམ། དཔག་ཏུ་རུང་བའམ། ཤེས་པར་རུང་བ་མ་ཡིན་མོད་ཀྱི། ཡང་དག་པར་ན་དགོས་པ་ཡོད་དོ། །རིགས་ཀྱི་བུ་དཔེར་ན། སེམས་ཅན་གྱི་སེམས་ཀྱང་གཟུགས་མ་ཡིན། རིང་པོ་མ་ཡིན། ཐུང་ངུ་མ་ཡིན། སྦོམ་པོ་མ་ཡིན། ཕྲ་མོ་མ་ཡིན། བཅིངས་པ་མ་ཡིན། གྲོལ་བ་མ་ཡིན། མཐོང་བའི་ཆོས་མ་ཡིན་མོད་ཀྱི། མེད་པ་ནི་མ་ཡིན་ནོ། །དེ་བས་ན་ངས་ཁྱིམ་བདག་སྐྱབས་མེད་ཟས་སྦྱིན་ལ་སེམས་ནི་གྲོང་ཁྱེར་གྱི་བདག་པོ་དང་འདྲའོ། །ཁྱིམ་བདག་།གལ་ཏེ་སེམས་མ་བསྲུངས་ན་ལུས་དང་ངག་ཀྱང་བསྲུང་བར་མི་འགྱུར་གྱི། སེམས་བསྲུངས་ན་ལུས་དང་ངག་ཀྱང་བསྲུང་བར་འགྱུར་རོ། །ལུས་དང་ངག་ལེགས་པར་མ་བསྲུངས་ན་སེམས་ཅན་དག་ངན་སོང་གསུམ་དུ་ལྟུང་བར་བྱེད་དོ། །ལུས་དང་ངག་བསྲུངས་ན་སེམས་ཅན་རྣམས་ལྷ་དང་མིའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །དེ་ལྟར་ཐོབ་པ་ནི་ཡང་དག་པ་ཞེས་བྱ་ཡི། མ་ཐོབ་པ་ནི་ཡང་དག་པ་ཞེས་མི་བྱའོ། །རིགས་ཀྱི་བུ། ལམ་དང ། བྱང་ཆུབ་དང ། མྱ་
Ka415a
༄#། །ངན་ལས་འདའ་བའང་དེ་དང་འདྲ་སྟེ། ཡོད་པའང་མ་ཡིན་རྟག་པའང་མ་ཡིན་ནོ། །ཇི་སྟེ་མེད་པ་ཞིག་ཡིན་ན་ཉོན་མོངས་པ་ཐམས་ཅད་ཅིས་ཆོད་པར་འགྱུར། དེ་ལྟར་ཡོད་པས་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་མངོན་སུམ་དུ་གསལ་བར་མཐོང་ཞིང་ཤེས་སོ། །རིགས་ཀྱི་བུ། མཐོང་བ་ལ་རྣམ་པ་གཉིས་ཏེ། མཚན་མས་མཐོང་པ་དང ། མངོན་སུམ་དུ་གསལ་པར་མཐོང་བའོ། །དེ་ལ་ཇི་ལྟར་ན་མཚན་མས་མཐོང་བ་ཡིན་ཞེ་ན། དཔེར་ན། རྒྱང་མ་ནས་དུད་པ་མཐོང་ན་མེ་མཐོང་བ་ཞེས་བྱ་སྟེ། ཡང་དག་པར་མེ་མ་མཐོང་སྟེ། མེ་མ་མཐོང་མོད་ཀྱི། རྫུན་ཡང་མ་ཡིན་ནོ། །ཆུ་བྱ་མཐོང་ན་ཆུ་མཐོང་བ་ཞེས་བྱ་སྟེ། ཆུ་མ་མཐོང་མོད་ཀྱི། རྫུན་མ་ཡིན་ནོ། །དཔེར་ན། མེ་ཏོག་དང ། ལོ་མ་མཐོང་ན་རྩཝ་བ་མཐོང་ཞེས་བྱའོ། །རྩཝ་བ་མ་མཐོང་མོད་ཀྱི། དེའང་རྫུན་མ་ཡིན་ནོ། །དཔེར་ན། མི་ཞིག་ར་བའི་རྒྱབ་ན་རཝ་མཐོང་ན་བ་ལང་མཐོང་བ་ཞེས་བྱ་སྟེ། བ་ལང་ཉིད་མ་མཐོང་ཡང་རྫུན་ནི་མ་ཡིན་ནོ། །དཔེར་ན། བུད་མེད་སྦྲུམ་མ་མཐོང་ན་སྐྱེས་པ་དང་ཉལ་བར་མཐོང་ངོ་ཞེས་བྱས་ཀྱང ། ཉལ་བ་ཉིད་མ་མཐོང་མོད་ཀྱི། རྫུན་ན་མི་ཡིན་ནོ། ། དཔེར་ན། སྐྱེད་ཤིང་གི་ལོ་མ་མཐོང་བས་ཆུ་མཐོང་ངོ་ཞེས་བྱས་ཀྱང ། ཆུ་ཉིད་མ་མཐོང་མོད་ཀྱི། རྫུན་ནི་མ་ཡིན་ནོ། །དཔེར་ན། སྤྲིན་མཐོང་བས་ཆར་པ་མཐོང་ངོ་ཞེས་བྱས་
Ka415b
ཀྱང ། ཆར་པ་ཉིད་མ་མཐོང་མོད་ཀྱི། རྫུན་ནི་མ་ཡིན་ནོ། །དཔེར་ན། ལུས་ཀྱི་ལས་དང ། ངག་གི་ལས་མཐོང་བས་ཡིད་ཀྱི་ལས་མཐོང་ངོ་ཞེས་བྱས་ཀྱང ། ཡིད་ཀྱི་ལས་ནི་མ་མཐོང་མོད་ཀྱི། རྫུན་དུ་སྨྲ་བ་ནི་མ་ཡིན་ཏེ། དེ་ནི་མཚན་མས་མཐོང་བ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་མངོན་སུམ་དུ་གསལ་བར་མཐོང་བ་ཞེ་ན། དཔེར་ན། མིག་གིས་གཟུགས་མཐོང་བ་ལྟ་བུ་སྟེ། རིགས་ཀྱི་བུ། དཔེར་ན། གང་ཟག་མིག་གི་དབང་པོ་མཉམས་ཤིང་ཡོངས་སུ་དག་པས་ལག་མཐིལ་དུ་ཨ་མྲའི་འབྲས་བུ་བཞག་པ་དང་འདྲ་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལམ་དང ། བྱང་ཆུབ་དང ། མྱ་ངན་ལས་འདས་པ་མངོན་སུམ་དུ་གསལ་བར་མཐོང་བའང་དེ་དང་འདྲའོ། །དེ་ལྟར་མཐོང་མོད་ཀྱི་ཐོག་མ་ནས་མཐོང་བའི་མཚན་ཉིད་མེད་དོ།། རིགས་ཀྱི་བུ། དེའི་རྒྱུ་དེའི་རྐྱེན་གྱིས་ངས་སྔོན་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ། འཇིག་རྟེན་དུ་བཅས་པ་དགེ་སྦྱོང་དང ། བྲམ་ཟེ་དང ། ལྷ་དང ། བདུད་དང ། ཚངས་པ་དང ། མི་ལ་སོགས་པ་ཐམས་ཅད་ཀྱིས་མི་ཤེས་པ་དང ། མི་མཐོང་བ་དང ། མི་རྟོགས་པ་ཐམས་ཅད་དེ་བཞིན་གཤེགས་པས་ཐམས་ཅད་མཁྱེན་ཅིང་གཟིགས་ཏེ་རྟོགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་བཞིན་ནོ། །ཤཱ་རིའི་བུ། འཇིག་རྟེན་དུ་བཅས་པ་རྣམས་ཀྱིས་ཤེས་པ་དང ། མཐོང་བ་དང ། རྟོགས་པ་ནི་ང་དང་བྱང་ཆུབ་སེམས་དཔའ་
Ka416a
༄#། །རྣམས་ཀྱིས་མཁྱེན་ཅིང་གཟིགས་ཏེ་རྟོགས་སོ། །འཇིག་རྟེན་དུ་བཅས་པ་ཐམས་ཅད་ཀྱིས་མི་ཤེས་པ་དང ། མི་མཐོང་བ་དང ། མི་རྟོགས་པ་ནི་འདི་ལྟར་བདག་གིས་མི་ཤེས། མི་མཐོང ། མི་རྟོགས་པར་ནི་མི་ཤེས་ཀྱི། འཇིག་རྟེན་གྱི་སེམས་ཅན་འདི་དག་ནི་ཤེས་པ་དང ། མཐོང་བ་དང ། རྟོགས་པ་ལ་བདག་གིས་འདི་ལྟར་ཤེས་སོ། །མཐོང་ངོ ། །རྟོགས་སོ་ཞེས་ཟེར་རོ། །ཤཱ་རིའི་བུ། དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་ཅིང་གཟིགས་ཀྱང་འདི་ལྟར་ངས་མཁྱེན་ཅིང་གཟིགས་སོ་ཞེས་མི་གསུང་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དེ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་དེ་བཞིན་གཤེགས་པས་མཁྱེན་ཅིང་གཟིགས་པའམ་རྟོགས་པར་དགོངས་ན།་དེ་ནི་སངས་རྒྱས་བཅོམ་ལྡན་འདས་སམ། བྱང་ཆུབ་སེམས་དཔའ་ཞེས་མི་བྱ་སྟེ། བྱིས་པ་མ་རབས་ཡིན་ནོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཤཱ་རིའི་བུ་ལ་འདི་སྐད་ཅེས་འཇིག་རྟེན་གྱིས་ཤེས་པ་ནི་ངས་མཁྱེན་ལ། འཇིག་རྟེན་གྱིས་མི་ཤེས་པའང་ངས་ཀུན་མཁྱེན་ནོ་ཞེས་གསུངས་པའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། འཇིག་རྟེན་དུ་བཅས་པ་ཐམས་ཅད་ཀྱིས་ནི་སངས་རྒྱས་ཀྱི་
Ka416b
རང་བཞིན་མི་ཤེས་མི་མཐོང་མི་རྟོགས་ཏེ། གལ་ཏེ་ཤེས་སམ་མཐོང་ངམ་རྟོགས་ན་འཇིག་རྟེན་པ་ཞེས་མི་བྱའི། བྱང་ཆུབ་སེམས་དཔའ་ཡིན་ནོ། །འཇིག་རྟེན་པས་ནི་མདོ་སྡེ་བཅུ་གཉིས་དང ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་དང ། ཕྱིན་ཅི་ལོག་བཞི་དང ། བདེན་པ་བཞི་དང ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའང་མི་ཤེས་མི་མཐོང་མི་རྟོགས་སོ། །ཅི་སྟེ་ཤེས་སམ་མཐོང་ངམ་རྟོགས་ན་འཇིག་རྟེན་པ་ཞེས་མི་བྱའི། བྱང་ཆུབ་སེམས་དཔའ་ཞེས་བྱའོ། །རིགས་ཀྱི་བུ། འདི་དག་ནི་འཇིག་རྟེན་པས་མི་ཤེས་མི་མཐོང་མི་རྟོགས་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་འཇིག་རྟེན་པས་ཤེས་ཤིང་མཐོང་བ་དང་རྟོགས་པ་ཞེ་ན། འདི་ལྟ་སྟེ། ཚངས་པའི་ལྷ་དང ། དབང་སྒྱུར་དང ། ལག་བརྒྱད་པ་དང ། རང་བཞིན་དང ། དུས་དང ། རྡུལ་དང ། ཆོས་དང ། ཆོས་མ་ཡིན་པ་དང ། བྱམས་པའི་བདག་པོ་དང ། འཇིག་རྟེན་གྱི་ཐོག་མ་དང ། མཐའ་དང ། རྟག་པ་དང ། ཆད་པར་ལྟ་བ་གཉིས་དང ། བསམ་གཏན་དང་པོ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟེང་ནི་མྱ་ངན་ལས་འདས་པའོ་ཞེས་སྨྲ་སྟེ། རིགས་ཀྱི་བུ། དེ་ནི་འཇིག་རྟེན་པའི་ཤེས་པ་དང་མཐོང་བ་དང་རྟོགས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་དེ་དག་དེ་
Ka417a
༄#། །ལྟར་ཤེས་ཤིང་མཐོང་སྟེ། བྱང་ཆུབ་སེམས་དཔའ་དེ་ལྟར་ཤེས་ཤིང་མཐོང་ལ་རྟོགས་ཀྱང ། ཅི་སྟེ་མི་ཤེས་མི་མཐོང་མ་རྟོགས་ཞེས་སྨྲ་ན་རྫུན་དུ་འགྱུར་ཏེ། ཇི་ཙམ་དུ་བརྫུན་དུ་སྨྲ་བ་ནི་ཁ་ན་མ་ཐོ་བར་འགྱུར་ཏེ། ཁ་ན་མ་ཐོ་བའི་དབང་གིས་སེམས་ཅན་དམྱལ་བར་ལྟུང་ངོ ། །རིགས་ཀྱི་བུ། གལ་ཏེ་སྐྱེས་པའམ། བུད་མེད་དམ། དགེ་སྦྱོང་ངམ། བྲམ་ཟེའམ། གང་ཡང་རུང་བ་ལམ་དང ། བྱང་ཆུབ་དང ། མྱ་ངན་ལས་འདས་པ་མེད་དོ་ཞེས་སྨྲ་ན། དེ་ནི་ལོག་སྲེད་ཅན་ཡིན་ཏེ། བདུད་ཀྱི་རིས་ལ་གཏོགས་པ་ཆོས་ལ་སྐུར་པ་ཞེས་བྱའོ། །དེ་ལྟར་ཆོས་ལ་སྐུར་བ་དེ་ནི་སངས་རྒྱས་རྣམས་ལ་སྐུར་པ་ཞེས་བྱ་སྟེ། གང་ཟག་དེ་ནི་འཇིག་རྟེན་པ་ཞེས་ཀྱང་མི་བྱ། འཇིག་རྟེན་པ་མ་ཡིན་ཞེས་ཀྱང་མི་བྱའོ། དེའི་ཚེ་འོད་སྲུང་གྱིས་དེ་སྐད་ཅེས་གསུངས་པ་ཐོས་ནས་ཚིགས་སུ་བཅད་པ་འདི་དག་གིས་སངས་རྒྱས་ལ་མངོན་པར་བསྟོད་དོ། །སེམས་ཅན་ཀུན་ལ་ཐུགས་བརྩེ་བ། བདག་ནི་དེ་ལ་སྐྱབས་སུ་མཆི། །གདུག་པའི་ཟུག་རྔུ་འབྱིན་པས་ན། དེ་བས་སྨན་པའི་རྒྱལ་པོར་གྲགས། །འཇིག་རྟེན་སྨན་པས་གསོ་བ་ནི། །སྐད་ཅིག་སོས་ཏེ་སླར་ཡང་ལྡང ། །དེ་བཞིན་གཤེགས་པས་གསོ་བ་ནི། དེ་ལ་ནམ་དུའང་མི་ལྡང་ངོ ། །བཅོམ་ལྡན་འདས་ཀྱིས་བདུད་རྩིའི་སྨན། །སེམས་ཅན་རྣམས་ལ་ཡོངས་བཏང་བ། །སེམས་ཅན་རྣམས་
Ka417b
ཀྱི་དེ་འཚལ་ནས། །འཆི་བ་མེད་ལ་སྐྱེ་བ་མེད། །དེ་བཞིན་གཤེགས་པས་བདག་སླད་དུ། །ཡོངས་སུ་མྱ་ངན་འདས་པ་བསྟན། །སེམས་ཅན་གསུང་བ་ཐོབ་པ་རྣམས། །སྐྱེ་འགག་མེད་པ་ཐོབ་པར་འགྱུར། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཚིགས་སུ་བཅད་པ་དེ་སྐད་སྨྲས་ནས། ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་འཇིག་རྟེན་པ་ཐམས་ཅད་ཀྱིས་མི་ཤེས་མི་མཐོང་མི་རྟོགས་པ་དག་།བྱང་ཆུབ་སེམས་དཔས་ཐམས་ཅད་ཤེས་ཤིང་མཐོང་ལ་རྟོགས་སོ་ཞེས་བགྱི་བ། ཅི་སྟེ་བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་པ་ལགས་ན་ནི། འཇིག་རྟེན་པས་ནི་མི་ཤེས་མི་མཐོང་མི་རྟོགས་པ་དག་།བྱང་ཆུབ་སེམས་དཔས་ཤེས་སོ། །མཐོང་ངོ ། །རྟོགས་སོ་ཞེས་བགྱི་བའང་མི་རུང ། ཅི་སྟེ་འཇིག་རྟེན་པ་མ་ལགས་ན། ཐ་དད་བའང་ཅི་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་འཇིག་རྟེན་པའང་ཡིན་ལ། འཇིག་རྟེན་པའང་མ་ཡིན་ནོ། །གང་མི་ཤེས་མི་མཐོང་མི་རྟོག་པ་ནི་འཇིག་རྟེན་པ་ཞེས་བྱའོ། །ཤེས་ཤིང་མཐོང་ལ་རྟོགས་པ་ནི་འཇིག་རྟེན་པ་ཞེས་མི་བྱའོ། །ཁྱོད་ཀྱིས་ཐ་དད་པ་ཅི་ཡོད་ཅེས་དྲིས་པ་ཡང་ངས་བཤད་པར་བྱའོ། །རིགས་ཀྱི་བུ། ཇི་སྟེ་སྐྱེས་པའམ་བུད་མེད་གང་ཡང་རུང་བ། ཡོངས་སུ་མྱ་ངན་ལས་འདས་
Ka418a
༄#། །པའི་མདོ་སྡེ་ཐོས་མ་ཐག་ཏུ་དང་པ་སྐྱེས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་འཇིག་རྟེན་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། འཇིག་རྟེན་པ་ཐམས་ཅད་ཀྱིས་མི་ཤེས་མི་མཐོང་མི་རྟོགས་པ་ལྟར། བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་པ་དང་མཐུན་པར་མི་ཤེས་མི་མཐོང་མི་རྟོགས་སོ། །བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ཐོས་ནས། འཇིག་རྟེན་པས་མི་ཤེས་མི་མཐོང་མི་རྟོགས་པ་དག་བྱང་ཆུབ་སེམས་དཔས་ཤེས་ཤིང་མཐོང་ལ་རྟོགས་སོ། །དེ་ལྟར་དངོས་པོ་དེ་དག་ཤེས་ནས། བདག་འདི་སྙམ་དུ་སེམས་སོ། །བདག་གི་ཇི་ལྟར་ཐབས་གང་གིས་ནན་ཏན་གང་བྱས་པས་ཤེས་པ་དང།་མཐོང་བ་དང ། རྟོགས་པར་འགྱུར་སྙམ་སེམས་སོ། །ཡང་འདི་སྙམ་དུ་དེ་ནི་ཤིན་ཏུ་དད་པའི་སེམས་ཀྱིས་ཚུལ་ཁྲིམས་ཡོངས་སུ་དག་པར་བསྲུངས་པ་ལས་ཐོབ་པར་འགྱུར་སྙམ་སེམས་སོ། །རིགས་ཀྱི་བུ། དེའི་ཚེ་ན་བྱང་ཆུབ་སེམས་དཔའ་དེའི་རྒྱུ་དེའི་རྐྱེན་གྱིས་མ་འོངས་པའི་དུས་སུ་གང་ནས་གང་དུ་སྐྱེ་བ་དེ་དང་དེ་དག་ཏུ་ཚུལ་ཁྲིམས་ཡོངས་སུ་དག་པར་སྲུང་ངོ ། །རིགས་ཀྱི་བུ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཡོངས་སུ་དག་པས་ན་གང་ནས་གང་དུ་སྐྱེས་ཀྱང་
Ka418b
རྟག་ཏུ་ང་རྒྱལ་དང ། ངན་པར་ལྟ་བ་དང ། ཐེ་ཚོམ་གྱིས་གླགས་པ་མེད་དེ། ནམ་དུའང་དེ་བཞིན་གཤེགས་པ་མཐར་ཡོངས་སུ་མྱ་ངན་ལས་འདས་པར་ཞུགས་སོ་ཞེས་མི་ཟེར་ཏེ། དེ་དག་ནི་བྱང་ཆུབ་སེམས་དཔས་ཚུལ་ཁྲིམས་ཡོངས་སུ་དག་པར་བསྲུངས་པ་ཞེས་བྱའོ། །དེ་ལྟར་ཚུལ་ཁྲིམས་ཡོངས་སུ་དག་པས་ན་ཏིང་ངེ་འཛིན་ལ་ནན་ཏན་བྱེད་དོ། །ཏིང་ངེ་འཛིན་ལ་ནན་ཏན་བྱེད་པས་ན་གང་ནས་གང་དུ་སྐྱེ་བ་དེ་དང་དེ་དག་ཏུ་ཡང་དག་པའི་དྲན་པ་མི་ཉམས་སོ། །འདི་ལྟ་སེ། སེམས་ཅན་ཐམས་ཅད་ལས་སངས་རྒྱས་ཀྱི་རང་བཞིན་ཡོད་པ་དང ། མདོ་སྡེ་བཅུ་གཉིས་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཤིན་ཏུ་རྒྱས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་གནས་པས་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་རང་བཞིན་མཐོང་བ་ལ་སོགས་ཏེ་དངོས་པོ་དེ་དག་མི་བརྗོད་དོ། །ཏིང་ངེ་འཛིན་ལ་ནན་ཏན་བྱས་པས་སྟོང་པ་བཅུ་གཅིག་ཀྱང་ཐོབ་པར་འགྱུར་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཡོངས་སུ་དག་པ་ལ་ནན་ཏན་བྱེད་པ་ཞེས་བྱའོ། །དེ་ལྟར་ཚུལ་ཁྲིམས་དང།་ཏིང་ངེ་འཛིན་དུ་ལྡན་པར་གྱུར་པས་ཡོངས་སུ་དག་པའི་ཤེས་རབ་ལ་ནན་ཏན་བྱེད་དོ། །ཤེས་རབ་ལ་ནན་ཏན་བྱས་པས་ན་ཐོག་མ་ནས་ལུས་ཀྱི་ནང་ན་བདག་ཡོད་པར་རམ། བདག་
Ka419a
༄#། །གི་ནང་ན་ལུས་ཡོད་པར་མི་འཛིན་ཏེ། ལུས་དང ། བདག་ལུས་མ་ཡིན། བདག་མ་ཡིན་པར་མི་འཛིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཡོངས་སུ་དག་པར་ནན་ཏན་བྱེད་པའོ། །ཤེས་རབ་ལ་ནན་ཏན་བྱས་པས་ཚུལ་ཁྲིམས་བསྲུངས་པ་རྣམས་ཀྱང་ཤིན་ཏུ་བརྟན་པར་གྱུར་ཏོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རི་རབ་ལྷུན་པོ་ནི་རླུང་རྣམ་པ་བཞིས་བསྐྱོད་མི་ནུས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། ཕྱིན་ཅི་ལོག་བཞིས་བསྐྱོད་མི་ནུས་སོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་དེའི་ཚེ་ན་བདག་གིས་ཚུལ་ཁྲིམས་བསྲུངས་པ་རྣམས་ཅིས་ཀྱང་བསྐྱོད་མི་ནུས་པར་ཤེས་སོ། །མཐོང་ངོ ། །རྟོགས་སོ། །དེ་ནི་བྱང་ཆུབ་སེམས་དཔས་ཤེས་པ་དང་མཐོང་བ་རྟོགས་པ་ཞེས་བྱ་སྟེ། འཇིག་རྟེན་པས་ནི་མ་ཡིན་ནོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཚུལ་ཁྲིམས་བསྲུངས་པ་རྣམས་ཤིན་ཏུ་བརྟན་ཞིང་མི་གཡོ་བར་མཐོང་བས་འགྱོད་པའི་སེམས་མེད་དེ། འགྱོད་པ་མེད་པས་སེམས་རབ་ཏུ་དགའ་བར་འགྱུར། རབ་ཏུ་དགའ་བར་གྱུར་པས་སེམས་ཤིན་ཏུ་ཚིམ་པར་འགྱུར་རོ། །ཤིན་ཏུ་ཚིམ་པར་གྱུར་པས་བདེ་བར་འགྱུར། སེམས་རབ་ཏུ་བདེ་བར་གྱུར་པས་མི་གཡོ་བའི་ཏིང་ངེ་འཛིན་ཐོབ་བོ། །མི་གཡོ་བའི་ཏིང་ངེ་འཛིན་ཐོབ་པས་
Ka419b
ཤེས་པ་དང ། ལྟ་བ་ཡང་དག་པར་འགྱུར་རོ། །ཤེས་པ་དང ། ལྟ་བ་ཡང་དག་པར་གྱུར་པས་འཁོར་བ་ལས་ཡོངས་སུ་སྐྱོའོ། །འཁོར་བ་ལས་སྐྱོ་བས་ན་རྣམ་པར་གྲོལ་བར་འགྱུར་རོ། ། རྣམ་པར་གྲོལ་བར་གྱུར་པས་ན་སངས་རྒྱས་ཀྱི་རང་བཞིན་གསལ་བར་མཐོང་སྟེ། དེ་ནི་བྱང་ཆུབ་སེམས་དཔས་ཤེས་པ་དང ། མཐོང་བ་དང ། རྟོགས་པ་ཡིན་གྱི། འཇིག་རྟེན་པས་ཤེས་པ་ནི་མ་ཡིན་ནོ། །རིགས་ཀྱི་བུ། འདི་དག་ནི་འཇིག་རྟེན་པས་ནི་མི་ཤེས། མི་མཐོང ། མི་རྟོགས་པ་ཡིན་གྱི། བྱང་ཆུབ་སེམས་དཔས་ནི་ཤེས་སོ། །མཐོང་ངོ ། །རྟོགས་སོ། ། འོད་སྲུང་གིས་ཡང་གསོལ་པ། ཇི་ལྟར་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཡོངས་སུ་དག་པར་ནན་ཏན་བགྱིས་པས་འགྱོད་པའི་སེམས་མ་མཆིས་པ་ནས། སངས་རྒྱས་ཀྱི་རང་བཞིན་གྱི་བར་དུ་གསལ་བར་མཐོང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། འཇིག་རྟེན་གྱི་ཚུལ་ཁྲིམས་ནི་ཡོངས་སུ་དག་པ་ཞེས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཚུལ་ཁྲིམས་ནི་སྲིད་པ་དང་བཅས་པ། རང་བཞིན་གྱིས་མ་ངེས་པ། མཐར་ཕྱིན་པ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྒྱས་པར་འགྱུར་པ་མ་ཡིན་པའི་ཕྱིར་ཡོངས་སུ་དག་པ་ཞེས་མི་བྱའོ། །ཡོངས་སུ་དག་པ་མ་ཡིན་པས་ན་འགྱོད་པའི་སེམས་དང་བཅས་སོ། །འགྱོད་པའི་སེམས་དང་བཅས་པས་ན་དགའ་བའི་སེམས་མེད་
Ka420a
༄#། །དོ། །དགའ་བ་མེད་པས་ཚིམ་པ་མེད། ཚིམ་པ་མེད་པས་བདེ་བ་མེད་དོ། །བདེ་བ་མེད་པས་མི་གཡོ་བའི་ཏིང་ངེ་འཛིན་མེད་དོ། །མི་གཡོ་བའི་ཏིང་ངེ་འཛིན་མེད་པས་ཤེས་པ་དང ། ལྟ་བ་ཡང་དག་པ་མེད་དོ། །ཤེས་པ་དང ། ལྟ་བ་ཡང་དག་པ་མེད་པས་འཁོར་བ་ལ་སྐྱོ་བ་མེད། འཁོར་བ་ལ་སྐྱོ་བ་མེད་པས་རྣམ་པར་གྲོལ་བར་མི་འགྱུར། རྣམ་པར་མ་གྲོལ་བས་ན་སངས་རྒྱས་ཀྱི་རང་བཞིན་མི་མཐོང་ངོ ། །སངས་རྒྱས་ཀྱི་རང་བཞིན་མི་མཐོང་བས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་མི་མཐོང་སྟེ། དེ་ནི་འཇིག་རྟེན་གྱི་ཚུལ་ཁྲིམས་ཞེས་བྱའི། ཡོངས་སུ་དག་པ་མ་ཡིན་ནོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་དག་པའི་ཚུལ་ཁྲིམས་ནི་ཚུལ་ཁྲིམས་ཉིད་ཀྱང་ཚུལ་ཁྲིམས་མ་ཡིན་པ། སྲིད་པ་དང་བཅས་པ་མ་ཡིན་པ། ངེས་པ། མཐར་ཕྱིན་པ། སེམས་ཅན་གྱི་དོན་དུ་འགྱུར་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པ་ཞེས་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་དག་པའི་ཚུལ་ཁྲིམས་ལ་འགྱོད་པ་མེད་པའི་སེམས་ཆེད་དུ་མ་བསྐྱེད་ཀྱང ། འགྱོད་པ་མེད་པའི་སེམས་རང་སྐྱེའོ། །རིགས་ཀྱི་བུ། དཔེར་ན། མི་ཞིག་མེ་ལོང་ཐོག་ན་བཞིན་ཆེད་དུ་སྣང་བར་མ་བྱས་ཀྱང་བཞིན་རང་འབྱུང་ངོ ། །
Ka420b
དཔེར་ན། ཞིང་པས་ཞིང་གཤིན་པ་ལས་བོན་བཏབ་ན་མྱུ་གུ་ཆེད་དུ་མ་བསྐྱེད་ཀྱང་མྱུ་གུ་རང་སྐྱེའོ། །དཔེར་ན། མེ་མར་བཙུན་ན་མུན་པ་ཆེད་དུ་མེད་པར་མ་བྱས་ཀྱང་མུན་པ་རང་མེད་པར་འགྱུར་རོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཡོངས་སུ་དག་པར་བསྲུངས་པས་འགྱོད་པ་མེད་པའི་སེམས་རང་སྐྱེ་བའང་དེ་དང་འདྲའོ། །ཚུལ་ཁྲིམས་ཡོངས་སུ་དག་པས་རབ་ཏུ་དགའ་བའི་སེམས་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ། དཔེར་ན། སྐྱེས་བུ་ངོ་བཞིན་བཟང་པོ་དང་ལྡན་པ་ཞིག་བདག་གི་བཞིན་མཐོང་ན་རབ་ཏུ་དགའ་བའི་སེམས་སྐྱེའོ། །ཚུལ་ཁྲིམས་ཡོངས་སུ་དག་པའང་དེ་དང་འདྲའོ། །རིགས་ཀྱི་བུ། ཚུལ་ཁྲིམས་ངན་པ་ཅན་ནི་ཚུལ་ཁྲིམས་ཡོངས་སུ་མ་དག་པས་ན་དགའ་བའི་སེམས་མི་སྐྱེའོ། །དཔེར་ན། བཞིན་མི་སྡུག་པ་ཞིག་བདག་གི་བཞིན་མཐོང་ན་དགའ་བའི་སེམས་མི་སྐྱེ་བ་ལྟར་ཚུལ་ཁྲིམས་ངན་པ་ཅན་ཡང་དེ་དང་འདྲའོ། །རིགས་ཀྱི་བུ། དཔེར་ན། བུད་མེད་རྫིའུ་ཐོགས་པ་གཉིས་ཤིག་གཅིག་ནི་ཞོའི་བུམ་པ་ཐོགས་ལ། གཅིག་ནི་དར་བའི་བུམ་པ་ཐོགས་ཏེ། གཉིས་ཀ་འགྲོགས་ནས་ཚོང་འདུས་སུ་ཆས་པ་ལས་ལམ་དུ་རྡེག་འཆོས་ཏེ། བུམ་པ་གཉིས་ཀ་ཆག་ན་གཅིག་ནི་དགའ། གཅིག་ནི་མི་དགའོ། །ཚུལ་ཁྲིམས་དང་ལྡན་པ་དང ། ཚུལ་ཁྲིམས་ཉམས་པའང་དེ་དང་འདྲའོ། །ཚུལ་
Ka421a
༄#། །ཁྲིམས་ཡོངས་སུ་དག་པ་ནི་སེམས་རབ་ཏུ་དགའ་བར་འགྱུར་རོ། །སེམས་རབ་ཏུ་དགའ་བས་ན་དེ་འདི་སྙམ་དུ་སེམས་སོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ལས་གང་གིས་ཚུལ་ཁྲིམས་ཡོངས་སུ་དག་པར་བསྲུངས་ན་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་གསུངས་ཏེ། བདག་གིས་ཀྱང་ཚུལ་ཁྲིམས་ཡོངས་སུ་དག་པར་ནན་ཏན་བྱས་ན་ཐོབ་པར་འགྱུར་སྙམ་སེམས་ཏེ། དེའི་རྒྱུ་དེའི་རྐྱེན་གྱིས་ན་སེམས་རབ་ཏུ་དགའ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་གསོལ་པ། བཅོམ་ལྡན་འདས་དགའ་བ་དང ། བདེ་བ་ཞེས་བགྱི་བ་ལ་ཁྱད་པར་ཅི་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁ་ན་མ་ཐོ་པར་འགྱུར་བའི་སྡིག་པ་མི་བྱེད་པས་ན་དགའ་བ་ཞེས་བྱའོ། །ཡོངས་སུ་དགའ་བའི་སེམས་ཀྱིས་ཚུལ་ཁྲིམས་སྲུང་བ་ནི་བདེ་བ་ཞེས་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཁོར་བ་ཤིན་ཏུ་རྟོགས་པས་དགའ་བ་ཞེས་བྱའོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པས་བདེ་བ་ཞེས་བྱའོ། །ཐ་མ་ནི་དགའ་བ་ཞེས་བྱའོ། །མཆོག་ནི་བདེ་བ་ཞེས་བྱའོ། །འཇིག་རྟེན་དང་འདྲེས་པའི་ཆོས་ཡོངས་སུ་སྤངས་པ་ནི་དགའ་བ་ཞེས་བྱའོ།།
Ka421b
མ་འདྲེས་པའི་ཆོས་ཐོབ་པ་ནི་བདེ་བ་ཞེས་བྱའོ། །ཚུལ་ཁྲིམས་ཡོངས་སུ་དག་པས་ན་ལུས་ལས་སུ་རུང་བ་དང ། ངག་རྩུབ་པོའི་སྐྱོན་མེད་དེ། བྱང་ཆུབ་སེམས་དཔའ་དེའི་ཆོ་ལྟ་བ་དང ། ཉན་པ་དང ། སྣོམ་པ་དང ། རོ་མྱོང་བར་བྱེད་པ་དང ། རེག་བྱ་དང ། ཤེས་པར་བྱེད་པ་ཐམས་ཅད་ལ་ཁ་ན་མ་ཐོ་བར་འགྱུར་བ་མེད་དོ། །ཁ་ན་མ་ཐོ་བར་འགྱུར་བ་མེད་པས་སེམས་རབ་ཏུ་བདེ་བར་འགྱུར་རོ། །སེམས་རབ་ཏུ་བདེ་བར་གྱུར་པས་ན་ཞི་བའི་ཏིང་ངེ་འཛིན་ཐོབ་བོ། །ཞི་བའི་ཏིང་ངེ་འཛིན་ཐོབ་པས་ན་ཤེས་པ་དང ། ལྟ་བ་ཡང་དག་པར་འགྱུར་རོ། །ཤེས་པ་དང ། ལྟ་བ་ཡང་དག་པར་གྱུར་པས་འཁོར་བ་ལ་ཡོངས་སུ་སྐྱོའོ། །འཁོར་བ་ལ་ཡོངས་སུ་སྐྱོ་བས་ན་རྣམ་པར་གྲོལ་བར་འགྱུར། རྣམ་པར་གྲོལ་བས་ན་སངས་རྒྱས་ཀྱི་རང་བཞིན་མཐོང་ངོ ། །སངས་རྒྱས་ཀྱི་རང་བཞིན་མཐོང་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་བོ། །དེ་དག་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པ་ཡིན་གྱི། འཇིག་རྟེན་གྱི་ཚུལ་ཁྲིམས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚུལ་ཁྲིམས་ཡོངས་སུ་དག་པར་བསྲུངས་ན་ཆོས་རྣམ་པ་འདི་ལྔ་གྲོགས་སུ་འགྱུར་རོ། །ལྔ་གང་ཞེ་ན། དད་པ་དང ། ལྡན་པ་ཡིན། ཁྲེལ་དང་ལྡན་པ་ཡིན། འཛེམ་པ་དང ། ལྡན་པ་ཡིན།
Ka422a
༄#། །དགེ་བའི་བཤེས་གཉེན་དང་ལྡན་པ་ཡིན། ཚུལ་ཁྲིམས་ལ་གུས་པར་བྱེད་པ་ཡིན་ནོ། །སྒྲིབ་པ་ལྔ་ཡོངས་སུ་སྤངས་པས་ལྟ་བ་རྣམ་པར་དག་པར་འགྱུར་བ་དང ། ལྟ་བ་ལྔ་ཡོངས་སུ་སྤངས་པས་ཐེ་ཚོམ་གྱི་སེམས་མེད་པར་འགྱུར་རོ། །གཞན་ཡང་ཐེ་ཚོམ་ལྔ་ཡོངས་སུ་སྤོང་བར་འགྱུར་ཏེ། ལྔ་གང་ཞེ་ན། སངས་རྒྱས་ལ་ཐེ་ཚོམ་ཟ་བ་དང ། ཆོས་ལ་ཐེ་ཚོམ་ཟ་བ་དང ། དགེ་འདུན་ལ་ཐེ་ཚོམ་ཟ་བ་དང ། ཚུལ་ཁྲིམས་ལ་ཐེ་ཚོམ་ཟ་བ་དང ། བག་མེད་པ་ལ་ཐེ་ཚོམ་ཟ་བའོ། །བྱང་ཆུབ་སེམས་དཔའ་དེའི་ཚེ་དབང་པོ་ལྔའང་ཐོབ་པར་འགྱུར་ཏེ། ལྔ་གང་ཞེ་ན། དད་པའི་དབང་པོ་དང ། བརྩོན་འགྲུས་ཀྱི་དབང་པོ་དང ། དྲན་པའི་དབང་པོ་དང ། ཏིང་ངེ་འཛིན་གྱི་དབང་པོ་དང ། ཤེས་རབ་ཀྱི་དབང་པོའོ། །དབང་པོ་ལྔ་ཐོབ་པས་མྱ་ངན་ལས་འདས་པ་རྣམ་པ་ལྔའང་ཐོབ་པར་འགྱུར་རོ། །ལྔ་གང་ཞེ་ན། གཟུགས་རྣམ་པར་གྲོལ་བ་ནས། རྣམ་པར་ཤེས་པ་རྣམ་པར་གྲོལ་བའི་བར་དུ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པ་ཞེས་བྱའི། འཇིག་རྟེན་གྱི་མ་ཡིན་ནོ། །རིགས་ཀྱི་བུ། དེ་དག་ནི་འཇིག་རྟེན་པས་མི་ཤེས་པ་དང ། མི་མཐོང་བ་དང ། མི་རྟོགས་པ་སྟེ། བྱང་ཆུབ་སེམས་དཔས་ཤེས་པ་དང ། མཐོང་བ་དང ། རྟོགས་པ་ཞེས་བྱའོ། །རིགས་ཀྱི་བུ། ཇི་སྟེ་ངའི་ཉེ་གནས་ལས་
Ka422b
ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འཆང་ངམ། འཛིན་ཏམ། ཀློག་གམ། འདོམ་ཏམ། གླེགས་བམ་དུ་འདྲིའམ། སྟོན་ཅིང་འཆད་པ་གང་ཞིག་ཚུལ་ཁྲིམས་ཉམས་ན་གཞན་གྱིས་བརྙས་ཤིང་སྨོད་དེ། དེ་དག་འདི་སྐད་དུ་གལ་ཏེ་སངས་རྒྱས་ཀྱིས་དགོངས་པའི་སྙིང་པོ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་མཐུ་དང་ལྡན་པ་ཞིག་ཡིན་ན། ཅིའི་ཕྱིར་ཚུལ་ཁྲིམས་མནོས་པ་ཉམས་པར་འགྱུར་ཞེས་ཟེར་རོ། །ཅི་སྟེ་གང་ཞིག་མྱ་ངན་འདས་པའི་མདོ་འཆང་ངམ། འཛིན་པ་ལ་ཚུལ་ཁྲིམས་ཉམས་ན་དེ་ནི་མདོ་སྡེ་མཐུ་མེད་པར་རིག་པར་བྱ་སྟེ། གལ་ཏེ་མཐུ་མེད་ན་ཀློག་གམ་འདོན་ཀྱང་ཕན་པའི་དོན་དུ་མི་འགྱུར་ཏེ། དེ་ལྟར་མྱ་ངན་ལས་འདས་པའི་མདོ་སྡེ་ལ་བརྙས་སྨད་པས་སེམས་ཅན་ཚད་མེད་མཐའ་ཡས་པ་སྙེད་སེམས་ཅན་དམྱལ་བར་ལྟུང་བར་བྱེད་དོ། །ཅི་སྟེ་མདོ་སྡེ་འདི་ཉིད་འཆང་ངམ་འཛིན་པ་དེ་ཚུལ་ཁྲིམས་ཉམས་པར་བྱེད་ན་དེ་ནི་སེམས་ཅན་གྱི་སྡིག་པའི་བཤེས་གཉེན་ཡིན་ཏེ། ངའི་ཉེ་གནས་མ་ཡིན་གྱི། བདུད་ཀྱི་འཁོར་ཡིན་ནོ། །གང་ཟག་དེ་ནི་མདོ་སྡེ་འདི་ཉིད་འཆང་ངམ། འཛིན་ཏམ། ཉན་དུའང་མ་གནང་གི་།གཉིས་ན་མ་བཅངས། མ་བཟུང ། མ་བསྒོམས་ཀྱང་བླའི། ཚུལ་ཁྲིམས་ཉམས་པས་འཆང་ངམ། འཛིན་ཏམ། སྒྲུབ་པར་བྱེད་པ་མ་ཡིན་ནོ། །རིགས་ཀྱི་བུ། ངའི་ཉེ་གནས་ལས་
Ka423a
༄#། །ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འཆང་ངམ། འཛིན་ཏམ། ཀློག་གམ། འདོན་ཏམ། གླེགས་བམ་དུ་འདྲི་བའམ། སྟོན་ཅིང་འཆང་འདོད་ན་ཡང་དག་པའི་ལུས་དང་སེམས་ཀྱིས་བསྒྲུབ་པར་བྱའི། ཉམ་རངས་དང ། འཕྱར་བ་དང ། འགྲན་ཏོར་གྱིས་ནི་མ་ཡིན་ནོ། །དེ་ལ་ལུས་ལས་བྱུང་བ་ནི་ཉམ་རངས་ཞེས་བྱ། སེམས་ལས་བྱུང་བ་ནི་འཕྱར་བ་ཞེས་བྱའོ། །ཚོལ་བ་དང་བཅས་པའི་སེམས་ནི་འཕྱར་བ་ཞེས་བྱ། ལུས་ཀྱི་ལས་བྱས་པ་ནི་ཉམ་རངས་ཞེས་བྱའོ། །ཅི་སྟེ་ངའི་ཉེ་གནས་ཚོལ་བ་དང་བཅས།་བྱེད་པའི་ལས་དང་བཅས་ན་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་འཆང་ངམ། བཟུང་བར་མི་བྱའོ། །ཅི་སྟེ་དེ་ལྟ་བུ་དང་བཅས་པས་མདོ་སྡེ་འདི་ཉིད་འཆང་ངམ་འཛིན་པར་བྱེད་ན། གཞན་གྱིས་བརྙས་སྨད་པར་འགྱུར་ཏེ། དེ་ལ་འདི་སྐད་དུ་ཇི་སྟེ་སངས་རྒྱས་ཀྱི་དགོངས་པའི་སྙིང་པོ་ཡོངས་སུ་མྱ་ངན་ལས་ལས་འདས་པའི་མདོ་སྡེ་མཐུ་དང་ལྡན་པ་ཞིག་ཡིན་ན། ཅིའི་ཕྱིར་ཁྱོད་ལ་ཚོལ་བ་དང་བཅས། བྱེད་པ་དང་བཅས་པར་འགྱུར་ཞེས་ཟེར་རོ། །ཅི་སྟེ་མདོ་སྡེ་འདི་ཉིད་འཆང་བར་བྱེད་པ་དེ་ཚོལ་བ་དང་བཅས། བྱེད་པ་དང་བཅས་ན་དེ་ནི་མདོ་སྡེ་འདི་ཉིད་ལ་མཐུ་མེད་དོ་ཞེས་ཟེར་བར་འགྱུར་རོ། །གལ་ཏེ་མཐུ་མེད་ན་འཆང་ངམ་འཛིན་པར་བྱེད་
Ka423b
ཀྱང་ཕན་པའི་དོན་དུ་མི་འགྱུར་ལ། དེ་ལྟར་མྱ་ངན་ལས་འདས་པའི་མདོ་སྡེ་ལ་བརྙས་སྨད་པས། སེམས་ཅན་ཚད་མེད་པ་སྙེད་སེམས་ཅན་དམྱལ་བར་ལྟུང་བར་བྱེད་དོ། །མདོ་སྡེ་འདི་འཆང་ངམ་འཛིན་པར་བྱེད་པ་དེ་ཚོལ་བ་དང་བཅས། བྱེད་པ་དང་བཅས་ན་དེ་ནི་སེམས་ཅན་གྱི་མི་དགེ་བའི་བཤེས་གཉེན་ཡིན་ཏེ། ངའི་ཉེ་གནས་མ་ཡིན་གྱི། བདུད་ཀྱི་རིས་ཡིན་ནོ།། གཞན་ཡང་རིགས་ཀྱི་བུ། ངའི་ཉེ་གནས་ལས་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འཆང་བ་དང ། འཛིན་པ་དང ། ཀློག་པ་དང ། འདོན་པ་དང ། གླེགས་བམ་དུ་འདྲི་བ་དང ། སྟོན་པར་བྱེད་པ་དག་དུས་མ་ཡིན་པར་བསྟན་པར་མི་བྱ། བརྡ་མི་ཕྲད་པ་ལ་བསྟན་པར་མི་བྱ། གསོལ་པ་མ་བཏབ་པ་ལ་བསྟན་པར་མི་བྱ། བརྙས་པའི་སེམས་དང་བཅས་པས་བསྟན་པར་མི་བྱ། དུས་ཐམས་ཅད་ཀྱི་ཐམས་ཅད་དུ་བཤད་པར་མི་བྱ། བདག་བསྟོད་པའི་ཕྱིར་བསྟན་པར་མི་བྱ། གཞན་སྨད་པའི་ཕྱིར་བཤད་པར་མི་བྱ། སངས་རྒྱས་ཀྱི་ཆོས་ནུབ་པར་འགྱུར་བར་བཤད་པར་མི་བྱ། འཇིག་རྟེན་གྱི་ཆོས་དར་བར་འགྱུར་བའི་ཕྱིར་བཤད་པར་མི་བྱའོ། །རིགས་ཀྱི་བུ། ངའི་ཉེ་གནས་ལས་མདོ་སྡེ་འདི་འཆང་བ་དང་འཛིན་པ་དག་དུས་མ་ཡིན་པར་སྟོན་པ་ནས། འཇིག་རྟེན་གྱི་ཆོས་དར་བར་བྱེད་པའི་བར་དུ་སྟོན་ན། གཞན་གྱིས་དཔྱས་ཤིང་སྨོད་པར་འགྱུར་ཏེ། འདི་སྐད་ཅེས་ཟེར་རོ། །
Ka424a
༄#། །སངས་རྒྱས་ཀྱིས་དགོངས་ཏེ་གསུངས་པའི་སྙིང་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་མཐུ་དང་ལྡན་པ་ཞིག་ཡིན་ན། ཅིའི་ཕྱིར་དུས་མ་ཡིན་པ་སྟོན་པ་ནས། འཇིག་རྟེན་གྱི་ཆོས་དར་བར་བྱེད་པའི་བར་དུ་སྟོན་པར་འགྱུར་རོ་ཞེས་ཟེར་རོ། །གལ་ཏེ་མདོ་སྡེ་འདི་འཛིན་པ་དག་དེ་ལྟ་བུའི་ཚུལ་དུ་སྟོན་ན་མདོ་སྡེ་འདི་ལ་མཐུ་མེད་པར་འཛིན་ཏོ། །ཅི་སྟེ་མཐུ་མེད་ན་བཅངས་སམ་འཛིན་ཀྱང་ཕན་པ་དང་བདེ་བ་དོན་དུ་མི་འགྱུར་ཏེ། དེ་ལྟར་དེ་མྱ་ངན་ལས་འདས་པའི་མདོ་སྡེ་ལ་བརྙས་སྨད་པས། སེམས་ཅན་ཚད་མེད་པ་རྣམས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །མདོ་སྡེ་འདི་འཆང་ཞིང་འཛིན་པ་དག་དུས་མ་ཡིན་པར་སྟོན་པ་ནས། འཇིག་རྟེན་གྱི་ཆོས་དར་བར་བྱ་བའི་བར་དུ་སྟོན་ན། དེ་ནི་སེམས་ཅན་གྱི་མི་དགེ་བའི་བཤེས་གཉེན་ཡིན་གྱི། ངའི་ཉེ་གནས་མ་ཡིན་ཏེ། བདུད་ཀྱི་རིས་སུ་གཏོགས་པ་ཡིན་ནོ། །རིགས་ཀྱི་བུ། དེ་ལ་གང་ཞིག་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འཆང་ངམ། འཛིན་ཏམ། སྟོན་ཏམ། སངས་རྒྱས་ཀྱི་རང་བཞིན་སྟོན་ཅིང་འཆད་པ་དང ། དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་སྙིང་པོ་འཆད་པ་དང ། ཐེག་པ་ཆེན་པོ་སྟོན་པ་དང ། ཤིན་ཏུ་རྒྱས་པའི་མདོ་སྡེ་སྟོན་པ་དང ། ཉན་ཐོས་ཀྱི་ཐེག་པ་སྟོན་པ་དང ། རང་སངས་རྒྱས་ཀྱི་ཐེག་པ་སྟོན་པ་དང །
Ka424b
རྣམ་པར་གྲོལ་བ་སྟོན་པ་དང ། སངས་རྒྱས་ཀྱི་རང་བཞིན་མཐོང་བ་དག་ཐོག་མ་ཁོ་ནར་ལུས་ཡོངས་སུ་དག་པར་སྦྱང་པར་བྱའོ། །ལུས་ཡོངས་སུ་དག་པས་ན་བརྙས་སྨོད་པ་མེད་དོ། ། བརྙས་སྨོད་པ་མེད་པས་སེམས་ཅན་ཚད་མེད་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ལ་ཡོངས་སུ་དག་པའི་དད་པ་སྐྱེའོ། །དད་པའི་སེམས་སྐྱེས་པས་མདོ་སྡེ་འདི་ལ་རིམ་གྲོ་དང་བཀུར་སྟིར་བྱེད་དོ། །གལ་ཏེ་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་གམ། རྐང་པ་གཅིག་གམ། ཚིག་འབྲུ་གཅིག་ཙམ་ཐོས་པར་བྱེད་དེ། ཆོས་བསྟན་པ་དེའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད་ན་གང་ཟག་དེ་ནི་སེམས་ཅན་གྱི་དགེ་བའི་བཤེས་གཉེན་ཡང་དག་པ་ཡིན་གྱི། མི་དགེ་བའི་བཤེས་གཉེན་མ་ཡིན། ངའི་ཉེ་གནས་ཡིན་གྱི། བདུད་ཀྱི་རིས་མ་ཡིན། དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའི། འཇིག་རྟེན་པ་མ་ཡིན་ནོ། །རིགས་ཀྱི་བུ། འདི་དག་ནི་འཇིག་རྟེན་པས་མི་ཤེས་པ་དང ། མི་མཐོང་བ་དང ། མི་རྟོགས་པ་སྟེ། བྱང་ཆུབ་སེམས་དཔས་ནི་ཤེས་པ་མཐོང་བ་རྟོགས་པ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་ཇི་ལྟར་ན་འཇིག་རྟེན་ཐམས་ཅད་ཀྱིས་མི་ཤེས་མི་མཐོང་མི་རྟོགས་ལ། བྱང་ཆུབ་སེམས་དཔས་ཤེས་པ་དང ། མཐོང་བ་དང ། རྟོགས་པ་ཞེ་ན། འདི་ལྟ་སྟེ། དྲན་པར་བྱ་བའི་གནས་
Ka425a
༄#། །དྲུག་གོ་།དྲུག་གང་ཞེ་ན། སངས་རྒྱས་དྲན་པར་བྱ་བ་དང ། ཆོས་དྲན་པར་བྱ་བ་དང ། དགེ་འདུན་དྲན་པར་བྱ་བ་དང ། བསླ་བ་ཚིག་དྲན་པར་བྱ་བ་དང ། སྦྱིན་པ་དྲན་པར་བྱ་བ་དང ། ལྷ་དྲན་པར་བྱ་བའོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་རྩ་བཞི་པ། རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་སངས་རྒྱས་དྲན་པར་བྱ་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ།་འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ནི་རྟག་པ། མི་འགྱུར་བ། མི་འཕོ་བ།་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་ལྡན་པ། སེང་གེ་ཆེན་པོའི་སྒྲ་སྒྲོགས་པ། དགེ་སྦྱོང་ཆེན་པོ། བྲམ་ཟེ་ཆེན་པོ། ཚངས་པ་ཆེན་པོ། མཐར་ཕྱིན་པ། ཕ་རོལ་ཏུ་ཕྱིན་པ་གཞན་གྱིས་མི་ཐུབ་པ། སྤྱི་གཙུག་ལྟར་མི་སྣང་བ། བསྙེངས་པ་མེད་པ། བག་ཚ་བ་མེད་པ། གཡོ་བ་མེད་པ། གཅིག་པུ་གྲོགས་མེད་པ། མ་བསྟན་པར་རང་གིས་རིག་པ། མྱུར་བའི་ཡེ་ཤེས། ཡེ་ཤེས་ཆེན་པོ། རྣོ་བའི་ཡེ་ཤེས། ཟབ་པའི་ཡེ་ཤེས། རྣམ་པར་གྲོལ་བའི་ཡེ་ཤེས། ཐུན་མོང་བ་མེད་པའི་ཡེ་ཤེས། ཀུན་ཏུ་རྒྱས་
Ka425b
བའི་ཡེ་ཤེས། མཐར་ཕྱིན་པའི་ཡེ་ཤེས། རིན་པོ་ཆེའི་ཡེ་ཤེས་དང་ལྡན་པ། མིའི་ནང་ན་ཁྱུ་མཆོག་གི་རྒྱལ་པོ་ལྟ་བུ། མིའི་ནང་ན་གླང་པོ་ཆེའི་རྒྱལ་པོ་ལྟ་བུ། མིའི་ནང་ན་ཀླུའི་རྒྱལ་པོ་ལྟ་བུ། མིའི་ནང་ན་སྐྱེས་བུ། མིའི་ནང་ན་མེ་ཏོག་པདྨོ་ལྟ་བུ། པུཎྜ་རི་ཀ་ལྟ་བུ། ཁ་ལོ་སྒྱུར་བ། མིའི་སྟོན་པ། སྦྱིན་བདག་ཆེན་པོ། ཆོས་ཆེན་པོ་སྟོན་པ། ཆོས་མཁྱེན་པའི་ཕྱིར་ཆོས་ཆེན་པོ་སྟོན་པ། དོན་མཁྱེན་པའི་ཕྱིར་ཆོས་ཆེན་པོ་སྟོན་པ། དུས་མཁྱེན་པའི་ཕྱིར་ཆོས་ཆེན་པོ་སྟོན་པ། ཆོག་ཤེས་པའི་ཕྱིར་ཆོས་ཆེན་པོ་སྟོན་པ། བདག་ཤེས་པའི་ཕྱིར་ཆོས་ཆེན་པོ་སྟོན་པ། འཁོར་ཆེན་པོ་ཤེས་པའི་ཕྱིར་ཆོས་ཆེན་པོ་སྟོན་པ། སེམས་ཅན་གྱི་རང་བཞིན་རྣམ་པ་ཐ་དད་པ་མཁྱེན་པའི་ཕྱིར་ཆོས་ཆེན་པོ་སྟོན་པ། དབང་པོ་རྣོན་པོ་དང ། རྟུལ་པོ་དང ། བར་མ་མཁྱེན་པའི་ཕྱིར་ཆོས་ཆེན་པོ་སྟོན་པ། ལམ་དབུ་མ་སྟོན་པའི་ཕྱིར་ཆོས་ཆེན་པོ་སྟོན་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པ་ཞེས་བྱ་ཞེ་ན། སྔོན་འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པ་ལས་མི་འགྱུར་བའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །ཇི་ལྟར་མི་འགྱུར་ཞེ་ན། སྔོན་འདས་པའི་སངས་རྒྱས་རྣམས་ཀྱང་སེམས་ཅན་བསྒྲལ་བའི་ཕྱིར་མདོ་སྡེ་བཅུ་གཉིས་གསུངས་སོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་བས་ན་དེ་བཞིན་གཤེགས་པ་ཞེས་བྱའོ། །སངས་
Ka426a
༄#། །རྒྱས་བཅོམ་ལྡན་འདས་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང ། སྟོང་པ་བཅུ་གཅིག་ལས་གཤེགས་པས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོར་ཕྱིན་ཏེ། དེ་བཞིན་གཤེགས་པའང་དེ་དང་འདྲ་བས་ནས་སངས་རྒྱས་ལ་དེ་བཞིན་གཤེགས་པ་ཞེས་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ནི་སེམས་ཅན་གྱི་ཕྱིར་ཐབས་དེ་ཉིད་ཀྱིས་ཐེག་པ་གསུམ་དུ་བསྟན་ཏེ། སྐུ་ཚེའི་ཚད་ཀྱང་ཚད་མེད་དཔག་ཏུ་མེད་པས་དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། དེ་བས་ན་སངས་རྒྱས་ལ་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་དགྲ་བཅོམ་པ་ཞེ་ན། འཇིག་རྟེན་གྱི་ཆོས་ཐམས་ཅད་ནི་དགྲ་ཞེས་བྱ་སྟེ། སངས་རྒྱས་ཀྱིས་རྣམ་པ་དེ་དག་ཆོམས་པས་ན་དགྲ་བཅོམ་པ་ཞེས་བྱའོ། །བདུད་རྣམ་བཞི་ནི་བྱང་ཆུབ་སེམས་དཔའ་དགྲ་ཞེས་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱང་བྱང་ཆུབ་སེམས་དཔའ་མཛད་པ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་བདུད་རྣམ་པ་བཞི་བཅོམ་པས་ན་དགྲ་བཅོམ་པ་ཞེས་བྱའོ། །གཞན་ཡང་དགྲ་བཅོམ་པ་ནི་ཡོངས་སུ་སྤངས་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའི་ཚེ་ན་ཉོན་མོངས་པ་ཚད་མེད་པ་རྣམས་ཡོངས་སུ་སྤངས་པས་ན་དགྲ་བཅོམ་པ་ཞེས་བྱའོ། །གཞན་ཡང་དགྲ་བཅོམ་པ་ནི་འདས་པའི་སངས་རྒྱས་རྣམས་ཀྱི་བདེ་བ་ཞེས་
Ka426b
བྱའོ། །སྔོན་བྱང་ཆུབ་སེམས་དཔའ་མཛད་པ་ན་བསྐལ་པ་ཚད་མེད་གྲངས་མེད་པའི་བར་དུ་སེམས་ཅན་གྱི་ཕྱིར་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་ཡང་མི་བདེ་བ་མེད་དེ། རྟག་ཏུ་བདེའོ། ། དེ་བཞིན་གཤེགས་པའང་དེ་དང་འདྲ་བས་ན་དགྲ་བཅོམ་པ་ཞེས་བྱའོ། །གཞན་ཡང་དགྲ་བཅོམ་པ་ཞེས་བྱ་བ་ནི་འཇིག་རྟེན་དུ་བཅས་པ། ལྷ་དང་མི་ཐམས་ཅད་ཀྱིས་ལྷ་རྫས་ཀྱི་མེ་ཏོག་དང ། ཕྲེང་བ་དང ། རྒྱལ་མཚན་དང ། བ་དན་དང ། རོལ་མོ་རྣམ་པ་སྣ་ཚོགས་ཀྱིས་མཆོད་པས་ན་དགྲ་བཅོམ་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་ཡང་དག་པར་རྫོགས་པ་ཞེས་ན། ཡང་དག་པ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའོ། །རྫོགས་པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་པ་བཞི་མངོན་པར་མ་རྟོགས་པ་མེད་པའོ། །གཞན་ཡང་ཡང་དག་པ་ཞེས་བྱ་བ་ནི་དཀའ་ཐུབ་སྤྱོད་པའོ། ། རྫོགས་པ་ཞེས་བྱ་བ་ནི་སྡུག་བསྔལ་སྤྱོད་པའི་རྐྱེན་གྱིས་ངེས་པར་སྡུག་བསྔལ་གྱི་འབྲས་བུ་མྱོང་བར་ཤེས་པའོ། །གཞན་ཡང་ཡང་དག་པ་ཞེས་བྱ་བ་ནི་འཇིག་རྟེན་གྱི་དབུ་མའོ། ། རྫོགས་པ་ཞེས་བྱ་བ་ནི་མཐར་ལམ་དབུ་མ་ལ་ནན་ཏན་བྱས་ན་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པར་ཤེས་པའོ། །གཞན་ཡང་ཡང་དག་པ་ནི་བགྲང་དུ་ཡོད་པ། ཚད་གཟུང་དུ་ཡོད་པ། དཔག་ཏུ་ཡོད་པའོ། །རྫོགས་པ་ཞེས་བྱ་བ་ནི་བགྲང་དུ་མེད་པ། ཚད་གཟུང་དུ་མེད་པ་དཔག་ཏུ་མེད་པ་སྟེ། དེ་བས་ན་སངས་རྒྱས་ལ་ཡང་དག་པར་རྫོབ། །ས་པ་
Ka427a
༄#། །ཞེས་བྱའོ། །རིགས་ཀྱི་བུ། ཉན་ཐོས་དང་རང་སངས་རྒྱས་ལ་ཡང་དག་པར་རྫོགས་པ་ཞེས་བྱ་བ་ཡོད་དེ། དེ་ནི་ཡང་དག་པར་རྫོགས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཡང་དག་པར་རྫོགས་པ་ནི་ཕུང་པོ་ལྔ་དང ། སྐྱེ་མཆེད་བཅུ་གཉིས་དང ། ཁམས་བཅོ་བརྒྱད་ཤེས་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཀྱང་ཤེས་པས་ཡང་དག་པར་རྫོགས་པ་ཞེས་བྱའོ། །ཅིའི་ཕྱིར་ཡང་དག་པར་རྫོགས་པ་མ་ཡིན་ཞེ་ན། རིགས་ཀྱི་བུ། ཅི་སྟེ་ཐེག་པ་ཆུང་དུ་གཉིས་ཀྱིས་བསྐལ་པ་ཚད་མེད་པའི་བར་དུ་གཟུགས་ཀྱི་ཕུང་པོ་གཅིག་པུ་ལ་རྟོག་ཀྱང་རྫོགས་པར་མི་ཤེས་པས། དེའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ནི་ཡང་དག་པར་རྫོགས་པ་ཞེས་མི་བྱའོ། །དེ་ལ་ཇི་ལྟར་ན་མཁྱེན་པ་དང་ཞབས་སུ་ལྡན་པ་ཞེ་ན། མཁྱེན་པ་ནི་དགེ་བའི་འབྲས་བུ་ཚད་མེད་པ་ཐོབ་པའོ། །ཞབས་དང་ལྡན་པ་ནི་ཞབས་ཉིད་དོ། །དེ་ལ་དག་པའི་འབྲས་བུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཞབས་ཞེས་བྱ་བ་ནི་ཚུལ་ཁྲིམས་དང ། ཤེས་རབ་སྟེ། ཚུལ་ཁྲིམས་དང ། ཤེས་རབ་ཀྱི་རྐང་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཕྱིན་པས་ན་མཁྱེན་པ་དང་ཞབས་སུ་ལྡན་པ་ཞེས་བྱའོ། །གཞན་ཡང་མཁྱེན་པ་ནི་རིག་པའོ། །ལྡན་པ་ནི་བཀྲ་ཤིས་སོ། །ཞབས་ནི་འབྲས་བུའོ། །རིགས་ཀྱི་བུ། དེ་དག་ནི་འཇིག་རྟེན་
Ka427b
གྱི་དོན་ཞེས་བྱའོ། །རིགས་པ་ནི་རྣམ་པར་གྲོལ་བའོ། །བཀྲ་ཤིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །འབྲས་བུ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟེ། དེ་བས་ན་མཁྱེན་པ་དང་ཞབས་སུ་ལྡན་པ་ཞེས་བྱའོ། །གཞན་ཡང་མཁྱེན་པ་ནི་སྣང་བ་ཞེས་བྱའོ། །ལྡན་པ་ནི་ལས་ཞེས་བྱའོ། །ཞབས་ནི་འབྲས་བུ་ཞེས་བྱ་སྟེ། རིགས་ཀྱི་བུ་དེ་ནི་འཇིག་རྟེན་གྱི་དོན་ཏོ། །སྣང་བ་ཞེས་བྱ་བ་ནི་བག་ཡོད་པའོ། །ལས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་།འབྲས་བུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །གཞན་ཡང་མཁྱེན་པ་ནི་རིག་པ་གསུམ་སྟེ། བྱང་ཆུབ་ཀྱི་རིག་པ་དང ། སངས་རྒྱས་ཀྱི་རིག་པ་དང ། མ་རིག་པའི་རིག་པའོ། །དེ་ལ་བྱང་ཆུབ་ཀྱི་རིག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། སངས་རྒྱས་ཀྱི་རིག་པ་ནི་སངས་རྒྱས་ཀྱི་རིག་པ་ཉིད་དོ། །མ་རིག་པའི་རིག་པ་ནི་སྟོང་པ་ཉིད་ཀྱི་མཐར་ཕྱིན་པའོ། །ལྡན་པ་ཞེས་བྱ་བ་ནི་བསྐལ་པ་གྲངས་མེད་པའི་བར་དུ་སེམས་ཅན་གྱི་ཕྱིར་དགེ་བའི་ལས་མང་པོ་བསྒོམས་པའོ། །ཞབས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་གསལ་བར་མཐོང་བ་སྟེ། དེ་བས་ན་མཁྱེན་པ་དང་ཞབས་སུ་ལྡན་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་བདེ་བར་གཤེགས་པ་ཞེ་ན། བདེ་བ་ནི་མཐོ་བའོ། །གཤེགས་པ་ནི་མི་མཐོ་བ་སྟེ། རིགས་ཀྱི་བུ། དེ་ནི་འཇིག་རྟེན་གྱི་དོན་ནོ། །མཐོ་བ་ནི་བླ་ན་མེད་པ་ཡང་དག་
Ka428a
༄#། །པར་རྫོགས་པའི་བྱང་ཆུབ་བོ། །མི་མཐོ་བ་ནི་དེ་བཞིན་གཤེགས་པའི་ཐུགས་སོ། །རིགས་ཀྱི་བུ། ཇི་སྟེ་ཐུགས་མཐོ་ན། དེ་བཞིན་གཤེགས་པ་ཞེས་མི་བྱ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་ལ་བདེ་བར་གཤེགས་པ་ཞེས་བྱའོ། །གཞན་ཡང་བདེ་བ་ནི་དགེ་བའི་གཤེགས་གཉེན་ནོ། །གཤེགས་པ་ནི་དགེ་བའི་བཤེས་གཉེན་གྱི་འབྲས་བུ་སྟེ། རིགས་ཀྱི་བུ། དེ་ནི་འཇིག་རྟེན་གྱི་དོན་ཏོ། །དགེ་བའི་བཤེས་གཉེན་ནི་སེམས་དང་པོ་བསྐྱེད་པའོ། །འབྲས་བུ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟེ། དེ་བཞིན་གཤེགས་པ་ནི་ཐོག་མ་སེམས་བསྐྱེད་པ་མ་བཏང་བས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པས། དེའི་ཕྱིར་བདེ་བར་གཤེགས་པ་ཞེས་བྱའོ། །གཞན་ཡང་བདེ་བ་ནི་བཟང་པོའོ། །གཤེགས་པ་ནི་ཡོད་པ་སྟེ། རིགས་ཀྱི་བུ། དེ་ནི་འཇིག་རྟེན་གྱི་དོན་ཏོ། །དེ་ལ་བཟང་པོ་ནི་སངས་རྒྱས་ཀྱི་རང་བཞིན་མཐོང་བའོ། །ཡོད་པ་ནི་མྱ་ངན་ལས་འདས་པ་ཆེན་པོའོ། །རིགས་ཀྱི་བུ། མྱ་ངན་ལས་འདས་པའི་རང་བཞིན་ནི་ཡང་དག་པར་ཡོད་པ་མ་ཡིན་མོད་ཀྱི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་དབང་དུ་བྱེད་དེ་ཡོད་ཅེས་གསུངས་སོ། །རིགས་ཀྱི་བུ། དཔེར་ན། འཇིག་རྟེན་གྱི་མི་བུ་མེད་པ་ལ་བུ་ཡོད་དོ་ཞེས་བྱ་བ་དང ། ལམ་མེད་པར་
Ka428b
ལམ་ཡོད་དོ་ཞེས་སྨྲས་པ་དང་འདྲ་སྟེ། ཡོངས་སུ་མྱ་ངན་ལས་འདས་པའང་འཇིག་རྟེན་གྱི་དབང་དུ་བྱས་ནས་ཡོད་དོ་ཞེས་གསུངས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལྷུན་གྱིས་གྲུབ་པའི་ཕྱིར་བདེ་བར་གཤེགས་པ་ཞེས་བྱའོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་འཇིག་རྟེན་རིག་པ་ཞེ་ན། རིགས་ཀྱི་བུ། འཇིག་རྟེན་ཞེས་བྱ་བ་ནི་ཕུང་པོ་ལྔའོ། །རིགས་པ་ནི་ཤེས་པའོ། །སངས་རྒྱས་བཅོམ་ལྡན་འདས་ནི་ཕུང་པོ་ལྔ་ལ་ཤིན་ཏུ་མཁས་པས་འཇིག་རྟེན་རིག་པ་ཞེས་བྱའོ། །གཞན་ཡང་འཇིག་རྟེན་ཞེས་བྱ་བ་ནི་འདོད་པ་ལྔའོ། །རིག་པ་ཞེས་བྱ་བ་ནི་མ་ཆགས་པའོ། །འདོད་པ་ལྔ་ལ་ཡོངས་སུ་མ་ཆགས་པའི་ཕྱིར་ཡང་འཇིག་རྟེན་རིག་པ་ཞེས་བྱའོ། །གཞན་ཡང་འཇིག་རྟེན་ཞེས་བྱ་བ་ནི་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་དེ། ཉན་ཐོས་དང ། རང་སངས་རྒྱས་ཀྱིས་མི་ཤེས་མི་མཐོང་མི་རྟོགས་པ་དག་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་མཁྱེན་ཅིང་གཟིགས་ཏེ་རྟོགས་སོ། །དེ་བཞིན་དུ་ལྷོ་དང ། ནུབ་དང ། བྱང་དང ། ཕྱོགས་མཚམས་བཞི་དང ། སྟེང་དང ། འོག་གི་འཇིག་རྟེན་གྱི་ཁམས་ཀྱང་དེ་བཞིན་དུ་རིག་པས་ན། སངས་རྒྱས་བཅོམ་ལྡན་འདས་ནི་འཇིག་རྟེན་རིག་པའོ། །གཞན་ཡང་འཇིག་རྟེན་ཞེས་བྱ་བ་ནི་སྐྱེ་བོ་མ་རབས་ཐམས་ཅད་དོ། །རིག་པ་ཞེས་བྱ་བ་ནི་སྐྱེ་བོ་ཡ་རབས་རྣམས་ཀྱི་དགེ་བ་དང །
Ka429a
༄#། །སྡིག་པའི་རྒྱུ་དང ། འབྲས་བུ་ཤེས་པ་སྟེ། ཉན་ཐོས་དང ། རང་སངས་རྒྱས་རྣམས་ཀྱི་ཤེས་པ་མ་ཡིན་གྱི། སངས་རྒྱས་ཉག་གཅིག་གིས་མཁྱེན་པས་ན་སངས་རྒྱས་བཅོམ་ལྡན་འདས་ནི་འཇིག་རྟེན་རིག་པའོ། གཞན་ཡང་འཇིག་རྟེན་ཞེས་བྱ་བ་ནི་པདྨོ་ཞེས་བྱའོ། །རིགས་པ་ནི་མི་གོས་པ་ཞེས་ཏེ། རིགས་ཀྱི་བུ། དེ་ནི་འཇིག་རྟེན་གྱི་དོན་ཏོ། །པདྨོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །མི་གོས་པ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མི་གོས་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ནི་འཇིག་རྟེན་རིག་པ་ཞེས་བྱའོ། །གཞན་ཡང་འཇིག་རྟེན་རིག་པ་ནི་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ལ་འཇིག་རྟེན་རིག་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་གཟིགས་པའི་ཕྱིར་འཇིག་རྟེན་རིག་པ་ཞེས་བྱའོ། །རིགས་ཀྱི་བུ། དཔེར་ན། ཟས་ཀྱི་རྐྱེན་གྱིས་འཚོ་བར་འགྱུར་བས་ཟས་ལ་འཚོ་བ་ཞེས་བྱ་བ་དང་འདྲ་བར་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་གཟིགས་པས་འཇིག་རྟེན་རིག་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་ལྦ་ན་མེད་པ་ཞེ་ན། བླ་ན་ཡོད་པ་ནི་གཅོད་པའི་དོན་ཏེ། གཅད་དུ་མེད་པའི་ཕྱིར་བླ་ན་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཉོན་མོངས་པ་མི་མངའ་བའི་ཕྱིར་གཅད་དུ་མེད་དེ། དེ་བས་ན་སངས་རྒྱས་བཅོམ་
Ka429b
ལྡན་འདས་ནི་བླ་ན་མེད་པ་ཞེས་བྱའོ། །གཞན་ཡང་བླ་ན་མེད་པ་ཞེས་བྱ་བ་ནི་རྩོད་པ་དང་བཅས་པའོ། །བླ་ན་མེད་པ་ནི་རྩོད་པ་མེད་པ་སྟེ། དེ་བཞིན་གཤེགས་པ་ལ་རྩོད་པ་མེད་པས་སངས་རྒྱས་བཅོམ་ལྡན་འདས་ནི་བླ་ན་མེད་པའོ། །གཞན་ཡང་བླ་ན་ཡོད་པ་ཞེས་བྱ་བ་ནི་ཚིག་གིས་སུན་དབྱུང་དུ་རུང་བའོ། །བླ་ན་མེད་པ་ནི་ཚིག་གིས་སུན་དབྱུང་དུ་མི་རུང་བ་སྟེ། དེ་བཞིན་གཤེགས་པས་གསུངས་པ་ལ་སེམས་ཅན་ཐམས་ཅད་ཀྱིས་སུན་དབྱུང་དུ་མི་རུང་བས་ན་སངས་རྒྱས་བཅོམ་ལྡན་འདས་ནི་བླ་ན་མེད་པའོ། །གཞན་ཡང་བླ་ན་ཡོད་པ་ཞེས་བྱ་བ་ནི་བླ་ན་ཡོད་པའོ། །བླ་ན་མེད་པ་ཞེས་བྱ་བ་ནི་བླ་ན་མེད་པ་སྟེ། དུས་གསུམ་གྱི་སངས་རྒྱས་རྣམས་ལ་འདས་པ་མེད་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ནི་བླ་ན་མེད་པའོ། ། གཞན་ཡང་བླ་ན་ཡོད་པ་ཞེས་བྱ་བ་ནི་གསར་རྙིང་ངོ ། །སངས་རྒྱས་བཅོམ་ལྡན་འདས་ནི་ཡོངས་སུ་མྱ་ངན་ལས་འདས་པའི་ངོ་བོ་ཉིད་དུ་གྱུར་པས་གསར་རྙིང་ཞེས་བྱ་བ་མེད་དེ། སངས་རྒྱས་བཅོམ་ལྡན་འདས་ནི་བླ་ན་མེད་པ་ཞེས་བྱའོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ་ཞེ་ན། བདག་ཉིད་སྐྱེས་བུ་ཡིན་པས་སྐྱེས་བུ་གཞན་ཡང་འདུལ་ལོ། །རིགས་ཀྱི་བུ། དེ་བཞིང་གཤེགས་པ་ཞེས་བྱ་བ་ནི་ཡང་དག་པར་ན་སྐྱེས་བུ་མ་ཡིན། སྐྱེས་བུ་མ་ཡིན་པའང་མ་ཡིན་ཏེ། སྐྱེས་བུ་འདུལ་བའི་ཕྱིར་དེ་བཞིན་གཤེགས་པ་
Ka430a
༄#། །ནི་སྐྱེས་ ་ཞེས་བྱའོ། །རིགས་ཀྱི་བུ། སྐྱེས་པ་དང ། བུད་མེད་གང་ཡང་རུང ། ཆོས་རྣམ་པ་འདི་བཞི་དང་ལྡན་ན་སྐྱེས་བུ་ཞེས་བྱའོ། །བཞི་གང་ཞེ་ན། དགེ་བའི་བཤེས་གཉེན་ཚོལ་བ་དང ། ཆོས་ཉན་པ་དང ། དོན་སེམས་པ་དང ། སྨྲས་པ་བཞིན་དུ་སྤྱོད་པའོ། །རིགས་ཀྱི་བུ། ཆོས་རྣམ་པ་བཞི་པོ་འདི་དང་ལྡན་པའི་སྐྱེས་པའང་རུང ། བུད་མེད་ཀྱང་རུང་དེ་ནི་སྐྱེས་བུ་ཞེས་བྱའོ། །རིགས་ཀྱི་བུ། གལ་ཏེ་སྐྱེས་པ་ཡིན་ཡང་ཆོས་རྣམ་པ་འདི་བཞི་དང་མི་ལྡན་ན་སྐྱེས་བུ་ཞེས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེས་པའི་ལུས་ཡིན་མོད་ཀྱི།་སྤྱོད་པ་བྱོལ་སོང་དང་འདྲ་སྟེ། དེ་བཞིན་གཤེགས་པ་ནི་ཕོ་མོ་གཉིས་ཀ་འདུལ་བས་སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། དཔེར་ན། རྟའི་ཁ་ལོ་སྒྱུར་བ་ནི་རྣམ་པ་བཞི་སྟེ། སྤུ་ལ་རེག་པ་དང ། པགས་པ་ལ་རེག་པ་དང ། ཤ་ལ་རེག་པ་དང ། རུས་པ་ལ་རེག་པ་སྟེ། ཅི་ལ་རེག་པ་བཞིན་དུ་ཁ་ལོ་སྒྱུར་བའི་ཡིད་བཞིན་དུ་འགྲོའོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཆོས་རྣམ་པ་འདི་བཞིས་སེམས་ཅན་རྣམས་འདུལ་ལོ། །གང་ཞེ་ན། སྐྱེ་བ་བཤད་པས་སངས་རྒྱས་ཀྱི་བཀའ་བཞིན་བྱེད་པ་ནི། དཔེར་ན། སྤུ་ལ་རེག་པ་ཙམ་གྱིས་ཁ་ལོ་སྒྱུར་བའི་ཡིད་བཞིན་དུ་འགྲོ་བ་དང་འདྲ་སྟེ། གཅིག་གོ་།སྐྱེ་བ་དང ། རྒ་བའི་ཆོས་བསན་པས་སངས་རྒྱས་རྒྱས་ཀྱི་བཀའ་
Ka430b
བཞིན་དུ་བྱེད་པ་ནི། དཔེར་ན། སྤུ་དང་བགས་པ་ལ་རེག་པ་ཙམ་གྱིས་ཁ་ལོ་སྒྱུར་བ་ཡིད་བཞིན་དུ་འགྲོ་བ་དང་འདྲ་སྟེ་གཉིས་སོ། །སྐྱེ་བ་དང ། རྒ་བ་དང ། ན་བ་བསྟན་པས་སངས་ཀྱི་བཀའ་བཞིན་དུ་བྱེད་པ་ནི། དཔེར་ན། སྤུ་དང ། པགས་པ་དང ། ཤ་ལ་རེག་པས་ཁ་ལོ་སྒྱུར་བ་ཡིད་བཞིན་དུ་འགྲོ་བ་དང་འདྲ་སྟེ་གསུམ་མོ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། ཤི་བ་བསྟན་པས་སངས་རྒྱས་ཀྱི་བཀའ་བཞིན་དུ་བྱེད་པ་ནི། དཔེར་ན། སྤུ་དང ། པགས་པ་དང ། ཤ་དང ། རུས་པ་ལ་རེག་པས་ཁ་ལོ་སྒྱུར་བ་ཡིད་བཞིན་དུ་འགྲོར་བཏུབ་པ་དང་འདྲ་སྟེ་བཞིའོ། །རིགས་ཀྱི་བུ། རྟའི་ཁ་ལོ་སྒྱུར་བ་ནི་ངེས་པ་མ་ཡིན་གྱི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སེམས་ཅན་གདུལ་བ་ནི་ངེས་པ་སྟེ་མི་རྫུན་པས་ན་སངས་རྒྱས་བཅོམ་ལྡན་འདས་ནི་སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེ་ན། སྟོན་པ་ཞེས་བྱ་བ་ལ་རྣམ་པ་གཉིས་ཏེ། དགེ་བ་སྟོན་པ་དང ། སྡིག་པ་སྟོན་པའོ། །སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ནི་རྟག་ཏུ་དགེ་བའི་ཆོས་རྣམས་སེམས་ཅན་ལ་སྟོན་ཏོ། །དགེ་བའི་ཆོས་གང་དག་ཅེ་ན། ལུས་དང ། ངག་དང ། ཡིད་ཀྱི་སྒོ་ནས་དགེ་བའོ། །སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ལ་འདི་སྐད་ཅེས་སྟོན་ཏོ། །ཀྱེ།་རིགས་ཀྱི་བུ་དག། ལུས་མི་དགེ་བའི་ལས་ཡོངས་སུ་སྤང་
Ka431a
༄#། །བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལུས་མི་དགེ་བའི་ལས་ཡོངས་སུ་སྤངས་ན་རྣམ་པར་གྲོལ་བར་འགྱུར་རོ། །དེ་བས་ན་ཆོས་འདི་དག་ནི་ཁྱེད་ལ་སྟོན་གྱི། མི་དགེ་བའི་ལས་ཡོངས་སུ་མ་སྤངས་པས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་ཁྱེད་ལ་མི་སྟོན་ཏོ། །ཅི་སྟེ་སེམས་ཅན་རྣམས་སྡིག་པའི་ལས་ཡོངས་སུ་སྤངས་ན་ངན་སོང་གསུམ་དུ་ལྟུང་བར་འགྱུར་རོ་ཞེས་བྱ་བའི་གནས་མེད་དོ། །ཡོངས་སུ་སྤངས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ཅིང་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པར་འགྱུར་བ་ནི་གནས་ཡོད་དོ། །དེ་བས་ན་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ནི་རྟག་ཏུ་ཆོས་འདི་ཉིད་སེམས་ཅན་རྣམས་ལ་སྟོན་ཏེ། ངག་དང ། ཡིད་ཀྱང་དེ་བཞིན་དུ་རིག་པར་བྱའོ། །དེ་བས་ན་སངས་རྒྱས་བཅོམ་ལྡན་འདས་ནི་བླ་ན་མེད་པ་སྟོན་པའོ། །གཞན་ཡང་སྔོན་མ་ཐོབ་པ་ཐོབ་པར་གྱུར་ལ། ཐོབ་པ་རྣམས་སེམས་ཅན་ལ་སྟོན་པ་དང ། ཐོག་མ་ནས་ཚངས་པར་མ་སྤྱད་པ་ཚངས་པར་སྤྱོད་དེ། སྤྱོད་པ་རྣམས་ཀྱང་སེམས་ཅན་ལ་སྟོན་པ་དང ། བདག་ཉིད་མ་རིག་པ་བཅོམ་པས་སེམས་ཅན་གྱི་མ་རིག་པ་འཇོམས་པ་དང ། བདག་ཉིད་ཡོངས་སུ་དག་པའི་མིག་ཐོབ་པས་སེམས་ཅན་གྱི་ལྡོངས་པའི་རབ་རིབ་བསལ་ནས་ཡོངས་སུ་དག་པའི་མིག་ཐོབ་པར་བྱེད་པ་དང ། བདག་ཉིད་བདེན་པ་
Ka431b
གཉིས་ཤེས་པས་སེམས་ཅན་རྣམས་ལའང་བདེན་པ་གཉིས་སྟོན་པ་དང ། བདག་ཉིད་རྣམ་པར་གྲོལ་བས་སེམས་ཅན་རྣམས་ལ་རྣམ་པར་གྲོལ་བའི་ཆོས་སྟོན་པ་དང ། བདག་ཉིད་མཐའ་མེད་པའི་འཁོར་བའི་ཀླུང་ལས་བརྒལ་བས་སེམས་ཅན་ཐམས་ཅད་ཀྱང་དེ་ལ་སྒྲོལ་བ་དང ། བདག་ཉིད་འཇིགས་པ་མེད་པར་གྱུར་བས་སེམས་ཅན་རྣམས་ལ་འཇིགས་པ་མེད་པ་སྟོན་པ་དང ། བདག་ཉིད་ཡོངས་སུ་མྱ་ངན་ལས་འདས་པས་སེམས་ཅན་རྣམས་ལ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་སྟེ། དེའི་ཕྱིར་ན་སངས་རྒྱས་བཅོམ་ལྡན་འདས་ནི་བླ་ན་མེད་པ་སྟོན་པ་ཞེས་བྱའོ། །ལྷ་ཞེས་བྱ་བ་ནི་ཉིན་མོ་ཞེས་བྱ་སྟེ། ལྷ་རྣམས་ལ་ཉིན་རིང་མཚན་ཐུང་བས་ནི་ལྷ་ཞེས་བྱའོ། །གཞན་ཡང་ལྷ་ཞེས་བྱ་བ་ནི་མྱ་ངན་མེད་པ་སྟེ། རྟག་ཏུ་བདེ་བའི་ཕྱིར་ན་ལྷ་ཞེས་བྱའོ། །གཞན་ཡང་ལྷ་ཞེས་བྱ་བ་ནི་སྣང་བའི་སྒྲོན་མ་ཞེས་བྱའོ། །མུན་པ་བཅོམ་ནས་སྣང་བ་ཆེན་པོར་འགྱུར་བའི་ཕྱིར་ལྷ་ཞེས་བྱའོ། །གཞན་ཡང་སྡིག་པའི་ལས་ནག་པོ་བཅོམ་ནས་དགེ་བའི་ལས་དཀར་པོ་ཐོབ་སྟེ། ལྷར་སྐྱེ་བའི་ཕྱིར་ན་ལྷ་ཞེས་བྱའོ། །ལྷ་ནི་བཀྲ་ཤིས་པ་སྟེ། བཀྲ་ཤིས་པའི་ཕྱིར་ལྷ་ཞེས་བྱའོ། །གཞན་ཡང་ལྷ་ཞེས་བྱ་བ་ནི་ཉི་མ་སྟེ། ཉི་མ་ལ་འོད་ཡོད་པའི་ཕྱིར་ཉི་མ་ལ་ལྷ་ཞེས་བྱའོ། །དོན་དེ་ལྟ་བས་ན་ལྷ་ཞེས་བྱའོ། །མི་ཞེས་བྱ་བ་ནི་དོན་ལ་མང་དུ་སེམས་པའོ། །གཞན་ཡང་མི་ཞེས་
Ka432a
༄#། །བྱ་བ་ནི་ལུས་དང ། ངག་འཇམ་ཞིང་དེས་པའོ། །གཞན་ཡང་མི་ཞེས་བྱ་བ་ནི་ང་རྒྱལ་དང་བཅས་པའོ། །མི་ཞེས་བྱ་བ་ནི་ང་རྒྱལ་བཅོམ་པའོ། །རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ནི་སེམས་ཅན་ཐམས་ཅད་ཀྱི་བླ་ན་མེད་པའི་སྟོན་པ་ཡིན་མོད་ཀྱི། གསུང་རབ་ལས་ཀྱང་ལྷ་དང་མིའི་སྟོན་པ་ཞེས་འབྱུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་ནང་ན་ལྷ་དང་མི་འབའ་ཞིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནུས་ཤིང ། དགེ་བ་བཅུའི་ལས་བྱེད་ནུས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་དང ། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང ། ཕྱིར་མི་འོང་བའི་འབྲས་བུ་དང ། དགྲ་བཅོམ་པ་དང ། རང་སངས་རྒྱས་ཀྱི་འབྲས་བུ་དང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བས་དེའི་ཕྱིར་ན་སངས་རྒྱས་བཅོམ་ལྡན་འདས་ནི་ལྷ་དང་མིའི་སྟོན་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་སངས་རྒྱས་བྱ་ཤེ་ན། སངས་རྒྱས་ཞེས་བྱ་བ་ནི་ཚོར་བའི་དོན་ཏེ། བདག་ཀྱང་ཚོར་ལ་གཞན་ཡང་ཚོར་བར་བྱེད་དོ། །རིགས་ཀྱི་བུ། དཔེར་ན། མི་ཞིག་ཁྱིམ་དུ་རྐུན་པོ་འོང་བར་ཚོར་ན་རྐུན་པོས་མི་ཚུགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་ཚད་མེད་པའི་ཉོན་མོངས་པ་ཐམས་ཅད་ཚོར་ཏེ། དེ་ལྟར་ཚོར་བས་ན་ཉོན་མོངས་པ་ཐམས་ཅད་ཀྱིས་མི་
Ka432b
ཚུགས་སོ། །དེ་བས་ན་སངས་རྒྱས་ཞེས་བྱའོ། །དེ་ལྟར་ཚོར་བས་ན་མི་སྐྱེ། མི་རྒ། མི་ན། མི་འཆི་སྟེ། དེའི་ཕྱིར་ན་སངས་རྒྱས་ཞེས་བྱའོ། །དེ་ལ་ཇི་ལྟར་ན་བཅོམ་ལྡན་འདས་ཤེ་ན། བཅོམ་པ་ཞེས་བྱ་བ་ནི་བཅོམ་པའོ། །ལྡན་པ་ཞེས་བྱ་བ་ནི་ཉོན་མོངས་པའོ། །ཉོན་མོངས་པ་ཐམས་ཅད་བཅོམ་པའི་ཕྱིར་ན་བཅོམ་ལྡན་འདས་ཞེས་བྱའོ། །གཞན་ཡང་དགེ་བའི་ཆོས་ཐམས་ཅད་དང་ལྡན་པའི་ཕྱིར། ཆོས་རྣམས་ཀྱི་དོན་ལ་ཤིན་ཏུ་མཁས་པའི་ཕྱིར། ཡོན་ཏན་ཆེན་པོ་དང་ལྡན་པས་གཞན་གྱིས་མི་ཐུབ་པའི་ཕྱིར། གྲགས་པ་ཆེན་པོ་ཕྱོགས་བཅུར་གྲགས་པའི་ཕྱིར། སྦྱིན་པ་རྣམ་པ་སྣ་ཚོགས་བྱིན་པའི་ཕྱིར། བསྐལ་པ་ཚད་མེད་གྲངས་མེད་པའི་བར་དུ་བུད་མེད་ཀྱི་དབང་པོ་སྐྱུགས་པ་ལྟ་བུར་བོར་བའི་ཕྱིར་རོ། །རིགས་ཀྱི་བུ། གལ་ཏེ་སྐྱེས་པའམ་བུད་མེད་གང་ཞིག་གིས་དེ་ལྟར་སངས་རྒྱས་རྗེས་སུ་དྲན་པ་བསྒོམས་ན། འགྲོའམ་སྡོད་དམ། འདུག་གམ་ཉལ་ལམ། སྣང་ངམ་མུན་པར་གྱུར་ཀྱང ། ཉིན་མཚན་རྟག་ཏུ་སངས་རྒྱས་མཐོང་བ་དང་མི་འབྲལ་ལོ། །རིགས་ཀྱི་བུ། ཅིའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པ་ནས་བཅོམ་ལྡན་འདས་ཀྱི་བར་དུ་དེ་ལྟ་བུ་ཡོན་ཏན་ཚད་མེད་པ་དང ། གྲགས་པ་ཆེན་པོ་དང་ལྡན་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྔོན་བསྐལ་པ་ཚད་མེད་
Ka433a
༄#། །གྲངས་མེད་པའི་བར་དུ་ཕ་མ་དང ། མཁན་པོ་དང ། སློབ་དཔོན་དང ། བླ་མ་དང ། གོང་མ་རྣམས་ལ་རིམ་གྲོ་དང་བཀུར་སྟིར་བྱས། བསྐལ་པ་ཚད་མེད་པའི་བར་དུ་སེམས་ཅན་གྱི་ཕྱིར་སྦྱིན་པ་བྱིན་པ་དང ། ཚུལ་ཁྲིམས་བསྲུངས་པ་དང ། བཟོད་པ་བསྒོམས་པར་བྱས་པ་དང ། བརྩོན་འགྲུས་བརྩམས་པ་དང ། བསམ་གཏན་ལ་མཉམ་པར་བཞག་པ་དང ། ཤེས་རབ་ལ་ནན་ཏན་བྱས་པ་དང ། བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོ་དང ། དགའ་བ་ཆེན་པོ་དང ། བཏང་སྙོམས་ཆེན་པོ་ལ་ནན་ཏན་བྱས་པས་དེའི་ཕྱིར་མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུ་དང ། རྡོ་རྗེ་ལྟ་བུའི་སྐུ་ཐོབ་པར་གྱུར་ཏོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སྔོན་བསྐལ་པ་ཚད་མེད་གྲངས་མེད་པའི་བར་དུ་དད་པ་དང ། བརྩོན་འགྲུས་དང ། དྲན་པ་དང ། ཏིང་ངེ་འཛིན་དང ། ཤེས་རབ་ཀྱི་དབང་པོ་ལ་ནན་ཏན་བྱས་ཏེ། སློབ་དཔོན་དང ། བླ་མ་ལ་རིམ་གྲོ་དང་བཀུར་སྟིར་བྱས་ནས་དེའང་ཆོས་འདོད་པའི་ཕྱིར་གྱི། ཟས་དང་རྙེད་པ་འདོད་པའི་ཕྱིར་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔས་གལ་ཏེ་མདོ་སྡེ་བཅུ་གཉིས་བཟུང་ནས། གལ་ཏེ་ཀློག་གམ་འདོན་ཀྱང་རྟག་ཏུ་སེམས་ཅན་ཐམས་ཅད་རྣམ་པར་གྲོལ་བར་བྱ་བ་དང ། རབ་ཏུ་བདེ་བར་བྱ་བའི་ཕྱིར་གྱི། བདག་ཉིད་ཀྱི་ཕྱིར་ནི་མ་ཡིན་ནོ། །
Ka433b
ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་རྟག་ཏུ་འཇིག་རྟེན་ལས་འདས་པའི་སེམས་དང ། རབ་ཏུ་བྱུང་བའི་སེམས་དང ། འདུས་མ་བྱས་པའི་སེམས་དང ། རྩོད་པ་མེད་པའི་སེམས་དང ། དྲི་མ་མེད་པའི་སེམས་དང ། བཅིངས་པ་མེད་པའི་སེམས་དང ། ཆགས་པ་མེད་པའི་སེམས་དང ། སྒྲིབ་པ་མེད་པའི་སེམས་དང ། ལུང་མི་སྟོན་པ་མེད་པའི་སེམས་དང ། འཁོར་བ་མེད་པའི་སེམས་དང ། ཐེ་ཚོམ་གྱི་དྲ་བ་མེད་པའི་སེམས་དང ། འདོད་ཆགས་མེད་པའི་སེམས་དང ། ཞེ་སྡང་མེད་པའི་སེམས་དང ། གཏི་མུག་མེད་པའི་སེམས་དང ། ང་རྒྱལ་མེད་པའི་སེམས་དང ། རྙོག་པ་མེད་པའི་སེམས་དང ། ཉོན་མོངས་པ་མེད་པའི་སེམས་དང ། སྡུག་བསྔལ་མེད་པའི་སེམས་དང ། ཚད་མེད་པའི་སེམས་དང་རྒྱ་ཆེ་བའི་སེམས་དང ། ནམ་མཁའ་ལྟ་བུའི་སེམས་དང ། མེད་པའི་སེམས་དང ། མེད་པ་མ་ཡིན་པའི་སེམས་དང ། དུལ་བའི་སེམས་དང ། མི་སྐྱོ་བའི་སེམས་དང ། མི་འཆབ་པའི་སེམས་དང ། འཇིག་རྟེན་མ་ཡིན་པའི་སེམས་དང ། རྟག་ཏུ་ཏིང་ངེ་འཛིན་གྱི་སེམས་དང ། རྟག་ཏུ་ནན་ཏན་བྱེད་པའི་སེམས་དང ། རྟག་ཏུ་རྣམ་པར་གྲོལ་བའི་སེམས་དང ། རེ་བ་མེད་པའི་སེམས་དང ། སྨོན་པ་མེད་པའི་སེམས་དང ། ཤིན་ཏུ་སྨོན་པ་མེད་པའི་སེམས་དང ། སྨྲ་བ་མེད་པའི་སེམས་དང ། མཉེན་ཞིང་དེས་པའི་
Ka434a
༄#། །སེམས་དང ། མི་གནས་པའི་སེམས་དང ། དབང་སྒྱུར་བའི་སེམས་དང ། ཟག་པ་མེད་པའི་སེམས་དང ། དོན་དམ་པའི་སེམས་དང ། མི་ལྡོག་པའི་སེམས་དང ། མི་རྟོག་པའི་སེམས་དང ། ཡང་དག་པའི་སེམས་དང ། གཡོ་སྒྱུ་མེད་པའི་སེམས་དང ། དགེ་བའི་སེམས་དང ། ལྷག་ཆད་མེད་པའི་སེམས་དང ། བར་ཆད་མེད་པའི་སེམས་དང ། བུས་པ་ལྟ་བུ་མ་ཡིན་པའི་སེམས་དང ། ཉན་ཐོས་ལྟ་བུ་མ་ཡིན་པའི་སེམས་དང ། རང་སངས་རྒྱས་ལྟ་བུ་མ་ཡིན་པའི་སེམས་དང ། ཤིན་ཏུ་ཤེས་པའི་སེམས་དང ། ཁམས་ཤེས་པའི་སེམས་དང ། ཁམས་སྐྱེ་བ་ཤེས་པའི་སེམས་དང ། ཁམས་ལ་གནས་པ་ཤེས་པའི་སེམས་དང ། ཁམས་ལ་དབང་སྒྱུར་བ་ཤེས་པའི་སེམས་ཀྱིས་ནན་ཏན་བྱས་པས་ན། སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་དང ། རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཐོབ་པར་གྱུར་ཏོ། །དེ་བས་ན་དེ་བཞིན་གཤེགས་པ་ནས་བཅོམ་ལྡན་འདས་ཀྱི་བར་དུ་བཏགས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་རྗེས་སུ་དྲན་པ་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་
Ka434b
དཔའ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ལ་འདི་ལྟར་ཡིད་ལ་བྱེད་དོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ནི་མཆོག་ཏུ་གྱུར་པ། ཕུལ་དུ་གྱུར་པ་སྟེ། ཆོས་ཀྱིས་རྒྱུ་བྱས་པས་ན་སོ་སོའི་སྐྱེ་བོ་དག་ཀྱང་འབྲས་བུ་མངོན་སུམ་དུ་ཐོབ་པར་གྱུར་ཏོ། །དམ་པའི་ཆོས་འདི་འབའ་ཞིག་ནི་དུས་དང་ཚོད་མེད་དེ། ཆོས་ཀྱི་མིག་གིས་མཐོང་བ་ཡིན་གྱི། ཤའི་མིག་གིས་མཐོང་བ་མ་ཡིན་ནོ། །དཔེ་དང་ཟླས་ཀྱང་དཔེར་བྱ་བ་མ་ཡིན་ཏེ། མ་སྐྱེས་པ། མ་བྱུང་བ། མི་གནས་པ། མི་འགོག་པ། ཐོག་མ་མེད་པ། ཐ་མ་མེད་པ། འདུས་མ་བྱས་པ། བགྲང་དུ་མེད་པ། གནས་མེད་པ་རྣམས་ཀྱི་གནས་སུ་གྱུར་པ། རྟེན་མེད་པའི་རྟེན། སྣང་བ་མེད་པའི་སྣང་བ། ཕ་རོལ་ཏུ་མ་ཕྱིན་པ་རྣམས་ཕ་རོལ་ཏུ་སྒྲོལ་བ། དྲི་བསུང་མེད་པའི་དྲི་བསུང ། ཐོགས་པ་མེད་པ། བལྟར་མི་རུང་བར་མཐོང་བ། མི་གཡོ་བ། མི་འགྱུར་བ། མི་རིང་བ། མི་ཐུང་བ། བདེ་བ་ཡོངས་སུ་བཅད་ཀྱང་རབ་ཏུ་བདེ་བའི་མཐར་ཕྱིན་པ། གཟུགས་མ་ཡིན། གཟུགས་ཆད་པ་མ་ཡིན། གཟུགས་ཀྱང་མ་ཡིན་པ་ནས་རྣམ་པར་ཤེས་པ་མ་ཡིན་པ། རྣམ་པར་ཤེས་པ་ཆད་པ་མ་ཡིན།་རྣམ་པར་ཤེས་པའི་བར་དུའང་མ་ཡིན་པ། ལས་མ་ཡིན་པ། ལས་ཆད་པ། ལས་ཀྱང་མ་ཡིན་པ། ཉོན་མོངས་པ་མ་ཡིན། ཉོན་མོངས་པ་མ་བཅད་པ། ཉོན་མོངས་
Ka435a
༄#། །པའང་མ་ཡིན་པ། དངོས་པོ་མ་ཡིན། དངོས་པོ་བཅད་པ། དངོས་པོའང་མ་ཡིན་པ། ཁམས་མ་ཡིན། ཁམས་བཅད་པ། ཁམས་ཀྱང་མ་ཡིན་པ། སྲིད་པ་མ་ཡིན། སྲིད་པ་བཅད་པ། སྲིད་པའང་མ་ཡིན་པ། སྐྱེ་མཆེད་མ་ཡིན། སྐྱེ་མཆེད་བཅད་པ། སྐྱེ་མཆེད་ཀྱང་མ་ཡིན་པ། རྒྱུ་མ་ཡིན། རྒྱུ་བཅད་པ། རྒྱུའང་མ་ཡིན་པ། འབྲས་བུ་མ་ཡིན། འབྲས་བུ་བཅད་པ། འབྲས་བུའང་མ་ཡིན་པ། རྫུན་པ་མ་ཡིན། རྫུན་པ་ཐམས་ཅད་བཅད་པ། རྫུན་པའང་མ་ཡིན་པ། བདེན་པ་མ་ཡིན། བདེན་པ་ཐམས་ཅད་བཅད་པ། བདེན་པའང་མ་ཡིན་པ། སྐྱེ་བ་མ་ཡིན། འགོག་པ་མ་ཡིན། སྐྱེ་བ་དང་འགོག་པ་ཡོངས་སུ་བཅད་པ། འགོག་པའང་མ་ཡིན་པ། མཚན་མ་མ་ཡིན། མཚན་མ་མ་ཡིན་པའང་མ་ཡིན། མཚན་མ་ཐམས་ཅད་བཅད་པ། མཚན་མའང་མ་ཡིན་པ། སྟོན་པ་མ་ཡིན། མི་སྟོན་པ་མ་ཡིན་པའང་མ་ཡིན། སྟོན་པ་ཐམས་ཅད་བཅད་པ།་སྟོན་པའང་མ་ཡིན་པ། འཇིགས་པ་མ་ཡིན། བདེ་བ་མ་ཡིན། འཇིགས་པ་ཐམས་ཅད་བཅད་པ། བདེ་བའང་མ་ཡིན་པ། བཟོད་པའང་མ་ཡིན། མི་བཟོད་པ་མ་ཡིན།་མི་བཟོད་པ་ཐམས་ཅད་བཅད་པ། བཟོད་པའང་མ་ཡིན་པ། ཞི་གནས་མ་ཡིན། ཞི་གནས་མ་ཡིན་པའང་མ་ཡིན། ཞི་གནས་ཐམས་ཅད་བཅད་པ། ཞི་གནས་
Ka435b
ཀྱང་མ་ཡིན་པ། ཆོས་ཐམས་ཅད་ཀྱི་སྤྱི་བོར་ཕྱིན་པ། ཉོན་མོངས་པ་ཐམས་ཅད་ཡོངས་སུ་བཅད་པ། ཡོངས་སུ་དག་པ། མཚན་མ་མེད་པ། མཚན་མ་ལས་ཡོངས་སུ་གྲོལ་བ། སེམས་ཅན་ཚད་མེད་པའི་མཐར་ཕྱིན་པའི་གནས་སུ་གྱུར་པ། འཁོར་བའི་མེ་འབར་བ་ཐམས་ཅད་ཞི་བར་བྱེད་པ། སངས་རྒྱས་རྣམས་ཀྱི་རོལ་པའི་གནས། རྟག་པ་མི་འགྱུར་བའི་ཡིད་ལ་བྱེད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་ཆོས་རྗེས་སུ་དྲན་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་དགེ་འདུན་རྗེས་སུ་དྲན་པ་ཞེ་ན། སངས་རྒྱས་རྣམས་ཀྱི་འཕགས་པའི་དགེ་འདུན་ནི་ཆོས་བཞིན་དུ་གནས་པ། ཡང་དག་པའི་ཆོས་འཛིན་པ། རྗེས་སུ་རྣལ་འབྱོར་དུ་སྤྱོད་པ། བལྟར་མི་རུང་བ། གཟུང་དུ་མེད་པ། གཞིག་ཏུ་མེད་པ། གནོད་པ་བྱར་མི་རུང་བ། བསམ་གྱིས་མི་ཁྱབ་པ། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་དུ་གྱུར་པ། བསོད་ནམས་ཀྱི་ཞིང་དུ་གྱུར་ཀྱང་ལེན་པ་མེད་པ། ཡོངས་སུ་དག་པ། རྙོག་པ་མེད་པ། ཟག་པ་མེད་པ། འདུས་མ་བྱས་པ། ཡངས་པ། མཐའ་ཡས་པ། སེམས་ཤིན་ཏུ་དུལ་བ། མཉམ་སྙོམས་པ། གཉིས་སུ་མེད་པ། མྱ་ངན་མེད་པ། རྟག་པ་མི་འགྱུར་བ་སྟེ། དེ་ནི་དགེ་འདུན་རྗེས་སུ་དྲན་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་བསླབ་ཚིག་རྗེས་སུ་དྲན་པ་ཞེ་ན། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཡོད་པ་ཡིད་ལ་བྱས་པས་མི་འཇིགས་པ། མི་ཟག་
Ka436a
༄#། །པ།་མི་ཉམས་པ། མ་འདྲེས་པ། གཟུགས་མེད་དུ་ཟིན་ཀྱང་ཤིན་ཏུ་བསྲུང་བ། རེག་པའི་དངོས་པོ་མེད་ཀྱང་ཤིན་ཏུ་ཐབས་མཁས་པས་བསྙེན་པར་རྫོགས་པར་བྱེད་པ། ཉེས་པའི་སྐྱོན་མེད་པ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔགས་ཤིང་བསྟོད་པ། ཤིན་ཏུ་རྒྱས་པ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་རྒྱུར་གྱུར་པ། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ས་ཆེན་པོ་དང ། གྲུ་དང ། སེ་མོ་དོ་དང ། རི་ཆེན་པོ་དང ། རྒྱ་མཚོ་དང ། ཐལ་བའི་ཁུ་བ་དང ། ཁང་ཁྱིམ་དང ། རལ་གྲི་དང ། ཟམ་པ་དང ། སྨན་པ་མཁས་པ་དང ། སྨན་བཟང་པོ་དང ། བྱུག་པའི་སྨན་དང ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང ། རྐང་ལག་དང ། ཁ་མིག་དང ། ཕ་མ་དང ། གྲིབ་མ་ནི་ཅིས་ཀྱང་མི་འཕྲོགས་ཏེ། གནོད་པ་བྱར་མེད། མེས་བསྲེག་ཏུ་མེད། ཆུས་གཡེང་དུ་མེད། རི་མཐོན་པོ་ལ་འཛེག་པའི་ཐེམ་སྐས་ལྟ་བུ་སྟེ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིན་པོ་ཆེ་དམ་པའི་རྒྱལ་མཚན་ལྟ་བུའོ། །ཚུལ་ཁྲིམས་དེ་ལ་གནས་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པའི་སྐལ་པ་ང་ལའང་ཡོད་མོད་ཀྱི། ང་མི་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ན་རྒྱ་ཆེར་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་མི་ནུས་སོ། །གལ་ཏེ་ཚུལ་
Ka436b
ཁྲིམས་ལ་གནས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་སྐལ་པའང་ལ་ཡོད་དེ། དེ་ནི་ང་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ན་སེམས་ཅན་ཐམས་ཅད་ལ་དམ་པའི་ཆོས་རྒྱ་ཆེར་སྟོན་པར་འགྱུར་ཏེ། མགོན་སྐྱབས་སུ་འགྱུར་བས་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚུལ་ཁྲིམས་རྗེས་སུ་དྲན་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་སྦྱིན་པ་རྗེས་སུ་དྲན་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤིན་ཏུ་བརྟགས་ན་སྦྱིན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཡིན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྦྱིན་པ་དེ་ལ་ཤིན་ཏུ་བསྙེན་ཏེ་ནན་ཏན་བྱེད་པས་བདག་ཀྱང་དེ་ལ་བསྙེན་ཏེ་ནན་ཏན་བྱའོ། །གལ་ཏེ་སྦྱིན་པ་མ་བྱས་ན་འཁོར་རྣམ་བཞིའི་རྒྱན་དུ་མི་འགྱུར་རོ། །སྦྱིན་པ་བྱས་པས་ཀུན་ནས་ཉོན་མོངས་པ་ཡོངས་སུ་མ་ཆོད་ཀྱང་ད་ལྟར་གྱི་ཉོན་མོངས་པ་འཇོམས་པར་འགྱུར་རོ། །སྦྱིན་པ་བྱས་པ་དེའི་རྒྱུ་དང ། དེའི་རྐྱེན་གྱིས་རྟག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་མཐའ་ཡས་པའི་ཀླུང་གངྒཱའི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ཀྱིས་བསྔགས་ཤིང་བསྟོད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ལ་ཟས་བྱིན་པ་ནི་འཚོ་བ་བྱིན་པ་སྟེ། དེའི་
Ka437a
༄#། །འབྲས་བུས་མངོན་པར་སངས་རྒྱས་པ་ན་རྟག་པ་མི་འཕོ་བའི་གནས་སུ་འགྱུར་རོ། །བདེ་བ་བྱིན་པས་ནི་མངོན་པར་སངས་རྒྱས་པ་ན་ཤིན་ཏུ་བདེ་བ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སྦྱིན་པ་བྱིན་པ་ན་ཆོས་བཞིན་དུ་རྙེད་པ་ཡིན་གྱི། གཞན་ལ་གནོད་པ་མ་ཡིན་པས་མངོན་པར་སངས་རྒྱས་པ་ན་ཡོངས་སུ་དག་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སྦྱིན་པ་བྱིན་པ་ན་སེམས་ཅན་རྣམས་ཀྱི་ཆེད་དུ་མ་བསླངས་པར་ཐོབ་པས་མངོན་པར་སངས་རྒྱས་པ་ན་དབང་སྒྱུར་བའི་བདག་ཅེས་བྱ་བ་ཐོབ་པར་འགྱུར་རོ། །སྦྱིན་པ་བྱིན་པའི་རྐྱེན་གྱིས་ཕ་རོལ་པོ་མཐུ་དང་ལྡན་པར་གྱུར་པས་མངོན་པར་སངས་རྒྱས་པ་ན་སྟོབས་བཅུ་ཐོབ་པར་འགྱུར་རོ། །སྦྱིན་པ་བྱིན་པའི་རྐྱེན་གྱིས་ཕ་རོལ་པོ་སྨྲ་བའི་སྤོབས་པ་དང་ལྡན་པར་འགྱུར་བས་མངོན་པར་སངས་རྒྱས་པ་ན་ཡང་དག་པར་སོ་སོར་ཤེས་པ་བཞི་ཐོབ་པར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྦྱིན་པ་བྱིན་པས་ཡོངས་སུ་མྱ་ངན་ལས་འདས་པའི་རྒྱུར་འགྱུར་ཏེ། དེ་བས་ན་བདག་ཀྱང་སྦྱིན་པ་ལ་ནན་ཏན་བྱས་ཏེ་མྱ་ངན་ལས་འདས་པའི་རྒྱུར་འགྱུར་བར་བྱའོ། །རྒྱས་པར་ནི་མེ་ཏོག་སྣ་ཚོགས་ཞེས་བྱ་བའི་ནང་ནས་འཆད་དོ། །དེ་ལ་ཇི་ལྟར་ན་ལྷ་རྗེས་སུ་དྲན་པ་ཞེ་ན། རྒྱལ་ཆེན་རིས་བཞིའི་གནས་
Ka437b
ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟེང་གི་གནས་ཡོད་དེ། གང་ཞིག་རྒྱལ་ཆེན་རིས་བཞིའི་ལྷ་ལ་དད་པ་དེ་ལའང་སྐལ་པ་ཡོད་དེ། གང་ཞིག་མང་དུ་ཐོས་པ་དང ། སྦྱིན་པ་དང ། ཤེས་རབ་ཀྱིས་རྒྱལ་ཆེན་རིས་བཞིའི་ལྷ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟེང་གི་བར་དུ་བདག་ལའང་སྐལ་པ་ཡོད་མོད་ཀྱི། བདག་འདོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེན། རྒྱལ་ཆེན་རིས་བཞིའི་ལྷ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟེང་གི་བར་དུ་ཐམས་ཅད་ཀྱང་མི་རྟག་པའོ། །མི་རྟག་པ་ཡིན་པས་ན་སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་སྟེ། དེ་བས་ན་བདག་འདོད་པ་མ་ཡིན་ནོ། །འདི་ལྟ་སྟེ། དཔེར་ན། སྒྱུ་མ་ནི་སྐྱེ་བོ་གླེན་པ་དག་སླུ་བ་ཡིན་ཏེ། མཁས་པ་ཤེས་རབ་ཅན་ནི་ཆགས་པའམ་སླུ་བར་མི་འགྱུར་རོ། །སྒྱུ་མ་ནི་རྒྱལ་ཆེན་རིས་བཞིའི་གནས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྟེང་ལྟ་བུའོ། །གླེན་པ་ནི་བྱིས་པ་མ་རབས་ཐམས་ཅད་ལྟ་བུ་སྟེ།་བདག་ནི་སོ་སོའི་སྐྱེ་བོ་གླེན་པ་དང་མི་འདྲའོ། །བདག་གིས་སྔོན་ཐོས་ན་དོན་དམ་པའི་ལྷ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནི་རྟག་པ། མི་འགྱུར་བ། མི་སྐྱེ་བ། མི་རྒ་བ། མི་ན་བ། མི་འཆི་བ་ཡིན་ཏེ། བདག་ནི་སེམས་ཅན་ཐམས་ཅད་ཀྱི་ཕྱིར་དོན་དམ་པའི་ལྷ་ཚོལ་ལོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པའི་ལྷས་ནི་སེམས་ཅན་བདག་གི་ཉོན་མོངས་
Ka438a
༄#། །པ་ཡོངས་སུ་གཅོད་དེ། དཔེར་ན། ཡིད་བཞིན་གྱི་ཤིང་ལྟ་བུའོ། །ཅི་སྟེ་བདག་ལ་དད་པ་ནས་ཤེས་རབ་ཀྱི་བར་དུ་ཡོད་ན་དོན་དམ་པའི་ལྷ་ཐོབ་པར་འགྱུར་ཏེ། སེམས་ཅན་ཐམས་ཅད་ལའང་དོན་དམ་པའི་ལྷ་རྒྱས་པར་སྟོན་ཅིང་འཆད་པར་འགྱུར་རོ། །དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལྷ་རྗེས་སུ་དྲན་པ་ཞེས་བྱའོ། ། རིགས་ཀྱི་བུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆེན་པོ་འཇིག་རྟེན་པ་མ་ཡིན་གྱི། འཇིག་རྟེན་པས་ནི་མི་ཤེས། མི་མཐོང ། མི་རྟོགས་པ་སྟེ། བྱང་ཆུབ་སེམས་དཔས་ཤེས་པ།་མཐོང་བ། རྟོགས་པ་ཞེས་བྱའོ། །རིགས་ཀྱི་བུ། གལ་ཏེ་ངའི་ཉེ་གནས་ལས་མདོ་སྡེ་བཅུ་གཉིས་ཀློག་པ་དང ། འདོན་པ་དང ། འཆང་བ་དང ། འཛིན་པ་དང ། གླེགས་བམ་དུ་འདྲི་བ་དང ། གཞན་དག་ལ་རྒྱ་ཆེ་བར་སྟོན་ཅིང་འཆད་པ་དང ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདོན་པ་དང ། ཀློག་པ་དང ། འཆང་བ་དང ། འཛིན་པ་དང ། གླེགས་བམ་དུ་འདྲི་བ་དང ། གཞན་དག་ལའང་རྒྱས་པར་སྟོན་ཅིང་འཆད་པར་འདྲའོ་ཞེས་བྱ་བ་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ནི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་དགོངས་པའི་དོན་ཟབ་མོའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་པའི་དོན་
Ka438b
ཟབ་མོ་ཡིན་པས་ན་མཆོག་ཏུ་གྱུར་པ་ཡིན་ནོ། །རིགས་ཀྱི་བུ། དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ནི་ངོ་མཚར་རྨད་དུ་ཆེ་བ་སྟེ། བསམ་གྱིས་མི་ཁྱབ་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཀྱང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་ནི་ངོ་མཚར་རྨད་དུ་ཆེ་བ་སྟེ། བསམ་གྱིས་མི་ཁྱབ་བོ་སྙམ་དུ་བགྱིད་དོ། །སངས་རྒྱས་དང ། ཆོས་དང ། དགེ་འདུན་ཡང་བསམ་གྱིས་མི་ཁྱབ། བྱང་ཆུབ་སེམས་དཔའི་བྱང་ཆུབ་དང ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོའང་བསམ་གྱིས་མི་ཁྱབ་བོ་སྙམ་བགྱིད་དོ། །བཅོམ་ལྡན་འདས། དོན་ཅི་ཞིག་གི་སླད་དུ་བྱང་ཆུབ་སེམས་དཔའ་ཡང་བསམ་གྱིས་མི་ཁྱབ་བོ་ཞེས་གསུངས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སུས་ཀྱང་མ་བསྟན་པར་རང་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ལྟར་སེམས་བསྐྱེད་ནས་ཤིན་ཏུ་བརྩོན་འགྲུས་རྩོམ་པས་གལ་ཏེ་མེ་ཆེན་པོས་ལུས་དང ། མགོ་ཚིག་ཀྱང་ཆོས་རྗེས་སུ་དྲན་པ་བཏང་སྟེ། མི་གསོད་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་འདི་སྙམ་དུ་སེམས་ཏེ། བདག་བསྐལ་པ་གྲངས་མེད་ཚད་མེད་པའི་བར་དུ་སེམས་ཅན་དམྱལ་བ་དང ། ཡི་དྭགས་དང ། བྱོལ་སོང་
Ka439a
༄#། །གི་སྐྱེ་གནས་དང ། ལྷ་དང ། མིར་འཁོར་ཏེ། ཀུན་ནས་ཉོན་མོངས་པའི་མེས་ཚིག་པར་གྱུར་ཀྱང་གདོན་མི་ཟ་བར་ངེས་པའི་ཆོས་གཅིག་ཙམ་ཡང་མཐོབ་བོ། །ངེས་པའི་ཆོས་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་ལུས་དང་སྲོག་ལ་ཅུང་ཟད་ཀྱང་ཕངས་པར་མི་བྱེད་དོ། །བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་ལུས་འདི་རྡུལ་དུ་ཞིབ་མོར་བཏགས་ཀྱང་བརྩོན་འགྲུས་རྩོམ་པ་མི་གཏོང་ངོ། །དེ་ཅིའི་ཕྱིར་ཞེ་ན། བརྩོན་འགྲུས་ཀྱི་སེམས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་རོ། །རིགས་ཀྱི་བུ། དེ་ལྟར་བྱང་ཆུབ་སེམས་དཔས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་མཐོང་བར་ལུས་དང་སྲོག་ཀྱང་མི་ཕངས་ན་མཐོང་བ་ལྟ་ཅི་སྨོས་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་ནི་བསམ་གྱིས་མི་ཁྱབ་པའོ། །གཞན་ཡང་བསམས་གྱིས་མི་ཁྱབ་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཁོར་བའི་སྐྱོན་ཚད་མེད་པ་མཐོང་བ་ནི། ཉན་ཐོས་དང ། རང་སངས་རྒྱས་ཀྱིས་རྟོགས་པ་མ་ཡིན་ཏེ། དེ་ལྟར་འཁོར་བའི་སྐྱོན་ཚད་མེད་པ་མཐོང་ཡང་སེམས་ཅན་གྱི་ཕྱིར་སྡུག་བསྔལ་ཡང་ཡོངས་སུ་མྱོང་བ་ལ་སྐྱོ་བར་མི་བྱེད་དེ། དེ་བས་
Ka439b
ན་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་གྱི་ཕྱིར་སེམས་ཅན་དམྱལ་བ་ན་སྡུག་བསྔལ་མང་པོ་མྱོང་ཡང་བསམ་གཏན་གསུམ་པའི་བདེ་བ་དང་འདྲ་སྟེ། དེ་བས་ན་བསམ་གྱིས་མི་ཁྱབ་བོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཁྱིམ་བདག་ཅིག་ཁྱིམ་དུ་མེ་ཤོར་ན་ཁྱིམ་དེ་ནས་ཕྱིར་རོལ་ཏུ་འབྱུང་ངོ ། །ཇི་སྟེ་ཁྱིམ་བདག་དེའི་བུ་རྣམས་ཁྱིམ་གྱི་ནང་དུ་ལུས་ཏེ་མེ་ལས་མཐར་ན། ཁྱིམ་བདག་དེ་དེའི་ཚེ་ན་གདོན་མི་ཟ་བར་མེས་ཚིག་པར་འགྱུར་བར་ཤེས་ཀྱང་བུ་རྣམས་གདོན་པའི་ཕྱིར་དེའི་ནང་དུ་འཇུག་གོ་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། འཁོར་བ་ན་ཉེས་པའི་སྐྱོན་མང་པོ་ཡོད་པར་ཤེས་ཀྱང་སེམས་ཅན་གྱི་ཕྱིར་འཁོར་བ་ན་གནས་པ་ལ་མི་སྐྱོ་སྟེ། དེ་བས་ན་བསམ་གྱིས་མི་ཁྱབ་བོ། །རིགས་ཀྱི་བུ། སེམས་ཅན་ཚད་མེད་པ་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཀྱང་འཁོར་བའི་སྐྱོན་མང་པོ་མཐོང་བས་སེམས་དེ་ལས་ཕྱིར་ལྡོག་སྟེ། ལ་ལ་ནི་ཉན་ཐོས་སུ་འགྱུར། ལ་ལ་ནི་རང་སངས་རྒྱས་སུ་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་མདོ་སྡེ་འདི་ཐོས་ན་བྱང་ཆུབ་ཀྱི་སེམས་ལས་ཕྱིར་མི་ལྡོག་གོ་།ཉན་ཐོས་དང ། རང་སངས་རྒྱས་སུ་འགྱུར་མི་སྲིད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེས་མི་གཡོ་བའི་ས་དང་པོ་མ་ཐོབ་ཀྱང ། སེམས་ཤིན་ཏུ་བརྟན་པར་འགྱུར་
Ka440a
༄#། །ཏེ།་ཕྱིར་མི་ལྡོག་པས་ན་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །རིགས་ཀྱི་བུ། གལ་ཏེ་མི་ཞིག་འདི་སྐད་དུ་བདག་ནི་རྒྱ་མཚོ་ཆེན་པོ་འདི་ལ་རྐྱལ་ཏེ་རྒྱལ་ནུས་སོ་ཞེས་སྨྲ་ན། ཚིག་དེ་བསམ་གྱིས་མི་ཁྱབ་པ་ཡིན་ནམ། བཅོམ་ལྡན་འདས། དེ་སྐད་ཅེས་སྨྲ་བའི་ཚིག་དེ་ནི་བསམ་གྱིས་ཁྱབ་པའང་ལགས་ལ། བསམ་གྱིས་མི་ཁྱབ་པའང་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གལ་ཏེ་མི་ཞིག་གིས་རྐྱལ་ཏེ་ཕ་རོལ་ཏུ་ཕྱིན་ན་དེ་ནི་བསམ་གྱིས་མི་ཁྱབ་བོ། །གལ་ཏེ་ལྷ་མ་ཡིན་ཞིག་རྐྱལ་ཏེ་ཕ་རོལ་ཏུ་ཕྱིན་ན་བསམ་གྱིས་ཁྱབ་པ་ལགས་སོ། །རིགས་ཀྱི་བུ། སྐབས་འདིར་ནི་མི་འབའ་ཞིག་ལ་བྱའི། །ལྷ་མ་ཡིན་ནི་མ་ཡིན་ནོ། །བཅོམ་ལྡན་འདས། མིའི་ནང་ནའང་བསམ་གྱིས་མི་ཁྱབ་པ་དང ། བསམ་གྱིས་ཁྱབ་པ་མཆིས་སོ། །བཅོམ་ལྡན་འདས། མི་ལའང་རྣམ་པ་གཉིས་ཏེ། འཕགས་པ་དང ། བྱིས་པ་མ་རབས་སོ། །བྱིས་པ་མ་རབས་ལ་བགྱི་ན་ནི་བསམ་གྱིས་མི་ཁྱབ་པ་མ་ལགས་སོ། །འཕགས་པ་ལ་བགྱི་ན་བསམ་གྱིས་ཁྱབ་བོ། །རིགས་ཀྱི་བུ། སྐབས་འདིར་ནི་ངས་བུས་པ་མ་རབས་ལ་བྱའི། །འཕགས་པ་ལ་ནི་མ་ཡིན་ནོ། །བཅོམ་ལྡན་འདས། ཅི་སྟེ་བུས་པ་མ་རབས་ལ་བགྱི་ན་བསམ་གྱིས་མི་ཁྱབ་པ་ལགས་སོ། །རིགས་ཀྱི་བུ། བུས་པ་མ་རབས་ཀྱིས་ནི་ཡང་དག་པར་ན་རྒྱ་མཚོ་ཆེན་པོ་ལ་རྐྱལ་ཏེ་ཕ་
Ka440b
རོལ་ཏུ་མི་ཕྱིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཡང་དག་པར་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་ཏེ། དེ་བས་ན་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །རིགས་ཀྱི་བུ།་ཅི་སྟེ་ལ་ལ་ཞིག་གིས་པདྨའི་རྩ་བའི་ཉག་མས་རི་རབ་ལྷུན་པོ་བཏེག་སྟེ་ནམ་མཁའ་ལས་དབྱངས་ན། དེ་བསམ་གྱིས་མི་ཁྱབ་པ་ཡིན་ནམ། གསོལ་པ། མ་ལགས་སོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་འཁོར་བ་ཐམས་ཅད་འཇལ་དཔོག་པ་ནི་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསྐལ་པ་ཚད་མེད་གྲངས་མེད་པའི་བར་དུ་འཁོར་བ་ལ་མི་རྟག་པ་དང ། བདག་མེད་པ་དང ། བདེ་བ་མེད་པ་དང ། ཡོངས་སུ་མ་དག་པར་རྟོགས་པས་སེམས་ཅན་རྣམས་ལ་རྟག་པ་དང ། བདེ་བ་དང ། བདག་ཡོད་པ་དང ། ཡོངས་སུ་དགེ་བ་རྒྱས་པར་འཆད་ཅིང་སྟོན་ཏེ། དེ་ལྟར་སྟོན་ཅིང་འཆད་ཀྱང་ངན་པར་ལྟ་བ་མ་ཡིན་པས་ན་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །རིགས་ཀྱི་བུ། དཔེར་ན། ལ་ལ་ཞིག་ཆུར་མཆོངས་ཀྱང་ཆུས་མི་ཁྱེར་ལ། མེ་ཆེན་པོར་མཆོངས་ཀྱང་མེས་མི་ཚིག་ན། དེ་ནི་བསམ་གྱིས་མི་ཁྱབ་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་བར་འཁོར་བའ་
Ka441a
༄#། །ནང་དུ་གནས་ཀྱང་འཁོར་བས་གནོད་པར་མི་འགྱུར་བས་ན་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། མི་ལ་རྣམ་པ་གསུམ་སྟེ།་རབ་དང ། འབྲིང་དང ། ཐ་མའོ། །དེ་ལ་མིའི་ནང་ན་ཐ་མ་ནི་མངལ་ན་འདུག་པའི་ཚེ་འདི་སྙམ་དུ། བདག་ནི་ཕྱི་ས་ཁུང་ངམ། མི་གཙང་བའི་གནས་སམ། མི་རོའི་ནང་ངམ། ཚེར་ཕུང་གི་སྟེང་ངམ། མུན་པའི་ནང་ན་གནས་སོ་སྙམ་སེམས་སོ། །མངལ་ནས་བྱུང་བའི་ཚེའང་ད་ནི་བདག་གི་ཕྱི་ས་ཁུང་ངམ། མི་གཙང་བའི་གནས་སམ། མུན་ནག་ཆེན་པོའི་གནས་ལས་བྱུང་ངོ་སྙམ་སེམས་སོ། །དེ་ལ་མིའི་ནང་ན་འབྲིང་ནི་མངལ་ན་འདུག་པའི་ཚེ་འདི་སྙམ་དུ་བདག་ནི་སྐྱེད་ཤིང་གི་ཚལ་ལམ། ཆུ་གཙང་མའི་ནང་ངམ། ཁང་ཁྱིམ་བཟང་པོའི་ནང་ན་འདུག་གོ་སྙམ་སེམས་ཏེ། བྱུང་བའི་ཚེའང་དེ་སྙམ་དུ་སེམས་སོ། །དེ་ལ་མིའི་ནང་ན་རབ་ནི་མངལ་ན་འདུག་པའི་ཚེ་ཡང་འདི་སྙམ་དུ་བདག་ནི་ཡང་ཐོག་བཟང་པོའམ། སྐྱེད་མོས་ཚལ་ལམ། རྟའམ། བ་གླང་ངམ། གླང་པོ་ཆེ་ལ་ཞོན་ཏེ་རི་མཐོན་པོ་ལ་འཛེག་གོ་སྙམ་སྟེ། བྱུང་བའི་ཚེའང་དེ་སྙམ་དུ་སེམས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཐོག་མ་མངལ་དུ་འཇུག་པ་ནའང་འཇུག་པར་ཤེས། མངལ་ན་གནས་པའི་ཚེའང་གནས་པར་ཤེས། ཕྱིར་བྱུང་བའི་ཚེའང་
Ka441b
བྱུང་བར་ཤེས་ཏེ། འདོད་ཆགས་དང་ཞེ་སྡང་གི་སེམས་ནམ་དུའང་མི་འབྱུང་མོད་ཀྱི། ས་ལ་གནས་པ་མ་ཡིན་པས་ན་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །རིགས་ཀྱི་བུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་དཔེར་བྱར་མེད་དོ། །རིགས་ཀྱི་བུ། སེམས་ཀྱང་ཕྱོགས་དང་དཔེ་བསྒྲུན་ཅིང་བརྗོད་སླ་བ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྟོན་པའི་སློབ་དཔོན་དང ། སློབ་མའི་གནས་མེད་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཏོ། །དེ་ལྟར་ཆོས་དེ་དག་ཐོས་ནས་འཇུངས་པ་མེད་པའི་སེམས་ཀྱིས་རྟག་ཏུ་སེམས་ཅན་ལ་སྟོན་ཅིང་འཆད་པས་ན། དེའི་ཕྱིར་ཡང་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལུས་ཀྱིས་ཡོངས་སུ་སྤོང་ལ་ངག་གིས་མ་ཡིན་པའང་ཡོད། ངག་གིས་ཡོངས་སུ་སྤོང་ལ་ལུས་ཀྱིས་མ་ཡིན་པའང་ཡོད། ལུས་དང་ངག་མ་ཡིན་པས་ཡོངས་སུ་སྤོང་བའང་ཡོད་དོ། །ལུས་ཀྱིས་ཡོངས་སུ་སྤོང་བ་ཞེས་བྱ་བ་ནི་སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། མི་ཚངས་པར་སྤྱོད་པ་སྟེ། ངག་གིས་མ་ཡིན། ངག་གིས་ཡོངས་སུ་སྤོང་བ་ནི་བརྫུན་དུ་སྨྲ་བ་དང ། ཕྲ་མ་དང ། ངག་རྩུབ་པོ་སྨྲ་བ་དང ། ཚིག་ཐུན་ཚགས་སྨྲ་བ་སྟེ། ངག་གིས་ཡོངས་སུ་སྤོང་བ་ཡིན་གྱི། ལུས་ཀྱིས་མ་ཡིན། ལུས་དང་ངག་མ་ཡིན་
Ka442a
༄#། །པས་ཡོངས་སུ་སྤོང་བ་ནི་འདོད་ཆགས་དང ། ཞེ་སྡང་དང ། ངན་པར་ལྟ་བའོ། །རིགས་ཀྱི་བུ། དེ་ནི་ལུས་ཀྱང་མ་ཡིན། ངག་ཀྱང་མ་ཡིན་པ་ཡོངས་སུ་སྤོང་བ་ཞེས་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་གཅིག་ཙམ་ལའང་ལུས་ཀྱིས་སམ། ལས་ཀྱིས་སམ། བདག་པོས་ཡོངས་སུ་སྤོང་བར་མི་ལྟ་སྟེ། ཡོངས་སུ་སྤོང་བའང་ཡོད་པས་དེའི་ཕྱིར་ཡང་བསམ་གྱིས་མི་ཁྱབ་པ་ཞེས་བྱ་སྟེ། ངག་ཀྱང་དེ་བཞིན་དུ་རིག་པར་བྱའོ། །རིགས་ཀྱི་བུ། ལུས་ལས་ལུས་ཀྱིས་སྤོང་བ་དང ། ངག་ལས་ངག་གིས་སྤོང་བ་སྟེ། ཤེས་རབ་ཀྱིས་ཡོངས་སུ་སྤོང་བ་ནི་ལུས་ཀྱིས་མ་ཡིན། ངག་གིས་མ་ཡིན་ནོ། །རིགས་ཀྱི་བུ། ཡང་དག་པར་ན་ཤེས་རབ་འདི་དག་ནི་བྱང་ཆུབ་སེམས་དཔས་སྤོང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། ཆོས་གཅིག་ཙམ་ཡང་འཇིག་པའམ། བྱས་པ་མེད་དེ། འདུས་བྱས་པའི་ཆོས་ཉིད་ནི་ཐ་དད་པས་སྐྱེ་ལ་ཐ་དད་པས་འགོག་སྟེ། དེའི་ཕྱིར་ཤེས་རབ་འདི་ནི་ཡོངས་སུ་སྤོང་བར་མི་འགྱུར་རོ། །རིགས་ཀྱི་བུ། ཤེས་རབ་ཀྱིས་འཇིག་པར་མི་ནུས། མེས་ཚིག་པར་མི་ནུས། ཆུས་འདྲུལ་བར་མི་ནུས། རླུང་གིས་ཁྱེར་བར་མི་ནུས། སྲས་འཛིན་པར་མི་ནུས། སྐྱེ་བས་བསྐྱེད་པར་མི་ནུས། རྒ་བས་རྒས་པར་མི་ནུས། གནས་པས་གནས་
Ka442b
པར་མི་ནུས། འཇིག་པས་འཇིག་པར་མི་ནུས། འདོད་པས་འདོད་པར་མི་ནུས། ཞེ་སྡང་བས་ཞེ་སྡང་བར་མི་ནུས། གཏི་མུག་པས་རྨུགས་པར་མི་ནུས་ཏེ། འདུས་བྱས་ཀྱི་རང་བཞིན་གྱིས་ཐ་དད་པས་སྐྱེ་ཞིང་ཐ་དད་པས་འགོག་གོ་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྙམ་དུ་བདག་གི་ཤེས་རབ་འདིས་ཉོན་མོངས་པ་ཐམས་ཅད་བཅོམ་མོ་སྙམ་མི་སེམས་ཏེ། བདག་གིས་ཉོན་མོངས་པ་ཐམས་ཅད་བཅོམ་མོ་ཞེས་སྨྲའོ། །ཅི་སྟེ་དེ་སྐད་ཅེས་སྨྲས་ཀྱང་བརྫུན་དུ་སྨྲ་བ་མ་ཡིན་ཏེ། དེ་བས་ན་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ།། །། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་རྩ་ལྔ་པ། དེ་ནས་འོད་སྲུང་གིས་ཡང་བཅོམ་ལྡན་འདས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་དེང་གདོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དང ། སངས་རྒྱས་དང ། ཆོས་དང ། དགེ་འདུན་དང ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་དང ། དེ་གཟུངས་སུ་འཛིན་པ་དང ། བྱང་ཆུབ་དང ། མྱ་ངན་ལས་འདས་པ་བསམ་གྱིས་མི་ཁྱབ་པར་འཚལ་ཏོ། །བཅོམ་ལྡན་འདས། བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་ཇི་ཙམ་གྱི་བར་དུ་གནས། ཇི་ཙམ་ན་ནུབ་པར་འགྱུར། རིགས་ཀྱི་བུ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་སྤྱོད་པ་རྣམ་པ་ལྔ་ཡོད་དེ། འདི་ལྟ་སྟེ།
Ka443a
༄#། །འཕགས་པའི་སྤྱོད་པ་དང ། ཚངས་པའི་སྤྱོད་པ་དང ། ལྷའི་སྤྱོད་པ་དང ། ན་བའི་སྤྱོད་པ་དང ། བུས་པའི་སྤྱོད་པའོ། །གལ་ཏེ་ངའི་ཉེ་གནས་རྣམས་ལས་གང་གཟུངས་སུ་འཛིན་ཅིང་ཀློག་པ་དང ། འདོན་པ་དང ། ཡི་གེར་འདྲི་བ་དང ། དོན་དགྲོལ་བར་བྱེད་ཅིང་སེམས་ཅན་རྣམས་བསྟི་སྟང་དང ། བཀུར་སྟི་དང ། རིམ་གྲོ་དང ། བསྔགས་པ་དང ། མཆོད་པ་རྣམ་པ་སྣ་ཚོགས་ཀྱིས་མཆོད་པར་ནུས་ན། དེའི་ཚེ་སངས་རྒྱས་ཀྱི་ཆོས་ནུབ་པ་མ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། གལ་ཏེ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་རྒྱས་པར་སྤེལ་ལ་དེའི་དུས་ན་ངའི་ཉེ་གནས་རྣམས་ཚུལ་ཁྲིམས་སྡོམ་པ་བཤིག་པ་མང་ལ། མི་དགེ་བ་མང་དུ་བྱེད་དེ། མདོ་སྡེ་འདི་ལ་དད་པར་མི་བྱེད། དེ་ལྟར་མ་དད་པའི་ཕྱིར་འཛིན་པ་དང ། ཀློག་པ་དང ། འདོན་པ་དང ། ཡི་གེར་འདྲི་བ་དང ། དོན་དགྲོལ་བར་མི་བྱེད་དོ། །སྐྱེ་བོ་མང་པོ་བཀུར་སྟི་དང་མཆོད་པའི་བར་དུ་བྱེད་པར་མི་འགྱུར་ལ། གཟུགས་སུ་འཛིན་པ་མཐོང་ན་སྨོད་ཅིང་ཁྱོད་ནི་སྟོན་པ་དྲུག་གིས་བསྟན་པ་ལ་འཇུག་པ་ཡིན་གྱི། སངས་རྒྱས་ཀྱི་ཉེ་གནས་མ་ཡིན་ནོ་ཞེས་སྐུར་བ་དེའི་ཚེ་ན། སངས་རྒྱས་ཀྱི་ཆོས་རིང་པོ་མི་ཐོགས་པར་ནུབ་པར་འགྱུར་བར་རིག་པར་བྱའོ། །ཡང་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས།
Ka443b
བདག་གིས་བཅོམ་ལྡན་འདས་ལས་མངོན་སུམ་དུ་སངས་རྒྱས་འོད་སྲུང་གི་ཆོས་འཇིག་རྟེན་དུ་ཞག་བདུན་གནས་ནས་ནུབ་བོ་ཞེས་གསུངས་པ་ཐོས་སོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་འོད་སྲུང་ལ་མདོ་སྡེ་འདི་མངའ་མ། མི་མངའ། དེ་སྟེ་མངའ་བ་ཞིག་ན་ཅིའི་སླད་དུ་ནུབ་ཅེས་གསུངས། ཅི་སྟེ་མི་མངའ་ན་ཅིའི་སླད་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་སྙིང་པོ་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ངས་སྔར་ཡང་དོན་འདི་ནི་འཇམ་དཔལ་གཞོན་ནུ་འབའ་ཞིག་གིས་ཤེས་སོ་ཞེས་གསུངས་ཏེ། དེའང་བཟླས་ཏེ་བཤད་ཀྱི། ཤིན་ཏུ་ཡིད་ལ་བྱས་ཏེ་བརྟགས་པར་ཉོན་ཅིག་།རིགས་ཀྱི་བུ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཆོས་རྣམ་པ་གཉིས་མངའ་སྟེ། ཀུན་རྫོབ་དང ། དོན་དམ་པའོ། །ཀུན་རྫོབ་ཀྱི་ཆོས་འགོག་གོ། དོན་དམ་པའི་ཆོས་ནི་མི་འཇིག། མི་འགོག་གོ། །དེའང་རྣམ་པ་གཉིས་ཏེ། མི་རྟག་པ་བདག་མེད་པ། བདེ་བ་མེད་པ། ཡོངས་སུ་དག་པ། མེད་པ། རྟག་པ། བདེ་བ། བདག་ཡོངས་སུ་དག་པའོ། །དེ་ལ་མི་རྟག་པ་དང ། བདག་མེད་པ་དང ། བདེ་བ་མེད་པ་དང ། ཡོངས་སུ་དག་པ་མེད་པ་ནི་འཇིག་པ་དང ། འགོག་པ་ཡོད་དོ། །རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ནི་འཇིག་པ་དང ། འགོག་པ་མེད་དོ། །ཡང་རྣམ་པ་གཉིས་ཏེ།
Ka444a
༄#། །ཐེག་པ་གཉིས་ཀྱིས་འཛིན་པ་དང ། བྱང་ཆུབ་སེམས་དཔས་འཛིན་པའོ། །དེ་ལ་ཐེག་པ་གཉིས་ཀྱིས་འཛིན་པ་ནི་འཇིག་པ་དང ། འགོག་པ་ཡོད་དོ། །བྱང་ཆུབ་སེམས་དཔས་འཛིན་པ་ནི་འཇིག་པ་དང ། འགོག་པ་མེད་དོ། །ཡང་རྣམ་པ་གཉིས་ཏེ། ནང་དང ། ཕྱི་རོལ་ལོ། །དེ་ལ་ཕྱི་རོལ་གྱི་ཆོས་འཇིག་པ་དང ། འགོག་པ་ཡོད་དོ། །ནང་གི་ཆོས་ནི་འཇིགས་པ་དང ། འགོག་པ་མེད་དོ། །ཡང་རྣམ་པ་གཉིས་ཏེ། འདུས་བྱས་དང ། འདུས་མ་བྱས་སོ། །དེ་ལ་འདུས་བྱས་ཀྱི་ཆོས་ནི་འཇིག་པ་དང ། འགོག་པའོ། །འདུས་མ་བྱས་ཀྱི་ཆོས་ནི་འཇིག་པ་དང ། འགོག་པ་མེད་པའོ། །ཡང་རྣམ་པ་གཉིས་ཏེ། དམིགས་སུ་ཡོད་པ་དང ། དམིགས་སུ་མེད་པའོ། །དེ་ལ་དམིགས་སུ་ཡོད་པའི་ཆོས་ནི་འཇིག་པ་དང ། འགོག་པའོ། །དམིགས་སུ་མེད་པའི་ཆོས་ནི་འཇིག་པ་དང ། འགོག་པ་མེད་པའོ། །ཡང་རྣམ་པ་གཉིས་ཏེ། འདྲེས་པའི་ཆོས་དང ། མ་འདྲེས་པའི་ཆོས་སོ། །དེ་ལ་འདྲེས་པའི་ཆོས་ནི་འཇིག་པ་དང ། འགོག་པའོ། །མ་འདྲེས་པའི་ཆོས་ནི་འཇིག་པ་དང ། འགོག་པ་མེད་པའོ། །ཡང་རྣམ་པ་གཉིས་ཏེ། ལྷ་དང ། མིའོ། །དེ་ལ་མི་ནི་འཇིག་པ་དང ། འགོག་པའོ། །ལྷ་ནི་འཇིག་པ་དང ། འགོག་པ་མེད་པའོ། །ཡང་རྣམ་པ་གཉིས་ཏེ། མདོ་སྡེ་བཅུ་གཅིག་དང ། ཤིན་ཏུ་རྒྱས་པའི་མདོ་སྡེའོ། །དེ་ལ་མདོ་སྡེ་བཅུ་གཅིག་ནི་འཇིག་པ་དང ། འགོག་པའོ། །ཤིན་ཏུ་རྒྱས་
Ka444b
པའི་མདོ་སྡེ་ནི་འཇིག་པ་དང ། འགོག་པ་མེད་པ་སྟེ། རིགས་ཀྱི་བུ། གལ་ཏེ་ངའི་ཉེ་གནས་གང་ཤིན་ཏུ་རྒྱས་པའི་མདོ་སྡེ་གཟུངས་སུ་འཛིན་ཅིང་ཀློག་གམ། འདོན་ཏམ། ཡི་གེར་འདྲིའམ། འགྲོལ་ཞིང་བཤད་དམ། བཀུར་སྟི་དང ། རིམ་གྲོ་དང ། མཆོད་པ་བྱེད་ན། དེའི་ཚེ་སངས་རྒྱས་ཀྱི་ཆོས་ནུབ་པ་མ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་གོང་དུ་དེ་བཞིན་གཤེགས་པ་འོད་སྲུང་ལ་མདོ་སྡེ་འདི་ཡོད་དམ་ཞེས་དྲིས་པ་ནི། རིགས་ཀྱི་བུ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་ཏེ་གསུངས་པའི་སྙིང་པོའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ལ་མདོ་སྡེ་བཅུ་གཅིག་མངའ་མོད་ཀྱི། དེ་དག་ལ་སངས་རྒྱས་ཀྱི་རང་བཞིན་དང ། དེ་བཞིན་གཤེགས་པའི་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་མི་འཆད་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་མཐའ་ཡུན་དུ་མྱ་ངན་ལས་མི་འདའ་བས། དེའི་ཕྱིར་མདོ་སྡེ་འདི་ནི་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་སྙིང་པོ་ཞེས་བྱའོ། །མདོ་སྡེ་བཅུ་གཅིག་ལས་མི་འཆད་པས་སྙིང་པོ་ཞེས་བྱ་སྟེ། ཇི་ལྟར་རིན་པོ་ཆེ་སྣ་བདུན་བདོག་པའི་ཕྱི་རོལ་ཏུ་མི་སྤྱོད་པའི་ཕྱིར་གཏེར་ཞེས་བྱ་སྟེ། རིགས་ཀྱི་བུ། མི་དེས་གཏེར་དུ་བསགས་ཤིང་སྦས་པ་དེའང་མ་འོངས་པ་ན་དགོས་པའི་ཕྱིར་ཏེ། དེ་ལ་མ་འོངས་པ་ན་དགོས་པ་
Ka445a
༄#། །ནི།་འདི་ལྟ་སྟེ། ཁྲེ་འབྲས་དཀོན་པ་དང ། བདག་གི་ཡུལ་དུ་དགྲ་འོང་བ་དང ། རྒྱལ་པོ་ངན་པ་དང་ཕྲད་པའི་ཚེ་སྲོག་བླུ་བ་དང ། མགྲོན་དུ་སོང་བ་ལས་ཉམ་ང་བ་དང་ཕྲད་པ་དང ། ནོར་དཀོན་པའི་ཚེ་གདོད་ཕྱུང་ཞིང་སྤྱོད་དོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་ཏེ་གསུངས་པའི་སྙིང་པོའང་དེ་དང་འདྲ་སྟེ། མ་འོངས་པའི་དུས་ཀྱི་དགེ་སློང་ངན་པ་མ་བརྟགས་པའི་རྫས་འཆང་བས། འཁོར་རྣམ་བཞི་ལ་དེ་བཞིན་གཤེགས་པ་ནི་མཐའ་ཡུན་དུ་མྱ་ངན་ལས་འདས་སོ་ཞེས་སྟོན་པ་དང ། འཇིག་རྟེན་གྱི་གཙུག་ལག་ཀློག་ཅིང་འདོན་གྱི། སངས་རྒྱས་ཀྱི་གཞུང་ལ་མི་བཀུར་བ་དེ་ལྟ་བུ་ལ་སོགས་པའི་ངན་པ་འཇིག་རྟེན་དུ་བྱུང་བ་ན། དེ་བཞིན་གཤེགས་པས་ངན་པ་དེ་དག་མེད་པར་མཛད་ཅིང་ལོག་པའི་འཚོ་བ་དང ། རྙེད་པ་དང ། གྲགས་པ་སྤོང་བར་མཛད་པའི་ཕྱིར་མདོ་སྡེ་འདི་གསུངས་སོ། །གལ་ཏེ་མདོ་སྡེ་དགོངས་ཏེ་གསུངས་པའི་སྙིང་པོ་འདི་ནུབ་ཅིང་མི་སྣང་བར་གྱུར་པ་ན་སངས་རྒྱས་ཀྱི་ཆོས་ཀྱང་ནུབ་པར་འགྱུར་བར་རིག་པར་བྱའོ། །རིགས་ཀྱི་བུ། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ནི་རྟག་པ་མི་འགྱུར་མི་འཕོ་བ་ཡིན་ན། ཅི་སྟེ་འདི་སྐད་དུ་བཅོམ་ལྡན་འདས་འོད་སྲུང་ལ་མདོ་སྡེ་འདི་ཡོད་དམ་ཞེས་འདྲི། རིགས་ཀྱི་བུ། བཅོམ་ལྡན་འདས་འོད་སྲུང་གི་ཚེའི་སེམས་
Ka445b
ཅན་ནི་འདོད་ཆགས་སྲབ་ཅིང་ཤེས་རབ་དང་ལྡན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤ་སྟག་ལ་ཞི་བ། དུལ་བ། གདུལ་སླ་བ། གཟི་བརྗིད་ཆེན་པོ་དང་ལྡན་ཏེ། གཟུངས་མི་བརྗིད་པ། བལ་གླང་གི་ཁྱུ་མཆོག་དང་མཚུངས་པ། འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ། སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ནི་མཐའ་ཡུན་དུ་ཡོངས་སུ་མྱ་ངན་ལས་མི་འདའ་ཞིང་རྟག་ཏུ་གནས་པ། མི་འགྱུར་མི་འཕོ་བར་ཤེས་པས། མདོ་སྡེ་འདི་ཡོད་དུ་ཟིན་གྱིས་ཀྱང་སྟོན་ཅིང་བཤད་མི་དགོས་སོ། །རིགས་ཀྱི་བུ། ད་ལྟར་གྱི་དུས་ཀྱི་སེམས་ཅན་ནི་ཉོན་མོངས་པ་མང་ཞིང ། གཏི་མུག་ཆེ་བས་བརྗེད་ངས་ལ། ཤེས་རབ་མེད་ཅིང ། ནེམ་ནུར་མང་བ། དད་པའི་རྩ་བ་མི་ཚུགས་ཏེ། འཇིག་རྟེན་གྱི་ཁམས་མ་དག་པས་སེམས་ཅན་ཐམས་ཅད་ཀྱང་འདི་སྐད་དུ་དེ་བཞིན་གཤེགས་པ་ནི་མི་རྟག་པ། འགྱུར་ཞིང་འཕོ་བ་སྟེ། མཐའ་ཡུན་དུ་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་ཟེར་ཏེ། དེ་བས་ན་དེ་བཞིན་གཤེགས་པས་མདོ་སྡེ་འདི་གསུངས་སོ། །རིགས་ཀྱི་བུ། སངས་རྒྱས་འོད་སྲུང་གི་ཆོས་ནི་ཡང་དག་པར་ནི་ནུབ་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྟག་པ་མི་འགྱུར་མི་འཕོ་བའི་ཕྱིར་རོ། །རིགས་ཀྱི་བུ། གལ་ཏེ་སེམས་ཅན་གང་བདག་ཡོད་པ་ལ་བདག་མེད་པར་ལྟ་བ་དང ། བདག་མེད་པ་ལ་བདག་ཡོད་པར་ལྟ་བ་དང ། རྟག་པ་ལ་མི་རྟག་པར་ལྟ་བ་དང །
Ka446a
༄#། །མི་རྟག་པ་ལ་རྟག་པར་ལྟ་བ་དང ། བདེ་བ་ལ་མི་བདེ་བར་ལྟ་བ་དང ། མི་བདེ་བ་ལ་བདེ་བར་ལྟ་བ་དང ། ཡོངས་སུ་དག་པ་ལ་ཡོངས་སུ་མ་དག་པར་ལྟ་བ་དང ། ཡོངས་སུ་མ་དག་པ་ལ་ཡོངས་སུ་དག་པར་ལྟ་བ་དང ། མི་འགོག་པ་ལ་འགོག་པར་ལྟ་བ་དང ། འགོག་པ་ལ་མི་འགོག་པར་ལྟ་བ་དང ། སྡིག་པ་ལ་མི་སྡིག་པར་ལྟ་བ་དང ། མི་སྡིག་པ་ལ་སྡིག་པར་ལྟ་བ་དང ། སྡིག་པ་ཡང་བ་ལ་ལྕི་བར་ལྟ་བ་དང ། སྡིག་པ་ལྕི་བ་ལ་ཡང་བར་ལྟ་བ་དང ། ཐེག་པ་ལ་ཐེག་པ་མ་ཡིན་པར་ལྟ་བ་དང ། ཐེག་པ་མ་ཡིན་པ་ལ་ཐེག་པར་ལྟ་བ་དང ། ལམ་ཡིན་པ་ལ་ལམ་མ་ཡིན་པར་ལྟ་བ་དང ། ལམ་མ་ཡིན་པ་ལ་ལམ་ཡིན་པར་ལྟ་བ་དང ། བྱང་ཆུབ་ཡང་དག་པ་ལ་བྱང་ཆུབ་མ་ཡིན་པར་ལྟ་བ་དང ། བྱང་ཆུབ་མ་ཡིན་པ་ལ་བྱང་ཆུབ་ཏུ་ལྟ་བ་དང ། སྡུག་བསྔལ་ལ་སྡུག་བསྔལ་མ་ཡིན་པར་ལྟ་བ་དང ། སྡུག་བསྔལ་མ་ཡིན་པ་ལ་སྡུག་བསྔལ་དུ་ལྟ་བ་དང ། ཀུན་འབྱུང་ལ་ཀུན་འབྱུང་བ་མ་ཡིན་པར་ལྟ་བ་དང ། འགོག་པ་ལ་འགོག་པ་མ་ཡིན་པར་ལྟ་བ་དང ། བདེན་པ་ལ་བདེན་པ་མ་ཡིན་པར་ལྟ་བ་དང ། ཀུན་རྫོབ་ལ་དོན་དམ་པར་ལྟ་བ་དང ། དོན་དམ་པ་ལ་ཀུན་རྫོབ་ཏུ་ལྟ་བ་དང ། སྐྱབས་སུ་འགྲོ་བ་ལ་སྐྱབས་སུ་འགྲོ་བ་མ་ཡིན་པར་ལྟ་བ་དང ། སྐྱབས་སུ་འགྲོ་བ་མ་ཡིན་པ་ལ་སྐྱབས་སུ་འགྲོ་བར་ལྟ་བ་དང །
Ka446b
སངས་རྒྱས་ཀྱི་བཀའ་ཡང་དག་པ་ལ་ནི་བདུད་ཀྱི་ཚིག་ཅེས་ཟེར་བ་དང ། བདུད་ཀྱི་ཚིག་ཡང་དག་པ་ལ་ནི་སངས་རྒྱས་ཀྱི་བཀའ་ཞེས་ཟེར་བ་དེ་ལྟ་བུའི་དུས་ན། དེ་བཞིན་གཤེགས་པ་རྣམས་ཀྱིས་གདོད་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་འདི་གསུང་ངོ ། །རིགས་ཀྱི་བུ། སྦྲང་བུ་མཆུ་སྨྱུང་གི་མཆུས་རྒྱ་མཚོའི་གཏིང་དུ་མ་ལུས་པར་ཐུག་ཅེས་ཟེར་བ་སླའི། དེ་བཞིན་གཤེགས་པའི་ཆོས་ནུབ་བོ་ཞེས་མི་བྱའོ། །རླུང་དྲག་པོ་ལ་ཞགས་པས་བཅིང་དུ་རུང་ཞེས་ཟེར་བའང་སླའི། དེ་བཞིན་གཤེགས་པའི་ཆོས་ནུབ་བོ་ཞེས་མི་བྱའོ། །རི་རབ་རིའི་རྒྱལ་པོ་ལ་ཁའི་དབུགས་ཀྱིས་བུས་ཏེ་ཞིག་ཅིང་དགྱེས་ཟེར་ཀྱང་སླའི། དེ་བཞིན་གཤེགས་པའི་ཆོས་ནུབ་བོ་ཞེས་མི་བྱའོ། །མེ་ཁབ་ཏ་ལ་ཞེས་བྱ་བའི་ནང་ན་པདྨོ་སྐྱེའོ་ཞེས་ཟེར་ཀྱང་སླའི། དེ་བཞིན་གཤེགས་པའི་ཆོས་ནུབ་བོ་ཞེས་མི་བྱའོ། །སྨན་ཨ་ཀ་ཊ་དུག་ཏུ་འགྱུར་རོ་ཞེས་ཟེར་ཀྱང་སླའི། དེ་བཞིན་གཤེགས་པའི་ཆོས་ནུབ་བོ་ཞེས་མི་བྱའོ། །ཟླ་བ་ནི་ཚ་ལ་ཉི་མ་ནི་བསིལ་ཞེས་ཟེར་ཡང་སླའི། དེ་བཞིན་གཤེགས་པའི་ཆོས་ནུབ་བོ་ཞེས་མི་བྱའོ། །ཆེན་པོ་བཞི་སོ་སོའི་རང་བཞིན་སྤོང་ཞེས་ཟེར་ཡང་སླའི། དེ་བཞིན་གཤེགས་པའི་ཆོས་ནུབ་བོ་ཞེས་མི་བྱའོ། །རིགས་ཀྱི་བུ། གལ་ཏེ་དེ་བཞིན་གཤེགས་པ་ཐོག་མ་བྱུང་ནས་བླ་ན་མེད་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་མ་ཐག་ཏུ་དོན་ཟབ་མོ་ཤེས་
Ka447a
༄#། །པའི་ཉེ་གནས་མེད་པར་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ན། ཆོས་དེ་འཇིག་རྟེན་ན་རིང་པོ་མི་གནས་པར་རིག་པར་བྱའོ། ། གཞན་ཡང ། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཐོག་མ་བྱུང་ནས་བླ་ན་མེད་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་མ་ཐག་ཏུ་དོན་ཟབ་མོ་ཤེས་པའི་ཉེ་གནས་རྣམས་ཡོད་ན། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་སུ་ཟིན་ཀྱང་ཆོས་འཇིག་རྟེན་ན་ཡུན་དུ་གནས་པར་འགྱུར་བར་རིག་པར་བྱའོ། །གཞན་ཡང ། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཐོག་མ་བྱུང་ནས་བླ་ན་མེད་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་མ་ཐག་ཏུ་དོན་ཟབ་མོ་ཤེས་པའི་ཉེ་གནས་ཡོད་དུ་ཟིན་ཀྱང་ཁྱིམ་པ་དད་པ་སངས་རྒྱས་ཀྱི་ཆོས་ལ་བཀུར་བའི་དགེ་བསྙེན་མེད་པར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ན། ཆོས་འཇིག་རྟེན་དུ་རིང་པོ་མི་གནས་པར་རིག་པར་བྱའོ། །གཞན་ཡང ། རིགས་ཀྱི་བུ། གལ་ཏེ་སངས་རྒྱས་ཐོག་མ་བྱུང་ནས་བླ་ན་མེད་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་མ་ཐག་ཏུ་དོན་ཟབ་མོ་ཤེས་པའི་ཉེ་གནས་ཀྱང་ཡོད། ཁྱིམ་པ་དད་པ་ཅན་སངས་རྒྱས་ཀྱི་ཆོས་ལ་བཀུར་བའི་དགེ་བསྙེན་ཡང་ཡོད་ན། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་སུ་ཟིན་ཀྱང་
Ka447b
ཆོས་ཡུན་དུ་འཇིག་རྟེན་ན་གནས་པར་འགྱུར་རོ། །གཞན་ཡང ། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཐོག་མ་བྱུང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོག་མ་ཐག་ཏུ་དོན་ཟབ་མོ་ཤེས་པའི་ཉེ་གནས་ཀྱང་ཡོད། ཁྱིམ་པ་དད་པ་ཆེ་བ་སངས་རྒྱས་ཀྱི་ཆོས་ལ་བཀུར་བའི་དགེ་བསྙེན་ཡོད་དུ་ཟིན་གྱིས་ཀྱང་ཉེ་གནས་རྣམས་ཀྱིས་མྱ་ངན་ལས་འདས་པའི་ཕྱིར་ནི་མ་ཡིན་གྱི། རྙེད་པ་དང་གྲགས་པའི་ཕྱིར་མདོ་སྡེ་ཟབ་མོ་སྟོན་ལ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ན་ཆོས་དེ་འཇིག་རྟེན་ན་རིང་པོར་མི་གནས་པར་རིག་པར་བྱའོ། །གཞན་ཡང ། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཐོག་མ་བྱུང་ནས། བླ་ན་མེད་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་མ་ཐག་ཏུ་དོན་ཟབ་མོ་ཤེས་པའི་ཉེ་གནས་ཀྱང་ཡོད། ཁྱིམ་པ་ཤིན་ཏུ་དད་པ་སངས་རྒྱས་ཀྱི་ཆོས་ལ་བཀུར་བའི་དགེ་བསྙེན་ཡང་ཡོད་ལ། ཉེ་གནས་རྣམས་ཀྱིས་སྟོན་ཅིང་བཤད་པའང་རྙེད་པ་དང ། གྲགས་པའི་ཕྱིར་ནི་མ་ཡིན་གྱི། མྱ་ངན་ལས་འདས་པ་ཚོལ་བའི་ཕྱིར་སྟོན་ན། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་སུ་ཟིན་ཀྱང་དེའི་ཆོས་འཇིག་རྟེན་ན་ཡུན་དུ་གནས་པར་འགྱུར་བར་རིག་པར་བྱའོ། །གཞན་ཡང ། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཐོག་མ་བྱུང་ནས་བླ་ན་མེད་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་མ་ཐག་ཏུ་དོན་ཟབ་
Ka448a
༄#། །མོ་ཤེས་པའི་ཉེ་གནས་ཀྱང་ཡོད། ཁྱིམ་པ་ཤིན་ཏུ་དད་པ་སངས་རྒྱས་ཀྱི་ཆོས་ལ་བཀུར་བའི་དགེ་བསྙེན་ཡོད་དུ་ཟིན་ཀྱང ། ཉེ་གནས་རྣམས་གཅིག་གིས་གཅིག་སྨད་ཅིང་རྩོད་པ་མང་ལ། དེ་བཞིན་གཤེགས་པའང་མྱ་ངན་ལས་འདས་པར་གྱུར་ན། ཆོས་དེ་འཇིག་རྟེན་ན་རིང་པོ་མི་གནས་པར་རིག་པར་བྱའོ། །གཞན་ཡང ། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཐོག་མ་བྱུང་ནས་བླ་ན་མེད་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་མ་ཐག་ཏུ་དོན་ཟབ་མོ་ཤེས་པའི་ཉེ་གནས་ནི་ཡོད། ཁྱིམ་པ་ཤིན་ཏུ་དད་པ་སངས་རྒྱས་ཀྱི་ཆོས་ལ་བཀུར་བའི་དགེ་བསྙེན་ཡང་ཡོད་ལ། ཉེ་གནས་དེ་དག་ཀྱང་འདུམ་པའི་ཆོས་སྤྱོད་ཅིང་གཅིག་ལ་གཅིག་མི་སྨོད་པར་གཅིག་གིས་གཅིག་བཀུར་ན། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་སུ་ཟིན་ཀྱང་དེའི་ཆོས་ཡུན་རིང་དུ་འཇིག་རྟེན་ན་གནས་པར་འགྱུར་བར་རིག་པར་བྱའོ། །གཞན་ཡང ། རིགས་ཀྱི་བུ། གལ་ཏེ་དེ་བཞིན་གཤེགས་པ་ཐོག་མ་བྱུང་ནས་བླ་ན་མེད་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་མ་ཐག་ཏུ་དོན་ཟབ་མོ་ཤེས་པའི་ཉེ་གནས་ཀྱང་ཡོད། ཁྱིམ་པ་ཤིན་ཏུ་དད་པ་སངས་རྒྱས་ཀྱི་ཆོས་ལ་བཀུར་བའི་དགེ་བསྙེན་ཀྱང་ཡོད་ལ། ཉེ་གནས་དེ་དག་མྱ་ངན་ལས་འདས་པ་ཆེན་པོའི་ཕྱིར་ཆོས་སྟོན་ཅིང་གཅིག་ལ་གཅིག་བཀུར་སྟིར་བྱེད་དེ། རྩོད་པར་མི་བྱེད་མོད་ཀྱི། མ་
Ka448b
བརྟགས་པའི་རྫས་རྣམས་འཆང་ལ། ཡང་བདག་གིས་འདི་སྐད་དུ་བདག་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ནས་དགྲ་བཅོམ་པའི་འབྲས་བུའི་བར་དུ་ཐོབ་པར་གྱུར་ཏོ་ཞེས་བསྔགས་ལ། དེ་བཞིན་གཤེགས་པའང་མྱ་ངན་ལས་འདས་པར་གྱུར་ན། དེའི་ཆོས་འཇིག་རྟེན་ན་རིང་པོ་མི་གནས་པར་རིག་པར་བྱའོ། །གཞན་ཡང ། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཐོག་མ་བྱུང་ནས་བླ་ན་མེད་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་མ་ཐག་ཏུ་དོན་ཟབ་མོ་ཤེས་པའི་ཉེ་གནས་ཀྱང་ཡོད། ཁྱིམ་བདག་དད་པ་སངས་རྒྱས་ཀྱི་ཆོས་ལ་བཀུར་བའི་དགེ་བསྙེན་ཀྱང་ཡོད་ལ།་ཉེ་གནས་དེ་དག་ཀྱང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ཕྱིར་མདོ་སྡེ་ལ་སོགས་པ་སྟོན་ཏེ། འདུམ་པའི་ཆོས་སྤྱོད་ཅིང་གཅིག་ལ་གཅིག་བཀུར་ཞིང་བསྟི་སྟང་བྱེད། མ་བརྟགས་པའི་རྫས་ཐམས་ཅད་མི་འཆང་ལ། བདག་ཉིད་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ་ཞེས་བྱ་བ་ནས་དགྲ་བཅོམ་པའི་འབྲས་བུའི་བར་དུའང་ཐོབ་བོ་ཞེས་མི་ཟེར་ན། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་སུ་ཟིན་ཀྱང་དེའི་ཆོས་འཇིག་རྟེན་ན་ཡུན་རིང་དུ་གནས་པར་རིག་པར་བྱའོ། །གཞན་ཡང ། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཐོག་མ་བྱུང་ནས་བླ་ན་མེད་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་མ་ཐག་ཏུ་ཉེ་གནས་རྣམས་དོན་ཟབ་མོ་ཤེས་པ་ནས་དགྲ་བཅོམ་པ་ཐོབ་བོ་ཞེས་བྱ་བའི་བར་དུ་མི་ཟེར་
Ka449a
༄#། །ཡང་སོ་སོ་ནས་ལྟ་བ་རེ་རེ་འཛིན་ཏེ། འདི་སྐད་དུ་ཐ་དད་པ་རྣམ་པ་སྣ་ཚོགས་འཆད་དོ། །ཚེ་དང་ལྡན་པ་རྣམས་བཅོམ་ལྡན་འདས་ཀྱིས་ལྕི་བ་བཞི་ནས་རྩོད་པ་ཞི་བའི་ཆོས་བདུན་པོའི་བར་དུ་བཅས་པ་དེ་དག་ཀྱང་སེམས་ཅན་རྣམས་ཀྱི་ཕྱིར་སྡོམ་པ་དང ། སྐབས་དབྱེ་བའང་ཡོད་དོ། །མདོ་སྡེ་བཅུ་གཉིས་ཀྱང་དེ་དང་འདྲའོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱི་ཡུལ་དང་དུས་ཐ་དད་ཅིང་སེམས་ཅན་གྱི་དབང་པོ་རྣོ་རྟུལ་ཁྱད་པར་དུ་གྱུར་པ་མཁྱེན་ཏེ། དེ་བས་ན་དེ་བཞིན་གཤེགས་པས་ཁ་ཅིག་ཏུ་ནི་བསྡམས། ཁ་ཅིག་ཏུ་ནི་སྐབས་ཕྱེ་སྟེ། ལྕི་བ་དང་ཡང་བ་གསུངས་སོ། །རིགས་ཀྱི་བུ། དཔེར་ན། སྨན་པ་མཁས་པ་ནད་པ་ལ་འོ་མ་གཏོང་བ་དང ། ནད་པ་ལ་བཀག་པ་བཞིན་ཏེ། མཁྲིས་པའི་ནད་ལ་ནི་འོ་མ་གཏོང ། བད་ཀན་གྱི་ནད་ལ་ནི་འོ་མ་བཀག་གོ། དེ་བཞིན་དུ་དེ་བཞིན་གཤེགས་པའང་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་རྩ་བ་ལ་གཟིགས་ཏེ། ཕྱེ་བའང་ཡོད། དགག་པའང་ཡོད་དོ། །ཚེ་དང་ལྡན་པ་རྣམས། བདག་གིས་འདི་བཞིན་དུ་བཅོམ་ལྡན་འདས་ལས་དོན་འདི་ཐོས་ཏེ། བདག་འབའ་ཞིག་དོན་ཤེས་ཀྱི། ཁྱེད་མི་ཤེས་སོ། །བདག་འབའ་ཞིག་འདུལ་བ་ཤེས་ཀྱི། ཁྱེད་མི་ཤེས་སོ། །བདག་མདོ་སྡེ་རྣམས་ཤེས་ཀྱི། ཁྱེད་མི་ཤེས་སོ་ཞེས་ཟེར་ལ། སངས་རྒྱས་བཅོམ་ལྡན་འདས་དེའང་ཡོངས་སུ་མྱ་ངན་ལས་འདས་ན་དེའི་ཆོས་འཇིག་རྟེན་ན་རིང་པོ་མི་གནས་པར་
Ka449b
རིག་པར་བྱའོ། །གཞན་ཡང ། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཐོག་མ་བྱུང་ནས་བླ་ན་མེད་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་མ་ཐག་ཏུ་ཉེ་གནས་རྣམས་ཀྱིས་བདག་རྒྱུན་དུ་ཞུགས་པ་ཐོབ་བོ་ཞེས་བྱ་བ་ནས་དགྲ་བཅོམ་པའི་བར་དུ་ཐོབ་ཞེས་ཀྱང་མི་ཟེར་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སེམས་ཅན་གྱི་ཕྱིར་བཀག་པ་དང ། སྐབས་ཕྱེ་བ་གནང་ངོ ། ། ཞེས་ཀྱང་མི་ཟེར་ལ། ཚེ་དང་ལྡན་པ། བདག་གིས་བཅོམ་ལྡན་འདས་ལས་དོན་འདི་དང་ཆོས་འདི་དང་འདུལ་བ་འདི་བཞིན་དུ་ཐོས་ཀྱི། ཚེ་དང་ལྡན་པ་དང ། དེ་བཞིན་གཤེགས་པའི་མདོ་སྡེ་བཅུ་གཉིས་ལྟར་གྱིས་ཤིག། དོན་འདི་གལ་ཏེ་ཡིན་ན་བདག་གིས་གཟུང་བར་བྱ། གལ་ཏེ་མ་ཡིན་ན་བདག་གིས་སྤང་བར་བྱའོ་ཞེས་ཟེར་ན། སངས་རྒྱས་བཅོམ་ལྡན་འདས་དེ་ཡོངས་སུ་མྱ་ངན་ལས་འདས་ཀྱང་ཆོས་ནི་འཇིག་རྟེན་ན་ཡུན་རིང་པོར་གནས་པར་འགྱུར་བར་རིག་པར་བྱའོ། །རིགས་ཀྱི་བུ། ངའི་ཆོས་ཡོངས་སུ་ནུབ་པའི་ཚེ། ཉན་ཐོས་ཀྱི་ཉེ་གནས་དག་རེས་འགའ་ནི་རྣམ་པར་ཤེས་པ་ཡོད་པར་འཆད། རེས་འགའ་ནི་རྣམ་པར་ཤེས་པ་སྟོང་པར་འཆད། རེས་འགའ་ནི་ལྔ་ཕུང་བར་མ་ཡོད་པར་འཆད། རེས་འགའ་ནི་ལྔ་ཕུང་བར་མ་མེད་པར་འཆད། རེས་འགའ་ནི་དུས་གསུམ་ཡོད་པར་འཆད། རེས་འགའ་ནི་དུས་གསུམ་མེད་པར་འཆད། རེས་འགའ་ནི་ཐེག་པ་གསུམ་ཡོད་པར་འཆད། རེས་འགའ་ནི་ཐེག་པ་གསུམ་མེད་པར་འཆད། རེས་འགའ་ནི་ཐམས་ཅད་
Ka450a
༄#། །ཡོད་པར་འཆད། རེས་འགའ་ནི་ཐམས་ཅད་མེད་པར་འཆད། རེས་འགའ་ནི་སེམས་ཅན་ཐོག་མ་དང་ཐ་མ་ཡོད་པར་འཆད། རེས་འགའ་ནི་སེམས་ཅན་ཐོག་མ་དང་ཐ་མ་མེད་པར་འཆད། རེས་འགའ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་འདུས་བྱས་ཀྱི་ཆོས་ཡིན་ནོ་ཞེས་འཆད། རེས་འགའ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་འདུས་བྱས་ཀྱི་ཆོས་མ་ཡིན་ནོ་ཞེས་འཆད། རེས་འགའ་ནི་དེ་བཞིན་གཤེགས་པ་ལ་སྙུན་གྱི་སྡུག་བསྔལ་མངའོ་ཞེས་འཆད། རེས་འགའ་ནི་དེ་བཞིན་གཤེགས་པ་ལ་སྙུན་གྱི་སྡུག་བསྔལ་མི་མངའ་བར་འཆད། རེས་འགའ་ནི་དེ་བཞིན་གཤེགས་པས་དགེ་སློང་རྣམས་ལ་ཤ་རྣམ་པ་བཅུ་ཟར་མི་གནང་ངོ་ཞེས་འཆད། བཅུ་གང་ཞེ་ན། མི་དང ། སྦྲུལ་དང ། བལ་གླང་དང ། རྟ་དང ། བོང་བུ་དང ། ཁྱི་དང ། སེང་གེ་དང ། ཕག་པ་དང ། ཝ་དང ། སྤྲེའུའི་ཤ་སྟེ། གཞན་ཀུན་གནང་ངོ་ཞེས་འཆད། རེས་འགའ་ནི་ཐམས་ཅད་མི་གནང་ངོ་ཞེས་འཆད། རེས་འགའ་ནི་དགེ་སློང་དངོས་པོ་ལྔ་བྱེད་དུ་མི་གནང་བར་འཆད་དེ། ལྔ་གང་ཞེ་ན། མི་དང ། མཚོན་དང ། ཆང་དང ། ཞོ་དང ། འབྲུ་མར་འཚོང་དུ་མི་གནང་སྟེ། དེ་མ་ཡིན་པ་གཞན་ཀུན་གནང་བར་འཆད། རེས་འགའ་ནི་གནས་རྣམ་པ་ལྔར་འགྲོར་མི་གནང་སྟེ། ལྔ་གང་ཞེ་ན། ཤན་པ་དང ། སྤྲུལ་འཚོང་མ་དང ། ཆང་འཚོང་མ་དང ། རྒྱལ་པོའི་ཕོ་བྲང་དང ། རིགས་ངན་གྱི་ཁྱིམ་སྟེ། གཞན་དུ་འགྲོར་
Ka450b
གནང་བར་འཆད། རེས་འགའ་ནི་གོས་ཀིའུ་ཤ་ཡ་བགོར་མི་གནང་སྟེ། གཞན་ཐམས་ཅད་གནང་བར་འཆད། རེས་འགའ་ནི་དེ་བཞིན་གཤེགས་པས་དགེ་སློང་རྣམས་ལ་གོས་དང ། ཟས་དང ། མལ་ཆའི་ཟོང་གསེར་སྲང་ཁྲི་ཕྲག་བཅུ་རི་བ་འཆང་དུ་གནང་བར་འཆད། རེས་འགའ་ནི་མི་གནང་བར་འཆད། རེས་འགའ་ནི་མྱ་ངན་ལས་འདས་པ་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པར་འཆད། རེས་འགའ་ནི་མྱ་ངན་ལས་འདས་པ་ཀུན་ནས་ཉོན་མོངས་པ་ཟད་པ་མ་ཡིན་གྱི། ཆོས་གཞན་གང་ཡང་མྱ་ངན་ལས་འདས་པ་ཞེས་བྱ་བ་མེད་དོ། །དཔེར་ན། སྐུད་པ་བཏགས་པ་ནི་གོས་ཞེས་བྱའོ། །གོས་ཞིག་ནས་གོས་མེད་ཅེས་བྱ་སྟེ། ཆོས་གཞན་ལ་གོས་མེད་དོ། །ཞེས་བྱ་བ་མེད་དེ། མྱ་ངན་ལས་འདས་པའི་མཚན་ཉིད་ཀྱང་དེ་དང་འདྲའོ། །ཞེས་འཆད་དོ། །རིགས་ཀྱི་བུ། དེའི་ཚེ་དེའི་དུས་ན་ངའི་ཉེ་གནས་རྣམས་བདེན་པར་འཆད་པ་ནི་ཉུང ། ལོག་པར་འཆད་པ་ནི་མང ། བདེན་པའི་ཆོས་འཛིན་པ་ནི་ཉུང ། ལོག་པའི་ཆོས་འཛིན་པ་ནི་མང ། སངས་རྒྱས་ཀྱི་བཀའ་འཛིན་པ་ནི་ཉུང ། བདུད་ཀྱི་ཚིག་འཛིན་པ་ནི་མང་ངོ ། །རིགས་ཀྱི་བུ། དེའི་ཚེ་ན་ཡུལ་ཀཽ་ཤམྦྷི་ན་ཉེ་གནས་གཉིས་ཡོད་དེ། གཅིག་ནི་དགྲ་བཅོམ་པའོ། །གཅིག་ནི་ཚུལ་ཁྲིམས་བཤིག་པའོ། །དེ་ལ་ཚུལ་ཁྲིམས་བཤིག་པའི་འཁོར་ནི་ལྔ་བརྒྱད་ཡོད། །དགྲ་བཅོམ་པའི་འཁོར་ནི་བརྒྱ་ཡོད་དེ། ཚུལ་ཁྲིམས་བཤིག་པས་ནི་དེ་བཞིན་གཤེགས་པ་མཐར་ཡོངས་སུ་མྱ་
Ka451a
༄#། །ངན་ལས་འདས་བའོ། །བདག་གིས་འདི་བཞིན་དུ་བཅོམ་ལྡན་འདས་ལས་དོན་འདི་ཐོས་ཏེ། དེ་བཞིན་གཤེགས་པ་རྩ་བ་བཞི་བཅས་པ་སྡོམ་ནའང་རུང ། གལ་ཏེ་ཞིག་ནའང་ཉེས་པ་མེད་དོ། །བདག་ཀྱང་ད་ལྟར་དགྲ་བཅོམ་པའི་འབྲས་བུ་དང ། ཐོག་མ་མེད་པའི་ཡེ་ཤེས་བཞི་ཐོབ་པ་ཡིན་ཏེ། དགྲ་བཅོམ་པའང་རྩ་བ་བཞི་པོ་དེ་དག་བཤིག་གོ་།རྩ་བ་བཞི་པོའི་ཆོས་དེ་ཡང་དག་པར་སྡིག་པ་ཞིག་ན་དགྲ་བཅོམ་པས་འདྲལ་བའི་མི་རིགས་སོ། །དེ་བཞིན་གཤེགས་པ་འཇིག་རྟེན་ན་བཞུགས་པའི་ཚེ་ནི་ཤིན་ཏུ་སྡོམས་ཤིག་ཅེས་བཀའ་སྩལ། ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་ནི་ཐམས་ཅད་གཏོང་ངོ་ཞེས་ཟེར། དེ་ལ་དགྲ་བཅོམ་པ་ལ་སོགས་པའི་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་།དེ་བཞིན་གཤེགས་པ་མཐར་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་བྱ་བའི་མི་རིགས་སོ། །དེ་བཞིན་གཤེགས་པ་ནི་རྟག་པ་མི་འགྱུར་མི་འཕོ་བར་བདག་ཅག་ཤེས་ཏེ། དེ་བཞིན་གཤེགས་པ་འཇིག་རྟེན་ན་བཞུགས་པ་དང ། ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་རྩ་བ་བཞི་བཤིག་པའི་སྡིག་པ་ནི་ཁྱད་པར་མེད་དོ། །དེ་ལྟར་དགྲ་བཅོམ་པའང་སྡོམ་པའི་རྩ་བ་བཤིག་གོ་ཞེས་བྱ་བར་མི་རུང་ངོ ། དེ་ཅིའི་ཕྱིར་ཞེ་ན། རྒྱུན་དུ་ཞུགས་པའང་སྡོམ་པ་མི་འཇིག་ན་དགྲ་བཅོམ་པ་ལྟ་སྨོས་ཀྱང་ཅི་དགོས། གལ་ཏེ་ཚེ་དང་ལྡན་པ་ཁྱེད་བདག་དགྲ་བཅོམ་པའི་འབྲས་བུ་ཐོབ་ཅེས་ཟེར་ན། དགྲ་
Ka451b
བཅོམ་པ་ནི་བདག་དག་བཅོམ་པ་ཡིན་ནོ་ཞེས་བྱ་བའི་འདུ་ཤེས་མི་སྐྱེད་དོ། །དགྲ་བཅོམ་པ་ནི་དགེ་བ་འབའ་ཞིག་འཆད་དེ། མི་དགེ་བ་མི་འཆད་ན། ཚེ་དང་ལྡན་པས་བཤད་དོ་ཅོག་ནི་ཆོས་མ་ཡིན་པ་ཤ་སྟག་སྟེ། གལ་ཏེ་གང་མདོ་སྡེ་བཅུ་གཉིས་མཐོང་བས་ནི་ཚེ་དང་ལྡན་པ་དག་ངེས་པར་དགྲ་བཅོམ་པ་མ་ཡིན་པར་རིག་གོ་།རིགས་ཀྱི་བུ། དེའི་ཚེ་ན་ཚུལ་ཁྲིམས་འདྲལ་བའི་འཁོར་རྣམས་ཀྱིས་དགྲ་བཅོམ་པ་དེའི་སྲོག་གི་འཚོ་བ་གཅོད་དོ། །རིགས་ཀྱི་བུ། དེའི་ཚེ་ན་བདུད་སྡིག་ཅན་གྱིས་དགེ་འདུན་སྡེ་གཉིས་ཁྲོས་འཁྲུགས་པའི་སེམས་སུ་གྱུར་པའི་སྐབས་སུ་དགེ་སློང་དྲུག་བརྒྱ་པོ་དེ་དག་ལ་རབ་ཏུ་གནོད་པར་གཙེས་སོ། །དེ་ནས་སྐྱེ་བོ་མ་རབས་རྣམས་ཀྱིས་སོ་སོ་ནས་འདི་སྐད་དུ་ངོ་མཚར་ཏོ། །སངས་རྒྱས་ཀྱི་ཆོས་ནི་ནུབ་བོ། །ཟད་དོ། །ཞེས་ཟེར་ཏེ། ཡང་དག་པར་ན་ངའི་དམ་པའི་ཆོས་ནི་མ་ནུབ་སྟེ། དེའི་ཚེ་ན་ཡུལ་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྲི་ཕྲག་བཅུ་གཉིས་ངའི་ཆོས་ཤིན་ཏུ་འཛིན་ན། ཅི་སྟེ་ངའི་ཆོས་ནུབ་ཅེས་བྱ། དེའི་ཚེ་དེའི་དུས་ན་ཛམྦུའི་གླིང་དུ་ངའི་ཉེ་གནས་སུ་གྱུར་པའི་དགེ་སློང་གཅིག་ཀྱང་མེད་ནས། དེ་ནས་བདུད་སྡིག་ཏོ་ཅན་གྱིས་མེ་པོ་ཆེ་བུས་ནས་མདོ་སྡེ་ཐམས་ཅད་བསྲེགས་སོ། །དེ་ལ་ཅུང་ཟད་ལུས་པ་དག་ནི་བྲམ་ཟེ་རྣམས་ཀྱིས་མདོ་མདོར་བརྐུས་ནས་ཁོ་བ་དག་གི་གཞུང་དུ་བསྟན་ཏེ། དེ་ལྟ་བས་ན་སངས་རྒྱས་མ་བྱུང་བའི་སྔོན་ལོགས་སུ་བྱང་ཆུབ་སེམས་དཔའ་ཕྲ་མོ་རྣམས་གཅིག་གིས་གཅིག་དྲངས་ཏེ། བྲམ་ཟེའི་ཚིག་ལ་མོས་ཤིང་འཛིན་ཏོ། །བྲམ་ཟེ་རྣམས་འདི་
Ka452a
༄#། །སྐད་དུ་བདག་ལ་དུས་ཁྲིམས་ཡོད་དོ་ཞེས་ཟེར་མོད་ཀྱི། ཡང་དག་པར་ན་མུ་སྟེགས་ཅན་ལ་ཡོད་པ་མ་ཡིན་ནོ། །མུ་སྟེགས་ཅན་རྣམས་བདག་དང་བདེ་བ་དང ། ཡོངས་སུ་དག་པ་ཡོད་དོ་ཞེས་སྨྲ་མོད་ཀྱི། །ཡང་དག་པར་ན་བདག་དང ། བདེ་བ་དང ། ཡོངས་སུ་དག་པའི་དོན་མི་ཤེས་ཏེ། སངས་རྒྱས་ཀྱི་ཆོས་ལས་ཡི་གེ་འབྲུ་གཅིག་དང ། གཉིས་དང ། ཚིག་གཅིག་དང ། གཉིས་བཟུང་སྟེ་བཤད་ནས་ངའི་གཞུང་ལ་དོན་འདི་ལྟ་བུ་ཡོད་དོ་ཞེས་ཟེར་རོ། །དེ་ནས་དེའི་ཚེ་གྲོང་ཁྱེར་རྩཝ་མཆོག་སཱ་ལའི་ཤིང་དྲུང་ན་འཁོར་མང་པོ་ཚད་མེད་མཐའ་ཡས་པ་སྙེད་ཀྱི་དེ་སྐད་དུ་སྨྲས་པ་ཐོས་ནས་ཐམས་ཅད་ཀྱིས་འདི་སྐད་དུ་འཇིག་རྟེན་སྟོངས་སོ། །འཇིག་རྟེན་སྟོངས་སོ། །ཞེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་འཁོར་མང་པོ་རྣམས་ལ་སྨྲས་པ། ཁྱེད་རེ་ཞིག་ངུད་མོ་དང ། མི་དགའ་བར་མ་བྱེད་ཅིག་།འཇིག་རྟེན་མི་སྟོངས་ཀྱི། དེ་བཞིན་གཤེགས་པ་ནི་མི་འགྱུར་མི་འཕོ་བར་རྟག་ཏུ་གནས་ཏེ། ཆོས་དང ། དགེ་འདུན་ཡང་དེ་བཞིན་ནོ། །དེ་ནས་འཁོར་མང་པོ་དེ་དག་གིས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ངུད་མོ་བཏང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །དེའི་ཚེ་རྒྱལ་པོའི་ཁབ་ན་རྒྱལ་པོ་མ་སྐྱེས་དགྲ་ཞེས་བྱ་བ། རང་བཞིན་གྱིས་ཁྲོ་ལ་གཏུམ་པ། སེམས་ཅན་གྱི་སྲོག་གཅོད་པ་ལ་
Ka452b
དགའ་བ། ངག་མི་དགེ་བའི་ལས་བཞི་པོ་རྫོགས་པར་བྱེད་པ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་སེམས་ཤིན་ཏུ་མཆེད་པ། ད་ལྟར་གྱི་འབའ་ཞིག་ལ་ལྟའི། ཕྱི་མ་མ་འོངས་པའི་དུས་མི་མཐོང་བ། འཁོར་ཤིན་ཏུ་ངན་པ་ལ་བརྟེན་པ། ད་ལྟར་གྱི་འདོད་པ་ལྔ་ལ་ཆགས་པས་རྒྱལ་པོ་ཡབ་ཀྱང་ཉེས་པ་མེད་པར་བསད་དོ། །དེ་ལྟར་ཕ་བསད་པས་འགྱོད་པའི་སེམས་སྐྱེས་ནས་མྱ་ངན་གྱིས་གདུངས་པས་ལུས་ཀྱི་རྒྱན་རྣམས་དང ། རོལ་མོའང་བཏང་ངོ ། །འགྱོད་པའི་སེམས་ཀྱིས་གདུངས་པས་ལུས་ཁྱབ་པར་འབྲུམ་བུ་མང་པོ་འབྱུང་ངོ་།། འབྲུམ་བུའང་བསྙེན་མི་བཟོད་པ་ཙམ་དུ་མནམ་པས་དེ་འདི་སྙམ་དུ་བསམས་སོ། །བདག་གི་ལས་ནི་འཕྲལ་དུའང་རྣམ་པར་སྨིན་ལ། སེམས་ཅན་དམྱལ་བའི་རྣམ་པར་སྨིན་པའང་རིང་པོ་མི་ཐོགས་སོ་སྙམ་སེམས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲའི་མ་ལུས་འཕགས་མས་སྨན་རྣམ་པ་སྣ་ཚོགས་ཀྱིས་བསྐུས་ཀྱང་འབྲུམ་བུ་ཕྱི་ཕྱིར་མཆེད་ཀྱི། ཕན་པར་མ་གྱུར་ཏོ། །རྒྱལ་པོས་མ་ལ་སྨྲས་པ། འབྲུམ་བུ་འདི་ནི་བདག་གི་བསམ་པའི་སེམས་ལས་བྱུང་གི་།ཆེན་པོ་བཞི་ལས་བྱུང་བ་མ་ཡིན་པས་འདི་ལ་འགྲོ་བ་གང་ཡང་གསོ་བའི་གནས་སུ་འགྱུར་བ་མེད་དོ། །དེའི་ཚེ་ན་བློན་པོ་ཆེན་པོ་ཉི་ཟླ་གྲགས་པ་ཞེས་བྱ་བ་ཞིག་རྒྱལ་པོ་གང་ན་བར་འོངས་ནས་ཕྱོགས་གཅིག་ཏུ་འགྲེང་བཞིན་དུ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ། ལུས་མི་བདེ་བ་དང ། སེམས་
Ka453a
༄#། །མི་བདེ་བར་གྱུར་ན་ཅིའི་ཕྱིར་འདི་ལྟར་ངོ་འཛུམ་གནག་ཅིང་མྱ་ངན་བྱེད་པ་བདག་ལ་སྨྲོས་ཤིག་།རྒྱལ་པོས་སྨྲས་པ། བདག་གི་ལུས་དང་སེམས་བདེ་བའི་གཏོལ་ག་ལ་ཞིག་ཡོད། བདག་གིས་ཕ་ཉེས་པ་མེད་པར་བསད་དེ། བདག་གིས་སྔོན་མཁས་པ་དག་ལས་ཐོས་ན་འཇིག་རྟེན་ན་མཚམས་མེད་པ་ལྔ་བྱས་པ་དག་ནི་སེམས་ཅན་དམྱལ་བ་ལས་ཐར་པའི་དུས་མེད་དོ་ཞེས་ཐོས་ལ། བདག་གིས་ཁ་ན་མ་ཐོ་བ་མཐའ་ཡས་དཔག་ཏུ་མེད་པ་གྲངས་མེད་པ་བྱས་པས་བདག་གིས་ལུས་དང་སེམས་ན་བ་གསོ་བའི་སྨན་པ་མཁས་པའང་མེད་ན། ལུས་དང་སེམས་མིན་པའི་གཏོལ་ག་ལ་ཡོད། བློན་པོ་དེས་སྨྲས་པ། རྒྱལ་པོ་ཆེན་པོ། མྱ་ངན་ཆེར་མ་བྱེད་ཅིག་།ཅེས་ཚིགས་སུ་བཅད་དེ་སྨྲས་པ། རྟག་ཏུ་མྱ་ངན་གང་བྱེད་པ། །མྱ་ངན་ཕྱིར་ཞིང་སྐྱེ་བར་འགྱུར། །ཇི་ལྟར་གཉིད་ལ་དགའ་བ་ཡང ། །ཕྱིར་ཞིང་དེ་བཞིན་གཉིད་ཆེར་འགྱུར། །དེ་བཞིན་འདོད་ཆགས་སྲིད་པ་དང ། །ཆང་དད་ཆེ་བའང་རིག་པར་བྱ། །རྒྱལ་པོ་གསུང་བ་ལྟར་འཇིག་རྟེན་ན་མཚམས་མེད་པ་ལྔ་བྱས་པའི་གང་ཟག་ནི་སེམས་ཅན་དམྱལ་བ་ལས་ཐར་པའི་དུས་མེད་དོ། །ཞེས་བྱ་བ་དེ་སུ་ཞིག་གིས་མྱོང་ཞིང་མཐོང་ནས་རྒྱལ་པོ་ལ་གཏམ་དུ་སྨྲས། སེམས་ཅན་དམྱལ་བ་ཞེས་པ་ནི་འཇིག་རྟེན་ན་ཤེས་པ་མང་བ་གཅིག་གིས་རང་བཟོར་གཏམ་དུ་སྨྲ་བར་ཟད་དོ། །རྒྱལ་པོ་གསུང་བ་ལྟར་འཇིག་རྟེན་ན་ལུས་
Ka453b
དང་སེམས་གསོ་བའི་སྨན་པ་མཁས་པ་མེད་དོ་ཞེས་བྱར་མི་རུང་སྟེ། ད་ལྟར་སྨན་པ་ཆེན་པོ་འོད་སྲུང་རྫོགས་བྱེད་ཅེས་བྱ་བ་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། དབང་དུ་གྱུར་པའི་ཏིང་ངེ་འཛིན་ཐོབ་པ། ཚངས་པར་སྤྱོད་པ་ཡོངས་སུ་དག་པའི་མཐར་ཕྱིན་པ། སེམས་ཅན་ཚད་མེད་མཐའ་ཡས་པ་ལ་བླ་ན་མེད་པའི་མྱ་ངན་ལས་འདའ་བའི་ལམ་སྟོན་པའང་ཉེ་གནས་རྣམས་ལ་འདི་སྐད་ཅེས་ཆོས་སྟོན་ཏོ། །ལས་ནག་པོའང་མེད་ལ། ལས་ནག་པོའི་རྣམ་པར་སྨིན་པའང་མེད། ལས་རྣམས་བར་དཀར་བའང་མེད་ལ། ལས་རྣམ་པར་དཀར་བའི་རྣམ་པར་སྨིན་པའང་མེད། ལས་དཀར་པོ་དང་ནག་པོའང་མེད་ལ། ལས་དཀར་པོ་དང་ནག་པོའི་རྣམ་པར་སྨིན་པའང་མེད། ལས་རབ་ཅེས་བྱ་བ་དང ། ལས་ཐ་མ་ཞེས་བྱ་བའང་མེད་དོ་ཞེས་འཆད་དོ། །དེ་སྐད་ཅེས་སྟོན་པའི་སློབ་དཔོན་དེ་ད་ལྟར་རྒྱལ་པོའི་ཁབ་ན་བཞུགས་ཀྱི། རྒྱལ་པོ་ཆེན་པོ། དེར་གཤེགས་སུ་གསོལ། སློབ་དཔོན་དེས་ནི་འབྲུམ་བུ་དང ། ལུས་དང ། སེམས་ཀྱང་གསོ་བར་འགྱུར་རོ། །རྒྱལ་པོས་སྨྲས་པ། ཅི་སྟེ་ཁྱོད་ཟེར་བའི་ཚིག་བདེན་ལ། དེ་ལྟར་བདག་གིས་ཁ་ན་མ་ཐོ་བ་མེད་པར་བྱེད་ནུས་ན་ལྟ་དེ་ལ་སྐྱབས་སུ་འགྲོ་བར་བྱའོ། །གཞན་ཡང་བློན་པོ་སྙིང་པོ་ཐོབ་ཅེས་བྱ་བ་ཞིག་རྒྱལ་པོ་གང་ན་པར་འོངས་ནས་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཆེན་པོ། ཅིའི་ཕྱིར་ངོ་འཛུམ་གནག་ལ་ཁའང་ང་བསྐམས་ནས་ཇི་ལྟར་མི་སྔར་མ་
Ka454a
༄#། །དག་དགྲ་དང་ཕྲད་ན་སྒྲ་སྐད་ཕྲ་ལ་འདར་བ་ལྟ་བུར་གྱུར་ཅིང་མདངས་ཀྱང་མེད་ན་ཅིས་མི་བདེ་བར་གྱུར། འོན་ཏེ་ལུས་ནའམ། འོན་ཏེ་སེམས་ན་བར་གྱུར། རྒྱལ་པོས་སྨྲས་པ། བདག་གི་ལུས་དང་སེམས་མི་ན་བའི་གཏོལ་ག་ལ་ཞིག་ཡོད། བདག་ནི་མ་རིག་པས་ལྡོངས་ཏེ་ཤེས་རབ་ཀྱི་མིག་མེད་པས་མི་དགེ་བའི་བཤེས་གཉེན་ལ་བསྟེན་ནས། ལྷས་བྱིན་ལྟ་བུའི་སྡིག་པའི་རྗེས་སུ་ཞུགས་ཏེ། སྡིག་པ་ཅན་གྱི་ཚིག་མཉན་ནས་ཡང་དག་པའི་ཆོས་ཀྱིས་འཚོ་བའི་ཕ་རྒྱལ་པོ་ཉེས་པ་མེད་པར་བསད་དོ། །བདག་གིས་སྔོན་མཁས་པ་ཤེས་རབ་ཅན་ལས་ཚིགས་སུ་བཅད་པ་འདི་སྐད་ཅེས་ཐོས་སོ། །གང་ཞིག་ཕ་དང་མ་དག་དང ། །སངས་རྒྱས་རྣམས་དང་ཉེ་གནས་ལ། །མི་དགེ་བ་ཡི་སེམས་བསྐྱེད་དེ། །སྡིག་པར་འགྱུར་བའི་ལས་བྱས་ན། །དེ་ཡི་རྣམ་པར་སྨིན་པ་ནི། །མཚམས་མེད་དམྱལ་བར་སྐྱེ་ཞེའོ། །དེ་བས་ན་བདག་ཤིན་ཏུ་འཇིགས་སྐྲག་སྟེ་སྡུག་བསྔལ་ཆེན་པོས་གདུངས་ཀྱང་གསོ་བར་འགྱུར་བའི་སྨན་པ་མཁས་པ་མེད་དོ། །བློན་པོ་དེས་ཡང་གསོལ་པ། རྒྱལ་པོ་ཆེན་པོ། རེ་ཞིག་མྱ་ངན་མ་བྱེད་ཅིག་།ཆོས་ལ་རྣམ་པ་གཉིས་ཏེ། རབ་ཏུ་བྱུང་བ་དང ། རྒྱལ་པོའི་ཆོས་སོ། །རྒྱལ་པོའི་ཆོས་ཞེས་བྱ་བ་ནི་ཕ་བསད་པས་རྒྱལ་པོའི་ཡུལ་འདིར་མཚམས་མེད་པའི་ལས་ཞེས་བྱ་མོད་ཀྱི། ཁ་ན་མ་ཐོ་བའི་སྡིག་པར་མི་
Ka454b
འགྱུར་རོ། །དཔེར་ན། སྲིན་བུ་ཀ་ཀ་ལ་ལྟ་བུ་མའི་གསུས་པ་བརྟོལ་ནས་གདོད་སྐྱེ་སྟེ། ཆོས་ཉིད་ཀྱིས་དེ་ལྟར་སྐྱེ་བས་ན། དེ་ལྟར་མའི་ལུས་མ་རུང་བར་བྱས་མོད་ཀྱི་སྡིག་པར་མི་འགྱུར་ཏེ།་དྲེའུ་ལ་སོགས་པ་བུ་འབྱུང་བའང་དེ་དང་འདྲའོ། །རྒྱལ་པོའི་སྲིད་ཀྱི་ཆོས་ཀྱང་ཆོས་ཉིད་ཀྱིས་དེ་ལྟ་བུ་ཡིན་པས་དེ་ལྟར་རྒྱལ་པོའི་ཕ་བསད་ཀྱང་སྡིག་པར་མི་འགྱུར་རོ། །རབ་ཏུ་བྱུང་པའི་ཆོས་ནི་ཆུང་ངུ་ན་གྲོག་སྦུར་ཙམ་བསད་ནའང་སྡིག་པར་འགྱུར་བ་དང་མི་འདྲ་ན། རྒྱལ་པོ་ཆེན་པོ། རེ་ཞིག་མྱ་ངན་མ་བྱེད་ཅིག་།དེ་ཅིའི་ཕྱིར་ཞེ་ན། རྟག་ཏུ་མྱ་ངན་གང་བྱེད་པ། །མྱ་ངན་ཕྱིར་ཞིང་སྐྱེ་བར་འགྱུར། །ཇི་ལྟར་གཉིད་ལ་དགའ་བ་ཡང ། །ཕྱིར་ཞིང་དེ་བཞིན་གཉིད་ཆེར་འགྱུར། །དེ་བཞིན་འདོད་ཆགས་སྲེད་པ་དང ། །ཆང་དད་ཆེ་བའང་རིག་པར་བྱ། རྒྱལ་པོ་གསུང་བ་ལྟར་ལུས་དང་སེམས་གསོ་བའི་སྨན་པ་མཁས་པ་མེད་དོ་ཞེས་བྱར་མི་རུང་སྟེ། ད་ལྟར་སྟོན་པ་ཆེན་པོ་ཕྱུགས་ལྷས་ཀྱི་བུ་མ་ས་སྐ་རི་ཞེས་བྱ་བ་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་བྱམས་པ། ཉོན་མོངས་པ་ཡོངས་སུ་སྤངས་པ། སེམས་ཅན་ཐམས་ཅད་ཀྱི་གདུག་པ་གསུམ་གྱི་ཟུག་རྔུ་འབྱིན་པ། སེམས་ཅན་ཐམས་ཅད་ཀྱིས་མི་ཤེས། མི་མཐོང ། མི་རྟོགས་པའི་ཆོས་ཐམས་ཅད་སྟོན་པ་ཆེན་པོ་དེ་གཅིག་པུས་མཁྱེན་ཅིང་གཟིགས་ཏེ། རྟོགས་པས་ཉེ་གནས་རྣམས་ལ་
Ka455a
༄#། །རྟག་ཏུ་ཆོས་འདི་སྐད་ཅེས་སྟོན་ཏོ། །སེམས་ཅན་ཐམས་ཅད་ཀྱི་ལུས་ནི་ཕྱོགས་ཆ་རྣམ་པ་བདུན་ཏེ། བདུན་གང་ཞེ་ན། ས་དང ། ཆུ་དང ། མེ་དང ། རླུང་དང།་སྡུག་བསྔལ་དང ། བདེ་བ་དང ། འཚོ་བའི་སྲོག་གོ་།དེ་ལྟར་ཆོས་བདུན་པོ་དེ་ནི་སྤྲུལ་པའམ་བྱས་པ་མ་ཡིན་ཏེ། གཞིག་ཏུ་མི་རུང་ངོ ། །དཔེར་ན། རྩ་ཨི་ཤི་ཀ་ནི་རྟག་ཏུ་གནས་ཏེ་མི་གཡོའོ། །རི་རབ་རིའི་རྒྱལ་པོ་ནི་བཏང་བའང་མེད་ལ། བྱེད་པའང་མེད་དོ། །དཔེར་ན། འོ་མ་དང ། ཞོའང་སྡུག་བསྔལ་ཞེའམ། བདེ་ཞེའམ། དགེ་ཞེའམ། མི་དགེ་ཞེས་རྩོད་པ་མེད་ལ། མཚོན་རྣོན་པོས་ཀྱང་གནོད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པ་བདུན་པོ་སྟོང་པ་ཡིན་པས་ཐོགས་པ་མེད་པའི་ཕྱིར་རོ། །སྲོག་ཀྱང་གཅད་ཏུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། གསོད་པའང་མེད་ལ། འཆི་བའང་མེད། བྱས་པ་མེད། མྱོང་བའང་མེད། གཤད་པའང་མེད། ཉན་པའང་མེད། རྟོགས་པའང་མེད། སྟོན་པའང་མེད་དོ་ཞེས་རྟག་ཏུ་ཆོས་དེ་དག་འཆད་དེ། སེམས་ཅན་མང་པོའི་ཁ་ན་མ་ཐོ་བའི་སྡིག་པ་ཐམས་ཅད་ཞི་བར་བྱེད་པའི་སློབ་དཔོན་ཆེན་པོ་ད་ལྟར་རྒྱལ་པོའི་ཁབ་ན་བཞུགས་ཀྱི། རྒྱལ་པོ་ཆེན་པོ། སློབ་དཔོན་ཆེན་པོ་གང་ན་བ་དེར་གཤེགས་སུ་གསོལ། མཐོང་བ་ཙམ་གྱིས་སྡིག་པ་ཐམས་ཅད་འབྱང་བར་འགྱུར་རོ། །རྒྱལ་པོས་སྨྲས་པ། དེ་ལྟར་ངེས་པར་བདག་གིས་སྡིག་པ་
Ka455b
མེད་པར་བྱེད་ནུས་ན་ལྟ་དེ་ལ་སྐྱབས་སུ་འགྲོ་བར་བྱའོ། །གཞན་ཡང་བློན་པོ་བདེན་པ་ཐོབ་ཅེས་བྱ་བ་ཞིག་རྒྱལ་པོ་གང་ན་བར་འོངས་ནས་ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ། ། རྒྱལ་པོ་ཆེན་པོ་ཅི་ཡི་ཕྱིར། །ལུས་ཀྱི་རྒྱན་ཡང་ཐམས་ཅད་བཀྲོལ། །དབུ་ཡི་སྐྲ་ཡང་འཛིངས་པ་འདི། །ཅི་ཡི་སླད་དུ་དེ་ལྟར་གྱུར། །ཅིའི་ཕྱིར་ད་ལྟར་རྒྱལ་པོའི་ལུས། །མི་བདེ་འགུལ་ཞིང་འདར་བ་ནི། །མེ་ཏོག་ཆགས་པའི་ཤིང་རྣམས་ལ། །ཤིན་ཏུ་རླུང་གིས་བཏབ་པ་བཞིན། །རྒྱལ་པོ་འདི་ལྟར་ཤིན་ཏུ་ངོམ་ཟུང་གནག་པ་ནི། ཇི་ལྟར་ཞིང་པ་དག་ས་བོན་བཏབ་ནས་ཆར་པ་མ་བབས་ན་མྱ་ངན་བྱེད་པ་བཞིན་དུ་མྱ་ངན་བྱེད་པ་འདི་འོན་ཏེ་ལུས་ནའམ། སེམས་ན་བར་གྱུར། རྒྱལ་པོས་སྨྲས་པ། བདག་གི་ལུས་དང་སེམས་མི་ན་བའི་གཏོལ་ག་ལ་ཞིག་ཡོད། རྒྱལ་པོ་ཡབ་བདག་ལ་ཤིན་ཏུ་བྱམས་ཤིང་བརྩེ་བས་ཉེས་པའི་སྐྱོན་མེད་དེ། ཐོག་མ་མཚན་མཁན་ལ་བསྟན་པ་ན། མཚན་མཁན་གྱིས་ཀྱང་ཁྱོད་ཀྱི་བུ་སྐྱེས་ནས་ཕ་གསོད་པར་འགྱུར་རོ་ཞེས་སྨྲས་ཏེ།་དེ་སྐད་ཅེས་ཐོས་མོད་ཀྱི། འོན་ཀྱང་གསོས་སོ། །མཁས་པ་ཤེས་རབ་ཅན་ལས་སྔོན་འདི་སྐད་ཅེས་ཐོས་ཏེ། གང་ཞིག་མ་ལ་མི་ཚངས་པར་སྤྱད་དམ། དགེ་སློང་མ་ལ་མི་ཚངས་པར་སྤྱད་དམ། དགེ་འདུན་གྱི་ནོར་བརྐུས་སམ། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་བསད་དམ། ཕ་བསད་ན་གང་ཟག་དེ་ནི་གདོན་མི་ཟ་བར་མཚམས་མེད་པའི་སེམས་ཅན་
Ka456a
༄#། །དམྱལ་བར་ལྟུང་ཞེས་ཐོས་ན། བདག་ད་ལུས་དང་སེམས་མི་ན་བའི་གཏོལ་ག་ལ་ཡོད། བློན་པོ་ཆེན་པོ་དེས་སྨྲས་པ། རྒྱལ་པོ་ཆེན་པོ། རེ་ཞིག་མྱ་ངན་མ་བྱེད་ཅིག་།རྒྱལ་པོ་ཡབ་རྣམ་པར་གྲོལ་བའི་ལམ་ལ་ནན་ཏན་བྱེད་པ་ཞིག་ཡིན་པ་ལས་བསད་ན་སྡིག་པར་འགྱུར་རོ། །གལ་ཏེ་རྒྱལ་པོའི་སྲིད་ཀྱི་ཕྱིར་བསད་ན་སྡིག་པར་མི་འགྱུར་རོ། །རྒྱལ་པོ་ཆེན་པོ། ཆོས་མ་ཡིན་པ་ནི་ཆོས་མ་ཡིན་པ་ཞེས་བྱའོ། །ཆོས་མེད་པའང་ཆོས་མེད་པ་ཞེས་བྱ་སྟེ། དཔེར་ན། བུ་མེད་པ་ལ་བུ་ཡོད་དོ་ཞེས་བྱ་བ་དང་འདྲ་བར། བུ་ངན་པ་ཡོད་པ་ལ་བུ་མེད་པ་ཞེས་བྱ་སྟེ། དེ་ལྟར་བུ་མེད་པའོ་ཞེས་བྱ་མོད་ཀྱི། ཡང་དག་པར་ན་བུ་མེད་པ་མ་ཡིན་ནོ། །དཔེར་ན། ཟས་ཀྱི་ནང་ན་ལན་ཚཝ་མེད་ན་ལན་ཚཝ་མེད་དོ་ཞེས་བྱ་བ་དང་འདྲ་བར། ལན་ཚཝ་མི་བྲོ་ནའང་ལན་ཚཝ་མེད་དོ་ཞེས་བྱ་བ་དང ། དཔེར་ན། ཆུ་མེད་པ་ལ་ཆུ་མེད་དོ་ཞེས་བྱ་བ་དང ། འདྲ་བར། ཆུ་ཅུང་ཟད་ཡོད་པ་ལའང་ཆུ་མེད་དོ་ཞེས་བྱ་བ་དང ། དཔེར་ན། སྐད་ཅིག་སྐད་ཅིག་ཙམ་གྱིས་འགག་པ་ལའང་མི་རྟག་ཅེས་བྱ་བ་དང ། གལ་ཏེ་བསྐལ་བའི་བར་དུ་གནས་ནའང་མི་རྟག་གོ་ཞེས་བྱ་བ་དང ། དཔེར་ན། མི་ཞིག་སྡུག་བསྔལ་མྱོང་ན་བདེ་བ་མེད་དོ་ཞེས་བྱ་བ་དང་འདྲ་བར་དགའ་བ་ཅུང་ཟད་ཙམ་མྱོང་བའང་དེ་ལ་བདེ་བ་མེད་པ་ཞེས་བྱ་བ་དང ། དཔེར་ན། དབང་དུ་མ་གྱུར་པ་ལ་
Ka456b
ནི་ང་རྒྱལ་མེད་དོ་ཞེས་བྱ་བ་དང་འདྲ་བར་དབང་ཅུང་ཟད་ཙམ་ཡོད་ཀྱང་ང་རྒྱལ་མེད་པའི་ཞེས་བྱ་བ་དང ། དཔེར་ན། ནམ་སྲོས་ན་ཉི་མ་མེད་དོ་ཞེས་བྱ་བ་དང་འདྲ་བར། ཉི་མ་སྤྲིན་གྱིས་ཆོད་ནའང་ཉི་མ་མེད་དོ་ཞེས་བྱ་སྟེ། རྒྱལ་པོ་ཆེན་པོ། ཆོས་ཅུང་ཟད་ཙམ་ཡོད་པ་ལའང་ཆོས་མེད་པ་ཞེས་བྱ་སྟེ། ཡང་དག་པར་ན་ཆོས་མེད་པ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ། བདག་གིས་གསོལ་བའི་ཚིག་འདི་ཉོན་ཅིག་།སེམས་ཅན་ཐམས་ཅད་ལ་ལས་ལྷག་མ་ཞེས་བྱ་བ་ཡོད་དེ། ལས་ཀྱིས་དབང་གིས་ཡང་དང་ཡང་དུ་འཁོར་བར་འཁོར་བར་གྱུར་ཏོ། །གལ་ཏེ་རྒྱལ་པོ་ཡབ་ལའང་ལས་ལྷག་མ་ཞེས་བྱ་བ་ཡོད་ན། ད་རྒྱལ་པོས་བསད་ཀྱང་སྡིག་པར་མི་འགྱུར་རོ། །རྒྱལ་པོ་ཆེན་པོ། རེ་ཞིག་མྱ་ངན་བསང་དུ་གསོལ། །དེ་ཅིའི་ཕྱིར་ཞེ་ན། རྟག་ཏུ་མྱ་ངན་གང་བྱེད་པ། །མྱ་ངན་ཕྱིར་ཞིང་སྐྱེ་བར་འགྱུར། །ཇི་ལྟར་གཉིད་ལ་དགའ་བ་ཡང ། ཕྱིར་ཞིང་དེ་བཞིན་གཉིད་ཆེར་འགྱུར། །དེ་བཞིན་འདོད་ཆགས་སྲེད་པ་དང ། །ཆང་དད་ཆེ་བའང་རིག་པར་བྱ། །རྒྱལ་པོ་གསུང་བ་ལྟར་འཇིག་རྟེན་ན་ལུས་དང་སེམས་ཀྱི་ནད་གསོ་བའི་སྨན་པ་མེད་ཅེས་བྱར་མི་རུང་སྟེ། ད་ལྟར་སྟོན་པ་ཆེན་པོ་བེ་ར་ཏའི་བུ་ཀུན་རྒྱལ་ཞེས་བྱ་བ་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། ཤེས་རབ་རྒྱ་མཚོ་ལྟར་ཤིན་ཏུ་ཟབ་ཅིང་ཡངས་པ། གཟི་བརྗིད་ཆེན་པོ་དང་ལྡན་པ། མངོན་པར་ཤེས་པ་ཆེན་པོ་དང་ལྡན་ཞིང་སེམས་ཅན་ཐམས་ཅད་
Ka457a
༄#། །ཐེ་ཚོམ་གྱི་དྲ་བ་ལས་འདོན་པ། སེམས་ཅན་ཐམས་ཅད་ཀྱིས་མི་ཤེས་མི་མཐོང་མི་རྟོགས་པའི་ཆོས་ཐམས་ཅད་སྟོན་པ་ཆེན་པོ་དེ་གཅིག་པུས་མཁྱེན་ཅིང་གཟིགས་པས་ད་ལྟར་རྒྱལ་པོའི་ཁབ་ན་གནས་ཤིང་ཉེ་གནས་མང་པོ་ལ་འདི་སྐད་དུ་ཆོས་སྟོན་ཏོ། །འཁོར་མང་པོའི་ནང་དུ་གལ་ཏེ་རྒྱལ་པོ་དབང་དུ་གྱུར་པ་དག་ཡིད་བཞིན་དུ་དགེ་བ་དང ། སྡིག་པའི་ལས་བྱེད་པ་དེ་སྡིག་པ་མང་པོ་བྱས་ཀྱང་ཁ་ན་མ་ཐོ་བའི་སྡིག་པར་མི་འགྱུར་རོ། །དཔེར་ན། མེ་ཆེན་པོས་འཚིག་པ་ན་གཙང་བའམ་མི་གཙང་བ་ཞེས་བྱ་བ་མེད་དེ། རྒྱལ་པོའང་དེ་དང་འདྲའོ། །དཔེར་ན། ས་ཆེན་པོ་ནི་གཙང་བ་དང་མི་གཙང་བ་ཐམས་ཅད་ཀྱི་གནས་སུ་གྱུར་ཏེ། དེ་ལྟ་བུའི་ལས་བྱེད་ཀྱང་ཞེ་སྡང་བ་དང་དགའ་བ་མེད་དོ། །རྒྱལ་པོ་ཆེན་པོའང་ས་ཆེན་པོ་དང་འདྲ་སྟེ། ཞེ་སྡང་བ་དང་དགའ་བ་ཞེས་བྱ་བ་མེད་དོ། །དཔེར་ན། ཆུ་དང་བ་ནི་གཙང་བ་དང་མི་གཙང་བ་ཐམས་ཅད་བཀྲུས་ཀྱང་དེ་ལ་དགའ་བ་དང་མི་དགའ་བ་མེད་དེ། རྒྱལ་པོ་ཆེན་པོའང་ཆུ་དང་འདྲའོ། །དཔེར་ན། རླུང་ནི་གཙང་བ་དང་མི་གཙང་བ་ཐམས་ཅད་འཕྱག་གོ་།དེ་ལྟར་དེ་ལྟ་བུའི་ལས་བྱེད་ཀྱང་དེ་ལ་ནི་དགའ་བ་དང་མི་དགའ་བ་མེད་དེ། རྒྱལ་པོ་ཆེན་པོའང་རླུང་དང་འདྲའོ། །དཔེར་ན། སྟོན་ཤིང་བཅད་ན་དབྱར་ཕྱིར་སྐྱེའོ། །དེ་ལྟར་ཤིང་བཅད་ཀྱང་ཡང་དག་པར་ན་
Ka457b
སྡིག་པར་མི་འགྱུར་བ་དང་འདྲ་བར་སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། འདི་ནས་ཚེ་འཕོས་ནས་ཕྱིར་མང་འདིར་སྐྱེའོ། །དེ་ལྟར་ཕྱིར་ཡང་འདིར་སྐྱེ་བས་ན་སྡིག་པར་མི་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་བདེ་བའི་འབྲས་བུ་རྣམ་པར་སྨིན་པ་བདག་ལ་དབང་མེད་དེ། ད་ལྟར་གྱི་དུས་ན་ལས་རྣམ་པར་སྨིན་པའང་སྔོན་འདས་པའི་དུས་ཀྱི་རྒྱུ་ལ་རག་ལུས་ཏེ། ད་ལྟར་གྱི་དུས་ན་རྣམ་པར་སྨིན་པ་ནི་ད་ལྟར་གྱི་དུས་ན་རྒྱུ་མེད་དེ། མ་འོངས་པའི་དུས་ནའང་འབྲས་བུ་རྣམ་པར་སྨིན་པ་མེད་དོ། །ད་ལྟར་གྱི་འབྲས་བུ་ཉིད་སྨིན་པས་ན། སོ་སོའི་སྐྱེ་བོ་དག་ཚུལ་ཁྲིམས་སྲུང་བ་དང ། བརྩོན་འགྲུས་རྩོམ་པའང་ད་ལྟར་གྱི་དུས་ཀྱི་སྡིག་པར་འགྱུར་བའི་འབྲས་བུ་བཟློག་པའི་ཕྱིར་རོ། །ཚུལ་ཁྲིམས་བསྲུངས་པས་ཟག་པ་མེད་པར་འགྱུར་རོ། །ཟག་པ་མེད་པས་ཟག་པ་དང་བཅས་པའི་ལས་མེད་པར་འགྱུར་རོ། །དེ་ལྟར་ལས་ཟད་པས་ན་སྡུག་བསྔལ་མང་པོའང་ཟད་པར་འགྱུར་རོ། །སྡུག་བསྔལ་མང་པོ་ཟད་པས་ན་རྣམ་པར་གྲོལ་བར་འགྱུར་རོ་ཞེས་སྟོན་པ་དེའི་གན་དུ་མྱུར་དུ་བཞུད་ཅིག་།ལུས་དང་སེམས་སྡུག་བསྔལ་བར་འགྱུར་བའི་ནད་ཀྱང་འཚོ་ལ། དེ་དང་ཕྲད་ན་སྡིག་པའང་ཡོངས་སུ་འབྱང་བར་འགྱུར་རོ། །རྒྱལ་པོ་ཆེན་པོས་སྨྲས་པ། དེ་ལྟར་བདག་གི་སྡིག་པ་ངེས་པར་འབྱང་བར་འགྱུར་ན་ལྟ་དེ་ལ་སྐྱབས་སུ་འགྲོ་བར་བྱའོ་ཞེས་སྨྲས་སོ། །དེ་ནས་ཡང་བློན་པོ་
Ka458a
༄#། །ཆེན་པོ་དོན་ཐམས་ཅད་ཤེས་པ་ཞེས་བྱ་བ་ཞིག་རྒྱལ་པོའི་དྲུང་དུ་འོངས་ནས་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཆེན་པོ། ཅིའི་ཕྱིར་འདི་ལྟར་ངོ་འཛུམ་གནག་ཅིང་མདོག་མེད་པ་ནི་ཇི་ལྟར་རྒྱལ་པོ་སྲིད་སྟོར་བའམ། ཆུ་མིག་བསྐམས་པའམ། མེ་ཏོག་པདྨོ་མེད་པའི་རྫིང་ངམ། མེ་ཏོག་དང་ལོ་མ་མེད་པའི་ཤིང་ངམ། དགེ་སློང་ཚུལ་ཁྲིམས་ཉམས་པ་དང་འདྲ་བར་གཟི་བརྗིད་མེད་པར་འགྱུར་བ་འདི། འོན་ཏེ་ལུས་སྡུག་བསྔལ་པར་གྱུར་ཏམ། འོན་ཏེ་སེམས་སྡུག་བསྔལ་བར་གྱུར། རྒྱལ་པོས་སྨྲས་པ། ངའི་ལུས་དང་སེམས་ད་ལྟར་སྡུག་བསྔལ་མེད་པའི་གཏོལ་ག་ལ་ཞིག་ཡོད། བདག་གི་ཡབ་རྒྱལ་པོ་བདག་ལ་བྱམས་བརྩེབས། རྟག་ཏུ་རབ་ཏུ་བདེ་བ་ཐམས་ཅད་ཀྱིས་བདག་ལ་བདེ་བར་བྱེད་པ་ལས་བདག་གིས་བྱམས་པའི་དྲིན་མ་དྲན་ནས་རྒྱལ་པོ་ཡབ་ཉེས་པ་མེད་པ་བདག་གིས་བསད་དོ། །བདག་གིས་སྔོན་མཁས་པ་ཤེས་རབ་ཅན་དག་ལས་ཐོས་ན། གལ་ཏེ་ཕ་བསད་པར་གྱུར་ན། གདོན་མི་ཟ་བར་བསྐལ་པ་གྲངས་མེད་པའི་བར་དུ་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་ཞེས་ཐོས་ན། བདག་ནི་རིང་པོ་མི་ཐོགས་པར་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་དུ་ངེས་ཏེ། བདག་གི་སྡིག་པ་འདི་གསོ་བའི་སྐྱབས་སུ་འགྱུར་བ་མེད་དོ། །བློན་པོ་དེས་སྨྲས་པ། རྒྱལ་པོ་ཆེན་པོ། རེ་ཞིག་མྱ་ངན་མ་བྱེད་ཅིག་།ཅི་རྒྱལ་པོས་མ་
Ka458b
ཐོས་སམ། སྔོན་རྒྱལ་པོ་ལམ་པ་ཞེས་བྱ་བས་ཕ་བསད་དེ། རྒྱལ་པོའི་སྲིད་བཟུང་ངོ ། །རྒྱལ་པོ་བདེ་ཞེས་བྱ་བ་དང ། རྒྱལ་པོ་བྱི་ལ་ཙི་ན་དང ། རྒྱལ་པོ་ན་ཧོ་ཤ་དང ། རྒྱལ་པོ་ཀ་ཏ་ཀ་དང ། རྒྱལ་པོ་བྱི་ཤ་ཀ་དང ། རྒྱལ་པོ་ཟླ་འོད་དང ། རྒྱལ་པོ་ཉི་འོད་དང ། རྒྱལ་པོ་འོད་ལྡན་དང ། རྒྱལ་པོ་འགྲོ་བ་མང་པོ་འཛིན་ལ་སོགས་པ་རྒྱལ་པོ་དེ་དག་ཀྱང་ཕ་བསད་ནས། རྒྱལ་པོའི་སིད་བཟུང་ཡང ། རྒྱལ་པོ་དེ་དག་ལས་གཅིག་ཙམ་ཡང་སེམས་ཅན་དམྱལ་བར་ལྟུང་བ་མེད་དོ། །ད་ལྟར་གྱི་རྒྱལ་བོ་བཻ་ཌཱུ་རྱ་དང ། རྒྱལ་པོ་ཨོ་ཏན་དང ། རྒྱལ་པོ་གཏུམ་པ་དང ། རྒྱལ་པོ་བྱི་བ་དང ། རྒྱལ་པོ་པདྨོ་ལ་སོགས་པ་རྒྱལ་པོ་དེ་དག་ཀྱང་ཕ་བསད་ནས་རྒྱལ་པོའི་སྲིད་བཟུང་སྟེ། གཅིག་ཀྱང་མྱ་ངན་བྱེད་པ་མེད་དོ། །སེམས་ཅན་དམྱལ་བ་དང ། ཡི་དྭགས་དང ། ལྷར་སྐྱེ་ཞེས་བྱ་བའང་སུས་མཐོང ། རྒྱལ་པོ་ཆེན་པོ། སྲིད་པ་གཉིས་སུ་ཟད་པ་ནི་མི་དང ། བྱོལ་སོང་ངོ ། །དེ་ལྟར་སྲིད་པ་གཉིས་པོའང་རྒྱུ་དང་རྐྱེན་གྱིས་སྐྱེ་བའང་མ་ཡིན་ལ། རྒྱུ་དང་རྐྱེན་གྱིས་འཆི་བའང་མ་ཡིན་ནོ། །དེ་ལྟར་རྒྱུ་རྐྱེན་མེད་པས་ན་དགེ་བ་དང ། སྡིག་པ་ག་ལ་ཞིག་ཡོད། རྒྱལ་པོ་ཆེན་པོ། མྱ་ངན་མ་བྱེད་ཅིག་།དེ་ཅིའི་ཕྱིར་ཞེ་ན། རྟག་ཏུ་མྱ་ངན་གང་བྱེད་པ། །མྱ་ངན་ཕྱིར་ཞིང་སྐྱེ་བར་འགྱུར། །ཇི་ལྟར་གཉིད་ལ་དགའ་བ་ཡང ། །ཕྱིར་ཞིང་དེ་བཞིན་གཉིད་ཆེར་འགྱུར། །དེ་བཞིན་འདོད་ཆགས་སྲེད་པ་དང ། །ཆང་དད་ཆེ་བའང་རིག་པར་བྱ། །རྒྱལ་
Ka459a
༄#། །པོ་གསུང་བ་ལྟར་འཇིག་རྟེན་ན་ལུས་དང་སེམས་གསོ་བའི་སྨན་པ་མཁས་པ་མེད་ཅེས་བྱ་བ་མི་རུང་སྟེ། ད་ལྟར་སྟོན་པ་ཆེན་པོ་ཀཱ་ཏྱའི་བུ་ནོག་ཅན་ཞེས་བྱ་བ་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། ས་ཆེན་པོ་དང་འདྲ་བ། གསེར་དང་ས་ལ་བྱེ་བྲག་མི་འབྱེད་པ། རྩིབ་ལོགས་གཡས་པ་ནས་ཙནྡན་གྱི་ལྡེ་གུ་སྐུད་པ་དང ། རྩིབ་ལོགས་གཡོན་པ་ན་རྡོ་དབྱུག་དང་མཚོན་ཆ་ཐོགས་ཏེ་འཚོག་ཀྱང་དེ་གཉིས་ཀ་ལ་ཁྱད་པར་མེད་པ། བྱམས་པ་དང་སྡང་བ་ལ་སེམས་མཉམ་པ། སྟོན་པ་ཡང་དག་པ་འཇིག་རྟེན་གྱི་སྨན་པ་མཁས་པར་གྱུར་པ། གལ་ཏེ་འགྲོའམ། འདུག་གམ། སྡོད་དམ། ཉལ་ཡང་རྟག་ཏུ་ཏིང་ངེ་འཛིན་ལ་སེམས་མཉམ་པར་འཇོག་སྟེ། མ་འཁྲུགས་པའི་སྟོན་པ་ཆེན་པོ་དེ་ད་ལྟ་ཉེ་གནས་མང་པོ་ལ་འདི་སྐད་ཅེས་ཆོས་སྟོན་ཏོ། །གལ་ཏེ་བདག་གིས་བྱས་སམ། གཞན་བྱེད་དུ་བཅུག་གམ། གལ་ཏེ་བདག་གིས་བསད་དམ། གཞན་གསོད་དུ་བཅུག་གམ། གལ་ཏེ་བདག་གིས་བསྲེགས་སམ། གཞན་སྲེག་ཏུ་བཅུག་གམ། གལ་ཏེ་བདག་གིས་གཙེས་སམ། གཞན་འཚེར་བཅུག་གམ། གལ་ཏེ་བདག་གིས་བརྐུས་སམ། གཞན་རྐུར་བཅུག་གམ། གལ་ཏེ་བདག་ཀྲིས་མི་ཚངས་པར་སྤྱད་དམ། གཞན་མི་ཚངས་པར་སྤྱོད་དུ་བཅུག་གམ། གལ་ཏེ་བདག་གིས་བརྫུན་དུ་སྨྲས་སམ། གཞན་བརྫུན་ཟེར་དུ་བཅུག་
Ka459b
གམ། གལ་ཏེ་བདག་གིས་ཆང་འཐུངས་སམ། གཞན་ཆང་འཐུང་དུ་བཅུག་གམ། གལ་ཏེ་བདག་གིས་གྲོང་ཁྱེར་གཅིག་གམ། གྲོང་རྡལ་གཅིག་གམ། ཡུལ་གཅིག་གི་མི་བསད་དམ། གལ་ཏེ་རལ་གྲིའི་འཁོར་ལོས་སེམས་ཅན་ཐམས་ཅད་བསང་དམ། གལ་ཏེ་ཀླུང་གངྒཱའི་ལྷོ་ཕྱོགས་ཀྱི་སེམས་ཅན་ཐམས་ཅད་ལ་སྦྱིན་པ་བྱིན་པ་དང ། ཀླུང་གངྒཱའི་བྱང་ཕྱོགས་ཀྱི་སེམས་ཅན་ཐམས་ཅད་བསད་ཀྱང་དེ་གཉིས་ལ་སྡིག་པ་དང ། བསོད་ནམས་སུ་འགྱུར་བ་མེད་དེ། སྦྱིན་པ་དང ། ཚུལ་ཁྲིམས་དང ། ཏིང་ངེ་འཛིན་མེད་དོ་ཞེས་སྟོན་པ་དེ་ད་ལྟར་རྒྱལ་པོའི་ཁབ་ན་བཞུགས་ཀྱི། རྒྱལ་པོ་ཆེན་པོ། མྱུར་དུ་སྟོན་པ་ཆེན་པོ་དེའི་གན་དུ་བཞུད་ཅིག་།གལ་ཏེ་དེ་དང་ཕྲད་ན་སྡིག་པ་ཡོངས་སུ་བྱང་བར་འགྱུར་རོ། །རྒྱལ་པོས་སྨྲས་པ། གལ་ཏེ་ཡང་དག་པར་དེ་ལྟར་བདག་གི་སྡིག་པ་འབྱང་བར་འགྱུར་ན་ལྟ་དེ་ལ་སྐྱབས་སུ་འགྲོ་བར་བྱའོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་རྩ་དྲུག་པ། དེ་ནས་ཡང་བློན་པོ་བཀྲ་ཤིས་ཞེས་བྱ་བས་རྒྱལ་པོ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཆེན་པོ། ཅིའི་ཕྱིར་འདི་ལྟར་ངོ་འཛུམ་གནག་ཅིང་མ་དོག་ཀྱང་མེད་པ་ནི། ཇི་ལྟར་ཉི་མ་ལ་མར་མེ་བཞག་པའམ། ཉིན་པར་གྱི་ཟླ་བའམ། སྲིད་སྟོར་བའི་རྒྱལ་པོའམ། ས་རུབ་པ་དང་འདྲ་བར་གྱུར། རྒྱལ་པོ་ཆེན་
Ka460a
༄#། །པོ་ལ་ནི་ད་ལྟར་ཕྱོགས་བཞི་ནས་ཕས་རྒོལ་བའི་དགྲའང་མེད་ན། ཅིའི་ཕྱིར་འདི་ལྟར་མྱ་ངན་བྱེད་ཅིང་སྡུག་བསྔལ་གྱིས་ནོན་པར་གྱུར། རྒྱལ་པོ་ཆེན་པོ། འོན་ཏེ་ལུས་སྡུག་བསྔལ་བར་གྱུར་ཏམ། འོན་ཏེ་སེམས་སྡུག་བསྔལ་བར་གྱུར། རྒྱལ་བུ་དག་རྟག་ཏུ་འདི་སྙམ་དུ་སེམས་ཏེ། བདག་ནམ་ཞིག་གི་དུས་ན་དབང་དུ་གྱུར་པའི་རྒྱལ་པོར་འགྱུར་ཞིང་ཐམས་ཅད་ལ་དབང་སྒྱུར་སྙམ་སེམས་སོ། །རྒྱལ་པོ་ཆེན་པོ་ནི་དེ་ལྟར་བསམས་པ་བཞིན་གྲུབ་སྟེ། དེ་ལྟར་ཡུལ་དབུས་འགྱུར་འཆང་གི་རྒྱལ་པོར་ཡང་གྱུར་ལ། རིན་པོ་ཆེའི་མཛོད་མང་པོའང་དབང་བར་གྱུར་ཏེ། ཡིད་བཞིན་དུ་བདེ་བ་ལ་ལོངས་སྤྱོད་ན་འདི་ལྟར་མྱ་ངན་གྱིས་ནོན་ཅིང་སྡུག་བསྔལ་བར་མ་བྱེད་ཅིག་།རྒྱལ་པོས་སྨྲས་པ། བདག་གིས་མྱ་ངན་མི་བྱ་བའི་གཏོལ་ག་ལ་ཞིག་ཡོད། བློན་པོ་ཆེན་པོ། དཔེར་ན། མི་གླེན་པ་མི་ཤེས་པ་ནི་ཟས་ལ་ཆགས་པའི་ཕྱིར་མཚོན་རྣོན་པོའང་མི་མཐོང་ངོ ། །ཟས་ཀྱི་ནང་དུ་དུག་བླུགས་ཀྱང་དུག་ཡོད་པར་མི་ཤེས་པ་དང་འདྲ་བར་བདག་ཀྱང་དེ་དང་འདྲའོ། །དཔེར་ན། ཤ་བ་རྩཝ་མཐོང་ན་རླུབས་མི་མཐོང་ངོ ། །དཔེར་ན། བྱི་བ་ཟས་ལ་ཆགས་ན་བྱི་ལ་མི་མཐོང་བ་དང་འདྲ་བར་བདག་ཀྱང་དེ་དང་འདྲ་སྟེ། ད་ལྟར་གྱི་བདེ་བ་འབའ་ཞིག་མཐོང་ནས་མ་འོངས་པའི་མི་དགེ་བའི་འབྲས་བུ་རྣམ་པར་སྨིན་པ་ནི་མ་མཐོང་ངོ ། །སྔོན་མཁས་པ་ཤེས་རབ་ཅན་ལས་འདི་སྐད་ཅེས་
Ka460b
ཐོས་ཏེ། ཉིན་གཅིག་ཅིང་ལུས་ལ་མཚོན་ཤཀྟི་སུམ་བརྒྱ་བཙུགས་ཀྱང་སླའི། ཕ་དང་མ་ལ་སྐད་ཅིག་ཙམ་ཡང་ངན་སེམས་མི་བསྐྱེད་དོ། །བདག་ནི་སེམས་ཅན་དམྱལ་བའི་མེ་ཤིན་ཏུ་འབར་བ་དང་རབ་ཏུ་ཉེ་བར་གྱུར་ན། མྱ་ངན་མི་བྱེད་པའི་གཏོལ་ག་ལ་ཞིག་ཡོད། བློན་པོ་དེས་ཡང་གསོལ་པ། སེམས་ཅན་དམྱལ་བ་ཡོད་དོ་ཞེས་རྒྱལ་པོ་ལ་སུ་ཞིག་གིས་འདི་སྐད་ཅེས་བརྫུན་དུ་སྨྲས། དཔེར་ན། ཚེར་མ་རང་བཞིན་གྱིས་རྣོ་བ་སུས་བཞོགས། བྱའི་འདབ་མ་སེར་པོར་འདུག་པ་སུས་བྱས། ཆུ་རང་བཞིན་གྱིས་གཤེར་བ་དང ། རྡོ་རང་བཞིན་གྱིས་སྲ་བ་དང ། རླུང་རང་བཞིན་གྱིས་གཡོ་བ་དང ། མེ་རང་བཞིན་གྱིས་ཚ་བ་དང་འདྲ་སྟེ། དངོས་པོ་འདི་དག་ཐམས་ཅད་ཀྱང་རང་སྐྱེས་རང་འཆི་སྟེ། སུ་ཞིག་གིས་བྱས། སེམས་ཅན་དམྱལ་བ་ཞེས་བྱ་བའང ། མཁས་པ་ཤེས་རབ་ཅན་ཚིག་ལ་མཁས་པ་དག་གིས་རང་བཟོར་བྱས་སོ། །དམྱལ་བ་ཞེས་བྱ་བ་ལ་དོན་ཅི་ཞིག་ཡོད། བློན་པོ་ཁྱོད་ཀྱིས་ང་ལ་སྨྲོས་ཤིག་།དམྱལ་ཞེས་བྱ་བ་ནི་དམྱལ་བའོ། །བ་ཞེས་བྱ་བ་ནི་བཅོམ་པའོ། །དམྱལ་བ་བཅོམ་ནས་སྡིག་པའི་རྣམ་པར་སྨིན་པ་མེད་པས་ན་སེམས་ཅན་དམྱལ་བ་ཞེས་བྱའོ། །གཞན་ཡང་དམྱལ་ཞེས་བྱ་བ་ནི་མིའོ། །བ་ཞེས་བྱ་བ་ནི་ལྷའོ། །ཕ་བསད་དེ་ལྷ་དང་མིར་སྐྱེ་བར་བྱེད་པ་དེ་བས་ན་དྲང་སྲོང་བ་སུ་ཞེས་བྱ་བའང་འདི་སྐད་ཅེས་སྟོན་ཏེ། ལུས་བསྲེགས་ན་ལྷ་དང་མིའི་བདེ་བ་ཐོབ་པས་
Ka461a
༄#། །དམྱལ་བ་ཞེས་བྱའོ། །གཞན་ཡང་དམྱལ་ཞེས་བྱ་བ་ནི་ཚེ། བ་ཞེས་བྱ་བ་ནི་རིང་བའོ། །དེ་ལྟར་སྲོག་བཅད་ན་ཚེ་རིང་བར་འགྱུར་བས་དམྱལ་བ་ཞེས་བྱའོ། །དེ་བས་ན།་རྒྱལ་པོ་ཆེན་པོ། ཡང་དག་པར་ན་སེམས་ཅན་དམྱལ་བ་ཞེས་བྱ་བ་མེད་དོ། །རྒྱལ་པོ་ཆེན་པོ། དཔེར་ན། ནས་ཀྱི་ས་བོན་བཏབ་ན་ནས་སྐྱེ་ལ། འབྲས་ཀྱི་ས་བོན་བཏབ་ན་འབྲས་སྐྱེ་སྟེ། དམྱལ་བ་བསད་ན་ཕྱིར་ཡང་དམྱལ་བ་ཐོབ་ལ། མི་བསད་ན་ཕྱིར་ཡང་མིར་འགྱུར་དུ་ངེས་སོ། །རྒྱལ་པོ་བདག་སྨྲ་བའི་ཚིག་ཉོན་ཅིག་།ཡང་དག་པར་ན་བསད་པ་ཞེས་བྱ་བ་མེད་དོ། །གལ་ཏེ་བདག་ཅེས་བྱ་བ་ཡོད་པ་ཞིག་ཡིན་ན་བསད་པར་ཡང་མི་འགྱུར་རོ། །གལ་ཏེ་བདག་ཅེས་བྱ་བ་མེད་ན་བསད་པའང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཅི་སྟེ་བདག་ཅེས་བྱ་བ་ཡོད་ན་ནི། རྟག་པ་མི་འགྱུར་མི་འཕོ་བ་ཡིན་ནོ། །དེ་ལྟར་རྟག་ཅིང་མི་འགྱུར་མི་འཕོ་བ་ཡིན་པས་བསད་དུའང་མེད་ལ། མི་འཇིག་པ། མི་རྟག་པ། མ་བཅིངས་བར་ཞེ་སྡང་མེད་པ། དགའ་བ་མེད་པ་སྟེ། ནམ་མཁའ་ལྟ་བུ་ཡིན་པ་ལ། བསད་པའི་སྡིག་ཏུ་འགྱུར་བ་ལྟ་ག་ལ་ཞིག་ཡོད། ཅི་སྟེ་བདག་ཅེས་བྱ་བ་མེད་པ་ཞིག་ཡིན་ན། ཆོས་ཐམས་ཅད་ཀྱང་མི་རྟག་པ་སྟེ། དེ་ལྟར་ན་མི་རྟག་པ་ཡིན་པས་སྐད་ཅིག་སྐད་ཅིག་གིས་འཇིག་ཅིང་འགོག་གོ་།དེ་ལྟར་སྐད་ཅིག་སྐད་ཅིག་གིས་བགོག་པས་གསོད་པ་དང་ཤི་བའང་སྐད་ཅིག་
Ka461b
སྐད་ཅིག་གིས་འགོག་གོ་།དེ་ལྟར་སྐད་ཅིག་སྐད་ཅིག་གིས་འགོག་ན་སྡིག་པ་དེ་སུ་ཞིག་གིས་མྱོང་བར་འགྱུར། རྒྱལ་པོ་ཆེན་པོ། དཔེར་ན། མེས་ཤིང་ཚིག་ན་མེ་ལ་སྡིག་པ་མེད་དོ། ། སྟ་རེས་ཤིང་བཅད་ན་སྟ་རེ་ལ་སྡིག་པ་མེད་དོ། །ཟོར་བས་རྩཝ་བརྡས་ན་ཟོར་བ་ལ་སྡིག་པ་མེད་དོ། །རལ་གྲིས་མི་བསད་ན་རལ་གྲི་མི་མ་ཡིན་ཏེ། རལ་གྲི་ལ་མི་སྡིག་ན་ཅིའི་ཕྱིར་མི་ལ་སྡིག་པར་འགྱུར། དུག་གིས་མི་བསད་ན་དུག་ཀྱང་མི་མ་ཡིན་ཏེ། དུག་ལ་མི་སྡིག་ན་མི་ལ་ཅིའི་ཕྱིར་སྡིག་སྟེ། དངོས་པོ་ཐམས་ཅད་ཀྱང་དེ་དང་འདྲ་བ་ཡིན་པས་ན་ཡང་དག་པར་བསད་པ་མེད་ན་ཅིའི་ཕྱིར་སྡིག་པར་འགྱུར། རྒྱལ་པོ་ཆེན་པོ། མྱ་ངན་མ་བྱེད་ཅིག་།དེ་ཅིའི་ཕྱིར་ཞེ་ན། རྟག་ཏུ་མྱ་ངན་གང་བྱེད་པ། །མྱ་ངན་ཕྱིར་ཞིང་སྐྱེ་བར་འགྱུར། །ཇི་ལྟར་གཉིད་ལ་དགའ་བ་ཡང ། །ཕྱིར་ཞིང་དེ་བཞིན་གཉིད་ཆེར་འགྱུར། དེ་བཞིན་འདོད་ཆགས་སྲེད་པ་དང ། །ཆང་དད་ཆེ་བའང་རིག་པར་བྱ། །རྒྱལ་པོ་གསུང་བ་ལྟར་འཇིག་རྟེན་ན་ངའི་ཁ་ན་མ་ཐོ་བའི་ལས་སྦྱོང་བའི་སྨན་པ་མཁས་པ་མེད་དོ་ཞེས་བྱ་བ་མི་རིགས་སོ། །ད་ལྟར་སྟོན་པ་ཆེན་པོ་མི་ཕམ་སྐྲའི་ལཝ་བ་ཞེས་བྱ་བ་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། འཇིག་རྟེན་གསུམ་རིག་པ། སྐད་ཅིག་ཡུད་ཙམ་ཐང་ཅིག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་གྲངས་མེད་པ་མཐོང་བ། ཐོས་པའང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཁ་
Ka462a
༄#། །ན་མ་ཐོ་བའི་ཉེས་པ་ཐམས་ཅད་ཡོངས་སུ་སྤོང་བར་བྱེད་པ་ནི། གངྒཱའི་ཀླུང་དང་འདྲ་བར་ཕྱི་ནང་གཉིས་ཀར་ཉེས་པའི་སྐྱོན་མེད་ཅིང་ཡོངས་སུ་དག་པ་དང་འདྲ་བའི་སྟོན་པ་ཆེན་པོའང་སེམས་ཅན་ཐམས་ཅད་ཀྱི་ཕྱི་ནང་གི་ཁ་ན་མ་ཐོ་བའི་ལས་ཐམས་ཅད་སེལ་བ། ད་ལྟར་ཉེ་གནས་རྣམས་ལ་འདི་སྐད་ཅེས་ཆོས་སྟོན་ཏོ། །དེ་ལ་གང་ཞིག་སེམས་ཅན་ཐམས་ཅད་བསད་ཀྱང་ཁྲེལ་པ་དང་འཛེམ་པའི་སེམས་མེད་ན། དེ་ནི་ནམ་དུའང་སེམས་ཅན་དམྱལ་བར་མི་ལྟུང་སྟེ། ཇི་ལྟར་ནམ་མཁའ་ལ་རྡུལ་དང་ཆུ་མི་ཆགས་པ་བཞིན་ནོ། །གང་ཁྲེལ་ཞིང་འཛེམ་པ་དང་ལྡན་པ་ནི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཏེ། དཔེར་ན། ཆུ་ཆེན་པོས་ས་ཐམས་ཅད་རླན་པར་བྱེད་པ་དང་འདྲ་བར་སེམས་ཅན་ཐམས་ཅད་ཀྱང་ལྷ་དབང་སྒྱུར་ཞེས་པ་དེས་བྱས་ཏེ། ལྷ་དབང་སྒྱུར་དགའ་ན་སེམས་ཅན་ཐམས་ཅད་ཀྱང་བདེ་བར་འགྱུར་རོ། །གལ་ཏེ་ལྷ་དབང་སྒྱུར་མི་དགའ་ན་སེམས་ཅན་ཐམས་ཅད་ཀྱང་སྡུག་བསྔལ་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་ཁ་ན་མ་ཐོ་བའི་ལས་དང་བསོད་ནམས་ཀྱང་ལྷ་དབང་སྒྱུར་ཞེས་བྱ་བས་བྱས་པ་ཡིན་ན། དེ་ལ་ཅིའི་ཕྱིར་ཁ་ན་མ་ཐོ་བ་དང་བསོད་ནམས་སུ་འགྱུར་བ་ཡོད་ཅེས་སྨྲ། དཔེར་ན། ཤིང་མཁན་གྱི་ཤིང་གི་འཁྲུལ་འཁོར་གྱིས་མི་བྱས་པ་འགྲོ་བ་དང ། སྡོད་པ་དང ། འདུག་པ་དང ། ཉལ་
Ka462b
བའི་ལས་བྱེད་ཀྱང་སྨྲ་བ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་བར་ལྷ་དབང་སྒྱུར་ཞེས་བྱ་བས་བྱས་ཏེ། ལྷ་དབང་སྒྱུར་ཞེས་བྱ་བ་དེ་ནི་ཤིང་མཁན་ལྟ་བུའོ། །འཁྲུལ་འཁོར་གྱི་མི་ཞེས་བྱ་བ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་ལུས་ལྟ་བུ་ཡིན་ཏེ། དེ་ལ་ཁ་ན་མ་ཐོ་བའི་ལས་སུ་འགྱུར་བ་ག་ལ་ཞིག་ཡོད་ཅེས་སྟོན་པའི་སྟོན་པ་ཆེན་པོ་དེ་ད་ལྟར་རྒྱལ་པོའི་ཁབ་ན་བཞུགས་སོ། །རྒྱལ་པོ་ཆེན་པོ། དེའི་གན་དུ་མྱུར་དུ་བཞུད་ཅིག་དང ། དེ་དང་ཕྲད་ན་སྡིག་པ་ཡོངས་སུ་འབྱང་བར་འགྱུར་རོ། །རྒྱལ་པོས་སྨྲས་པ། དེ་ལྟར་ཡང་དག་པར་བདག་གི་ཁ་ན་མ་ཐོ་བའི་ལས་འབྱང་བར་འགྱུར་ན་ལྟ་དེ་ལ་སྐྱབས་སུ་འགྲོ་བར་བྱའོ། དེ་ནས་ཡང་བློན་པོ་འཇིགས་པ་མེད་པ་ཞེས་བྱ་བ་རྒྱལ་པོ་གང་ན་བར་འོངས་ནས་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཆེན་པོ། འཇིག་རྟེན་ན་གླེན་པ་གཏི་མུག་ཅན་དག་ནི་ཉིན་གཅིག་ལ་ལན་བརྒྱ་ནི་དགའ། ལན་བརྒྱ་ནི་ཁྲོ། ལན་བརྒྱ་ནི་ཉལ། ལན་བརྒྱ་ནི་སད། ལན་བརྒྱ་ནི་དངངས། ལན་བརྒྱ་ནི་དུ། མཁས་པ་ཤེས་རབ་ཅན་ལ་ནི་དེ་ལྟ་བུའི་བག་མེད་ན། རྒྱལ་པོ་ཆེན་པོ། ཅིའི་ཕྱིར་འདི་ལྟར་ཤིན་ཏུ་མྱ་ངན་བྱེད་དེ། དཔེར་ན། མགྲོན་པོ་གྲོགས་སྟོར་བའམ། འདམ་དུ་ནུབ་པ་ལས་སྐྱབས་མེད་པའམ། སྐོམ་པས་གདུངས་པ་ལས་སྐོམ་མེད་པ་ལྟ་བུའམ། འབྲོག་བསླད་པ་ལས་ལམ་སྟོར་བ་ལྟ་བུའམ། ནད་ཚབས་པོ་ཆེ་ལ་གསོ་བའི་སྨན་པ་མཁས་པ་མེད་པའམ།
Ka463a
༄#། །རྒྱ་མཚོར་ཞུགས་པ་ལས་གྲུ་ཞིག་པ་ལས་སྐྱབས་མེད་པ་མེད་ལྟ་བུར་གྱུར་པ་འདི། རྒྱལ་པོ་ཆེན་པོ། ད་ལྟར་ལུས་མི་བདེའམ། སེམས་མི་བདེ། རྒྱལ་པོས་སྨྲས་པ། ལུས་དང་སེམས་བདེ་བའི་གཏོལ་ལྟ་ག་ལ་ཞིག་ཡོད་དེ། བདག་སྡིག་པའི་བཤེས་གཉེན་ལ་བརྟེན་ནས་ངག་གིས་ཉེས་པ་མ་བརྟགས་པས་རྒྱལ་པོ་ཡབ་ཀྱང་བདག་གིས་བསད་པ་ན། བདག་ནི་གདོན་མི་ཟ་བར་སེམས་ཅན་དམྱལ་བར་ལྟུང་ཡང་བདག་ལ་མགོན་དང་སྐྱབས་སུ་འགྱུར་བ་མེད་དོ། །བློན་པོ་དེས་སྨྲས་པ། རྒྱལ་པོ་ཆེན་པོ། དེ་ལྟར་མྱ་ངན་མ་བྱེད་ཅིག་།རྒྱལ་རིགས་ཞེས་བྱ་བ་ནི་རྒྱལ་པོའི་རིགས་ཡིན་ཏེ། གལ་ཏེ་རྒྱལ་པོའི་སྲིད་ཀྱི་ཕྱིར་རམ། དགེ་སློང་ངམ། བྲམ་ཟེའི་ཕྱིར་རམ། འགྲོ་བ་མང་པོ་ལ་བདེ་བར་བྱ་བའི་ཕྱིར་གསོད་པའི་ལས་བྱས་ཀྱང་ཁ་ན་མ་ཐོ་བའི་སྡིག་པ་མེད་དོ། །ཡབ་རྒྱལ་པོ་ནི། དགེ་སྦྱོང་ལ་བསྙེན་བཀུར་བྱེད་ཀྱང ། བྲམ་ཟེ་ལ་བསྙེན་བཀུར་མི་བྱེད་པས། སེམས་མ་སྙོམས་ཏེ། དེ་ལྟར་ན་སེམས་མ་སྙོམས་པས་ན་དེ་ནི་རྒྱལ་རིགས་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་ནི། བྲམ་ཟེ་ལ་བསྙེན་བཀུར་བྱེད་པའི་ཕྱིར་རྒྱལ་པོ་སྔ་མ་བསད་ཀྱང་ཁ་ན་མ་ཐོ་བའི་ལས་མེད་དོ། །རྒྱལ་པོ་ཆེན་པོ། བསད་པ་ཞེས་བྱ་བ་ནི་ཡང་དག་པར་ན་མེད་པ་ཡིན་ནོ། །བསད་པ་ཞེས་བྱ་བ་ནི་འཚོ་བའི་སྲོག་གཅོད་པ་ཡིན་ཏེ། དེ་ལ་འཚོ་བའི་སྲོག་ཅེས་བྱ་
Ka463b
བ་ནི་དབུགས་ཞེས་བྱ་བ་ཡིན་ནོ། །དབུགས་ཞེས་བྱ་བ་ལ་ནི་བཅད་ཅིང་བསད་དུ་མེད་ན། ཅིའི་ཕྱིར་འཚོ་བ་བསད་པ་ལ་ཁ་ན་མ་ཐོ་བའི་སྡིག་ལས་སུ་འགྱུར། རྒྱལ་པོ་ཆེན་པོ། མྱ་ངན་མ་བྱེད་ཅིག་།དེ་ཅིའི་ཕྱིར་ཞེ་ན། རྟག་ཏུ་མྱ་ངན་གང་བྱེད་པ། །མྱ་ངན་ཕྱིར་ཞིང་སྐྱེ་བར་འགྱུར། །ཇི་ལྟར་གཉིད་ལ་དགའ་བ་ཡང ། །ཕྱིར་ཞིང་དེ་བཞིན་གཉིད་ཆེར་འགྱུར། །དེ་བཞིན་འདོད་ཆགས་སྲེད་པ་དང ། །ཆང་དད་ཆེ་བའང་རིག་པར་བྱ། །རྒྱལ་པོ་གསུང་བ་ལྟར་འཇིག་རྟེན་ན་སྨན་པ་མཁས་པ་མེད་དོ་ཞེས་བྱར་མི་རུང་ངོ ། །ད་ལྟ་སྟོན་པ་ཆེན་པོ་གཅེར་བུ་པ་གཉེན་ཀྱི་བུ་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། སེམས་ཅན་ཐམས་ཅད་ལ་བྱམས་པ་བརྩེ་བ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་རྣོ་རྟུལ་ལ་མཁས་པ། ཅི་དང་ཅི་རིགས་པའི་ཐབས་ཤིན་ཏུ་རྟོགས་པ། འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་པ། ཚངས་པར་སྤྱོད་པ་ཤིན་ཏུ་རྣམ་པར་དག་པ། རབ་ཏུ་ཞི་བ་དང་ལྡན་པ་དེ་ད་ལྟར་ཉེ་གནས་རྣམས་ལ་འདི་སྐད་ཅེས་ཆོས་སྟོན་ཏོ། །སྦྱིན་པའང་མེད། དགེ་བའང་མེད། ཕའང་མེད། མའང་མེད། ད་ལྟར་ཡང་མེད། འདས་པའང་མེད། དགྲ་བཅོམ་པའང་མེད། བསྒོམ་པའང་མེད། ལམ་ཡང་མེད་དེ། སེམས་ཅན་ཐམས་ཅད་བསྐལ་པ་བརྒྱད་ཁྲི་འདས་ནས་སྐྱེ་ཤིའི་འཁོར་ལོ་ལས་རང་རྣམ་པར་གྲོལ་བར་འགྱུར་ཏེ། སྡིག་པ་དང་བཅས་པ་དང ། སྡིག་པ་མེད་པའང་ཐམས་ཅད་དེ་དང་
Ka464a
༄#། །འདྲའོ། །དཔེར་ན། ཀླུང་ཆེན་པོ་བཞི་སྟེ། སིནྡྷུ་དང ། གངྒཱ་དང ། པུཀྵུ་དང ། སི་ཏ་ཞེས་བྱ་བ་བཞི་ཆར་ཡང་རྒྱ་མཚོ་ཆེན་པོར་འབབ་སྟེ། ཁྱད་པར་མེད་དོ། །སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། རྣམ་པར་གྲོལ་བའི་དུས་ན་ཐམས་ཅད་ཁྱད་པར་མེད་དོ་།ཞེས་སྟོན་པའི་སྟོན་པ་ཆེན་པོ་དེ་ད་ལྟར་རྒྱལ་པོའི་ཁབ་ན་བཞུགས་ཀྱི། རྒྱལ་པོ་ཆེན་པོ། དེའི་གན་དུ་མྱུར་དུ་བཞུད་ཅིག་དང ། དེ་དང་ཕྲད་ན་ཁ་ན་མ་ཐོ་བའི་ལས་འབྱང་བར་འགྱུར་རོ། །རྒྱལ་པོས་སྨྲས་པ། དེ་ལྟར་བདག་གི་ཁ་ན་མ་ཐོ་བ་ཡང་དག་པར་འབྱང་ན་ལྟ་དེ་ལ་སྐྱབས་སུ་འགྲོ་བར་བྱའོ། །དེའི་ཚེ་སྨན་པ་ཆེན་པོ་འཚོ་བྱེད་ཅེས་བྱ་བ་རྒྱལ་པོ་ཆེན་པོའི་དྲུང་དུ་འོངས་ནས་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ། བདེ་བར་ཉལ་ལམ་ཞེས་སྨྲས་ནས། དེ་ལ་རྒྱལ་པོས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཀུན་ནས་ཉོན་མོངས་པ་ཐམས་ཅད། །གང་གིས་ཡོངས་སུ་གཅོད་ནུས་ལ། །འཇིག་རྟེན་གསུམ་ན་མ་ཆགས་ན། །དེ་དག་བདེ་བར་ཉལ་བར་འགྱུར། །གང་གི་མྱ་ངན་འདའ་བ་ནི། །ཤིན་ཏུ་ཟབ་མོའི་དོན་སྟོན་པ། །བྲམ་ཟེ་ཡང་དག་པ་དེ་ནི། །ཤིན་ཏུ་བདེ་བར་ཉལ་བར་འགྱུར། །ལུས་ཀྱི་ཉེས་པ་གང་ཡང་མེད། །ངག་གི་ཉེས་པ་བཞིའང་སྤངས། །སེམས་ལ་ཐེ་ཚོམ་གང་མེད་པ། །དེ་དག་བདེ་བར་ཉལ་བར་འགྱུར། །ལུས་དང་སེམས་ནི་མ་གདུངས་ཤིང ། །རབ་
Ka464b
ཏུ་ཞི་ལ་བདེ་གནས་ན། །བླ་མེད་བདེ་བ་ཐོབ་འགྱུར་ཞིང ། །ཤིན་ཏུ་བདེ་བར་ཉལ་བར་འགྱུར། །སེམས་ནི་ཅི་ལའང་མ་ཆགས་ཤིང ། །འཁོན་དུ་འགྱུར་བ་ཡོངས་སྤངས་ནས། །རྟག་ཏུ་འདུམ་ལ་མི་རྩོད་པ། །དེ་ནི་བདེ་བར་ཉལ་བར་འགྱུར། །གང་ཞིག་སྡིག་པ་མི་བྱེད་ལ། །ཁྲེལ་ཞིང་འཛེམ་པའི་སེམས་ལྡན་ཏེ། །རྣམ་པར་སྨིན་ལ་ཡིད་ཆེས་ན། །དེ་ནི་བདེ་བར་ཉལ་བར་འགྱུར། །ཕ་དང་མ་ལ་བཀུར་སྟི་བྱེད། །སེམས་ཅན་གཅིག་གི་སྲོག་མི་གཅོད། །གཞན་གྱི་ནོར་ལ་རྐུ་སེམས་མེད། །དེ་དག་བདེ་བར་ཉལ་བར་འགྱུར། །དབང་པོ་རྣམས་ནི་ཤིན་ཏུ་ཐུལ། །དགེ་བའི་བཤེས་གཉེན་ལ་བརྟེན་ཅིང ། །རྣམ་བཞི་བདུད་ཀྱང་རབ་བཅོམ་ན། །དེ་དག་བདེ་བར་ཉལ་བར་འགྱུར། །བཀྲ་ཤིས་བཀྲ་ཤིས་མ་ཡིན་དང ། །བདེ་དང་སྡུག་བསྔལ་མི་མཐོང་ཞིང ། །སོ་སོའི་སྐྱེ་བོ་མང་པོའི་ཕྱིར། །འཁོར་བའི་འཁོར་བར་འཁོར་བ་ལ། །གང་ཞིག་མི་སྐྱོ་བ་དེ་ནི། །ཤིན་ཏུ་བདེ་བར་ཉལ་བར་འགྱུར། །བདེ་བར་ཉལ་བ་སུ་ཞེ་ན། །སངས་རྒྱས་བཅོམ་ལྡན་འདས་ཡིན་ཏེ། །སྟོང་པའི་ཏིང་ངེ་འཛིན་རབ་རྟོགས་ནས། །ལུས་དང་སེམས་ནི་མི་གཡོའོ། །སུ་ཞིག་བདེ་བར་ཉལ་ཞེ་ན། །བྱམས་དང་སྙིང་རྗེར་ལྡན་པ་ཡི། །བདག་མེད་པ་ལ་རབ་བརྩོན་ཞིང ། །ཀུན་ལ་བུ་བཞིན་ལྟ་བའོ། །སེམས་ཅན་མ་རིག་ལྡོངས་པ་རྣམས། །ཉོན་མོངས་འབྲས་བུ་མི་མཐོང་སྟེ། །རྟག་ཏུ་སྡིག་པའི་ལས་བྱེད་པས། །དེ་ནི་བདེ་བར་ཉལ་མི་
Ka465a
༄#། །འགྱུར། །གལ་ཏེ་བདག་གི་ལུས་ཀྱིས་སམ། །ཕ་རོལ་གཞན་གྱི་ལུས་ངག་གིས། །མི་དགེ་བཅུ་ཡི་ལས་བྱས་ན། །དེ་ནི་བདེ་བར་ཉལ་མི་འགྱུར། ། གང་ཞིག་བདེ་བ་འདོད་པའི་ཕྱིར། །ཕ་བསད་ཉེས་པ་མེད་ཅེས་བྱ། །སྡིག་པའི་བཤེས་གཉེན་ལ་ཕྱོགས་ན། །དེ་ནི་བདེ་བར་ཉལ་མི་འགྱུར། །ཟས་ཀྱི་ཚོད་ནི་མ་ཟིན་ནས། ། གྲང་མོ་འཐུངས་པའི་ཚད་འདས་ན། །ནད་ཀྱི་སྡུག་བསྔལ་སྐྱེ་འགྱུར་ཏེ། །དེ་ནི་བདེ་བར་ཉལ་མི་འགྱུར། །གལ་ཏེ་རྒྱལ་པོ་ལ་འཁུས་སམ། །གཞན་གྱི་བུད་མེད་ལ་ཉལ་ལམ། ། དགོན་པའི་འབྲོག་ཏུ་འགྲོ་བ་དག་།དེ་ནི་བདེ་བར་ཉལ་མི་འགྱུར། །ཚུལ་ཁྲིམས་བསྲུངས་པའི་མྱུ་གུ་མ་ཐོབ་དང ། །རྒྱལ་ཚབ་རྒྱལ་པོའི་ཐབས་ནི་མ་ཐོབ་དང ། །རྐུ་བ་པོ་དག་ནོར་རྫས་མ་ཐོབ་པ། །འདི་ནི་རྟག་ཏུ་བདེ་བར་ཉལ་མི་འགྱུར། །སྨན་པ་འཚོ་བྱེད་བདག་ནི་ནད་ཀྱིས་གཟིར་ཏེ། རྒྱལ་པོ་ཆོས་བཞིན་དུ་སྲིད་འཚོ་བ་ལ་བདག་འཁུས་ཏེ་བསད་པས་སྨན་པ་མཁས་པ་ཐམས་ཅད་ཀྱིས་སྨན་དཔྱད་དང་སྔགས་ལ་སོགས་པ་བྱས་ཀྱང ། བདག་གི་ནད་འཚོ་བར་མ་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། བདག་གི་ཡབ་རྒྱལ་པོ་ཆོས་བཞིན་དུ་སྲིད་འཚོ་བ་ལས་ཉེས་པའི་སྐྱོན་མེད་པར་བདག་གིས་བདག་འཁུས་ཏེ་ཕ་བསད་པས་ཉ་སྐམ་སར་ཕྱུང་ན་དགའ་བ་ལྟ་ག་ལ་ཞིག་ཡོད་།རི་དྭགས་སྙིལ་ཐོགས་ན་དགའ་
Ka465b
པའི་སེམས་མེད་པའམ། ཇི་ལྟར་གང་ཟག་གིས་ཕུང་པོར་མི་ཐོགས་པར་ཤི་བར་ཤེས་པའམ། རྒྱལ་པོ་སྲིད་སྟོར་བ་ཡུལ་གཞན་དུ་བྲོས་པའམ། །ནད་ཚབས་པོ་ཆེས་བཏབ་པ་ལས་གསོར་མི་རུང་ཞེས་ཐོས་པའམ། ཁྲིམས་བཤིག་པ་ཁ་ན་མ་ཐོ་བའི་ལས་ཡོད་པར་ཐོས་པ་དང་འདྲའོ། །བདག་གིས་སྔོན་མཁས་པ་ཤེས་རབ་ཅན་དག་ལས་ཐོས་ན།་ལུས་དང ། ངག་དང ། ཡིད་ཀྱི་ལས་ཡོངས་སུ་མ་དག་ན། གང་ཟག་དེ་ནི་གདོན་མི་ཟ་བར་སེམས་ཅན་དམྱལ་བར་ལྟུང་ངོ་ཞེས་ཐོས་པས། བདག་ཀྱང་གདོན་མི་ཟ་བར་སེམས་ཅན་དམྱལ་བར་ལྟུང་ན་བདེ་བར་ཉལ་བའི་གཏོལ་ལྟ་ག་ལ་ཞིག་ཡོད། ད་བདག་བླ་ན་མེད་པའི་སྨན་པ་ཆེན་པོ་ཆོས་ཀྱི་སྨན་གཏོང་བ་བདག་གི་ནད་ཀྱི་སྡུག་བསྔལ་གསོ་བའང་མེད་དོ། ། འཚོ་བྱེད་ཀྱི་སྨྲས་པ། །རྒྱལ་པོ་ཆེན་པོ། །ལགས་སོ་ཤིན་ཏུ་ལེགས་སོ། །རྒྱལ་པོས་འདི་ལྟ་ཁ་ན་མ་ཐོ་བའི་ལས་བྱས་ཀྱང་ཤིན་ཏུ་འགྱོད་པའི་སེམས་སྐྱེས་ཏེ། ཁྲེལ་བ་དང་འཛེམ་པའི་སེམས་དང་ལྡན་པ་ལེགས་སོ། །རྒྱལ་པོ་ཆེན་པོ། སངས་རྒྱས་བཅོམ་ལྡན་འདས་ནི་རྟག་ཏུ་འདི་སྐད་ཅེས་གསུང་ངོ ། །རྣམ་པར་དགའ་བའི་ཆོས་འདི་གཉིས་ཀྱིས་སེམས་ཅན་གྱི་མགོན་དང་སྐྱབས་སུ་འགྱུར་རོ། །གཉིས་གང་ཞེ་ན། ཁྲེལ་བ་དང ། འཛེམ་པའོ། །འཛེམ་པ་ནི་བདག་ཁ་ན་མ་ཐོ་བའི་ལས་མི་བྱེད་དོ། །ཁྲེལ་བ་ནི་གཞན་བྱེད་དུ་མི་འཛུད་པའོ། །འཛེམ་པ་ནི་བདག་ངོ་ཚ་
Ka466a
༄#། །བར་བྱེད་པའོ། །ཁྲེལ་བ་ནི་ཕ་རོལ་ལ་འགྱོད་ཅིང་མཐོལ་བའོ། །འཛེམ་པ་ནི་མི་ལ་ངོ་ཚ་བའོ། །ཁྲེལ་བ་ནི་ལྷ་ལ་ངོ་ཚ་བ་སྟེ། དེ་ནི་འཛེམ་པ་དང ། ཁྲེལ་བ་ཞེས་བྱའོ། །འཛེམ་པ་དང་ཁྲེལ་བ་མེད་པ་ནི་མི་ཞེས་མི་བྱ་སྟེ། བྱོལ་སོང་ཞེས་བྱའོ། །འཛེམ་པ་དང་ཁྲེལ་བར་ལྡན་པའི་ཕྱིར་ཕ་མ་དང ། སློབ་དཔོན་ལ་བཀུར་སྟི་བྱེད་དོ། ། ཁྲེལ་བ་དང་འཛེམ་པར་ལྡན་པའི་ཕྱིར་ཕ་མ་དང ། ཕུ་ནུ་དང ། མིང་སྲིང་ཡོད་པར་སྨྲའོ། །རྒྱལ་པོ་ཆེན་པོ། འཛེམ་པ་དང་ཁྲེལ་བར་ལྡན་པ་ལེགས་སོ། །རྒྱལ་པོ་ཆེན་པོ། རེ་ཞིག་བདག་གིས་སངས་རྒྱས་བཅོམ་ལྡན་འདས་ལས་ཐོས་པ་གསོན་ཅིག་།ཤེས་རབ་དང་ལྡན་པ་ནི་རྣམ་པ་གཉིས་ཏེ། སྡིག་པ་མི་བྱེད་པ་དང ། བྱས་ནས་འགྱོད་ཅིང་མཐོལ་བའོ། །གླེན་པ་གཏི་མུག་ཅན་ལའང་རྣམ་པ་གཉིས་ཏེ། སྡིག་པ་བྱེད་པ་དང ། བྱས་ནས་ཀྱང་འཆབ་པའོ། །དེ་ལྟར་སྔར་སྡིག་པ་བྱས་ཀྱང་ཕྱིས་འགྱོད་ཅིང་མཐོལ་ཏེ། མཐོལ་ནས་ཀྱང་ཁྲེལ་དང་འཛེམ་པས་ཕྱིས་མི་བྱེད་པར་དམ་བཅས་ན། དཔེར་ན། ཆུ་རྙོག་པ་ཅན་གྱི་ནང་དུ་ནོར་བུ་རིན་པོ་ཆེ་བཅུག་ན་ཆུ་དང་བར་འགྱུར་བའམ། སྤྲིན་དང་ན་བུན་གྱིས་མ་ཆོད་ན་ཟླ་བ་ཡོངས་སུ་གསལ་བ་དང་འདྲ་བར་སྡིག་པ་བྱས་ནས་འགྱོད་པའང་དེ་དང་འདྲའོ། །གལ་ཏེ་རྒྱལ་པོས་ཀྱང་འགྱོད་ཅིང་མཐོལ་ལ། འཛེམ་པ་དང་ཁྲེལ་བར་ལྡན་ན། ཁ་ན་མ་ཐོ་བའི་ཉེས་པ་དག་འབྱང་ཞིང་
Ka466b
ཡོངས་སུ་དག་པར་འགྱུར་རོ། །རྒྱལ་པོ་ཆེན་པོ། ཕྱུག་པ་ལ་རྣམ་པ་གཉིས་ཏེ། བ་ལང་དང ། རྟ་དང ། ནང་འགྲོས་རྣམ་པ་སྣ་ཚོགས་ཀྱིས་ཕྱུག་པ་དང ། གསེར་དང ། དངུལ་དང ། ནོར་དབྱིག་གིས་ཕྱུག་པ་སྟེ། རྟ་དང ། བ་ལང་མང་ཡང་ནོར་བུ་རིན་པོ་ཆེ་གཅིག་ཙམ་གྱི་ཟླར་མི་ཆོག་གོ་།རྒྱལ་པོ་ཆེན་པོ། སེམས་ཅན་ཡང་དེ་དང་འདྲ་སྟེ། སྡིག་པས་ཕྱུག་པ་དང ། དགེ་བས་ཕྱུག་པ་སེ། སྡིག་པ་མང་དུ་བྱས་ཀྱང་དགེ་བ་གཅིག་གི་ཟླར་མི་ཕོད་དོ། །བདག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལས་ཐོས་ནས་དགེ་བ་གཅིག་ལ་ནན་ཏན་བྱས་པའི་སེམས་ཀྱིས་སྡིག་པ་མང་པོ་བཅོམ་པར་འགྱུར་རོ། །རྒྱལ་པོ་ཆེན་པོ། དཔེར་ན། རྡོ་རྗེ་ཆུང་ངུ་མ་གཅིག་གིས་རི་རབ་ཀྱང་འབིགས་པའམ། མེ་ཆུང་ངུ་མས་ཐམས་ཅད་ཚིག་པའམ། དུག་ཆུང་ངུ་མས་སེམས་ཅན་འཆི་བར་འགྱུར་བ་དང་འདྲ་བར་དགེ་བ་ཅུང་ཟད་ཙམ་གྱིས་ཀྱང་སྡིག་པ་ཆེན་པོ་ཆོམས་པར་འགྱུར་ཏེ། དགེ་བ་དེ་ལ་ཆུང་ངུ་ཞེས་བྱ་མོད་ཀྱི། ཡང་དག་པར་ན་ཆེན་པོ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྡིག་པ་ཆེན་པོ་ཆོམས་པའི་ཕྱིར་རོ། །རྒྱལ་པོ་ཆེན་པོ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན་འཆབ་པ་ནི་ཟག་པ་དང་བཅས་པའོ། །མི་འཆབ་བ་ནི་ཟག་པ་མེད་པའོ། །དེ་བས་ན་གང་འགྱོད་ཅིང་མཐོལ་བ་ནི་ཟག་པ་མེད་པའོ། །དེ་བས་ན་ཁ་ན་མ་ཐོ་བའི་ལས་བྱས་པ་དག་སྡིག་པ་མི་འཆབ་པར་བྱའོ། །སྡིག་པ་མི་འཆབ་
Ka467a
༄#། །པས་ཁ་ན་མ་ཐོ་བའི་ལས་སྲབ་པར་འགྱུར་རོ། །འཛེམ་པ་དང་ཁྲེལ་བས་བཤགས་ན་ཁ་ན་མ་ཐོ་བའི་ལས་ཡོངས་སུ་འབྱང་བར་འགྱུར་རོ། །རྒྱལ་པོ་ཆེན་པོ། ཆུའི་ཐིགས་པ་ཉུང་བ་ལྟར་བྱེད་ཀྱང་སྣོད་ཆེན་པོ་གང་བར་འགྱུར་ཏེ། དེ་བཞིན་དུ་དགེ་བའི་སེམས་ཀྱང་ཁ་ན་མ་ཐོ་བའི་ལས་ཆེན་པོ་བཅོམ་པར་འགྱུར་རོ། །གལ་ཏེ་ཁ་ན་མ་ཐོ་བའི་ལས་བཅབས་ན་ཁ་ན་མ་ཐོ་བའི་ལས་ཕྱིར་ཞིང་སྐྱེའོ། །གལ་ཏེ་འཛེམ་པ་དང་ཁྲེལ་བས་འགྱོད་ཅིང་མཐོལ་ན་ཁ་ན་མ་ཐོ་བའི་ལས་ཡོངས་སུ་འབྱང་བར་འགྱུར་རོ། །དེ་བས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལས། མཁས་པ་ཤེས་རབ་ཅན་དག་ནི། ཁ་ན་མ་ཐོ་བའི་ལས་མི་འཆབ་བོ་ཞེས་གསུངས་སོ། །རྒྱལ་པོ་ཆེན་པོ། རྒྱུ་ལ་ཡིད་ཆེས་པ་དང།་འབྲས་བུ་ལ་ཡིད་ཆེས་པ་དང ། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་ཤིན་ཏུ་ལེགས་སོ། །རྒྱལ་པོ་ཆེན་པོ། མྱ་ངན་མ་བྱེད་ཅིག་།གལ་ཏེ་སེམས་ཅན་གང་ཞིག་ཁ་ན་མ་ཐོ་བའི་ལས་བྱས་ནས་བཅབས་ཏེ་མི་མཐོལ་བ་དང ། འཛེམ་པ་དང་ཁྲེལ་བའི་སེམས་མེད་པ་དང ། རྒྱུ་དང་འབྲས་བུ་དང་ལས་ཀྱི་རྣམ་པར་སྨིན་པ་མི་མཐོང་བ་དང ། མཁས་པ་ཤེས་རབ་ཅན་ལ་གསོལ་བ་མི་འདེབས་ཤིང་དགེ་བའི་བཤེས་གཉེན་ལ་མི་བརྟེན་པ་དེ་ནི། སྨན་པ་མཁས་པ་ཐམས་ཅད་གང་གིས་ཀྱང་གསོ་མི་ནུས་ཏེ། དཔེར་ན་ནད་ཀམ་པ་ལ་ཞེས་བྱ་
Ka467b
པས་བཏབ་ན། འཇིག་རྟེན་གྱི་སྨན་པ་གང་གིས་ཀྱང་གསོ་བར་བྱེད་མི་ནུས་སོ། །ཁ་ན་མ་ཐོ་བའི་ལས་འཆབ་བའང་དེ་དང་འདྲ་སྟེ། ཁ་ན་མ་ཐོ་བའི་ལས་འཆབ་པ་གང་ཞེ་ན། ལོག་སྲེད་ཅན་ཡིན་ནོ། །ལོག་སྲེད་ཅན་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་ལ་ཡིད་མི་ཆེས་པ། འཛེམ་པ་དང་ཁྲེལ་བ་མེད་པ། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་མི་ཆེས་པ། ད་ལྟར་དང ། མ་འོངས་པའི་ལས་མི་མཐོང་བ། དགེ་བའི་བཤེས་གཉེན་ལ་མི་བརྟེན་པ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མི་འཇུག་པའི་གང་ཟག་དེ་ནི་ལོག་སྲེད་ཅན་ཞེས་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་གསོ་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དཔེར་ན། འཇིག་རྟེན་ན་མི་རོ་ལ་ནི་སྨན་པ་གང་གིས་ཀྱང་གསོ་མི་ནུས་པ་དང་འདྲ་བར་ལོག་སྲེད་ཅན་ཡང་དེ་དང་འདྲ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་གསོ་མི་ནུས་སོ། །རྒྱལ་པོ་ཆེན་པོ་ནི་ལོག་སྲེད་ཅན་མ་ཡིན་པས་ངའི་ནད་གསོ་ནུས་པ་མེད་དོ་ཞེས་བྱ་བ་མི་རུང་ངོ ། །རྒྱལ་པོ་གསུང་བ་ལྟར་ངའི་ནད་གསོ་མི་ནུས་སོ་ཞེས་བགྱི་བར། རྒྱལ་པོ་ཆེན་པོ། འདི་ལྟར་ཤེས་པར་གྱིས་ཤིག་།ཡུལ་སེར་སྐྱའི་རྒྱལ་པོ་ཟས་གཙང་མའི་སྲས་གཽ་ཏ་མའི་རིགས་མཚན་དོན་གྲུབ་ཅེས་བྱ་བ་སུས་ཀྱང་མ་བསྟན་པར་རང་གིས་རིག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང །
Ka468a
༄#། །དཔེ་བྱད་བཟང་པོ་བརྒྱད་ཅུས་ལུས་ཡོངས་སུ་བརྒྱན་པ། སྟོབས་བཅུ་དང ། མི་འཇིགས་པ་བཞི་དང་ལྡན་ཏེ། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། བྱམས་པ་དང་སྙིང་རྗེ་ཆེ་བ། ཐམས་ཅད་ལ་སྲས་སྒྲ་གཅན་འཛིན་དང་འདྲ་བར་ཐུགས་བརྩེ་བ། དགེ་བ་དང་ལྡན་པ། སེམས་ཅན་གྱི་རྗེས་སུ་བེའུ་དང་མ་མོ་མི་གཏོང་བ་དང་འདྲ་བར་དུས་མཁྱེན་པས་གསུང་བ། དུས་མ་ཡིན་པར་མི་སྨྲ་བ། ཡང་དག་པར་སྨྲ་བ། ཡོངས་སུ་དག་པར་སྨྲ་བ། ཡོངས་སུ་དཀར་བར་སྨྲ་བ། དོན་དང་ལྡན་པར་སྨྲ་བ། ཆོས་དང་ལྡན་པར་སྨྲ་བ། གཅིག་ཏུ་ཆད་པར་སྨྲ་བ། སེམས་ཅན་མང་པོའི་ཉོན་མོངས་པ་ཡོངས་སུ་སྤོང་བར་བྱེད་པ། སོ་སོའི་སྐྱེ་བོའི་དབང་པོ་དང་བསམ་པའི་མཚན་ཉིད་ལ་ཤིན་ཏུ་མཁས་པ།་ཅི་དང་ཅི་རིགས་པའི་ཐབས་ལ་ཤིན་ཏུ་མཁས་པ། ཡེ་ཤེས་མཐོ་ཞིང་གཟར་བ་ནི་རི་རབ་ལྷུན་པོ་དང་འདྲ་བ། ཡངས་ཤིང་ཟབ་པ་ནི་རྒྱ་མཚོ་དང་འདྲ་བ། སངས་རྒྱས་བཅོམ་ལྡན་འདས་དེ་ལ་རྡོ་རྗེ་ལྟ་བུའི་ཡེ་ཤེས་མངའ་བས། སོ་སོའི་སྐྱེ་བོའི་ཁ་ན་མ་ཐོ་བའི་ལས་ཐམས་ཅད་འཇོམས་པས་དེས་མི་ཆོམས་ཞེས་བྱ་བའི་གནས་མེད་དོ། །དེ་ད་ལྟར་འདི་ནས་དཔག་ཚད་བཅུ་གཉིས་ཀྱི་ཕ་རོལ་གྲོང་ཁྱེར་རྩཝ་མཆོག་ཅེས་བྱ་བར་ཤིང་སཱ་ལ་དྲུང་གཉིས་ཀྱི་བར་ན་བཞུགས་ཏེ། ད་ལྟར་ཚད་མེད་གྲངས་མེད་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་
Ka468b
ཆོས་རྣམ་པ་སྣ་ཚོགས་སྟོན་པ་ནི། འདི་ལྟ་སྟེ། ཡོད་པ་དང ། མེད་པ་དང ། འདུས་བྱས་དང ། འདུས་མ་བྱས་པ་དང ། ཟག་པ་དང་བཅས་པ་དང ། ཟག་པ་མེད་པ་དང ། ཉོན་མོངས་པའི་འབྲས་བུ་དང ། རྣམ་པར་དཀར་བའི་ཆོས་དང ། གཟུགས་ཀྱི་ཆོས་དང ། གཟུགས་མ་ཡིན་པའི་ཆོས་དང ། གཟུགས་ཀྱང་མ་ཡིན། གཟུགས་མ་ཡིན་པའང་མ་ཡིན་པའི་ཆོས་དང།་བདག་དང ། བདག་མ་ཡིན་པའི་ཆོས་དང ། བདག་ཀྱང་མ་ཡིན་བདག་མ་ཡིན་པའང་མ་ཡིན་པ་དང ། རྟག་པ་དང ། རྟག་པ་མ་ཡིན་པ་དང ། རྟག་པའང་མ་ཡིན་རྟག་པ་མ་ཡིན་པའང་མ་ཡིན་པ་དང ། བདེ་བ་དང ། བདེ་བ་མ་ཡིན་པ་དང ། བདེ་བའང་མ་ཡིན་བདེ་བ་མ་ཡིན་པའང་མ་ཡིན་པ་དང ། མཚན་མ་དང ། མཚན་མ་མ་ཡིན་པ་དང ། མཚན་མའང་མ་ཡིན་མཚན་མ་མ་ཡིན་པའང་མ་ཡིན་པ་དང ། ཆད་པ་དང ། ཆད་པ་མ་ཡིན་པ་དང ། ཆད་པའང་མ་ཡིན་ཆད་པ་མ་ཡིན་པའང་མ་ཡིན་པ་དང ། འཇིག་རྟེན་དང ། འཇིག་རྟེན་ལས་འདས་པ་དང ། འཇིག་རྟེན་པའང་མ་ཡིན་འཇིག་རྟེན་ལས་འདས་པའང་མ་ཡིན་པ་དང ། ཐེག་པ་དང ། ཐེག་པ་མ་ཡིན་པ་དང ། ཐེག་པའང་མ་ཡིན་ཐེག་པ་མ་ཡིན་པའང་མ་ཡིན་པ་དང།་བདག་གིས་བྱས་པས་བདག་མྱོང་བ་དང ། བདག་གིས་བྱས་པས་གཞན་མྱོང་བ་དང ། བྱས་པ་མེད་པས་མྱོང་བ་མེད་པ་དག་སྟོན་ཏོ། །རྒྱལ་པོ་ཆེན་པོ། གང་ཞིག་གིས་
Ka469a
༄#། །སངས་རྒྱས་ལ་བྱས་པ་མེད་པ་དང ། མྱོང་བ་མེད་པ་ཐོས་ན་ཁ་ན་མ་ཐོ་བའི་ལས་ཐམས་ཅད་ཡོངས་སུ་འབྱང་བར་འགྱུར་རོ། །རྒྱལ་པོ། རེ་ཞིག་གསོན་ཅིག།་བརྒྱ་བྱིན་ལྷའི་དབང་ཕྱུག་ཚེའི་དུས་བྱེད་དུ་ཉེ་བ་ན་ལྟས་རྣམ་པ་ལྔ་སྔར་འབྱུང་སྟེ། གང་ཞེ་ན། གོས་ལ་དྲི་མ་ཆགས་པ་དང ། མགོའི་མེ་ཏོག་རྙིངས་པ་དང ། ལུས་ལ་དྲི་མི་ཞིམ་པ་དང ། མཆན་ཁུང་ནས་རྡུལ་འབྱུང་བ་དང ། གནས་མི་འདོད་པའོ། །དེའི་ཚེ་བརྒྱ་བྱིན་ལྷའི་དབང་ཕྱུག་གིས་གནས་དབེན་པར་གལ་ཏེ་དག་སྦྱོང་ངམ་བྲམ་ཟེ་དག་མཐོང་ན་དེའི་དྲུང་དུ་བསྙེན་ཏེ། སངས་རྒྱས་སུ་འདུ་ཤེས་བསྐྱེད་དོ། །དེའི་ཚེ་དགེ་སྦྱོང་ངམ། བྲམ་ཟེ་དེས་བརྒྱ་བྱིན་ལྷའི་དབང་ཕྱུག་མཐོང་བས་སྨོན་ལམ་བཏབ་ནས་འདི་སྐད་ཅེས་སྨྲའོ། །ལྷའི་དབང་པོ། བདག་ཅག་ནི་ཁྱོད་ལ་སྐྱབས་སུ་མཆིའོ། །བརྒྱ་བྱིན་གྱིས་དེ་སྐད་ཅེས་ཐོས་ནས་སངས་རྒྱས་མ་ཡིན་པར་ཤེས་ཏེ། འདི་སྙམ་དུ་སེམས་སོ། ། འདི་སངས་རྒྱས་མ་ཡིན་པས་ན། བདག་གི་ལྟས་ངན་པ་ལྔ་པོ་འདི་དག་མེད་པར་བྱེད་མི་ནུས་སོ་སྙམ་སེམས་སོ། །དེའི་ཚེ་ན་བློན་པོ་པཉྩ་ཤྲཱི་ཞེས་བྱ་བས་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བདག་པོ། དྲི་ཟའི་རྒྱལ་པོ་ཀ་བུ་ལོ་ཞེས་བྱ་བ་ལ་བུ་མོ་སུ་བར་ཏ་ཞེས་བྱ་བ་ཡོད་དེ། བུ་མོ་དེ་བདག་ལ་སྩལ་ན་རྒྱལ་པོའི་ལྟས་ངན་ཞི་བར་བྱེད་པའི་
Ka469b
གནས་བདག་གིས་བསྟན་པར་བྱའོ། །བརྒྱ་བྱིན་གྱིས་སྨྲས་པ། ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་བཟང་རིས་ཀྱི་བུ་མོ་ཡིད་འོང་མ་ཞེས་བྱ་བ་ཁོ་བོའི་ཆུང་མ་བྱེད་དོ། །གལ་ཏེ་ཁྱོད་ཀྱིས་ངའི་ལྟས་ངན་ཞི་བར་བྱེད་པའི་གནས་སྟོན་ནུས་ན་ལྟ་དེའང་ཁྱོད་ལ་སྦྱིན་པར་བྱ་ན་སུ་བར་ཏེ་ལྟ་སྨོས་ཀྱང་ཅི་དགོས། ལྷའི་བདག་པོ། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ད་ལྟར་རྒྱལ་པོའི་ཁབ་ན་བཞུགས་ཀྱི། དེ་གང་ན་བར་སོང་སྟེ། སྔོན་མ་ཐོས་པ་ཐོས་པར་གྱུར་ན། ཚེའི་དུས་བྱེད་པའི་ལྟས་ངན་པ་གདོན་མི་ཟ་བར་ཞི་བར་འགྱུར་རོ། །རིགས་ཀྱི་བུ།་གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཞི་བར་ནུས་ན་ལྟ་དེ་གང་ན་བར་འགྲོ་བར་བྱའོ་ཞེས་སྨྲས་ནས། ཞོན་པའི་ཐེག་པ་བསྒྱུར་ཏེ། རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་སངས་རྒྱས་བཅོམ་ལྡན་འདས་གང་ན་བར་ཕྱིན་པ་དང ། མགོ་བོས་སངས་རྒྱས་ཀྱི་ཞབས་ལ་ཕྱག་བཙལ་ནས་ཕྱོགས་གཅིག་ཏུ་འཁོད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ལྷ་དང་མིའི་ནང་ན་འཆིང་བས་བཅིངས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ། སེར་སྣ་དང ། འདོད་ཆགས་དང ། ཕྲག་དོག་གོ། ཡང་གསོལ་པ། སེར་སྣ་དང ། འདོད་ཆགས་དང ། ཕྲག་དོག་ཅི་ལས་སྐྱེ། བཀའ་སྩལ་པ། མ་རིག་པ་ལས་སྐྱེའོ། །ཡང་གསོལ་པ། མ་རིག་པ་ཅི་ལས་སྐྱེ། བཀའ་སྩལ་པ། བག་མེད་
Ka470a
༄#། །པ་ལས་སྐྱེའོ། །ཡང་གསོལ་པ། བག་མེད་པ་ཅི་ལས་སྐྱེ། བཀའ་སྩལ་པ། ཕྱིན་ཅི་ལོག་ལས་སྐྱེའོ། །ཡང་གསོལ་པ། ཕྱིན་ཅི་ལོག་ཅི་ལས་སྐྱེ། བཀའ་སྩལ་པ། ཐེ་ཚོམ་གྱི་སེམས་ལས་སྐྱེའོ། །བཅོམ་ལྡན་འདས། ཕྱིན་ཅི་ལོག་གི་ཆོས་ཐེ་ཚོམ་ལས་སྐྱེས་པ་འཕགས་པའི་བཀའ་བཞིན་ནོ། །དེ་ཅིའི་སླད་དུ་ཞེ་ན། བདག་ལ་ཐེ་ཚོམ་གྱི་སེམས་མཆིས་པས་ཕྱིན་ཅི་ལོག་སྐྱེས་ཏེ། སངས་རྒྱས་བཅོམ་ལྡན་འདས་མ་ཡིན་པ་ལ་སངས་རྒྱས་བཅོམ་ལྡན་འདས་སུ་འདུ་ཤེས་བསྐྱེད་དེ། ད་སངས་རྒྱས་བཅོམ་ལྡན་འདས་མཐོང་བས་ན་ཐེ་ཚོམ་གྱི་སེམས་བྱང་བར་གྱུར་ཏོ། །ཐེ་ཚོམ་ཡོངས་སུ་བྱང་བས་ཕྱིན་ཅི་ལོག་ཟད་པར་གྱུར་ཏོ། །ཕྱིན་ཅི་ལོག་ཟད་པས་ན་སེར་སྣའི་སེམས་མེད་པ་ནས། ཕྲག་དོག་གི་སེམས་ཀྱི་བར་དུ་མེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེར་སྣ་དང་ཕྲག་དོག་གི་སེམས་མེད་དོ་ཞེས་བྱ་བ་ཁྱོད་ད་ལྟར་ལན་གཅིག་ཕྱིར་ལྡོག་པའི་འབྲས་བུ་ཐོབ་བམ། ལན་གཅིག་ཕྱིར་ལྡོག་པའི་འབྲས་བུ་ཐོབ་པ་ནི་འདོད་པའི་སེམས་མེད་དོ། །གལ་ཏེ་འདོད་པའི་སེམས་མེད་ན་ཅི་སྟེ་སྲོག་གི་ཕྱིར་ངའི་དྲུང་དུ་འོངས། ལན་གཅིག་ཕྱིར་ལྡོག་པ་ནི་སྲོག་ལ་རེ་བ་མེད་དོ། །བཅོམ་ལྡན་འདས། ཕྱིན་ཅི་ལོག་པ་ནི་སྲོག་ལ་རེ་བ་མཆིས་སོ། །ཕྱིན་ཅི་ལོག་མ་མཆིས་པ་ནི་སྲོག་ལ་མི་རེའོ། །
Ka470b
བདག་ཀྱང་ཡང་དག་པར་ན་སྲོག་ལ་རེ་བ་མ་མཆིས་ཀྱི། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུ་དང ། སངས་རྒྱས་ཀྱི་ཡེ་ཤེས་ལ་རེའོ། །ཀཽ་ཤི་ཀ། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་དང ། སངས་རྒྱས་ཀྱི་ཡེ་ཤེས་ཚོལ་བ་ནི་ཕྱི་མ་མ་འོངས་པའི་དུས་སུ་གདོན་མི་ཟ་བར་ཐོབ་པར་འགྱུར་རོ། །དེའི་ཚེ་བརྒྱ་བྱིན་ལྷའི་དབང་ཕྱུག་གིས་བཅོམ་ལྡན་འདས་ལས་དེ་སྐད་ཅེས་ཐོས་ནས། ཚེའི་དུས་བྱེད་པའི་ལྟས་ངན་པ་དེ་ཉིད་བྱང་བར་གྱུར་ནས། འདུག་པ་ལས་ལངས་ཏེ་སྤྱི་བོས་ཕྱག་བཙལ་ནས་ལན་གསུམ་བསྐོར་ཏེ་བསྟི་སྟང་དང་བཅས་པས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། བདག་ནི་ཤི་བ་ལས་སོས་སོ། །སྲོག་སྟོར་བ་ལས་སྲོག་ཕྱིར་རྙེད་དོ། །ཡང་སངས་རྒྱས་བཅོམ་ལྡན་འདས་ལས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ་ཞེས་ལུང་བསྟན་པ་ཐོབ་པས་དེ་ནི་སོས་པ་དང ། སྲོག་ཐོབ་པ་ཞེས་བགྱིའོ། །བཅོམ་ལྡན་འདས། ལྷ་དང་མི་དག་ཇི་ལྟར་ན་འཕེལ་ཞིང་སྐྱེ་བར་འགྱུར། ཇི་ལྟར་ན་འགྲིབས་ཤིང་གོད་པར་འགྱུར། བཀའ་སྩལ་པ། ཀཽ་ཤི་ཀ་།འཐབ་ཅིང་རྩོད་པའི་རྐྱེན་གྱིས་ལྷ་དང་མི་འགྲིབས་ཤིང་གོད་པར་འགྱུར་རོ། །ཤིན་ཏུ་དུམ་པའི་རྐྱེན་གྱིས་སྐྱེ་ཞིང་འཕེལ་བར་འགྱུར་རོ། །བཅོམ་ལྡན་འདས། གལ་ཏེ་འཐབ་ཅིང་རྩོད་པས་འགྲིབས་ཤིང་གོད་པར་གྱུར་ན། བདག་དེང་སླན་ཆད་ལྷ་མ་
Ka471a
༄#། །ཡིན་དང་མི་འཐབ་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །ཀཽ་ཤི་ཀ། སངས་རྒྱས་བཅོམ་ལྡན་འདས་ནི་བཟོད་པ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་རྒྱུ་ཡིན་ནོ་ཞེས་གསུངས་སོ། །དེའི་ཚེ་བརྒྱ་བྱིན་ལྷའི་དབང་ཕྱུག་སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ནས་ཕྱིར་གནས་སུ་དོང་ངོ ། །རྒྱལ་པོ་ཆེན་པོ། དེ་བཞིན་གཤེགས་པ་དེ་ལྟར་མི་དགེ་བའི་ལྟས་ངན་པ་ཐམས་ཅད་ཞི་བར་བྱེད་པས་ན། སངས་རྒྱས་ལ་བསམ་གྱིས་མི་ཁྱབ་བོ་ཞེས་བརྗོད་དོ། །དེ་བས་ན་གལ་ཏེ་རྒྱལ་པོའང་དེའི་གན་དུ་ཕྱིན་ན་ཁ་ན་མ་ཐོ་བའི་ལས་ཐམས་ཅད་ཡོངས་སུ་འབྱང་ངོ ། །རྒྱལ་པོ་ཆེན་པོ། ཡང་གསོན་ཅིག་།བྲམ་ཟེའི་བུ་མི་འཚེ་བ་ཞེས་བྱ་བ་སེམས་ཅན་གྲངས་མེད་པ་བསད་པས་སོར་མོས་བརྒྱན་ཞེས་བཏགས་ཏེ། མ་གསོད་དུ་ཆས་ནས་སྡིག་པའི་སེམས་བསྐྱེད་པ་ན། ལུས་ཀྱང་འདར་ཞིང་གཡོའོ། །ལུས་དང་སེམས་གཡོ་བ་ནི་མཚམས་མེད་པ་བྱས་པའི་རྐྱེན་གྱིས་གདོན་མི་ཟ་བར་སེམས་ཅན་དམྱལ་བར་ལྟུང་བ་ལས་སངས་རྒྱས་དང་ཕྲད་པ་ནའང་ལུས་དང་སེམས་གཡོ་སྟེ། དེ་ལའང་གསོད་པའི་སེམས་སྐྱེས་སོ། །ལུས་དང་སེམས་གཡོ་བ་ནི་མཚམས་མེད་པ་ལྔ་བྱེད་པའི་རྐྱེན་གྱིས་གཡོས་ཏེ། མཚམས་མེད་པ་ལྔ་བྱས་ན་
Ka471b
གདོན་མི་ཟ་བར་སེམས་ཅན་དམྱལ་བར་ལྟུང་ངོ ། །མི་དེས་དེ་བཞིན་གཤེགས་པ་སྟོན་པ་ཆེན་པོ་དང་ཕྲད་མ་ཐག་ཏུ་སེམས་ཅན་དམྱལ་བར་ལྟུང་བའི་རྒྱུ་ཡོངས་སུ་བྱང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་བས་ན་སངས་རྒྱས་བཅོམ་ལྡན་འདས་ནི་བླ་ན་མེད་པའི་སྨན་པ་ཞེས་བྱ་སྟེ། སྟོན་པ་དྲུག་ལྟ་བུ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ། གཞན་ཡང་རྒྱལ་བུ་སི་ཕྱི་ལ་ཞེས་བྱ་བ་ལ་ཕ་རྒྱལ་པོ་ཁྲོས་ནས་རྐང་ལག་བཅད་དེ་དོང་དུ་བོར་རོ། །རྒྱལ་པོའི་མ་སྙིང་བརྩེ་བས་དོང་ནས་ཕྱུང་སྟེ། སངས་རྒྱས་གང་ན་བར་ཁྲིད་ནས་སངས་རྒྱས་དང་ཕྲད་མ་ཐག་ཏུ་རྐང་ལག་ཀྱང་ཕྱིར་སྐྱེས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །རྒྱལ་པོ་ཆེན་པོ། དེ་ལྟར་སངས་རྒྱས་དང་ཕྲད་པས་འབྲས་བུ་མངོན་སུམ་དུ་ཐོབ་སྟེ། དེ་བས་ན་སངས་རྒྱས་བཅོམ་ལྡན་འདས་ནི་བླ་ན་མེད་པའི་སྨན་པ་ཞེས་བྱ་སྟེ། སྟོན་པ་དྲུག་ལྟ་བུ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ། ཀླུང་གངྒཱའི་འགྲམ་ན་ཡི་དྭགས་ལྔ་བརྒྱ་ཡོད་དེ། ལོ་གྲངས་མེད་པའི་བར་དུ་ཆུའང་མི་མཐོང་ངོ ། །ཅི་སྟེ་ཆུ་འགྲམ་དུ་ཕྱིན་པ་ནའང་མེའི་ཕུང་པོ་ཆེན་པོར་མཐོང་སྟེ། སྐོམ་པ་དང་བཀྲེས་པས་ཉེན་ཏེ་སྐད་ཆེན་པོ་ཕྱུང་སྟེ་ངུའོ། །དེའི་ཚེ་དེ་བཞིན་གཤེགས་པ་ཀླུང་དེ་དང་ཉེ་བའི་ཕྱོགས་ཨུ་དུ་མ་ཝཱ་རའི་ཚལ་ཤིང་དྲུང་ན་བཞུགས་པ་ལས། དེའི་ཚེ་ཡི་དྭགས་
Ka472a
༄#། །མང་པོ་སངས་རྒྱས་གང་ན་པར་ལྷགས་ནས་སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་ནི་བཀྲེས་པ་དང་སྐོམ་པས་ཉེན་ཏེ། འཚོ་བའི་སྲོག་ཀྱང་རིང་པོ་མི་ཐུབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་གངྒཱའི་ཆུ་འབབ་པ་ལ་ཅིའི་ཕྱིར་མི་འཐུང ། ཡི་དྭགས་རྣམས་ཀྱིས་གསོལ་པ། དེ་བཞིན་གཤེགས་པས་ནི་ཆབ་ཏུ་གཟིགས་ཀྱང ། བདག་ཅག་གིས་ནི་མེ་འབར་བ་ཞིག་ཏུ་མཐོང་ངོ ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གངྒཱའི་ཀླུང་གི་ཆུ་ནི་ཤིན་ཏུའང་སྔོ་ལ་དང་བས་ཡང་དག་པར་ན་མེ་མེད་དེ། སྡིག་པའི་ལས་ཀྱིས་སེམས་ཕྱིན་ཅི་ལོག་པས་མེ་ཡིན་སྙམ་སེམས་སོ། །ཁྱོད་ཀྱི་ཕྱིན་ཅི་ལོག་གི་སེམས་ཡོངས་སུ་བསལ་ཏེ། ཆུར་མཐོང་བར་བྱའོ་ཞེས་བཀའ་སྩལ་ནས། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཡི་དྭགས་མང་པོ་དེ་དག་ལ་སེར་སྣ་དང ། འདོད་ཆགས་ཀྱི་སྐྱོན་མང་པོ་བསྟན་ཏོ། །ཡི་དྭགས་མང་པོས་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་ནི་བཀྲེས་པ་དང་སྐོམ་པས་ཉེན་ཏེ། ཆོས་ཀྱི་གསུང་མང་པོ་ཐོས་ཀྱང་གཟུང་བའི་སེམས་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་རྣམས་ཀླུང་གངྒཱའི་ནང་དུ་ཞུགས་ལ། དེའི་ཆུ་ཡིད་བཞིན་དུ་འཐུང་ཞིང ། ཡི་དྭགས་དེ་རྣམས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཆུ་འཐུངས་པར་གྱུར་ཏོ། །དེ་ལྟར་ཆུ་འཐུངས་ནས་
Ka472b
དེ་བཞིན་གཤེགས་པས་དེ་དག་ལ་ཆོས་རྣམ་པ་སྣ་ཚོགས་བསྟན་ཏོ། །དེ་དག་གིས་ཆོས་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཡི་དྭགས་ཀྱི་ལུས་ཡོངས་སུ་སྤངས་ནས་ལྷའི་ལུས་ཐོབ་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ། དེ་བས་ན་སངས་རྒྱས་བཅོམ་ལྡན་འདས་ནི་བླ་ན་མེད་པའི་སྨན་པ་ཞེས་བྱ་སྟེ། སྟོན་པ་དྲུག་ལྟ་བུ་ནི་མ་ཡིན་ནོ། ། རྒྱལ་པོ་ཆེན་པོ། ཡུལ་མཉན་དུ་ཡོད་པ་ན་མི་རྒོད་ལྔ་བརྒྱ་ཞིག་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ཀྱིས་མིག་ཕྱུང་ནས་ལྡོངས་པར་གྱུར་ཏེ། དེ་དག་སངས་རྒྱས་གང་ན་བར་ཕྱིན་པའི་དུས་མེད་དོ། ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཐུགས་བརྩེ་བའི་ཕྱིར་མི་རྒོད་མིག་ཕྱུང་བ་རྣམས་ཀྱི་དྲུང་དུ་གཤེགས་ནས་སྤྲོ་བ་བསྐྱེད་དེ། རིགས་ཀྱི་བུ་དག་།ལུས་དང་ངག་ཤིན་ཏུ་སྡོམས་ལ་ཕྱིན་ཆད་སྡིག་པ་མ་བྱེད་ཅིག་།མི་རྒོད་མང་པོ་དེ་དག་སངས་རྒྱས་ལས་དེ་བཞིན་གཤེགས་པའི་གསུང་ཤིན་ཏུ་གསལ་བ་ཐོས་མ་ཐག་ཏུ་མིག་ཀྱང་ཕྱིར་མཐོང་བར་གྱུར་ནས། སངས་རྒྱས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ་ཕྱག་བཙལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཅག་གིས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱམས་པའི་ཐུགས་སེམས་ཅན་ཐམས་ཅད་ལ་ཁྱབ་ཀྱི། ལྷ་དང་མི་འབའ་ཞིག་ལ་མ་ལགས་པར་རྟོགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་དག་ལ་ཆོས་བསྟན་ཏེ། དེ་དག་གིས་
Ka473a
༄#། །ཆོས་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །དེ་བས་ན་དེ་བཞིན་གཤེགས་པ་ནི་འཇིག་རྟེན་གྱི་བླ་ན་མེད་པའི་སྨན་པ་ཡང་དག་པ་སྟེ། སྟོན་པ་དྲུག་ལྟ་བུ་ནི་མ་ཡིན་ནོ། །རྒྱལ་པོ་ཆེན་པོ། ཡུལ་མཉན་དུ་ཡོད་པ་ན་རིགས་ངན་དབུགས་འཕྲོག་ཅེས་བྱ་བ་ཞིག་ཡོད་དེ། མི་གྲངས་མེད་པ་ཞིག་བསད་དོ། །སངས་རྒྱས་ཀྱི་ཉེ་གནས་མོངྒལ་གྱི་བུ་མཐོང་ནས་དེ་མ་ཐག་ཏུ་སེམས་ཅན་དམྱལ་བར་ལྟུང་བའི་རྒྱུ་བཅོམ་ནས་སུམ་ཅུ་རྩ་གསུམ་གནམ་གྱི་ལྷར་སྐྱེས་སོ། ། དེ་ལྟར་འཕགས་པའི་ཉེ་གནས་ཡོད་པས་ན་དེ་བཞིན་གཤེགས་པ་ནི་བླ་ན་མེད་པའི་སྨན་པ་ཞེས་བྱ་སྟེ། སྟོན་པ་དྲུག་ལྟ་བུ་ནི་མ་ཡིན་ནོ། །རྒྱལ་པོ་ཆེན་པོ། གྲོང་ཁྱེར་སེར་སྐྱ་ཞེས་བྱ་བ་ན་ཚོང་དཔོན་གྱི་བུ་མ་ཕམ་པ་ཞེས་བྱ་བ་མ་ལ་མི་ཚངས་པར་སྤྱད་དེ། དེའི་རྒྱུ་དེའི་རྐྱེན་གྱིས་ཕའང་བསད་པར་གྱུར་ཏོ། །ཕྱིས་དེའི་མ་མི་གཞན་དང་འཁྲིག་པ་ཚོར་ནས་མའང་བསད་དོ། །དེ་དགྲ་བཅོམ་པ་ཞིག་དང་བཤེས་ཏེ་དགྲ་བཅོམ་པ་ལ་ངོ་ཚ་བའི་ཕྱིར་དགྲ་བཅོམ་པའང་བསད་དོ། །དེ་ལྟར་དགྲ་བཅོམ་པ་བསད་ནས་གཙུག་ལག་ཁང་དུ་སོང་སྟེ། དགེ་སློང་གི་དགེ་འདུན་དག་ལས་ཁྱིམ་ནས་ཁྱིམ་མ་ཡིན་པར་རབ་ཏུ་འབྱུང་བར་གསོལ་ཏོ། །དགེ་སློང་གི་དགེ་འདུན་རྣམས་ཀྱིས་མཚམས་མེད་པ་གསུམ་གྱི་
Ka473b
ལས་བྱས་པར་ཤེས་པས་རབ་ཏུ་འབྱུང་དུ་མ་གནང་ངོ ། །དེ་ལྟར་རབ་ཏུ་འབྱུང་དུ་མ་གནང་བས་ཤིན་ཏུ་ཁྲོས་ནས། དེའི་ནུབ་མོ་མེ་ཐོགས་ཏེ། དགེ་འདུན་གྱི་གནས་ཁང་ལ་མེ་བཏང་ངོ ། དེའི་འོག་ཏུ་རྒྱལ་པོའི་ཁབ་ཏུ་སོང་ནས་དེ་བཞིན་གཤེགས་པ་གང་ན་བར་ཕྱིན་པ་དང ། དེ་བཞིན་གཤེགས་པ་ལ་རབ་ཏུ་འབྱུང་བར་གསོལ་ནས། དེ་བཞིན་གཤེགས་པས་རབ་ཏུ་ཕྱུང་སྟེ། དེ་ལ་ཆོས་བསྟན་པས་བགས་ཀྱིས་ཁ་ན་མ་ཐོ་བའི་སྡིག་ལྕི་བའང་བྱང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་བས་ན་སངས་རྒྱས་བཅོམ་ལྡན་འདས་ནི་བླ་ན་མེད་པའི་སྟོན་པ་ཞེས་བྱ་སྟེ། སྟོན་པ་དྲུག་ལྟ་བུ་ནི་མ་ཡིན་ནོ། །རྒྱལ་པོ་ཆེན་པོ། རྒྱལ་པོ་ནི་རང་བཞིན་གྱིས་ཁྲོ་ཞིང་གཏུམ་ལ་སྡིག་པའི་བཤེས་གཉེན་ལ་ཡིད་ཆེས་པས་དེའི་ཚེ་ལྷ་སྦྱིན་གྱིས་བལ་གླང་སྨྱོས་པ་བཏང་ནས་སངས་རྒྱས་ཀྱི་ཐོག་ཏུ་མཆོངས་པ་ལས། བལ་གླང་དེ་དག་སངས་རྒྱས་མཐོང་མ་ཐག་ཏུ་རང་དུལ་ཏེ། དེ་ལ་བཅོམ་ལྡན་འདས་ཀྱིས་ཕྱག་བརྐྱང་ནས་བལ་གླང་གི་སྤྱི་བོ་ལ་བྱུགས་ཏེ། ཆོས་བསྟན་པས་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །རྒྱལ་པོ་ཆེན་པོ། བྱོལ་སོང་གི་སྐྱེ་གནས་སུ་གྱུར་པའང་སངས་རྒྱས་དང་ཕྲད་མ་ཐག་ཏུ་བྱོལ་སོང་གི་སྐྱེ་གནས་སུ་གྱུར་བའི་རྣམ་པར་སྨིན་པའང་ཡོངས་སུ་བཅོམ་ན། མིའི་རྒྱུད་དུ་སྐྱེས་པ་ལྟ་ཅི་སྨོས་ཏེ། རྒྱལ་པོ་
Ka474a
༄#། །ཆེན་པོ། འདི་ལྟར་རིག་པར་གྱིས་ཤིག་།གལ་ཏེ་སངས་རྒྱས་དང་ཕྲད་ན་ཁ་ན་མ་ཐོ་བའི་སྡིག་ཡོངས་སུ་འབྱང་བར་འགྱུར་རོ། །རྒྱལ་པོ་ཆེན་པོ། སངས་རྒྱས་བཅོམ་ལྡན་འདས་སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་མ་རྒྱས་པ་ན། བདུད་ཀྱི་རིས་ཚད་མེད་གྲངས་མེད་པ་བྱང་ཆུབ་སེམས་དཔའི་དྲུང་དུ་ལྷགས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔས་བཟོད་པའི་སྟོབས་ཀྱིས་བདུད་སྡིག་ཏོ་ཅན་གྱི་སེམས་རབ་ཏུ་བཏུལ་ཏེ། བདུད་རྣམས་ལ་ཆོས་བསྟན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་ལ་དེ་ལྟ་བུའི་ཡོན་ཏན་ཆེན་པོའི་མཐུ་མངའོ། །རྒྱལ་པོ་ཆེན་པོ། འབྲོག་དགོན་པའི་ཡི་དྭགས་སེམས་ཅན་མང་པོ་གསོད་པ་དག་ཡོད་དོ། །དེའི་ཚེ་དེ་བཞིན་གཤེགས་པས་ཚོང་དཔོན་ནོར་བཟང་གི་ཕྱིར་འབྲོག་དགོན་པའི་ཡི་དྭགས་གང་ན་བ་དེར་གཤེགས་ཏེ། དེ་དག་ལ་ཆོས་བསྟན་ཏོ། །འབྲོག་དགོན་པའི་ཡི་དྭགས་དེ་དག་ཆོས་གསུངས་པ་ཐོས་ནས་རབ་ཏུ་དགའ་མགུ་རངས་ཏེ། ཚོང་དཔོན་ནོར་བཟང་གིས་སངས་རྒྱས་ལ་ཕུལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ། ཡུལ་སེར་སྐྱ་ན་ཤན་པ་དཔྲལ་བ་ཡངས་ཞེས་བྱ་བ་
Ka474b
ཞིག་།ཉིན་གཅིག་ཀྱང་ལུག་གྲངས་མེད་པ་གསོད་དེ། ཤཱ་རིའི་བུ་མཐོང་ནས་ཉིན་ཞག་གཅིག་གི་ཁྲིམས་བརྒྱད་མནོས་སོ། །དེའི་རྒྱུ་དེའི་རྐྱེན་གྱིས་ཚེ་འཕོས་ནས་བྱང་ཕྱོགས་ཀྱི་མགོན་པོ་ངལ་བསོས་པོའི་བུར་སྐྱེས་སོ། །དེ་བཞིན་གཤེགས་པའི་ཉེ་གནས་ལའང་དེ་ལྟ་བུའི་ཡོན་ཏན་ཆེན་པོ་ཡོད་ན། སངས་རྒྱས་བཅོམ་ལྡན་འདས་ལྟ་སྨོས་ཀྱང་ཅི་དགོས་རྒྱལ་པོ་ཆེན་པོ། ཡུལ་འཁོར་གྱི་བྱང་ཕྱོགས་ན་གྲོང་ཁྱེར་གསེག་མ་ཞེས་བྱ་བའི་རྒྱལ་པོ་ཀླུའི་ཕྱག་རྒྱ་ཞེས་བྱ་བ་རྒྱལ་པོའི་སྲིད་འདོད་པའི་ཕྱིར་ཕ་བསད་དོ། །དེ་ལྟར་ཕ་བསད་ནས་ཤིན་ཏུ་འགྱོད་པའི་སེམས་སྐྱེས་ཏེ། ཡུལ་གྱི་སྲིད་བཏང་ནས་དེ་བཞིན་གཤེགས་པ་གང་ན་བར་ལྷགས་ནས་རབ་ཏུ་འབྱུང་བར་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་ལེགས་སོ། །ཞེས་བཀའ་སྩལ་ནས་དགེ་སློང་དུ་གྱུར་ཏེ། ཁ་ན་མ་ཐོ་བའི་སྡིག་ཀྱང་ཡོངས་སུ་བྱང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། ། རྒྱལ་པོ་ཆེན་པོ། དེ་བས་ན་དེ་བཞིན་གཤེགས་པ་ལ་ཡོན་ཏན་ཆེན་པོ་གྲངས་མེད་ཚད་མེད་པ་མངའ་བར་རིག་པར་བྱའོ། །རྒྱལ་པོ་ཆེན་པོ། དེ་བཞིན་གཤེགས་པ་ལ་གཅུང་ལྷ་སྦྱིན་ཞེས་བྱ་བ་ཡོད་དེ། དགེ་འདུན་གྱི་དབྱེན་བྱས་ནས། སངས་རྒྱས་ཀྱི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་སྟེ། དགེ་སློང་མ་པདྨོ་ཞེས་བྱ་བའང་བསད་པས་མཚམས་མེད་པ་གསུམ་གྱི་ལས་
Ka475a
༄#། །བྱས་སོ། །དེ་ལའང་དེ་བཞིན་གཤེགས་པས་ཆོས་རྣམ་པ་སྣ་ཚོགས་བསྟན་ནས་ཁ་ན་མ་ཐོ་བའི་སྡིག་ཀྱང་ཁད་ཀྱིས་བྱང་བར་གྱུར་ཏོ། །དེ་བས་ན་དེ་བཞིན་གཤེགས་པ་ནི་སྨན་པ་ཆེན་པོ་ཞེས་བྱ་སྟེ། སྟོན་པ་དྲུག་ལྟ་བུ་ནི་མ་ཡིན་ནོ། །རྒྱལ་པོ་ཆེན་པོ། གལ་ཏེ་བདག་སྨྲ་བའི་ཚིག་ལ་ཐུགས་ཆེས་ན་སངས་རྒྱས་བཅོམ་ལྡན་འདས་གང་ན་བཞུགས་པར་མྱུར་དུ་བཞུད་ཅིག་།ཅི་སྟེ་ཐུགས་མི་ཆེས་ནའང་ལེགས་པར་དགོངས་ཤིག་།རྒྱལ་པོ་ཆེན་པོ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོ་ནི་ཐམས་ཅད་ལ་ཁྱབ་པས་དམ་པའི་ཆོས་གཅིག་ཙམ་མམ། འགའ་ཙམ་ལ་སྟོན་པ་ནི་མ་ཡིན་ནོ། །གཉེན་པ་དང་སྡང་བ་ལ་ཐུགས་མཉམ་པས་ན་གང་ཟག་གཅིག་ཙམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་དེ། གཞན་མི་འགོད་པ་མ་ཡིན། དེ་བཞིན་གཤེགས་པ་ནི་འཁོར་རྣམ་པ་བཞི་པོ་འབའ་ཞིག་གི་སྟོན་པ་མ་ཡིན་གྱི། འཇིག་རྟེན་དུ་བཅས་པ་ལྷ་དང ། མི་དང ། ཀླུ་དང ། ཡི་དྭགས་དང ། བྱོལ་སོང་དང ། སེམས་ཅན་དམྱལ་བ་ལ་སོགས་ཏེ། ཐམས་ཅད་ཀྱི་སྟོན་པ་ཡིན་པས། དེ་བས་ན་སེམས་ཅན་ཐམས་ཅད་ཀྱིས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ལ་ཕ་མ་དང་འདྲ་བར་འདུ་ཤེས་བསྐྱེད་པའི་རིགས་སོ། །རྒྱལ་པོ་ཆེན་པོ། དེ་བཞིན་གཤེགས་པ་ནི་རིགས་མཐོ་ཞིང་བཙུན་པ་རྒྱལ་པོ་བདེ་ཀ་འབའ་ཞིག་ལ་ཆོས་སྟོན་པ་མ་
Ka475b
ལགས་ཀྱི། རིགས་དམའ་ཞིང་ངན་པ་ཨུ་པ་ལི་ལ་སོགས་པའང་ཆོས་སྟོན་ཏོ། །ུ་བར་ཏ་དང ། ་ན་ཡ་ཏེ་འབའ་ཞིག་གིས་ཕུལ་བའི་ཞལ་ཟས་བཞེས་པར་མ་ཟད་ཀྱི། དབུལ་པོ་སུ་ད་ར་ཏིའི་ཞལ་ཟས་ཀྱང་བཞེས་སོ། །དབང་པོ་རྣོན་པོ་ཤཱ་རིའི་བུ་ལ་སོགས་པ་འབའ་ཞིག་ལ་ཆོས་སྟོན་པ་མ་ལགས་ཀྱི། དབང་པོ་རྟུལ་པོ་ཆིའུ་ལི་བན་ཏ་ལ་སོགས་པ་ལའང་ཆོས་སྟོན་ཏོ། །འདོད་ཆགས་མེད་པའི་རང་བཞིན་ཅན་འོད་སྲུང་ཆེན་པོ་ལ་སོགས་པ་རབ་ཏུ་འབྱུང་བར་གནང་བ་མ་ལགས་ཀྱི། འདོད་ཆགས་ཅན་བསྙེན་དགའ་བོ་ལ་སོགས་པ་ལའང་རབ་ཏུ་འབྱུང་བར་གནང་ངོ ། །ཉོན་མོངས་པ་སྲབ་པ་ལྟེང་རྒྱས་འོད་སྲུང་ལ་སོགས་པ་རབ་ཏུ་འབྱུང་བར་གནང་བ་མ་ལགས་ཀྱི། ཁ་ན་མ་ཐོ་བའི་ལས་བྱས་པ་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ཀྱི་ནུ་བོ་སུ་ཏ་ལའང་རབ་ཏུ་འབྱུང་བར་གནང་ངོ ། །འཛག་མ་ཞེས་བྱ་བའི་བསྟི་སྟང་དང་བཅས་པས་བསྙེན་བཀུར་བྱས་ཏེ་ཞེ་སྡང་རྩ་བ་ནས་བཏོན་པ་མ་ལགས་ཀྱི། སོར་མོས་བརྒྱན་ངན་སེམས་ཀྱི་གནོད་པར་བྱས་པའང་མ་བཀོལ་ཏེ་སྐྱབས་མཛད་དོ། །ཤེས་རབ་དང་ལྡན་པ་སྐྱེས་པ་འབའ་ཞིག་ལ་ཆོས་སྟོན་པ་མ་ལགས་ཀྱི། ཤིན་ཏུ་གླེན་པ་བུད་མེད་གཡེམ་པ། གཡེམ་པའི་ཆོས་ལ་མཁས་པ་ལའང་ཆོས་སྟོན་ཏོ། །རབ་ཏུ་འབྱུང་བའི་འཁོར་བཞི་པོ་འབའ་ཞིག་གིས་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པ་མ་ལགས་ཀྱི། ཁྱིམ་ན་གནས་པས་ཀྱང་འབྲས་བུ་གསུམ་ཐོབ་པར་མཛད་དོ།
Ka476a
༄#། །སུ་ཏ་ན་ལ་སོགས་པ་འདུ་འཛི་ཡོངས་སུ་སྤངས་ནས་བས་མཐར་སེམས་རྩེ་གཅིག་པ་འབའ་ཞིག་ལ་ཆོས་ཀྱི་དོན་སྟོན་པ་མ་ལགས་ཀྱི། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་ཡུལ་གྱི་སྲིད་བཟུང་བ་ལའང་ཆོས་ཀྱི་དོན་སྟོན་ཏོ། །ཆང་ཡོངས་སུ་བཅད་པ་འབའ་ཞིག་ལ་མ་ལགས་ཀྱི། ཁྱིམ་བདག་དྲག་པོ་ཆང་གིས་ཤིན་ཏུ་མྱོས་པ་ལའང་ཆོས་སྟོན་ཏོ། །ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ལི་པ་ཏ་ལ་སོགས་པ་འབའ་ཞིག་ལ་མ་ལགས་ཀྱི། བུ་ཤི་ནས་སེམས་འཁྲུགས་པ་བྲམ་ཟེ་མོ་བ་སི་ཏ་ལའང་ཆོས་སྟོན་ཏོ། །བདག་གི་ཉེ་གནས་འབའ་ཞིག་ལ་མ་ཡིན་གྱི། མུ་སྟེགས་ཅན་གཅེར་བུ་དེ་ལའང་ཆོས་སྟོན་ཏོ། །ཤིན་ཏུ་ལང་ཚོལ་བབ་པ་ཉི་ཤུ་ལྔ་ལོན་པ་འབའ་ཞིག་ལ་མ་ལགས་ཀྱི། རྒས་འཁོགས་པ་ལོ་བརྒྱད་ཅུ་ལོན་པ་ལའང་ཆོས་སྟོན་ཏོ། །དབང་པོ་ཡོངས་སུ་སྨིན་པའི་གང་ཟག་འབའ་ཞིག་ལ་མ་ལགས་ཀྱི། དགེ་བའི་རྩ་བ་མ་སྨིན་པ་ལའང་ཆོས་སྟོན་ཏོ། །བཙུན་མོ་ཕྲེང་ལྡན་མ་འབའ་ཞིག་ལ་སྟོན་པ་མ་ལགས་ཀྱི། སྤྲུལ་འཚོང་མ་པདྨོ་ལའང་ཆོས་སྟོན་ཏོ། །རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ཀྱིས་ཕུལ་བའི་ཞལ་ཟས་རོ་མཆོག་བརྒྱད་དང་ལྡན་པ་འབའ་ཞིག་པ་ཞེས་པ་མ་ལགས་ཀྱི། ཁྱིམ་བདག་ཤྲཱི་གུ་པ་ཏས་ཞལ་ཟས་དུག་དང་བསྲེས་ཏེ་ཕུལ་བའང་བཞེས་སོ། །
Ka476b
རྒྱལ་པོ་ཆེན་པོ། འདི་ལྟར་རིག་པར་གྱིས་ཤིག་།ཤྲཱི་གུ་པ་ཏ་ཞེས་པ་ནི་སྔོན་འདས་པའི་དུས་ནའང་མཚམས་མེད་པ་བྱས་པའི་ལས་ཀྱི་རྒྱུ་ཡོད་དེ། སངས་རྒྱས་དང་ཕྲད་ནས་ཆོས་ཐོས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ། གལ་ཏེ་ཟླ་བ་གཅིག་གི་བར་དུ་སེམས་ཅན་ཐམས་ཅད་ལ་ཟས་དང་གོས་ཀྱི་སྦྱིན་པ་བྱིན་པ་བས། གང་ཟག་གཅིག་གིས་སྐད་ཅིག་ཙམ་སངས་རྒྱས་རྗེས་སུ་དྲན་ན་བསོད་ནམས་འདིའི་བཅུ་དྲུག་ཆ་གཅིག་ཙམ་ཡང་མི་ཕོད་དོ། །རྒྱལ་པོ་ཆེན་པོ། གལ་ཏེ་གསེར་ལ་མི་བྱས་ནས་ཤིང་རྟ་བརྒྱ་སྙེད་སྦྱིན་པ་བྱིན་པ་བས། གང་ཞིག་སེམས་བསྐྱེད་དེ་སངས་རྒྱས་ཀྱི་ཕྱོགས་སུ་གོམ་པ་གཅིག་བོར་བའི་བསོད་ནམས་སུ་མི་ཕོད་དོ། །རྒྱལ་པོ་ཆེན་པོ། གལ་ཏེ་ཡུལ་ཆེན་པོ་གཅིག་གི་རིན་པོ་ཆེ་རྣམ་པ་སྣ་ཚོགས་བལ་གླང་གིས་གྲངས་པའི་ཤིང་རྟ་བརྒྱ་སྙེད་དང ། བུད་མེད་དོ་ཤལ་དང ། ཕྲེང་བས་ཡོངས་སུ་བརྒྱན་པའང་བརྒྱ་སྙེད་ཀྱི་སྦྱིན་པ་བྱིན་པ་བས། སེམས་བསྐྱེད་དེ་སངས་རྒྱས་བཞུགས་པའི་ཕྱོགས་སུ་གོམ་པ་གཅིག་བོར་བ་བསོད་ནམས་ཆེ་སྟེ། དེའང་རེ་ཞིག་ཞོག་ལ་གལ་ཏེ་མཆོད་པའི་ཡོ་བྱད་རྣམ་པ་བཞིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་སྦྱིན་པ་བྱིན་པ་བས། སེམས་བསྐྱེད་དེ་སངས་རྒྱས་ཀྱི་ཕྱོགས་སུ་གོམ་པ་གཅིག་བོར་ན་བསོད་ནམས་ཆེའོ། །དེའང་རེ་ཞིག་
Ka477a
༄#། །ཞོག་ལ་གལ་ཏེ་རྒྱལ་པོ་ཆེན་པོས་གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་གྲངས་མེད་པ་ལ་སྦྱིན་པ་བྱིན་པ་ནི། ཤིང་སཱ་ལ་དྲུང་གཉིས་ཀྱི་བར་དེ་བཞིན་གཤེགས་པའི་སྤྱན་སྔར་སེམས་ཐག་པ་ནས་ཆོས་ཉན་དུ་འགྲོ་བ་ཙམ་མི་ཕོད་དོ། །དེ་ནས་རྒྱལ་པོ་ཆེན་པོས་འཚོ་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ནི་རང་བཞིན་གྱིས་ཤིན་ཏུ་དུལ་བས་ན། འཁོར་རྣམས་ཀྱང་ཤིན་ཏུ་དུལ་བ་སྟེ། ཇི་ལྟར་ཤིང་ཙནྡན་གྱི་ཚལ་ལ། ཙནྡན་འབའ་ཞིག་གིས་བསྐོར་བ་བཞིན་ནོ། །དེ་བཞིན་གཤེགས་པ་རྣམ་པར་དག་པས་འཁོར་རྣམས་ཀྱང་རྣམ་པར་དག་པ་སྟེ། ཇི་ལྟར་ཀླུང་ཆེན་པོ་ལ་ཀླུའི་འཁོར་གྱིས་ཡོངས་སུ་བསྐོར་བ་བཞིན་ནོ། །དེ་བཞིན་གཤེགས་པ་ནི་རབ་ཏུ་ཞི་བས་འཁོར་རྣམས་ཀྱང་རབ་ཏུ་ཞི་བའོ། །དེ་བཞིན་གཤེགས་པ་ནི་འདོད་ཆགས་མེད་པས་འཁོར་རྣམས་ཀྱང་འདོད་ཆགས་མེད་པའོ། །སངས་རྒྱས་ལ་ཉོན་མོངས་པ་མེད་པས་འཁོར་རྣམས་ཀྱང་ཉོན་མོངས་པ་མེད་པ་ཡིན་ན། ཁོ་བོ་ལྟ་བུ་ཤིན་ཏུ་སྡིག་ཅན་ཁ་ན་མ་ཐོ་བའི་ལས་ཀྱིས་ཤིན་ཏུ་གླགས་པ། ཤིན་ཏུ་མནམ་ཞིང་བཙོག་པ། སེམས་ཅན་དམྱལ་བའི་ཁམས་སུ་གཏོགས་པ་འདི་ཇི་ལྟར་བུར་དེ་བཞིན་གཤེགས་པའི་སྤྱན་སྔར་འགྲོ་བར་བྱ། ཅི་སྟེ་ཕྱིན་ནའང་ཁོ་བོ་ལ་མི་གཟིགས་ཤིང་བཀའ་སྩལ་པར་མི་གནང་དུ་དོགས་ཏེ། ཁྱོད་ཀྱིས་ཁོ་བོ་ལ་སངས་
Ka477b
རྒྱས་ཀྱི་སྤྱན་སྔར་འགྲོ་བར་བསྐུལ་ཀྱང་བདག་ནི་ཤིན་ཏུ་བཙོག་པས་འགྲོ་བའི་སེམས་འདི་ཙམ་ཡང་མེད་དོ། །དེའི་ཚེ་སྟེང་གི་ནམ་མཁའ་ལས་ཀྱང་འདི་སྐད་ཅེས་གྲགས་པར་གྱུར་ཏོ། ། བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་ཀྱང་ནུབ་ཏུ་ཉེ། ཤིན་ཏུ་ཟབ་པའི་ཆུ་ཀླུང་ཡང་བསྐམས་ལ་ཁད། ཆོས་ཀྱི་སྒྲོན་མ་ཆེན་པོའང་རིང་པོ་མི་ཐོགས་ལ། ཆོས་ཀྱི་རི་བོའང་འགྱེལ་དུ་ཉེ། ཆོས་ཀྱི་གྲུའང་ཞིག་ལ་ཁད། ཆོས་ཀྱི་ཟམ་པའང་ཞིག་ཏུ་ཉེ། ཆོས་ཀྱི་གཞལ་མེད་ཁང་ཡང་རྡིབ་ཏུ་ཉེ། ཆོས་ཀྱི་རྒྱལ་མཚན་ཡང་འགྱེལ་དུ་ཉེ། ཆོས་ཀྱི་སྡོང་པོའང་ཆག་ལ་ཁད། དགེ་བའི་བཤེས་གཉེན་ཡང་འགྲོ་ལ་ཁད། འཇིག་པ་ཆེན་པོའང་འོང་དུ་ཉེ། ཆོས་ཀྱིས་ལྟོགས་པའི་སེམས་ཅན་ནི་རིང་པོ་མི་ཐོགས་པར་འབྱུང ། ཉོན་མོངས་པའི་རིམས་ནད་ནི་འབྱུང་ལ་ཁད། མུན་ནག་ཆེན་པོས་ནི་ནོན་པའི་དུས་ལ་བབ། ཆོས་ཀྱིས་ཕོངས་པའི་དུས་ནི་བབ་ཏུ་ཉེ་ལ། བདུད་ཀྱི་རྒྱལ་པོ་ནི་ཤིན་ཏུ་དགའ་བས་གོ་ཆའང་བོར། སངས་རྒྱས་ཀྱི་ཉི་མ་ནི་མྱ་ངན་ལས་འདས་པ་ཆེན་པོའི་རི་རྩེར་ནུབ་ལ་ཁད་དོ། །རྒྱལ་པོ་ཆེན་པོ། གལ་ཏེ་སངས་རྒྱས་གཤེགས་པར་གྱུར་ན་རྒྱལ་པོ་ཆེན་པོའི་ཁ་ན་མ་ཐོ་བའི་ལས་འདི་དག་ནི་གཞན་སུས་ཀྱང་གསོ་མི་ནུས་སོ། །རྒྱལ་པོ་ཆེན་པོ། ཁྱོད་ནི་མཚམས་མེད་པའི་སེམས་ཅན་དམྱལ་བའི་ཁ་ན་མ་ཐོ་བའི་ལས་བྱས་པའི་ལས་དེའི་རྐྱེན་གྱིས་ཐེ་ཚོམ་མེད་པར་ལྟུང་དུ་ངེས་སོ། །རྒྱལ་པོ་ཆེན་པོ། ཨ་ཞེས་བྱ་བ་ནི་མེད་
Ka478a
༄#། །པའོ། །བྱི་ཞེས་བྱ་བ་ནི་མཚམས་སོ། །བདེ་པའི་མཚམས་ཅུང་ཟད་ཀྱང་མེད་པས་མཚམས་མེད་པ་ཞེས་བྱའོ། །རྒྱལ་པོ་ཆེན་པོ། གལ་ཏེ་མི་གཅིག་པ་ཞིག་དམྱལ་བ་དེར་ལྟུང་ནའང་དེའི་ལུས་དཔག་ཚད་བརྒྱད་ཁྲིའི་ནང་ཡོངས་སུ་གང་སྟེ། བར་མཚམས་ཀྱི་སྟོང་པ་མེད་པར་དེའི་ལུས་ལ་ཁོ་ར་ཁོར་ཡུག་ཏུ་ཆུབ་པར་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་ངོ ། །ཅི་སྟེ་མི་མང་ཞིག་ལྟུང་ནའང་ལུས་ཀྱིས་ཡོངས་སུ་གང་སྟེ། གཅིག་ལ་གཅིག་གཟེར་ཞིང་དོག་པ་མེད་དོ། །རྒྱལ་པོ་ཆེན་པོ། གྲང་བའི་སེམས་ཅན་དམྱལ་བར་ནི་ཚ་བའི་རླུང་ཅུང་ཟད་ཙམ་དང་ཕྲད་པས་དེའང་བདེ་བ་ཞེས་བྱའོ། །ཚ་བའི་སེམས་ཅན་དམྱལ་བའང་གྲང་བའི་རླུང་ཅུང་ཟད་ཙམ་དང་ཕྲད་པས་དེའང་བདེ་བ་ཞེས་བྱའོ། །འཚོ་བའི་སེམས་ཅན་དམྱལ་བའང་ཤི་ནས་སོས་ཞེས་བྱ་བའི་སྒྲ་ཐོས་པས་དེ་མ་ཐག་ཏུ་འཚོའོ། །མཚམས་མེད་པའི་སེམས་ཅན་དམྱལ་བ་ལ་ནི་དེ་ལྟ་བུའི་བག་མེད་དོ། །རྒྱལ་པོ་ཆེན་པོ། མཚམས་མེད་པའི་སེམས་ཅན་དམྱལ་ང་ལ་ཕྱོགས་བཞིན་སྒོ་རེ་རེ་ཡོད་དོ། །སྒོ་དེ་རེ་རེའི་ཕ་རོལ་ན་མེ་ཆེན་པོ་ཡོད་དེ། ལྷོ་བྱང་ཤར་ནུབ་ཐལ་བྱུང་དུ་འབར་རོ། ། དཔག་ཚད་བརྒྱད་ཁྲི་ཁོ་ར་ཁོར་ཡུག་ཏུ་ལྕགས་ཀྱི་རིས་བསྐོར་ཏེ། སྟེང་ཡང་ལྕགས་ཀྱི་དྲ་བས་བླ་རེ་བྲེས་ནས་ས་གཞིའང་ལྕགས་ལས་བྱས་སོ། །སྟེང་གི་མེའང་འོག་ཏུ་ཐལ། འོག་གི་
Ka478b
མེའང་སྟེང་དུ་ཐལ་བྱུང་དུ་འབར་རོ། །རྒྱལ་པོ་ཆེན་པོ། སླ་ངའི་ཐོག་ཏུ་ཉ་བཞག་ན་འཚིག་པ་དང་འདྲ་བར་དེ་ན་གནས་པའི་མིའང་དེ་དང་འདྲའོ། །རྒྱལ་པོ་ཆེན་པོ། མཚམས་མེད་པ་གཅིག་བྱས་ན་མཚམས་མེད་པ་གཅིག་མྱོང་ངོ ། །མཚམས་མེད་པ་གཉིས་བྱས་ན་ཉིས་འགྱུར་མྱོང་ངོ ། །མཚམས་མེད་པ་ལྔ་བྱས་ན་ལྔ་འགྱུར་མྱོང་བར་འགྱུར་རོ། །རྒྱལ་པོ་ཆེན་པོ། བདག་གིས་ནི་རྒྱལ་པོའི་ཁ་ན་མ་ཐོ་བའི་ལས་འདིས་གདོན་མི་ཟ་བར་མི་ཐར་བར་ཤེས་ཀྱི། རྒྱལ་པོ་ཆེན་པོ། དེ་བཞིན་གཤེགས་པ་གང་ན་བཞུགས་པར་མྱུར་དུ་བཞུད་ཅིག་།སངས་རྒྱས་བཅོམ་ལྡན་འདས་མ་གཏོགས་པར་གཞན་སུས་ཀྱང་སྐྱབས་སུ་འགྱུར་བ་མེད་དེ། ཁོ་བོ་ཁྱོད་ལ་སྙིང་བརྩེ་བའི་ཕྱིར་འདི་སྐད་ཅེས་བསྐུལ་བ་ཡིན་ནོ། །དེའི་ཚེ་རྒྱལ་པོ་ཆེན་པོས་དེ་སྐད་ཅེས་གྲགས་པའི་ཚིག་ཐོས་ནས་ཤིན་ཏུ་འཇིགས་དངངས་ཏེ་སྐྱི་བུང་ཞེས་བྱེད་ནས། ལུས་ཀྱི་ཡན་ལག་ལྔའང་ཆུ་ཤིང་ལྟ་བུར་གཡོས་ནས་མར་བལྟས་ཏེ་འདི་སྐད་དུ་སྨྲས་པ། གཟུགས་ནི་མ་མཐོང་གི་སྐད་འབའ་ཞིག་གྲག་པ་འདི་སུ་ཡིན་ཞེས་སྨྲས་སོ། །རྒྱལ་པོ་ཆེན་པོ། ཁོ་བོ་ནི་ཁྱོད་ཀྱི་ཕ་གཟུགས་ཅན་སྙིང་པོ་ཡིན་གྱི། ཁྱོད་འཚོ་བྱེད་ཀྱི་ཚིག་ཉོན་ཅིག་།ངན་པར་ལྟ་བ་སྟོན་པ་དྲུག་གི་ཚིག་ནི་མ་ཡིན་ནོ། །རྒྱལ་པོས་དེ་སྐད་ཅེས་གྲག་པའི་ཚིག་ཐོས་མ་ཐག་ཏུ་བརྒྱལ་ནས་ས་ལ་འགྱེལ་ཏེ། ལུས་ཀྱི་འབྲུམ་བུའང་སྐྱེས་ནས་སྔ་མ་ལས་ལྷག་པར་ནམ་ཞིང་བཙོག་པར་གྱུར་ཏེ།
Ka479a
༄#། །བསིལ་སྨན་གྱིས་བསྐུས་ཀྱང་འབྲུམ་བུ་ལྷག་པར་ཚ་བར་གྱུར་གྱི། འཚོ་བ་ནི་མེད་དོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་རྩ་བདུན་པ། དེའི་ཚེན་བཅོམ་ལྡན་འདས་སྟོན་པ་ཐུགས་རྗེ་ཆེན་པོས་རྒྱལ་པོ་མ་སྐྱེས་དགའི་ཕྱིར་ཟླ་བ་ལྟ་བུའི་ཏིང་ངེ་འཛིན་ལ་ཞུགས་སོ། །ཏིང་ངེ་འཛིན་ལ་ཞུགས་ནས་འོད་ཟེར་ཆེན་པོ་བཏང་ངོ ། །འོད་ཆེན་པོ་ཤིན་ཏུ་བསིལ་བ་དེས་རྒྱལ་པོའི་ལུས་ལ་རེག་ནས་ལུས་ཀྱི་འབྲུམ་བུ་སྲོས་ཏེ་ཚ་བས་གདུངས་པའང་ཞི་བར་གྱུར་ཏོ། །རྒྱལ་པོས་འབྲུམ་བུ་སོས་ཤིང་ལུས་ཀྱི་ཡན་ལག་བསིལ་བར་ཚོར་ནས་འཚོ་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །སྔོན་མཁས་པ་དག་འདི་སྐད་ཅེས་ཟེར་རོ། །བསྐལ་བཟད་དུ་ཉེ་བ་ན་ཟླ་བ་གསུམ་ཅིག་ཅར་འབྱུང་སྟེ། དེའི་ཚེ་ན་སེམས་ཅན་ཐམས་ཅད་ཀྱི་ན་བ་དང་སྡུག་བསྔལ་ཀུན་ཞི་བར་འགྱུར་རོ། །དེའི་དུས་ལ་ད་དུང་མ་བབ་པར་འོད་འདི་ག་ལས་བྱུང་ན་ངའི་ལུས་ལ་རེག་ནས་འབྲུམ་བུའི་སྡུག་བསྔལ་བྱང་ཞིང་ལུས་བདེ་བར་གྱུར། འཚོ་བྱེད་ཀྱིས་སྨྲས་པ། འདི་ནི་བསྐལ་པ་ཟད་དུ་ཉེ་བའི་ཚེ་ཟླ་བ་གསུམ་ཅིག་ཅར་བྱུང་བ་མ་ཡིན། མེད་དང ། ཉི་མ་དང ། སྐར་མ་དང ། སྨན་དང ། ནོར་བུ་རིན་པོ་ཆེ་དང ། ལྷའི་འོད་ཀྱང་མ་ཡིན་ནོ། །རྒྱལ་པོས་ཡང་སྨྲས་ལ། ཟླ་བ་གསུམ་དང ། ནོར་བུ་རིན་པོ་ཆེ་ལ་སོགས་པའི་འོད་མ་
Ka479b
ཡིན་ན། འོ་ན་འདི་སུའི་འོད། སྨྲས་པ། རྒྱལ་པོ་འདི་ནི་ལྷའི་ལྷས་བཏང་བའི་འོད་ཡིན་པར་རིག་པར་བྱའོ། །འོད་འདི་ནི་རྩ་བ་མེད། མཐར་ཐུག་པ་མ་ཡིན། ཚ་བ་མ་ཡིན། གྲང་བ་མ་ཡིན། རྟག་པ་མ་ཡིན། འགག་པ་མ་ཡིན། གཟུགས་མ་ཡིན། གཟུགས་མེད་པ་མ་ཡིན། མཚན་ཉིད་མ་ཡིན། མཚན་ཉིད་མེད་པ་མ་ཡིན། སྔོན་པོ་མ་ཡིན། སེར་པོ་མ་ཡིན། དམར་པོ་མ་ཡིན། དཀར་པོ་མ་ཡིན་ཏེ། སེམས་ཅན་སྒྲོལ་བའི་ཕྱིར་མཐོང་བ་དང ། མཚན་ཉིད་བརྗོད་དུ་ཡོད་པ་དང ། རྩ་བ་ཡོད་པ་དང ། མཐའ་ཡོད་པ་དང ། ཚ་བ་ཡོད་པ་དང ། གྲང་བ་ཡོད་པ་དང ། སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོའང་ཡོད་དོ། །རྒྱལ་པོ་ཆེན་པོ། དེ་ལྟ་མོད་ཀྱི། འོད་དེ་ནི་ཡང་དག་པར་ན་བརྗོད་དུ་མེད། མཐོང་བ་མ་ཡིན་པ་ནས། སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོའི་བར་དུ་མེད་དོ། །རྒྱལ་པོས་འཚོ་བྱེད་ལ་སྨྲས་པ། ལྷའི་ལྷ་དེ་ཅིའི་རྒྱུ་ཅིའི་རྐྱེན་གྱིས་འོད་འདི་བཏང་བར་གྱུར། སྨྲས་པ། རྒྱལ་པོ་ཆེན་པོ། དེང་གི་ལྟས་འདི་ནི་རྒྱལ་པོ་ལ་དགོངས་པའི་ཕྱིར་བཏང་བ་འདྲའོ། །རྒྱལ་པོས་སྔར་འདི་སྐད་དུ་འཇིག་རྟེན་ན་སྨན་པ་མཁས་པ་ལུས་དང་སེམས་ཀྱི་ནད་གསོ་ནུས་པ་མེད་དོ། །ཞེས་བྱས་པས་དེའི་ཕྱིར་འོད་འདི་བཏང་ནས་སྔར་རྒྱལ་པོའི་ལུས་གསོས་ཏེ། དེ་ནས་སེམས་ཅན་ཀྱང་གསོ་བར་མཛད་དོ། །རྒྱལ་པོས་ཡང་འཚོ་བྱེད་ལ་སྨྲས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་
Ka480a
༄#། །པས་བདག་ལ་དགོངས་སམ། འཚོ་བྱེད་ཀྱིས་སྨྲས་པ། དཔེར་ན། མི་ཞིག་ལ་བུ་བདུན་ཡོད་དེ། བདུན་ལས་གཅིག་ནད་ཀྱིས་བཏབ་ན། ཕ་མས་བུ་དེ་དག་ལ་མི་སྙོམས་པ་མ་ཡིན་ཏེ། འོན་ཀྱང་བུ་ན་བ་དེ་ལ་ཆེར་སེམས་སོ། །རྒྱལ་པོ་ཆེན་པོ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ལ་ཐུགས་མི་སྙོམས་པ་མ་ལགས་མོད་ཀྱི། སྡིག་པ་ཅན་ལ་ལྷག་པར་དགོངས་སོ། །ལེ་ལོ་ཅན་ལ་ནི་སངས་རྒྱས་ཐུགས་བརྩེ་བར་དགོངས་སོ། །ལེ་ལོ་མེད་པ་ལ་ནི་ཐུགས་བཏང་སྙོམས་སུ་འཇུག་གོ ། དེ་ལ་ལེ་ལོ་མེད་པ་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ས་དྲུག་ལ་གནས་པ་དག་གོ། རྒྱལ་པོ་ཆེན་པོ། སངས་རྒྱས་བཅོམ་ལྡན་འདས་ནི་སེམས་ཅན་གྱི་རིགས་རྒན་པ་དང ། གཞོན་ནུ་དང ། དར་ལ་བབ་པ་དང ། དབུལ་པོ་དང ། ཕྱུག་པོ་དང ། དུས་དང ། ཉི་མ་དང ། ཟླ་བ་དང ། སྐར་མ་དང ། བཟོ་དང ། རིགས་ངན་དང ། བྲན་ཕོ་དང ། བྲན་མོར་མི་རྟོག་སྟེ། སེམས་ཅན་གང་དགེ་བའི་སེམས་ཡོད་པ་འབའ་ཞིག་ལ་རྟོག་པས་དགེ་བའི་སེམས་ཡོད་ན་བྱམས་པའི་ཐུགས་ཀྱིས་དགོངས་སོ། །རྒྱལ་པོ་ཆེན་པོ། འོད་ཀྱིས་ལྟས་འདི་ནི་དེ་བཞིན་གཤེགས་པ་ཟླ་བ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བཏང་བའི་འོད་ཡིན་པར་རིག་པར་བྱའོ། །རྒྱལ་པོས་དྲིས་པ། ཟླ་བ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱ་བ་ཇི་
Ka480b
ལྟ་བུ་ཡིན། འཚོ་བྱེད་ཀྱིས་གསོལ་པ། དཔེར་ན། ཟླ་བའི་འོད་ནི་ཨུཏྤ་ལའི་མེ་ཏོག་ཐམས་ཅད་ཁ་འབུས་ཤིང་གསལ་བར་བྱེད་དོ། །དེ་བཞིན་དུ་ཟླ་བ་ལྟ་བུའི་ཏིང་ངེ་འཛིན་ཡང་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་སེམས་ཁ་འབྱེ་ཞིང་འབུ་བར་མཛད་དེ། དེ་བས་ན་ཟླ་བ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱའོ། །རྒྱལ་པོ་ཆེན་པོ། དཔེར་ན། ཟླ་བའི་འོད་ནི་མགྲོན་པོ་ཐམས་ཅད་དགའ་བར་བྱེད་དོ། །དེ་བཞིན་དུ་ཟླ་བ་ལྟ་བུའི་ཏིང་ངེ་འཛིན་ཡང་དེ་དང་འདྲ་སྟེ། མྱ་ངན་ལས་འདས་པའི་ལམ་བགྲོད་པ་དག་དགའ་བའི་སེམས་སྐྱེ་བར་བྱེད་དེ། དེ་བས་ན་ཟླ་བ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱའོ། །རྒྱལ་པོ་ཆེན་པོ། དཔེར་ན། ཟླ་བའི་འོད་ནི་ཐོག་མ་ཚེས་གཅིག་ནས་བཅོ་ལྔའི་བར་དུ་དབྱིབས་དང་འོད་ཀྱང་བགས་ཀྱིས་རྒྱས་ཤིང་རྫོགས་པར་འགྱུར་རོ། །དེ་བཞིན་དུ་ཟླ་བ་ལྟ་བུའི་ཏིང་ངེ་འཛིན་ཀྱང་སེམས་དང་པོ་བསྐྱེད་པའི་དགེ་བའི་རྩ་བ་རྣམས་བགས་ཀྱིས་སྐྱེ་ཞིང་རྒྱས་པར་བྱེད་པ་ནས། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་ཡོངས་སུ་རྫོགས་པར་བྱེད་དེ། དེ་བས་ན་ཟླ་བ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱའོ། །རྒྱལ་པོ་ཆེན་པོ། དཔེར་ན། ཟླ་བའི་འོད་ཚེས་བཅུ་དྲུག་ནས་སུམ་ཅུ་ལ་ཐུག་ན། དབྱིབས་དང ། ཁ་དོག་དང ། འོད་སྣང་བ་བགས་ཀྱིས་འབྲི་ཞིང་ཆུང་བར་འགྱུར་རོ། །དེ་བཞིན་དུ་ཟླ་བ་ལྟ་བུའི་ཏིང་ངེ་འཛིན་གྱི་འོད་ཀྱིས་གར་སྣང་བའི་གནས་དེར་ཉོན་མོངས་པ་ཐམས་ཅད་བགས་ཀྱིས་འབྲི་ཞིང་ཆུང་བར་འགྱུར་ཏེ། དེ་བས་ན་ཟླ་བ་
Ka481a
༄#། །ལྟ་བུའི་ཏིང་ངེ་འཛིན་ཅེས་བྱའོ། །རྒྱལ་པོ་ཆེན་པོ། དཔེར་ན། རབ་ཏུ་ཚ་བའི་དུས་ན་སེམས་ཅན་ཐམས་ཅད་རྟག་ཏུ་ཟླ་བའི་འོད་སེམས་སོ། །ཟླ་བའི་འོད་ཀྱིས་ཕོག་ན་ཚ་བ་མེད་པར་འགྱུར་རོ། །དེ་བཞིན་དུ་ཟླ་བ་ལྟ་བུའི་ཏིང་ངེ་འཛིན་ཀྱང་སེམས་ཅན་གྱི་འདོད་པའི་ཉོན་མོངས་པས་གདུངས་པ་ཐམས་ཅད་མེད་པར་བྱེད་དོ། །རྒྱལ་པོ་ཆེན་པོ།་དཔེར་ན། ཟླ་བ་ཉ་བ་ནི་སྐར་མ་མང་པོའི་རྒྱལ་པོ་ལྟ་བུ་སྟེ། བདུད་རྩིའི་རོ་ལྟ་བུར་སེམས་ཅན་ཐམས་ཅད་དགའ་ཞིང་མོས་སོ། །དེ་བཞིན་དུ་ཟླ་བ་ལྟ་བུའི་ཏིང་ངེ་འཛིན་ཀྱང་དེ་དང་འདྲ་སྟེ། དགེ་བ་ཐམས་ཅད་ཀྱི་རྒྱལ་པོ་བདུད་རྩིའི་རོ་ལྟ་བུ་སྟེ། སེམས་ཅན་ཐམས་ཅད་དགའ་ཞིང་མོས་ཏེ། དེ་བས་ན་ཟླ་བ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱའོ། །རྒྱལ་པོས་སྨྲས་པ། ཁོ་བོས་འདི་སྐད་ཅེས་ཐོས་ཏེ། དེ་བཞིན་གཤེགས་པ་ནི་མི་སྡིག་པ་ཅན་དང་ལྷན་ཅིག་མི་གནས་མི་འགྲོགས་གཏམ་མི་ཟེར་ཏེ། ཇི་ལྟར་རྒྱ་མཚོར་མི་རོ་ཞག་ཏུ་མི་གནས་པ་དང ། བྱ་ངུར་པ་སྣམ་ཕྱི་སར་མི་གནས་པ་དང ། བརྒྱ་བྱིན་ལྷའི་དབང་ཕྱུག་ཡི་དྭགས་དང་ལྷན་ཅིག་མི་གནས་པ་དང ། བྱ་ཀུ་ཤི་ལ་ཤིང་སྐམ་པོའི་སྟེང་དུ་མི་ཉལ་བ་དང་འདྲའོ་ཞེས་ཐོས་ཏེ། དེ་བཞིན་གཤེགས་པའང་དེ་དང་འདྲ་ན་པ་བདག་གིས་ཇི་ལྟ་བུར་མཐོང་བར་བྱ། གལ་ཏེ་མཐོང་བར་གྱུར་ན། ཁོ་བོའི་ལུས་སའི་ནང་དུ་མི་ནུབ་བམ། ཁོ་བོས་བལྟས་ན་དེ་བཞིན་
Ka481b
གཤེགས་པ་ནི་བལ་གླང་སྨྱོས་པ་དང ། སེང་གེ་དང ། སྟག་དང ། སྤྱང་ཀི་དང ། མེ་མ་མུར་དང་ཉེའང་སླའི། མི་སྡིག་ཅན་དང་ནམ་དུའང་མི་བསྟེན་པ་དང་འདྲའོ་སྙམ་སེམས་ཏེ། བདག་གིས་ཇི་ལྟ་བུའི་སེམས་དང་བཅས་ཏེ། དེ་བཞིན་གཤེགས་པའི་སྤྱན་སྔར་འགྲོ་བར་བྱ། འཚོ་བྱེད་ཀྱིས་སྨྲས་པ། རྒྱལ་པོ་ཆེན་པོ། དཔེར་ན། སྐོམ་གྱིས་གདུངས་པ་ནི་མྱུར་དུ་ཆུ་གཙང་མའི་གན་དུ་འགྲོའོ། །བཀྲེས་པ་ཟས་འདོད་པ་དང ། འཇིགས་པ་སྐྱབས་འདོད་པ་དང ། ནད་པ་སྨན་འདོད་པ་དང ། ཚ་བ་གྲིབ་མ་འདོད་པ་དང ། གྲང་བ་མེད་འདོད་པ་དང་འདྲ་བར།་དེ་ལྟར་རྒྱལ་པོ་སངས་རྒྱས་འདོད་པའང་དེ་དང་འདྲ་བར་བྱ་བའི་རིགས་སོ། །རྒྱལ་པོ་ཆེན་པོ། དེ་བཞིན་གཤེགས་པ་ནི་ལོག་སྲེད་ཅན་ལའང་དམ་པའི་ཆོས་སྟོན་ན། རྒྱལ་པོ་ཆེན་པོ། ལོག་སྲེད་ཅན་མ་ལགས་པ་ལ་ཐུགས་རྗེས་དགོངས་ཤིང་སྐྱབས་མཛད་པ་ལྟ་ཅི་སྨོས། རྒྱལ་པོས་སྨྲས་པ། འཚོ་བྱེད་ཁོ་བོས་སྔོན་འདི་སྐད་ཅེས་ཟེར་བ་ཐོས་ཏེ། ལོག་སྲེད་ཅན་ཞེས་བྱ་བ་ནི་མ་དད་པ། མི་ཉན་པ། དོན་ཡིད་ལ་མི་བྱེད་པ། དོན་ཡང་མི་རྟོགས་པ་ཡིན་ནོ་ཞེས་ཟེར་ན། དེ་བཞིན་གཤེགས་པ་ཅི་སྟེ་ཆོས་སྟོན་པར་འགྱུར། འཚོ་བྱེད་ཀྱིས་སྨྲས་པ།་རྒྱལ་པོ་ཆེན་པོ། དཔེར་ན། མི་ལ་ལ་ཞིག་ནད་ཚབས་པོ་ཆེས་བཏབ་པ་ལ། རྨི་ལམ་ན་ཀ་པ་གཅིག་པའི་ཁང་པར་འདུག་གམ། མར་དང་སྣུམ་ལ་སོགས་པ་ཟ་ཞིང་ལུས་
Ka482a
༄#། །ལའང་སྐུད་དམ། ཐལ་བའི་ནང་དུ་ཉལ་ཞིང་ཐལ་བ་ཟའམ། ཤིང་སྐམ་པོ་རུལ་པ་ལ་འཛེག་གམ། བར་བར་སྤྲེའུ་དང་འགྲོགས་ཤིང་ཉལ་ལམ། འདུག་གམ།་ཆུར་བྱིང་ངམ། འདམ་རྫབ་ཏུ་ནུབ་བམ། ཡང་ཐོག་གམ། རི་མཐོན་པོའམ། ཤིང་ཁ་འམ། བལ་གླང་ངམ། རྟའམ། བ་ལང་ངམ། ལུག་གི་ཐོག་ནས་ལྷུང་བའམ། ལུས་ལ་གོས་སྔོན་པོའམ། སེར་པོའམ། དམར་པོའམ། ནག་པོ་གྱོན་ཏེ་གླུ་གར་དང་རྩེད་མོ་བྱེད་པའམ། བྱ་རོག་དང ། སྲིན་བྱའམ། ཝ་ལ་སོགས་པ་མཐོང་བའམ། སོ་དང ། སྐྲ་ལྷུང་བའམ། གཅེར་བུར་ཁྱི་ལ་སྔས་བཅས་ཏེ་ལུད་ཕུང་གི་སྟེང་ན་ཉལ་བའམ། སྔོན་ཤི་བའི་མི་དང་ལྷན་ཅིག་འགྲོགས་ཤིང་འདུག་གམ། ལག་པ་སྦྲེལ་ཞིང་འགྲོ་བའམ། སྦྲུལ་གདུག་པས་གང་བའི་སྟེང་དུ་འགྲོགས་ཤིང་འགྲོ་བའམ། ཡང་ན་བུད་མེད་སྐྲ་བ་ཤིག་པ་ལ་ལག་གིས་འཁྱུད་ཅིང་ལྷན་ཅིག་ཉལ་བར་རྨིས་པའམ། ཤིང་ཏ་ལའི་ལོ་མས་གོས་བྱེད་པའམ། བོང་བུས་འདྲེན་པའི་ཤིང་རྟ་ཞིག་ལ་ཞོན་ཏེ་ལྷོ་ཕྱོགས་སུ་འགྲོ་བའམ། དེ་ལྟ་བུ་དག་རྨིས་ནས་ཤིན་ཏུ་མི་དགའ་བས་སེམས་གདུངས་པར་གྱུར་ཏོ། །དེ་ལྟར་མི་དགའ་བས་གདུངས་པའི་ཕྱིར་ནད་ཀྱང་ཕྱི་ཕྱིར་ཕྱིར་ལྡང་བར་གྱུར་ཏོ། །ནད་ཕྱི་ཕྱིར་ན་བས་གཉེན་རྣམས་ཀྱིས་སྨན་པ་གཉེར་དུ་བཏང་ངོ ། གལ་ཏེ་སྨན་པའི་
Ka482b
སྟེང་དུ་མངགས་པའི་མི་དེ་ལུས་ཐུང་ངམ། ལུས་ཀྱི་ཡན་ལག་མ་ཚང་ཞིང་དབང་པོ་དང་མི་ལྡན་པའམ། མགོ་ལ་རྡུལ་ཆགས་པའམ། གོས་རལ་པོ་གྱོན་པའམ། ཤིང་རྟ་ཞིག་པ་ཁྲིད་དེ།་སྨན་པ་ལ་འདི་སྐད་དུ་མྱུར་དུ་ཤིང་རྟ་དེ་ལ་འཛེགས་ཞེས་ཟེར་བ་དེའི་ཚེ། སྨན་པ་མཁས་པ་དེས་དེ་ལྟ་བུའི་སུན་མ་དང ། ལྟས་བཀྲ་མི་ཤིས་པ་མཐོང་ནས། ནད་དེ་ནི་ཤིན་ཏུ་གསོ་དཀའ་སྙམ་སེམས་སོ། །ཡང་འདི་སྙམ་དུ་དེ་ལྟར་སུན་མ་བཀྲ་མི་ཤིས་པ་ཡིན་མོད་ཀྱི། ཡང་གསོར་རུང་ངམ་མི་རུང་སྙམ་ཉི་མ་བལྟའོ། །དེ་ལ་གལ་ཏེ་ཚེས་བཞི་དང ། དྲུག་དང།་བརྒྱད་དང ། བཅུ་གཉིས་དང ། བཅུ་བཞིའི་ཉི་མ་ལ་ནད་ཀྱིས་བཏབ་ན་གསོ་དཀའོ་སྙམ་མོ། །ཡང་འདི་སྙམ་དུ་སེམས་ཏེ། ཉི་མ་ངན་མོད་ཀྱི། ཡང་གསོར་རུང་ངམ་མི་རུང་སྙམ་སྐར་མ་ལ་བལྟའོ། །དེ་ལ་སྐར་མ་མེ་དང ། གསེར་དང ། སྣར་མ་དང ། གཤིན་རྗེ་དང ། གཤེར་དང ། གང་དང ། སྐར་མ་དེ་དག་ལ་ནད་ཀྱིས་བཏབ་ན་གསོ་དཀའོ། །ཡང་འདི་སྙམ་དུ་སྐར་མ་ངན་ཀྱང་དུས་ལ་བལྟའོ་སྙམ་སྟེ། དེ་ལ་སྟོན་དང ། དགུན་དང ། ཉི་མ་ནུབ་པའི་དུས་དང ། ནམ་ཕྱེད་དང ། ཟླ་བ་ནུབ་པའི་དུས་སུ་ནད་ཀྱིས་བཏབ་ན་གསོ་དཀའོ། །ཡང་འདི་སྙམ་དུ་དེ་ལྟར་ལྟས་མང་པོ་དེ་དག་ངན་མོད་ཀྱི། རྟོགས་ཀྱང་སྲིད། མི་རྟོགས་ཀྱང་སྲིད་དེ། ནད་པ་ཉིད་བལྟ་སྟེ། གལ་ཏེ་བསོད་ནམས་ཡོད་པ་ཞིག་ན་
Ka483a
༄#། །གསོར་རུང་ངོ ། །བསོད་ནམས་མེད་ན་ཟུས་བཟང་ཡང་ཅི་ལ་ཕན་སྙམ་སེམས་སོ། །དེ་སྙམ་དུ་བསམས་ནས། སུན་མ་དང་འགྲོགས་ཏེ་ལམ་དུ་ཞུགས་པ་དང ། ཡང་འདི་སྙམ་དུ་གལ་ཏེ་ནད་པ་དེ་ཚེ་རིང་པའི་ལྟས་ཡོད་ན་གསོར་རུང་ངོ ། །ཚེ་ཐུང་བའི་ལྟས་དང་ཕྲད་ན་གསོར་མི་རུང་ངོ་སྙམ་བསམས་ནས། ལམ་དུ་བུས་པ་ཆུང་ངུ་གཉིས་གཅིག་ལ་གཅིག་དྲངས་ཏེ་འཐབ་ལ། ཐོར་ཏོ་ནས་བཟུང་ནས་སྐྲ་འབལ་ཞིང་གྱོ་མོ་དང ། རྡོ་དང ། མཚོན་ཆ་དང ། དབྱུག་པ་འཕེན་ཞིང་གཅིག་ལ་གཅིག་རྡེག་པའམ། མེ་ཐོགས་པ་མེ་རང་ཤི་བ་མཐོང་ངམ། ཤིང་གཅོད་པ་མཐོང་ངམ། མིའི་ལག་ན་ཀོ་བ་ཉེད་ཅིང་ལམ་དུ་འགྲོ་བའམ། ལམ་ན་རྫས་ལུས་པ་མཐོང་ངམ། མི་སྣོད་སྟོང་པ་ཐོགས་པ་མཐོང་ངམ། དགེ་སློང་གཅིག་པུ་གྲོགས་མེད་པར་འགྲོ་བ་མཐོང་ངམ། སྟག་གམ། སྤྱང་ཀཻ་མ། བྱ་རོག་གམ། སྲིན་བྱའམ། ཝ་ལ་སོགས་པ་དངོས་པོ་དེ་ལྟ་བུ་དག་མཐོང་ནས། ཡང་འདི་སྙམ་དུ་མངགས་པའི་སུན་མ་ནས། ལམ་དུ་འགྲོ་བའི་བར་དུ་མཐོང་ངོ་ཅོག་ཀུན་ཀྱང་བཀྲ་མི་ཤིས་ན་ནད་པ་དེ་གདོན་མི་ཟ་བར་གསོ་དཀའོ་སྙམ་སེམས་སོ། །ཡང་འདི་སྙམ་དུ་བདག་གལ་ཏེ་མ་སོང་ན་སྨན་པ་མཁས་པ་ཞེས་མི་གྲག་ལ། ཅི་སྟེ་སོང་ན་གསོར་མི་རུང་ངོ་སྙམ་སེམས་ཏེ། ཡང་འདི་སྙམ་དུ་བསམས་སོ། །དེ་ལྟ་བུའི་
Ka483b
ལྟས་མང་པོ་བཀྲ་མི་ཤིས་མོད་ཀྱི། འོན་ཀྱང་ནད་པའི་ཐད་དུ་རྩེ་གཅིག་འགྲོའོ་སྙམ་བསམས་ནས་ལམ་དུ་འགྲོ་བ་ལས། སྒྲ་འདི་དག་ཐོས་ན་མི་རུང་སྟེ། གང་ཞེ་ན། ཤི་བ་དང ། སྟོར་བ་དང ། བྱུང་བ་དང ། ཆག་པ་དང ། ཞིག་པ་དང ། གྲུགས་པ་དང ། ཤུས་པ་དང ། ལྟུང་བ་དང ། གྲོལ་བ་དང ། ཁུར་ཁྱེར་བ་དང ། ཚིག་པ་དང ། མ་འོངས་ཞེས་ཟེར་བ་དེ་དག་ཐོས་ན་གསོ་དཀའ་སྟེ། མགོན་སྐྱབས་མི་ནུས་སོ། །ཡང་ལྷོ་ཕྱོགས་ནས་བྱའི་སྐད་ཐོས་པ་ལ་འདི་ལྟ་སྟེ། བྱ་རོག་དང ། སྲིན་བྱ་དང ། སྐྱ་ཀའི་སྐད་དམ། ཁྱིའམ། བྱི་བའམ། ཝའམ། རི་བོང་ངམ། ཕག་སྟེ། དེ་དག་གི་སྐད་ཐོས་ན། ཡང་འདི་སྙམ་དུ་ནད་པ་དེ་ནི་ཤིན་ཏུ་གསོ་དཀའོ་སྙམ་སེམས་སོ། །དེ་ནས་ནད་པའི་ཁྱིམ་དུ་ཞུགས་པ་དང ། ནད་པ་ལ་བལྟས་ན། དེ་རེས་འགའ་ནི་གྲང ། རེས་འགའ་ནི་ཚ་ཞིང་ལྷུ་ཚིགས་ཐམས་ཅད་ལྷང་ལྷང་པོར་ན་སྟེ། མིག་དམར་བ་ལ་མཆི་མ་ཟག་པ་དང ། རྣ་བའི་ནང་ན་སྒྲ་གྲགས་པ་དང ། ལྐོག་མ་འགགས་ཏེ་ན་བ་དང ། ལྕེ་གས་པ་དང ། མདོག་རབ་ཏུ་གནག་པ་དང ། མགོ་མི་ཐེག་པ་དང ། ལུས་སྐེམ་ཞིང་རྡུལ་མེད་པ་དང ། བཤང་གཅི་འགགས་པ་དང ། ལུས་གློ་བུར་དུ་ཚོ་རབ་ཏུ་གྱུར་ཏེ་ཤིན་ཏུ་དཀར་བ་དང ། དམར་བ་དང ། ཚིག་གི་སྒྲ་ཤས་མི་མཉམ་ཞིང་རེས་འགའ་ནི་སྦོམ། རེས་འགའ་ནི་ཕྲ་བ་དང ། ལུས་ཐམས་ཅད་ཁྲ་བོར་གྱུར་ཅིང་ངོ་མཚར་གྱི་ཁ་དོག་སྔོན་པོ་དང ། སེར་
Ka484a
༄#། །པོ་བྱུང་བ་དང ། ཁོང་པ་གང་ཞིག་སྐྲངས་ནས་སྨྲ་བའི་ཚིག་མི་གསལ་ཏེ། དེ་ལྟ་བུར་གྱུར་པ་མཐོང་ནས་ནད་གཡོག་དེ་ལ་ནད་པ་འདི་སྔོན་གྱི་ཚུལ་ལས་འགྱུར་བ་ཅི་ཡོད་ཅེས་དྲིས་སོ། །ནད་གཡོག་དེས་སྨྲས་པ། སྨན་པ་ཆེན་པོ། མི་འདི་ནི་སྔོན་དཀོན་མཆོག་གསུམ་དང ། ལྷ་རྣམས་ལ་དད་ཅིང་བཀུར་སྟི་བྱེད་པ་ལས་ད་ནི་འགྱུར་ཏེ་དད་པའི་སེམས་མེད་པར་འགྱུར་ཏོ། །སྔོན་སྦྱིན་པ་ལ་དགའ་བ་ལས་ད་ནི་འཇུངས་པར་གྱུར་ཏོ། །སྔོན་ལྟོ་ཆུང་བ་ལས་ད་ནི་ལྟོ་ཆེ་བར་གྱུར་ཏོ། །སྔོན་འཇམ་ཞིང་དེས་པ་ལས་ད་ནི་ཁྲོ་ཞིང་ཞེ་སྡང་ཆེ་བར་གྱུར་ཏོ། །སྔོན་སྲི་ཞུ་ཚེ་ཞིང་ཕ་མ་ལ་ངོ་མཚར་བཀུར་སྟི་བྱེད་པ་ལས་ད་ནི་ཕ་མ་ལ་བཀུར་སྟི་བྱེད་པའི་སེམས་མེད་པར་གྱུར་ཏོ། །སྨན་པས་དེ་སྐད་ཅེས་ཟེར་བ་ཐོས་ནས་དྲུང་དུ་བསྙེན་ཏེ་མནམས་སོ། །དེ་ལ་ཨུཏྤ་ལའི་དྲི་བྲོའམ། ཨ་ག་རུ་དང ། སྤོས་སྣ་ཚོགས་དང ། སྤོས་བྱིད་ཀ་ཏ་དང ། ཏ་ཀ་ར་དང ། ཏ་མ་ལ་དང ། གུར་གུམ་དང ། ཙནྡན་གྱི་དྲི་བྲོ་བ་དང ། སྲེག་ཤའི་དྲི་བྲོ་བ་དང ། རྒུན་ཆང་བྲོ་བ་དང ། རྒྱུས་པ་དང ། རུས་པ་བསྲེགས་པའི་དྲི་ལྟར་མནམ་པ་དང ། ཉ་བྲོ་བ་དང ། ངན་སྐྱུགས་བྲོ་བ་སྟེ། དེ་ལྟར་དྲི་ཞིམ་པོ་དང ། མནམ་པོ་གང་བྲོ་བ་རིག་ནས་ལུས་ལ་མནམས་ཏེ། ལུས་དར་རམ། མེ་ཏོག་ཀ་པ་ལ་ཤ་ལྟར་མཉེན་ཞིང་འཇམ་མམ། འོན་ཏེ་རྡོ་བཞིན་སྲའམ། ཆབ་རོམ་བཞིན་དུ་
Ka484b
གྲང་ངམ། མེ་བཞིན་དུ་ཚ་འམ། བྱེ་མ་བཞིན་དུ་རྩུབ་པར་གྱུར་ན། དེ་ནས་སྨན་པ་མཁས་པ་དེས་དེ་ལྟ་བུའི་ལྟས་རྣམ་པ་སྣ་ཚོགས་མཐོང་ནས། ནད་པ་དེ་གདོན་མི་ཟ་བར་འཆི་བར་ཤེས་མོད་ཀྱི། འོན་ཀྱང་མི་འདི་འཆིའོ། །ཞེས་པའི་ཚིག་ཆད་པ་མི་སྨྲ་སྟེ། ནད་གཡོག་ལ་འདི་སྐད་དུ་བདག་དེང་བྲེལ་བ་ཞིག་ཡོད་ཀྱི་སང་འོང་ངོ ། །ཅི་དང་ཅི་འདོད་པ་མ་དགག་པར་བྱིན་ཅིག་ཅེས་སྨྲས་ནས་ཕྱིར་ཁྱིམ་དུ་སོང་ངོ ། །དེ་ནས་ཡང་འབོད་དུ་འོངས་ན་སུན་མ་ལ་འདི་སྐད་དུ་བདག་གི་ལས་ད་དུང་མ་ཟིན་པའི་སྟེང་དུ་སྨན་ཀྱང་མ་སྦྱར་རོ་ཞེས་ཟེར་ན། མཁས་པ་ཤེས་རབ་ཅན་གྱིས་ནི་ནད་པ་དེ་གདོན་མི་ཟ་བར་འཆི་བར་རིག་གོ་།རྒྱལ་པོ་ཆེན་པོ། བཅོམ་ལྡན་འདས་ཀྱང་དེ་དང་འདྲ་སྟེ། ལོག་སྲེད་ཅན་དག་གི་དབང་པོ་དང་རང་བཞིན་ཇི་ལྟ་བ་རབ་ཏུ་མཁྱེན་པས་དེ་ལའང་ཆོས་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་དེ་དག་ལ་ཆོས་མ་བསྟན་ན་བུས་པ་མ་རབས་ཐམས་ཅད་འདི་སྐད་དུ་དེ་བཞིན་གཤེགས་པ་ལ་ནི་བྱམས་པ་དང་སྙིང་རྗེ་ཆེན་པོ་མི་མངའོ། །བྱམས་པ་དང་སྙིང་རྗེ་ཆེན་པོ་མངའ་བ་ནི་ཐམས་ཅད་མཁྱེན་པ་ཞེས་བྱ་སྟེ། བྱམས་པ་དང་སྙིང་རྗེ་མེད་ན་ཇི་ལྟར་ན་ཐམས་ཅད་མཁྱེན་པ་ཞེས་སྨྲ་བ་དེ་དག་གི་ཕྱིར་དེ་བཞིན་གཤེགས་པས་ལོག་སྲེད་ཅན་དག་ལ་ཆོས་སྟོན་ཏོ། །རྒྱལ་པོ་ཆེན་པོ། སངས་རྒྱས་བཅོམ་ལྡན་འདས་ནི་ན་བ་རྣམས་གཟིགས་
Ka485a
༄#། །ན་རྟག་ཏུ་ཆོས་ཀྱི་སྨན་བྱིན་ཏེ། ནད་པས་མི་འཐུང་གི་།དེ་བཞིན་གཤེགས་པས་མ་ཉེས་སོ། །རྒྱལ་པོ་ཆེན་པོ། ལོག་སྲེད་ཅན་དག་རྣམ་པར་ཕྱེ་ན་རྣམ་པ་གཉིས་ཏེ། ད་ལྟར་གྱི་དུས་ན་དགེ་བའི་རྩ་བ་ཐོབ་པ་དང ། ཕྱི་མའི་དུས་ན་དགེ་བའི་རྩ་བ་ཐོབ་པའོ། །དེ་བཞིན་གཤེགས་པས་ལོག་སྲེད་ཅན་གང་ད་ལྟར་གྱི་དུས་སུ་དགེ་བའི་རྩ་བ་ཐོབ་པ་མཁྱེན་པས་དེ་ལ་ཆོས་སྟོན་ཏོ། །ཕྱི་མའི་དུས་སུ་ཐོབ་པར་འགྱུར་བ་ལའང་ཆོས་སྟོན་ཏོ། །ད་ལྟར་གྱི་དུས་སུ་ཕན་པར་མི་འགྱུར་ཡང་ཕྱི་མའི་དུས་ཀྱི་རྒྱུར་འགྱུར་བའི་ཕྱིར། དེ་བཞིན་གཤེགས་པས་ལོག་སྲེད་ཅན་ལའང་ཆོས་ཀྱི་གཞུང་སྟོན་ཏོ། །ལོག་སྲེད་ཅན་ཞེས་བྱ་བ་ལའང་རྣམ་པ་གཉིས་ཏེ། དབང་པོ་རྣོན་པོ་དང ། དབང་པོ་འབྲིང་པོའོ། །དབང་པོ་རྣོན་པོ་ནི་ད་ལྟར་གྱི་དུས་ན་དགེ་བའི་རྩ་བ་ཐོབ་པའོ། །དབང་པོ་འབྲིང་པོས་ནི་ཕྱི་མའི་དུས་སུ་ཐོབ་པར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་ནི་དོན་མེད་པར་ཆོས་མི་སྟོན་ཏོ། །རྒྱལ་པོ་ཆེན་པོ། དཔེར་ན། མི་གཙང་མ་ཞིག་སྣམ་ཕྱི་སར་ལྷུང་ནས་གྲོགས་པོ་མཛའ་བོ་ཞིག་གིས་མཐོང་བ་དང ། སྐྲ་ལས་བཟུང་སྟེ་ཕྱིར་ཕྱུང་ངོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱང་སེམས་ཅན་དག་ངན་སོང་གསུམ་དུ་ལྷུང་བར་གཟིགས་ན་ཐབས་ཀྱིས་བསྐྱབ་ཅིང་དབྱུང་བར་མཛད་དོ། །དེ་བས་ན་དེ་བཞིན་
Ka485b
གཤེགས་པས་ལོག་སྲེད་ཅན་ཐམས་ཅད་ལ་ཆོས་སྟོན་ཏོ། །རྒྱལ་པོས་འཚོ་བྱེད་ལ་སྨྲས་པ། གལ་ཏེ་དེ་བཞིན་གཤེགས་པ་ཡང་དག་པར་དེ་ལྟ་བུ་ཡིན་པར་བདེན་ན་ལྟ། སང་ཉི་མ་བཟང་པོ་དང ། སྐར་མ་བཟང་པོ་བལྟས་ཏེ་གདོད་འདོང་ངོ ། །འཚོ་བྱེད་ཀྱིས་གསོལ་པ། རྒྱལ་པོ་ཆེན་པོ། དེ་བཞིན་གཤེགས་པའི་ཆོས་ལ་ནི་ཉི་མ་དང་སྐར་མ་བཟང་ངན་ཅེས་བྱ་བ་མེད་དོ། །རྒྱལ་པོ་ཆེན་པོ། དཔེར་ན། ནད་པ་ཚབས་པོ་ཆེ་ལའང་ཉི་མ་དང ། སྐར་མ་དང ། དུས་བཟང་ངན་ཅེས་བྱ་བ་ལྟ་བ་མེད་དེ། སྨན་པ་མཁས་པ་དོན་དུ་གཉེར་རོ། །རྒྱལ་པོའང་ནད་ཚབས་པོ་ཆེས་བཏབ་པ་དང་འདྲ་སྟེ། སྨན་པ་དེ་བཞིན་གཤེགས་པ་གཉེར་བ་ལ་ཉི་མ་དང ། དུས་བཟང་ངན་ལྟ་བ་མི་རིགས་སོ། །རྒྱལ་པོ་ཆེན་པོ། དཔེར་ན། ཙནྡན་གྱི་མེ་དང ། ེ་རཎྜའི་མེ་ནི་གཉི་ག་ཚིག་པའི་མཚན་ཉིད་དུ་འདྲ་སྟེ་ཐ་དད་པ་མེད་དོ། །ཉི་མ་བཟང་པོ་དང ། ངན་པའང་དེ་དང་འདྲ་སྟེ། གལ་ཏེ་སངས་རྒྱས་ཀྱི་སྤྱན་སྔར་ཕྱིན་ན་སྡིག་པ་ཀུན་འབྱང་བར་འགྱུར་གྱི། རྒྱལ་པོ་ཆེན་པོ། དེ་རིང་ཉིད་མྱུར་དུ་གཤེགས་པར་སྨོན་ཏོ། །དེ་ནས་རྒྱལ་པོས་བློན་པོ་བཀྲ་ཤིས་ཞེས་བྱ་བ་བཀུག་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །འདི་ལྟར་རིག་པར་གྱིས་ཤིག་།བདག་དེང་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྲོ་ཡི། མྱུར་དུ་མཆོད་པའི་ཡོ་བྱད་དང ། དགོས་སོ་ཅོག་སྦྱོར་ཅིག།
Ka486a
༄#། །བློན་པོས་གསོལ་པ། རྒྱལ་པོ་ཆེན་པོ། ལེགས་སོ། །ལེགས་སོ། །ཡོ་བྱད་ཅི་བཞེད་དོ་འཚལ་ཐམས་ཅད་མཆིས་སོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲ་བཙུན་མོ་དང་བཅས་ཏེ་ཤིང་རྟ་རབ་ཏུ་བརྒྱན་པ་ཁྲི་ཉིས་སྟོང་དང ། བལ་གླང་བཟང་ཞིང་རབ་ཏུ་ཆེ་བ་ལྔ་ཁྲིའང་ཆས་སོ། །བལ་གླང་དེ་རེ་རེའི་སྟེང་ཡང་མི་གསུམ་གསུམ་ཞོན་ཏེ། གདུགས་དང།་བ་དན་དང ། མེ་ཏོག་དང ། སྤོས་དང ། རོལ་མོའི་ཆ་བྱད་ཐོགས་ཏེ། མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་མ་འབྱོར་བ་མེད་དོ། །རྟ་པའི་ཚོགས་ཁྲི་ཕྲག་བཅོ་བརྒྱད་དང།་ཡུལ་དབུས་འགྱུར་འཆང་ན་གནས་པའི་མི་ཁྲི་ཕྲག་ལྔ་བཅུ་རྩ་བརྒྱད་སྙེད་ཀྱང་རྒྱལ་པོའི་ཞབས་འབྲིང་དུ་ཆས་སོ། །དེའི་ཚེ་རྩཝ་མཆོག་གི་གྲོང་ཁྱེར་ན་འཁོར་མང་པོ་དཔག་ཚད་བཅུ་གཉིས་ཀྱི་བར་གང་བ་ཀུན་གྱིས་རྒྱང་མ་ནས་རྒྱལ་པོ་མ་སྐྱེས་དགྲ་འཁོར་དང་བཅས་ཏེ་འོང་བ་མཐོང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་རྣམས་ལ་བཀའ་སྩལ་པ། སེམས་ཅན་ཐམས་ཅད་ཀྱི་བླ་ན་མེད་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བའི་རྒྱུར་འགྱུར་བ་ནི་དགེ་བའི་བཤེས་གཉེན་ལས་འདའ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་མ་སྐྱེས་དགྲས་གལ་ཏེ་འཚོ་བྱེད་ཀྱི་ངག་མ་མཉན་ན། ཟླ་བ་ཕྱི་མ་ཚེས་ཞག་བདུན་ལ་གདོན་མི་ཟ་བར་ཚེའི་དུས་བྱས་ནས་མཚམས་
Ka486b
མེད་པའི་སེམས་ཅན་དམྱལ་བར་ལྷུང་ངོ ། །དེ་བས་ན་ཉེ་བའི་རྒྱུར་གྱུར་པ་ནི་དགེ་བའི་བཤེས་གཉེན་ལས་འདའ་བ་མེད་དོ། །རྒྱལ་པོ་མ་སྐྱེས་དགྲ་ལམ་དུ་ཞུགས་པ་ནའང་འདི་སྐད་ཅེས་ཐོས་སོ། །ཡུལ་མཉན་དུ་ཡོད་པའི་རྒྱལ་པོ་བཻ་ཌཱུརྱ་ཞེས་བྱ་བ་གྲུར་ཞུགས་ཏེ་རྒྱ་མཚོར་ཞུགས་པའང་མེས་འཚིག་གོ་།དགེ་སློང་ཀུ་ག་རི་གསོན་པོར་སར་ནུབ་སྟེ། མཚམས་མེད་པའི་སེམས་ཅན་དམྱལ་བར་ལྷུང་ངོ ། །སུ་ན་ཙ་ཏ་ཞེས་བྱ་བ་མི་དགེ་བ་རྣམ་པ་སྣ་ཚོགས་བྱས་ནས་སངས་རྒྱས་ཀྱི་སྤྱན་སྔར་ཕྱིན་པ་དང ། སྡིག་པ་ཐམས་ཅད་བྱང་བར་གྱུར་ཏོ་ཞེས་དེ་སྐད་དུ་སྨྲས་པ་ཐོས་ནས། འཚོ་བྱེད་ལ་སྨྲས་པ། བདག་དེང་དེ་ལྟ་བུའི་ཚིག་རྣམ་པ་གཉིས་ཐོས་མོད་ཀྱི། འོན་ཀྱང་བདེན་ནམ་མི་བདེན་པ་ཡིད་མི་ཆེས་ཀྱི། འཚོ་བྱེད་ཁྱོད་ཚུར་ཤོག་།ཁོ་བོ་དང་བལ་གླང་གཅིག་ལ་ཞོན་པར་དགའོ། །གལ་ཏེ་ཁོ་བོ་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྷུང་ན། ཁྱོད་ཀྱིས་ཁོ་བོ་ལྷུང་བར་མི་འགྱུར་པར་ཟུངས་ཤིག། དེ་ཅིའི་ཕྱིར་ཞེ་ན། བདག་སྔོན་འདི་སྐད་དུ་ལམ་ཐོབ་པའི་མི་ནི་སེམས་ཅན་དམྱལ་བར་མི་འགྲོའོ་ཞེས་ཐོས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་རྣམས་ལ་བཀའ་སྩལ་པ། རྒྱལ་པོ་མ་སྐྱེས་དགྲ་ད་དུང་ཐེ་ཚོམ་གྱི་སེམས་དང་བཅས་ཀྱི། དེའི་སེམས་གདོན་མི་ཟ་བར་བྱའོ་ཞེས་གསུངས་སོ། །དེ་ནས་འཁོར་གྱི་དཀྱིལ་འཁོར་དེའི་ནང་ན་བྱང་ཆུབ་
Ka487a
༄#། །སེམས་དཔའ་ཐམས་ཅད་འཛིན་པ་ཞེས་བྱ་བས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ཆོས་ཐམས་ཅད་མ་ངེས་པའི་མཚན་ཉིད་དོ། །འདི་ལྟ་སྟེ། གཟུགས་མ་ངེས་པའི་མཚན་ཉིད་ནས་མྱ་ངན་ལས་འདས་པའི་བར་དུའང་མ་ངེས་པའི་མཚན་ཉིད་དོ་ཞེས་གསུངས་ན། དེ་བཞིན་གཤེགས་པས་དེ་ཅིའི་སླད་དུ་རྒྱལ་པོ་མ་སྐྱེས་དགྲའི་སེམས་ངེས་པར་མཛད་དོ་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །ངས་དེང་ངེས་པར་རྒྱལ་པོ་མ་སྐྱེས་དགྲའི་སེམས་ངེས་པར་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྒྱལ་པོའི་ཐེ་ཚོམ་གྱིས་སེམས་གཞིག་ཏུ་རུང་བ་ཞིག་ཡིན་ན། ཆོས་ཐམས་ཅད་ཀྱང་ངེས་པའི་མཚན་ཉིད་མེད་པ་ཡིན་པར་རིག་པར་བྱ་སྟེ། དེའི་ཕྱིར་ངས་རྒྱལ་པོ་མ་སྐྱེས་དགྲའི་སེམས་ངེས་པར་མཛད་པའི་སེམས་དེ་ཉིད་ངེས་པ་མེད་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། གལ་ཏེ་རྒྱལ་པོ་དེའི་སེམས་ངེས་པ་ཞིག་ཡིན་ན། རྒྱལ་པོ་དེའི་མཚམས་མེད་པའི་ཁ་ན་མ་ཐོབ་པ་འཇིག་ཏུ་མི་རུང་ངོ ། །ངེས་པ་མེད་པས་ཁ་ན་མ་ཐོ་བ་དེ་འཇིག་ཏུ་རུང་ངོ ། །དེ་བས་ན་ངས་རྒྱལ་པོ་མ་སྐྱེས་དགྲའི་སེམས་ངེས་པར་མཛད་དོ། །དེ་ནས་རྒྱལ་པོ་ཆེན་པོ་སཱ་ལའི་ཤིང་དྲུང་སངས་
Ka487b
རྒྱས་ཀྱི་སྤྱན་སྔར་ཕྱིན་ཏེ། དེ་བཞིན་གཤེགས་པའི་མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་བལྟས་ན། གསེར་གཡའ་དག་པའི་རི་བོ་དང་འདྲ་བར་མཐོང་ངོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དབྱངས་རྣམ་པ་བརྒྱད་ཕྱུང་སྟེ། རྒྱལ་པོ་ཆེན་པོ། ཞེས་བོས་པ་དང ། དེའི་ཚེ་མ་སྐྱེས་དགྲས་ཕན་ཚུན་དུ་བལྟས་ཏེ། འཁོར་མང་པོ་འདིའི་ནང་ན་རྒྱལ་པོ་ཆེན་པོ་ཞེས་བྱ་བ་སུ་ཡིན། བདག་ནི་སྡིག་ལྕི་བའི་སྟེང་དུ་ཡོན་ཏན་མེད་པ་ཡིན་ཏེ། དེ་བཞིན་གཤེགས་པས་རྒྱལ་པོ་ཆེན་པོ་ཞེས་གསུངས་པའི་མི་རིགས་སོ་སྙམ་བསམས་སོ། །དེ་ནས་དེ་བཞིན་གཤེགས་པས་ཀྱང ། རྒྱལ་པོ་ཆེན་པོ་མ་སྐྱེས་དགྲ། ཞེས་བོས་སོ། །དེ་ནས་རྒྱལ་པོས་ཐོས་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། འདི་སྙམ་དུ་དེ་བཞིན་གཤེགས་པས་དེང་བདག་བོས་ཏེ་གསུང་བས་ན། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བའི་ཐུགས་རྗེ་ཆེན་པོ་ཐམས་ཅད་ལ་ཁྱད་པར་མེད་པར་མཉམ་མོ་སྙམ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་དེང་ཐེ་ཚོམ་གྱི་སེམས་ལྷག་མ་ཙམ་ཡང་མ་ལུས་པར་དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་སྟོན་པ་བླ་ན་མེད་པ་ཡང་དག་པ་ལགས་པར་ཤིན་ཏུ་རྟོགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བྱང་ཆུབ་སེམས་དཔའ་ཐམས་ཅད་འཛིན་ལ་སྨྲས་པ། དེ་བཞིན་
Ka488a
༄#། །གཤེགས་པས་རྒྱལ་པོ་མ་སྐྱེས་དགྲའི་སེམས་ངེས་པར་མཛད་དོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གལ་ཏེ་བདག་དེང་ཚངས་པའམ་བརྒྱ་བྱིན་ལྷའི་དབང་ཕྱུག་དང་ལྷན་ཅིག་མཆིས་ཤིང་འཚལ་མ་ལྷན་ཅིག་འཚལ་བར་གྱུར་ཀྱང་དགའ་བ་མ་ལགས་ཏེ། དེ་བཞིན་གཤེགས་པ་དང་མཇལ་ནས་གསུང་གཅིག་གིས་སྨྲས་པས་རབ་ཏུ་དགའ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་སྔ་ནས་བཤམས་པའི་གདུགས་དང ། བ་དན་དང ། མེ་ཏོག་དང ། སྤོས་དང ། རོལ་མོ་ལ་སོགས་པས་མཆོད་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ། གཡས་ཕྱོགས་སུ་ལན་གསུམ་བསྐོར་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་མ་སྐྱེས་དགྲ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། ཁྱོད་ལ་དམ་པའི་ཆོས་ཀྱི་གཞུང་བསྟན་གྱི། ཤིན་ཏུ་ཡིད་ལ་བྱ་ཞིང་བརྟགས་པར་ཉོན་ཅིག་།བུས་པ་མ་རབས་རྟག་ཏུ་སེམས་རྩེ་གཅིག་ཏུ་ལུས་ལ་རྟག་པའི་དངོས་པོ་རྣམ་པ་ཉི་ཤུ་ཡོད་དོ། །འདི་ལྟ་སྟེ། བདག་གི་ལུས་འདི་ནི་གསོབ་གསོག་སྟེ། ཟག་པ་མེད་པ་མ་ཡིན་པ་དང ། དགེ་བའི་རྩ་བ་རྣམས་མེད་པ་དང ། བདག་གི་འཁོར་བ་འདི་མ་དུལ་བ་དང ། ཤིན་ཏུ་གཡང་སར་ལྷུང་སྟེ་ཀུན་ནས་འཇིགས་པ་དང །
Ka488b
ཐབས་ཇི་ལྟ་བུ་ཞིག་གིས་སངས་རྒྱས་ཀྱི་རང་བཞིན་མཐོང་བ་དང ། ཇི་ལྟར་ཏིང་ངེ་འཛིན་བསྒོམས་ན་སངས་རྒྱས་ཀྱི་རང་བཞིན་མཐོང་བ་དང ། འཁོར་བ་ནི་རྟག་ཏུ་སྡུག་བསྔལ་བ་སྟེ། རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་མེད་པ་དང ། མི་ཁོམ་པ་བརྒྱད་སྤང་དཀའ་བ་དང ། འཁོན་དུ་འགྱུར་བའི་དགྲས་ཤིན་ཏུ་གཙེ་བ་དང ། སྲིད་པ་ལས་བཟློག་པའི་ཆོས་གཅིག་ཙམ་ཡང་མེད་པ་དང ། ངན་སོང་གསུམ་ལས་གྲོལ་བར་མ་གྱུར་པ་དང ། མི་དགེ་བ་ངན་པར་ལྟ་བ་རྣམ་པ་སྣ་ཚོགས་དང་ལྡན་པ་དང ། མཚམས་མེད་པ་ལྔ་ལས་བརྒལ་བའི་ཚོགས་མ་བསགས་པ་དང ། འཁོར་བ་ནི་མཐར་ཐུག་པ་མེད་དེ་མཐར་མ་ཕྱིན་ནོ་ཞེས་བྱ་བ་དང ། ལས་རྣམས་མ་བྱས་ན་འབྲས་བུ་མི་ཐོབ་པ་དང ། བདག་བྱས་པས་འབྲས་བུ་གཞན་གྱིས་མྱོང་བར་མི་འགྱུར་བ་དང ། བདེ་བའི་རྒྱུ་མ་བྱས་ན་བདེ་བའི་འབྲས་བུ་མེད་པ་དང ། ལས་བྱས་ཀྱང་འབྲས་བུ་རྣམས་མི་སྟོར་བ་དང ། མ་རིག་པའི་རྒྱུ་ལས་སྐྱེས་ཏེ་མ་རིག་པའི་རྒྱུས་འཆི་བ་དང ། འདས་པ་དང ། མ་འོངས་པ་དང ། ད་ལྟར་རྟག་ཏུ་ལེ་ལོ་སྤྱོད་པ་དང་ཉི་ཤུའོ། །རྒྱལ་པོ་ཆེན་པོ། བུས་པ་མ་རབས་སོ་སོའི་སྐྱེ་བོས་རྟག་ཏུ་ལུས་འདི་ལ་རྟོག་པ་རྣམ་པ་ཉི་ཤུ་པོ་དེ་དག་གིས་བརྟག་གོ་།དེ་ལྟར་བརྟགས་ནས་འཁོར་བ་ལ་མི་དགའ་བར་འགྱུར། འཁོར་བ་ལ་མི་དགའ་བས་ལྷག་མཐོང་དང ། ཞི་གནས་ཐོབ་པར་འགྱུར་རོ། །དེ་ནས་
Ka489a
༄#། །རིམ་གྱིས་སེམས་དང ། སྐྱེ་བའི་མཚན་ཉིད་དང ། གནས་པའི་མཚན་ཉིད་དང ། འགོག་པའི་མཚན་ཉིད་བརྟག་གོ་།རིམ་གྱིས་སེམས་དང ། སྐྱེ་བ་དང ། གནས་པ་དང ། འགོག་པའི་མཚན་ཉིད་རྟོག་པ་ལྟར་ཏིང་ངེ་འཛིན་དང ། ཤེས་རབ་དང ། བརྩོན་འགྲུས་དང ། ཚུལ་ཁྲིམས་ཀྱང་དེ་བཞིན་ནོ། །སྐྱེ་བ་དང ། གནས་པ་དང ། འགོག་པ་རྟོགས་ནས། སེམས་ཀྱི་མཚན་ཉིད་ནས་ཚུལ་ཁྲིམས་ཀྱི་མཚན་ཉིད་ཀྱི་བར་དུ་རབ་ཏུ་ཤེས་ན་ནམ་ཡང་མི་དགེ་བ་མི་བྱེད་དེ། འཆི་བའི་འཇིགས་པ་དང ། ངན་སོང་གསུམ་གྱི་འཇིགས་པ་མེད་དོ། །གལ་ཏེ་སེམས་རྩེ་གཅིག་ཏུ་དངོས་པོ་རྣམ་པ་ཉི་ཤུ་པོ་དེ་དག་ལ་མ་བརྟགས་ན་ལེ་ལོ་དང་དྲེགས་པའི་སེམས་སྐྱེ་སྟེ། མི་དགེ་བ་ཐམས་ཅད་བྱེད་པར་འགྱུར་རོ། །རྒྱལ་པོ་མ་སྐྱེས་དགྲས་གསོལ་པ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན། བདག་སྔོན་དངོས་པོ་རྣམ་པ་ཉི་ཤུ་པོ་དེ་དག་ལ་མ་བརྟགས་པས་མི་དགེ་བ་མང་པོ་བགྱིས་སོ། །མི་དགེ་བ་མང་པོ་བགྱིས་པས་འཆི་བའི་འཇིགས་པ་དང ། ངན་སོང་གསུམ་གྱི་འཇིགས་པ་མཆིས་པར་གྱུར་ཏོ། ། བཅོམ་ལྡན་འདས། བདག་གིས་བདག་ལ་འཁུས་ཏེ། སྡིག་ལྕི་བ་འདི་ལྟ་བུ་བགྱིས་སོ། །ཡབ་རྒྱལ་པོ་ནོངས་པ་མ་མཆིས་པར་བཀུམ་མོ། །དངོས་པོ་ཉི་ཤུ་པོ་དེ་དག་རྟོགས་ཀྱང་
Ka489b
རུང།་མ་རྟོགས་ཀྱང་རུང་སྟེ། གདོན་མི་འཚལ་བར་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། །ཆོས་ཐམས་ཅད་ཀྱི་རང་བཞིན་དང ། མཚན་ཉིད་ནི་མི་རྟག་པ་དང་མ་ངེས་པ་ཡིན་ན། ཅི་སྟེ་རྒྱལ་པོ་ཁྱོད་གདོན་མི་ཟ་བར་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཞེས་སྨྲ། རྒྱལ་པོ་མ་སྐྱེས་དགྲས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གལ་ཏེ་ཆོས་ཐམས་ཅད་མ་ངེས་པའི་མཚན་ཉིད་ལགས་ན། བདག་གིས་བསད་པའི་ཁ་ན་མ་ཐོ་བའང་མ་ངེས་པ་ལགས་སམ། གལ་ཏེ་བསད་པས་ངེས་པ་ཞིག་ལགས་ན། ཆོས་ཐམས་ཅད་ཀྱང་མ་ངེས་པ་མ་ལགས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། ལེགས་སོ། །ལེགས་སོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཐམས་ཅད་མ་ངེས་པའི་མཚན་ཉིད་དོ་ཞེས་གསུངས་ལ། རྒྱལ་པོ་ཉིད་ཀྱང་བསད་པ་ནི་མ་ངེས་པར་ཤེས་ཏེ། དེ་བས་ན་བསད་པ་ནི་མ་ངེས་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ། །རྒྱལ་པོ་ཆེན་པོ། ཇི་ལྟར་ཁྱོད་ཀྱིས་སྨྲས་པ་ལྟར་ཡབ་རྒྱལ་པོ་ཉེས་པ་མེད་པར་བསད་དོ་ཞེས་བྱ་བ་དེ། དེ་ལ་ཕ་ཞེས་བྱ་བ་གང་ཡིན། སེམས་ཅན་གྱི་ཕུང་པོ་ལྔ་ལ་ཕའོ་ཞེས་འདུ་ཤེས་བསྐྱེད་དེ་ཐ་སྙད་དུ་བཏགས་པ་ཙམ་དུ་ཟད་ན། སྐྱེ་མཆེད་བཅུ་གཉིས་དང ། ཁམས་བཅོ་བརྒྱད་ལ་ཕ་ཞེས་བྱ་བ་གང་
Ka490a
༄#། །ཡིན།་གལ་ཏེ་གཟུགས་ཕ་ཡིན་ན། ཕུང་པོ་བཞི་མ་གཏོགས་སོ། །གལ་ཏེ་ཕུང་པོ་བཞི་ཕ་ཡིན་ན། གཟུགས་ཀྱང་མ་གཏོགས་སོ། །གལ་ཏེ་གཟུགས་དང་གཟུགས་མ་ཡིན་པ་འདུས་པ་ལས་ཕར་གྱུར་པ་དེ་ནི་གནས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་དང་གཟུགས་མ་ཡིན་པ་རང་བཞིན་གྱིས་བསྡུར་མི་རུང་བའི་ཕྱིར་རོ། །རྒྱལ་པོ་ཆེན་པོ། སེམས་ཅན་མ་རབས་ནི་གཟུགས་ཀྱི་ཕུང་པོ་ལ་ལོག་པར་ཕར་འདུ་ཤེས་བསྐྱེད་དེ། དེ་ལྟར་གཟུགས་ཀྱི་ཕུང་པོ་དེའང་གསད་དུ་རུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ལ་རྣམ་པ་བཅུ་སྟེ། རྣམ་པ་བཅུ་པོ་དེ་དག་ལ་གཟུགས་གཅིག་པུ་ནི་བལྟར་རུང ། གཟུང་དུ་རུང ། གཙལ་དུ་རུང ། དཔག་ཏུ་རུང ། ཁྲིད་དུ་རུང ། བཅིང་དུ་རུང་སྟེ། དེ་ལྟར་བལྟ་བ་དང་བཅིང་དུའང་རུང་ཡང་རང་བཞིན་གྱིས་མི་གནས་སོ། །དེ་ལྟར་མི་གནས་པས་བལྟར་མེད། གཟུང་དུ་མེད། གཞལ་དུ་མེད། བཀྲིར་མེད།་བཅིང་དུ་མེད་དོ། །གཟུགས་ཀྱི་མཚན་ཉིད་དེ་ལྟ་བས་ན་ཇི་ལྟར་གསད་དུ་རུང ། གལ་ཏེ་གཟུགས་ཕ་ཡིན་ཏེ། གསད་དུ་རུང ། གནོད་པ་བྱར་རུང་སྟེ། སྡིག་པ་སྨིན་པར་འགྱུར་ན། ལྷག་མ་དགུ་མ་གཏོགས་པར་འགྱུར་རོ། །ཅི་སྟེ་དགུ་མ་གཏོགས་ན་ཁ་ན་མ་ཐོ་བའི་སྡིག་ཀྱང་མེད་དོ། །རྒྱལ་པོ་ཆེན་པོ། གཟུགས་ལ་རྣམ་པ་གསུམ་སྟེ། འདས་པ་དང །
Ka490b
མ་འོངས་པ་དང ། ད་ལྟར་གྱིའོ། །འདས་པ་དང ། ད་ལྟར་གྱི་ནི་གསད་དུ་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། འདས་པ་ནི་སྔར་འདས་པའི་ཕྱིར་རོ། །ད་ལྟར་གྱི་ནི་སྐད་ཅིག་སྐད་ཅིག་མར་འགོག་པའི་ཕྱིར་རོ། །མ་འོངས་པ་དགག་པའི་ཕྱིར་གསོད་པ་ཞེས་བྱ་སྟེ། དེ་ལྟར་གཟུགས་རྣམ་པ་གཅིག་ལས། ལ་ལ་ནི་གསད་དུ་རུང ། ལ་ལ་ནི་གསད་དུ་མེད་དོ། །གསད་དུ་ཡོད་པ་དང ། གསད་དུ་མེད་པས་ན་གཟུགས་ལ་ངེས་པ་མེད་དོ། །དེ་ལྟར་ན་གཟུགས་ལ་ངེས་པ་མེད་པས་གསོད་པའང་ངེས་པ་མེད་དོ། །གསོད་པ་ལ་ངེས་པ་མེད་པས་རྣམ་པར་སྨིན་པ་ལའང་ངེས་པ་མེད་ན། ཅི་སྟེ་གདོན་མི་ཟ་བར་སེམས་ཅན་དམྱལ་བར་ལྟུང་ཞེས་སྨྲ། རྒྱལ་པོ་ཆེན་པོ། སེམས་ཅན་ཐམས་ཅད་སྡིག་པའི་ལས་བྱེད་དེ་ཅོག་ལ་རྣམ་པ་གཉིས་ཏེ། ཡང་བ་དང ། ལྕི་བའོ། །དེ་ལ་ཡིད་དང ། ངག་གིས་བྱས་པ་ནི་ཡང་བའོ། །ལུས་དང ། ངག་དང ། ཡིད་ཀྱིས་བྱས་པ་ནི་ལྕི་བའོ། །རྒྱལ་པོ་ཆེན་པོ། །སེམས་ཀྱིས་བསམས། ངག་གིས་བརྗོད་དེ། ལུས་ཀྱིས་མ་བྱས་ན་བྱས་སོ་ཅོག་གི་རྣམ་པར་སྨིན་པ་ཡང་བའོ། །རྒྱལ་པོ་ཆེན་པོས་སྔོན་གསོད་ཅིག་ཅེས་ནི་མ་བསྒོའི། རྐང་པ་ཆོད་ཅིག་ཅེས་བསྒོ་ལ། རྒྱལ་པོ་ཆེན་པོས་གལ་ཏེ་འགྲེང་སྟེ། བློན་པོ་ལ་རྒྱལ་པོའི་མགོ་ཆོད་ཅིག་ཅེས་བསྒོ་བ་ལ་འདུག་པའི་ཚེ་གདོད་བཅད་ན་འོན་ཀྱང་སྡིག་པར་མི་འགྱུར་ན། རྒྱལ་པོས་མ་བསྒོ་བར་སྡིག་པར་འགྱུར་བ་ལྟ་ཅི་སྨོས། གལ་ཏེ་རྒྱལ་པོས་སྡིག་ཐོབ་
Ka491a
༄#། །ན་སངས་རྒྱས་བཅོམ་ལྡན་འདས་ཀྱང་སྡིག་ཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱི་ཕ་རྒྱལ་པོ་གཟུགས་ཅན་སྙིང་པོ་རྟག་ཏུ་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྲུན་ཏེ་དེའི་ཕྱིར་རྒྱལ་པོའི་ཐབས་ཐོབ་བོ། །གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཆོད་པ་མ་བཞེས་ན་རྒྱལ་པོར་མི་འགྱུར་རོ། །གལ་ཏེ་རྒྱལ་པོར་མ་གྱུར་ན་ཁྱོད་ཀྱིས་ཡུལ་སྲིད་ཀྱི་ཕྱིར་རྒྱལ་པོ་གསད་དུ་མེད་དོ། །ཅི་སྟེ་ཁྱོད་ཀྱིས་ཕ་བསད་པས་སྡིག་པར་འགྱུར་བ་ཞིག་ཡིན་ན། ང་ལ་སོགས་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་སྡིག་པ་ཐོབ་པའི་རིགས་སོ། །གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྡིག་པར་མི་འགྱུར་ན། ཁྱོད་གཅིག་པུ་ཅི་སྟེ་སྡིག་པ་ཐོབ་པར་འགྱུར། རྒྱལ་པོ་ཆེན་པོ། རྒྱལ་པོ་གཟུགས་ཅན་སྙིང་པོ་སྔོན་བྱི་བོ་ལའི་རི་ལ་རྒྱུ་ཞིང་རི་དྭགས་ཤོར་དུ་ཆས་པ་ལས་དབྱེ་དགོན་པ་ཀུན་ཏུ་བྱུགས་ན་ཅིའང་མ་རྙེད་དེ། དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་གཅིག་གཅིག་མཐོང་ངོ། །མཐོང་ནས་ཞེ་སྡང་གི་སེམས་སྐྱེས་ཏེ། དེར་རི་དྭགས་ཤོར་བ་ལས་ཅིའང་མ་རྙེད་པ་ནི་མི་འདིའི་ཕྱིར་རོ་སྙམ་ནས། རི་ལས་དེད་དེ་གཡོག་རྣམས་ལ་གསོད་ཅིག་ཅེས་བསྒོའོ། །དྲང་སྲོང་དེ་ཚེའི་དུས་བྱེད་པ་ན་ཁྲོ་བོའི་སེམས་སྐྱེས་པས་རྫུ་འཕྲུལ་སྟོར་ཏེ། ཡི་དམ་འདི་སྐད་དུ་ང་ཉེས་པ་མེད་པར་ཁྱོད་ཀྱིས་ཡིད་དང་ངག་གིས་ནན་གྱིས་གསད་པ་ལྟར། མ་འོངས་
Ka491b
པའི་དུས་ན་ངས་ཀྱང་འདི་ལྟར་ཡིད་དང་ངག་གིས་ཁྱོད་གསད་དོ་ཞེས་དམ་བཅས་སོ། །དེའི་ཚེ་རྒྱལ་པོས་ཐོས་ནས་འགྱོད་པའི་སེམས་སྐྱེས་ཏེ་རོ་ལ་མཆོད་པ་བྱས་སོ། །རྒྱལ་པོ་དེ་དེ་ལྟར་བྱས་པས་ཉེས་པའང་ཡང་བར་གྱུར་ཏེ་སེམས་ཅན་དམྱལ་བར་མ་ལྟུང་ན། རྒྱལ་པོས་ནི་དེ་ལྟར་མ་བྱས་པར་སེམས་ཅན་དམྱལ་བའི་འབྲས་བུ་སྨིན་པ་ལྟ་ཅི་སྨོས། སྔོན་རྒྱལ་པོ་གཟུགས་ཅན་སྙིང་པོ་བདག་གིས་བྱས་པས་བདག་མྱོང་བ་ཡིན་ན། ཅི་སྟེ་རྒྱལ་པོས་གསོད་པའི་སྡིག་ཐོབ་པར་འགྱུར། ཇི་ལྟར་རྒྱལ་པོས་ཕ་རྒྱལ་པོ་ཉེས་པ་མེད་དོ་ཞེས་བྱ་བ་དེ་ཇི་ལྟར་ན་ཉེས་པ་མེད་ཅེས་བྱར་རུང ། གང་སྡིག་པ་དང་བཅས་པ་ནི་སྡིག་པའི་འབྲས་བུ་རྣམ་པར་སྨིན་ནོ། །གང་དགེ་བའི་ལས་བྱེད་པ་ནི་སྡིག་པའི་ལས་རྣམ་པར་སྨིན་པའང་མེད་དོ། །ཁྱོད་ཀྱི་ཕ་རྒྱལ་པོ་གལ་ཏེ་སྡིག་པ་མེད་པ་ཞིག་ན་ཅི་སྟེ་ལས་རྣམ་པར་སྨིན་པར་འགྱུར། གཟུགས་ཅན་སྙིང་པོ་ད་ལྟར་གྱི་དུས་སུ་དགེ་བའི་འབྲས་བུ་ཐོབ་ལ། མི་དགེ་བའི་འབྲས་བུའང་ཐོབ་སྟེ། དེའི་ཕྱིར་རྒྱལ་པོ་སྔ་མ་ནི་མ་ངེས་པའོ། །དེ་ལྟར་མ་ངེས་པས་ན་བསད་པའང་མ་ངེས་སོ། །བསད་པ་མ་ངེས་པ་ཡིན་ན་ཅི་སྟེ་ངེས་པར་སེམས་ཅན་དམྱལ་བར་ལྟུང་ངོ་ཞེས་སྨྲ། སེམས་ཅན་རྣམས་ནི་མྱོས་པ་དང ། བསད་པ་ལ་རྣམ་པ་བཞི་སྟེ། འདོད་པས་མྱོས་པ་དང ། སྨན་གྱིས་མྱོས་པ་དང ། སྔགས་ཀྱིས་མྱོས་པ་དང ། སྔོན་གྱི་ལས་ཀྱི་རྐྱེན་གྱིས་མྱོས་པའོ། །རྒྱལ་པོ་ཆེན་པོ། ངའི་ཉེ་གནས་
Ka492a
༄#། །ཀྱི་ནང་ནའང་མྱོས་པ་བཞི་པོ་དང་བཅས་པ་ཡོད་དེ། མི་དགེ་བ་མང་དུ་བྱས་ཀྱང་དེ་ཚུལ་ཁྲིམས་བཤིག་པ་ཡིན་ནོ་ཞེས་ལུང་མི་སྟོན་ཏོ། །དེ་དག་གིས་སྡིག་ཅི་བྱས་ཀྱང་ངན་སོང་གསུམ་དུ་མི་འགྲོ་ལ། གལ་ཏེ་ཕྱིར་དྲན་པར་གྱུར་ན་ཚུལ་ཁྲིམས་ཉམས་པ་ཞེས་མི་བྱའོ། །རྒྱལ་པོའང་སྲིད་དང་ཡུལ་འདོད་པའི་ཕྱིར་རྒྱལ་པོ་ཕ་བསད་པ་ནི་འདོད་པས་མྱོས་པའི་སེམས་ཀྱིས་བྱས་པ་ཡིན་ན་ཅི་སྟེ་སྡིག་པར་འགྱུར། རྒྱལ་པོ་ཆེན་པོ། དཔེར་ན། མི་ཞིག་ཆང་གིས་མྱོས་ནས་མ་བསད་དོ། །སངས་པར་གྱུར་པ་དང་རབ་ཏུ་འགྱོད་པའི་སེམས་སྐྱེས་ན་ལས་དེ་ནི་རྣམ་པར་སྨིན་པ་མ་ཡིན་པར་རིག་པར་བྱའོ། །རྒྱལ་པོའང་འདོད་པས་མྱོས་པའི་ཕྱིར་བྱས་ཀྱི། དྲན་བཞིན་དུ་བྱས་པ་ནི་མ་ཡིན་ནོ། །དེ་ལྟར་དྲན་པ་བཞིན་དུ་བྱས་པ་མ་ཡིན་ན་ཅི་སྟེ་ཁ་ན་མ་ཐོ་བའི་སྡིག་ཐོབ་པར་འགྱུར། རྒྱལ་པོ་ཆེན་པོ། དཔེར་ན། སྒྱུ་མ་མཁན་གྱིས་ལམ་གྱི་བཞི་མདོར་སྒྱུ་མའི་སྐྱེས་པ་དང ། བུད་མེད་དང ། བལ་གླང་དང།་རྟ་དང ། སེ་མོ་དོ་དང ། གོས་ལ་སོགས་པ་རྣམ་པ་སྣ་ཚོགས་བྱས་པ་ལ། པུས་པ་གླེན་པ་གཏི་མུག་ཅན་གྱིས་ཡང་དག་པ་བདེན་པ་ཡིན་པར་འཛིན་ཏོ། །མཁས་པ་ཤེས་རབ་ཅན་གྱིས་ནི་ཡང་དག་པའི་བདེན་པ་མ་ཡིན་པར་རིག་སྟེ། དེ་བཞིན་དུ་གསོད་པའང་དེ་དང་འདྲ་སྟེ། བུས་ཕ་མ་རབས་སོ་སོའི་སྐྱེ་བོ་དག་ནི་ཡང་དག་པར་ཡོད་པར་འཛིན་ན་\?\་
Ka492b
སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་ཡང་དག་པ་མ་ཡིན་པར་རིག་གོ་།རྒྱལ་པོ་ཆེན་པོ། དཔེར་ན། བྲག་ཅ་ལ་གཏི་མུག་ཅན་གྱིས་སྒྲ་ཡང་དག་པར་འཛིན་ཏོ། །མཁས་པ་ཤེས་རབ་ཅན་གྱིས་ནི་ཡང་དག་པ་མ་ཡིན་པར་རིག་སྟེ། གསོད་པའང་དེ་དང་འདྲ་བར་བུས་པ་མ་རབས་སོ་སོའི་སྐྱེ་བོ་དག་ཡང་དག་པར་འཛིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་ཡང་དག་པ་མ་ཡིན་པར་རིག་གོ་།རྒྱལ་པོ་ཆེན་པོ། དཔེར་ན། དགྲ་ཞིག་སྒྱུས་ཉེ་བར་འོང་བ་ལ། གཏི་མུག་ཅན་གྱིས་ནི་ཡང་དག་པར་ཉེ་བར་འཛིན་ཏོ། །མཁས་པ་ཤེས་རབ་ཅན་གྱིས་ནི་སྒྱུ་ཡིན་པར་ཤེས་སོ། །གསོད་པའང་དེ་དང་འདྲ་སྟེ། བུས་པ་སོ་སོའི་སྐྱེ་བོས་ནི་ཡང་དག་པར་འཛིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་ཡང་དག་པ་མ་ཡིན་པར་རིག་གོ་།རྒྱལ་པོ་ཆེན་པོ། ཇི་ལྟར་མེ་ལོང་ལས་བདག་གི་ངོ་སྣང་བ་ལ་གཏི་མུག་ཅན་གྱིས་ཡང་དག་པར་ངོ་ཡིན་པར་འཛིན་ཏོ། །མཁས་པ་ཤེས་རབ་ཅན་གྱིས་ནི་རབ་ཏུ་རྟོགས་པས་ཡང་དག་པ་མ་ཡིན་པར་རིག་གོ་།གསོད་པའང་དེ་དང་འདྲ་སྟེ། བུས་པ་མ་རབས་སོ་སོའི་སྐྱེ་བོས་ནི་ཡང་དག་པར་འཛིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་ཡང་དག་པ་མ་ཡིན་པར་རིག་གོ་།རྒྱལ་པོ་ཆེན་པོ། དཔེར་ན། སྨིག་རྒྱུ་ལ་གཏི་མུག་ཅན་གྱིས་ནི་ཆུ་ཡིན་པར་འཛིན་ཏོ། །མཁས་པ་ཤེས་རབ་ཅན་གྱིས་རབ་ཏུ་རྟོགས་ཏེ་ཆུ་མ་ཡིན་པར་ཤེས་སོ། །གསོད་
Ka493a
༄#། །པའང་དེ་དང་འདྲ་སྟེ། བུས་པ་མ་རབས་སོ་སོ་སྐྱེ་བོས་ནི་ཡང་དག་པར་འཛིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་ཡང་དག་པ་མ་ཡིན་པར་རིག་གོ་།རྒྱལ་པོ་ཆེན་པོ། དཔེར་ན། དྲི་ཟའི་གྲོང་ཁྱེར་ལ་གླེན་པ་གཏི་མུག་ཅན་གྱིས་ནི་ཡང་དག་པར་འཛིན་ཏོ། །མཁས་པ་ཤེས་རབ་ཅན་གྱིས་ནི་རབ་ཏུ་རྟོགས་ཏེ་ཡང་དག་པ་མ་ཡིན་པར་ཤེས་སོ། །གསོད་པའང་དེ་དང་འདྲ་སྟེ། བུས་པ་མ་རབས་སོ་སོ་སྐྱེ་བོས་ནི་ཡང་དག་པར་འཛིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་ཡང་དག་པ་མ་ཡིན་པར་རིག་གོ། རྒྱལ་པོ་ཆེན་པོ། དཔེར་ན། རྨི་ལམ་གྱི་ནང་ན་འདོད་པ་ལྔའི་དགའ་བ་མྱོང་བ་ལ་གཏི་མུག་ཅན་གྱིས་ནི་ཡང་དག་པར་འཛིན་ཏོ། །མཁས་པ་ཤེས་རབ་ཅན་གྱིས་རབ་ཏུ་རྟོགས་ཏེ་ཡང་དག་པ་མ་ཡིན་པར་ཤེས་སོ། །གསོད་པའང་དེ་དང་འདྲ་སྟེ། བུས་པ་མ་རབས་ནི་ཡང་དག་པར་འཛིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་ཡང་དག་པ་མ་ཡིན་པར་རིག་གོ་།རྒྱལ་པོ་ཆེན་པོ། གསོད་པའི་ཆོས་དང ། གསོད་པའི་ལས་དང ། གསོད་པ་དང ། གསོད་པའི་འབྲས་བུ་དང ། རྣམ་པར་གྲོལ་བའི་བར་དུ་ཁ་ན་མ་ཐོ་བའི་ལས་མེད་པར་ངས་གསལ་བར་རྟོགས་སོ། །རྒྱལ་པོ་ཆེན་པོས་གསོད་པ་ཤེས་པ་ཙམ་གྱིས་ཅིའི་ཕྱིར་སྡིག་པར་འགྱུར། རྒྱལ་པོ་ཆེན་པོ། དཔེར་ན། མི་ཞིག་ཆང་བདག་བྱེད་པ་དེ་ཅི་སྟེ་མ་འཐུངས་ན་མྱོས་པར་མི་འགྱུར་རོ། །
Ka493b
དེ་བཞིན་དུ་མེ་ལ་དབང་བའང་ཚིག་པར་མི་འགྱུར་བ་ལྟར་རྒྱལ་པོའང་དེ་དང་འདྲ་སྟེ། གསོད་པར་ཤེས་པ་ཙམ་གྱིས་ན་ཅིའི་ཕྱིར་སྡིག་པར་འགྱུར། རྒྱལ་པོ་ཆེན་པོ། སེམས་ཅན་ཁ་ཅིག་ཉི་མ་ཤར་བ་ན་ཁ་ན་མ་ཐོ་བའི་སྡིག་རྣམ་པ་སྣ་ཚོགས་བྱེད་པ་དང ། ཟླ་བ་ཤར་བ་ན་ཆོམ་པོ་དང ། རྐུན་ཤོད་བྱེད་དོ། །ཉི་མ་དང ། ཟླ་བ་མ་ཤར་ན་སྡིག་པ་མི་བྱེད་དེ། དེ་ལྟར་ཉི་མ་དང ། ཟླ་བའི་རྐྱེན་གྱིས་སྡིག་པ་བྱེད་ཀྱང་ཟླ་བ་དང ། ཉི་མ་དེ་ལ་ཡང་དག་པར་ན་སྡིག་པ་མེད་དོ། །གསོད་པའང་དེ་དང་འདྲ་སྟེ། རྒྱལ་པོའི་རྐྱེན་གྱིས་དེ་ལྟར་གྱུར་ཀྱང་རྒྱལ་པོ་ལ་ནི་ཡང་དག་པར་སྡིག་པ་མེད་དོ། །རྒྱལ་པོ་ཆེན་པོ། ཇི་ལྟར་རྒྱལ་པོའི་ཁབ་ན་རྟག་ཏུ་ལུག་གསོད་དུ་བཅུག་ཀྱང ། ཐོག་མ་ནས་འཇིགས་པའི་སེམས་མེད་ན། ཅི་སྟེ་ཕ་འབའ་ཞིག་ལ་འཇིགས་པའི་སེམས་བསྐྱེད། རྒྱལ་པོ་ཆེན་པོ། ཇི་ལྟར་མི་དང་བྱོལ་སོང་ལ་རིམ་པའི་ཁྱད་པར་ཡོད་ཀྱང་སྲོག་ལ་ཆགས་པ་དང་ཕངས་པ་ལ་ནི་གཉིས་ཀ་ཐ་དད་པ་མེད་ན། ཅི་སྟེ་ལུག་ལ་ནི་སེམས་བག་ཡངས་སུ་འཇིགས་པ་མེད་ལ། ཕ་རྒྱལ་པོ་ལ་ནི་རབ་ཏུ་མི་དགེ་བའི་མྱ་ངན་བསྐྱེད། རྒྱལ་པོ་ཆེན་པོ། འཇིག་རྟེན་པ་ནི་འདོད་པའི་ཁོལ་པོར་གྱུར་ཏེ། དབང་མེད་པར་གྱུར་ཏོ། །འདོད་པས་བཀོལ་བའི་ཕྱིར་གསོད་པའི་ལས་བྱེད་དོ་།གལ་ཏེ་དེ་ལ་འབྲས་བུ་རྣམ་པར་སྨིན་པ་ཡོད་ན་འདོད་པ་ལ་སྡིག་པར་འགྱུར་ཏེ། རྒྱལ་པོ་ལ་དབང་སྨད་པས་ཅིའི་ཕྱིར་ཉེས་པར་འགྱུར།
Ka494a
༄#། །རྒྱལ་པོ་ཆེན་པོ། དཔེར་ན། ཡོངས་སུ་མྱ་ངན་ལས་འདས་པ་ནི་ཡོད་པའང་མ་ཡིན། མེད་པའང་མ་ཡིན་ཏེ། ཡོད་པའང་ཡིན་ནོ། །གསོད་པའང་དེ་དང་འདྲ་སྟེ། ཡོད་པའང་མ་ཡིན། མེད་པའང་མ་ཡིན་མོད་ཀྱི། ཡོད་པར་ཡང་འགྱུར་རོ། །ཁྲེལ་བ་དང ། འཛེམ་པ་ཡོད་པ་ལ་ནི་ཡོད་པ་མ་ཡིན། ཁྲེལ་བ་དང ། འཛེམ་པ་མེད་པ་ལ་ནི་མེད་པའང་མ་ཡིན་ནོ། །འབྲས་བུ་རྣམ་པར་སྨིན་པ་མྱོང་བ་ནི་ཡོད་པ་ཞེས་བྱའོ། །སྟོང་པར་ལྟ་བ་ལ་ནི་ཡོད་པ་མ་ཡིན། ཡོད་པར་ལྟ་བ་ལ་ནི་མེད་པ་མ་ཡིན། ཡོད་པར་ལྟ་བ་ལ་ནི་ཡོད་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཡོད་པར་ལྟ་བ་དང་བཅས་པ་ནི་འབྲས་བུ་རྣམ་པར་སྨིན་པའང་ཡོད་དོ། །ཡོད་པར་ལྟ་བ་མེད་པ་ལ་ནི་འབྲས་བུ་རྣམ་པར་སྨིན་པ་མེད་དོ། །རྟག་པར་ལྟ་བ་ལ་ནི་ཡོད་པ་མ་ཡིན། མི་རྟག་པར་ལྟ་བ་ལ་ནི་མེད་པ་མ་ཡིན། རྟག་པ་རྟག་པར་ལྟ་བ་ལ་ནི་མེད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྟག་པ་རྟག་པར་ལྟ་བ་ལ་ནི་མི་དགེ་བའི་ལས་ཀྱིས་འབྲས་བུ་ཡོད་དེ། དེའི་ཕྱིར་རྟག་པ་རྟག་པར་ལྟ་བ་ལ་མེད་པ་ཞེས་བྱར་མི་རུང་ངོ ། །དེ་བས་ཡོད་པའང་མ་ཡིན། མེད་པའང་མ་ཡིན་མོད་ཀྱི། ཡོད་པའང་མ་ཡིན་ནོ། །རྒྱལ་པོ་ཆེན་པོ། སེམས་ཅན་ཞེས་བྱ་བ་ནི་ཕྱི་ནང་གི་དབུགས་རྒྱུ་བའོ། །དབུགས་རྒྱུ་བ་གཅོད་པ་ནི་གསོད་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་འཇིག་རྟེན་པའི་
Ka494b
རྗེས་སུ་གསོད་པ་ཞེས་ཀྱང་གསུངས་སོ། །རྒྱལ་པོ་ཆེན་པོ། གཟུགས་ནི་མི་རྟག་པ་སྟེ། གཟུགས་ཀྱི་རྟེན་ཅིང་འབྲེལ་ཏེ་འབྱུང་བའང་མི་རྟག་གོ། །མི་རྟག་པའི་རྒྱུ་ལས་སྐྱེས་ན་གཟུགས་ཅི་སྟེ་རྟག་།རྣམ་པར་ཤེས་པ་མི་རྟག་པ་ནས་རྣམ་པར་ཤེས་པའི་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་བར་དུའང་མི་རྟག་པ་སྟེ། དེ་ལྟར་མི་རྟག་པའི་རྒྱུ་ལས་སྐྱེས་ན་རྣམ་པར་ཤེས་པ་ཅི་སྟེ་རྟག་།དེ་ལྟར་མི་རྟག་པའི་ཕྱིར་སྡུག་བསྔལ་ལོ། །སྡུག་བསྔལ་བའི་ཕྱིར་སྟོང་པའོ། །སྟོང་པའི་ཕྱིར་བདག་མེད་པའོ། །གལ་ཏེ་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པ་ཡིན་ན་ཅི་ཞིག་གིས་ཅི་གསོད་པར་འགྱུར། མི་རྟག་པ་བསད་ན་རྟག་པའི་མྱ་ངན་ལས་འདས་པ་ཐོབ་ལ། སྡུག་བསྔལ་བསད་ན་བདེ་བ་ཐོབ། སྟོང་པ་བསད་ན་བདེན་པ་ཐོབ། བདག་མེད་པ་བསད་ན་ཡང་དག་པའི་བདག་ཐོབ་བོ། །རྒྱལ་པོ་ཆེན་པོ། གང་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པ་གསོད་པ་ནི་ང་དང་འདྲའོ། །ང་ཡང་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པ་བསད་དེ། སེམས་ཅན་དམྱལ་བར་མ་སོང་ན་ཁྱོད་ཅི་སྟེ་འགྲོ་།དེ་ནས་རྒྱལ་པོ་མ་སྐྱེས་དགྲས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་གཟུགས་བརྟག་པ་ནས་རྣམ་པར་ཤེས་པའི་བར་དུ་བརྟགས་ཏེ། དེ་ལྟར་རྟོགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས།
Ka495a
༄#། །བདག་གིས་གཟོད་གཟུགས་མི་རྟག་པ་ནས། རྣམ་པར་ཤེས་པའི་བར་དུ་མི་རྟག་པ་ལགས་པར་འཚལ་ཏོ། །བདག་གིས་གལ་ཏེ་སྔར་དེ་ལྟར་འཚལ་ན་ཁ་ན་མ་ཐོ་བའི་སྡིག་མི་བགྱིད་དོ། །བཅོམ་ལྡན་འདས། བདག་སྔོན་འདི་སྐད་ཅེས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་སེམས་ཅན་གྱི་ཕ་མ་མཛད་དོ་ཞེས་ཐོས་ཏེ། དེ་སྐད་ཐོས་ཀྱང་ངེས་པར་མ་རྟོགས་ཏེ། དེང་གཟོད་ངེས་པར་རྟོགས་སོ། །བཅོམ་ལྡན་འདས། བདག་གིས་ཡང་འདི་སྐད་ཅེས་ཐོས་ཏེ། རི་རབ་རིའི་རྒྱལ་པོ་ནི་རིན་པོ་ཆེ་སྣ་བཞི་ལས་བྱས་ཏེ། འདི་ལྟར་གསེར་དང ། དངུལ་དང ། བཻ་ཌཱུརྱ་དང ། ཤེལ་ལོ། །གལ་ཏེ་ཕྱོགས་གང་དུ་བྱ་མང་པོ་འདུས་པ་དེ་དག་ཁ་དོག་དེ་དང་འདྲ་བར་འགྱུར་རོ་ཞེས་ཐོས་ཀྱང་ངེས་པར་མ་རྟོགས་ཏེ། བདག་དེང་དེ་བཞིན་གཤེགས་པའི་རི་རབ་ཀྱི་དྲུང་དུ་ཕྱིན་ནས་ཁ་དོག་མཚུངས་པར་གྱུར་ཏོ། །དེ་ལ་ཁ་དོག་མཚུངས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་རྟག་པ། སྡུག་བསྔལ་བ། སྟོང་པ། བདག་མེད་པར་ཤེས་པར་མཚུངས་སོ། །བཅོམ་ལྡན་འདས། བདག་གིས་ནི་འཇིག་རྟེན་ན། ཨེ་རཎྜའི་འབྲས་བུ་ལས་ཨེ་རཎྜའི་སྡོང་པོ་སྐྱེ་བར་མཐོང་གི་།ཻ་རཎྜའི་འབྲས་བུས་ཙནྡན་གྱི་སྡོང་པོ་སྐྱེ་བར་མ་མཐོང་སྟེ། བདག་གིས་དེང་གཟོད་ཨེ་རཎྜའི་འབྲས་བུ་ལས་ཙནྡན་གྱི་སྡོང་པོ་སྐྱེས་པ་མཐོང་ངོ ། །དེ་ལ་ཨེ་རཎྜའི་
Ka495b
འབྲས་བུ་ནི་བདག་གི་ལུས་སོ། །ཙནྡན་གྱི་སྡོང་པོ་ནི་བདག་གིས་སེམས་དད་པའི་རྩ་བ་མ་མཆིས་པའོ། །རྩ་བ་མ་མཆིས་པ་ཞེས་བགྱི་བ་ནི་བདག་སྔོན་དེ་བཞིན་གཤེགས་པ་ལ་བཀུར་སྟི་བགྱི་བར་མི་འཚལ། ཆོས་དང ། དགེ་འདུན་ལ་མ་དད་དེ། དེ་ནི་རྩ་བ་མ་མཆིས་པ་ཞེས་བགྱིའོ། །བཅོམ་ལྡན་འདས། བདག་གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་དང་མ་ཕྲད་ན་བསྐལ་པ་ཚད་མེད་གྲངས་མེད་པའི་བར་དུ་སེམས་ཅན་དམྱལ་བ་ཆེན་པོར་སྡུག་བསྔལ་ཚད་མེད་པ་སྙེད་མྱོང་བར་འགྱུར་རོ། །བདག་གིས་དེང་སངས་རྒྱས་མཐོང་བར་གྱུར་ཏེ།་སངས་རྒྱས་མཐོང་བའི་བསོད་ནམས་ཇི་སྙེད་ཐོབ་པ་དེས། སེམས་ཅན་གྱི་ཉོན་མོངས་པ་མི་དགེ་བའི་སེམས་ཐམས་ཅད་ཆོམས་པར་གྱུར་ཅིག་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། ལེགས་སོ། །ལེགས་སོ། །ངས་དེང་ཁྱོད་གདོན་མི་ཟ་བར་སེམས་ཅན་གྱི་མི་དགེ་བའི་སེམས་ཆོམས་པར་མཁྱེན་ཏོ། །གསོལ་པ། བཅོམ་ལྡན་འདས། གལ་ཏེ་བདག་དེ་ལྟར་བརྟགས་པར་སེམས་ཅན་གྱི་མི་དགེ་བའི་སེམས་རྣམས་ཆོམས་པར་གྱུར་ན་ལྟ། གལ་ཏེ་བདག་རྟག་ཏུ་སེམས་ཅན་དམྱལ་བར་མཆིས་ཏེ། སེམས་ཅན་རྣམས་ཀྱི་ཕྱིར་བསྐལ་པ་ཚད་མེད་པའི་བར་དུ་སྡུག་བསྔལ་ཆེན་པོ་ལེན་ཡང་སྡུག་བསྔལ་བར་མི་འཛིན་ཏོ། །དེ་ནས་དེའི་ཚེ་ཡུལ་དབུས་འགྱུར་འཆང་གི་མི་ཚད་མེད་པ་
Ka496a
༄#། །སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །དེ་ལྟར་ཚད་མེད་པ་དེ་དག་གི་སེམས་རབ་ཏུ་བསྐྱེད་པའི་ཕྱིར་རྒྱལ་པོ་མ་སྐྱེས་དགྲའི་སྡིག་ལྕི་བ་ཡང་བར་གྱུར་ནས་རྒྱལ་པོ་དང ། བཙུན་མོ་དང ། སླས་ལ་སོགས་པ་ཀུན་གྱིས་གཅིག་ཅར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་འཚོ་བྱེད་ལ་སྨྲས་པ། འཚོ་བྱེད་བདག་མ་ཤི་བར་ལྷའི་ལུས་ཐོབ་སྟེ། ཚེ་ཐུང་བ་སྤངས་ནས་ཚེ་རིང་བར་གྱུར། མི་རྟག་པའི་ལུས་སྤངས་ནས་རྟག་པའི་ལུས་ཐོབ་བོ། །དེ་ནི་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱེད་པ་སྟེ། དེ་ནི་ལྷའི་ལུས་ཚེ་རིང་བ་རྟག་པ་ཡིན། སངས་རྒྱས་ཐམས་ཅད་ཀྱི་ཉེ་གནས་ཡིན་ནོ། །དེ་སྐད་ཅེས་སྨྲས་ནས་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་རྒྱལ་མཚན་དང ། བ་དན་དང ། གདུགས་དང ། སྤོས་དང ། མེ་ཏོག་དང ། ཕྲེང་བ་དང ། རོལ་མོ་དམ་པས་བཅོམ་ལྡན་འདས་ལ་མཆོད་ནས་ཀྱང་ཚིགས་སུ་བཅད་པ་འདི་དག་གིས་བསྟོད་དོ། །ཚིག་བདེན་ཤིན་ཏུ་དམ་པ་དེ། ཚིག་དང་དོན་ལ་རབ་མཁས་པ། །ཟབ་མོ་གསང་བའི་སྙིང་པོ་ཡང ། །མང་པོ་ཀུན་ལ་གསལ་བར་སྟོན། །རྒྱ་ཆེ་འབྱམས་ཀླས་ཚིག་རྣམས་ཀྱང ། །བསྡུས་ཏེ་འཁོར་ལ་མདོ་ཙམ་སྟོན། །དེ་ལྟ་བུ་ཡི་ཚིག་དང་ལྡན། །སེམས་ཅན་ནད་གསོ་བ་ལ་
Ka496b
མཁས། །གལ་ཏེ་སེམས་ཅན་རྣམས་གང་གིས། །ཚིག་དེ་ཐོས་པར་གྱུར་པ་དེ། །དད་པ་རྣམས་དང་མ་དད་པ། །སངས་རྒྱས་གསུང་བ་ཡིན་པར་རྟོགས། །སངས་རྒྱས་གསུང་ནི་འཇམ་པ་སྟེ། །འཁོར་ལ་རྩུབ་པའི་ཚིག་ཀྱང་གསུང ། །འཇམ་དང་རྩུབ་པོར་གང་གསུངས་པ། །གཉིས་ཀ་དོན་དམ་ལགས་པས་ན། །དེ་ཕྱིར་བདག་ཀྱང་དེ་རིང་འདིར། །བཅོམ་ལྡན་འདས་ལ་སྐྱབས་སུ་མཆི། །བཅོམ་ལྡན་གསུང་ནི་རོ་གཅིག་སྟེ། །ཇི་ལྟར་རྒྱ་མཚོའི་ཆུ་དང་མཚུངས། །བདེན་པ་དམ་པ་ཞེས་བྱ་སྟེ། །དོན་མེད་པ་ཡི་ཚིག་མ་མཆིས། །དེ་རིང་དེ་བཞིན་གཤེགས་པ་ཡིས། །ཚད་མེད་ཆོས་རྣམས་རབ་བསྟན་པ། །སྐྱེས་པ་བུད་མེད་ཐོས་པ་དང ། །མཐུན་པར་དོན་དམ་ཐོབ་པར་འགྱུར། །རྒྱུ་མེད་འབྲས་བུ་ཡང་མེད་དེ། །སྐྱེ་བ་མེད་ཅིང་འགོག་པ་མེད། །དེ་ནི་མྱ་ངན་འདས་པ་སྟེ། །ཐོས་པས་རྣམ་སྨིན་འཇོམས་པར་འགྱུར། །དེ་བཞིན་གཤེགས་ནི་ཐམས་ཅད་ཀྱི། །ཤིན་ཏུ་བྱམས་པའི་ཕ་མ་མཛད། །སེམས་ཅན་སོ་སོའི་སྐྱེ་བོ་དག་།དེ་བཞིན་གཤེགས་ཀྱི་སྲས་སུ་རིག་།བཅོམ་ལྡན་བྱམས་པའི་ཐུགས་རྗེ་ཡིས། །མང་པོའི་ཕྱིར་ནི་དཀའ་བ་མཛད། །ཇི་ལྟར་གདོན་གྱིས་བརླམས་པ་ལྟར། །སྨྱོས་ནས་རྣམ་པ་མང་པོ་བྱེད། །བདག་གིས་བཅོམ་ལྡན་དེང་མཐོང་བའི། །དགེ་བར་གྱུར་པའི་ལས་གསུམ་པོའི། །བསོད་ནམས་ཇི་སྙེད་ཐོབ་པ་འདི། །བླ་མེད་བྱང་ཆུབ་ལ་བསྔོའོ། །བདག་
Ka497a
༄#། །གིས་དེང་འདིར་སངས་རྒྱས་དང ། །ཆོས་དང་དགེ་འདུན་ལ་མཆོད་པའི། །བསོད་ནམས་ཇི་སྙེད་བསྐྱེད་པ་དེ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །རྟག་ཏུ་འཇིག་རྟེན་གནས་པར་ཤོག་།བདག་གིས་དེང་འདིར་འདི་ཉིད་དུ། །བསོད་ནམས་ཇི་སྙེད་ཐོབ་གྱུར་པ། །བསོད་ནམས་དེ་ཡིས་སེམས་ཅན་གྱི། །བདུང་བཞི་རབ་ཏུ་ཞིགས་པར་ཤོག ། མི་དགེ་བཤེས་དང་བདག་ཕྲད་པས། །དུས་གསུམ་སྡིག་པ་གང་བགྱིས་པ། །དེང་འདིར་སྤྱན་སྔར་ཀུན་ཀྱང་བཤགས། །སླན་ཆད་སྡིག་པ་མི་བགྱིད་དོ། །སེམས་ཅན་སོ་སོའི་སྐྱེ་བོ་དག་།བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ། །རྩེ་གཅིག་སེམས་ཀྱིས་དྲན་པར་ཤོག་།གཞན་ཡང་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མང་པོ་ཡོངས་བཅོམ་ནས། །ཇི་ལྟར་འཇམ་དཔལ་དང་འདྲ་བར། །སངས་རྒྱས་རང་བཞིན་མཐོང་བར་ཤོག་།དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་མ་སྐྱེས་དགྲ་ལ་ལེགས་སོ། །ལེགས་སོ། །ཞེས་བྱ་བ་བྱིན་ནོ། །གལ་ཏེ་གང་ཞིག་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ནི་སངས་རྒྱས་ཀྱི་དཀྱིལ་འཁོར་ཡོངས་སུ་བརྒྱན་པ་ཞེས་བྱའོ། །རྒྱལ་པོ་ཆེན་པོ། ཁྱོད་སྔོན་སངས་རྒྱས་རྣམ་པར་གཟིགས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ནས་ང་འཇིག་རྟེན་དུ་བྱུང་བའི་བར་དུ་སེམས་ཅན་དམྱལ་བར་ལྷུང་བའི་སྡུག་བསྔལ་མྱོང་བར་མ་གྱུར་ཏོ། །རྒྱལ་པོ་ཆེན་པོ། འདི་ལྟར་རིག་པར་བྱ་སྟེ།
Ka497b
བྱང་ཆུབ་ཀྱི་སེམས་ནི་དེ་ལྟ་བུའི་འབྲས་བུ་ཚད་མེད་པ་སྙེད་ཡོད་དོ། །རྒྱལ་པོ་ཆེན་པོ། དེང་ཕྱིན་ཆད་ཀྱང་རྟག་ཏུ་བྱང་ཆུབ་ཀྱི་སེམས་ལ་བརྩོན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རྒྱུ་དེའི་རྐྱེན་གྱིས་ཁ་ན་མ་ཐོ་བའི་ལས་ཚད་མེད་པ་སྙེད་འབྱང་བའི་ཕྱིར་རོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲ་ཡུལ་དབུས་འགྱུར་འཆང་གི་མི་དང་བཅས་སུ་འདུག་པ་ལས་ལངས་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་ཏེ། ཕྱིར་ཕོ་བྲང་དུ་དོང་ངོ ། །ལྷས་སྤྱོད་པའི་ལེའུ་ནི་མེ་ཏོག་སྣ་ཚོགས་ཀྱི་མདོ་ལས་བཤད་པ་བཞིན་ནོ། །འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ཚངས་པར་སྤྱོད་པ་ཞེས་བྱ་བའི་ལེའུ་སྟེ་བདུན་པའོ།། །།རིགས་ཀྱི་བུ། ཇི་ལྟར་ན་བུས་པ་ཆུང་ངུའི་སྤྱོད་པ་ཞེ་ན། རིགས་ཀྱི་བུ། ལྡང་བ་དང ། འདུག་པ་དང ། འོང་བ་དང ། སོང་བ་དང ། སྨྲ་མི་ནུས་པ་ནི་བུས་པ་ཆུང་ངུ་ཞེས་བྱ་སྟེ། དེ་བཞིན་གཤེགས་པའང་དེ་དང་འདྲའོ། །ལྡང་མི་ནུས་པ་ནི་དེ་བཞིན་གཤེགས་པའང་ཆོས་ཐམས་ཅད་ཀྱི་མཚན་ཉིད་ལས་མི་ལྡང་ངོ ། །འདུག་མི་ནུས་པ་ནི་དེ་བཞིན་གཤེགས་པའང་ཆོས་ཐམས་ཅད་ལ་མ་ཆགས་པའོ། །འོང་མི་ནུས་པ་ནི་དེ་བཞིན་གཤེགས་པའི་སྐུའི་སྤྱོད་པ་མི་གཡོ་བའོ། །འགྲོ་མི་ནུས་པ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་མཐར་ཕྱིན་པའོ། །སྨྲ་མི་ནུས་པ་ནི་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ལ་ཆོས་
Ka498a
༄#། །རྣམས་སྟོན་ཀྱང་ཡང་དག་པར་ན་སྟོན་པ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཇི་སྙེད་དུ་སྟོན་པ་ཡོད་པ་ནི་འདུས་བྱས་ཀྱི་ཆོས་ཞེས་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་ནི་འདུས་བྱས་མ་ཡིན་པས་དེའི་ཕྱིར་བཤད་པ་མེད་དོ། །ཡང་མི་སྨྲ་བ་ནི་ཇི་ལྟར་བུས་པ་ཆུང་ངུ་ཚིག་གསལ་བར་མི་ཤེས་པ་སྨྲ་བ་ཡོད་དུ་ཟིན་ཀྱང་ཡང་དག་པར་ན་སྨྲ་བ་མེད་དོ། ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སྨྲ་བ་མི་གསལ་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་ཏེ་གསུངས་པའོ། །གསུངས་པ་ཡོད་དུ་ཟིན་ཀྱང་སེམས་ཅན་གྱིས་མི་ཤེས་པས་མི་སྨྲ་བ་ཞེས་བྱའོ། །ཡང་བུས་པ་ཞེས་བྱ་བ་ནི་ཚིག་ཡང་དག་པར་མི་ཤེས་པའི་ཕྱིར་རྫས་ལ་མིང་གཅིག་ཏུ་མ་ཆད་དོ། །ཚིག་ཡང་དག་པར་མི་ཤེས་པས་རྫས་ལ་མིང་གཅིག་ཏུ་མ་ཆད་ཀྱང ། རྒྱུ་དེ་མ་ཡིན་པའི་ལོགས་ཤིག་ན་རྫས་ཤེས་པར་འགྱུར་བ་མེད་དོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ཀྱི་རིགས་རྣམ་པ་སྣ་ཚོགས་ཐ་དད་པས་ཚིག་མི་མཐུན་ཏེ། དེ་བཞིན་གཤེགས་པས་ཐབས་ཀྱིས་ཇི་ལྟ་བ་དེ་ལྟར་སྟོན་པས་དེའི་རྒྱུས་ཐམས་ཅད་ཤེས་པར་ཡང་མཛད་དོ། །ཡང་བུས་པ་ཞེས་བྱ་བ་ནི་ཡི་གེ་ཆེན་པོ་འབའ་ཞིག་སྟོན་ནུས་ཏེ། དེ་བཞིན་གཤེགས་པའང་དེ་དང་འདྲ་བར་ཡི་གེ་ཆེན་པོ་སྟོན་ཏོ། །འདི་ལྟ་སྟེ། བ་ཧཝ་ཞེས་བྱའོ། །དེ་ལ་ཧཝ་ཞེས་བྱའོ། །དེ་ལ་ཧཝ་ཞེས་བྱ་བ་ནི་འདུས་བྱས་སོ། །བ་ཞེས་བྱ་བ་ནི་འདུས་
Ka498b
མ་བྱས་ཏེ། དེ་ནི་བུས་པ་ཞེས་བྱའོ། །ཧཝ་ཞེས་བྱ་བ་ནི་ང་མི་རྟག་པའོ། །བ་ཞེས་བྱ་བ་ནི་རྟག་པའོ། །དེ་བཞིན་གཤེགས་པའང་རྟག་པ་འཆད་དེ། སེམས་ཅན་ཐོས་ནས་ང་ཆོས་རྟག་པ་འདོད་པའི་ཕྱིར་མི་རྟག་པ་གཅོད་དེ། དེ་ནི་བུས་པའི་སྤྱོད་པའོ། །ཡང་བུས་པ་ནི་སྡུག་བསྔལ་བ་དང ། བདེ་བ་དང ། ཉིན་པར་དང ། མཚན་མོ་དང ། ཕ་མ་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། སེམས་ཅན་གྱི་ཕྱིར་བདེ་བ་དང་སྡུག་བསྔལ་མི་མཐོང ། ཉིན་པར་དང་མཚན་མོ་ཞེས་བྱ་བ་མེད། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའི་ཕྱིར་ཕ་མ་དང ། གཉེན་ལ་སོགས་པའི་མཚན་ཉིད་མེད་དོ། །ཡང་བུས་པ་ནི་ལས་ཆེན་པོ་དང ། ཆུང་ངུ་རྣམས་བྱེད་མི་ནུས་སེ་\?\། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། བྱང་ཆུབ་སེམས་དཔས་འཁོར་བའི་ལས་མི་བྱེད་པས་མི་བྱེད་པ་ཞེས་བྱའོ། །དངོས་པོ་ཆེན་པོ་ཞེས་བྱ་བ་ནི་མཚམས་མེད་པ་ལྔ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ནམ་ཡང་མཆམས་མེད་པ་ལྔའི་སྡིག་ལྕི་བ་མི་བྱེད་དོ། །དངོས་པོ་ཆུང་ངུ་ཞེས་བྱ་བ་ནི་ཐེག་པ་གཉིས་པའི་སེམས་ཏེ། བྱང་ཆུབ་སེམས་དཔའ་ནམ་ཡང་བྱང་ཆུབ་ཀྱི་སེམས་ལས་ལོག་སྟེ། ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཐེག་པར་མི་ལྟུང་ངོ ། །ཡང་བྱིས་པའི་སྤྱོད་པ་ནི་ཇི་ལྟ་བུས་པ་དེ་ངུ་བ་ན། ཕ་མས་ལྕང་མའི་ལོ་མ་སེར་པོ་བྱིན་ཏེ། འདི་སྐད་དུ་
Ka499a
༄#། །མ་ངུ་ཞིག་།མ་ངུ་ཞིག་།ངས་ཁྱོད་ལ་གསེར་སྦྱིན་ཞེས་བྱས་ནས་བུས་པས་དེ་མཐོང་བ་དང་གསེར་ཡང་དག་པའི་འདུ་ཤེས་བསྐྱེད་དེ་མི་ངུ་བར་གྱུར་ཏེ། ལྕང་མའི་ལོ་མ་དེ་ནི་ཡང་དག་པར་གསེར་མ་ཡིན་ནོ། །གལ་ཏེ་ཤིང་ལ་བྱས་པའི་གླང་དང ། རྟ་དང ། སྐྱེས་པ་དང ། བུད་མེད་ལ་བུས་པས་མཐོང་ནས་སྐྱེས་པ་དང་བུད་མེད་ལ་སོགས་པ་ཡིན་པའི་འདུ་ཤེས་བསྐྱེད་དེ། མི་ངུའོ། །དེ་སྐྱེས་པ་དང་བུད་མེད་མ་ཡིན་པར་སྐྱེས་པ་དང་བུད་མེད་ཀྱི་འདུ་ཤེས་འཇོག་པའི་ཕྱིར་བུས་པ་ཞེས་བྱའོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། གལ་ཏེ་སེམས་ཅན་དག་མི་དགེ་བ་མང་པོ་བྱེད་ན། དེ་བཞིན་གཤེགས་པས་སུམ་ཅུ་རྩ་གསུམ་གནམ་གྱི་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་དང ། བྱད་བཟང་བ་དང ། ལོངས་སྤྱོད་དང ། གཞལ་མེད་ཁང་བཟང་པོའི་ནང་ན་འདོད་པ་ལྔ་སྤྱོད་པ་དང ། དབང་པོ་དྲུག་གི་གཉེན་པོ་ཐམས་ཅད་བདེ་བ་དང་དགའ་བ་ཤ་སྟག་ཡིན་པར་བསྟན་ཏེ། སེམས་ཅན་གྱིས་དེ་ལྟ་བུའི་བདེ་བ་ཡོད་པ་ཐོས་ནས་བདེ་བ་ལ་ཆགས་པའི་སེམས་སྐྱེས་ཏེ། མི་དགེ་བ་བཏང་ནས་སུམ་ཅུ་རྩ་གསུམ་གནམ་གྱི་ལས་དགེ་བ་ལ་བརྩོན་ནོ། །དེ་ནི་ཡང་དག་པར་འཁྲོ་བ་ཡིན་ཏེ། མི་རྟག་པ། བདེ་བ་མེད་པ། བདག་མེད་པ། ཡོངས་སུ་དག་པ་མ་ཡིན་ཡང་སེམས་ཅན་སྒྲོལ་བའི་ཕྱིར་ཐབས་ཀྱིས་
Ka499b
རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པའོ་ཞེས་གསུངས་སོ། །ཡང་བུས་པ་ཞེས་བྱ་བ་ནི། གལ་ཏེ་སེམས་ཅན་གང་འཁོར་བ་ལ་རབ་ཏུ་སྐྱོ་བ་ན་དེ་བཞིན་གཤེགས་པས་ཐེག་པ་གཉིས་སྟོན་ཏེ། དེ་ལ་ཡང་དག་པར་ཐེག་པ་གཉིས་པོའི་བདེན་པ་མེད་ཀྱང་ཐེག་པ་གཉིས་ཀྱི་ཕྱིར་འཁོར་བའི་སྐྱོན་ཤེས་ཤིང་མྱ་ངན་ལས་འདས་པའི་བདེ་བ་མཐོང་ངོ ། ། དེ་ལྟར་མཐོང་བའི་ཕྱིར་རང་གིས་གཅོད་པ་དང ། མི་གཅོད་པ་དང ། བདེན་པ་དང ། མི་བདེན་པ་དང ། སྤྱོད་པ་དང ། མི་སྤྱོད་པ་དང ། ཐོབ་པ་དང ། མི་ཐོབ་པའི་དངོས་པོ་རིག་པར་འགྱུར་རོ། །རིགས་ཀྱི་བུ། ཇི་ལྟར་བུས་པ་དེ་གསེར་མ་ཡིན་པ་ལ་གསེར་གྱི་འདུ་ཤེས་བསྐྱེད་པ་ལྟར་དེ་བཞིན་གཤེགས་པའང་དེ་དང་འདྲ་བར་ཡོངས་སུ་མ་དག་པ་ལ་ཡོངས་སུ་དག་པའོ། ། ཞེས་འཆད་དེ། དེ་བཞིན་གཤེགས་པས་དོན་དམ་པ་ཐོབ་པའི་ཕྱིར་ཡང་དག་པ་མ་ཡིན་པ་མེད་དོ། །ཇི་ལྟར་བུས་པ་དེ་བ་ལང་དང་རྟ་མ་ཡིན་པ་ལ་བ་ལ་ང་དང་རྟར་འདུ་ཤེས་པ་ལྟར། གལ་ཏེ་སེམས་ཅན་གང་ལམ་མ་ཡིན་པ་ལ་ལམ་ཡང་དག་པར་འདུ་ཤེས་འཇོག་ན། དེ་བཞིན་གཤེགས་པས་ཀྱང་ལམ་མ་ཡིན་པ་ལ་ལམ་དུ་འཆད་དེ། ལམ་མ་ཡིན་པ་ལ་ཡང་དག་པར་ལམ་མེད་མོད་ཀྱི། ལམ་གྱི་རྒྱུ་ཅུང་ཟད་བསྐྱེད་ནུས་པའི་ཕྱིར་ལམ་མ་ཡིན་པ་ལམ་དུ་འཆད་དོ། །ཇི་ལྟར་བུས་པ་དེ་ཤིང་གི་ཁྱེའུ་དང་བུ་མོ་ལ་ཁྱེའུ་དང་བུ་མོར་འདུ་ཤེས་པ་ལྟར། དེ་
Ka500a
༄#། །བཞིན་གཤེགས་པའང་དེ་དང་འདྲ་བར་སེམས་ཅན་མ་ཡིན་པར་མཁྱེན་བཞིན་དུ་སེམས་ཅན་གྱི་མཚན་ཉིད་འཆད་དེ། ཡང་དག་པར་ན་སེམས་ཅན་གྱི་མཚན་ཉིད་མེད་དོ། །གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སེམས་ཅན་མེད་པར་འཆད་ན་སེམས་ཅན་ཐམས་ཅད་ངན་པར་ལྟ་བར་ལྟུང་སྟེ། དེ་བས་ན་དེ་བཞིན་གཤེགས་པས་སེམས་ཅན་ཡོད་པར་གསུངས་སོ། །སེམས་ཅན་ལས་སེམས་ཅན་དུ་འདུ་ཤེས་འཇོག་པ་ནི་སེམས་ཅན་གྱི་མཚན་ཉིད་འཇིག་མི་ནུས་སོ། །གང་སེམས་ཅན་ལས་སེམས་ཅན་གྱི་མཚན་ཉིད་འཇིག་པ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པར་འགྱུར་རོ། །དེ་ལྟར་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པའི་ཕྱིར་མི་ངུ་བར་འགྱུར་ཏེ། དེ་ནི་བུས་པའི་སྤྱོད་པ་ཞེས་བྱའོ། །རིགས་ཀྱི་བུ། གལ་ཏེ་སྐྱེས་པའམ་བུད་མེད་གང་སྤྱོད་པ་ལྔ་པོ་འདི་ཡོངས་སུ་འཛིན་ཅིང་འཆད་ངམ། ཀློག་གམ། ཡི་གེར་བྲིས་སམ། དགྲོལ་ཞིང་འཆད་ན་གང་ཟག་དེས་གདོན་མི་ཟ་བར་སྤྱོད་པ་ལྔ་པོ་དེ་དག་ཐོབ་པར་རིག་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། བདག་ཀྱང་གདོན་མི་འཚལ་བར་སྤྱོད་པ་ལྔ་པོ་དེ་དག་ཐོབ་པར་གྱུར་ཏོ། །བཅོམ་ལྡན་
Ka500b
འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་འབའ་ཞིག་གིས་སྤྱོད་པ་ལྔ་པོ་དེ་དག་ཐོབ་པ་མ་ཡིན་གྱི། ད་ལྟར་འཁོར་འདིའི་ནང་ན་མི་ཁྲི་ཕྲག་དགུ་བཅུ་རྩ་གསུམ་ཡང་ཁྱོད་དང་འདྲ་བར་སྤྱོད་པ་ལྔ་པོ་དེ་དག་ཐོབ་པར་གྱུར་ཏོ། །འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། བུས་པ་ཆུང་ངུ་སྤྱོད་པ་ཞེས་བྱ་བའི་ལེའུ་སྟེ་བརྒྱད་པའོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་བརྒྱད་པ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་སྣང་བ་མཐོ་བཙུན་དཔལ་གྱི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་ལ་རྣལ་འབྱོར་དུ་སྤྱོད་ན་ཡོན་ཏན་རྣམ་པ་བཅུ་ཐོབ་པར་འགྱུར་ཏེ། ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་ཞིང་བསམ་གྱིས་མི་ཁྱབ་སྟེ། ཐོས་པ་ཙམ་གྱིས་ངོ་མཚར་རྨད་དུ་འཛིན་ལ། ནང་མ་ཡིན། ཕྱི་རོལ་མ་ཡིན། དཀའ་བ་མ་ཡིན། སླ་བ་མ་ཡིན། མཚན་ཉིད་མ་ཡིན། མཚན་ཉིད་མ་ཡིན་པ་མ་ཡིན། འཇིག་རྟེན་གྱི་ཆོས་མ་ཡིན་ཏེ། མཚན་མ་དང་དབྱིབས་མེད་པ་འཇིག་རྟེན་ན་མི་སྲིད་པའོ། །རྣམ་པ་བཅུ་གང་ཞེ་ན། གཅིག་ལའང་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། མ་ཐོས་པ་ཐོས་པར་འགྱུར་བ་དང ། ཐོས་ནས་ཕན་པའི་དོན་དུ་འགྱུར་བ་དང ། ཐེ་ཚོམ་དང་ནེམ་ནུར་
Ka501a
༄#། །གྱི་སེམས་ཆོད་པར་འགྱུར་བ་དང ། ཤེས་རབ་ལ་གཡོ་སྒྱུ་མེད་པ་དང ། དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་དོན་ཟབ་མོ་ཤེས་པ་དང་ལྔའོ། །དེ་ལ་མ་ཐོས་པ་ཐོས་པར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། དགོངས་ཏེ་གསུངས་པའི་དོན་ཤིན་ཏུ་ཟབ་མོ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པ་དང ། སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་ཁྱད་མེད་པ། དཀོན་མཆོག་གསུམ་གྱི་རང་བཞིན་དང ། མཚན་ཉིད་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ནི་མཐའ་ཡུན་དུ་མྱ་ངན་ལས་འདས་པ་མེད་དེ། རྟག་པ། གནས་པ། མི་འགྱུར། མི་འཕོ་བ་དང ། དེ་བཞིན་གཤེགས་པའི་མྱ་ངན་ལས་འདས་པ་ནི་ཡོད་པ་མ་ཡིན། མེད་པ་མ་ཡིན། འདུས་བྱས་པ་མ་ཡིན། འདུས་མ་བྱས་པ་མ་ཡིན། ཟག་པ་དང་བཅས་པ་མ་ཡིན། ཟག་པ་མེད་པ་མ་ཡིན། གཟུགས་མ་ཡིན། གཟུགས་མ་ཡིན་པ་མ་ཡིན། མིང་མ་ཡིན། མིང་མ་ཡིན་པ་མ་ཡིན། མཚན་ཉིད་མ་ཡིན། མཚན་ཉིད་མ་ཡིན་པ་མ་ཡིན། ཡོད་པ་མ་ཡིན། མེད་པ་མ་ཡིན། དངོས་པོ་མ་ཡིན། དངོས་པོ་མ་ཡིན་པ་མ་ཡིན། རྒྱུ་མ་ཡིན། འབྲས་བུ་མ་ཡིན། ལྟོས་པ་མ་ཡིན། མི་ལྟོས་པ་མ་ཡིན། སྣང་བ་མ་ཡིན། མུན་པ་མ་ཡིན། བྱུང་བ་མ་ཡིན། མ་བྱུང་བ་མ་ཡིན། རྟག་པ་མ་ཡིན།
Ka501b
མི་རྟག་པ་མ་ཡིན། ཆད་པ་མ་ཡིན། མ་ཆད་པ་མ་ཡིན། ཐོག་མ་མ་ཡིན། ཐ་མ་མ་ཡིན། འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་མ་ཡིན། ཕུང་པོ་མ་ཡིན། ཕུང་པོ་མ་ཡིན་པ་མ་ཡིན། སྐྱེ་མཆེད་མ་ཡིན། སྐྱེ་མཆེད་མ་ཡིན་པ་མ་ཡིན། ཁམས་མ་ཡིན། ཁམས་མ་ཡིན་པ་མ་ཡིན། རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་མ་ཡིན། རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་མ་ཡིན་པ་མ་ཡིན། དེ་དག་ལ་སོགས་པའི་ཆོས་དགོངས་ཏེ་གསུངས་པའི་དོན་ཤིན་ཏུ་ཟབ་མོ་སྔོན་མ་ཐོས་པ་ཐོས་པར་འགྱུར་བ་དང ། གཞན་ཡང་མ་ཐོས་པ་ནི། འདི་ལྟ་སྟེ། མུ་སྟེགས་ཅན་ཐམས་ཅད་ཀྱི་གཙུག་ལག་རིམ་པ་བཞི་དང ། བྱཱ་ཀ་ར་ཎའི་གཙུག་ལག་དང ། རྒྱལ་པོའི་གཙུག་ལག་དང ། བགྲང་བ་དང ། བརྩི་བའི་གཙུག་ལག་ལ་སོགས་པ་དང།་རིག་སྔགས་དང ། སྨན་དཔྱད་དང ། སྒྱུ་རྩལ་དང ། ཉི་ཟླ་སྤྱང་ཀིས་ཟིན་པ་དང ། སྐར་མ་འཕོ་ཞིང་འགྱུར་བ་དང ། རི་མོ་དང ། ཡི་གེ་དང ། ལུང་སྟོན་པའི་གཙུག་ལག་ལ་སོགས་པའི་ཡི་གེ་དང ། གཙུག་ལག་དེའི་གསང་བའི་དོན་སྔོན་མ་ཐོས་པའང་མདོ་སྡེ་འདི་ལས་ཤེས་པར་འགྱུར་བ་དང ། གཞན་ཡང་ཤིན་ཏུ་རྒྱས་པའི་མདོ་སྡེ་མ་གཏོགས་པ་མདོ་སྡེ་བཅུ་གཉིས་ལས་དགོངས་ཏེ་གསུངས་པའི་དོན་ཤིན་ཏུ་ཟབ་མོ་མེད་པའང་དེང་མདོ་སྡེ་འདིའི་རྐྱེན་གྱིས་ཤེས་པར་གྱུར་ཏོ། །རིགས་ཀྱི་བུ། དེ་ནི་མ་ཐོས་པ་ཐོས་པར་འགྱུར་བ་ཞེས་བྱའོ། །ཐོས་ནས་ཕན་
Ka502a
༄#། །པར་འགྱུར་བ་ཞེས་བྱ་བ་ནི་གལ་ཏེ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་ཡོངས་སུ་འཛིན་ན། ཤིན་ཏུ་རྒྱས་པ་ཐེག་པ་ཆེན་པོའི་མདོའི་དོན་གྱི་རོ་ཤིན་ཏུ་ཟབ་མོ་ཐམས་ཅད་རྫོགས་པར་ཀུན་ཤེས་པར་ནུས་སོ། །དཔེར་ན། ཁྱེའུ་འམ་བུ་མོ་དག་མེད་ལོང་གསལ་བའི་ནང་ན་གཟུགས་དང་ཆ་ལུགས་གསལ་བར་སྣང་བ་བཞིན་དུ་མྱ་ངན་ལས་འདས་པ་ཆེན་པོའི་མེ་ལོང་ཡང་དེ་དང་འདྲ་སྟེ། བྱང་ཆུབ་སེམས་དཔས་ཐོས་ན་ཐེག་པ་ཆེན་པོའི་མདོ་སྡེའི་དོན་ཤིན་ཏུ་ཟབ་མོ་གསལ་བར་མཐོང་ངོ ། །གཞན་ཡང་ལ་\?\་ཞིག་མུན་ཁང་གི་ནང་དུ་སྒྲོན་མ་ཆེན་པོ་ཕྱུང་ན། རྫས་ཐམས་ཅད་མཐོང་བ་བཞིན་དུ་མྱ་ངན་ལས་འདས་པ་ཆེན་པོའི་སྒྲོན་མའང་དེ་དང་འདྲ་སྟེ། བྱང་ཆུབ་སེམས་དཔས་འཛིན་ན་ཐེག་པ་ཆེན་པོའི་དོན་ཟབ་མོ་གསལ་དཀའ་བ་མཐོང་བར་འགྱུར་རོ། །གཞན་ཡང་ཇི་ལྟར་ཉི་མ་ཤར་བ་ན་འོད་སྣང་བ་སྟོང་ཡོད་པ་དེས་རི་རྣམས་ཀྱི་སུལ་ཟབ་མོ་མུན་པ་ཅན་ཀུན་སྣང་བར་བྱེད་དེ། སྐྱེ་བོ་ཐམས་ཅད་ཀྱིས་རྒྱང་རིང་པོ་ནས་རྫས་རྣམས་མཐོང་བ་བཞིན་དུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཡོངས་སུ་དག་པའི་ཤེས་རབ་ཀྱི་ཉི་མའང་དེ་དང་འདྲ་སྟེ། ཐེག་པ་ཆེན་པོས་ཤིན་ཏུ་ཟབ་མོའི་གནས་སྣང་བར་བྱེད་དེ། ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཐེག་པ་པས་རྒྱང་རིང་པོ་ནས་སངས་རྒྱས་ཀྱི་བྱང་ཆུབ་མཐོང་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་
Ka502b
ན།་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་དམ་པ་མཉན་ཅིང་འཛིན་པའི་ཕྱིར་རོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་ལྟར་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཉན་ཏམ་འཛིན་ན་ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྟོགས་པར་འགྱུར་རོ། །གལ་ཏེ་ཡི་གེར་བྲིས་སམ། ཀློག་གམ། འདོན་ཏམ། ཁོང་དུ་ཆུད་པར་བྱེད་དམ། གཞན་ལ་རྒྱས་པར་སྟོན་ཏམ། དོན་ཡིད་ལ་བྱེད་ན་ཆོས་ཐམས་ཅད་ཀྱི་དོན་ཚུལ་བཞིན་དུ་རྟོགས་པར་འགྱུར་རོ། །རིགས་ཀྱི་བུ། གང་ཉན་ཅིང་འཛིན་པ་དེས་ནི་རྣམ་གྲངས་འབའ་ཞིག་ཤེས་ཀྱི། དོན་ཉིད་མི་རྟོགས་སོ། །གང་ཡི་གེར་བྲིས་སམ། གཟུངས་སུ་འཛིན་ཏམ། ཀློག་གམ། འདོན་ཏམ། གཞན་ལ་རྒྱས་པར་སྟོན་ཏམ། དོན་ཡིད་ལ་བྱེད་ན། དོན་ཉིད་རྟོགས་པར་འགྱུར་རོ། །གཞན་ཡང ། རིགས་ཀྱི་བུ། མདོ་སྡེ་འདི་མཉན་པས་ན་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཐོས་ཀྱི། མཐོང་བར་མི་ནུས་སོ། །ཡི་གེར་བྲིས་ཤིང་ཀློག་གམ། འདོན་ཏམ། གཞན་ལ་རྒྱས་པར་སྟོན་ཏམ། དོན་ཡིད་ལ་བྱེད་ན་དེས་ནི་མཐོང་བར་འགྱུར་རོ། །མདོ་སྡེ་འདི་མཉན་པ་ཙམ་གྱིས་སྦྱིན་པ་ཐོབ་པར་འགྱུར་གྱི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཐོང་བ་ནི་མ་ཡིན་ནོ། །མདོ་སྡེ་འདི་ཡི་གེར་བྲིས་ཤིང་འདོན་ཏམ། ཀློག་གམ། གཞན་ལའང་རྒྱས་པར་སྟོན་ཏམ། དོན་ཡིད་ལ་བྱེད་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་
Ka503a
༄#། །བར་དུ་མཐོང་བར་འགྱུར་རོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་མཉན་ན་ཆོས་ཤེས་པ་དང ། དོན་ཤེས་པར་འགྱུར་རོ། །སོ་སོ་ཡང་དག་པར་ཤེས་པ་དེ་གཉིས་དང་ལྡན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། འཇིག་རྟེན་དུ་བཅས་པ་ཐམས་ཅད་ཀྱིས་མི་འཇིགས་པ་དང ། མདོ་སྡེ་བཅུ་གཉིས་རྣམ་པར་འབྱེད་ཅིང་དོན་སྟོན་པ་ལ་འགལ་བ་མེད་པ་དང ། གཞན་ལས་མ་མཉན་པར་རང་གིས་རིག་པ་དང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བར་འགྱུར་རོ། །རིགས་ཀྱི་བུ། དེ་ནི་ཐོས་ནས་ཕན་པར་འགྱུར་བ་ཞེས་བྱའོ། །ཐེ་ཚོམ་གྱི་སེམས་ཆོད་པ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ཚིག་ལ་ཐེ་ཚོམ་ཟ་བ་དང ། དོན་ལ་ཐེ་ཚོམ་ཟ་བའོ། །མདོ་སྡེ་འདི་མཉན་པས་ཚིག་ལ་ཐེ་ཚོམ་ཟ་བའི་སེམས་ཆོད་པར་འགྱུར་རོ། །དོན་ཡིད་ལ་བྱེད་པས་ནི་དོན་ལ་ཐེ་ཚོམ་ཟ་བའི་སེམས་ཆོད་པར་འགྱུར་རོ། །གཞན་ཡང ། རིགས་ཀྱི་བུ། ཐེ་ཚོམ་ལ་རྣམ་པ་ལྔ་སྟེ། སངས་རྒྱས་ངེས་པར་མྱ་ངན་ལས་འདའམ་སྙམ་ཐེ་ཚོམ་ཟ་བ་དང ། སངས་རྒྱས་རྟག་ཏུ་གནས་པ་ཡིན་ནམ་སྙམ་ཐེ་ཚོམ་ཟ་བ་དང ། སངས་རྒྱས་ཡང་དག་པར་བདེན་པ་ཡིན་ནམ་སྙམ་ཐེ་ཚོམ་ཟ་བ་དང ། སངས་རྒྱས་ཡང་དག་པར་ཡོངས་སུ་དག་པ་ཡིན་ནམ་སྙམ་ཐེ་
Ka503b
ཚོམ་ཟ་བ་དང ། སངས་རྒྱས་ཡང་དག་པར་བདག་ཡིན་ནམ་སྙམ་དུ་ཐེ་ཚོམ་ཟ་བ་སྟེ། མདོ་སྡེ་འདི་མཉན་པས་ནི་སངས་རྒྱས་མྱ་ངན་ལས་འདའ་བ་ཐེ་ཚོམ་ཟ་བ་ཡོངས་སུ་ཆོད་པར་འགྱུར་རོ། །ཡི་གེར་བྲིས་ཤིང་ཀློག་གམ། འདོན་ཏམ། གཞན་ལ་རྒྱས་པར་སྟོན་ཏམ། དོན་ཡིད་ལ་བྱེད་པས་ནི་ཐེ་ཚོམ་ལྷག་མ་བཞི་ཡོངས་སུ་ཆོད་པར་འགྱུར་རོ། །རིགས་ཀྱི་བུ། གཞན་ཡང་ཐེ་ཚོམ་ལ་རྣམ་པ་གསུམ་སྟེ། ཉན་ཐོས་ཡོད་པ་ཡིན་ནམ་མེད་པ་ཡིན་སྙམ་ཐེ་ཚོམ་ཟ་བ་དང ། རང་སངས་རྒྱས་ཡོད་པ་ཡིན་ནམ་མེད་པ་ཡིན་སྙམ་ཐེ་ཚོམ་ཟ་བ་དང ། སངས་རྒྱས་ཡོད་པ་ཡིན་ནམ་མེད་པ་ཡིན་སྙམ་ཐེ་ཚོམ་ཟ་བ་སྟེ། མདོ་སྡེ་འདི་མཉན་པ་ཙམ་གྱིས་ཐེ་ཚོམ་རྣམ་པ་གསུམ་མ་ལུས་པར་མེད་པར་འགྱུར་རོ། །ཡི་གེར་བྲིས་ཤིང་ཀློག་གམ། འདོན་ཏམ། གཞན་ལ་རྒྱས་པར་སྟོན་ཏམ། དོན་ཡིད་ལ་བྱེད་པས་ནི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་རྟོགས་པར་འགྱུར་རོ། །རིགས་ཀྱི་བུ། གལ་ཏེ་སེམས་ཅན་གང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་མ་ཐོས་ན་ཐེ་ཚོམ་གྱི་སེམས་མང་བ་ནི། འདི་ལྟ་སྟེ། རྟག་པའམ། མི་རྟག་པའམ། བདེ་བའམ། མི་བདེ་བའམ། ཡོངས་སུ་དག་པའམ། ཡོངས་སུ་མ་དག་པའམ། བདག་གམ། བདག་མེད་པའམ། སྲོག་གམ། སྲོག་མ་ཡིན་ནམ། སེམས་ཅན་ནམ། སེམས་ཅན་མ་ཡིན་ནམ། མཐར་ཐུག་གམ། མཐར་ཐུག་གམ། མ་
Ka504a
༄#། །འོངས་པའི་དུས་སམ། འདས་པའི་དུས་སམ། ཡོད་པའམ། མེད་པའམ། སྡུག་བསྔལ་ལམ། སྡུག་བསྔལ་མ་ཡིན་ནམ། ཀུན་འབྱུང་ངམ། ཀུན་འབྱུང་མ་ཡིན་ནམ། ལམ་མམ། ལམ་མ་ཡིན་ནམ། འགོག་པའམ། འགོག་པ་མ་ཡིན་ནམ། ཆོས་སམ། ཆོས་མ་ཡིན་ནམ། དགེ་བའམ། དགེ་བ་མ་ཡིན་ནམ། སྟོང་པའམ། སྟོང་པ་མ་ཡིན་ནམ་སྙམ་དུ་ཐེ་ཚོམ་ཟ་བ་སྟེ། མདོ་སྡེ་འདི་མཉན་ན་དེ་ལྟ་བུའི་ཐེ་ཚོམ་ཐམས་ཅད་ཡོངས་སུ་ཆོད་པར་འགྱུར་རོ། །གཞན་ཡང ། རིགས་ཀྱི་བུ། །གལ་ཏེ་གང་མདོ་སྡེ་འདི་མ་ཐོས་ན། གཞན་ཡང་ཐེ་ཚོམ་རྣམ་པ་མང་པོ་ཡོད་པར་འགྱུར་རོ། །འདི་ལྟ་སྟེ། གཟུགས་བདག་ཡིན་ནམ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་བདག་ཡིན་ནམ། འོན་ཏེ་མིག་གིས་མཐོང་ངམ། བདག་གིས་མཐོང་བ་ནས། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་ཤེས་པར་ནུས་སམ། བདག་གིས་ཤེས་པར་ནུས་སམ། གཟུགས་ཀྱིས་རྣམ་པར་སྨིན་པ་མྱོང་ངམ། བདག་གིས་རྣམ་པར་སྨིན་པ་མྱོང་བ་ནས། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་རྣམ་པར་སྨིན་པ་མྱོང་ངམ། བདག་གི་རྣམ་པར་སྨིན་པ་མྱོང་ངམ། གཟུགས་ཕ་རོལ་གྱི་འཇིག་རྟེན་དུ་འགྲོའམ། འོན་ཏེ་བདག་ཕ་རོལ་གྱི་འཇིག་རྟེན་དུ་འགྲོའམ། དེ་བཞིན་དུ་རྣམ་པར་ཤེས་པའང་དེ་དང་འདྲ་སྟེ། འཁོར་བ་ཐོག་མ་དང་ཐ་མ་ཡོད་དམ།
Ka504b
འོན་ཏེ་ཐོག་མ་དང་ཐ་མ་མེད་པ་ཡིན་ན་མ་སྙམ་ཐེ་ཚོམ་ཟ་བ་སྟེ། མདོ་སྡེ་འདི་མཉན་ན་དེ་ལྟ་བུའི་ཐེ་ཚོམ་ལ་སོགས་པའང་ཡོངས་སུ་ཆོད་པར་འགྱུར་རོ། །ཡང་ལ་ལ་ཞིག་གིས་ལོག་སྲེད་ཅན་དང ། རྩ་བ་བཞི་ཉམས་པ་དང ། མཚམས་མེད་པ་ལྔའི་ཁ་ན་མ་ཐོ་བ་བྱས་པ་དང ། མདོ་སྡེ་ཤིན་ཏུ་རྒྱས་པ་ལ་སྐུར་པ་དེ་དག་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དམ། སངས་རྒྱས་ཀྱི་རང་བཞིན་མེད་སྙམ་ཐེ་ཚོམ་ཟ་བ་དག་ཀྱང་མདོ་སྡེ་འདི་མཉན་ན་ཐེ་ཚོམ་དེ་དག་ཐམས་ཅད་ཡོངས་སུ་ཆོད་པར་འགྱུར་རོ། །ཡང་ལ་ལ་ཞིག་གིས་འཇིག་རྟེན་མཐའ་ཡོད་དམ། འཇིག་རྟེན་མཐའ་མེད་དམ། ཕྱོགས་བཅུའི་འཇིག་རྟེན་ཡོད་དམ། ཕྱོགས་བཅུའི་འཇིག་རྟེན་མེད་སྙམ་ཐེ་ཚོམ་ཟ་བ་དག་ཀྱང་མདོ་སྡེ་འདི་མཉན་ན། དེ་ལྟ་བུའི་ཐེ་ཚོམ་དག་ཀྱང་ཡོངས་སུ་ཆོད་པར་འགྱུར་ཏེ། དེ་ནི་ཐེ་ཚོམ་དང་ནེམ་ནུར་གྱི་སེམས་ཆོད་པར་འགྱུར་བ་ཞེས་བྱའོ། །ཤེས་རབ་ལ་གཡོ་སྒྱུ་མེད་པ་ཞེས་བྱ་བ་ནི། འདི་ལྟ་སྟེ། གལ་ཏེ་སེམས་ལ་ཐེ་ཚོམ་ཡོད་ན་ལྟ་བ་ཐམས་ཅད་ཡང་དག་པ་མ་ཡིན་པར་འགྱུར་རོ། །སོ་སོའི་སྐྱེ་བོ་དག་གལ་ཏེ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་དམ་པ་འདི་མ་ཐོས་ན་ལྟ་བ་ཐམས་ཅད་ལོག་པར་འགྱུར་རོ། །དེ་བཞིན་དུ། དེ་བཞིན་དུ་ཉན་ཐོས་དང ། རང་སངས་རྒྱས་ཀྱི་བར་དུའང་ལྟ་བ་ཐམས་ཅད་ལོག་པ་ཡིན་ནོ། །ཇི་ལྟར་ན་བྱིས་པ་སོ་སོའི་སྐྱེ་བོ་དག་ལྟ་བ་ལོག་པ་ཞེས་བྱ་ཞེ་ན། ཟག་པ་དང་བཅས་པ་ལ་རྟག་པ་དང ། བདེ་བ་དང །
Ka505a
༄#། །བདག་དང ། ཡོངས་སུ་དག་པར་ལྟ། དེ་བཞིན་གཤེགས་པ་ལ་མི་རྟག་པ་དང ། སྡུག་བསྔལ་བ་དང ། ཡོངས་སུ་མ་དག་པ་དང ། བདག་མེད་པར་ལྟ་ལ། སེམས་ཅན་དང ། འཚོ་བ་དང ། སྲོག་དང ། མཐོང་བ་དང ། ཤེས་པ་ཡོད་པར་ལྟ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟེང་ལ་མྱ་ངན་ལས་འདས་པ་ཡིན་པར་འཛིན་པ་དང ། ལྷ་དབང་སྒྱུར་ལ་འཕགས་པའི་ལམ་བརྒྱད་ཡོད་པར་ལྟ་བ་དང ། རྟག་པར་ལྟ་བ་དང ། ཆད་པར་ལྟ་བ་སྟེ། ལྟ་བ་དེ་དག་ཐམས་ཅད་ནི་ལོག་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གལ་ཏེ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་ཐོས་ཤིང་འཕགས་པའི་སྤྱད་པ་སྤྱོད་ན་ལོག་པར་ལྟ་བ་དེ་དག་མེད་པར་འགྱུར་རོ། །ཇི་ལྟར་ན་ཉན་ཐོས་དང་རང་སངས་རྒྱས་ཀྱང་ལོག་པར་ལྟ་བ་ཞེ་ན། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ནས་བབས་པ་ན་བལ་གླང་ལ་བཅིབས་ཏེ་ཡུམ་གྱི་ལྷུམས་སུ་གཤེགས་པ་དང ། ཡབ་ནི་ཟས་གཙང་མ། ཡུམ་ནི་ལྷ་མཛེས་བྱ་བ་དང ། གྲོང་ཁྱེར་སེར་སྐྱར་ཡུམ་གྱི་ལྷུམས་སུ་ཟླ་བ་བཅུ་ཚང་ནས་བལྟམས་པ་དང ། བལྟམས་པའི་ཚེ་པའི་ཚེ་བརྒྱ་བྱིན་གྱིས་ས་ལ་མ་རེག་པར་བཟུང་སྟེ། ཀླུའི་རྒྱལ་པོ་དགའ་བོ་དང ། བསྙེན་དགའ་བོ་གཉིས་ཀྱིས་ཆུ་ཕབ་ནས་སྐུ་བསིལ་བ་དང ། གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་མ་ནི་བརྟ་ཞེས་བྱ་བས་རིན་པོ་
Ka505b
ཆེའི་གདུགས་ཐོགས་པ་དང ། སའི་ལྷས་པདྨོ་སྤྲུལ་ཏེ་ཞབས་བརྟེན་བ་དང ། ཕྱོགས་བཞི་ཀུན་དུ་གོམ་པ་བདུན་བདུན་བོར་བ་དང ། ལྷའི་རྟེན་དུ་གཤེགས་ནས་ལྷ་ཐམས་ཅད་ལངས་ཏེ་བསུས་པ་དང ། དྲང་སྲོང་ཨ་སི་ཏས་པང་དུ་བླངས་ཏེ་མཚན་བལྟས་པ་དང ། མཚན་བལྟས་ནས་བདག་ནི་ཆེའི་དུས་བྱེད་པར་འགྱུར་ཏེ། སངས་རྒྱས་མངོན་དུ་གཤེགས་པའི་མི་མཐོང་ངོ་སྙམ་དུ་སྡུག་བསྔལ་ཆེན་པོ་སྐྱེས་ཏེ་ཡིད་ལ་རབ་ཏུ་གཅགས་པ་དང ། སློབ་དཔོན་ལས་ཡིག་རྩིས་དང ། འཕོང་དང ། ཁ་ལོ་སྒྱུར་བ་དང ། རི་མོ་དང ། ལུང་སྟོན་པ་དང ། སྒྱུ་རྩལ་སློབ་པ་དང།་ཕོ་བྲང་གི་ནང་དུ་བུ་མོ་དང་སླས་དྲུག་ཁྲི་དང་ལྷན་ཅིག་ཏུ་རྩེ་ཞིང་ལོངས་སྤྱོད་པ་དང ། ཁབ་ནས་བྱུང་སྟེ་འཆག་ཏུ་གཤེགས་པ་ལས། གྲོང་ཁྱེར་སེར་སྐྱའི་སྒོར་མི་རྒས་འཁོགས་པ་མཐོང་བ་ནས། དེ་བཞིན་དུ་དགེ་སྦྱོང་ཆོས་གོས་གྱོན་ཅིང་འགྲོ་བའི་བར་དུ་མཐོང་ནས་ཕྱིར་ཕོ་བྲང་དུ་ཕྱིན་ཏེ། བུ་མོ་དང་སླས་རྣམས་ཀྱི་ལུས་དང་གཟུགས་ལ་ཀེང་རུས་དང་འདྲ་བར་མཐོང་བ་དང།་ཕོ་བྲང་ཡང་དུར་ཁྲོད་དང་ཐ་མི་དད་པར་མཐོང་ནས། ཁྱིམ་ལ་སྐྱོ་བར་གྱུར་ཏེ་ནམ་གྱི་གུང་ལ་ཁབ་ནས་བྱུང་སྟེ། དྲང་སྲོང་ཨུ་ཏ་ཀ་དང ། ་ལ་ཙ་ལ་སོགས་པའི་གན་དུ་ཕྱིན་ནས་དེ་དག་ལས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྟེང་དང ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དག་བཤད་པ་ཐོས་སོ། །ཐོས་ནས་སྐྱེ་མཆེད་ལ་ཡོངས་སུ་བརྟགས་ན་མི་རྟག་པ་དང ། སྡུག་བསྔལ་
Ka506a
༄#། །བ་དང ། ཡོངས་སུ་མ་དག་པ་དང ། བདག་མེད་པ་ཡིན་པར་རྟོགས་ནས་དེ་སྤངས་ཏེ་ཤིང་དྲུང་ན་ལོ་དྲུག་གི་བར་དུ་དཀའ་བ་སྤྱོད་པ་དང ། དེ་ལྟར་དཀའ་བ་སྤྱོད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་མ་རྒྱས་ཏེ། དེ་ནས་ཡང་ཆུ་བོ་དགའ་སྐྱེད་ཅེས་བྱ་བའི་ནང་དུ་ཁྲུས་བྱས་ནས་གནག་རྫི་མོས་འོ་མའི་འཇམས་ཕུལ་བ་བཞེས་པ་དང ། བཞེས་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་ཏེ་བདུད་སྡིག་ཏོ་ཅན་བཏུལ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས་ཝཱ་ར་ཎཱ་སིར་དགེ་སློང་སྡེ་ལྔ་ལ་ཐོག་མ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནས། གྲོང་ཁྱེར་རྩཝ་མཆོག་འདིར་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་དེ་ལྟ་བུར་ལྟ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དག་ལོག་པར་ལྟ་བ་ཞེས་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་མཉན་ཅིང་གཟུངས་སུ་བཟུང་ན། ལྟ་བ་གོང་མ་དེ་དག་ཀུན་སེལ་བར་འགྱུར་རོ། །གལ་ཏེ་ཡི་གེར་བྲིས་ཤིང་ཀློག་གམ། འདོན་ཏམ། ཁོང་དུ་ཆུད་པར་བྱེད་དམ། གཞན་ལ་རྒྱས་པར་སྟོན་ཏམ། དོན་ཡིད་ལ་བྱེད་ན་ཤེས་རབ་ཡང་དག་པ་ཐོབ་པར་འགྱུར་ཏེ། ལོག་པར་ལྟ་བ་མེད་པར་འགྱུར་རོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་
Ka506b
ངན་ལས་འདས་པ་ཆེན་པོའི་མདོ་འདི་ལ་ནན་ཏན་བྱས་ན། བྱང་ཆུབ་སེམས་དཔས་བསྐལ་པ་ཚད་མེད་པའི་བར་དུ་དགའ་ལྡན་གྱི་གནས་ནས་བབས་ཤིང་ཡུམ་གྱི་ལྷུམས་ནས་བལྟམས་པ་ནས། གྲོང་ཁྱེར་རྩཝ་མཆོག་ཏུ་ཡོངས་སུ་མྱ་ངན་ལས་མ་འདས་པའི་བར་དུ་རྟོགས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་པར་ལྟ་བ་ཞེས་བྱའོ། །དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་དོན་ཟབ་མོ་ཤེས་པ་ཞེས་བྱ་བ་ནི། འདི་ལྟ་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལས་ངས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པས་ཕས་ཕམ་པ་བཞི་ཉམས་པ་མཐོལ་བར་བྱེད་པ་དང ། དམ་པའི་ཆོས་ལ་སྐུར་པའི་སེམས་བསལ་བ་དང ། མཚམས་མེད་པ་ལྔའི་ཁ་ན་མ་ཐོ་བ་མ་ལུས་པར་བྱེད་པ་དང ། ལོག་སྲེད་ཅན་གྱི་སེམས་མེད་པར་བྱས་ནས་དེའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་དགོངས་ཏེ་གསུངས་པའི་དོན་ཟབ་མོ་ཞེས་བྱའོ། ། རིགས་ཀྱི་བུ། གཞན་ཡང་ཇི་ལྟར་ན་དོན་ཤིན་ཏུ་ཟབ་མོ་ཞེ་ན། སེམས་ཅན་ལ་ཡང་དག་པར་བདག་མེད་པར་ཤེས་ཀྱང་མ་འོངས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་པར་མི་འགྱུར་བ་ཡིད་ཆེས་པ་དང ། ཕུང་པོ་ལྔ་འདི་ཉིད་དུ་མ་ལུས་པར་འགོག་པར་ཤེས་མོད་ཀྱི། དགེ་བ་དང་སྡིག་པའི་ལས་རྣམས་ཀྱང་མེད་པར་མི་འགྱུར་བར་ཤེས་པ་དང ། ལས་རྣམ་པ་མང་པོ་
Ka507a
༄#། །ཡོད་མོད་ཀྱི། བྱེད་པ་པོ་དམིགས་སུ་མེད་པ་དང ། ཕྱིན་པའི་གནས་ཡོད་མོད་ཀྱི། འགྲོ་བ་མེད་པ་དང ། འཆིང་བ་ཡོད་མོད་ཀྱི། བཅིངས་པ་མེད་པ་དང ། མྱ་ངན་ལས་འདས་པ་ཡོད་མོད་ཀྱི། འགོག་པ་མེད་པར་ཤེས་པ་སྟེ། དེ་ནི་དགོངས་ཏེ་གསུངས་པའི་དོན་ཟབ་མོ་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་སྣང་བ་མཐོ་བཙུན་དཔལ་གྱི་རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་འཚལ་བ་ལྟར་ན། བཅོམ་ལྡན་འདས་ཀྱིས་མ་ཐོས་པ་ཐོས་པར་འགྱུར་བ་ཞེས་བགྱི་བའི་དོན་དེ་ལྟ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གལ་ཏེ་མཆིས་པ་ཞིག་ལགས་ན་ནི་ངེས་པར་མཆིས་པའི་ཆོས་ཅན་ནོ། །གལ་ཏེ་མ་མཆིས་ནའང་ངེས་པར་མ་མཆིས་པའི་ཆོས་ཅན་ལགས་ན། མ་མཆིས་པ་ནི་སྐྱེ་བའང་མི་རིགས། མཆིས་པ་ནི་འགོག་པའང་མི་རིགས་ཏེ། ཇི་ལྟར་ཐོས་པ་དེའང་ཐོས་པ་ཞེས་བགྱིས་ལ། གང་མ་ཐོས་པའང་མ་ཐོས་པ་ལགས་ན། ཅིའི་སླད་དུ་མ་ཐོས་པ་ཐོས་པར་འགྱུར་རོ་ཞེས་གསུངས། བཅོམ་ལྡན་འདས། གང་མི་ཐོས་པ་ནི་ཐོས་པའང་མི་རིགས། གང་སྔར་ཐོས་པ་ནི་གདོད་ཐོས་པར་མི་འགྱུར་རོ། ། དེ་ཅིའི་སླད་དུ་ཞེ་ན། སྔར་ཐོས་ལགས་པའི་ཕྱིར་རོ། །དེ་བས་ན་ཅིའི་སླད་དུ་མ་ཐོས་པ་ཐོས་པར་འགྱུར་རོ་ཞེས་གསུངས། དཔེར་ན། འགྲོ་བ་ནི་ཕྱིན་ལགས་ན་མི་འགྲོའོ། །འགྲོ་ན་ཕྱིན་པ་
Ka507b
མ་ལགས་སོ། །གཞན་ཡང ། དཔེར་ན། སྐྱེས་ནས་མི་སྐྱེ་སྟེ། མི་སྐྱེ་བ་ནི་སྐྱེ་བར་མི་འགྱུར། ཐོབ་ནས་མི་ཐོབ་སྟེ། མི་ཐོབ་པ་ནི་ཐོབ་པར་མི་འགྱུར་རོ། ཐོས་ནས་མི་ཐོས་ཏེ། མི་ཐོས་པ་ནི་ཐོས་པར་མི་འགྱུར་བའང་དེ་བཞིན་ནོ། །བཅོམ་ལྡན་འདས། གལ་ཏེ་མི་ཐོས་པ་ཐོས་པར་གྱུར་ན། སེམས་ཅན་ཐམས་ཅད་བྱང་ཆུབ་མ་མཆིས་པའང་མཆིས་པར་འགྱུར་བའི་རིགས། མྱ་ངན་ལས་འདས་པ་མ་ཐོབ་པའང་ཐོབ་པའི་རིགས། སངས་རྒྱས་ཀྱི་རང་བཞིན་མ་མཐོང་བའང་སངས་རྒྱས་ཀྱི་རང་བཞིན་མཐོང་བའི་རིགས་ན། ཅིའི་སླད་དུའང་འདི་སྐད་ཅེས་བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་ནི་སངས་རྒྱས་ཀྱི་རང་བཞིན་མཐོང་མོད་ཀྱི། མངོན་དུ་གསལ་བར་མ་གྱུར་ཏོ་ཞེས་གསུངས། བཅོམ་ལྡན་འདས། གལ་ཏེ་མ་ཐོས་པ་ཐོས་པར་འགྱུར་ན། དེ་བཞིན་གཤེགས་པས་སྔོན་སུ་ལས་གསན།་གལ་ཏེ་གསན་པ་ཞིག་ལགས་ན། ཅིའི་སླད་དུ་དེ་བཞིན་གཤེགས་པས་ལུང་ལས་སྟོན་པ་མེད་དོ་ཞེས་གསུངས། གལ་ཏེ་མ་ཐོས་པ་ཐོས་པས་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བ་ལགས་ན། སེམས་ཅན་ཐམས་ཅད་ཀྱང་མ་ཐོས་པ་ཐོས་པས་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་རིགས་སོ། །དེ་བཞིན་གཤེགས་པས་གལ་ཏེ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་མ་ཐོས་པར་སངས་རྒྱས་ཀྱི་རང་བཞིན་མཐོང་བར་གྱུར་ན། སེམས་ཅན་ཐམས་ཅད་ཀྱང་མདོ་སྡེ་འདི་མ་ཐོས་པ་ལགས་ཏེ།
Ka508a
༄#། །སངས་རྒྱས་ཀྱི་རང་བཞིན་མཐོང་བའི་རིགས་སོ། །བཅོམ་ལྡན་འདས། གཟུགས་ཁ་ཅིག་ནི་མཐོང ། ཁ་ཅིག་ནི་མི་མཐོང ། སྒྲའང་དེ་བཞིན་ཏེ། ཁ་ཅིག་ནི་ཐོས། ཁ་ཅིག་ནི་མི་ཐོས་ཏེ། མྱ་ངན་ལས་འདས་པ་ཆེན་པོ་ནི་གཟུགས་མ་ལགས། སྒྲ་མ་ལགས་ན། ཅིའི་སླད་དུ་མཐོང་ངོ ། །ཐོས་སོ་ཞེས་གསུངས། བཅོམ་ལྡན་འདས། འདས་པ་ནི་འགགས་ལགས་པས་མི་ཐོས། མ་འོངས་པ་ནི་མ་ཕྱིན་པས་མི་ཐོས། ད་ལྟར་མཉན་པའི་ཚེ་ནི་ཐོས་པ་ཞེས་མི་བགྱི་སྟེ། ཐོས་ནས་སྒྲ་འགགས་པས་ན་ཐོས་པར་མི་འགྱུར་ཏེ། མྱ་ངན་ལས་འདས་པ་ཆེན་པོ་འདིའང་འདས་པ་དང ། མ་འོངས་པ་དང ། ད་ལྟར་མ་ལགས་ལ། གལ་ཏེ་དུས་གསུམ་མ་ལགས་ན་བརྗོད་དུ་མཆིས། གལ་ཏེ་བརྗོད་དུ་མ་མཆིས་ན་ཐོས་པར་ཡང་མི་འགྱུར་ན། ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་ལ་ནན་ཏན་བགྱིས་ན་མ་ཐོས་པ་ཐོས་པར་འགྱུར་རོ་ཞེས་གསུངས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་སྣང་བ་མཐོ་བཙུན་དཔལ་གྱི་རྒྱལ་པོ་ལ་\?\་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང ། སྨིག་རྒྱུ་ལྟ་བུ་དང ། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང ། ཆུ་ལ་རི་མོ་བྲིས་པ་དང ། གཞན་ཡང་ཆུའི་ཆུ་བུར་དང ། དབུ་བ་དང ། ཆུ་ཤིང་ལྟ་བུར་
Ka508b
གསོབ་གསོག་སྙིང་པོ་མེད་པ་དང ། འཚོ་བ་མ་ཡིན། བདག་མ་ཡིན། སྡུག་བསྔལ་དང་བདེ་བ་མེད་པར་རྟོགས་པ་ནི། ཇི་ལྟར་བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་དག་གིས་ཤེས་པ་དང་མཐོང་བ་ལྟར་ཤིན་ཏུ་རྟོགས་པ་ལེགས་སོ། །དེ་ནས་འཁོར་གྱི་དཀྱིལ་འཁོར་དེ་ཉིད་དུ་སྐད་ཅིག་ཡུད་ཙམ་གྱིས་འོད་སྣང་བ་ཆེན་པོ་སྔོན་པོ་མ་ཡིན་པར་སྔོན་པོར་མཐོང་བ། སེར་པོ་མ་ཡིན་པར་སེར་པོར་མཐོང་བ། དམར་པོ་མ་ཡིན་པར་དམར་པོར་མཐོང་བ། དཀར་པོ་མ་ཡིན་པར་དཀར་པོར་མཐོང་བ། ཁ་དོག་མ་ཡིན་པར་ཁ་དོག་ཏུ་མཐོང་བ། སྣང་བ་མ་ཡིན་པར་སྣང་བར་མཐོང་བ། མཐོང་བ་མ་ཡིན་པར་མཐོང་བར་གྱུར་པ་ལ་མཐོང་བ་ཞེས་བྱའོ། །དེའི་ཚེ་འཁོར་མང་པོ་དག་ལ་འོད་དེས་རེག་ནས་ལུས་དང་སེམས་རབ་ཏུ་བདེ་བ་ནི། ཇི་ལྟར་དགེ་སྦྱོང་དག་སེང་གེའི་རྒྱལ་པོའི་ཏིང་ངེ་འཛིན་ལ་ཞུགས་པ་བཞིན་དུ་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གྱིས་བཅོམ་ལྡན་འདས་ལ་འོད་ཟེར་འདི་དག་ག་ལས་བྱུང་ཞེས་གསོལ་ཏོ། །དེའི་ཚེ་དེ་བཞིན་གཤེགས་པ་ཅང་མི་གསུངས་སྟེ། མ་བཤད་དོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་འཇམ་དཔལ་ལ་ཅིའི་རྒྱུ་ཅིའི་རྐྱེན་གྱིས་འོད་འདི་འཁོར་མང་པོ་ལ་སྣང་བར་གྱུར་ཅེས་དྲིས་པ་དང ། འཇམ་དཔལ་ཡང་ཅང་མི་སྨྲ་སྟེ། ལན་མ་བཏབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་ལུས་དཔག་ཏུ་མེད་པས་ཡང་བྱང་ཆུབ་སེམས་
Ka509a
༄#། །དཔའ་འོད་སྲུང་ལ་འདི་སུའི་འོད་ཅེས་དྲིས་སོ། །བྱང་ཆུབ་སེམས་དཔའ་འོད་སྲུང་ཡང་ཅང་མི་སྨྲ་སྟེ། ལན་མ་བཏབ་བོ། །བྱང་ཆུབ་སེམས་དཔའ་རྣམ་དག་གནས་པའི་རྒྱལ་བུས་བྱང་ཆུབ་སེམས་དཔའ་ལུས་དཔག་ཏུ་མེད་པ་ལ་ཅིའི་རྒྱུ་ཅིའི་རྐྱེན་གྱིས་འཁོར་མང་པོའི་ནང་ན་འོད་འདི་ཡོད་པར་འགྱུར་ཞེས་དྲིས་པ་དང ། བྱང་ཆུབ་སེམས་དཔའ་ལུས་དཔག་ཏུ་མེད་པའང་ཅང་མི་སྨྲ་སྟེ། ལན་མ་བཏབ་བོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་རྣམས་གཅིག་ལ་གཅིག་དེ་ལྟར་དྲིས་མོད་ཀྱི། གང་གིས་ཀྱང་ལན་བཏབ་པ་མེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་བཀའ་སྩལ་པ། འཇམ་དཔལ། ཅིའི་རྒྱུ་ཅིའི་རྐྱེན་གྱིས་འཁོར་མང་པོ་འདི་དག་གི་ནང་ན་འོད་འདི་སྣང་བར་གྱུར་ཅེས་བཀའ་སྩལ་པ་དང ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། འོད་འདི་ནི་ཡེ་ཤེས་ལགས་ཏེ། ཡེ་ཤེས་ཞེས་བགྱི་བ་ནི་རྟག་ཏུ་གནས་པའི་ཆོས་ཅན་ནོ། །རྟག་ཏུ་གནས་པའི་ཆོས་ཅན་ལ་ནི་རྒྱུ་དང་རྐྱེན་མ་མཆིས་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཅིའི་རྒྱུ་ཅིའི་རྐྱེན་གྱིས་འོད་འདི་བྱུང་བར་གྱུར་ཞེས་བཀའ་སྩལ། འོད་འདི་ནི་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བགྱི་སྟེ། མྱ་ངན་ལས་འདས་པ་ཆེན་པོ་ཞེས་བགྱི་བ་ནི་རྟག་ཏུ་གནས་པའི་ཆོས་ཅན་ལགས་ཏེ། རྟག་ཏུ་གནས་པའི་ཆོས་ཅན་ནི་རྒྱུ་དང་རྐྱེན་
Ka509b
ལས་མ་བྱུང་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཅིའི་རྒྱུ་ཅིའི་རྐྱེན་གྱིས་འོད་འདི་ཡོད་པར་གྱུར་ཅེས་བཀའ་སྩལ། འོད་འདི་ནི་དེ་བཞིན་གཤེགས་པ་ཞེས་བགྱི་སྟེ། དེ་བཞིན་གཤེགས་པ་ཞེས་བགྱི་བ་ནི་རྟག་ཏུ་གནས་པའི་ཆོས་ཅན་ལགས་ཏེ། རྟག་ཏུ་གནས་པའི་ཆོས་ཅན་ནི་རྒྱུ་དང་རྐྱེན་ལས་མ་བྱུང་ན། ཅི་སྟེ་དེ་བཞིན་གཤེགས་པས་རྒྱུ་དང་རྐྱེན་ཞེས་བཀའ་སྩལ། འོད་འདི་ནི་བྱམས་པ་དང ། སྙིང་རྗེ་ཆེན་པོ་ཞེས་བགྱི་སྟེ། བྱམས་པ་དང་སྙིང་རྗེ་ཆེན་པོ་ཞེས་བགྱི་བ་ནི་རྟག་ཏུ་གནས་པའི་ཆོས་ཅན་ལགས་ཏེ། རྟག་ཏུ་གནས་པའི་ཆོས་ཅན་ནི་རྒྱུ་དང་རྐྱེན་ལས་མ་བྱུང་ན། ཅིའི་སླད་དུ་དེ་བཞིན་གཤེགས་པས་འོད་ཀྱི་རྒྱུ་དང་རྐྱེན་ཞེས་བཀའ་སྩལ། འོད་འདི་ནི་སངས་རྒྱས་རྗེས་སུ་དྲན་པ་ཞེས་བགྱི་སྟེ། སངས་རྒྱས་རྗེས་སུ་དྲན་པ་ཞེས་བགྱི་བ་ནི། རྟག་ཏུ་གནས་པའི་ཆོས་ཅན་ལགས་ཏེ། རྟག་ཏུ་གནས་པའི་ཆོས་ཅན་ནི་རྒྱུ་དང་རྐྱེན་ལས་མ་བྱུང་ན། ཅིའི་སླད་དུ་དེ་བཞིན་གཤེགས་པས་རྒྱུ་དང་རྐྱེན་ཞེས་བཀའ་སྩལ། འོད་འདི་ནི་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་པའི་ལམ་ཞེས་བགྱི་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ལགས་པའི་ལམ་ནི་རྟག་ཏུ་གནས་པའི་ཆོས་ཅན་ལགས་ཏེ། རྟག་ཏུ་གནས་པའི་ཆོས་ཅན་ནི་རྒྱུ་དང་རྐྱེན་ལས་མ་བྱུང་ན། ཅིའི་སླད་དུ་དེ་བཞིན་གཤེགས་པས་རྒྱུ་དང་རྐྱེན་ཞེས་བཀའ་སྩལ།
Ka510a
༄#། །བཅོམ་ལྡན་འདས། རྒྱུ་དང་རྐྱེན་ཞེས་བགྱི་བའང་མ་མཆིས་སོ། །མ་རིག་པ་འགགས་པའི་རྒྱུ་རྐྱེན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྒྲོན་མ་རབ་ཏུ་འབར་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཆོས་ཐམས་ཅད་ཀྱི་ཤིན་ཏུ་ཟབ་མོའི་དོན་དམ་པ་ལ་མ་འཇུག་པར་ཀུན་རྫོབ་ཏུ་བརྗོད་ཅིང་སྨྲོས་ཤིག་།འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། འདི་ནས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་ཉི་ཤུའི་བྱེ་མ་སྙེད་འདས་པའི་ཕ་རོལ་ན་སངས་རྒྱས་ཀྱི་ཞིང་མི་གཡོ་བ་ཞེས་བགྱི་བ་མཆིས་ཏེ། སངས་རྒྱས་དེ་བཞུགས་པའི་གནས་ནི་ཆུ་ཞེང་གབ་པར་དཔག་ཚད་ཁྲི་ཉིས་སྟོང་སྟེ། དེའི་ས་གཞི་ནི་རིན་པོ་ཆེ་སྣ་བདུན་ཤ་སྟག་སྟེ། ས་དང ། གསེག་མ་མེད་དོ། །ཤིན་ཏུ་མཉམ་ཞིང་འཇམ་སྟེ། སལ་སུལ་དང ། ཤང་ཤོང་མེད་དོ། །ཤིང་རྣམས་ནི་གསེར་དང ། དངུལ་དང ། བཻ་ཌཱུརྱ་དང ། ཤེལ་དང ། རིན་པོ་ཆེ་སྣ་བཞི་ལས་བྱས་ཏེ། དུས་ཐམས་ཅད་དུ་མེ་ཏོག་དང་འབྲས་བུ་རབ་ཏུ་རྒྱས་སོ། །གལ་ཏེ་སེམས་ཅན་གང་མེ་ཏོག་གི་བསུང་གིས་ཕོག་ན་ལུས་དང་སེམས་རབ་ཏུ་བདེ་བ་ནི། ཇི་ལྟར་དགེ་སློང་བསམ་གཏན་གསུམ་པ་ལ་ཞུགས་པ་བཞིན་ནོ། །དེའི་ཁོ་ར་ཁོར་ཡུག་ཏུ་ཀླུང་ཆེན་པོ་སུམ་སྟོང་ཡོད་དེ། དེའི་
Ka510b
ཆུ་ཤིན་ཏུ་བཟང་ལ་ཡོན་ཏན་བརྒྱད་དང་ལྡན་ནོ། །གལ་ཏེ་སེམས་ཅན་གང་དེའི་ནང་དུ་ཁྲུས་བྱས་ན་དགའ་བ་དང་བདེ་བ་ཐོབ་པ་ནི། ཇི་ལྟར་དགེ་སློང་དག་བསམ་གཏན་གཉིས་པ་ལ་ཞུགས་པ་དང་འདྲའོ། །ཀླུང་དེ་ལ་མེ་ཏོག་ཨུཏྤ་ལ་དང ། པདྨ་དང ། ཀུ་མུ་ཏ་དང ། པུཎྜ་རི་ཀ་དང ། མེ་ཏོག་བསུང་ལྡན་དང ། བསུང་ཆེན་དང ། མེ་ཏོག་བསུང་དམ་པ་དང ། རྟག་པ་དང ། སེམས་ཅན་ཐམས་ཅད་ཀྱིས་དབང་མི་བགྱིད་པ་ཞེས་བགྱི་བའི་མེ་ཏོག་རྣམ་པ་མང་པོ་རྣམ་པ་སྣ་ཚོགས་མཆིས་སོ། །ཀླུང་དེའི་འགྲམ་ནའང་མེ་ཏོག་རྣམ་པ་མང་པོ་མཆིས་པ་ནི། འདི་ལྟ་སྟེ། མེ་ཏོག་ཨ་ཏི་མུག་ཏ་ཀ་དང ། མེ་ཏོག་ཙམྤ་ཀ་དང ། མེ་ཏོག་པ་ཏ་ལ་དང ། མེ་ཏོག་བ་ཤི་ལ་དང ། མེ་ཏོག་མ་རི་ཀ་དང ། མེ་ཏོག་མ་རི་ཀ་ཆེན་པོ་དང ། མེ་ཏོག་སི་མ་རི་ཀ་དང ། མེ་ཏོག་སུ་མ་ན་དང ། མེ་ཏོག་ཡུ་དེ་ཀ་དང ། མེ་ཏོག་དན་དུ་ཀ་རི་དང ། མེ་ཏོག་རྟག་པ་དང ། སེམས་ཅན་ཐམས་ཅད་དབང་མི་བགྱིད་པ་ཞེ་བགྱི་བའི་མེ་ཏོག་ལ་སོགས་པའོ། །ཀླུང་དེའི་གཏིང་ནི་གསེར་གྱི་བྱེ་མས་བདལ་ཏེ། གསེར་དང ། དངུལ་དང ། བཻ་ཌཱུརྱ་དང ། ཤེལ་ཁ་དོག་རྣམ་པ་སྣ་ཚོགས་ཀྱི་ཐང་མ་སྐས་བཞི་མཆིས་ཏེ། བྱ་མང་པོ་རྣམ་པ་སྣ་ཚོགས་དེའི་སྟེང་ན་འདུ་ཞིང ། གཞན་ཡང་སྟག་དང ། སྤྱང་ཀི་དང ། སེང་གེ་ལ་སོགས་པ་བྱ་དང་གཅན་གཟན་མ་རུངས་པ་ཚད་མེད་པ་སྙེད་མཆིས་ཏེ། གཅིག་ལ་གཅིག་བུ་
Ka511a
༄#། །བཞིན་དུ་བལྟའོ། །སངས་རྒྱས་ཀྱི་ཞིང་དེ་ན་རྩ་བ་བཞི་ཉམས་པ་དང ། དམ་པའི་ཆོས་ལ་སྐུར་བ་དང ། ལོག་སྲེད་ཅན་དང ། མཚམས་མེད་པ་ལྔ་ལ་སོགས་པའི་ཁ་ན་མ་ཐོ་བ་བགྱིད་པ་མ་མཆིས་སོ། །ཞིང་དེ་ན་གྲང་དྲོ་རན་ཏེ། བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་གྱིས་གདུངས་པའང་མ་མཆིས་སོ། །འདོད་ཆགས་དང ། ཞེ་སྡང་དང ། བག་མེད་པ་དང ། ཕྲག་དོག་ཀྱང་མ་མཆིས་སོ། །ཉི་ཟླ་དང ། ཉིན་མཚན་དང ། དུས་མ་མཆིས་ཏེ། ཇི་ལྟར་སུམ་ཅུ་རྩ་གསུམ་གནམ་དང་མཚུངས་ཏེ། དེའི་མི་རྣམས་ཀྱང་འོད་དང་ལྡན་ནོ། །སོ་སོ་ན་རྒྱགས་པ་དང་དྲེགས་པའི་སེམས་མ་མཆིས་ཏེ། ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་སྐྱེས་བུ་ཆེན་པོ་མངོན་པར་ཤེས་པ་ཐོབ་པ། ཡོན་ཏན་ཆེན་པོ་ ་ ལྡན་པ། དམ་པའི་ཆོས་ལ་རིམ་གྲོ་དང་བསྟི་སྟང་གི་སེམས་འཇོག་པ། ཐེག་པ་ཆེན་པོས་བཏེག་པ། ཐེག་པ་ཆེན་པོ་ལ་དད་པ། ཐེག་པ་ཆེན་པོ་ལ་མོས་པ། ཐེག་པ་ཆེན་པོ་ལ་བསྲུང་བ། ཤེས་རབ་ཆེན་པོ་དང་ལྡན་པ། གཟུངས་ཆེན་པོ་ཐོབ་པ། སེམས་ཅན་ཐམས་ཅད་ལ་རྟག་ཏུ་སྙིང་བརྩེ་བ་ཤ་སྟག་གོ་།བཅོམ་ལྡན་འདས། དེའི་མཚན་ནི་ཟླ་བ་རྒྱས་པའི་འོད་ཅེས་བགྱི་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ། བླ་ན་
Ka511b
མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཏེ། གང་ནས་གང་དུ་ཆོས་སྟོན་ཀྱང་ཞིང་དེའི་སེམས་ཅན་དག་གིས་མི་ཐོས་པ་གཅིག་ཀྱང་མ་མཆིས་སོ། །སངས་རྒྱས་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཻ་ཌཱུརྱའི་འོད་ཅེས་བགྱི་བ་ལ་འདི་ལྟར་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་སྟོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་ནན་ཏན་བྱས་ན། སྔོན་མ་ཐོས་པ་ཀུན་ཐོས་པར་འགྱུར་རོ་ཞེས་སྟོན་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཻ་ཌཱུརྱའི་འོད་ཅེས་བགྱི་བ་དེ་སངས་རྒྱས་ཟླ་བ་རྒྱས་པའི་འོད་དེ་ལ་ཞུ་བའང་ཇི་ལྟར་ན། འདི་ཉིད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྣང་བ་མཐོ་བཙུན་དཔལ་གྱི་རྒྱལ་པོས་ཞུས་པ་དང་འདྲ་སྟེ་ཐ་དད་པ་མ་མཆིས་སོ། །སངས་རྒྱས་ཟླ་བ་རྒྱས་པའི་འོད་དེས་བྱང་ཆུབ་སེམས་དཔའ་བཻ་ཌཱུརྱའི་འོད་ལ་བཀའ་སྩལ་པ། རིགས་ཀྱི་བུ། འདི་ནས་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་ཉི་ཤུའི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དོ། །འཇིག་རྟེན་གྱི་ཁམས་དེ་ན་རི་དང ། བྲག་དང ། ཅོང་རོང་དང ། ཁྲད་ཁྲོད་དང ། གསེག་མ་དང ། ཚེར་མ་མ་རུངས་པས་ཀུན་ཏུ་ཡོངས་སུ་གང་སྟེ། རྟག་ཏུ་
Ka512a
༄#། །བཀྲེས་པ་དང ། སྐོམ་པ་དང ། གྲང་བ་དང ། ཚ་བའི་སྡུག་བསྔལ་གྱིས་རྣམ་པར་གཟིར་ཏོ། ཞིང་དེའི་མི་དག་དགེ་སྦྱོང་དང ། བྲམ་ཟེ་དང ། ཕ་མ་དང ། སློབ་དཔོན་དང ། བླ་མ་ལ་བཀུར་སྟི་མི་བྱེད་དེ། ཆོས་མ་ཡིན་པ་ལ་ཞེན་པ་དང ། ཆོས་མ་ཡིན་པ་ལ་འདོད་ཅིང་ཆགས་པ་དང ། ལོག་པའི་ཆོས་སྤྱོད་པ་དང ། དམ་པའི་ཆོས་ལ་ཡིད་མི་ཆེས་པ་དང ། ཚེའི་ཚད་རབ་ཏུ་ཐུང་བ་དང ། ཉེས་པ་བྱེད་པ་དག་ཡོད་ན་རྒྱལ་པོས་ཆད་པས་གཅོད་པ་དང ། རྒྱལ་པོ་དག་ཡུལ་དང་སྲིད་ཡོད་བཞིན་དུ་ཆོག་ཅིང་ངོམས་མི་ཤེས་ཏེ། གཞན་གྱི་བདོག་པ་ལ་འདོད་པའི་སེམས་བསྐྱེད་ནས། དམག་གིས་བཏབ་པས་གློ་བུར་དུ་ཤི་བ་མང་ངོ ། །རྒྱལ་པོས་དེ་ལྟར་ཆོས་མ་ཡིན་པ་སྤྱོད་པས་རྒྱལ་ཆེན་བཞིའི་ལྷ་དགེ་བ་དག་མི་དགའ་བས་ཐན་ཆེན་བྱུང་བ་དང ། ནས་འབྲས་མི་སྐྱེ་བ་དང ། མི་ནད་མང་བ་དང ། སྡུག་བསྔལ་ཚད་མེད་པ་མང་པོས་གདུངས་པ་དེ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པ་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ། བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ལྷག་པར་ཆེ་བས། སེམས་ཅན་ལ་ཐུགས་བརྩེ་བའི་ཕྱིར་གྲོང་ཁྱེར་རྩཝ་མཆོག་
Ka512b
ཏུ་སཱ་ལའི་ཤིང་དྲུང་ན་འཁོར་མང་པོ་རྣམས་ལ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་སྣང་བ་མཐོ་བཙུན་དཔལ་གྱི་རྒྱལ་པོ་ཞེས་བྱ་བའང་འདི་ཉིད་ལ་བརྩམས་ནས་ཞུས་ཏེ། ཁྱོད་དང་ཐ་དད་པ་མེད་དོ། །བཅོམ་ལྡན་འདས་དེས་ཀྱང་འདི་བཞིན་དུ་བཀའ་སྩལ་གྱི། ཁྱེད་མྱུར་དུ་སོང་ཞིག་དང ། ཐོས་པར་འགྱུར་ཞེས་གསུང་ངོ ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་བཻ་ཌཱུརྱའི་འོད་ཀྱིས་དངོས་པོ་དེ་ལྟ་བུ་དག་ཐོས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་ཁྲི་བཞི་སྟོད་དང་བཅས་ཏེ། འདིར་མཆི་བས་སྔ་ལྟས་འདི་བྱུང་སྟེ། དེའི་རྒྱུ་དེའི་རྐྱེན་གྱིས་འོད་འདི་མཆིས་པར་གྱུར་ཏོ། །དེ་ནི་རྒྱུ་དང་རྐྱེན་ཞེས་ཀྱང་བགྱི་སྟེ། རྒྱུ་དང་རྐྱེན་ཀྱང་མ་ལགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་བཻ་ཌཱུརྱའི་འོད་ཀྱིས་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་དང་བཅས་ཏེ། བ་དན་དང ། གདུགས་དང ། མེ་ཏོག་དང ། སྤོས་དང ། ཕྲེང་བ་དང ། རོལ་མོ་རྣམས་སྔ་མ་བས་ཕུལ་དུ་བྱུང་བ་མང་པོ་རྣམ་པ་སྣ་ཚོགས་བཤམས་ཏེ། ཐམས་ཅད་གྲོང་ཁྱེར་རྩཝ་མཆོག་ཏུ་སཱ་ལའི་ཤིང་དྲུང་འདིར་ལྷགས་ནས་སོ་སོ་ནས་སོ་སོ་ནས་མཆོད་པའི་ཡོ་བྱད་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ནས་ཐལ་མོ་སྦྱར་ཏེ་བསྟི་སྟང་དང་བཅས་པས་ལན་གསུམ་བསྐོར་ནས་མཆོད་པ་བྱས་ཏེ། ཕྱོགས་གཅིག་
Ka513a
༄#། །ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་འདིར་ཕྱིན་པ་ཡིན་ན། མ་ཕྱིན་པ་ཡིན། བྱང་ཆུབ་སེམས་དཔའ་བཻ་ཌཱུརྱའི་འོད་ཀྱིས་གསོལ་པ། བཅོམ་ལྡན་འདས། ཕྱིན་པའང་འོང་བ་མ་མཆིས་ལ། མ་ཕྱིན་པའང་འོངས་པ་མ་མཆིས་ཏེ། བདག་གིས་དོན་དེ་རྟོགས་པས་ཅིའང་འོངས་པ་མ་མཆིས་སོ། །བཅོམ་ལྡན་འདས། འདུ་བྱེད་ཐམས་ཅད་གལ་ཏེ་རྟག་ནའང་འོང་བ་མ་མཆིས་ལ། མི་རྟག་པ་ལགས་ནའང་འོང་བ་མ་མཆིས་ཏེ། སོ་སོའི་སྐྱེ་བོ་དག་གང་སེམས་ཅན་གྱི་རང་བཞིན་མཆིས་པར་ལྟ་བ་ནི་འོང་བ་དང ། མི་འོང་བ་མ་མཆིས་སོ། །བདག་གིས་ནི་སེམས་ཅན་གྱི་རང་བཞིན་དུ་ངེས་པ་མ་མཐོང་ན། ཅིའི་སླད་དུ་འོངས་སམ། མ་འོངས་ཞེས་བཀའ་སྩལ། གང་ང་རྒྱལ་ཅན་དག་ནི་སོང་བ་དང ། འོང་བ་མ་མཆིས་པར་མཐོང་གི་།ང་རྒྱལ་མ་མཆིས་པ་ལ་ནི་སོང་བ་དང ། འོང་བ་མ་མཆིས་སོ། །གང་ལེན་པ་དང་བཅས་པ་ནི་སོང་བ་དང ། འོང་བ་མ་མཆིས་པར་མཐོང་གི་།ལེན་པ་མ་མཆིས་པ་ལ་ནི་སོང་བ་དང ། འོང་བ་མ་མཆིས་སོ། གང་དེ་བཞིན་གཤེགས་པ་མཐའ་ཡུན་དུ་མྱ་ངན་ལས་འདའ་བར་མཐོང་བ་ནི་སོང་བ་དང ། འོང་བ་མཆིས་པར་མཐོང་གི་།དེ་བཞིན་གཤེགས་པ་མཐའ་ཡུན་དུ་མྱ་ངན་ལས་
Ka513b
འདས་པར་མི་ལྟ་བ་ལ་ནི་སོང་བ་དང ། འོང་བ་མ་མཆིས་པར་བལྟའོ། །གང་སངས་རྒྱས་ཀྱི་རང་བཞིན་མ་མཐོང་བ་ལ་ནི་འོང་བ་དང ། སོང་བ་མཆིས་པ་མཐོང་གི་།སངས་རྒྱས་ཀྱི་རང་བཞིན་མཐོང་བ་ལ་ནི་འོང་བ་དང ། སོང་བ་མ་མཆིས་སོ། །གང་ཉན་ཐོས་དང་རང་སངས་རྒྱས་མྱ་ངན་ལས་འདས་པ་མཆིས་པར་མཐོང་བ་ནི་སོང་བ་དང ། འོང་བ་མཆིས་ཀྱི། ཉན་ཐོས་དང་རང་སངས་རྒྱས་མྱ་ངན་ལས་འདའ་བར་མི་མཐོང་བ་ལ་ནི་སོང་བ་དང ། འོང་བ་མ་མཆིས་སོ། །གང་ཉན་ཐོས་དང་རང་སངས་རྒྱས་ལ་རྟག་པ་དང ། བདེ་བ་དང ། བདག་དང།་ཡོངས་སུ་དག་པ་མཆིས་པར་ལྟ་བ་ལ་ནི་སོང་བ་དང ། འོང་བ་མཆིས་ཀྱི། དེ་ལྟར་མི་ལྟ་བ་ལ་ནི་སོང་བ་དང ། འོང་བ་མ་མཆིས་སོ། །གང་དེ་བཞིན་གཤེགས་པ་ལ་རྟག་པ་དང།་བདེ་བ་དང ། བདག་དང ། ཡོངས་སུ་དག་པ་མ་མཆིས་པར་ལྟ་བ་ལ་ནི་སོང་བ་དང ། འོང་བ་མཆིས་ཀྱི། གང་དེ་བཞིན་གཤེགས་པ་ལ་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་མཆིས་པར་ལྟ་བ་ལ་ནི་སོང་བ་དང ། འོང་བ་མ་མཆིས་སོ། །བཅོམ་ལྡན་འདས། འདིའང་རེ་ཞིག་བཞག་སྟེ། ཕྱོགས་གཅིག་ཙམ་ཞུ་ན་ཐུགས་བརྩེ་བའི་སླད་དུ་གོ་སྐབས་དབྱེ་བར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ད་དུས་ལ་བབ་ཀྱི། ཅི་དང་ཅི་འདོད་པ་དྲིས་ཤིག་དང ། དེ་དང་དེའི་ལུང་ངས་རྣམ་པར་ཕྱེ་
Ka514a
༄#། །སྟེ་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤིན་ཏུ་ཕྲད་དཀའ་སྟེ། ཇི་ལྟར་མེ་ཏོག་ཨུ་དུམ་ཝཱ་ར་བཞིན་ནོ། ། ཆོས་ཀྱང་དེ་ལྟར་ཐོས་དཀའོ། །མདོ་སྡེ་བཅུ་གཉིས་ཀྱི་ནང་ན་ཤིན་ཏུ་རྒྱས་པར་ཐོས་པའང་ཤིན་ཏུ་དཀའ་བས་ན་སེམས་རྩེ་གཅིག་ཏུ་མཉན་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཻ་ཌཱུརྱའི་འོད་ཀྱིས་སྐབས་དབྱེ་བ་གནང་བ་དང ། བཀས་སྟོན་པར་འགྱུར་བར་ཤེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་སྒོམ་ན་མ་ཐོས་པ་ཐོས་པར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་ལེགས་སོ། ། ལེགས་སོ་ཞེས་བྱ་བ་བྱིན་ནོ། །རིགས་ཀྱི་བུ་ཁྱོད་དེང་འདི་ལྟར་ཐེག་པ་ཆེན་པོ་མྱ་ངན་ལས་འདས་པའི་རྒྱ་མཚོ་མ་ལུས་པར་བྱའོ་སྙམ་བསམས་པ་དང ། ངས་ཤིན་ཏུ་བསྟན་ཅིང ། སྟོན་མཁས་པ་དང་ཡང་ཕྲད་ཀྱི། དེང་ཁྱོད་ཀྱི་ཐེ་ཚོམ་གྱི་དྲ་བ་དང་ཟུག་རྔུ་ཅི་དང་ཅི་ཡོད་པ་དེ་དག་ཐམས་ཅད་སྨན་པ་ཆེན་པོར་གྱུར་པ་ངས་ལེགས་པར་དབྱུང་ངོ ། །ཁྱོད་ནི་སངས་རྒྱས་ཀྱི་རང་བཞིན་ལ་གསལ་བར་མ་གྱུར་ཏེ། ངའི་ཤེས་རབ་ཀྱི་སྒྲོན་མས་སྣང་བར་བྱའོ། །ཁྱོད་འཁོར་བའི་ཀླུང་ཆེན་པོ་ལ་བརྒྱལ་བར་འདོད་ན་ཁྱོད་ཀྱི་དེད་དཔོན་དུ་འགྱུར་བར་བྱའོ། །ང་ལ་ཁྱོད་ཕ་མའི་
Ka514b
འདུ་ཤེས་སྐྱེད་ཅིག་དང ། ངས་ཁྱོད་ལའང་བུ་དང་འདྲ་བར་དགོངས་སོ། །ཁྱོད་དམ་བའི་ཆོས་ཀྱི་རིན་པོ་ཆེ་འདོད་པ་དང ། ང་ལ་མང་དུ་ཡོད་པ་དང་ཕྲད་པས་ཁྱོད་ལ་སྦྱིན་གྱི། རབ་ཏུ་ཡིད་ལ་བྱས་ཏེ་བརྟགས་པར་ཉོན་ཅིག་།ངས་རྣམ་པར་ཕྱེ་སྟེ་བསྟན་པར་བྱའོ། །རིགས་ཀྱི་བུ། ཆོས་ཉན་པར་འདོད་ན་ད་ལྟར་དུས་ལ་བབ་བོ། །གལ་ཏེ་ཆོས་ཐོས་ན་དད་པ་སྐྱེ་སྟེ། སེམས་རྩེ་གཅིག་ཏུ་ཉོན་ལ་བསྟི་སྟང་དང ། རིམ་གྲོ་གྱིས་ཤིག་།དམ་པའི་ཆོས་ལ་སྐྱོན་མ་ཚོལ་ཅིག་།འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ལ་མ་སེམས་ཤིག་།ཆོས་སྨྲ་བའི་ཚིག་བཟང་ངན་ལ་མ་རྟོག་ཅིག་།ཆོས་ཐོས་ནས་ང་རྒྱལ་མ་སྐྱེད་ཅིག་།བཀུར་སྟི་དང ། རྙེད་པ་དང ། གྲགས་པའི་ཕྱིར་མ་བྱེད་པར་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་ཟིལ་མངར་གྱི་ཁེ་ཚོལ་ཅིག་།ཡང་འདི་སྙམ་དུ་བདག་ཆོས་ཐོས་ནས་སྔར་བདག་གི་ལུས་བསྒྲལ་ཏེ་གཟོད་གཞན་སྒྲོལ་ལོ་སྙམ་དུ་མ་སེམས་ཤིག་།སྔར་བདག་གི་ལུས་བཀྲོལ་ཏེ་བཟོད་གཞན་བཀྲོལ་ལ་སྙམ་མ་སེམས་ཤིག་།སྔར་བདག་གི་ལུས་བདེ་བར་རེག་སྟེ་གཟོད་གཞན་ལ་བདེ་བར་བྱའོ་སྙམ་མ་སེམས་ཤིག་།སྔར་བདག་མྱ་ངན་ལས་འདས་ནས་གཟོད་གཞན་མྱ་ངན་ལས་འདའོ་སྙམ་མ་སེམས་པར་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་མཚན་ཉིད་མཉམ་པར་འདུ་ཤེས་སྐྱེད་ཅིག་།འཁོར་བ་ལ་སྡུག་བསྔལ་ཆེན་པོའི་མཚན་ཉིད་དུ་འདུ་ཤེས་སྐྱེད་ཅིག་།མྱ་ངན་
Ka515a
༄#། །ལས་འདས་པ་ཆེན་པོ་ལ་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པར་འདུ་ཤེས་བསྐྱེད་དེ། སྔར་གཞན་གྱི་དོན་བྱས་ལ་གདོད་བདག་གི་དོན་བྱའོ། །ཐེག་པ་ཆེན་པོའི་ཕྱིར་གྱི། ཐེག་པ་གཉིས་ཀྱི་ཕྱིར་མ་ཡིན་ནོ། །ཆོས་ཐམས་ཅད་གནས་པ་མེད་པ་ལ་ཆོས་ཐམས་ཅད་ཀྱི་མཚན་ཉིད་དུ་མ་འཛིན་ཅིག་།ཆོས་ཐམས་ཅད་ལ་འདོད་པའི་མཚན་ཉིད་མ་བསྐྱེད་པར་རྟག་ཏུ་ཆོས་ཤེས་པ་དང་མཐོང་བའི་མཚན་ཉིད་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་དེ་ལྟར་སེམས་རྩེ་གཅིག་ཏུ་ཆོས་མཉན་ན་དེ་ནི་མ་ཐོས་པ་ཐོས་པར་འགྱུར་བ་ཞེས་བྱའོ། །རིགས་ཀྱི་བུ། མ་ཐོས་པ་ཐོས་པ་ཡོད་དོ། །མ་ཐོས་པ་མི་ཐོས་པ་ཡོད་དོ། །ཐོས་པ་མི་ཐོས་པའང་ཡོད་དོ། །ཐོས་པ་ཐོས་པའང་ཡོད་དོ། །རིགས་ཀྱི་བུ། ཇི་ལྟར་མི་སྐྱེ་བ་སྐྱེ་བ་དང ། མ་སྐྱེས་པ་མི་སྐྱེ་བ་དང ། སྐྱེ་བ་མི་སྐྱེ་བ་དང ། སྐྱེ་བ་སྐྱེས་པ་བཞིན་ནོ། །ཇི་ལྟར་མ་ཕྱིན་པ་ཕྱིན་པ་དང ། མ་ཕྱིན་པ་མི་ཕྱིན་པ་དང ། ཕྱིན་པ་ཕྱིན་པ་བཞིན་ནོ། །བཅོམ་ལྡན་འདས། ཇི་ལྟར་ན་མི་སྐྱེ་བ་སྐྱེ་བ་ཞེ་ན། རིགས་ཀྱི་བུ། ཀུན་རྫོབ་ལ་གནས་པ་ཐོག་མ་མངལ་ནས་བྱུང་བའི་ཚེ་ནི་མི་སྐྱེ་བ་སྐྱེ་བ་ཞེས་བྱའོ། །ཇི་ལྟར་མ་སྐྱེས་པ་མི་སྐྱེ་བ་ཞེ་ན། རིགས་ཀྱི་བུ། མྱ་ངན་ལས་འདས་པ་ཆེན་པོ་ནི་སྐྱེ་བའི་མཚན་ཉིད་མེད་དེ། མ་སྐྱེས་པ་མི་སྐྱེ་བ་ཞེས་བྱའོ། །ཇི་ལྟར་ན་སྐྱེ་བ་མི་སྐྱེ་བ་ཞེ་ན། རིགས་ཀྱི་
Ka515b
བུ།་ཀུན་རྫོབ་ལྟར་ཤི་བའི་ཚེ་ནི་སྐྱེ་བ་མི་སྐྱེ་བ་ཞེས་བྱའོ། །ཇི་ལྟར་ན་སྐྱེ་བ་སྐྱེས་པ་ཞེ་ན། རིགས་ཀྱི་བུ། སོ་སོའི་སྐྱེ་བོ་ཐམས་ཅད་ནི་སྐྱེ་བ་སྐྱེས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་སྐྱེས་པ་རྒྱུན་མི་འཆད་པའི་ཕྱིར། ཟག་པ་དང་བཅས་པ་ཐམས་ཅད་སྐད་ཅིག་སྐད་ཅིག་གིས་སྐྱེ་བའི་ཕྱིར་སྐྱེ་བ་སྐྱེས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ས་བཞི་པ་ནི་སྐྱེ་བ་མི་སྐྱེ་བ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་ལ་དབང་ཐོབ་པའི་ཕྱིར་སྐྱེ་བ་མི་སྐྱེ་བ་ཞེས་བྱའོ། །རིགས་ཀྱི་བུ། འདི་དག་ནི་ནང་གི་ཆོས་སོ། །ཇི་ལྟར་ཕྱི་རོལ་གྱི་ཆོས་མི་སྐྱེ་བ་སྐྱེ་བ་དང ། མ་སྐྱེས་པ་མི་སྐྱེ་བ་དང ། སྐྱེ་བ་མ་སྐྱེས་པ་དང ། སྐྱེ་བ་སྐྱེས་པ་ཞེ་ན། རིགས་ཀྱི་བུ། དཔེར་ན། ས་བོན་ནི་མྱུ་གུ་མ་སྐྱེས་པའི་ཚེ་ཆེན་པོ་བཞི་འདུས་ཤིང་ཚོགས་པ་དང ། ལས་སུ་བྱས་པས་གཟོད་སྐྱེ་བར་འགྱུར་ཏེ། དེ་ནི་མི་སྐྱེ་བ་སྐྱེ་བ་ཞེས་བྱའོ། །ཇི་ལྟར་མ་སྐྱེས་པ་མི་སྐྱེ་བ་ཞེ་ན། དཔེར་ན། ས་བོན་རུལ་པའམ། རྐྱེན་དང་མ་ཕྲད་པ་དེ་ལྟ་བུ་ལ་སོགས་པ་ནི་མ་སྐྱེས་པ་མི་སྐྱེ་བ་ཞེས་བྱའོ། །ཇི་ལྟར་སྐྱེ་བ་མ་སྐྱེས་པ་ཞེ་ན། དཔེར་ན། མྱུ་གུ་སྐྱེས་ནས་ཚད་དུ་ཕྱིན་པར་མ་སྐྱེས་པ་ནི་སྐྱེ་བ་མ་སྐྱེས་པ་ཞེས་བྱའོ། །ཇི་ལྟར་སྐྱེ་བ་སྐྱེས་པ་ཞེ་ན། མྱུ་གུ་ལས་ཚད་དུ་ཕྱིན་པ་སྐྱེས་པ་བཞིན་ཏེ། གང་སྐྱེ་བ་མ་སྐྱེས་པ་ལ་ནི་ཚད་དུ་ཕྱིན་པར་སྐྱེ་བ་མེད་དེ། དེ་ལྟར་ཟག་པ་དང་བཅས་པ་ཐམས་ཅད་ནི་ཕྱི་རོལ་གྱི་ཆོས་སྐྱེ་བ་སྐྱེས་པ་ཞེས་བྱའོ། །དེ་ནས་བྱང་
Ka516a
༄#། །ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཻ་ཌཱུརྱའི་འོད་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གལ་ཏེ་ཟག་པ་དང་བཅས་པའི་ཆོས་ལ་སྐྱེ་བ་མཆིས་ན་རྟག་པ་ལགས་སམ། མི་རྟག་པ་ལགས། སྐྱེ་བ་དེ་རྟག་པ་ལགས་ན། ཟག་པ་དང་བཅས་པའི་ཆོས་ལ་སྐྱེ་བ་མ་མཆིས་སོ། །གལ་ཏེ་སྐྱེ་བ་དེ་མི་རྟག་ན། ཟག་པ་དང་བཅས་པ་དེ་མི་རྟག་པར་འགྱུར་རོ། །བཅོམ་ལྡན་འདས། སྐྱེ་བ་ཉིད་ཀྱིས་སྐྱེ་བ་སྐྱེད་དོ་ཞེས་བགྱིར་ནི་སྐྱེ་བ་ལ་མཚན་ཉིད་མ་མཆིས་སོ། །གལ་ཏེ་གཞན་གྱིས་སྐྱེ་བར་ནུས་ན། ཅིའི་རྒྱུ་ཅིའི་རྐྱེན་གྱིས་ཟག་པ་མེད་པ་མི་སྐྱེ་སྟེ། བཅོམ་ལྡན་འདས། གལ་ཏེ་མ་སྐྱེས་པའི་ཚེ་སྐྱེ་བ་མ་མཆིས་ན། ཅི་སྟེ་གཟོད་སྐྱེ་བ་ཞེས་གདགས། མ་སྐྱེས་པའི་ཚེ་སྐྱེ་བ་མ་མཆིས་ན། ཅིའི་སླད་དུ་ནམ་མཁའ་ལ་སྐྱེ་བའོ་ཞེས་མ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །རིགས་ཀྱི་བུ། མི་སྐྱེ་བ་སྐྱེ་བའང་བརྗོད་དུ་མེད། སྐྱེ་བ་སྐྱེས་པའང་བརྗོད་དུ་མེད། སྐྱེ་བ་མ་སྐྱེས་པའང་བརྗོད་དུ་མེད། མ་སྐྱེས་པ་མི་སྐྱེ་བའང་བརྗོད་དུ་མེད། སྐྱེས་པའང་བརྗོད་དུ་མེད། མི་སྐྱེས་པའང་བརྗོད་དུ་མེད་དེ། འོན་ཀྱང་རྒྱུ་དང་རྐྱེན་གྱིས་བརྗོད་དུའང་རུང་ངོ ། །ཇི་ལྟར་ན་མི་སྐྱེ་བ་སྐྱེ་བ་བརྗོད་དུ་མེད་པ་ཞེ་ན། མ་སྐྱེས་པ་ལ་སྐྱེ་བ་ཞེས་ཇི་སྐད་དུ་བརྗོད། དེ་ཅིའི་ཕྱིར་ཞེ་ན། དེའང་
Ka516b
སྐྱེ་བའི་ཕྱིར་རོ། །ཇི་ལྟར་སྐྱེ་བ་སྐྱེས་པ་བརྗོད་དུ་མེད་པ་ཞེ་ན། སྐྱེ་བ་སྐྱེས་པའི་ཕྱིར་སྐྱེ་ལ། སྐྱེ་བ་སྐྱེས་པའི་ཕྱིར་མ་སྐྱེས་པས་ན་བརྗོད་དུ་མེད་པའོ། །ཇི་ལྟར་སྐྱེ་བ་མ་སྐྱེས་པ་བརྗོད་དུ་མེད་པ་ཞེ་ན། སྐྱེ་བ་ཉིད་ལ་སྐྱེས་པ་ཞེས་བྱ་བ་སྟེ། སྐྱེ་བ་ཉིད་སྐྱེ་བ་མ་ཡིན་པའི་ཕྱིར་བརྗོད་དུ་མེད་དོ། །ཇི་ལྟར་ན་མ་སྐྱེས་པ་མི་སྐྱེ་བའང་བརྗོད་དུ་མེད་པ་ཞེ་ན། མ་སྐྱེས་པ་དེ་ནི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། མྱ་ངན་ལས་འདས་པ་ནི་སྐྱེ་བ་མེད་པའི་ཕྱིར་བརྗོད་དུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ལམ་བསྒོམས་པས་ཐོབ་པའི་ཕྱིར་རོ། །སྐྱེས་པའང་བརྗོད་དུ་མེད་དེ། སྐྱེ་བ་དེ་ཉིད་སྐྱེ་བ་མེད་པའི་ཕྱིར་རོ། །ཇི་ལྟར་མ་སྐྱེས་པ་བརྗོད་དུ་མེད་པ་ཞེ་ན། ཐོབ་པ་ཡོད་པའི་ཕྱིར་རོ། །ཇི་ལྟར་རྒྱུ་དང་རྐྱེན་གྱིས་བརྗོད་དུའང་རུང་བ་ཞེ་ན། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཆོས་བཅུ་གཉིས་ནི་སྐྱེ་བས་རྒྱུར་འགྱུར་ཏེ། དོན་དེ་ལྟ་བས་ན་བརྗོད་དུའང་རུང་ངོ ། །རིགས་ཀྱི་བུ་ཁྱོད་སྟོང་པའི་ཏིང་ངེ་འཛིན་ཤིན་ཏུ་ཟབ་མོར་མ་འཇུག་ཅིག་།དེ་ཅིའི་ཕྱིར་ཞེ་ན། འཁོར་མང་པོ་དག་དབང་པོ་བརྟུལ་པའི་ཕྱིར་རོ། །རིགས་ཀྱི་བུ། འདུས་བྱས་ཀྱི་ཆོས་ནི། སྐྱེ་བའང་རྟག་པ་ཡིན་ནོ། །མི་རྟག་པ་ལ་གནས་པ་ཙམ་སྐྱེ་བའང་མི་རྟག་པ་ཡིན་ནོ། །གནས་པའང་རྟག་པ་མ་ཡིན་ཏེ། སྐྱེ་བ་སྐྱེས་པའི་ཕྱིར་གནས་པའང་མི་རྟག་པའོ། །ཐ་དད་པའང་རྟག་པ་མ་ཡིན་ཏེ། ཆོས་ལ་རྟག་པ་མེད་པས་ན་ཐ་དད་པའང་མི་
Ka517a
༄#། །རྟག་པའོ། །འཇིག་པའང་རྟག་པ་ཡིན་ཏེ། ཐོག་མ་ནས་མེད་ལ་ད་ལྟར་ཡོད་པའི་ཕྱིར་འཇིག་པའང་མི་རྟག་པའོ། །རིགས་ཀྱི་བུ། རང་བཞིན་གྱི་ཕྱིར་ནི་སྐྱེ་བ་དང ། གནས་པ་དང ། ཐ་དད་པ་དང ། འཇིག་པའང་རྟག་པ་ཡིན་ཏེ། སྐད་ཅིག་སྐད་ཅིག་མར་འགོག་པའི་ཕྱིར་རྟག་པ་ཞེས་བརྗོད་དུའང་མི་རུང་ངོ ། །མྱ་ངན་ལས་འདས་པ་ཆེན་པོ་ནི་ཆད་པ་དང་འགོག་པ་ཡིན་པས་མི་རྟག་པ་ཞེས་བྱའོ། །རིགས་ཀྱི་བུ། ཟག་པ་དང་བཅས་པའི་ཆོས་ནི་མ་སྐྱེས་པ་ན་སྐྱེ་བའི་རང་བཞིན་ཡོད་པའི་ཕྱིར་བསྐྱེད་པས་སྐྱེ་བར་འགྱུར་རོ། །ཟག་པ་མེད་པའི་ཆོས་ནི་ཐོག་མ་ནས་སྐྱེ་བའི་རང་བཞིན་མེད་པའི་ཕྱིར་བསྐྱེད་པས་སྐྱེ་བར་མི་ནུས་སོ། །ཇི་ལྟར་མེའི་རང་བཞིན་ཡོད་པས་རྐྱེན་དང་ཕྲད་ནས་འབར་བ་དང ། མིག་ལ་མཐོང་བའི་རང་བཞིན་ཡོད་པས། གཟུགས་དང ། སྣང་བ་དང ། རྣམ་པར་ཤེས་པའི་རྐྱེན་གྱིས་མཐོང་བ་ལྟར་སེམས་ཅན་གྱི་སྐྱེ་བའི་ཆོས་ཀྱང་དེ་དང་འདྲ་སྟེ། ཐོག་མ་ནས་རང་བཞིན་ཡོད་པས་ལས་ཀྱི་རྒྱུ་རྐྱེན་དང ། ཕ་མ་འདུས་པ་ལས་སྐྱེ་བ་ཡོད་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཻ་ཌཱུརྱའི་འོད་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་སྙེད་ཀྱིས་ཆོས་དེ་དག་ཐོས་ནས། སྟེང་གི་ནམ་མཁའ་ལ་ཤིང་ཏ་ལ་བདུན་སྲིད་དུ་འཕགས་ཏེ། བསྟི་སྟང་དུ་
Ka517b
ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བདག་ཅག་ལ་ཡང་ནས་ཡང་བསྟན་ཅིང ། མྱ་ངན་ལས་འདས་པ་ཆེན་པོ་འདིའི་རྐྱེན་གྱིས་སྔོན་ཆད་མ་ཐོས་པ་ཐོས་པ་དང ། རྟོགས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་ཡང་ཆོས་ཐམས་ཅད་ཀྱི་མི་སྐྱེ་བ་སྐྱེ་བ་ལ་སོགས་པ་ཤིན་ཏུ་རྟོགས་པར་གྱུར་ཏོ། །བཅོམ་ལྡན་འདས། བདག་ནི་ཐམས་ཅད་རྟོགས་ཏེ། ཐེ་ཚོམ་གྱི་དྲ་བ་ཆོད་ཀྱང ། འཁོར་གྱི་དཀྱིལ་འཁོར་འདིའི་ནང་ན་བྱང་ཆུབ་སེམས་དཔའ་འཇིགས་པ་མེད་པ་ཞེས་བགྱི་བ་ཞིག་གསོལ་ཞིང་ཞུ་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་གནང་ཞིང་སྐབས་དབྱེ་བར་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇིགས་པ་མེད་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ། ཅི་དང་ཅི་འདོད་པ་དྲིས་ཤིག་དང ། ངས་དེ་དང་དེའི་ལུང་བསྟན་ཅིང་བཤད་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་འཇིགས་པ་མེད་པ་འཁོར་བྱང་ཆུབ་སེམས་དཔའ་དྲུག་ཁྲི་བཞི་སྟོང་རྣམས་དང་གཅིག་ཅར་འདུག་པ་བསྟན་ལས་ལངས་ནས་གོས་ཚགས་བཅོས་ཏེ། པུས་མོ་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་།བཅོམ་ལྡན་འདས། ཞིང་འདིའི་སེམས་ཅན་དག་ལ་ཅི་ཞིག་བགྱིས་ན། མི་གཡོ་བའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་
Ka518a
༄#། །འགྱུར།་ཞིང་དེའི་བྱང་ཆུབ་སེམས་དཔའ་དག་ནི་ཅིའི་སླད་དུ་ཤེས་རབ་དང་ལྡན་ཞིང་མིའི་ནང་ན་བལ་གླང་གི་རྒྱལ་པོ་ལྟ་བུར་གཟི་བརྗིད་ཆེ་བ་དང ། རྣལ་འབྱོར་དུ་སྤྱོད་པ་དང་ལྡན་ཞིང་ཤེས་རབ་རྣོ་ཞིང་མྱུར་ཏེ་ཐོས་མ་ཐག་ཏུ་རྟོགས་པར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། སེམས་ཅན་སྲོག་དག་མི་གཅོད་ཅིང ། །ཚུལ་ཁྲིམས་སྡོམ་པ་རབ་བསྡམས་ཏེ། །སངས་རྒྱས་དམ་པའི་བཀའ་སྤྱོད་ན། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །གཞན་གྱི་ནོར་དག་མི་འཕྲོག་ཅིང ། ། རྟག་ཏུ་ཀུན་ལ་སྦྱིན་བྱེད་དེ། དགེ་འདུན་མགྲོན་པའི་གནས་འཆའ་ན། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །གཞན་གྱི་བུད་མེད་མི་ཚོལ་ཞིང ། །བདག་གི་ཆུང་མས་ཆོག་ཤེས་ལ། །མལ་ཆ་ཚུལ་ཁྲིམས་སྲུང་བྱེད་ན། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །བདག་དང་གཞན་གྱི་ཁེ་ཚོལ་ཕྱིར། །སྡིགས་མོས་སྐྲག་པར་མི་བྱེད་ཅིང ། །ངག་སྡོམ་རྫུན་དུ་མི་སྨྲ་ན། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །དགེ་བའི་བཤེས་དང་མི་འབྲལ་ཞིང ། །སྡིག་པའི་གྲོགས་པོ་རབ་སྤངས་ཏེ། །རྟག་ཏུ་འདུམ་པའི་ཚིག་སྨྲ་ན། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །ཇི་ལྟར་བྱང་ཆུབ་སེམས་དཔའ་ལྟར། །རྟག་ཏུ་ཚིག་རྩུབ་སྤངས་པས་ན། །སྨྲས་པ་ཐོས་པར་དགའ་བ་ནི། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །བཞད་གད་རྩེད་
Ka518b
མོའི་བར་དུ་ཡང ། །དུས་མ་ཡིན་པའི་ཚིག་མི་སྨྲ། །དུས་ལ་བབ་པར་སྨྲ་བ་ནི། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །གཞན་གྱི་ཁེ་དང་རྙེད་མཐོང་ན། །རབ་ཏུ་དགའ་བའི་སེམས་བསྐྱེད་དེ། །ཕྲག་དོག་མ་དུད་པར་མི་འཛིན་ན། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །སེམས་ཅན་དག་ལ་མི་འཚེ་ཞིང ། །རྟག་ཏུ་བྱམས་པའི་སེམས་བསྐྱེད་དེ། །ཐབས་ཀྱིས་སྡིག་པ་མི་སྐྱེད་ན། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །སྦྱིན་དང་ཕ་མ་མེད་པ་དང ། །འདས་དང་མ་འོངས་མེད་པ་ཡི། །ངན་པར་ལྟ་བ་མི་སྐྱེད་ན། མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །ལམ་དགོན་ཁྲོན་པ་ཆུ་འབྱིན་ཅིང ། །བཟའ་ཤིང་མང་པོ་དག་བསྐྱེད་དེ། །སློང་བ་དག་ལ་ཟས་བྱིན་ན། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །སངས་རྒྱས་ཆོས་དང་དགེ་འདུན་ལ། །སྤོས་སམ་མར་མེ་གཅིག་ཙམ་མམ། །མེ་ཏོག་གཅིག་ཙམ་མཆོད་བྱས་ན། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །འཇིགས་པ་དང་ནི་ཁེ་བཀུར་དང ། །བསོད་ནམས་ཡོན་ཏན་ཚོལ་བའི་ཕྱིར། མདོ་འདིའི་ཚིགས་བཅད་གཅིག་བྲིས་ན། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །གང་ཞིག་མང་པོའི་བསོད་ནམས་དང ། །ཕན་པའི་དོན་དུ་ཉིན་གཅིག་ཙམ། །མདོ་སྡེ་དམ་པ་འདི་བཀླགས་ན། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །བླ་ན་མེད་པའི་ལམ་གྱི་ཕྱིར། །ཉིན་ཞག་གཅིག་ཙམ་གྱི་བར་དུ། །ཚུལ་ཁྲིམས་སྡོམ་པ་བརྒྱད་མནོས་ན། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །ཚུལ་ཁྲིམས་རྩ་བ་
Ka519a
༄#། །བཤིག་པ་དང ། །རྒྱས་པའི་མདོ་སྡེ་སྐུར་པ་དང ། །ལྷན་ཅིག་གཅིག་ཏུ་མི་གནས་ན། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །གལ་ཏེ་ནད་ཀྱིས་གདུངས་པ་ལ། ། ཤིང་ཏོག་འབྲུ་གཅིག་སྦྱིན་བྱེད་ཅིང ། །དགའ་བའི་སེམས་ཀྱིས་གཡོག་བྱས་ན། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །དགེ་འདུན་ནོར་ལ་མི་སྤྱོད་ཅིང ། །སངས་རྒྱས་དཀོར་དག་རབ་བསྲུང་སྟེ། །སངས་རྒྱས་དགེ་འདུན་གནས་ཕྱགས་ན། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །རྟག་ཏུ་དགའ་བའི་སེམས་བསྐྱེད་དེ། །སངས་རྒྱས་གཟུགས་སམ་རྟེན་ཡང་རུང ། །མཐེ་བོང་ཙམ་ཞིག་གང་བྱས་པ། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །གལ་ཏེ་མདོ་སྡེ་འདི་ཡི་ཕྱིར། །བདག་གི་ལུས་དང་རིན་ཆེན་དབྱིག་།ཆོས་སྨྲ་བ་ལ་སྦྱིན་བྱེད་ན། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །བཅོམ་ལྡན་གསང་བའི་སྙིང་པོ་དག་།ཉན་ཏམ་ཡི་གེར་བྲིས་ནས་ནི། །འཛིན་ཅིང་ཀློག་གམ་འདོན་པ་ནི། །མི་གཡོ་ཞིང་དེར་སྐྱེ་བར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིགས་པ་མེད་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་དེང་ལས་ཅི་དང་ཅི་བྱས་པའི་རྐྱེན་གྱིས་མི་གཡོ་བའི་ཞིང་དེར་སྐྱེ་བར་འགྱུར་བར་རྟོགས་པར་གྱུར་ཏོ་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྣང་བ་མཐོ་བཙུན་དཔལ་གྱི་རྒྱལ་པོས་འགྲོ་བ་མང་པོ་ལ་
Ka519b
སྙིང་བརྩེ་བའི་སླད་དུ་ཞུས་ཏེ། དེ་བཞིན་གཤེགས་པས་རྣམ་པར་ཕྱེ་ཞིང་བསྟན་པས། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟ་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་ཐམས་ཅད་ལའང་ཕན་པའི་དོན་དུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྣང་བ་མཐོ་བཙུན་དཔལ་གྱི་རྒྱལ་པོ་ལ་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །རིགས་ཀྱི་བུ་ཁྱོད་ཤིན་ཏུ་ཡིད་ལ་བྱས་ཏེ། ལེགས་པར་ཉོན་ཅིག་དང ། ངས་ཁྱོད་ལ་རྒྱུ་དང་རྐྱེན་གང་གིས་མ་ཕྱིན་པར་མི་ཕྱིན་པ་དང ། རྒྱུ་དང་རྐྱེན་གང་གིས་མི་ཕྱིན་པར་ཕྱིན་པ་དང ། རྒྱུ་དང་རྐྱེན་གང་གིས་ཕྱིན་པར་མི་ཕྱིན་པ་དང ། རྒྱུ་དང་རྐྱེན་གང་གིས་ཕྱིན་པར་ཕྱིན་པ་དག་རྣམ་པར་དགྲོལ་ཞིང་བཤད་པར་བྱའོ། །ཅིའི་རྒྱུ་ཅིའི་རྐྱེན་གྱིས་མ་ཕྱིན་པར་མི་ཕྱིན་པ་ཞེ་ན། རིགས་ཀྱི་བུ། མི་ཕྱིན་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཆེན་པོ་སྟེ། སོ་སོའི་སྐྱེ་བོ་དག་མ་ཕྱིན་པ་ནི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང་བཅས་པས་ལུས་ཀྱི་ལས་དང ། ངག་གི་ལས་ཡོངས་སུ་མ་དག་སྟེ། མ་བརྟགས་པའི་དངོས་པོ་ཐམས་ཅད་འཆང་ཞིང་རྩ་བ་བཞི་ཉམས་པ་དང ། ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་སྐུར་པ་དང ། ལོག་སྲེད་ཅན་གྱི་ལས་བྱེད་པ་དང ། མཚམས་མེད་པ་ལྔའི་ཁ་ན་མ་ཐོ་བའི་ལས་བྱེད་པའི་ཕྱིར་མ་ཕྱིན་པར་མི་ཕྱིན་
Ka520a
༄#། །པ་ཞེས་བྱའོ། །རིགས་ཀྱི་བུ། ཅིའི་རྒྱུ་ཅིའི་རྐྱེན་གྱིས་མི་ཕྱིན་པར་ཕྱིན་པ་ཞེ་ན། མི་ཕྱིན་པར་ཕྱིན་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཆེན་པོ་སྟེ། དོན་ཇི་ལྟ་བུ་ཞིག་གིས་ཕྱིན་ཅེ་ན། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང ། ལུས་དང ། ངག་གི་ལས་ངན་པར་སྤྱོད་པ་ཡོངས་སུ་སྤངས་ཏེ། མ་བརྟགས་པའི་དངོས་པོ་མི་འཆང་བ་དང ། རྩ་བ་བཞི་མི་ཉམས་པ་དང ། ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་མི་སྐུར་བ་དང ། ལོག་སྲེད་ཅན་གྱི་ལས་མི་བྱེད་པ་དང ། མཚམས་མེད་པ་ལྔའི་ཁ་ན་མ་ཐོ་བའི་ལས་མི་བྱེད་པ་སྟེ། དོན་དེ་ལྟ་བས་ན་མི་ཕྱིན་པར་ཕྱིན་པ་ཞེས་བྱའོ། །རྒྱུན་དུ་ཞུགས་པ་ནི་བསྐལ་པ་བརྒྱད་ཁྲིས་ཕྱིན་ཏོ། །ལན་གཅིག་ཕྱིར་ལྡོག་པ་ནི་བསྐལ་པ་དྲུག་ཁྲིས་ཕྱིན་ཏོ། །ཕྱིར་མི་ལྡོག་པ་ནི་བསྐལ་པ་བཞི་ཁྲིས་ཕྱིན་ཏོ། །དགྲ་བཅོམ་པ་ནི་བསྐལ་པ་ཉི་ཁྲིས་ཕྱིན་ཏོ། །རང་སངས་རྒྱས་ནི་བསྐལ་པ་སྟོང་ཕྲག་བཅུས་ཕྱིན་ཏོ། །དོན་དེའི་ཕྱིར་མི་ཕྱིན་པར་ཕྱིན་པ་ཞེས་བྱའོ། །རིགས་ཀྱི་བུ། ཅིའི་རྒྱུ་ཅིའི་རྐྱེན་གྱིས་ཕྱིན་པར་མི་ཕྱིན་པ་ཞེ་ན། ཕྱིན་པ་ཞེས་བྱ་བ་ནི་སྲིད་པ་ཉི་ཤུ་རྩ་ལྔ་སྟེ། སེམས་ཅན་ཐམས་ཅད་རྟག་ཏུ་ཉོན་མོངས་པ་ཚད་མེད་པ་སྙེད་ཀྱིས་བཅིངས་ཏེ། ཀུན་ནས་གླགས་པས་ཡང་ནས་ཡང་དུ་འཁོར་བ་ནི། ཇི་ལྟར་འཁོར་ལོ་འཁོར་བ་བཞིན་དུ་སྤོང་མི་ནུས་ཏེ། དེ་ནི་ཕྱིན་པ་ཞེས་བྱ་བའོ། །ཉན་ཐོས་དང ། རང་
Ka520b
སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ནི་ཡོངས་སུ་སྤངས་པས་མི་ཕྱིན་པ་ཞེས་བྱའོ། །སེམས་ཅན་གདུལ་བའི་ཕྱིར་འདི་དག་ཏུ་སྣང་བར་སྟོན་པས་ན་ཕྱིན་པ་ཞེས་ཀྱང་བྱའོ། ། རིགས་ཀྱི་བུ། ཅིའི་རྒྱུ་ཅིའི་རྐྱེན་གྱིས་ཕྱིན་པར་ཕྱིན་པ་ཞེ་ན། ཕྱིན་པ་ཞེས་བྱ་བ་ནི་སྲིད་པ་ཉི་ཤུ་རྩ་ལྔ་སྟེ། བུས་པ་མ་རབས་སོ་སོའི་སྐྱེ་བོ་ཐམས་ཅད་དང ། རྒྱུན་དུ་ཞུགས་པ་དང ། ལན་གཅིག་ཕྱིར་མི་ལྡོག་པའི་བར་དུ་ཉོན་མོངས་པའི་རྐྱེན་གྱིས་ཕྱིན་པར་ཕྱིན་པ་ཞེས་བྱའོ། །རིགས་ཀྱི་བུ། མ་ཐོས་པ་ཐོས་པའང་དེ་བཞིན་ཏེ། མ་ཐོས་པ་ཐོས་པ་ཡོད་དོ། །མཐོས་པ་མི་ཐོས་པ་ཡོད་དོ། །ཐོས་པ་མ་ཐོས་པ་ཡོད་དོ། །ཐོས་པ་ཐོས་པ་ཡོད་དོ། །དེ་ལ་ཇི་ལྟར་ན་མ་ཐོས་པ་ཐོས་པ་ཞེ་ན། རིགས་ཀྱི་བུ། མ་ཐོས་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཆེན་པོ་སྟེ། དེ་ཅིའི་ཕྱིར་མ་ཐོས་པ་ཞེ་ན། འདུས་བྱས་མ་ཡིན། སྒྲ་མ་ཡིན། བརྗོད་དུ་མེད་པའི་ཕྱིར་རོ། །ཇི་ལྟར་ཐོས་པ་ཞེ་ན། མིང་ཐོས་པར་འགྱུར་བ་ནི། འདི་ལྟ་སྟེ། རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་དག་མ་ཐོས་པ་ཐོས་པ་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྣང་བ་མཐོ་བཙུན་དཔལ་གྱི་རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་མྱ་ངན་ལས་འདས་པ་ཆེན་པོ་ནི་ཐོས་པར་མི་རུང་ན། ཅིའི་སླད་དུ་
Ka521a
༄#། །རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་དག་ཐོས་པར་རུང་ཞེས་གསུངས། བཅོམ་ལྡན་འདས། དེའང་ཅིའི་སླད་དུ་ཞེན། ཉོན་མོངས་པ་བཅད་པ་ནི་མྱ་ངན་ལས་འདས་པ་ཞེས་བགྱི་སྟེ། གལ་ཏེ་ཆོད་པ་ལ་མྱ་ངན་ལས་འདས་པ་ཞེས་མི་བགྱི་ན། དེ་ན་དེའི་ཕྱིར་མྱ་ངན་ལས་འདས་པའི་རང་བཞིན་ཐོག་མ་ནས་མ་མཆིས་ཏེ། ད་ལྟར་མཆིས་པ་ལགས་སོ། །འཇིག་རྟེན་གྱི་ཆོས་ལྟར་ཐོག་མ་མཆིས་ལ། ད་ལྟར་མཆིས་པར་གྱུར་ན་མི་རྟག་པའི་ཆོས་ཅན་དུ་འགྱུར་རོ། །དཔེར་ན། རྫ་མ་ལ་སོགས་པ་ནི་ཐོག་མ་མཆིས་ལ་ད་ལྟ་མཆིས་པར་གྱུར་ཏེ། མཆིས་ནས་སླར་ཡང་མ་མཆིས་པར་འགྱུར་བས་མི་རྟག་པ་ཞེས་བགྱི་སྟེ། མྱ་ངན་ལས་འདས་པའང་དེ་ལྟ་བུ་ལགས་ན།་ཅིའི་སླང་དུ་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཞེས་གསུངས། གཞན་ཡང ། བཅོམ་ལྡན་འདས། ཇི་ཙམ་དུ་བཀོད་པའི་རྒྱུས་གྲུབ་པ་ནི་ཀུན་ཀྱང་མི་རྟག་པ་ཞེས་བགྱི་སྟེ། མྱ་ངན་ལས་འདས་པའང་དེ་ལྟ་བུ་ལགས་ན་མི་རྟག་པ་ལགས་པའི་རིགས་སོ། །ཅིའི་རྒྱུ་དང་རྐྱེན་གྱིས་མི་རྟག་ཅེན། འདི་ལྟ་སྟེ། བྱང་ཆུབ་ཀྱི་ཕྱོགས་ཆོས་སུམ་ཅུ་རྩ་བདུན་དང ། ཕ་རོལ་ཏུ་ཕྱིན་པ་དྲུག་དང ། ཚད་མེད་པ་བཞི་དང ། རྐང་རུས་ལ་རྟོག་པ་དང ། དབུགས་བགྲང་བ་དང ། དྲན་པ་ཉེ་བར་གཞག་པ་དྲུག་དང ། ཆེན་པོ་དྲུག་འཇིག་པ་ལ་སོགས་
Ka521b
པ་ཐམས་ཅད་མྱ་ངན་ལས་འདས་པ་སྒྲུབ་པའི་རྒྱུ་དང་རྐྱེན་དུ་འགྱུར་བར་མི་རྟག་པ་ཞེས་བགྱིའོ། །གཞན་ཡང ། བཅོམ་ལྡན་འདས། སྲིད་པ་ནི་མི་རྟག་པ་ཞེས་བགྱི་སྟེ། གལ་ཏེ་མྱ་ངན་ལས་འདས་པ་སྲིད་པ་ལགས་ན། མི་རྟག་པར་ཡང་འགྱུར་བའི་རིགས་སོ། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་སྔོན་ལུང་ལས། ཉན་ཐོས་དང ། རང་སངས་རྒྱས་དང ། སངས་རྒྱས་བཅོམ་ལྡན་འདས་ཀུན་མྱ་ངན་ལས་འདས་པ་སྲིད་དོ། །ཞེས་གསུངས་ཏེ། དོན་དེ་ལྟ་བས་ན་མི་རྟག་པ་ཞེས་བགྱི་བར་འགྱུར་རོ། །གཞན་ཡང ། བཅོམ་ལྡན་འདས། བལྟར་རུང་བའི་ཆོས་ནི་ཀུན་ཀྱང་མི་རྟག་པ་ལགས་ཏེ། བཅོམ་ལྡན་འདས་ཀྱིས་སྔོན་མྱ་ངན་ལས་འདས་པ་མཐོང་བ་ནི་ཉོན་མོངས་པ་ཐམས་ཅད་ཆོད་པར་འགྱུར་རོ། །ཞེས་གསུངས་སོ། ། གཞན་ཡང ། བཅོམ་ལྡན་འདས། དཔེར་ན། ནམ་མཁའ་སྟོང་པ་ནི་སེམས་ཅན་ཐམས་ཅད་ལ་མཉམ་པར་ཐོགས་པ་དང་སྒྲིབ་པ་མ་མཆིས་པའི་སླད་དུ་རྟགས་ཞེས་བགྱིའོ། །གལ་ཏེ་མྱ་ངན་ལས་འདས་པ་རྟག་པ་མཉམ་པ་ལགས་ན། ཅིའི་སླད་དུ་སེམས་ཅན་དག་ཐོབ་པ་དང་མ་ཐོབ་པ་མཆིས་པར་འགྱུར། མྱ་ངན་ལས་འདས་པའང་དེ་ལྟ་བུ་ལགས་ཏེ། སེམས་ཅན་ཐམས་ཅད་ལ་མི་མཉམ་ན་ལྟ། རྟག་པ་ཞེས་བགྱིར་མི་རུང་ངོ ། །བཅོམ་ལྡན་འདས། དཔེར་ན། མི་མང་པོ་བརྒྱ་ལ་དགྲ་གཅིག་མཆིས་ལ། གལ་ཏེ་དགྲ་དེ་བསད་ན་མི་མང་པོ་
Ka522a
༄#། །ཀུན་བདེ་བར་འགྱུར་རོ། །ཅི་སྟེ་མྱ་ངན་ལས་འདས་པའང་མཉམ་པའི་ཆོས་ལགས་ན་ནི་མི་གཅིག་གིས་ཐོབ་ན་མི་མང་པོ་ཀུན་གྱིས་ཐོབ་པའི་རིགས་སོ། ། མི་གཅིག་གིས་ཉོན་མོངས་པ་ཆོད་ན་མི་མང་པོ་ཀུན་གྱིས་ཀྱང་ཆོད་པའི་རིགས་སོ། །གལ་ཏེ་དེ་ལྟ་བུ་མ་ལགས་ན། ཅིའི་སླད་དུ་རྟག་པ་ཞེས་བགྱི། དཔེར་ན། ལ་ལ་ཞིག་གིས་རྒྱལ་པོ་དང།་རྒྱལ་བུ་དང ། ཕ་མ་དང ། སློབ་དཔོན་དང ། བླ་མ་ལ་བཀུར་སྟི་དང ། མཆོད་པ་དང ། རིམ་གྲོ་དང ། བསྟི་སྟང་བྱེད་ན་བདེ་བ་ཐོབ་པར་འགྱུར་ཏེ། དེ་ནི་རྟག་པ་ཞེས་མི་བགྱིའོ། །མྱ་ངན་ལས་འདས་པའང་དེ་ལྟ་བུ་ལགས་ན་ནི་རྟག་པ་ཞེས་མི་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། ཇི་ལྟར་བཅོམ་ལྡན་འདས་ཀྱིས་སྔོན་ལུང་ལས་དགའ་བོ་ལ་འདི་སྐད་དུ། གལ་ཏེ་ལ་ལ་ཞིག་གིས་མྱ་ངན་ལས་འདས་པ་ལ་བསྟི་སྟང་དུ་བྱས་ན་ཀུན་ནས་ཉོན་མོངས་པ་ཆོད་དེ། བདེ་བ་ཚད་མེད་པ་ཐོབ་པར་འགྱུར་ཞེས་གསུངས་ཏེ། དོན་དེ་ལྟ་བས་ན་རྟག་པ་ཞེས་མི་བགྱིའོ། །བཅོམ་ལྡན་འདས། གལ་ཏེ་མྱ་ངན་ལས་འདས་པ་ལ་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པའི་མིང་མཆིས་ན་རྟག་པ་ཞེས་མི་བགྱིའོ། །དེ་སྟེ་མ་མཆིས་ན་ནི་ཇི་ལྟར་བཤད་པ་རུང ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྣང་བ་མཐོ་བཙུན་དཔལ་གྱི་རྒྱལ་པོ་ལ་བཀའ་སྩལ་པ། མྱ་
Ka522b
ངན་ལས་འདས་པ་ཉིད་ནི་ཐོག་མ་མེད་པ་ལ་ད་ལྟ་ཡོད་པ་མ་ཡིན་ནོ། །གལ་ཏེ་མྱ་ངན་ལས་འདས་པ་ཉིད་ཐོག་མ་མེད་པ་ལ་ད་ལྟར་ཡོད་ན། ཟག་པ་མེད་པ་རྟག་ཏུ་གནས་པའི་ཆོས་མ་ཡིན་པར་འགྱུར་རོ། །སངས་རྒྱས་རྣམས་བྱུང་ཡང་རུང ། སངས་རྒྱས་མ་བྱུང་ཡང་རུང ། རང་བཞིན་དང་མཚན་ཉིད་ནི་རྟག་ཏུ་གནས་ཏེ། སེམས་ཅན་དག་ཉོན་མོངས་པས་བསྒྲིབས་པས་མྱ་ངན་ལས་འདས་པ་མི་མཐོང་བའི་ཕྱིར་མེད་དོ་སྙམ་སེམས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་ལ་གོམས་པ་དག་ནི་ཉོན་མོངས་པ་བཅད་ནས་མཐོང་བར་འགྱུར་ཏེ། དེ་བས་ན་མྱ་ངན་ལས་འདས་པ་ནི་རྟག་ཏུ་གནས་པའི་ཆོས་ཅན་ཏེ། སྔོན་མེད་པ་ལ་ད་ལྟར་ཡོད་པ་མ་ཡིན་པར་རིག་པས་དེ་བས་ན་རྟག་བ་ཞེས་བྱའོ། །རིགས་ཀྱི་བུ། དཔེར་ན། མུན་ཁང་གི་ནང་ན་ཁྲོན་པ་ཞིག་ན་རིན་པོ་ཆེ་སྣ་བདུན་རྣམ་པ་སྣ་ཚོགས་ཡོད་པ་མི་དག་གིས་ཡོད་པར་ཤེས་ཀྱང་མུན་པ་གནག་པས་མི་མཐོང་ངོ། །ཤེས་རབ་ཅན་ཐབས་ལ་མཁས་པས་སྒྲོན་མ་ཆེན་པོ་ཐོགས་ཏེ་བལྟས་པ་དང་ཀུན་སྣང་བར་གྱུར་ཏེ། འདི་སྙམ་དུ་ཆུ་དང་རིན་པོ་ཆེ་སྣ་བདུན་ཐོག་མ་མེད་ལ་ད་ལྟར་ཡོད་པར་གྱུར་ཏོ་སྙམ་མི་སེམས་སོ། །མྱ་ངན་ལས་འདས་པའང་དེ་དང་འདྲ་སྟེ། ཐོག་མ་ནས་ཡོད་པ་ཡིན་གྱི། ད་ལྟར་གཟོད་ཡོད་པ་མ་ཡིན་ནོ། །ཉོན་མོངས་པའི་མུན་པས་སེམས་ཅན་དག་
Ka523a
༄#། །བསྒྲིབས་པའི་ཕྱིར་མི་མཐོང་གི་།ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བའི་དེ་བཞིན་གཤེགས་པས་ཤིན་ཏུ་མཁས་པའི་ཐབས་ཀྱིས་ཤེས་རབ་ཀྱི་སྒྲོན་མ་བཙུགས་ཏེ། བྱང་ཆུབ་སེམས་དཔའ་དག་མྱ་ངན་ལས་འདས་པའི་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་མཐོང་བར་བྱས་སོ། །དེ་བས་ན་ཤེས་རབ་ཅན་གྱིས་མྱ་ངན་ལས་འདས་པ་འདི་ལ་ཐོག་མ་མེད་པ་ད་ལྟར་ཡོད་པར་འགྱུར་རོ་ཞེས་བརྗོད་པར་མི་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བཀོད་པའི་རྒྱུས་མྱ་ངན་ལས་འདས་པ་འགྲུབ་པ་མི་རྟག་གོ་ཞེས་བྱ་བ་དེ་མི་རུང་ངོ ། །དེ་ཅིའི་སླད་དུ་ཞེ་ན། རིགས་ཀྱི་བུ། མྱ་ངན་ལས་འདས་པའི་ངོ་བོ་ཉིད་ནི་སྐྱེ་བ་མ་ཡིན། བྱུང་བ་མ་ཡིན། བདེན་པ་ཡིན། རྫུན་པ་མ་ཡིན། ལས་སུ་བྱས་ནས་སྐྱེས་པ་མ་ཡིན། ཟག་པ་དང་འདུས་བྱས་ཀྱི་ཆོས་མ་ཡིན། ཐོས་པ་མ་ཡིན། མཐོང་བ་མ་ཡིན། ལྟུང་བ་མ་ཡིན། འཆིང་བ་མ་ཡིན། མཚན་ཉིད་ཐ་དད་པ་མ་ཡིན། མཚན་ཉིད་གཅིག་པ་མ་ཡིན། འགྲོ་བ་མ་ཡིན། ལྡོག་པ་མ་ཡིན། འདས་པ་དང ། མ་འོངས་པ་དང ། ད་ལྟར་མ་ཡིན། གཅིག་པུ་མ་ཡིན། མང་པོ་མ་ཡིན།་རིང་པོ་མ་ཡིན། ཐུང་ངུ་མ་ཡིན། ཟླུམ་པོ་མ་ཡིན། གྲུ་བཞི་མ་ཡིན། སྨྱུང་སྨྱུང་པོ་མ་ཡིན། སྣརེལ་ཞི་མ་ཡིན། མཚན་ཉིད་མ་ཡིན། འདུ་ཤེས་མ་ཡིན། མིང་
Ka523b
མ་ཡིན། གཟུགས་མ་ཡིན། རྒྱུ་མ་ཡིན། འབྲས་བུ་མ་ཡིན། བདག་དང་བདག་གི་མ་ཡིན་ནོ། །དེ་ལྟ་བས་ན་མྱ་ངན་ལས་འདའ་བ་ནི་རྟག་པ་མི་འགྱུར་མི་འཕོ་བ་མ་ཡིན་ཏེ། དེ་བས་ན་བསྐལ་པ་ཚད་མེད་གྲངས་མེད་པའི་བར་དུ་དགེ་བའི་ཆོས་སྒྲུབ་ཅིང་བསྒོམས་པས་ཡོངས་སུ་བརྒྱན་ན་གདོད་མཐོང་བར་འགྱུར་རོ། །རིགས་ཀྱི་བུ། དཔེར་ན། སའི་འོག་ན་ཆུ་ཡོན་ཏན་བརྒྱད་དང་ལྡན་པ་ཡོད་ཀྱང ། སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་མི་རུང་ངོ ། །ཤེས་རབ་ཅན་ལ་ལ་ཞིག་གིས་ལས་སུ་བྱས་ཏེ་བརྐོས་ན་གཟོད་ཐོབ་པར་འགྱུར་བ་ལྟར་མྱ་ངན་ལས་འདས་པའང་དེ་དང་འདྲའོ། །དཔེར་ན། དམུས་ལོང་དག་ཉི་མ་དང་ཟླ་བའི་མི་མཐོང་སྟེ། སྨན་པ་མཁས་པས་སྨན་བྱས་ན་སྣང་ཞིང་མཐོང་བར་འགྱུར་ཏེ། ཉི་མ་དང་ཟླ་བ་དེའང་སྔོན་མེད་ལ་ད་ལྟ་ཡོད་པ་མ་ཡིན་ནོ། །མྱ་ངན་ལས་འདས་པའང་དེ་དང་འདྲ་སྟེ། ཐོག་མ་ནས་ཡོད་པ་ཡིན་གྱི། ད་ལྟར་གཟོད་ཡོད་པ་མ་ཡིན་ནོ། །རིགས་ཀྱི་བུ། ཇི་ལྟར་ཉེས་པ་བྱས་པ་དག་བཅིངས་ཏེ་ཁྲི་མུན་གྱི་ནང་དུ་བཅུག་པ་ནི་རིང་མོ་ཞིག་ན་གདོད་ཐར་ཏེ་བྱུང་ནས། སླར་ཁྱིམ་དུ་ཕ་མ་དང ། ཕུ་ནུ་དང ། བུ་དང ། ཆུང་མ་དང ། གཉེན་བཤེས་མཐོང་བ་བཞིན་དུ་མྱ་ངན་ལས་འདས་པའང་དེ་དང་འདྲའོ། །རིགས་ཀྱི་བུ་ཁྱོད་འདི་སྐད་དུ་རྟེན་ཅིང་འབྲེལ་བའི་ཕྱིར་མྱ་ངན་ལས་འདས་པའི་ཆོས་ཀྱང་མི་རྟག་གོ་།ཞེས་བྱ་བ་
Ka524a
༄#། །དེའང་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། རྒྱུ་ལ་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། སྐྱེ་བའི་རྒྱུ་དང ། འདུས་པའི་རྒྱུ་དང ། གནས་པའི་རྒྱུ་དང ། སྐྱེ་ཞིང་འཕེལ་བའི་རྒྱུ་དང ། རིང་བའི་རྒྱུའོ། །དེ་ལ་ཇི་ལྟར་སྐྱེ་བའི་རྒྱུ་ཞེ་ན། སྐྱེ་བའི་རྒྱུ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པ་ལ་སོགས་པ་དང ། ཕྱི་རོལ་གྱི་རྩི་ཤིང་རྣམས་ཀྱི་ས་བོན་ནི་སྐྱེ་བའི་རྒྱུ་ཞེས་བྱའོ། །ཇི་ལྟར་འདུས་པའི་རྒྱུ་ཞེ་ན། ཇི་ལྟར་དགེ་བ་དང་དགེ་བའི་སེམས་འདུས་པ་དང ། མི་དགེ་བ་དང་མི་དགེ་བའི་སེམས་འདུས་པ་དང ། ལུང་མི་སྟོན་པ་དང ། ལུང་མི་སྟོན་པའི་སེམས་འདུས་པ་ནི་འདུས་པའི་རྒྱུ་ཞེས་བྱའོ། །ཇི་ལྟར་གནས་པའི་རྒྱུ་ཞེ་ན། འོག་ན་ཀ་བ་ཡོད་པའི་ཕྱིར་ཁང་པ་མི་ལྷུང་བ་དང ། རི་དང ། ཆུ་དང ། ཤིང་དང ། ནགས་ཚལ་ཐམས་ཅད་ས་ཆེན་པོའི་ཕྱིར་གནས་པར་འགྱུར་བ་དང ། ནང་གི་ཆེན་པོ་བཞི་དང ། ཉོན་མོངས་པ་ཚད་མེད་པ་སྙེད་ཡོད་པའི་ཕྱིར་སེམས་ཅན་གནས་པར་གྱུར་པ་ནི། གནས་པའི་རྒྱུ་ཞེས་བྱའོ། །ཇི་ལྟར་སྐྱེ་ཞིང་འཕེལ་བའི་རྒྱུ་ཞེ་ན། གོས་དང་ཟས་ལ་སོགས་པ་ལ་བརྟེན་པའི་རྐྱེན་གྱིས་སེམས་ཅན་སྐྱེ་ཞིང་འཕེལ་བ་དང ། ཇི་ལྟར་ཕྱི་རོལ་གྱི་ས་བོན་མེས་མ་ཚིག་ཅིང་བྱས་མ་ཟོས་པས་སྐྱེ་ཞིང་འཕེལ་བར་འགྱུར་བ་དང ། ཇི་ལྟར་དགེ་སྦྱོང་དང ། བྲམ་ཟེ་ལ་སོགས་པ་སློབ་དཔོན་དང ། དགེ་བའི་
Ka524b
བཤེས་གཉེན་དག་ལ་བརྟེན་པས་སྐྱེ་ཞིང་འཕེལ་བ་དང ། ཇི་ལྟར་ཕ་མའི་རྒྱུས་བུ་སྐྱེ་ཞིང་འཕེལ་བར་འགྱུར་བ་ནི་འཕེལ་བའི་རྒྱུ་ཞེས་བྱའོ། །ཇི་ལྟར་རིང་བའི་རྒྱུ་ཞེ་ན། དཔེར་ན། སྔགས་ཀྱི་རྒྱུས་གདོན་གྱིས་འཆི་བར་མི་ནུས་ཤིང་དུག་གིས་གནོད་པར་མི་ནུས་པ་དང ། རྒྱལ་པོ་ལ་བརྟེན་ན་རྐུན་པོས་མི་ཚུགས་པ་དང ། ཇི་ལྟར་མྱུ་གུས་དང ། ཆུ་དང ། མེ་དང ། རླུང་ལ་སོགས་པ་ལ་བརྟེན་པ་དང ། ཇི་ལྟར་ཆུ་དང ། སྲུབ་ཤིང་དང ། མི་ལས་མར་གྱི་རིང་བའི་རྒྱུར་འགྱུར་བ་དང ། སྣང་བ་དང་གཟུགས་ལ་སོགས་པ་ནི་རྣམ་པར་ཤེས་པའི་རིང་བའི་རྒྱུར་འགྱུར་བ་དང ། ཕ་མའི་ཁུ་བ་དཀར་ནག་ནི་སེམས་ཅན་གྱི་རིང་བའི་རྒྱུར་འགྱུར་བ་དང ། ཇི་ལྟར་དུས་ལ་སོགས་པ་ཀུན་ཀྱང་རིང་བའི་རྒྱུ་ཞེས་བྱའོ། །རིགས་ཀྱིས་བུ།་མྱ་ངན་ལས་འདས་པའི་རང་བཞིན་ནི་དེ་ལྟ་བུའི་རྒྱུ་ལྔས་གྲུབ་པ་མ་ཡིན་ན། ཅིའི་ཕྱིར་མི་རྟག་པའི་རྒྱུར་འགྱུར་བ་ཞེས་བྱ། རིགས་ཀྱི་བུ། གཞན་ཡང་རྒྱུ་རྣམ་པ་གཉིས་ཡོད་དེ། བྱས་པའི་རྒྱུ་དང ། གསལ་བའི་རྒྱུའོ། །ཇི་ལྟར་རྫ་མཁན་གྱི་འཁོར་ལོ་ནི་བྱས་པའི་རྒྱུ་ཞེས་བྱའོ། །ཇི་ལྟར་མེ་སྒྲོན་ལ་སོགས་པས་མུན་པའི་རྫས་སྣང་བར་བྱེད་པ་ནི་གསལ་བའི་རྒྱུ་ཞེས་བྱའོ། །རིགས་ཀྱི་བུ། མྱ་ངན་ལས་འདས་པ་ཆེན་པོ་ནི་བྱས་པའི་རྒྱུ་ལས་གྲུབ་པ་མ་ཡིན་ཏེ། གསལ་བའི་རྒྱུ་འབའ་ཞིག་གོ་།གསལ་བའི་རྒྱུ་ཞེས་བྱ་བ་ནི། འདི་ལྟ་སྟེ།
Ka525a
༄#། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང ། ཕ་རོལ་ཏུ་ཕྱིན་པ་དྲུག་ནི་གསལ་བའི་རྒྱུ་ཞེས་བྱའོ། །རིགས་ཀྱི་བུ། འདས་པའི་རྒྱུ་ཡིན་ཏེ། མྱ་ངན་ལས་འདས་པ་ཆེན་པོའི་རྒྱུ་ནི་མ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མྱ་ངན་ལས་འདས་པ་ཆེན་པོའི་རྒྱུ་ཞེས་\?\་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་མྱ་ངན་ལས་འདས་པའི་རྒྱུ་ཡིན་ཏེ། མྱ་ངན་ལས་འདས་པ་ཆེན་པོའི་རྒྱུ་ནི་མ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་\?\་སྙེད་ནི་མྱ་ངན་ལས་འདས་པ་ཆེན་པོའི་རྒྱུ་ཞེས་བྱའོ།། །།
Kha1b
༄##། །འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་དགུ་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྣང་བ་མཐོ་བཙུན་དཔལ་གྱི་རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་སྦྱིན་པ་བྱིན་ན་སྦྱིན་པའི་ཕ་རོལ་ཏུ་
Kha2a
༄#། །ཕྱིན་པ་ཞེས་མི་གདགས། ཇི་ལྟར་སྦྱིན་པ་བྱིན་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་མི་གདགས་པ་ནས། ཤེས་རབ་ཀྱི་བར་དུ་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་མི་གདགས་པ་དང ། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གདགས་པས་འདོགས་པར་འགྱུར་བ་དང ། ཇི་ལྟར་ན་མྱ་ངན་ལས་འདས་པ་ཞེས་གདགས། ཇི་ལྟར་ན་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
Kha2b
པོས་ཤིན་ཏུ་རྒྱས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་རབ་ཏུ་ནན་ཏན་བྱེད་པ་ན་སྦྱིན་པ་མི་ཐོས། སྦྱིན་པ་མི་མཐོང ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་ཐོས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་མཐོང་བ་ནས། ཤེས་རབ་ཀྱི་བར་དུ་མི་ཐོས། ཤེས་རབ་མི་མཐོང ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་ཐོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་མཐོང ། མྱ་ངན་ལས་འདས་པ་མི་ཐོས། མྱ་ངན་ལས་འདས་པ་མི་མཐོང ། མྱ་ངན་ལས་འདས་པ་ཆེན་པོ་མི་ཐོས། མྱ་ངན་ལས་འདས་པ་ཆེན་པོ་མི་མཐོང་སྟེ།་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱེད་པ་ནི་ཆོས་ཀྱི་དབྱིངས་སུ་རྟོགས་ཤིང་མཐོང་སྟེ། ཡང་དག་པའི་མཚན་ཉིད་སྟོང་པ་ཅི་ཡང་མེད་པ་འདུས་པ་མེད་པ་ཚོར་བ་དང་རྟོགས་པ་མེད་པའི་མཚན་
Kha3a
༄#། །ཉིད་ཇི་ལྟ་བ་རྟོགས་ཤིང་ཟག་པ་མེད་པའི་མཚན་ཉིད་དང ། བྱ་བ་མེད་པའི་མཚན་ཉིད་དང ། སྒྱུ་མས་སྤྲུལ་པ་ལྟ་བུའི་མཚན་ཉིད་དང ། སྨིག་རྒྱུ་ལྟ་བུའི་མཚན་ཉིད་དང ། དྲི་ཟའི་གྲོང་ཁྱེར་དང ། ནམ་མཁའ་ལྟ་བུའི་མཚན་ཉིད་རབ་ཏུ་ཐོབ་བོ། །བྱང་ཆུབ་སེམས་དཔའ་དེའི་ཚེ་མཚན་ཉིད་དེ་ལྟ་བུ་ཐོབ་ནས་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་མེད་པས་མི་ཐོས་མི་མཐོང་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡང་དག་པ་ཇི་ལྟ་བའི་མཚན་ཉིད་དོ། །ཡང་དག་པའི་མཚན་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་སྦྱིན་པ་ནི་འདི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་འདིའོ་ཞེས་རྟོགས་པ་ནས། ཤེས་རབ་ནི་འདི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ནི་འདི། མྱ་ངན་ལས་འདས་པ་ནི་འདི། མྱ་ངན་ལས་འདས་པ་ཆེན་པོ་ནི་འདིའོ་ཞེས་རབ་ཏུ་རྟོགས་སོ། །
Kha3b
རིགས་ཀྱི་བུ། ཇི་ལྟར་སྦྱིན་པ་ནི་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཞེ་ན། གང་སློང་བ་མཐོང་ནས་གཟོད་བྱིན་པ་ནི་སྦྱིན་པ་ཞེས་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །གང་སློང་བ་མེད་བཞིན་དུ་རང་སྦྱིན་པ་བྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །གང་དུས་དུས་སུ་བྱིན་པ་ནི་སྦྱིན་པ་ཞེས་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་ཞེས་མི་བྱའོ། །གང་རྟག་ཏུ་སྦྱིན་པ་བྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །གང་ཕ་རོལ་ལ་སྦྱིན་པ་བྱིན་ནས་ཕྱིར་ཡང་འགྱོད་པའི་སེམས་སྐྱེ་བ་ནི་སྦྱིན་པ་ཞེས་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་ཞེས་མི་བྱའོ། །གང་སྦྱིན་པ་བྱིན་ནས་མི་འགྱོད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནོར་དང་ཟང་ཟིང་ལ་རྒྱལ་པོ་དང ། ཆོམ་པོ་དང ། ཆུ་དང ། མེ་ལྟ་བུའི་འཇིགས་པ་བཞི་བསྐྱེད་དེ། རབ་ཏུ་དགའ་བས་སྦྱིན་པ་བྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །གང་ལན་ལ་རེ་བས་སྦྱིན་པ་བྱིན་པ་ནི་སྦྱིན་པ་ཞེས་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་ཞེས་མི་བྱའོ། །སྦྱིན་པ་བྱིན་པའི་ལན་ལ་མི་རེ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །གང་འཇིགས་པ་དང ། རྙེད་པ་དང ། གྲགས་པ་དང ། ཁྱིམ་གྱི་སོ་ཚིས་དང ། རིགས་འཚོབ་པ་དང ། ལྷར་སྐྱེ་བ་དང ། འདོད་པ་ལྔ་དང ། ང་རྒྱལ་དང ། ཆེ་བའི་ང་རྒྱལ་དང ། བཤེས་གཉེན་ཚོལ་བ་དང ། ལན་ལ་རེ་བའི་ཕྱིར་སྦྱིན་པ་བྱིན་པ་དེ་ཇི་ལྟར་ཚོང་སྤོགས་
Kha4a
༄#། །བྱེད་པ་ལྟ་བུའམ། རིགས་ཀྱི་བུ། ཇི་ལྟར་མིས་ཤིང་བསྐྱེད་པ་དག་བསིལ་གྲིབ་དང ། མེ་ཏོག་དང ། འབྲས་བུ་དང ། ཁང་ཤིང་ལ་སོགས་པ་རེ་བ་དང་འདྲ་བར་གང་གིས་དེ་ལྟར་སྦྱིན་པ་བྱིན་ན་དེ་ནི་སྦྱིན་པ་ཞེས་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱེད་པ་ནི་སྦྱིན་པ་དང ། ལེན་པ་དང ། ནོར་གྱི་དངོས་པོར་མི་མཐོང ། དུས་ཀྱང་མི་མཐོང ། བསོད་ནམས་དང་བསོད་ནམས་མ་ཡིན་པའང་མི་མཐོང ། རྒྱུ་མི་མཐོང ། རྐྱེན་མི་མཐོང ། འབྲས་བུ་སྨིན་པ་མི་མཐོང ། བྱེད་པ་མི་མཐོང ། ལེན་པ་མི་མཐོང ། མང་པོ་མི་མཐོང ། ཉུང་ངུ་མི་མཐོང ། གཙང་བ་མི་མཐོང ། མི་གཙང་བ་མི་མཐོང་ལེན་པ་དང་བདག་དང་ཟང་ཟིང་ལ་མི་སྨོད། མཐོང་བའང་མི་མཐོང ། མི་མཐོང་བའང་མི་མཐོང ། བདག་དང་གཞན་དུ་མི་འཛིན་ཏེ། ཤིན་ཏུ་རྒྱས་པ་མྱ་ངན་ལས་འདས་པ་ཆེན་པོ་རྟག་ཏུ་གནས་པའི་ཆོས་ཀྱི་ཕྱིར་སྦྱིན་པ་བྱིན་པ་དང ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་སྦྱིན་པ་བྱིན་པ་དང ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཡོངས་སུ་གཅད་པའི་ཕྱིར་སྦྱིན་པ་བྱིན་པ་དང ། སེམས་ཅན་ཐམས་ཅད་ཀྱིས་སྦྱིན་པ་དང ། ལེན་པ་དང ། ནོར་གྱི་དངོས་པོར་མི་མཐོང་བར་བྱ་བའི་ཕྱིར་སྦྱིན་པ་བྱིན་པ་ལ་ནན་ཏན་
Kha4b
བྱེད་དོ། །རིགས་ཀྱི་བུ། དཔེར་ན། མི་ཞིག་རྒྱ་མཚོར་ལྟུང་བ་ལས་མི་རོ་ལ་འཇུས་ན་རྒྱ་མཚོ་ལས་ཐར་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱེད་ན་སྦྱིན་པ་སྤྱོད་པའང་དེ་དང་འདྲའོ། །རིགས་ཀྱི་བུ། དཔེར་ན། ཁྲི་མུན་ཟབ་མོ་དག་ཞག་ཤིན་ཏུ་ཆེ་བ་ཞིག་ཏུ་མི་ཞིག་བཅུག་ན་གཞན་ནས་ཐར་བའི་ས་མེད་ལ། བཤད་གཅིའི་ཁུང་བུ་གཅིག་ཅིག་ཡོད་དེ། དེ་ནས་ཕྱིར་བྱུང་ན་ཐོགས་པ་མེད་པའི་གནས་སུ་ཕྱིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱེད་པ་ན། སྦྱིན་པ་བྱིན་པའང་དེ་དང་འདྲའོ། །རིགས་ཀྱི་བུ། དཔེར་ན། ཆོ་རིགས་བཙུན་པ་ཞིག་འཇིགས་སྐྲག་ནས་མགོན་སྐྱབས་མེད་ན་རིགས་ངན་གདོལ་པ་ལ་བརྟེན་ཅིང་སྐྱབས་སུ་འགྲོའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱེད་པ་ན་སྦྱིན་པའང་དེ་དང་འདྲའོ། །རིགས་ཀྱི་བུ།་དཔེར་ན། ནད་པ་ཞིག་ནད་ཀྱི་སྡུག་བསྔལ་བསལ་ཞིང་བདེ་བ་ཐོབ་པར་བྱ་བའི་ཕྱིར་མི་གཙང་བ་ཟ་བ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱེད་པ་ན་སྦྱིན་པ་བྱིན་པའང་དེ་དང་འདྲའོ། །རིགས་ཀྱི་བུ། དཔེར་ན། བྲམ་ཟེ་ཞིག་སྲོག་གི་ཕྱིར་ནས་འབྲས་ཤིན་ཏུ་དཀོན་པ་ན་ཁྱི་ཤ་ཟ་བ་བཞིན་དུ།
Kha5a
༄#། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱེད་པ་ན་སྦྱིན་པ་བྱིན་པའང་དེ་དང་འདྲའོ། །རིགས་ཀྱི་བུ། མྱ་ངན་ལས་འདས་པ་ཆེན་པོའི་ནང་ན་དེ་ལྟ་བུའི་དངོས་པོ་བསྐལ་པ་ཚད་མེད་པའི་བར་དུ་མ་ཐོས་པ་ཐོས་པ་དང ། ཚུལ་ཁྲིམས་དང ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས། ཤེས་རབ་དང ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་སྟོན་པ་ཇི་ལྟར་སངས་རྒྱས་མེ་ཏོག་སྣ་ཚོགས་ཀྱི་མདོ་ལས་རྒྱས་པར་འཆད་པ་བཞིན་ནོ། །རིགས་ཀྱི་བུ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱེད་པ་ན་མ་ཐོས་པ་ཐོབ་པར་འགྱུར་ཞེ་ན། མདོ་སྡེ་སྡེ་བཅུ་གཉིས་ཀྱི་དོན་ཤིན་ཏུ་ཟབ་མོ་སྔོན་མ་ཐོས་པ་མདོ་སྡེ་འདིའི་རྐྱེན་གྱིས་ཡོངས་སུ་ཐོས་པར་གྱུར་ཏོ། །སྔོན་ཅུང་ཟད་ཡོད་པའང་མིང་ཙམ་ཐོས་ཏེ། ད་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་ལས་གདོད་དོན་ཐོས་པར་གྱུར་ཏོ། །ཉན་ཐོས་དང་རང་སངས་རྒྱས་ནི་མདོ་སྡེ་སྡེ་བཅུ་གཉིས་ཀྱི་མིང་འབའ་ཞིག་ཐོས་ཀྱི་དོན་མི་ཐོས་སོ། །ད་མདོ་སྡེ་འདི་ལས་ཡོངས་སུ་རྫོགས་པར་ཐོས་པར་གྱུར་པས་མ་ཐོས་པ་ཐོས་པ་ཞེས་བྱའོ། །རིགས་ཀྱི་བུ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མདོ་སྡེ་ལས་སངས་རྒྱས་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་དང ། མཐར་འགོག་པ་
Kha5b
པ་མ་ཡིན་པ་དང ། དཀོན་མཆོག་གསུམ་དང ། སངས་རྒྱས་ཀྱི་རང་བཞིན་ཁྱད་པར་གྱི་མཚན་ཉིད་མེད་པ་དང ། རྩ་བ་བཞི་ཉམས་པ་དང ། ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་སྐུར་བ་དང ། མཚམས་མེད་པ་ལྔའི་ཁ་ན་མ་ཐོ་བ་བྱས་པ་དང ། ལོག་སྲེད་ཅན་ཐམས་ཅད་ལའང་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་དེ་རིང་མདོ་སྡེ་འདི་ལས་ཐོས་པར་གྱུར་པས་མ་ཐོས་པ་ཐོས་པ་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྣང་བ་མཐོ་བ་བཙུན་དཔལ་གྱི་རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྩ་བ་བཞི་ཉམས་པ་དང ། ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་སྐུར་པ་དང ། མཚམས་མེད་པ་ལྔའི་ཁ་ན་མ་ཐོ་བ་བགྱིས་པ་དང ། ལོག་སྲེད་ཅན་ལ་སོགས་པ་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་ན་དེ་དག་ཅི་སྟེ་ཡང་སེམས་ཅན་དམྱལ་བར་ལྟུང་བར་འགྱུར། བཅོམ་ལྡན་འདས། གལ་ཏེ་དེ་དག་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་ནའང་ཅིའི་སླད་དུ་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་མ་མཆིས་ཞེས་གསུངས། བཅོམ་ལྡན་འདས། གང་དགེ་བའི་རྩ་བ་ཡོངས་སུ་བཅད་པ་དེ་ལ་ལོག་སྲེད་ཅན་ཞེས་བགྱི་ན།་དགེ་བའི་རྩ་བ་བཅད་པའི་ཚེ། སངས་རྒྱས་ཀྱི་རང་བཞིན་ཅིའི་སླད་དུ་མ་བཅད། སངས་རྒྱས་ཀྱི་རང་བཞིན་ཅི་སྟེ་བཅད་ན་ཅིའི་སླད་དུ་རྟག་པ་དང ། བདེ་བ་དང ། བདག་
Kha6a
༄#། །དང་ཡོངས་སུ་དག་པའོ་ཞེས་གསུངས། དེ་སྟེ་མ་བཅད་པ་ཞིག་ལགས་ན་ཅིའི་སླད་དུ་ལོག་སྲེད་ཅན་ཞེས་གདགས། བཅོམ་ལྡན་འདས། རྩ་བ་བཞི་ཉམས་པ་ནི་མ་ངེས་པ་ཞེས་བགྱིའོ། །ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་སྐུར་བ་དང ། མཚམས་མེད་པ་ལྔའི་ཁ་ན་མ་ཐོ་བ་བགྱིས་པ་དང ། ལོག་སྲེད་ཅན་ཡང་མ་ངེས་པའོ། །གལ་ཏེ་དེ་དག་ངེས་པ་ཞིག་ལགས་ན་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར། རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་དུའང་མ་ངེས་པའོ། །གལ་ཏེ་རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་དུ་ངེས་པ་ལགས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པའི་ཡང་མི་རིགས་སོ། །བཅོམ་ལྡན་འདས། གལ་ཏེ་རྩ་བ་བཞི་ཉམས་པ་མ་ངེས་པ་ལགས་ན། རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་དུའང་མ་ངེས་སོ། །དེ་ལྟར་དེ་དག་མ་ངེས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱང་མ་ངེས་སོ། །གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་མ་ངེས་ན་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཀྱང་མ་ངེས་ཏེ། ཆོས་ཐམས་ཅད་ཀྱི་བར་དུའང་མ་ངེས་སོ། །ཇི་ལྟར་དེ་མ་ངེས་ཤེ་ན། གལ་ཏེ་ལོག་སྲེད་ཅན་དག་ལོག་སྲེད་ཅན་གྱི་ལས་སྤངས་པས་མངོན་པར་འཚང་རྒྱ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་དེ་ལྟར་
Kha6b
ཡོངས་སུ་མྱ་ངན་ལས་འདས་ནས་སླར་ཡང་བྱུང་སྟེ། ཡོངས་སུ་མྱ་ངན་ལས་འདའ་བར་མི་འཇུག་པའི་རིགས་སོ། །གལ་ཏེ་དེ་ལྟ་བུ་ལགས་ན་མྱ་ངན་ལས་འདས་པའི་རང་བཞིན་ཡང་མ་ངེས་པར་འགྱུར་རོ། །དེ་ལྟར་མ་ངེས་པས་ན་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་མ་མཆིས་པར་རིག་ན། ཅིའི་སླད་དུ་ལོག་སྲེད་ཅན་དག་ལ་སོགས་པ་མྱ་ངན་ལས་འདའ་བ་ཐོབ་པར་འགྱུར་ཞེས་གསུངས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྣང་བ་མཐོ་བཙུན་དཔལ་གྱི་རྒྱལ་པོ་ལ་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་སེམས་ཅན་ཚད་མེད་པ་སྙེད་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་འཇིག་རྟེན་ལ་བྱམས་ཤིང་སྙིང་བརྩེ་བ་དང ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དག་གོང་ནས་གོང་དུ་འཕར་བར་བྱ་བའི་ཕྱིར་དེ་ལྟ་བུ་དག་དྲིས་པ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ནི་སྔོན་འདས་པའི་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་པ་རྣམས་ལ་བསྙེན་བཀུར་བྱས་ཤིང་སངས་རྒྱས་དེ་དག་ལས་དགེ་བའི་རྩ་བ་རྣམས་བསྐྲུན་པའོ། །ཡུན་རིང་པོ་ནས་བྱང་ཆུབ་ཀྱི་ཡོན་ཏན་སྒྲུབ་ཅིང་བདུད་ཀྱི་འཁོར་བཅོམ་ནས་རྣམ་པར་བཤིག་པའོ། །སེམས་ཅན་ཚད་མེད་མཐའ་ཡས་པ་སྙེད་ཀྱི་དོན་བྱས་ནས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་པའོ། །
Kha7a
༄#། །ཡུན་རིང་པོ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་ཏེ་གསུངས་པའི་སྙིང་པོ་ཤིན་ཏུ་ཟབ་མོ་རྟོགས་པའོ། །འདས་པའི་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་ཚད་མེད་པ། མཐའ་ཡས་པ་སྙེད་ལ་ཤིན་ཏུ་ཟབ་མོའི་དོན་དམ་པ་འདི་དག་ཞུས་ཏེ། ངས་འཇིག་རྟེན་ཐམས་ཅད་ན་ལྷའམ། མིའམ། དགེ་སྦྱོང་ངམ། བྲམ་ཟེའམ། བདུད་དམ། ཚངས་པ་ལ་སོགས་པ་གང་གིས་ཀྱང་དེ་བཞིན་གཤེགས་པ་ལ་དོན་འདི་དག་ཞུ་བ་གཅིག་ཀྱང་མ་མཐོང་ངོ ། །ད་ཁྱོད་ཀྱིས་རབ་ཏུ་ཡིད་ལ་བྱས་ཏེ་ཤིན་ཏུ་བརྟགས་པར་ཉོན་ཅིག་དང་ངས་རྣམ་པར་ཕྱེ་སྟེ་བསྟན་པར་བྱའོ། །རིགས་ཀྱི་བུ། །ལོག་སྲེད་ཅན་ནི་ངེས་པ་མ་ཡིན་ནོ། །གལ་ཏེ་ངེས་པ་ཞིག་ཡིན་ན་ལོག་སྲེང་ཅན་དེས་ནམ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ། །མ་ངེས་པའི་ཕྱིར་ཐོབ་པ་ཡིན་ཏེ། དེ་བས་ན་སངས་རྒྱས་ཀྱི་རང་བཞིན་མ་བཅད་ན་ཅིའི་ཕྱིར་ལོག་སྲེད་ཅན་ཞེས་བྱ།་དགེ་བའི་རྩ་བ་བཅད་པ་ནི། རིགས་ཀྱི་བུ། དགེ་བའི་རྩ་བ་ལ་རྣམ་པ་གཉིས་ཏེ། ནང་དང ། ཕྱི་རོལ་ལོ། །སངས་རྒྱས་ཀྱི་རང་བཞིན་ནི་ནང་མ་ཡིན། །ཕྱི་རོལ་མ་ཡིན་ཏེ། དེ་བས་ན་སངས་རྒྱས་ཀྱི་རང་བཞིན་ནི་མ་བཅད་པའོ། །ཡང་རྣམ་པ་གཉིས་ཏེ། ཟག་པ་དང་བཅས་པ་དང ། ཟག་པ་མེད་པའོ། །སངས་རྒྱས་ཀྱི་རང་བཞིན་ནི་ཟག་པ་དང་བཅས་པ་མ་
Kha7b
ཡིན།་ཟག་པ་མེད་པ་མ་ཡིན་ཏེ། དེ་བས་ན་མ་བཅད་པའོ། །ཡང་རྣམ་པར་གཉིས་ཏེ། རྟག་པ་དང ། མི་རྟག་པའོ། །སངས་རྒྱས་ཀྱི་རང་བཞིན་ནི་རྟག་པ་མ་ཡིན། །མི་རྟག་པ་མ་ཡིན་ཏེ། དེ་བས་ན་མ་བཅད་པའོ། །གལ་ཏེ་བཅད་པ་ཡིན་ན་ཕྱིར་ཡང་ཐོབ་པར་རིགས་སོ། །ཕྱིར་མི་ཐོབ་ན་མ་བཅད་པ་ཞེས་བྱ་སྟེ། གང་བཅད་ནས་ཐོབ་པ་ནི་ལོག་སྲེད་ཅན་ཞེས་བྱའོ། །རྩ་བ་བཞི་ཉམས་པའང་མ་ངེས་པའོ། །གལ་ཏེ་ངེས་པ་ཞིག་ཡིན་ན་རྩ་བ་བཞི་ཉམས་པ་དག་ནམ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ། །ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་སྐུར་བའང་མ་ངེས་པའོ། །གལ་ཏེ་ངེས་པ་ཞིག་ན་དམ་པའི་ཆོས་ལ་སྐུར་བ་དག་ནམ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ། །མཚམས་མེད་པ་ལྔའི་ཁ་ན་མ་ཐོ་བ་བྱས་པའང་མ་ངེས་པའོ། གལ་ཏེ་ངེས་པ་ཞིག་ཡིན་ན་མཚམས་མེད་པ་ལྔ་བྱས་པ་དག་ནམ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ། ། གཟུགས་དང་གཟུགས་ཀྱི་མཚན་ཉིད་གཉི་ག་མ་ངེས་པའོ། །དྲི་དང ། རོ་དང ། རེག་བྱའི་མཚན་ཉིད་དང ། སྐྱེ་བའི་མཚན་ཉིད་ནས་མ་རིག་པའི་མཚན་ཉིད་ཀྱི་བར་དང ། ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ཀྱི་མཚན་ཉིད་དང ། སྲིད་པ་ཉི་ཤུ་རྩ་ལྔ་དང ། སྐྱེ་བ་བཞི་དང ། ཆོས་ཐམས་ཅད་ཀྱི་བར་དུ་ཐམས་ཅད་མ་ངེས་པའོ། །རིགས་ཀྱི་བུ། །དཔེར་ན། སྒྱུ་མ་མཁན་
Kha8a
༄#། །གྱིས་འཁོར་མང་པོའི་ནང་དུ་ཚོགས་རྣམ་པ་བཞི་སྟེ། ཤིང་རྟའི་ཚོགས་དང ། རྐང་ཐང་དང ། བལ་གླང་དང ། རྟའི་ཚོགས་དང ། སེ་མོ་དོ་དང ། ལུས་བརྒྱན་པའི་ཡོ་བྱད་རྣམས་དང ། གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། རི་དང ། ནགས་ཚལ་དང ། ཤིང་དང ། ཆུ་མིག་དང ། མཚེའུ་དང ། འབབ་ཆུ་དང ། ཁྲོན་པ་དག་སྤྲུལ་པ་ལས་འཁོར་དེ་དག་གི་ནང་ན། བུས་པ་ཤེས་པ་མེད་པ་དག་དེ་མཐོང་ནས་ཀུན་བདེན་པར་འཛིན་ཏོ། །མཁས་པ་ཤེས་རབ་ཅན་དག་གིས་ནི་བདེན་པ་མ་ཡིན་ཏེ། སྒྱུ་མའི་མཐུས་མིའི་མིག་སླུ་བར་ཤེས་སོ། །རིགས་ཀྱི་བུ། སོ་སོའི་སྐྱེ་བོ་ནས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བར་དུ་ཆོས་ཐམས་ཅད་ལ་ངེས་པའི་མཚན་ཉིད་དུ་མཐོང་བའང་དེ་དང་འདྲའོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་ཐམས་ཅད་ལ་ངེས་པའི་མཚན་ཉིད་དུ་མི་མཐོང་ངོ ། །རིགས་ཀྱི་བུ། དཔེར་ན། བུས་པ་དག་དབྱར་གྱི་སྨིག་རྒྱུ་བ་མཐོང་ནས་ཆུ་ཡིན་ནོ་སྙམ་སེམས་སོ། །མཁས་པ་ཤེས་རབ་ཅན་དག་གིས་ནི་སྨིག་རྒྱུ་བ་དེ་ལ་ཡང་དག་པར་ཆུ་ཡིན་པར་མི་འཛིན་ཏེ། ཡང་དག་པ་མ་ཡིན་པའི་སྨིག་རྒྱུ་བ་མིའི་མིག་སླུ་བ་ཡིན་ཏེ། ཡང་དག་པར་ཆུ་མ་ཡིན་པར་ཤེས་པའོ། །སོ་སོའི་སྐྱེ་བོ་ཐམས་ཅད་དང ། ཉན་ཐོས་དང་རང་དང་རྒྱས་དག་གིས་ཆོས་ཐམས་ཅད་མཐོང་བའང་དེ་དང་འདྲ་སྟེ།
Kha8b
ཐམས་ཅད་ཡང་དག་པ་ཡིན་པར་འཛིན་ཏོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་ལ་ངེས་པའི་མཚན་ཉིད་དུ་མི་བལྟའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། བྲག་གི་དྲུང་དུ་སྐད་ཕྱུང་བས་བྲག་ཅ་བྱུང་ན་བུས་པ་མ་རབས་དག་གིས་ཐོས་ནས་སྒྲ་ཡང་དག་པ་ཡིན་པར་འཛིན་ཏོ། །མཁས་པ་ཤེས་རབ་ཅན་གྱིས་ནི་ངེས་པ་ཡང་དག་པ་མ་ཡིན་པར་ཤེས་ཏེ། སྒྲའི་མཚན་ཉིད་ཙམ་གྱིས་རྣ་བའི་རྣམ་པར་ཤེས་པ་སླུ་བར་ཤེས་སོ། །རིགས་ཀྱི་བུ། སོ་སོའི་སྐྱེ་བོ་དང ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ནི་ཆོས་ཐམས་ཅད་ལ་དེ་ལྟར་ངེས་པའི་མཚན་ཉིད་ཡོད་པར་བལྟའོ། །བྱང་ཆུབ་སེམས་དཔའ་དག་ནི་ཆོས་ཐམས་ཅད་ལ་ངེས་པའི་མཚན་ཉིད་མེད་པར་རབ་ཏུ་རྟོགས་པས་མི་རྟག་པའི་མཚན་ཉིད་དང ། སྟོང་པ་ཞི་བ་ལ་སོགས་པའི་མཚན་ཉིད་དང ། སྐྱེ་བ་དང་འགག་པ་མེད་པའི་མཚན་ཉིད་དུ་མཐོང་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ནི་ཆོས་ཐམས་ཅད་མི་རྟག་པའི་མཚན་ཉིད་དུ་མཐོང་ངོ ། །རིགས་ཀྱི་བུ། ངེས་པའི་མཚན་ཉིད་ཀྱང་ཡོད་དོ། །ངེས་པ་གང་ཞེ་ན། རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པའོ། །ཅི་ལ་གནས་ཤེ་ན། མྱ་ངན་ལས་འདས་པའོ། །རིགས་ཀྱི་བུ། རྒྱུན་དུ་ཞུགས་པའི་འབྲས་བུ་ཡང་མ་ངེས་པའོ། །དེ་ལྟར་མ་ངེས་པའི་ཕྱིར་བསྐལ་པ་བརྒྱད་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་
Kha9a
༄#། །པའི་བྱང་ཆུབ་ཀྱི་སེམས་ཐོབ་བོ། །ལན་གཅིག་ཕྱིར་ལྡོག་པའི་འབྲས་བུའང་མ་ངེས་པའོ། །དེ་ལྟར་མ་ངེས་པའི་ཕྱིར་བསྐལ་པ་དྲུག་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཐོབ་བོ། །ཕྱིར་མི་ལྡོག་པའི་འབྲས་བུའང་མ་ངེས་པའོ། །དེ་ལྟར་མ་ངེས་པས་བསྐལ་པ་བཞི་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཐོབ་བོ། །དགྲ་བཅོམ་པའི་འབྲས་བུའང་མ་ངེས་པའོ། །དེ་ལྟར་མ་ངེས་པའི་ཕྱིར་བསྐལ་པ་ཉི་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཐོབ་བོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱང་མ་ངེས་པ་སྟེ། དེ་ལྟར་མ་ངེས་པའི་ཕྱིར་བསྐལ་པ་སྟོང་ཕྲག་བཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཐོབ་བོ། །རིགས་ཀྱི་བུ། དེང་དེ་བཞིན་གཤེགས་པ་གྲོང་ཁྱེར་རྩཝ་མཆོག་འདིར་སཱ་ལ་ཤིང་དྲུང་གི་བར་དུ་སེང་གེའི་གདན་ལ་བསྙེས་ཤིང་གཟིམས་ཏེ་མྱ་ངན་ལས་འདའ་བར་འཇུག་ཏུ་ཉེ་བ་ན་དགྲ་བཅོམ་པའི་འབྲས་བུ་མ་ཐོབ་པའི་ཉེ་གནས་མང་པོ་དང ། གྱད་སྟོབས་པོ་ཆེ་ལ་སོགས་པས་མྱ་ངན་ཆེན་པོ་བསྐྱེད་པ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟ་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་ལ་སོགས་པས་མཆོད་པ་ཆེན་པོ་རབ་ཏུ་མཆོད་པ་དང ། སྐྱེ་བོ་མང་པོས་རས་ཡུག་སྟོང་གིས་སྐུ་དཀྲིས་ནས་
Kha9b
རིན་པོ་ཆེ་སྣ་བདུན་གྱིས་སྒྲོམ་བྱས་ཏེ། མར་བསུང་ཅན་གྱིས་ཡོངས་སུ་བཀང་ནས་ཤིང་བསུང་ཅན་རྣམས་བརྩིགས་ཏེ། ཞུགས་ལ་བཞེན་པ་རྣམ་པ་གཉིས་ཚིག་པར་མི་འགྱུར་རོ། ། གང་ཞེ་ན། སྐུ་ཉིད་ལ་རེག་པ་དང ། ནང་གི་ཕྱི་རིམ་མོ། །སེམས་ཅན་ཐམས་ཅད་ལ་རིང་བསྲེལ་ཆ་བརྒྱད་དུ་བགོ་བར་བསྟན་པ་ལ་ཉན་ཐོས་ཀྱི་ཉེ་གནས་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་སྨྲས་ཏེ། དེ་བཞིན་གཤེགས་པ་ནི་ངེས་པར་ཡོངས་སུ་མྱ་ངན་ལས་མ་འདས་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་རྟག་ཏུ་གནས་པ་མི་འགྱུར་མི་འཕོ་བའོ། །དེ་ལྟ་བས་ན་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའང་མ་ངེས་པའོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི་མ་ངེས་པར་རིག་པར་བྱ་སྟེ། འདི་ལྟར་དེ་བཞིན་གཤེགས་པ་ནི་ལྷ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་མ་རྣམ་པ་བཞི་སྟེ། འཇིག་རྟེན་གྱི་ལྷ་དང ། སྐྱེ་བའི་ལྷ་དང ། རྣམ་པར་དག་པའི་ལྷ་དང ། དོན་གྱི་ལྷའོ། །འཇིག་རྟེན་གྱི་ལྷ་ཞེས་བྱ་བ་ནི་རྒྱལ་པོ་རྣམས་ལྟ་བུའོ། །སྐྱེ་བའི་ལྷ་ཞེས་བྱ་བ་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷའི་བར་དུ་སྐྱེས་པའོ། །རྣམ་པར་དག་པའི་ལྷ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་དེ་དག་གོ། །དོན་གྱི་ལྷ་ཞེས་བྱ་བ་ནི་ས་བཅུ་པའི་བྱང་ཆུབ་སེམས་
Kha10a
༄#། །དཔའ་སེམས་དཔའ་ཆེན་པོ་དེ་དག་གོ་།ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ས་བཅུ་པ་དེ་ལ་དོན་གྱི་ལྷ་ཞེས་བྱ་ཞེ་ན། ཆོས་ཐམས་ཅད་ཀྱི་དོན་ལ་ཤིན་ཏུ་མཁས་པའི་ཕྱིར་རོ། །དོན་ཞེས་བྱ་བ་ནི་ཇི་ལྟ་བུ་ཞེ་ན། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དོན་དུ་མཐོང་བའོ། །རིགས་ཀྱི་བུ། །དེ་བཞིན་གཤེགས་པའི་པ་ནི་རྒྱལ་པོ་མ་ཡིན། །རྒྱལ་ཆེན་བཞི་ནས་འདུ་ཤེས་མེད་འདུ་ཞེས་མེད་མིན་གྱི་བར་དུ་མ་ཡིན། །རྒྱུ་ནྡུ་ཞུགས་པ་ནས་རང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ས་བཅུ་པའི་བར་དུ་མ་ཡིན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་ལྷ་མ་ཡིན་ནོ། །འོན་ཀྱང་སེམས་ཅན་རྣམས་ཀྱིས་སངས་རྒྱས་ལ་ལྷའི་ལྷའོ་ཞེས་བརྗོད་དེ། །དེ་བས་ན་དེ་བཞིན་གཤེགས་པ་ནི་ལྷ་མ་ཡིན། །ལྷ་མ་ཡིན་པའང་མ་ཡིན། མི་མ་ཡིན། །མི་མ་ཡིན་པའང་མ་ཡིན། །སྲིན་པོ་མ་ཡིན། སྲིན་པོ་མ་ཡིན་པའང་མ་ཡིན། །སེམས་ཅན་དམྱལ་བ་དང ། བྱོལ་སོང་དང ། ཡི་དགས་མ་ཡིན། །སེམས་ཅན་དམྱལ་བ་དང ། བྱོལ་སོང་དང ། ཡི་དྭགས་མ་ཡིན་པའང་མ་ཡིན། སེམས་ཅན་མ་ཡིན། །སེམས་ཅན་མ་ཡིན་པའང་མ་ཡིན། །ཆོས་མ་ཡིན། །ཆོས་མ་ཡིན་པའང་མ་ཡིན།་གཟུགས་མ་ཡིན། །གཟུགས་མ་ཡིན་པའང་མ་ཡིན། རིང་པོ་མ་ཡིན། །རིང་པོ་མ་ཡིན་པའང་མ་ཡིན། །ཐུང་ངུ་མ་ཡིན། ཐུང་དུ་མ་ཡིན་པའང་མ་ཡིན། མཚན་ཉིད་མ་ཡིན་
Kha10b
མཚན་ཉིད་མ་ཡིན་པའང་མ་ཡིན། །སེམས་མ་ཡིན། །སེམས་མ་ཡིན་པའང་མ་ཡིན། །ཟག་པ་དང་བཅས་པ་མ་ཡིན། །ཟག་པ་མེད་པ་མ་ཡིན། །འདུས་བྱས་མ་ཡིན། །འདུས་མ་བྱས་མ་ཡིན། །རྟག་པ་མ་ཡིན། །མི་རྟག་པ་མ་ཡིན། །སྒྱུ་མ་མ་ཡིན། །རྒྱུ་མ་མ་ཡིན་པ་མ་ཡིན། །མིང་མ་ཡིན། །མིང་མ་ཡིན་པ་མ་ཡིན། །ངེས་པ་མ་ཡིན། །ངེས་པ་མ་ཡིན་པ་མ་ཡིན། །ཡོད་པ་མ་ཡིན། །ཡོད་པ་མ་ཡིན་པ་མ་ཡིན། །མེད་པ་མ་ཡིན། མེད་པ་མ་ཡིན་པ་མ་ཡིན། །བརྗོད་པ་མ་ཡིན། །མི་བརྗོད་པ་མ་ཡིན། །དེ་བཞིང་ཤེགས་པ་མ་ཡིན། །དེ་བཞིན་གཤེགས་པ་མ་ཡིན་པ་མ་ཡིན་ཏེ། དེ་ལྟ་བས་ན་དེ་བཞིན་གཤེགས་པ་ནི་མ་ངེས་པའོ། །རིགས་ཀྱི་བུ། ཅིའི་ཕྱིར་དེ་བཞིན་གཤེགས་པ་ལ་འཇིག་རྟེན་གྱི་ལྷ་ཞེས་མི་གདགས་ཤེ་ན། འཇིག་རྟེན་གྱི་ལྷ་ནི་རྒྱལ་པོ་རྣམས་ཏེ། དེ་བཞིན་གཤེགས་པ་ནི་ཡུན་རིང་པོ་ནས་བསྐལ་པ་ཚད་མེད་པའི་བར་དུ་རྒྱལ་པོའི་ཐབས་བཏང་བས་དེ་བས་ན་རྒྱལ་པོ་མ་ཡིན་ནོ། །རྒྱལ་པོ་མ་ཡིན་པ་མ་ཡིན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་གྲོང་ཁྱེར་སེར་སྐྱར་རྒྱལ་པོ་ཟས་གཙང་མའི་ཁབ་ཏུ་སྐྱེས་པས་དེ་བས་ན་རྒྱལ་པོ་མ་ཡིན་པ་མ་ཡིན་ནོ། །སྐྱེ་བའི་ལྷ་མ་ཡིན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཡུན་རིང་པོ་ནས་སྲིད་པ་རྣམས་དང་བྲལ་བས་དེ་བས་ན་སྐྱེ་བའི་ལྷ་མ་ཡིན་ནོ། །སྐྱེ་བའི་ལྷ་མ་ཡིན་པ་མ་ཡིན་ཞེས་བྱ་བ་ནི་དགའ་ལྡན་གནམ་ནས་ཛམྦུའི་གླིང་དུ་བབས་པས་དེ་བས་
Kha11a
༄#། །ན་དེ་བཞིན་གཤེགས་པ་ནི་སྐྱེ་བའི་ལྷ་མ་ཡིན་པ་ཡང་མ་ཡིན་ནོ། །རྣམ་པར་དག་པའི་ལྷ་མ་ཡིན་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་དུ་མ་ཡིན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་རྣམ་པར་དག་པའི་ལྷ་མ་ཡིན་ནོ། །རྣམ་པར་དག་པའི་ལྷ་མ་ཡིན་པ་མ་ཡིན་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མི་གོས་ཏེ། ཇི་ལྟར་པདྨོ་ལ་ཆུ་དང་རྡུལ་གྱིས་མི་གོས་པ་དང་འདྲ་བས་དེ་བས་ན་དེ་བཞིན་གཤེགས་པ་ནི་རྣམ་པར་དག་པའི་ལྷ་མ་ཡིན་པ་མ་ཡིན་ནོ། །དོན་གྱི་ལྷ་མ་ཡིན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་ས་བཅུ་པ་མ་ཡིན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་དོན་གྱི་ལྷ་མ་ཡིན་ནོ། །དོན་གྱི་ལྷ་མ་ཡིན་པ་མ་ཡིན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྟག་ཏུ་སྟོང་པ་རྣམ་པ་བཅོ་བརྒྱད་ལ་ནན་ཏན་མཛད་པས་དེ་བས་ན་དེ་བཞིན་གཤེགས་པ་ནི་དོན་གྱི་ལྷ་མ་ཡིན་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་མི་མ་ཡིན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཡུན་རིང་པོ་བསྐལ་པ་ཚད་མེད་པའི་བར་དུ་མིའི་སྲིད་པ་ཡོངས་སུ་སྤངས་པས་དེ་བས་ན་མི་མ་ཡིན་ནོ། །མི་མ་ཡིན་པའང་མ་ཡིན་ཞེས་བྱ་བ་ནི་གྲོང་ཁྱེར་སེར་སྐྱར་སྐྱེས་པས་དེ་བས་ན་མི་མ་ཡིན་པའང་མ་ཡིན་ནོ། །དེ་བཞིན་གཤེགས་པ་སྲིན་པོ་མ་ཡིན་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་མི་འཚེ་བའི་
Kha11b
ཕྱིར་དེ་བས་ན་སྲིན་པོ་མ་ཡིན་ནོ། སྲིན་པོ་མ་ཡིན་པ་མ་ཡིན་ཞེས་བྱ་བ་ནི་སྲིན་པོའི་གཟུགས་ལྟ་བུར་སྤྲུལ་ཞིང་སེམས་ཅན་དག་འདུལ་ཏེ། དེ་བས་ན་སྲིན་པོ་མ་ཡིན་པའང་མ་ཡིན་ནོ། ། ཇི་ལྟར་ན་དེ་བཞིན་གཤེགས་པ་སེམས་ཅན་དམྱལ་བ་དང ། བྱོལ་སོང་དང ། ཡི་དྭགས་མ་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཡུན་རིང་པོ་ནས་ངན་པར་ལྟ་བ་རྣམས་སྤངས་པས། དེ་བས་ན་སེམས་ཅན་དམྱལ་བ་དང ། བྱོལ་སོང་དང ། ཡི་དྭགས་མ་ཡིན་ནོ། །སེམས་ཅན་དམྱལ་བ་དང ། བྱོལ་སོང་དང ། ཡི་དྭགས་མ་ཡིན་པའང་མ་ཡིན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་སེམས་ཅན་གདུལ་བའི་ཕྱིར་ངན་སོང་གསུམ་དུའང་མངོན་དུ་གཤེགས་ཏེ། དེ་བས་ན་སེམས་ཅན་དམྱལ་བ་དང ། བྱོལ་སོང་དང ། ཡི་དྭགས་མ་ཡིན་པའང་མ་ཡིན་ནོ། ། སེམས་ཅན་མ་ཡིན་པ་ཞེས་བྱ་བ་ནི་ཡུན་རིང་པོ་ནས་སེམས་ཅན་གྱི་རང་བཞིན་སྤངས་པས་དེ་བས་ན་དེ་བཞིན་གཤེགས་པ་ནི་སེམས་ཅན་མ་ཡིན་ནོ། །སེམས་ཅན་མ་ཡིན་པའང་མ་ཡིན་ཞེས་བྱ་བ་ནི་ཆེད་འགའ་ཆེད་འགྲའི་དུས་ན་སེམས་ཅན་གྱི་མཚན་ཉིད་ཀྱང་གསུང་བས་དེ་བས་ན་དེ་བཞིན་གཤེགས་པ་ནི་སེམས་ཅན་མ་ཡིན་པའང་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཆོས་མ་ཡིན་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ནི་སོ་སོ་ནས་ཐ་དད་པའི་མཚན་ཉིད་ཡོད་ལ། དེ་བཞིན་གཤེགས་པ་ནི་དེ་ལྟ་བུ་མ་ཡིན་ཏེ། མཚན་ཉིད་གཅིག་ཏུ་ཟད་པས་དེ་བས་ན་
Kha12a
༄#། །ཆོས་མ་ཡིན་ནོ། །ཆོས་མ་ཡིན་པའང་མ་ཡིན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་ཡིན་ཏེ། དེ་བས་ན་ཆོས་མ་ཡིན་པའང་མ་ཡིན་ནོ། །དེ་བཞིན་གཤེགས་པ་གཟུགས་མ་ཡིན་ཞེས་བྱ་བ་ནི་གཟུགས་ཀྱི་སྐྱེ་མཆེད་རྣམ་པ་བཅུ་ལ་མ་གཏོགས་ཏེ། དེ་བས་ན་གཟུགས་མ་ཡིན་ནོ། །གཟུགས་མ་ཡིན་པའང་མ་ཡིན་ཞེས་བྱ་བ་ནི་སྐུ་ལ་མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུ་མངའ་བས་དེ་བས་ན་གཟུགས་མ་ཡིན་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་རིང་པོ་མ་ཡིན་ཞེས་བྱ་བ་ནི་གཟུགས་ཐམས་ཅད་ཡོངས་སུ་བཅད་པས་དེ་བས་ན་རིང་པོ་མ་ཡིན་ནོ། །རིང་པོ་མ་ཡིན་པའང་མ་ཡིན་ཞེས་བྱ་བ་ནི་འཇིག་རྟེན་ཐམས་ཅད་ཀྱིས་སྤྱི་གཙུག་གི་མཚན་མི་མཐོང་བས་དེ་བས་ན་རིང་པོ་མ་ཡིན་པའང་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཐུང་ངུ་མ་ཡིན་ཞེས་བྱ་བ་ནི་ཡུན་རིང་པོ་ནས་ང་རྒྱལ་དང་དྲེགས་པའི་ཀུན་ནས་ཉོན་མོངས་པ་སྤངས་པས་དེ་བས་ན་ཐུང་ངུ་མ་ཡིན་ནོ། ། ཐུང་ངུ་མ་ཡིན་པའང་མ་ཡིན་ཞེས་བྱ་བ་ནི་ཁྱིམ་བདག་ཀུ་ཤི་ལ་ཞེས་པ་ལ་སྐུ་མཐོ་གསུམ་པ་བསྟན་པས་དེ་བས་ན་ཐུང་ངུ་མ་ཡིན་པའང་མ་ཡིན་ནོ། །དེ་བཞིན་གཤེགས་པ་མཚན་ཉིད་མ་ཡིན་པ་ཞེས་བྱ་བ་ནི་ཡུན་རིང་པོ་ནས་མཚན་ཉིད་རྣམས་དང་བྲལ་བས་དེ་བས་ན་མཚན་ཉིད་མ་ཡིན་ནོ། །མཚན་ཉིད་མ་ཡིན་པའང་མ་ཡིན་ཞེས་བྱ་བ་ནི་མཚན་ཉིད་ཐམས་ཅད་
Kha12b
ལ་མཁས་ཤིང་རྟོགས་པའི་ཕྱིར་དེ་བས་ན་མཚན་ཉིད་མ་ཡིན་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་སེམས་མ་ཡིན་པ་ཞེས་བྱ་བ་ནི་ནམ་མཁའི་མཚན་ཉིད་ཡིན་པས་དེ་བས་ན་སེམས་མ་ཡིན་ནོ། །སེམས་མ་ཡིན་པའང་མ་ཡིན་ཞེས་བྱ་བ་ནི་སྟོབས་བཅུའི་ཆོས་ཀྱི་སེམས་མངའ་བ་དང ། གཞན་གྱི་སེམས་ཀྱང་མཁྱེན་པས་དེ་བས་ན་སེམས་མ་ཡིན་པ་ཡང་མ་ཡིན་ནོ། །དེ་བཞིན་གཤེགས་པ་འདུས་བྱས་མ་ཡིན་པ་ཞེས་བྱ་བ་ནི་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པས་དེ་བས་ན་འདུས་བྱས་མ་ཡིན་ནོ། །འདུས་མ་བྱས་མ་ཡིན་ཞེས་བྱ་བ་ནི་འོང་བ་དང ། སོང་བ་དང ། འདུག་པ་དང ། ཉལ་བ་ཡོད་དོ། །ཡོངས་སུ་མྱ་ངན་ལས་འདའ་བའང་བསྟན་པས་དེ་བས་ན་འདུས་མ་བྱས་མ་ཡིན་ནོ། །དེ་བཞིན་གཤེགས་པ་རྟག་པ་མ་ཡིན་པ་ཞེས་བྱ་བ་ནི་སྐུ་ཡན་ལག་དང་བཅས་པའི་ཕྱིར་དེ་བས་ན་རྟག་པ་མ་ཡིན་ནོ། །རྟག་པ་མ་ཡིན་པ་མ་ཡིན་ཞེས་བྱ་བ་ནི་ཤེས་པ་དང་བཅས་པའི་ཕྱིར་རོ། །རྟག་པའི་ཆོས་ནི་ཤེས་པ་མེད་པ་སྟེ། ཇི་ལྟར་ནམ་མཁའ་དང་འདྲའོ། །དེ་བཞིན་གཤེགས་པ་ནི་ཤེས་པ་དང་བཅས་པས་དེ་བས་ན་རྟག་པ་མ་ཡིན་ནོ། །ཇི་ལྟར་རྟག་པ་མ་ཡིན་ཞེ་ན། ཚིག་ཏུ་སྨྲ་བ་ཡོད་པའི་ཕྱིར་ཏེ། རྟག་པའི་ཆོས་ནི་ཚིག་ཏུ་སྨྲ་བ་མེད་པས་ནམ་མཁའ་དང་འདྲའོ། །དེ་བཞིན་གཤེགས་པ་ནི་ཚིག་ཏུ་སྨྲ་བ་དང་བཅས་པས་དེ་བས་ན་རྟག་པ་མ་ཡིན་ནོ། །རུས་དང་རིགས་ཡོད་པའི་ཕྱིར་མི་
Kha13a
༄#། །རྟག་པ་ཞེས་བྱའོ། །རུས་དང་རིགས་མེད་པ་ནི་རྟག་པ་ཞེས་བྱ་སྟེ། ནམ་མཁའ་ནི་རྟག་པ་ཡིན་པས་རུས་མེད་དོ། །དེ་བཞིན་གཤེགས་པའི་རུས་དང་རིགས་སུ་བཅས་ཏེ། གཽ་ཏ་མའི་རིགས་ཡིན་པས་དེ་བས་ན་མི་རྟག་གོ་།ཕ་མ་དང་བཅས་པའི་ཕྱིར་མི་རྟག་པ་ཞེས་བྱའོ། །ཕ་མ་མེད་པ་ནི་རྟག་པ་ཞེས་གདགས་ཏེ། ནམ་མཁའ་ནི་རྟག་པའི་ཕྱིར་ཕ་དང་མ་མེད་དོ། །དེ་བཞིན་གཤེགས་པ་ལ་ནི་ཕ་དང་མ་ཡོད་པས་དེ་བས་ན་མི་རྟག་པའོ། །སྤྱོད་ལམ་བཞི་དང་བཅས་པས་མི་རྟག་པ་ཞེས་བྱའོ། །སྤྱོད་ལམ་བཞི་མེད་པ་ནི་རྟག་པ་ཞེས་བྱ་སྟེ། ནམ་མཁའ་ནི་རྟག་པ་ཡིན་པས་སྤྱོད་ལམ་བཞི་མེད་དོ། །དེ་བཞིན་གཤེགས་པ་ནི་སྤྱོད་ལམ་བཞི་དང་བཅས་པས་དེ་བས་ན་མི་རྟག་གོ་།རྟག་ཏུ་གནས་པའི་ཆོས་ནི་གནས་དང་ཕྱོགས་མེད་དོ། །ནམ་མཁའ་ནི་རྟག་པ་ཡིན་པས་གནས་དང་ཕྱོགས་མེད་དེ། དེ་བཞིན་གཤེགས་པ་ནི་ཡུལ་ཤར་ཕྱོགས་སུ་བྱུང་སྟེ་།ཡུལ་མཉན་དུ་ཡོད་པ་དང ། རྒྱལ་པོའི་ཁབ་ན་གནས་པས་དེ་བས་ན་མི་རྟག་གོ་།དོན་དེ་ལྟ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པ་མ་ཡིན་ནོ། །མི་རྟག་པ་མ་ཡིན་ཞེས་བྱ་བ་ནི་སྐྱེ་བ་ཡོངས་སུ་བཅད་པའི་ཕྱིར་རོ། །གང་སྐྱེ་བ་དང་བཅས་པའི་ཆོས་ནི་མི་རྟག་པ་ཞེས་བྱ་སྟེ། གང་སྐྱེ་བ་མེད་པའི་ཆོས་ནི་རྟག་པའོ། །དེ་བཞིན་གཤེགས་པའང་སྐྱེ་བ་མེད་པས་ན་རྟག་པའོ། །
Kha13b
རྟག་པའི་ཆོས་ནི་རིགས་མེད་པ་སྟེ། གང་རིགས་དང་བཅས་པའི་ཆོས་ནི་མི་རྟག་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ནི་སྐྱེ་བ་མེད་པ། རིགས་མེད་པ་སྟེ། སྐྱེ་བ་དང་རིགས་མེད་པས་ན་རྟག་པའོ། །རྟག་པའི་ཆོས་ནི་ཐམས་ཅད་ཀུན་ཏུ་ཁྱབ་སྟེ། ཇི་ལྟར་ན་མཁའ་གནས་ཀུན་ཏུ་ཁྱབ་པ་བཞིན་ནོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་བར་ཀུན་ཏུ་ཁྱབ་པས་རྟག་པའོ། །མི་རྟག་པའི་ཆོས་ནི་གནས་འདི་ལ་ཡོད་ལ་གཞན་ན་མེད་དོ་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ནི་དེ་ལྟ་མ་ཡིན་ཏེ། གནས་འདི་ན་ཡོད་ལ་གཞན་ན་མེད་ཅེས་བརྗོད་དུ་མེད་དེ། དེ་བས་ན་རྟག་པའོ། །མི་རྟག་པའི་ཆོས་ནི་རེས་འགའ་ནི་ཡོད་པར་འགྱུར། རེས་འགའ་ནི་མེད་པར་འགྱུར་ཏེ། དེ་བཞིན་གཤེགས་པ་ནི་དེ་ལྟ་མ་ཡིན་ནོ། །རེས་འགའ་ཡོད་ལ་རེས་འགའ་མེད་པ་མ་ཡིན་ཏེ། དེ་བས་ན་རྟག་པའོ། །རྟག་ཏུ་གནས་པའི་ཆོས་ནི་མིང་དང་གཟུགས་མེད་དེ། ནམ་མཁའ་ནི་རྟག་པ་ཡིན་པས་མིང་དང་གཟུགས་མེད་དོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་བར་མིང་དང་གཟུགས་མེད་པས་དེ་བས་ན་རྟག་པའོ། །རྟག་ཏུ་གནས་པའི་ཆོས་ནི་རྒྱུ་དང་འབྲས་བུ་མེད་དེ། ནམ་མཁའ་ནི་རྟག་པ་ཡིན་པས་རྒྱུ་དང་འབྲས་བུ་མེད་དོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་བར་རྒྱུ་དང་འབྲས་བུ་མེད་དེ། དེ་བས་ན་རྟག་པའོ། །རྟག་ཏུ་གནས་པའི་ཆོས་ནི་དུས་གསུམ་ལ་མ་གཏོགས་ཏེ། དེ་བཞིན་གཤེགས་
Kha14a
༄#། །པའང་དེ་དང་འདྲ་བར་དུས་གསུམ་ལ་མ་གཏོགས་པས་དེ་བས་ན་རྟག་པའོ། །དེ་བཞིན་གཤེགས་པའང་སྒྱུ་མ་མ་ཡིན་པ་ཞེས་བྱ་བ་ནི་མི་བདེན་པའི་སེམས་ཅན་ཐམས་ཅད་ཡོངས་སུ་བཅད་པས་དེ་བས་ན་སྒྱུ་མ་མ་ཡིན་ནོ། །སྒྱུ་མ་མ་ཡིན་པའང་མ་ཡིན་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་རེས་འགའ་ནི་སྐུ་གཅིག་པུ་འདི་ལས་སྐུ་ཚད་མེད་པར་སྤྲུལ་པ་དང ། སྐུ་ཚད་མེད་པ་ཡང་སྐུ་གཅིག་ཏུ་མཛད་པ་དང ། རི་དང་བྲག་ལ་ཐོགས་པ་མེད་པར་འགྲོ་བ་དང ། ཆུ་ལ་ས་བཞིན་དུ་འགྲོ་བ་དང ། ས་ལ་ཆུ་ལྟ་བུར་ནུབ་པ་དང ། ནམ་མཁའ་ལ་བྱ་བ་བཞིན་དུ་འགྲོ་བ་དང ། སྐུ་ལ་མེའི་ཕུང་པོ་ཆེན་པོ་བཞིན་དུ་དུད་པ་འཐུལ་ཞིང་མེ་འབར་བ་དང ། སྤྲིན་དང་འབྲུག་སྒྲ་བསྒྲགས་ཏེ་སྒྲ་འཇིགས་སུ་རུང་བ་མཛད་པ་དང ། རེས་འགའ་ནི་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ཁང་པ་དང ། རི་དང ། ལྗོངས་དང ། ཤིང་ལ་སོགས་པར་འགྱུར་བ་དང ། རེས་འགའ་ནི་སྐུ་ཆེན་པོར་མཛད། རེས་འགའ་ནི་སྐུ་ཆུང་ངུར་མཛད་པ་དང ། རེས་འགའ་ནི་ཕོའི་གཟུགས་དང ། མོའི་གཟུགས་དང ། ཁྱེའུ་དང ། བུ་མོའི་གཟུགས་སྟོན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་སྒྱུ་མ་མ་ཡིན་པའང་མ་ཡིན་ནོ། །དེ་བཞིན་གཤེགས་པ་ངེས་པ་མ་ཡིན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་གྲོང་ཁྱེར་རྩཝ་མཆོག་ཏུ་སཱ་ལའི་ཤིང་དྲུང་
Kha14b
ན་ཡོངས་སུ་མྱ་ངན་ལས་འདས་པར་སྟོན་པས་དེ་བས་ན་ངེས་པ་མ་ཡིན་ནོ། །ངེས་པ་མ་ཡིན་པའང་མ་ཡིན་པ་ཞེས་བྱ་བ་ནི་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པས་ནི་དེ་བཞིན་གཤེགས་པ་ནི་ངེས་པ་མ་ཡིན་པའང་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཟག་པ་དང་བཅས་པ་མ་ཡིན་པ་ཞེས་བྱ་བ་ནི་ཟག་པ་རྣམ་པ་གསུམ་ཡོངས་སུ་བཅད་པས་ཟག་པ་དང་བཅས་པ་མ་ཡིན་ནོ། །ཟག་པ་གསུམ་ཞེས་བྱ་བ་ནི། འདོད་པའི་ཁམས་ཀྱི་ཉོན་མོངས་པ་ཐམས་ཅད་ལས་མ་རིག་པ་མ་གཏོགས་པ་ནི་འདོད་པའི་ཟག་པའོ། །གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་ཐམས་ཅད་ལས་མ་རིག་པ་མ་གཏོགས་པ་ནི་སྲིད་པའི་ཟག་པའོ། །ཁམས་གསུམ་གྱི་མ་རིག་པ་ནི་མ་རིག་པའི་ཟག་པ་སྟེ། དེ་བཞིན་གཤེགས་པས་དེ་དག་ཡོངས་སུ་བཅད་པས་ན་ཟག་པ་མ་ཡིན་ནོ། །གཞན་ཡང་བུས་པ་མ་རབས་སོ་སོའི་སྐྱེ་བོ་ཐམས་ཅད་ནི་སྲིད་པའི་ཟག་པ་མི་མཐོང་ངོ ། །ཇི་ལྟར་བུས་པ་མ་རབས་སོ་སོའི་སྐྱེ་བོས་སྲིད་པའི་ཟག་པ་མི་མཐོང་ཞེ་ན། བུས་པ་མ་རབས་སོ་སོའི་སྐྱེ་བོ་ཐམས་ཅད་ནི་མ་འོངས་པའི་དུས་ཀྱི་ཐེ་ཚོམ་གྱི་སེམས་ཅན་འདི་ལྟ་བུ་དང་བཅས་སོ། །འདི་ལྟར་མ་འོངས་པའི་དུས་ན་ལུས་ཐོབ་པར་འགྱུར་རམ། ཐོབ་པར་མི་འགྱུར་རམ། འདས་པའི་དུས་ན་ལུས་འདི་ཐོག་མ་ནས་ཡོད་པ་ཞིག་གམ། ཐོག་མ་ནས་མེད་པ་ཞིག་གམ། ད་ལྟར་གྱི་དུས་ན་ལུས་འདི་ཡོད་པ་མ་ཡིན་
Kha15a
༄#། །ནམ།་མེད་པ་མ་ཡིན་ནམ། བདག་ཅེས་བྱ་བ་ཡོད་ན་གཟུགས་ཡིན་ནམ། གཟུགས་མ་ཡིན་ནམ། གཟུགས་ཀྱང་ཡིན་ལ་གཟུགས་ཀྱང་མ་ཡིན་ནམ། གཟུགས་ཀྱང་མ་ཡིན་ལ་གཟུགས་མ་ཡིན་པའང་མ་ཡིན་ནམ། འདུ་ཤེས་སམ། འདུ་ཤེས་མ་ཡིན་ནམ། འདུ་ཤེས་ཀྱང་ཡིན་ལ་འདུ་ཤེས་ཀྱང་མ་ཡིན་ནམ། འདུ་ཤེས་ཀྱང་མ་ཡིན་ལ་འདུ་ཤེས་མ་ཡིན་པའང་མ་ཡིན་ནམ། ལུས་འདི་གཞན་དབང་ངམ། གཞན་མི་དབང་ངམ། གཞན་ཡང་དབང་ལ། གཞན་དབང་བ་ཡང་མ་ཡིན་ནམ། གཞན་ཡང་མི་དབང་ལ་གཞན་མི་དབང་བ་ཡང་མ་ཡིན་ནམ། སྲོག་ནི་ཡོད་ལ་ལུས་མེད་པ་ཞིག་གམ། ལུས་ནི་ཡོད་ལ་སྲོག་མེད་པ་ཞིག་གམ། ལུས་ཀྱང་ཡོད་ལ་སྲོག་ཀྱང་ཡོད་པ་ཞིག་གམ། ལུས་ཀྱང་མེད་ལ་སྲོག་ཀྱང་མེད་པ་ཞིག་གམ། ལུས་དང་སྲོག་རྟག་པ་ཡིན་ནམ། མི་རྟག་པ་ཡིན་ནམ། རྟག་པའང་ཡིན་ལ་མི་རྟག་པའང་ཡིན་ནམ། རྟག་པའང་མ་ཡིན་ལ་རྟག་པ་མ་ཡིན་པའང་མ་ཡིན་ནམ། ལུས་དང་སྲོག་འདི་དབང་སྒྱུར་གྱིས་བྱས་སམ། དུས་ཀྱིས་བྱས་སམ། རྒྱུ་མེད་པས་བྱས་སམ། འཇིག་རྟེན་གྱི་རང་བཞིན་གྱིས་བྱས་སམ། རྡུལ་ཕྲན་གྱིས་བྱས་སམ། ཆོས་དང་ཆོས་མ་ཡིན་པས་བྱས་སམ། སྐྱེས་བུས་བྱས་སམ། ཉོན་མོངས་པས་བྱས་སམ། ཕ་མས་བྱས་སམ། བདག་སེམས་
Kha15b
ལ་གནས་སམ། མིག་ལ་གནས་སམ། ལུས་ལ་ཁྱབ་པར་འཇུག་གམ། གཞན་ཞིག་ནས་འོངས་སམ། གང་དུ་འགྲོ་འམ། སྐྱེ་བ་ནི་སུ། འཆི་བ་ནི་སུ། བདག་ཅེས་བྱ་བ་འདས་པའི་དུས་ན་བྲམ་ཟེའི་རིགས་སམ། རྒྱལ་རིགས་སམ། རྗེའུ་རིགས་སམ། རིགས་ངན་གྱི་རིགས་སམ། མ་འོངས་པའི་དུས་ན་རིགས་ཇི་ལྟ་བུ་ཞིག་ཐོབ་པར་འགྱུར། བདག་གི་ལུས་འདི་སྔོན་འདས་པའི་དུས་ན་སྐྱེས་པ་ཡིན་ནམ། བུད་མེད་ཡིན་ནམ། བྱོལ་སོང་ཡིན་ནམ། གལ་ཏེ་བདག་གིས་སྲོག་བཅད་ན་ཁ་ན་མ་ཐོ་བའི་སྡིག་པ་ཡོད་པར་འགྱུར་རམ། ཁ་ན་མ་ཐོ་བའི་སྡིག་པ་མེད་པ་ནས་སྨྱོ་བའི་ཁུ་བ་འཐུང་བའི་བར་དུ་སྡིག་པར་འགྱུར་རམ། སྡིག་པ་མེད་པར་འགྱུར་རམ། བདག་ཉིད་ཀྱིས་བྱས་སམ། གཞན་གྱིས་བྱས་སམ། བདག་གིས་འབྲས་བུ་རྣམ་པར་སྨིན་པ་མྱོང་ངམ། ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་བར་འགྱུར་སྙམ་པའི་ཐེ་ཚོམ་དུ་ལྟ་བའི་ཉོན་མོངས་པ་ཚད་མེད་པའི་སེམས་ཅན་གྱི་སེམས་བསྒྲིབས་སོ། །ཐེ་ཚོམ་དུ་ལྟ་བའི་རྐྱེན་གྱིས་སེམས་རྣམ་པ་འདི་དྲུག་སྐྱེའོ། །གང་ཞེ་ན། ངེས་པར་བདག་ཡོད་དམ། ངེས་པར་བདག་མེད་པ་དང ། བདག་ཏུ་ལྟ་བ་དང ། བདག་དང་བདག་གིར་ལྟ་བ་དང ། བདག་མེད་པ་དང་བདག་མེད་པར་ལྟ་བ་དང ། བདག་གམ་བདག་གིས་བྱས་པ་དང ། བདག་གིས་མྱོང་བ་དང ། བདག་གིས་ཤེས་པ་སྟེ། དེ་དག་ནི་ངན་པར་ལྟ་བ་ཞེས་བྱའོ། །དེ་བཞིན་
Kha16a
༄#། །གཤེགས་པས་དེ་ལྟར་ལྟ་བ་དང་བཅས་པའི་ཟག་པ་ཚད་མེད་པ་སྙེད་རྩ་བ་ནས་བཏོན་པས་དེ་བས་ན་ཟག་པ་མ་ཡིན་ནོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་ལས་འཕགས་པའི་སྤྱད་པ་སྤྱོད་པའང་དེ་ལྟ་བུའི་ཟག་པ་རྣམས་ཡོངས་སུ་ཆོད་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་འཕགས་པའི་སྤྱད་པ་སྤྱོད་པས་དེ་བས་ན་ཟག་པ་མེད་པའོ། །རིགས་ཀྱི་བུ། བུས་པ་མ་རབས་ནི་དབང་པོ་ལྔ་ལེགས་པར་མི་སྡུད་པས་ཟག་པ་གསུམ་ཡོད་པར་འགྱུར་ཏེ། མི་དགེ་བས་ཁྲིད་ནས་མི་དགེ་བའི་གནས་སུ་འགྲོའོ། །རིགས་ཀྱི་བུ། དཔེར་ན། རྟ་རྒོད་ཁ་ལོ་མི་བདེ་བ་ལ་ཞོན་ན་ཉམ་ང་བ་དང་གཡང་སར་འགྲོའོ། །དབང་པོ་ལྔ་ལེགས་པར་སྡུད་མི་ནུས་པའང་དེ་དང་འདྲ་སྟེ། མྱ་ངན་ལས་འདས་པའི་དགེ་བའི་ལམ་དང་ཡོངས་སུ་བྲལ་ཞིང་མི་དགེ་བའི་གནས་སུ་ཕྱིན་པར་འགྲོའོ། །དཔེར་ན། བ་གླང་མ་རུངས་པ་མ་དུལ་བ་ལ་ལ་ལ་ཞིག་གིས་ཞོན་ན་བསམས་པ་བཞིན་དུ་འགྲོར་མི་བཏུབ་སྟེ། གྲོང་ཁྱེར་དང་བྲལ་ནས་གནས་དགོན་པར་འགྲོའོ། །དབང་པོ་ལྔ་སྡུད་མི་ནུས་པའང་དེ་དང་འདྲ་སྟེ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དང་བྲལ་ནས་འཁོར་བའི་དབྱེ་ཆེན་པོར་ཁྲིད་དོ། །རིགས་ཀྱི་བུ། དཔེར་ན། བློན་པོ་སྒྱུ་ཅན་ནི་རྒྱལ་པོ་ལ་ངན་དགུ་སྟོན་ནོ། །དབང་
Kha16b
པོ་ལྔ་སྒྱུ་ཅན་ཡང་དེ་དང་འདྲ་སྟེ། རྟག་ཏུ་སེམས་ཅན་ལ་ངན་པ་མི་དགེ་བ་ཚད་མེད་པ་སྙེད་སྟོན་ཏོ། །རིགས་ཀྱི་བུ། དཔེར་ན། བུས་པ་མ་རུངས་པ་ནི་སློབ་དཔོན་དང ། བླ་མ་དང ། ཕ་མས་སྟོན་པའི་ངག་མི་ཉན་ཏེ། མི་དགེ་བ་ཐམས་ཅད་བྱེད་དོ། །དབང་པོ་ལྔ་མ་དུལ་བའང་དེ་དང་འདྲ་སྟེ། སློབ་དཔོན་དང་བླ་མས་ལེགས་པར་སྟོན་པའི་ཚིག་མི་ཉན་ཏེ། སྡིག་པ་རྫོགས་པར་བྱེད་དོ། ། རིགས་ཀྱི་བུ། བུས་པ་མ་རབས་ནི་དབང་པོ་ལྔ་སྡུད་མི་ནུས་པས་རྟག་ཏུ་སེམས་ཅན་དམྱལ་བ་དང ། བྱོལ་སོང་དང ། ཡི་དྭགས་ཀྱིས་འཚེའོ། །གཞན་མི་རྒོད་དག་དགེ་བའི་མི་ལ་འཚེ་བ་བཞིན་ཏེ། རིགས་ཀྱི་བུ། བུས་པ་མ་རབས་དབང་པོ་ལྔ་སྡུད་མི་ནུས་པའང་ཡུལ་ལྔ་ལ་འཕྱར་ཞིང་གཡེང་ངོ ། །དཔེར་ན། རྫིའུ་དག་ཕྱུགས་ལེགས་པར་མི་སྐྱོང་སྟེ། ཞིང་ལ་འཇུག་པ་དང་འདྲ་བར་བུས་པ་མ་རབས་དབང་པོ་ལྔ་མི་སྡུད་པའང་རྟག་ཏུ་སྲིད་པ་རྣམས་ལ་གནས་ཏེ། སྡུག་བསྔལ་ཤིན་ཏུ་མང་ངོ ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱེད་ཅིང་འཕགས་པའི་སྤྱད་པ་སྤྱོད་པ་ན་དགེ་བའི་ཆོས་ཐམས་ཅད་ཐོབ་པར་བྱ་བའི་ཆོས་ཀྱི་ཕྱིར་རྟག་ཏུ་དབང་པོ་ལྔ་འདུལ་ཞིང་འདོད་ཆགས་དང།་ཞེ་སྡང་དང ། གཏི་མུག་དང ། ང་རྒྱལ་དང ། དྲེགས་པ་དང ། ཕྲག་དོག་ལ་ཤིན་ཏུ་འཇིགས་པར་བྱེད་དོ། །རིགས་ཀྱི་བུ། གང་དབང་པོ་ལྔ་ཤིན་ཏུ་སྲུང་བ་ན་སེམས་རབ་ཏུ་
Kha17a
༄#། །སྡུད་པར་འགྱུར་རོ། །གང་སེམས་སྡུད་པ་དེ་ནི་དབང་པོ་ལྔ་སྡུད་པར་འགྱུར་ཏེ། དཔེར་ན། ལ་ལ་ཞིག་གིས་རྒྱལ་པོ་ལ་སྲུང་བ་ནི་ཡུལ་སྲུང་བ་ཞེས་བྱའོ། ། གང་ཡུལ་སྲུང་བ་ནི་རྒྱལ་པོ་ལ་སྲུང་བ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་བར་གལ་ཏེ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་ཐོས་ན་ཤེས་རབ་ཐོབ་པར་འགྱུར་རོ། །ཤེས་རབ་ཐོབ་པའི་ཕྱིར་དབང་པོ་ལྔ་ལ་རྩེ་གཅིག་པར་འགྱུར་ཏེ། གལ་ཏེ་དྲན་པ་མི་འཕྲོ་ན་ཡང་དག་པའི་དྲན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དྲན་པའི་ཤེས་རབ་ཀྱི་ཕྱིར་རོ། །རིགས་ཀྱི་བུ། རྫིའུ་སྐྱོང་མཁས་པ་ནི་ཕྱུགས་ཞིང་ལ་ཤོར་ན་ཕྱིར་གློན་ཏེ་ཞིང་ཟ་བར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། དྲན་པའི་ཤེས་རབ་ཀྱི་དབང་པོ་ལྔ་སྲུང་ཞིང་སྡུད་པའི་རྐྱེན་གྱིས་ཀུན་ཏུ་འཕྲོ་བར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དྲན་པའི་ཤེས་རབ་ཡོད་པ་ནི་བདག་གི་མཚན་ཉིད་མི་མཐོང ། བདག་དང་བདག་གི་བའི་མཚན་ཉིད་མི་མཐོང ། སེམས་ཅན་དུ་མི་མཐོང ། སྤྱོད་པའི་དངོས་པོར་མི་མཐོང་སྟེ། ཆོས་ཐམས་ཅད་ཆོས་ཉིད་ཀྱི་མཚན་ཉིད་དང་མཐུན་པར་མཐོང་བས་ས་དང་གསེག་མ་དང་གྱོ་མོ་ལྟ་བུའི་མཚན་ཉིད་སྐྱེའོ། །ཇི་ལྟར་ཁང་པ་ནི་རྐྱེན་མང་པོ་ལས་སྐྱེས་ཏེ། གཅིག་ཏུ་ཆད་པའི་རང་བཞིན་
Kha17b
མེད་པ་དང་འདྲ་བར་སེམས་ཅན་རྣམས་ཀྱང་ཆེན་པོ་བཞི་དང ། ཕུང་པོ་ལྔ་ལས་བྱུང་བས་བརྟགས་ན་ངེས་པའི་མཚན་ཉིད་མེད་དོ། །ངེས་པའི་མཚན་ཉིད་མེད་པས་བྱང་ཆུབ་སེམས་དཔའ་དེ་དག་ཏུ་ཆགས་ཤིང་ཞེན་པ་མི་སྐྱེའོ། །བུས་པ་མ་རབས་སོ་སོའི་སྐྱེ་བོ་ཐམས་ཅད་ནི་སེམས་ཅན་ཡོད་པར་མཐོང་བས་ཉོན་མོངས་པ་སྐྱེ་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱེད་པ་ནི་དྲན་པའི་ཤེས་རབ་ཡོད་པས་སེམས་ཅན་རྣམས་ལ་ཆགས་ཤིང་ཞེན་པ་མི་སྐྱེད་དོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ལ་ནན་ཏན་བྱེད་པ་ནི་སེམས་ཅན་གྱི་མཚན་ཉིད་ལ་མི་ཆགས་ཏེ། ཆོས་རྣམ་པ་སྣ་ཚོགས་ཀྱི་མཚན་ཉིད་བྱེད་དོ། ། རིགས་ཀྱི་བུ། དཔེར་ན། རི་མོ་མཁན་གྱི་ཚོན་སྣ་ཚོགས་ལས་ཁྱེའུའམ། བུ་མོའམ། བ་ལང་ངམ། རྟའི་གཟུགས་རྣམ་པ་མང་པོ་བྲིས་ན་བུས་པ་མ་རབས་བློ་མེད་པ་དག་གིས་མཐོང་ནས།་ཁྱེའུ་དང་བུ་མོ་ལ་སོགས་པའི་མཚན་ཉིད་སྐྱེད་དོ། །རི་མོ་མཁན་གྱིས་ནི་ཁྱེའུ་དང་བུ་མོ་ལ་སོགས་པ་མེད་པར་རབ་ཏུ་རྟོགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། ཆོས་ཐ་དད་པའི་མཚན་ཉིད་ལ་མཚན་ཉིད་གཅིག་ཏུ་རྟོགས་པས་སེམས་ཅན་གྱི་མཚན་ཉིད་མི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དྲན་པའི་ཤེས་རབ་ཡོད་པའི་ཕྱིར་རོ། །
Kha18a
༄#། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱེད་པ་ནི་གལ་ཏེ་བུད་མེད་སྡུག་གུ་མཐོང་ན་ནམ་དུའང་འདོད་ཅིང་ཆགས་པའི་སེམས་མི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། མཚན་ཉིད་ཤིན་ཏུ་རྟོགས་པའི་ཕྱིར་རོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདོད་པ་ལྔ་ལ་དགའ་བ་དང ། བདེ་བ་མེད་པ་དང ། སྐད་ཅིག་མི་གནས་པ་དང ། ཇི་ལྟར་ཁྱིས་ཀེང་རུས་འཆའ་བ་དང ། མེ་སྒྲོན་ཐོགས་ཏེ་རླུང་ཕྱོགས་སུ་འགྲོ་བ་དང ། སྦྲུལ་གདུག་པའི་སྣོད་ལྟ་བུ་དང ། རྨི་ལམ་ན་རྙེད་པ་ལྟ་བུ་དང ། ལམ་གའི་བཟའ་ཞིང་ལྟར་ཀུན་གྱིས་འཐོག་པ་དང ། གོད་ལ་བྱ་ཐམས་ཅད་རྟོད་པ་ལྟ་བུ་དང ། ཆུའི་ཆུ་བུར་དང ། ཆུ་ལ་རི་མོ་བྲིས་པ་དང ། ཐགས་འཐགས་པའི་རྒྱུ་ཟད་པ་དང ། བཙོན་གསོད་དུ་ཁྲིད་པ་དང ། ཇི་ལྟར་བརྙན་པོ་དག་རིང་པོ་མི་ཐོགས་པ་དང་འདྲ་བར་འདོད་པ་ལ་དེ་ལྟ་བུའི་སྐྱོན་ཤིན་ཏུ་མང་བར་རྟོགས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་རྣམས་ལ་བརྟགས་ན་གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱའི་རྒྱུ་དང་རྐྱེན་གྱིས་བསྐལ་པ་ཚད་མེད་གྲངས་མེད་པ་ནས་རྟག་ཏུ་སྡུག་བསྔལ་མྱོང་སྟེ། སེམས་ཅན་རེ་རེ་ཡང་བསྐལ་པ་གཅིག་ལ་ལུས་ཀྱི་རུས་པ་བརྩིགས་ན་རྒྱལ་པོའི་ཁབ་
Kha18b
ཀྱི་རི་བོ་བས་ཆེའོ། །ནུ་ཞོ་འཐུངས་པའང་རྒྱ་མཚོའི་ཆུ་བས་མང་ངོ ། །ལུས་ཀྱི་ཁྲག་འཛག་པའང་རྒྱ་མཚོ་བཞི་བས་མང་ངོ ། །ཚེའི་དུས་བྱས་པ་ན་ཕ་མ་དང ། ཕུ་ནུ་དང ། ཆུང་མ་དང ། བུ་དང།་གཉེན་བཤེས་ཀྱིས་དུས་པའི་མཆི་མ་ཡང་རྒྱ་མཚོ་བཞི་བས་མང་ངོ ། །ས་ཆེན་པོ་འདིའི་རྩཝ་དང ། ཤིང་ཐམས་ཅད་སོར་བཞི་པའི་ཤོད་བྱས་ཏེ། ཕ་མ་བརྩིས་ནའང་གྲངས་ཤེས་པར་མི་ནུས་སོ། །བསྐལ་པ་ཚད་མེད་པའི་བར་དུ་སེམས་ཅན་དམྱལ་བ་དང ། བྱོལ་སོང་གི་སྐྱེ་གནས་དང ། ཡི་དྭགས་སུ་གྱུར་ཏེ། སྡུག་བསྔལ་མང་པོ་མྱོང་བ་ནི་བརྗོད་ཅིང་བགྲང་དུ་མེད་དོ། །ས་ཆེན་པོ་འདི་ཐམས་ཅད་རྒྱ་ཤུག་གི་འབྲས་བུ་ཙམ་དུ་དྲིལ་ཏེ་ཟད་པ་དང་མཐར་ཐུག་པ་ནི་བྱར་སླའི། འཁོར་བ་ནི་མཐར་ཐུག་པར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་སེམས་ཅན་ཐམས་ཅད་ལ་རབ་ཏུ་བརྟགས་ན་འདོད་པའི་རྒྱུ་དང་རྐྱེན་གྱིས་སྡུག་བསྔལ་ཚད་མེད་པ་མྱོང་བར་རྟོགས་སོ། །བྱང་ཆུབ་སེམས་དཔས་འཁོར་བའི་འདུ་བྱེད་ཀྱི་སྡུག་བསྔལ་དེ་དག་གིས་ཕྱིར་དྲན་པའི་ཤེས་རབ་ཉམས་པར་མི་བྱེད་དོ། །རིགས་ཀྱི་བུ། དཔེར་ན། འཇིག་རྟེན་ན་སའི་ཁྱོན་འདོམ་ཉི་ཤུ་རྩ་ལྔའི་ནང་མི་མང་པོས་ཡོངས་སུ་གང་བ་ལ། རྒྱལ་པོས་བློན་པོ་གཅིག་ལ་ཏིལ་མར་ཕོར་བུ་གང་བསྐུར་ཏེ། མི་མང་པོ་དེ་དག་གི་ནང་བསྐོར་ཞིང་མར་ཐིགས་པ་གཅིག་ཀྱང་མ་འབོ་ཞིག།
Kha19a
༄#། །གལ་ཏེ་ཐིགས་པ་གཅིག་པོ་ན་ཁྱོད་གསད་དོ་ཞེས་བཀའ་སྩལ་ཏེ། མི་གཅིག་ལ་རལ་གྲི་བསྐུར་ནས་ཕྱི་བཞིན་དེད་དུ་བཅུག་གོ། བློན་པོས་རྒྱལ་པོའི་ལུང་མནོས་ནས་སེམས་ཐག་པ་ནས་ཤིན་ཏུ་བསྒྲིམས་ཤིང་ཁྱེར་ཏེ། འཁོར་མང་པོ་དེ་དག་གི་ནང་ཀུན་ཏུ་རྒྱུ་ཞིང་སོང་བ་དེ་ཡིད་དུ་འོང་བའི་འདོད་པ་ལྔ་མཐོང་ཡང་སེམས་ལ་རྟག་ཏུ་འདི་སྙམ་དུ་སེམས་སོ། །གལ་ཏེ་བདག་གིས་ལེ་ལོ་བྱས་ཏེ་འདོད་པ་དེ་དག་ལ་ཆགས་པར་གྱུར་ན། ཐིགས་པ་འདི་འབོ་བར་འགྱུར་ཏེ། བདག་གི་སྲོག་ཀྱང་མི་གསོན་པར་འགྱུར་རོ་སྙམ་ནས་དེ་དེ་ལྟ་བུའི་འཇིགས་པའི་རྒྱུ་དང་རྐྱེན་གྱིས་མར་ཐིགས་པ་གཅིག་ཀྱང་མ་བོའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། འཁོར་བའི་ནང་ན་དྲན་པའི་ཤེས་རབ་མ་སྟོར་ཏེ། མ་སྟོར་བའི་ཕྱིར་འདོད་པ་ལྔ་མཐོང་ཡང་ཆགས་པའི་སེམས་མི་སྐྱེད་དོ། །གལ་ཏེ་གཟུགས་བཟང་པོ་མཐོང་ཡང་གཟུགས་ཀྱི་མཚན་ཉིད་མི་སྐྱེད་དེ། སྡུག་བསྔལ་གྱི་མཚན་ཉིད་དང ། རྣམ་པར་ཤེས་པའི་མཚན་ཉིད་ཀྱི་བར་དུ་རྟོགས་པའང་དེ་དང་འདྲ་སྟེ། སྐྱེ་བའི་མཚན་ཉིད་དུ་མི་བྱེད། འགོག་པའི་མཚན་ཉིད་དུ་མི་བྱེད། རྒྱུའི་མཚན་ཉིད་དུ་མི་བྱེད་དེ། འདུས་ཏེ་བྱུང་བའི་མཚན་ཉིད་དུ་རྟོག་གོ་།བྱང་ཆུབ་སེམས་དཔའ་དེའི་ཚེ་ན་དབང་པོ་ལྔ་ཡོངས་སུ་དག་གོ་།དབང་པོ་ལྔ་ཡོངས་སུ་
Kha19b
དག་པའི་ཕྱིར་ཚུལ་ཁྲིམས་ཀྱི་རྩ་བ་སྲུང་བ་དང་ལྡན་ནོ། །བུས་པ་མ་རབས་ཐམས་ཅད་ནི་དབང་པོ་ལྔ་མ་དག་པས་ཤིན་ཏུ་སྲུང་མི་ནུས་ཏེ། དབང་པོ་ཟག་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ནི་ཡོངས་སུ་བཅས་པས་ཟག་པ་མེད་དོ། །དེ་བཞིན་གཤེགས་པ་ནི་རྩ་བ་ནས་བཏོན་པ་ཡིན་པས་ན་ཟག་པ་མ་ཡིན་ནོ། །རིགས་ཀྱི་བུ་།གཞན་ཡང་ཟག་པ་ཡོངས་སུ་སྤོང་བ་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པའི་བདུད་རྩི་སངས་རྒྱས་ཀྱི་ཞིང་འདོད་པའི་ཕྱིར་ཟག་པ་ངན་པ་ཡོངས་སུ་སྤོང་ངོ ། །སྤོང་བ་གང་ཞེ་ན། གང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ལ་ནན་ཏན་བྱེད་ཅིང་ཡི་གེར་བྲིས་སམ། འཛིན་ཏམ། ཀློག་གམ། འདོན་ཏམ། འགྲོལ་ཞིང་འཆད་དམ། དོན་ཡིད་ལ་བྱེད་ན་དེ་ནི་སྤོང་བ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། ངས་མདོ་སྡེ་བཅུ་གཉིས་ལས་ཟག་པ་ངན་པ་སྤོང་བ་ཤིན་ཏུ་རྒྱས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་དང་འདྲ་བ་ཡོད་པར་མ་མཐོང་ངོ ། །རིགས་ཀྱི་བུ། དཔེར་ན། སློབ་དཔོན་མཁས་པ་ཞིག་གིས་སློབ་མ་རྣམས་སློབ་པ་ལས་སློབ་མ་གང་དག་ཉན་པ་ནི་ཉེས་པ་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་མཆོག་དམ་པའི་མདོ་སྡེ་འདི་སྒོམ་པའང་དེ་དང་འདྲ་སྟེ། ཉེས་པ་མི་བྱེད་དོ། །རིགས་ཀྱི་བུ། དཔེར་ན། འཇིག་རྟེན་ན་རིག་སྔགས་དམ་
Kha20a
༄#། །པ་ཞིག་ཡོད་དེ། གལ་ཏེ་གང་གིས་དེ་ཐོས་ན་ལོ་བདུན་གྱི་བར་དུ་དུག་ཐམས་ཅད་ཀྱིས་མི་ཚུགས། སྦྲུལ་གྱིས་མི་ཟིན་པར་འགྱུར་རོ། །གལ་ཏེ་གང་ཞིག་ངག་གིས་བརྗོད་ན་ནམ་འཚོའི་བར་དུ་ངན་པ་རྣམ་པ་མང་པོ་མེད་པར་འགྱུར་རོ། །རིགས་ཀྱི་བུ། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཡང་དེ་དང་འདྲ་སྟེ། གལ་ཏེ་སེམས་ཅན་གང་གི་རྣ་ལམ་དུ་ལན་གཅིག་ཐོས་པ་ཙམ་གྱིས་ཕྱི་མའི་བསྐལ་པ་བདུན་གྱི་བར་དུ་ངན་སོང་དུ་མི་ལྟུང་ངོ ། །གལ་ཏེ་གང་གིས་ཡི་གེར་བྲིས་སམ། ཀློག་གམ། འདོན་ཏམ། དགྲོལ་ཞིང་འཆད་དམ། དོན་ཡིད་ལ་བྱེད་ན། གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ཅིང་སངས་རྒྱས་ཀྱི་རང་བཞིན་རྣམ་པར་དག་པ་མཐོང་སྟེ། ཇི་ལྟར་འཕྲུལ་གྱི་རྒྱལ་པོས་ཟིལ་མངར་གྱི་རོ་ཐོབ་པ་བཞིན་ནོ། །རིགས་ཀྱི་བུ། མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་ལ་དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་ཡོད་དོ། །རིགས་ཀྱི་བུ། གལ་ཏེ་གང་ལ་ལ་ཞིག་གིས་མདོ་སྡེ་འདི་ཡི་གེར་བྲིས་ཤིང་ཀློག་གམ། འདོན་ཏམ། དགྲོལ་ཞིང་འཆད་དམ། གཞན་ལ་ཡང་སྤེལ་ཞིང་འཆད་དམ། དོན་ཡིད་ལ་བྱེད་ན། དེ་ནི་ངའི་ཉེ་གནས་ཡང་དག་པ་ཡིན་ཏེ། ངའི་ལུང་རབ་ཏུ་ཉན་པའོ། །ངས་གཟིགས་ཤིང་ངས་དགོངས་པ་ཡིན་པར་རིག་པར་བྱ་སྟེ། དེས་བརྟགས་པར་ང་ཡང་མྱ་ངན་ལས་མི་འདའ་བར་ཤེས་སོ། །དེ་གང་དང་གང་དུ་
Kha20b
གནས་པར་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། རོའམ། ཤིང་དྲུང་ངམ། དགོན་པའམ། གནས་ཁང་ངམ། ཁང་པའམ། ཡང་ཐོག་གམ། གཞལ་མེད་ཁང་དུ་འདུག་ནའང་དེ་ལས་གང་དུ་ཡང་མི་འགྲོ་བར་གནས་སོ། །ངས་དེ་རྟག་ཏུ་དེའི་སྦྱིན་པ་ལེན་ཏེ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། བྲམ་ཟེའམ། ཀུན་ཏུ་རྒྱུ་འམ། དབུལ་བའམ། ཕོངས་པའམ། སྤྲང་པོར་སྤྲུལ་ཏེ་དེའི་སྦྱིན་པ་ལེན་ཏོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་སུམ་ཅུ་པ། ཇི་ལྟར་ན་དེའི་སྦྱིན་པ་དེ་བཞིན་གཤེགས་པས་ལེན་པར་འགྱུར་ཞེ་ན། རིགས་ཀྱི་བུ་དེས་གལ་ཏེ་ནུབ་མོ་ཉལ་བའི་རྨི་ལམ་ན་སངས་རྒྱས་ཀྱི་གཟུགས་སམ། ལྷའི་གཟུགས་སམ། དགེ་སྦྱོང་གི་གཟུགས་སམ།་རྒྱལ་པོའམ། འཁོར་ལོས་བསྒྱུར་བའི་རྒྱལ་པོའམ། སེངྒེའི་རྒྱལ་པོའི་གཟུགས་སམ། པདྨོ་འམ། མེ་ཏོག་ཨུ་དུམ་ཝཱ་རའམ། རི་ཆེན་པོའམ། རྒྱ་མཚོའམ། ཉི་མའམ། ཟླ་བའམ། བ་གླང་ངམ། རྟ་དཀར་པོའམ། ཕ་མའི་གཟུགས་ལ་སོགས་པ་མཐོང་ང་མ། མེ་ཏོག་གམ། འབྲས་བུའམ། གསེར་རམ། དངུལ་ལམ། ཤེས་ལམ། བཻ་ཌཱུརྱ་ལ་སོགས་པའི་རིན་པོ་ཆེ་རྙེད་དམ། བའི་འོ་མའི་རོ་རྣམ་པ་ལྔ་རྙེད་པར་རྨིས་ན་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པས་དེའི་སྦྱིན་པ་བཞེས་པར་རིག་པར་བྱའོ། །སད་ནས་རབ་ཏུ་དགའ་ཞིང་བདེ་བར་གྱུར་ཏེ།
Kha21a
༄#། །འདོད་པའི་རྫས་རྣམ་པ་སྣ་ཚོགས་ཐོབ་ཅིང་ངན་སེམས་མེད་དེ། དགེ་བའི་ཆོས་སྤྱོད་པ་ལ་མོས་པར་འགྱུར་རོ། །རིགས་ཀྱི་བུ། མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་དེ་ལྟ་བུའི་བསོད་ནམས་ཚད་མེད་གྲངས་མེད། བསམ་གྱིས་མི་ཁྱབ་པ་ཀུན་སྒྲུབ་པར་ནུས་སོ། །རིགས་ཀྱི་བུ། ཁྱོད་ཀྱིས་ངའི་གསུང་འདི་ལ་ཡིད་ཆེས་པར་གྱིས་ཤིག་།གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ང་མཐོང་བར་འདོད་དམ། ང་ལ་བཀུར་སྟི་བྱེད་པར་འདོད་དམ། ང་ལ་ཆོས་ཉིད་དང་མཐུན་པས་མཐོང་བར་འདོད་དམ། སྟོང་པའི་ཏིང་ངེ་འཛིན་ཐོབ་པར་འདོད་དམ། ཡང་དག་པའི་མཚན་ཉིད་མཐོང་བར་འདོད་དམ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང ། སེངྒེའི་རྒྱལ་པོའི་ཏིང་ངེ་འཛིན་སྒོམ་པར་འདོད་དམ། བདུད་རྣམ་པ་བརྒྱད་འཇོམས་པར་འདོད་དམ། བདུད་རྣམ་པ་བརྒྱད་ཅེས་བྱ་བ་ནི་འདི་ལྟ་སྟེ། བདུད་རྣམ་པ་བཞི་དང ། མི་རྟག་པ་དང ། བདེ་བ་མེད་པ་དང ། བདག་མེད་པ་དང ། ཡོངས་སུ་དག་པ་མེད་པའོ། །མིར་སྐྱེ་བར་འདོད་དམ། ལྷའི་བདེ་བ་འདོད་ན་མྱ་ངན་ལས་འདས་པ་ཆེན་པོའི་མདོ་གཟུངས་སུ་འཛིན་ཅིང་ཡི་གེར་བྲིས་སམ། ཀློག་གམ། འདོན་ཏམ། དགྲོལ་ཞིང་འཆད་དམ། དོན་ཡིད་ལ་བྱེད་པ་མཐོང་ན་དེའི་གན་དུ་བསྙེན་ཞིང་ཉེ་བར་འགྲོ་སྟེ། གནས་འཆའ་ཞིང་གསོལ་བ་དང་ཞུ་བ་བྱས་ཏེ། མཆོད་པ་དང ། རིམ་གྲོ་དང ། བསྟི་སྟང་བྱས་ལ། རྐང་
Kha21b
པ་བཀྲུ་བ་དང ། ཁྲི་སྟན་གདིང་ཞིང་ཡོ་བྱད་རྣམ་པ་བཞིས་མཆོད་དེ་བྲེལ་བར་མི་བྱའོ། །གལ་ཏེ་ལམ་རིང་པོ་ནས་འོངས་ན་དཔག་ཚད་བཅུའི་བར་དུ་བསུ་བར་བྱའོ། །མདོ་སྡེ་འདིའི་ཕྱིར་རིན་ཆེ་བར་བྱ་བའི་ནོར་ཀུན་གྱིས་མཆོད་པར་བྱའོ། །གལ་ཏེ་མེད་ན་བདག་གི་ལུས་ཀྱང་བཙོང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་འདི་ནི་མེ་ཏོག་ཨུ་དུམྦ་ར་བས་ཕྲད་དཀའ་བའི་ཕྱིར་རོ། ། རིགས་ཀྱི་བུ། ངས་སྔོན་བསྐལ་པ་ཚད་མེད་མཐའ་ཡས་པ་ཁྲག་ཁྲིག་འདས་པ་དེའི་ཚེ་དེའི་དུས་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་འདིར་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ། མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ། བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་བྱུང་སྟེ། འཁོར་མང་པོ་རྣམས་ལ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་སྟོན་ཏོ། །ངས་དེའི་ཚེ་ན་དགེ་བའི་བཤེས་གཉེན་ལས་སངས་རྒྱས་དེའི་འཁོར་མང་པོ་རྣམས་ལ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་ནོ་ཞེས་ཐོས་སོ། །དས་དེ་ཐོས་ནས་རབ་ཏུ་དགའ་བར་གྱུར་ཏེ་མཆོད་པ་ཞིག་དབུལ་བར་བསམས་པ་ལས་དབུལ་ཏེ་ཅིའང་མི་བདོག་གོ། །ལུས་བཙོད་བར་བྱས་པ་ལས་ཀྱང་བསོད་ནམས་ཆུང་བས་མ་དུམ་མོ། །ཕྱིར་ཁྱིམ་དུ་སོང་བ་ལས་ལ་མ་དུ་མི་གཅིག་དང་ཕྲད་ནས་ངས་འདི་སྐད་དུ་བདག་ལུས་འདི་བཙོང་ན་
Kha22a
༄#། །ཁྱོད་མི་ཉོའམ་ཞེས་སྨྲས་སོ། །དེས་སྨྲས་པ། བདག་ལ་ལས་ཤིག་ཡོད་དེ། སུས་ཀྱང་བྱེད་མི་ནུས་སོ། །ཁྱོད་གལ་ཏེ་དེ་ལྟར་ནུས་ན་བདག་གིས་ཉོ་བར་བྱའོ། ངས་དྲིས་པ། ལས་ཇི་ལྟ་བུ་ཞིག་ཡོད་ན་སུས་ཀྱང་བྱེད་མི་ནུས། དེས་སྨྲས་པ། བདག་ལ་ནད་མ་རུངས་པ་ཞིག་ཡོད་དེ། སྨན་པ་མཁས་པ་དག་གིས་དཔྱད་བྱས་ན་ཉིན་རེ་ཞིང་མིའི་ཤ་སྲང་གསུམ་ཟོས་ན་ཕན་ཞེས་ཟེར་རོ། །གལ་ཏེ་ལུས་ཀྱི་ཤ་ཉིན་རེ་ཞིང་སྲང་གསུམ་གཅོད་ཅིང་ཁོ་བོ་ལ་སྦྱིན་ཕོད་ན་ཁྱོད་ལ་གསེར་གྱི་དོང་ཙེ་ལྔ་བྱིན་ནོ། །ངས་དེའི་ཚེ་དེ་སྐད་དུ་སྨྲས་པ་ཐོས་ནས་སེམས་རབ་ཏུ་དགའ་སྟེ། ངས་ཀྱང་འདི་སྐད་དུ་ཁྱོད་ཀྱིས་ང་ལ་དོང་ཙེ་བྱིན་ཏེ། ཞག་བདུན་ཤོལ་ཅིག་དང ། ངའི་བྱ་བ་བྱས་ནས་ཁྱོད་ཅི་འདོད་པ་བཞིན་དུ་བྱའོ་ཞེས་སྨྲས་སོ། །དེས་སྨྲས་པ། ཞག་བདུན་ནི་མི་རུང་གི། །ཡང་དག་པར་དེ་ལྟར་རུང་ན་ཞག་གཅིག་ཅིག་གནང་བར་བྱའོ། །རིགས་ཀྱི་བུ། ངས་དེའི་ཚེ་དོང་ཚེ་བླངས་ནས་ཕྱིར་སངས་རྒྱས་གང་ན་བ་དེར་སོང་སྟེ་མགོ་བོས་ཞགས་ལ་ཕྱག་བྱས་ནས་ཅི་བདོག་པ་མ་ལུས་པར་མཆོད་ཅིང་ཕུལ་ཏེ། བཟོད་སེམས་ཐག་པ་ནས་མདོ་སྡེ་འདི་མཉན་ཏོ། །ང་དེའི་ཚེ་དབང་པོ་རྟུལ་བས་མདོ་སྡེ་འདི་ཐོས་པར་འགྱུར་ཀྱང་ཚིག་བཞི་པའི་ལེའུ་གཅིག་འབའ་ཞིག་ཟིན་པར་གྱུར་ཏོ། །གང་ཞེ་ན། དེ་བཞིན་གཤེགས་པ་མྱ་ངན་འདའ་བ་ནི། འཁོར་བ་ཐམས་ཅད་ཡོངས་སུ་བཅད་པ་སྟེ། །
Kha22b
གང་གིས་རྩེ་གཅིག་སེམས་ཀྱིས་རབ་མཉན་ན། །ཚད་མེད་བདེ་བ་རྟག་ཏུ་ཐོབ་པར་འགྱུར། །ཚིགས་སུ་བཅད་པ་འདི་བཟུང་ནས་ཕྱིར་ནད་པ་དེའི་ཁྱིམ་དུ་འོངས་སོ། །རིགས་ཀྱི་བུ། ངས་དེའི་ཚེ་ཉིན་རེ་ཞིང་ཤ་སྲང་གསུམ་གསུམ་བཅད་ཀྱང་ཚིགས་སུ་བཅད་པ་འདི་ཡིད་ལ་བྱས་པའི་རྒྱུ་དང་རྐྱེན་གྱིས་ན་བར་མ་གྱུར་ཏོ། །ཉིན་གཅིག་ཀྱང་བར་ཆད་མ་བྱུང་བར་ཟླ་བ་གཅིག་གི་བར་དུ་དེ་ལྟར་བྱིན་ནོ། །རིགས་ཀྱི་བུ། དེའི་རྒྱུ་དེའི་རྐྱེན་གྱིས་ནད་པ་ནི་སོས། ངའི་ལུས་ཀྱང་སྔོན་བཞིན་དུ་རྨ་མེད་པར་གྱུར་ཏེ། ངས་དེའི་ཚེ་བ་དག་གི་ལུས་མ་གོད་པར་མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཚིགས་སུ་བཅད་པ་གཅིག་གི་མཐུས་ཀྱང་དེ་ལྟར་ནུས་ན་ཡོངས་སུ་རྫོགས་པར་འཛིན་ཏམ། ཀློག་གམ། །འདོན་པ་ལྟ་ཅི་སྨོས། །ནས་མདོ་སེ་འདི་ལ་དེ་ལྟ་བུའི་ཁེ་ཕན་པ་ཡོད་པར་མཐོང་ནས་སྡོན་པས་ཀྱང་སེམས་ལྷག་པར་བསྐྱེད་དེ། བདག་མ་འོངས་པའི་དུས་ན་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་ཅིང་མཚན་ཡང་ཤཱཀྱ་ཐུབ་པ་ཞེས་བྱ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །རིགས་ཀྱི་བུ། ཚིགས་སུ་བཅད་པ་དེ་གཅིག་གི་མཐུའི་རྒྱུ་དང་རྐྱེན་གྱིས་དེང་ངས་འཁོར་མང་པོའི་ནང་ན་ལྷ་དང་མི་རྣམས་ལ་ཡོངས་སུ་རྫོགས་པར་བསྟན་པར་འགྱུར་རོ། །རིགས་ཀྱི་བུ། དེ་བས་ན་མྱ་ངན་ལས་འདས་པ་ཆེན་པོ་འདི་ནི་བསམ་གྱིས་མི་ཁྱབ་སྟེ། ཡོན་ཏན་ཚད་མེད་པ་མཐའ་ཡས་པ་དང་ལྡན་ནོ། །འདི་ནི་སངས་རྒྱས་
Kha23a
༄#། །བཅོམ་ལྡན་འདས་རྣམས་ཀྱིས་དགོངས་ཏེ་གསུངས་པའི་སྙིང་པོ་ཡིན་ནོ། །དེ་ལྟ་བས་ན་གང་འཛིན་པ་དེས་ཟག་པ་ངན་པ་སྤོང་ཞིང་ཆོད་པར་འགྱུར་རོ། །ངན་པ་ཞེས་བྱ་བ་ནི་བལ་གླང་ངན་པ་དང ། རྟ་ངན་པ་དང ། བེ་ལང་ངན་པ་དང ། ཁྱི་དང ། སྦྲུལ་གདུག་པ་ངན་བ་གནས་པའི་གནས་དང ། ཚེར་མ་ངན་པའི་ས་དང ། གད་པ་དང ། གཡང་ས་དང ། ཉམ་ད་བ་དང ། ཤཝ་དང ། དབའ་ཀློང་དང ། མི་ངན་པ་དང ། ཡུལ་ངན་པ་དང ། གྲོང་ཁྱེར་ངན་པ་དང ། ཁྱིམ་ངན་པ་དང ། བཤེས་གཉེན་ངན་པ་ལ་སོགས་པ་སྟེ། དེ་ལྟ་བུ་དེ་དག་གིས་གལ་ཏེ་ཟག་པའི་རྒྱུ་བྱེད་ན། བྱང་ཆུབ་སེམས་དཔས་དེ་སྤོང་ངོ ། །གལ་ཏེ་མི་བྱེད་ན་མི་སྤོང་ངོ ། །གལ་ཏེ་ཟག་པ་སྐྱེད་ན་སྤོང་བར་བྱེད་དོ། །གལ་ཏེ་མི་སྐྱེད་ན་མི་སྤོང་ངོ ། །གལ་ཏེ་ཆོས་སྡིག་པ་བྱེད་ན་ཡོངས་སུ་སྤོང་ངོ ། །གལ་ཏེ་དགེ་བ་བྱེད་ན་མི་སྤོང་ངོ ། །ཅི་ལྟར་སྤོང་བར་བྱེད་ཅེ་ན། མཚོན་ཆ་མི་ཐོགས་པར་རྟག་ཏུ་དཔེན་པའི་བློའི་ཐབས་ཀྱི་སྤོང་བར་བྱེད་དེ། དེ་བས་ན་བདེན་པའི་བློས་སྤོང་བ་ཞེས་བྱའོ། །དགེ་བ་སྐྱེ་བར་བྱ་བའི་སྡིག་པའི་ཆོས་སྤོང་ངོ ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་གི་ལུས་ལ་ནད་ལྟ་བུ་དང ། རྨ་ལྟ་བུ་དང ། སྐྲངས་པ་ལྟ་བུ་དང ། དགྲ་ལྟ་བུ་དང ། ལུས་ལ་མདས་གཟེར་བ་ལྟ་བུར་རྟོགས་ཏེ། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་ནི་དགེ་བ་དང་སྡིག་པ་ཐམས་ཅད་ཀྱི་རྩ་བ་ཡིན་པར་
Kha23b
རྟོགས་སོ། །ལུས་འདི་ནི་འདི་ལྟར་མི་གཙང་བ་ཡིན་མོད་ཀྱི། འོན་ཀྱང་བྱང་ཆུབ་སེམས་དཔས་གསོ་ཞིང་རི་མ་གྲོ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ལུས་ལ་ཆགས་པ་མ་ཡིན་ཏེ། དགེ་བའི་ཆོས་ཀྱི་ཕྱིར་རོ། །མྱ་ངན་ལས་འདས་པའི་ཕྱིར་གྱི་འཁོར་བའི་ཕྱིར་མ་ཡིན་ནོ། །རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པའི་ཕྱིར་གྱི། མི་རྟག་པ་དང ། མི་བདེ་བ་དང ། བདག་མེད་པ་དང ། ཡོངས་སུ་དག་པ་མེད་པའི་ཕྱིར་མ་ཡིན་ནོ། །བྱང་ཆུབ་ཀྱི་ལམ་གྱི་ཕྱིར་གྱི། སྲིད་པའི་ལམ་གྱི་ཕྱིར་ནི་མ་ཡིན་ནོ། །ཐེག་པ་གཅིག་གི་ཕྱིར་གྱི། ཐེག་པ་གསུམ་གྱི་ཕྱིར་མ་ཡིན་ནོ། ། མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་རྒྱད་ཅུའི་སྐུ་དམ་པའི་ཕྱིར་གྱི་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལུས་ཀྱི་བར་གྱི་ཕྱིར་ནི་མ་ཡིན་ནོ། །ཆོས་ཀྱི་ཀའྷོར་ལོ་བསྐོར་བའི་རྒྱལ་པོའི་ཕྱིར་གྱི། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཕྱིར་མ་ཡིན་ནོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལུས་རྟག་ཏུ་བསྲུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ལུས་མ་བསྲུངས་ན་སྲོག་འཚོ་བར་མི་འགྱུར་རོ། །གལ་ཏེ་སྲོག་མི་འཚོ་ན་མདོ་སྡེ་འདི་ཡི་གེར་འདྲི་ཞིང་འཛིན་པའམ། །ཀློག་པའམ། །འདོན་པའམ། གཞན་ལ་རྒྱས་པར་སྟོན་པའམ། །དོན་ཡིད་ལ་བྱེད་པར་མི་ནུས་ཏེ། དེ་བས་ན་བྱང་ཆུབ་སེམས་པྡའ་ལུས་ཤིན་ཏུ་བྶྤུད་བར་བྱའོ། །དོན་དེ་ལྟ་བུའི་ཕྱིར་བྱང་ཆུབ་སེམས་དཔས་ཟག་པ་ངན་པ་ཐམས་ཅད་སྤོང་བར་གྱུར་ཏོ། །
Kha24a
༄#། །རིགས་ཀྱི་བུ། དཔེར་ན། ཆུ་བརྒལ་བས་ནི་གྲུ་དང་གཟིངས་ཤིན་ཏུ་བསྲུང་ངོ ། །མགྲོན་པོ་ལམ་དུ་ཞུགས་པ་ནི་རྟ་བཟང་པོ་ལ་སོགས་པ་ཤིན་ཏུ་སྐྱོང་ངོ ། །ཞིང་བས་ནི་ལུད་ལ་སོགས་པ་ཤིན་ཏུ་བསྲུང་ངོ ། །དུག་ལ་ཕན་པར་འདོད་པས་ནི་སྦྲུལ་གདུག་པ་ཤིན་ཏུ་བསྲུང་ངོ ། །རྫས་མང་པོ་བ་དོག་པས་རིགས་ངན་གདོལ་བ་བསྲུང་ངོ ། །དགྲ་ལ་རྒོལ་བས་ནི་མི་རྩལ་ཡོད་པ་བསྲུང་ངོ ། །ཇི་ལྟར་གྲང་བས་མེ་བསྲུང་ངོ ། །ཇི་ལྟར་མཛེ་ཅན་དག་སྨན་གདུག་པ་ཚོལ་བ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་བར་ལུས་འདི་ལ་མི་གཙང་བ་ཚད་མེད་པ་དང་ལྡན་ཞིང་ཡོངས་སུ་གང་བར་མཐོང་ཡང ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་གཟུངས་སུ་འཛིན་པར་བྱ་བའི་ཕྱིར་འོན་ཀྱང་སྲུང་ཞིང་རིམ་གྲོ་བྱེད་དེ་པྲེལ་ཞིང་ཕོངས་པར་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བལ་གླང་མ་རུངས་པ་དང ། བཤེས་གཉེན་མ་རུངས་པ་ལ་སོགས་པ་བརྟགས་ན་གཉིས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་ཀྱང་ལུས་འཇིག་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བལ་གླང་མ་རུངས་བ་ལ་སོགས་པ་ལ་ནི་འཇིགས་སྐྲག་པའི་སེམས་མེད་དོ། །སྡིག་པའི་གྲོགས་པོ་ལ་ནི་ཤིན་ཏུ་འཇིགས་སྐྲག་པའི་སེམས་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བལ་གླང་མ་རུངས་པ་ལ་སོགས་པ་ནི་ལུས་འབའ་ཞིག་འཇིག་ནུས་ཏེ་སེམས་
Kha24b
འཇིག་མི་ནུས་སོ། །གྲོགས་པོ་ངན་པས་ནི་གཉིས་ཀ་འཇིག་ནུས་པའི་ཕྱིར་རོ། །བལ་གླང་ངན་པ་ལ་སོགས་པས་ནི་ལུས་གཅིག་པུ་འཇིག་ནུས་ཀྱི། གྲོགས་པོ་ངན་པས་ནི་དགེ་ཨཱི་ལུས་ཚད་མེད་པ་དང ། དགེ་བའི་སེམས་ཚད་མེད་པའང་འཇིག་གོ། །བལ་གླང་ངན་པ་ལ་སོགས་པས་ནི་མི་གཙང་བའི་ལུས་འབའ་ཞིག་འཇིག་ནུས་ཀྱི། །གྲོགས་པོ་ངན་པས་ནི་རྣམ་པར་དག་པའི་ལུས་དང ། རྣམ་པར་དག་པའི་སེམས་འཇིག་ནུས་སོ། །བལ་གླང་ངན་པ་ལ་སོགས་པས་ནི་ཤའི་ལུས་འབའ་ཞིག་འཇིག་ནུས་ཀྱི། གྲོགས་པོ་ངན་པས་ནི་ཆོས་ཀྱི་ལུས་འཇིག་ནུས་སོ། །བལ་གླང་མ་རུངས་བས་བསད་ན་ངན་སོང་གསུམ་དུ་མི་འགྲོ་སྟེ། གྲོགས་པོ་ངན་པས་བས་ད་ན་གདོན་མི་ཟ་བར་ངན་སོང་གསུམ་དུ་འགྲོའོ། །བལ་གླང་ངན་པ་ལ་སོགས་པ་ནི་ལུས་ཀྱི་འཁོར་དུ་འགྱུར་ཏེ། གྲོགས་པོ་ངན་པས་ནི་དགེ་པའི་ཆོས་ཀྱི་འཁོན་དུ་འགྱུར་རོ། །དེ་བས་ན་བྱང་ཆུབ་སེམས་དཔས་གྲོགས་པོ་ངན་པ་དག་རིང་དུ་སྤང་བར་བྱའོ། །དེ་ལྟ་བུ་ལ་སོགས་པའི་ཟག་པ་ནི་བུས་པ་མ་རབས་དག་མི་སྤོང་བས་ཟག་པ་སྐྱེའོ། །བྱང་ཆུབ་སེམས་དཔའ་ནི་སྤོང་བས་ཟག་པ་མི་སྐྱེའོ། །བྱང་ཆུབ་སེམས་དཔའ་ལའང་དེ་ལྟར་ཟག་པ་མེད་ན། དེ་བཞིན་གཤེགས་པ་ལྟ་ཅི་སྨོས་ཏེ། དེ་བས་ན་ཟག་པ་མ་ཡིན་ནོ། །ཟག་པ་དང་ཉེ་བ་གང་ཞེ་ན། བུས་པ་མ་རབས་ཐམས་ཅད་ནི་ལུས་དང་སེམས་བདེ་བ་འདོད་པའི་ཕྱིར་གོས་དང ། ཟས་དང ། མལ་ཆ་དང ། ནད་ཀྱི་རྐྱེན་སྨན་ལ་སོགས་པ་
Kha25a
༄#། །ལེན་ཏོ། །དེ་ལྟ་བུའི་རྫས་ཚོལ་ཞིང་སྡིག་པ་རྣམ་པ་སྣ་ཚོགས་བྱས་ཀྱང་ཉེས་པར་མི་ཤེས་པས་ངན་སོང་གསུམ་དུ་འཁྲོ་ཏེ། དེ་བས་ན་ཟག་པ་ཞེས་བྱའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟ་བུའི་ཉེས་པ་མཐོང་བས་རྣམ་པར་སྤོང་བར་བྱེད་དོ། །གལ་ཏེ་གོས་དོད་ནའང་ལེན་མོད་ཀྱི་ལུས་ཀྱི་ཕྱིར་ནི་མ་ཡིན་ཏེ། ཆོས་འབའ་ཞིག་གི་ཕྱིར་རོ། །ང་རྒྱལ་དང་དྲེགས་པ་མི་སྐྱེད་པར་རྟག་ཏུ་དམའ་བའི་སེམས་དང ། རྒྱན་དང ། བཟང་པོ་འདོད་པའི་ཕྱིར་ནི་མ་ཡིན་གྱི། ངོ་ཚ་བ་དང ། ཚ་བ་དང ། གྲང་བ་དང ། རླུང་དང ། ཆར་བ་དྲག་པོ་དང ། མཆུ་སྨྱུང་དང ། སྦྲང་བུ་དང ། གདུག་པ་དག་གིས་ཟོས་ཀྱིས་དོགས་པའི་སྐྱབས་བྱ་བའི་ཕྱིར་རོ། །བཅའ་བ་དང ། བཟའ་བ་ལེན་ཀྱང་ཆགས་པའི་སེམས་མེད་ལ་ལུས་ཀྱི་ཕྱིར་མ་ཡིན་གྱི། རྟག་ཏུ་དམ་པའི་ཆོས་ཀྱི་ཕྱིར་རོ། །ཉམ་ཚག་གི་ཕྱིར་མ་ཡིན་གྱི། སེམས་ཅན་གྱི་ཕྱིར་རོ། །ང་རྒྱལ་དང་དྲེགས་པའི་ཕྱིར་མ་ཡིན་གྱི། ལུས་དང་སྟོབས་ཀྱི་ཕྱིར་རོ། །འཁོན་པ་དང་དགྲའི་ཕྱིར་ནི་མ་ཡིན་གྱི། བཀྲེས་པའི་རྨ་གསོ་བའི་ཕྱིར་རོ། །རོ་དམ་པ་རྙེད་ཀྱང་དེ་ལ་ཆགས་པའི་སེམས་མེད་དོ། །གནས་ཁང་དག་ལེན་པའང་དེ་དང་འདྲ་སྟེ། ཆགས་པ་དང་དྲེགས་པས་ཀུན་ནས་ཉོན་མོངས་པར་གནས་པར་མི་བྱེད་ཀྱི། བྱང་ཆུབ་ཀྱི་གནས་སུ་བྱ་སྟེ། ཀུན་ནས་ཉོན་མོངས་པའི་དགྲ་བཅོམ་པ་དང །
Kha25b
རླུང་དང་ཆར་དྲག་པོའི་གནས་ཀྱི་ཕྱིར་གནས་ཁང་ལེན་ཏོ། །ནད་ཀྱི་རྐྱེན་སྨན་ཚོལ་བ་ལའང་ཆགས་པའི་སེམས་མེད་དེ། དམ་པའི་ཆོས་ཀྱི་ཕྱིར་གྱི་སྲོག་འཚོ་བའི་ཕྱིར་ནི་མ་ཡིན་ཏེ། འཚོ་བ་རྟག་པར་བྱ་བའི་ཕྱིར་རོ། །རིགས་ཀྱི་བུ། དཔེར་ན། ཤུ་བའི་ནད་ཀྱིས་བཏབ་པ་ཕྱེ་དང་མར་གྱིས་བསྐུས་ཏེ། གོས་ཀྱི་དཀྲིས་ཤིང་རག་དང་ཁྲག་བྱུང་བ་ལ་ཤུ་བ་སོས་པར་འདོད་པའི་ཕྱིར་སྨན་གྱིས་བྱུགས་ཏེ། རླུང་བཙའ་བའི་ཕྱིར་ཁང་པ་ཟབ་མོར་འདུག་པ་དང་འདྲ་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པའང་དེ་དང་འདྲ་སྟེ། ལུས་ལ་རྨ་ལྟ་བུར་རྟོག་ཅིང་གོས་ཀྱིས་གཡོགས་པ་དང ། བུ་ག་དགུ་ནས་རང་ཟག་པའི་ཕྱིར་ཟས་ཚོལ་བ་དང ། རླུང་དང་ཆར་དྲག་པོའི་སྐྱབས་ཀྱི་ཕྱིར་གནས་ཁང་ལེན་པ་དང ། དུག་རྣམ་པ་བཞིའི་ཕྱིར་སྨན་ཚོལ་བ་སྟེ། བྱང་ཆུབ་སེམས་དཔའ་ཡོ་བྱད་རྣམ་པ་བཞི་ལེན་པའང་བྱང་ཆུབ་ཀྱི་ལམ་གྱི་ཕྱིར་ཏེ། འཚོ་བའི་ཕྱིར་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྙམ་དུ་གལ་ཏེ་བདག་གིས་ཡོ་བྱད་རྣམ་པ་བཞི་འདི་མ་བླངས་ན། ལུས་མེད་ཅིང་མི་བརྟན་པར་འགྱུར་རོ། །གལ་ཏེ་མི་བརྟན་པར་གྱུར་ན་སྡུག་བསྔལ་མི་བཟོད་པར་འགྱུར་རོ། །གལ་ཏེ་སྡུག་བསྔལ་མི་བཟོད་པར་གྱུར་ན་དགེ་པའི་ཆོས་ཐམས་ཅད་ཡོངས་སུ་སྤྱོད་པར་མི་འགྱུར་རོ། །གལ་ཏེ་སྡུག་བསྔལ་བཟོད་ན་དགེ་བའི་ཆོས་ཚད་མེད་པ་སྒོམ་པར་འགྱུར་རོ། །གལ་ཏེ་བདག་
Kha26a
༄#། །སྡུག་བསྔལ་ལ་བཟོད་མི་ནུས་ན་སྡུག་བསྔལ་མྱོང་བ་ལ་ཞེ་སྡང་གི་སེམས་སྐྱེ་བར་འགྱུར་རོ། །བདེ་བ་མྱོང་བ་ལ་ཆགས་པའི་སེམས་སྐྱེ་བར་འགྱུར་ཏེ། གལ་ཏེ་བདེ་བ་ཚོལ་བ་ལས་མ་རྙེད་ན་མ་རིག་པ་སྐྱེ་བར་འགྱུར་ཏེ། དེ་བས་ན་བུས་པ་མ་རབས་སོ་སོའི་སྐྱེ་བོ་ནི་ཡོ་བྱད་རྣམ་པ་བཞི་ལས་ཟག་པ་སྐྱེ་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རབ་ཏུ་རྟོག་ཅིང་རྟོགས་པས་ཟག་པ་མི་སྐྱེད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ལའང་ཟག་པ་མེད་པ་ཞེས་བྱ་ན། ཅི་སྟེ་དེ་བཞིན་གཤེགས་པ་ལ་ཟག་པ་མངའ་བའོ་ཞེས་བྱ། དེ་བས་ན་དེ་བཞིན་གཤེགས་པ་ལ་ནི་ཟག་པ་མི་མངའ་བ་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། བུས་པ་མ་རབས་ཐམས་ཅད་ནི་ལུས་དང་སེམས་ཤིན་ཏུ་སྲུང་ཡང་མི་དགེ་བའི་རྟོག་པ་རྣམ་པ་གསུམ་སྐྱེའོ། །དེའི་རྒྱུ་དེའི་རྐྱེན་གྱིས་ཉོན་མོངས་པ་ཡོངས་སུ་བཅད་དེ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་གནས་སུ་སྐྱེས་ཀྱང་ཕྱིར་ངན་སོང་གསུམ་དུ་ལྟུང་ངོ ། །རིགས་ཀྱི་བུ། དཔེར་ན། མི་ཞིག་རྒྱ་མཚོ་བརྒལ་བ་ཕ་རོལ་གྱི་འགྲམ་དུ་ཕྱིན་དུ་ཉེ་བ་ལས་ཆུར་ནུབ་སྟེ་ཤིའོ། །བུས་པ་མ་རབས་སོ་སོའི་སྐྱེ་བོའང་དེ་དང་འདྲ་སྟེ། སྲིད་པ་གསུམ་ཟད་དུ་ཉེ་བ་ལས་ཕྱིར་ཡང་ངན་སོང་གསུམ་དུ་ལྟུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་རྟོག་པ་མེད་པའི་ཕྱིར་རོ། །དགེ་བའི་རྟོག་པ་ཞེས་བྱ་བ་གང་ཞེ་ན། འདི་
Kha26b
ལྟ་སྟེ།་དྲན་པ་ཉེ་བར་བཞག་པ་དྲུག་གོ། བུས་པ་མ་རབས་དགེ་བའི་སེམས་ནི་ཞན་གྱི། མི་དགེ་བ་ནི་རབ་ཏུ་འབར་རོ། །དགེ་བའི་སེམས་ཞན་པའི་ཕྱིར་ཤེས་རབ་ཀྱི་སེམས་སྲབ་པར་གྱུར་ཏོ། །ཤེས་རབ་ཀྱི་སེམས་སྲབ་པས་ཟག་པ་ཐམས་ཅད་སྐྱེ་ཞིང་འཕེལ་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་མིག་ཡོངས་སུ་དག་པས་རྟོག་པ་གསུམ་གྱི་སྐྱོན་མཐོང་ངོ ། །རྟོག་པ་རྣམ་པ་གསུམ་པོ་འདི་ནི་སྐྱོན་རྣམ་པ་སྣ་ཚོགས་དང་བཅས་པས་རྟག་ཏུ་སེམས་ཅན་གྱི་ཐེག་པ་གསུམ་གྱི་དགྲ་ཡིན་པར་རྟོགས་སོ། །རྟོག་པ་གསུམ་པོ་འདིའི་རྒྱུ་འདིའི་རྐྱེན་གྱིས་སེམས་ཅན་མ་རབས་ཚད་མེད་པ་སྙེད་སངས་རྒྱས་ཀྱི་རང་བཞིན་མི་མཐོང་བར་བྱེད་ཅིང་བསྐལ་པ་ཚད་མེད་པའི་བར་དུ་ལོག་པའི་སེམས་བསྐྱེད་པ་ནི་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་ནི་རྟག་པ་དང ། བདེ་བ་དང ། བདག་ཅེས་བྱ་བ་མེད་ཀྱི། ཡོངས་སུ་དག་པ་འབའ་ཞིག་ཡོད་དོ། །དེ་བཞིན་གཤེགས་པ་གཏན་ཡོངས་སུ་མྱ་ངན་ལས་འདས་ཏེ། སེམས་ཅན་ཐམས་ཅད་ལ་རྟག་པའང་མེད། བདེ་བའང་མེད། བདག་ཀྱང་མེད། ཡོངས་སུ་དག་པའང་མེད་དེ། ཕྱིན་ཅི་ལོག་གི་སེམས་ཀྱིས་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཡོད་དོ་ཞེས་སྨྲའོ། །ཡང་དག་པར་ན་ཐེག་པ་གསུམ་ཡང་མེད་དེ། ཕྱིན་ཅི་ལོག་པའི་སེམས་ཀྱིས་ཐེག་པ་གསུམ་ཡོད་དོ་ཞེས་སྨྲའོ། །བདེན་པའི་ལམ་གཅིག་པུ་ནི་ཡང་དག་པར་
Kha27a
༄#། །བདེན་པ་སྟེ། ཕྱིན་ཅི་ལོག་པའི་སེམས་ཀྱིས་བདེན་པ་གཅིག་ཀྱང་མེད་པ་སྨྲའི། མི་དགེ་བའི་རྟོག་པ་རྣམ་པ་གསུམ་ལ་ནི་རྟག་ཏུ་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་སྨད་པ་ཡིན་ནོ། །མི་དགེ་བའི་ཡོངས་སུ་རྟོག་པ་གསུམ་པོ་འདི་ནི་རྟག་ཏུ་བདག་དང ། གཞན་ལའང་རབ་ཏུ་འཚེའོ། །རྟོག་པ་གསུམ་པོ་འདི་ཡོད་པས་མི་དགེ་བ་ཐམས་ཅད་རྟག་ཏུ་ཕྱི་བཞིན་དུ་འབྲང་བར་གྱུར་ཏོ། །རྟོག་པ་གསུམ་པོ་འདི་ཉིད་ནི་ཀུན་ནས་ཉོན་མོངས་པ་གསུམ་དུ་འགྱུར་ཏེ། སེམས་ཅན་གྱི་འཁོར་བ་མཐའ་ཡས་པ་སྙེད་ཀྱི་མཚམས་སྦྱོར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་ལྟར་རྟོག་པ་གསུམ་ལ་རྟག་ཏུ་ཡོངས་སུ་རྟོག་གོ་།བྱང་ཆུབ་སེམས་དཔས་གལ་ཏེ་རྒྱུ་དང་རྐྱེན་ཞིག་གིས་འདོད་པའི་རྟོག་པ་སྐྱེས་ན་ཅང་མི་སྨྲ་བར་མི་ལེན་ཏོ། །དཔེར་ན། མི་རབ་ཏུ་བཟང་ཞིང་གཙང་སྦྲ་ཆེ་བ་ནི་ལུད་དང ། མི་གཙང་བ་ཐམས་ཅད་མི་ལེན་ཏོ། །མེ་མུར་རབ་ཏུ་འབར་བ་ལ་ནི་སུའང་ལག་གིས་མི་ལེན་ཏོ། །བྲམ་ཟེ་ནི་རང་བཞིན་གྱིས་བ་ལང་གི་ཤ་དང་མི་འབགས་སོ། །ཇི་ལྟར་འགྲངས་པ་དག་ནི་ཟས་ངན་པ་མི་ཆུད་དོ། །ཇི་ལྟར་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི་གདོལ་པ་རིགས་ངན་ཐམས་ཅད་དང་སྟན་གཅིག་ལ་མི་འདུག་པ་དང་འདྲ་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟོག་པ་གསུམ་མི་ལེན་ཅིང་མྱོང་བར་མི་བྱེད་པའང་དེ་
Kha27b
དང་འདྲའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། སེམས་ཅན་ཐམས་ཅད་ཀྱིས་བདག་ལ་བསོད་ནམས་ཀྱི་ཞིང་ཡིན་པར་ཤེས་ན་བདག་གིས་ཇི་ལྟར་མི་དགེ་བའི་ཆོས་འདི་དག་སྤྱོད་པར་བྱ། གལ་ཏེ་མི་དགེ་བའི་རྟོག་པ་དེ་དག་སྤྱོད་ན་སེམས་ཅན་གྱི་བསོད་ནམས་ཀྱི་ཞིང་དུ་མི་རུང་ངོ ། །བདག་ལ་བདག་གིས་བསོད་ནམས་ཀྱི་ཞིང་ཡིན་ནོ་ཞེས་མ་བྱས་ཀྱང་སེམས་ཅན་གྱིས་ཚུལ་འདི་བལྟས་ནས་བདག་ལ་བསོད་ནམས་ཀྱི་ཞིང་ཡིན་ནོ་ཞེས་ཟེར་རོ། །བདག་གིས་ད་གལ་ཏེ་མི་དགེ་བའི་རྟོག་པ་དེ་ལྟ་བུ་བསྐྱེད་ན་སེམས་ཅན་ཐམས་ཅད་བསླུས་པར་འགྱུར་རོ། །བདག་སྔོན་ཡང་བསླུས་པས་བསྐལ་པ་ཚད་མེད་པའི་བར་དུ་འཁོར་བར་འཁོར་ཏེ། ངན་སོང་གསུམ་དུ་ལྟུང་བར་གྱུར་ཏོ། །བདག་གིས་གལ་ཏེ་མི་དགེ་བའི་སེམས་ཀྱིས་སྦྱིན་བདག་དད་པའི་བྱིན་པ་བླངས་ན་ལྷ་དང ། མི་དང ། དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཐམས་ཅད་ཀྱིས་དབང་བྱས་ཤིང་སྨད་པར་འགྱུར་རོ། །བདག་གིས་གལ་ཏེ་མི་དགེ་བའི་རྟོག་པས་སྦྱིན་བདག་དད་པས་བྱིན་པ་བླངས་སམ། གལ་ཏེ་སྦྱིན་བདག་གི་འབྲས་བུ་ཆུང་བར་གྱུར་ཏམ། འབྲས་བུའི་དོན་མེད་པར་གྱུར་ཏམ། བདག་གིས་གལ་ཏེ་མི་དགེ་བའི་སེམས་ཀྱིས་སྦྱིན་བདག་གིས་བྱིན་པ་བླངས་ན་སྦྱིན་བདག་དད་པའི་དགྲར་འགྱུར་རོ། །སྦྱིན་བདག་ཐམས་ཅད་ཀྱིས་བདག་ལ་བུ་གཅིག་པ་བཞིན་དུ་འདུ་ཤེས་བསྐྱེད་ན་བདག་གིས་ཅིའི་
Kha28a
༄#། །ཕྱིར་དེ་དག་ལ་སླུ་ཞིང་དགྲར་འདུ་ཤེས་བསྐྱེད། དེ་ཅིའི་ཕྱིར་ཞེ་ན། སྦྱིན་བདག་གིས་འབྲས་བུ་མ་ཐོབ་པའམ། འབྲས་བུ་ཆུང་བར་གྱུར་ན་རྟག་ཏུ་བདག་ནི་རབ་ཏུ་བྱུང་བ་ཞེས་བརྗོད་པའང་མི་རུང་ངོ ། །རབ་ཏུ་བྱུང་བ་ནི་མི་དགེ་བ་སྐྱེད་པའི་མི་རིགས་སོ། །གལ་ཏེ་མི་དགེ་བ་སྐྱེད་ན་རབ་ཏུ་བྱུང་བ་ཞེས་མི་བྱའོ། །རབ་ཏུ་བྱུང་བ་ནི་ལུས་དང་ངག་ཏུ་ལྡན་པའོ། །གལ་ཏེ་མི་ལྡན་ན་རབ་ཏུ་བྱུང་བ་ཞེས་མི་བྱའོ། །བདག་ཕ་མ་དང ། ཕུ་ནུ་དང ། ཆུང་མ་དང ། བུ་དང ། གཉེན་བཤེས་ཐམས་ཅད་བཏང་སྟེ་རབ་ཏུ་བྱུང་ནས་ལམ་བསྒོམ་པ་འདི་དགེ་བའི་རྟོག་པ་རྣམས་ཡོངས་སུ་བསྒོམ་པའི་དུས་ལ་བབ་ཀྱི། མི་དགེ་བའི་རྟོག་པ་བསྒོམ་པའི་དུས་ནི་མ་ཡིན་ནོ། །དཔེར་ན། མི་ལ་ལ་ཞིག་རྒྱ་མཚོར་ཞུགས་ཏེ་རིན་པོ་ཆེ་ཚོལ་བ་ལས་རིན་པོ་ཆེ་ཡང་དག་པ་ནི་མི་ལེན་པར་ཆུ་ཤེལ་ལེན་པ་དང་མཚུངས་སོ། །གཞན་ཡང་ལ་ལ་ཞིག་རོལ་མོ་དམ་པ་སྤོང་ཞིང་ལུད་དང་མི་གཙང་པའི་གནས་སུ་རྩེ་བ་དང ། ཇི་ལྟར་རིན་པོ་ཆེའི་བུ་མོ་བོར་ཏེ་བྲན་མོ་དང་ཉལ་བ་དང ། ཇི་ལྟར་གསེར་གྱི་སྣོད་སྤངས་ཏེ་ཁམ་ཕོར་སྤྱོད་པ་དང ། ཇི་ལྟར་བདུད་རྩི་སྤོང་ཞིང་དུག་འཐུང་བ་དང ། ཇི་ལྟར་མཛའ་ཞིང་ཉེ་བའི་སྨན་པ་མཁས་པ་སྤངས་ཏེ་དགྲ་དང་འཁོན་དུ་གྱུར་པའི་སྨན་པ་མ་རུངས་པ་ལས་སྨན་ལེན་ཅིང་འཐུང་བ་དང་མཚུངས་ཏེ། བདག་ཀྱང་དེ་དང་འདྲ་བར་སྟོན་པ་ཆེན་པོ་སངས་རྒྱས་
Kha28b
བཅོམ་ལྡན་འདས་ཀྱི་ཆོས་ཀྱི་རོ་བདུད་རྩི་དང་འདྲ་བ་སྤངས་ཤིང་།བདུད་ཀྱི་མི་དགེ་བའི་རྟོག་པ་རྣམ་པ་སྣ་ཚོགས་འཐུང་བ་དང་འདྲའོ། །མིའི་ལུས་ཤིན་ཏུ་རྙེད་དཀའ་བ་མེད་ཏོག་ཨུ་དུམྦ་ར་དང་འདྲ་བ་ནི་བདག་གིས་ད་ཐོབ་པར་གྱུར། དེ་བཞིན་གཤེགས་པ་དང་ཕྲད་དཀའ་བ་མེད་ཏོག་ཨུ་དུམྦ་ར་དང་འདྲ་བ་ནི་ད་བདག་གིས་ཕྲད་པར་གྱུར། རྣམ་པར་དག་པའི་ཆོས་དཀོན་མཆོག་མཐོང་བ་དང་ཐོས་པ་དཀའ་བ་ནི་ཇི་ལྟར་རུས་སྦལ་ལོང་བ་གཉའ་ཤིང་གི་བུ་ག་དང་ཕྲད་པ་དང་འདྲ་བ་ནི་བདག་གིས་ད་ཐོས་པར་གྱུར་ཏེ། མིའི་ཚེ་མི་སྡོད་པ་ནི་རི་གཟར་པོའི་ཤཝ་བས་མགྱོགས་ཏེ། དེང་ཡོད་ཀྱང་སང་ཡོད་པར་མི་མངོན་ན་ཅིའི་ཕྱིར་སེམས་ཕྱལ་པར་མི་དགེ་བའི་ཆོས་ལ་གནས། ལང་ཚོ་ཡང་མི་སྡོད་པ་ནི་རྟག་རྒྱུག་པ་བས་ཀྱང་མགྱོགས་ན་ཅི་སྟེ་དེ་ལ་བསྙེམས་ཤིང་ང་རྒྱལ་དང་དྲེགས་པ་སྐྱེད། ཇི་ལྟར་ཡི་དྭགས་མ་རུངས་པ་མི་ལ་སྐབས་ཆོལ་བ་ལྟར་ཆེན་པོ་བཞིའི་ཡི་དྭགས་ཀྱང་དེ་དང་འདྲ་སྟེ། རྟག་ཏུ་བདག་ལ་ཉེས་པའི་སྐབས་ཚོལ་ན་ཅི་སྟེ་མི་དགེ་བའི་རྟོག་པ་བསྐྱེད་པར་བྱ། དཔེར་ན། ཁང་པ་རུལ་པ་རྡིབ་ཏུ་ཉེ་བ་དང་འདྲ་བར་བདག་གི་ཚེ་ཡང་དེ་དང་འདྲ་ན་ཅིའི་ཕྱིར་མི་དགེ་བ་བསྐྱེད། བདག་ནི་དགེ་སྦྱོང་ཞེས་བྱ་སྟེ། དགེ་སྦྱོང་ཞེས་བྱ་བ་ནི་དགེ་བའི་རྟོག་པ་ལ་རྟོག་པ་ཞེས་བྱ་སྟེ། བདག་གིས་ད་མི་དགེ་བའི་རྟོག་པ་བསྐྱེད་ན་དགེ་སྦྱོང་ཞེས་ཇི་སྐད་གདགས། བདག་ནི་རབ་ཏུ་བྱུང་བ་ཞེས་བྱ་སྟེ། རབ་ཏུ་བྱུང་བ་ནི་དགེ་བའི་ལམ་བསྒོམ་
Kha29a
༄#། །པ་ཞེས་བྱ་སྟེ། བདག་གིས་ད་མི་དགེ་བ་སྤྱོད་ན་ཇི་ལྟར་རབ་ཏུ་བྱུང་བ་ཞེས་བྱ། བདག་ནི་བྲམ་ཟེ་ཞེས་བྱ་སྟེ། བྲམ་ཟེ་ཞེས་བྱ་བ་ནི་ཚངས་པར་སྤྱོད་པའོ། །བདག་གིས་མི་ཚངས་པ་མི་དགེ་བའི་རྟོག་པ་སྤྱོད་ན། ཇི་ལྟར་བྲམ་ཟེ་ཞེས་བྱ། བདག་ནི་རྒྱལ་རིགས་ཆེན་པོ་ཞེས་ཀྱང་བྱ་སྟེ། རྒྱལ་རིགས་ཞེས་བྱ་བ་ནི་དགྲ་ཐུལ་བ་ཡིན་ནོ། །བདག་ད་མི་དགེ་བའི་དགྲ་མི་ཐུལ་ན། ཇི་ལྟར་རྒྱལ་རིགས་ཞེས་བྱ། བདག་ནི་དགེ་སློང་ཞེས་ཀྱང་བྱ་སྟེ། དགེ་སློང་ཞེས་བྱ་བ་ནི་ཉོན་མོངས་པ་འཇོམས་པ་ཞེས་བྱ་ན་བདག་དེང་མི་དགེ་བའི་རྟོག་པ་ཉོན་མོངས་པ་མ་བཅོམ་ན་ཇི་ལྟར་དགེ་སློང་ཞེས་གདགས། འཇིག་རྟེན་ན་རྣམ་པ་འདི་དྲུག་ནི་ཤིན་ཏུ་ཕྲད་པར་དཀའ་སྟེ། བདག་གིས་ད་ཕྲད་པར་གྱུར་ན་ཅིའི་ཕྱིར་མི་དགེ་བའི་རྟོག་པ་སེམས་ལ་གནས་པར་བྱ། རྣམ་པ་དྲུག་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་འཇིག་རྟེན་དུ་བྱུང་བ་ཕྲད་པར་དཀའ་བ་དང ། དམ་པའི་ཆོས་ཐོས་པར་དཀའ་བ་དང ། འཇིགས་པའི་སེམས་སྐྱེ་བར་དཀའ་བ་དང ། ཡུལ་གྱི་དབུས་སུ་སྐྱེ་བར་དཀའ་བ་དང ། མིའི་ལུས་ཐོབ་པར་དཀའ་བ་དང ། དབང་པོ་རྣམས་དང་ལྡན་པར་དཀའ་བའོ། །དེ་ལྟ་བུའི་དངོས་པོ་རྣམ་པ་དྲུག་ཐོབ་པར་དཀའ་བ་ནི་ཐོབ་པར་གྱུར་ཏེ། དེ་བས་ན་མི་དགེ་བའི་རྟོག་པ་བསྐྱེད་པའི་མི་རིགས་སོ་སྙམ་སེམས་སོ། །བྱང་ཆུབ་སེམས་དཔའ་དེའི་ཚེ་འདི་ལྟར་མྱ་ངན་ལས་འདས་པ་ཆེན་པོའི་
Kha29b
མདོ་ལ་ནན་ཏན་བྱེད་པ་ནི་རྟག་ཏུ་མི་དགེ་བའི་སེམས་ལ་བརྩོན་འགྲུས་སུ་རབ་ཏུ་རྟོག་གོ་།བུས་པ་མ་རབས་ཐམས་ཅད་ནི་དེ་ལྟ་བུའི་མི་དགེ་བའི་སེམས་ཀྱི་སྐྱོན་མི་མཐོང་བས་རྟོག་པ་གསུམ་ལེན་ཏེ། དེ་བས་ན་ཟག་པ་དང་བཅས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔས་མཐོང་ནས་མི་ལེན། མི་ཆགས། ཡོངས་སུ་གཏོང་ཞིང་མི་སྲུང་ལ། འཕགས་པའི་ལམ་བརྒྱད་ལ་བརྟེན་ཏེ་སྐྲོད་པ་དང་ཡོངས་སུ་གཅོད་པར་བྱེད་དེ། དེ་བས་ན་བྱང་ཆུབ་སེམས་དཔའ་ཡང་ཟག་པ་མི་ལེན་ན། ཅིའི་ཕྱིར་དེ་བཞིན་གཤེགས་པ་ལ་ཟག་པ་ཡོད་ཅེས་སྨྲ། དོན་དེ་ལྟ་བས་ན་དེ་བཞིན་གཤེགས་པ་ནི་ཟག་པ་དང་བཅས་པ་མ་ཡིན་ནོ། །རིགས་ཀྱི་བུ། བུས་པ་མ་རབས་ནི་གལ་ཏེ་ལུས་དང་སེམས་ལ་སྡུག་བསྔལ་གྱིས་གདུངས་ན་མི་དགེ་བ་རྣམ་པ་སྣ་ཚོགས་སྐྱེའོ། །གལ་ཏེ་ལུས་ནའམ། སེམས་ན་ན་ལུས་དང་ངག་དང་ཡིད་ཀྱིས་མི་དགེ་བའི་ལས་རྣམ་པ་སྣ་ཚོགས་བྱེད་དོ། །མི་དགེ་བ་བྱས་པས་ངན་སོང་གསུམ་དུ་འཁོར་ཞིང་སྡུག་བསྔལ་རྫོགས་པར་མྱོང་བར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། བུས་པ་མ་རབས་ནི་དྲན་པ་དང་ཤེས་རབ་མེད་པའི་ཕྱིར་ཟག་པ་རྣམ་པ་སྣ་ཚོགས་སྐྱེས་ཏེ་དེ་ནི་དྲན་པའི་ཟག་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྟག་ཏུ་འདི་སྙམ་དུ་བདག་སྔོན་བསྐལ་པ་གྲངས་མེད་པའི་བར་དུ་ལུས་དང་སེམས་འདིའི་དབང་གིས་མི་དགེ་བ་རྣམ་པ་སྣ་ཚོགས་བྱས་སོ། །དེ་ལྟར་བྱས་པའི་རྒྱུ་དང་རྐྱེན་
Kha30a
༄#། །གྱིས་འཁོར་བར་རབ་ཏུ་འཁོར་ཏེ། ངན་སོང་གསུམ་དུ་སྡུག་བསྔལ་མང་པོ་རྫོགས་པར་མྱོང་ཞིང་བདག་ཐེག་པ་གསུམ་གྱི་ལམ་ལས་ཐག་རིང་དུ་བྱས་སོ་སྙམ་བསམས་ནས། བྱང་ཆུབ་སེམས་དཔའ་དེའི་རྒྱུ། དེའི་རྐྱེན་གྱིས་བདག་གིས་ལུས་དང་སེམས་ལ་རབ་ཏུ་འཇིགས་པ་ཆེན་པོ་བསྐྱེད་དེ། མི་དགེ་བ་མང་པོ་ཡོངས་སུ་སྤོང་ཞིང་དགེ་བའི་ལམ་ལ་རབ་ཏུ་འཇུག་གོ་།རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རྒྱལ་པོ་ཞིག་གིས་སྦྲུལ་གདུག་པ་བཞི་སྣོད་གཅིག་གི་ནང་དུ་བཅུག་ནས་མི་ཞིག་བསྲུང་ཞིང་བསྙོད་པ་དང།་བསྙལ་བ་དང ། བསླང་བ་དང ། བཀྲུ་བ་ལ་སོགས་པའི་ལས་བྱེད་དུ་བཅུག་གོ། གལ་ཏེ་སྦྲུལ་དེ་ལས་གཅིག་ཁྲོས་པར་གྱུར་ན་ངས་ཁྲིམས་བཞིན་དུ་མི་མང་པོ་འདུས་པའི་ནང་དུ་བསད་དོ་ཞེས་བསྒོའོ། །དེ་ནས་མི་དེས་རྒྱལ་པོས་བསྒོ་བ་ཐོས་ནས་ཤིན་ཏུ་སྐྲག་པའི་སེམས་སྐྱེས་ཏེ་སྦྲུལ་གྱི་སྣོད་བོར་ནས་བྲོས་སོ། །དེ་ནས་རྒྱལ་པོས་རིགས་ངན་གདོལ་པ་རལ་གྲི་ཐོགས་པ་ལྔ་ཕྱི་བཞིན་དུ་སྙེགས་སུ་བཀྱེའོ། །མི་དེས་ཕྱིར་བལྟས་པ་དང ། ཕྱི་ནས་མི་ལྔ་འོང་བ་མཐོང་ནས་དེ་བས་ཀྱང་མྱུར་བར་སོང་ངོ ། །དེ་ནས་མི་ལྔས་ལོག་པའི་ཐབས་ཀྱིས་ཐོགས་པའི་རལ་གྲི་སྦས་ནས་མི་གཅིག་ཉེ་ཞིང་མཛའ་བ་ལྟར་སྒྱུས་ཉེ་བར་བསྙེན་ཏེ། དེ་ལ་འདི་སྐད་དུ་ཁྱོད་ཕྱིར་ཤོག་ཅིག་ཅེས་སྨྲས་སོ། །མི་དེས་ཡིད་མ་ཆེས་
Kha30b
ནས་གབ་ཏུ་འགྲོ་བའི་ཕྱིར་གྲོང་ཁྱེར་ཞིག་ཏུ་སོང་ངོ ། །གྲོང་ཁྱེར་དུ་ཞུགས་ནས་ཁང་པ་ཐམས་ཅད་དུ་བལྟས་ན་མི་གཅིག་ཀྱང་མི་སྣང་ལ། རྫ་མ་དང་སྣོད་དག་གི་ནང་དུ་བལྟས་ན་ཐམས་ཅད་སྟོང་སྟེ་ཅིའང་མེད་པར་མཐོང་ངོ ། །དེས་མི་ཡང་མ་མཐོང ། རྫས་ཀྱང་མ་རྙེད་ནས་ས་ལ་འདུག་པ་དང ། ནམ་མཁའ་སྟོང་པ་ལས། ཀྱེ་རིགས་ཀྱི་བུ། གྲོང་ཁྱེར་སྟོང་པ་འདི་ན་མི་གཅིག་ཀྱང་མི་གནས་ལ། དོ་ནུབ་དགྲ་མ་རུངས་པ་དྲུག་འོང་ངོ ། །གལ་ཏེ་ཁྱོད་དེ་དང་ཕྲད་ན་སྲོག་གསོན་པར་མི་འགྱུར་ན་ཁྱོད་ཅི་སྟེ་ལེ་ལོ་བྱེད་ཅེས་པའི་སྒྲ་གྲགས་སོ། །དེ་ནས་མི་དེ་དེ་བས་ཀྱང་འཇིགས་སྐྲག་ནས་ཡང་དེ་ནས་བྱུང་སྟེ་སོང་བ་ལས། ལམ་དུ་ཆུ་ཆེན་པོ་ཞིག་དང་ཕྲད་དོ། །ཆུ་དེ་ཤིན་ཏུ་དྲག་སྟེ། གྲུ་དང་གཟིངས་མེད་མོད་ཀྱི། འཇིགས་སྐྲག་པའི་ཕྱིར་རྩཝ་དང་ཤིང་མང་པོ་བསྡུས་ནས་གཟིངས་བཅས་སོ། །ཡང་འདི་སྙམ་དུ་བདག་གལ་ཏེ་འདིར་འདུག་ན་སྦྲུལ་གདུག་པ་དང ། རིགས་ངན་གདོལ་པ་ལྔ་དང ། སྒྱུས་ཉེ་བ་གཅིག་དང ། དགྲ་མ་རུངས་པ་དྲུག་གིས་གནོད་པས་འཚེ་བར་འགྱུར་རོ། །ཆུ་འདི་ལ་རྒལ་ནའང་གཟིངས་བརྟན་དུ་མི་རུང་སྟེ། ཆུར་ནུབ་ཅིང་ཤི་བར་འགྱུར་རོ། །ཆུར་ནུབ་སྟེ་ཤི་ནའང་སླའི། སྦྲུལ་དང་དགྲས་གཙེ་བར་མི་བྱའོ་སྙམ་བསམས་ནས་དེ་ནས་རྩཝའི་གཟིངས་ཕུལ་ཏེ་ཆུའི་ནང་དུ་བཅུག་ནས་དེའི་སྟེང་དུ་ལུས་འདུག་སྟེ་ལག་པས་ནི་བྲུས། རྐང་པས་ནི་འཕྲས་ནས་ཆུ་ཡང་ཆོད་
Kha31a
༄#། །དེ།་ཕ་རོལ་གྱི་འགྲམ་དུ་བདེ་བར་ཕྱིན་ནས་སེམས་དང་ཡིད་བདེ་བར་གྱུར་ཏེ། འཇིགས་པ་དང ། སྐྲག་པ་མེད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་ཐོས་ནས་གཟུངས་སུ་འཛིན་པའང་ལུས་ལ་ནི་སྣོད་དང་འདྲ་བར་རྟོག། ས་དང ། ཆུ་དང ། མེ་དང ། རླུང་ལ་ནི་སྦྲུལ་གདུག་པ་བཞི་ལྟ་བུར་རྟོག་སྟེ། ལྟ་བའི་གདུག་པ་དང ། རེག་པའི་གདུག་པ་དང ། དབུགས་ཀྱི་གདུག་པ་དང ། ཟོས་པའི་གདུག་པ་ལྟ་བུར་རྟོག་གོ། སེམས་ཅན་ཐམས་ཅད་ཀྱང་གདུག་པ་དེ་བཞི་དང་ཕྲད་ན་ཚེའི་དུས་བྱས་པར་འགྱུར་རོ། །སེམས་ཅན་གྱི་ཆེན་པོ་བཞི་ཡང་དེ་དང་འདྲ་སྟེ། མཐོང་བས་མི་དགེ་བ་བྱེད་པ་དང ། རེག་པས་མི་དགེ་བ་བྱེད་པ་དང ། དྲིས་མི་དགེ་བ་བྱེད་པ་དང ། ཟོས་པས་མི་དགེ་བ་བྱེད་དེ། དེའི་རྒྱུ་དེའི་རྐྱེན་གྱིས་དགེ་བ་ཐམས་ཅད་སྤོང་བར་འགྱུར་རོ། །གཞན་ཡང ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྲུལ་གདུག་པ་བཞི་རྟོག་པར་རིགས་བཞི་ཡོད་དོ། །འདི་ལྟ་སྟེ། རྒྱལ་རིགས་དང ། བྲམ་ཟེའི་རིགས་དང ། རྗེའུ་རིགས་དང ། གདོལ་རིགས་སོ། །ཆེན་པོ་བཞིའི་སྦྲུལ་ཡང་དེ་དང་འདྲ་སྟེ། རང་བཞིན་རྣམ་པ་བཞི་ཡོད་དོ། །འདི་ལྟ་སྟེ། སྲ་བའི་རང་བཞིན་དང ། གཤེར་བའི་རང་བཞིན་དང ། དྲོ་བའི་རང་བཞིན་དང ། གཡོ་བའི་རང་
Kha31b
བཞིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ནི་ཆེན་པོ་བཞི་དང ། སྦྲུལ་གདུག་པ་བཞི་རང་བཞིན་གྱིས་འདྲ་བར་རྟོག་གོ། གཞན་ཡང ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ནི་ཆེན་པོ་བཞི་ལ་སྦྲུལ་གདུག་པ་བཞི་ལྟ་བུར་རྟོག་གོ། །ཇི་ལྟར་རྟོག་ཅེ་ན། སྦྲུལ་གདུག་པ་བཞི་ནི་རྟག་ཏུ་མི་ལ་སྐབས་ཚོལ་ཏེ། ཇི་ལྟར་ནམ་ཞིག་མཐོང་བར་འགྱུར། ནམ་ཞིག་རེག་པར་འགྱུར། ནམ་ཞིག་དབུགས་ཀྱིས་རྔུབ་པར་འགྱུར། ནམ་ཞིག་བཟའ་བར་འགྱུར་སྙམ་སེམས་སོ། །ཆེན་པོ་བཞིའི་སྦྲུལ་གདུག་པའང་དེ་དང་འདྲ་སྟེ། རྟག་ཏུ་སེམས་ཅན་གྱི་ཉེས་པའི་སྐྱོན་ཚོལ་ལོ། ། གལ་ཏེ་སྦྲུལ་གདུག་པ་བཞིས་བསད་ན་ནམ་དུའང་ངན་སོང་གསུམ་དུ་མི་འགྲོའོ། །གལ་ཏེ་ཆེན་པོ་བཞིས་བསད་པར་གྱུར་ན་གདོན་མི་ཟ་བར་ངན་སོང་གསུམ་དུ་འགྲོ་བར་ངེས་ཏེ། ཐེ་ཚོམ་མེད་དོ། །སྦྲུལ་གདུག་པ་བཞི་ནི་ལེགས་པར་གསོས་ཀྱང་ཕྱིར་མི་ལ་གསོད་པར་སེམས་སོ། །ཆེན་པོ་བཞི་ཡང་དེ་དང་འདྲ་སྟེ། རྟག་ཏུ་གསོ་ཞིང་རིམ་གྲོ་བྱས་ཀྱང་རྟག་ཏུ་མི་དགེ་བ་ཐམས་ཅད་བྱེད་དུ་བཅུག་གོ། སྦྲུལ་གདུག་པ་བཞི་ལས་གལ་ཏེ་གཅིག་ཁྲོས་ན་མི་ལ་གསོད་པར་ནུས་སོ། །ཆེན་པོ་བཞིའི་རང་བཞིན་ཡང་དེ་དང་འདྲ་སྟེ། གལ་ཏེ་ཆེན་པོ་བཞི་གཅིག་གི་ཤས་མ་མཉམ་ནའང་མི་ལ་གསོད་པར་ནུས་སོ། །སྦྲུལ་གདུག་པ་བཞི་ནི་ལྷན་ཅིག་ཏུ་གནས་ཀྱང་བཞི་པོའི་སེམས་སོ་སོའོ། །ཆེན་པོ་བཞིའི་སྦྲུལ་གདུག་པའང་དེ་དང་འདྲ་སྟེ།
Kha32a
༄#། །ལྷན་ཅིག་གནས་ཀྱང་རང་བཞིན་སོ་སོའོ། །སྦྲུལ་གདུག་པ་བཞི་ལ་བཀུར་སྟི་བྱས་ཀྱང་ཉེ་བར་བསྟེན་དཀའོ། །ཆེན་པོ་བཞིའི་སྦྲུལ་གདུག་པའང་དེ་དང་འདྲ་སྟེ།་བཀུར་སྟི་བྱས་ཀྱང་ཉེ་བར་བསྟེན་དཀའོ། །གལ་ཏེ་སྦྲུལ་གདུག་པ་བཞིས་ཟིན་ན་དགེ་སྦྱོང་ངམ་བྲམ་ཟེ་ལ་སོགས་པས་རིག་སྔགས་དང་སྨན་གྱིས་གསོ་ནུས་སོ། །ཆེན་པོ་བཞིས་བསད་ན་དགེ་སྦྱོང་ངམ་བྲམ་ཟེ་ལ་སོགས་པ་དག་གིས་རིག་སྔགས་དང་སྨན་བཟང་པོས་གསོས་ཀྱང་མི་སོས་སོ། །སྦྲུལ་ལ་རྩེ་བ་དག་ཀྱང་སྦྲུལ་གདུག་པ་བཞིའི་དྲི་མནམ་པས་ཕོག་ན་རབ་ཏུ་སྤོང་བར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་དེ་དང་འདྲ་སྟེ། ཆེན་པོ་བཞིའི་མནམ་པ་ཚོར་ན་རབ་ཏུ་སྤོང་ངོ ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ཡང་འདི་སྙམ་དུ་ཆེན་པོ་བཞིའི་སྦྲུལ་གདུག་པ་ལ་རབ་ཏུ་འཇིགས་པ་བསྐྱེད་དེ་རྒྱབ་ཀྱིས་ཕྱོགས་ནས་མྱུར་བར་བྲོས་ཏེ། འཕགས་པའི་ལམ་བརྒྱད་ལ་བསྒོམ་པར་བྱའོ་སྙམ་སེམས་སོ། །རིགས་ངན་ལྔ་ཞེས་བྱ་བ་ནི་ཕུང་པོ་ལྔའི་དཔེའོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔས་ཕུང་པོ་ལྔ་ལ་རིགས་ངན་ལྟ་བུར་རྟོག་ཅེ་ན། རིགས་ངན་ཞེས་བྱ་བ་ནི་རྟག་ཏུ་མཛའ་ཞིང་སྡུག་པ་དང་སོ་སོར་ཕྲལ་ཏེ། དགྲ་སྡང་བ་དང་ལྷན་ཅིག་སྤྲོད་དོ། །ཕུང་པོ་ལྔའང་དེ་དང་འདྲ་སྟེ། འགྲོ་བ་མང་པོ་མི་དགེ་བའི་ཆོས་ལ་ཆགས་ཤིང་ཉེ་བར་བྱེད་དེ། ཕྱོགས་གཅིག་ཏུ་དགེ་བའི་
Kha32b
ཆོས་ཐམས་ཅད་དང་ནི་བྲལ་བར་བྱེད་དོ། །གཞན་ཡང ། རིགས་ཀྱི་བུ། དཔེར་ན། རིགས་ངན་ནི་རལ་གྲི་དང ། ཕུབ་དང ། མདའ་གཞུ་དང ། གོ་ཆ་དང ། མདུང་དང ། མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས་བདག་ལ་བརྒྱན་ཅིང་གཞན་ལ་གནོད་པར་བྱེད་དོ། །ཕུང་པོ་ལྔའང་དེ་དང་འདྲ་སྟེ། ཉོན་མོངས་པ་རྣམས་ཀྱིས་ཤིན་ཏུ་བརྒྱན་ནས་གཏི་མུག་ཅན་ལ་འཚེ་ཞིང་སྲིད་པ་རྣམས་སུ་ལྟུང་བར་བྱེད་དོ། །རིགས་ཀྱི་བུ། རིགས་ངན་ནི་འགྲོ་བ་ཉེས་པ་བྱུང་བ་ཡོད་ན་གསོད་དོ། །ཕུང་པོ་ལྔའང་དེ་དང་འདྲ་སྟེ། ཀུན་ནས་ཉོན་མོངས་པའི་ཉེས་པ་དང་བཅས་པས་རྟག་ཏུ་གསོད་དོ། །དེ་བས་ན་བྱང་ཆུབ་སེམས་དཔས་ཕུང་པོ་ལྔ་ལ་རིགས་ངན་ལྔ་ལྟ་བུར་རབ་ཏུ་རྟོགས་སོ། །གཞན་ཡང་བྱང་ཆུབ་སེམས་དཔས་ཕུང་པོ་ལྔ་ལ་རིགས་ངན་ལྟ་བུར་རྟོགས་ཏེ། རིགས་ངན་ནི་བྱམས་པ་དང་བརྩེ་བའི་སེམས་མེད་དེ། དགྲ་དང་གཉེན་གཉིས་ཀ་གསོད་དོ། །ཕུང་པོ་ལྔའང་དེ་དང་འདྲ་སྟེ། བྱམས་པ་དང་བརྩེ་བའི་སེམས་མེད་པས་དགེ་བ་དང ། མི་དགེ་བ་གཉིས་ཀ་གསོད་དོ། །རིགས་ངན་ནི་མི་ཐམས་ཅད་ལ་འཚེའོ། །ཕུང་པོ་ལྔའང་དེ་དང་འདྲ་སྟེ། ཉོན་མོངས་པ་རྣམས་ཀྱིས་རྟག་ཏུ་འཁོར་བའི་སེམས་ཅན་རྣམས་ལ་འཚེའོ། །དེ་བས་ན་བྱང་ཆུབ་སེམས་དཔས་ཕུང་པོ་ལྔ་ལ་རིགས་ངན་ལྟ་བུར་རྟོག་གོ། །རིགས་ངན་ནི་རྟག་ཏུ་འཚེ་བའི་སེམས་དང་བཅས་སོ། །ཕུང་པོ་ལྔའང་དེ་དང་འདྲ་བར་རྟག་ཏུ་ཀུན་ནས་ཉོན་མོངས་པ་དང་བཅས་
Kha33a
༄#། །པས་འཚེ་བའི་སེམས་དང་བཅས་སོ། །ཇི་ལྟར་མི་རྐང་པ་མེད་པ་ལ་རལ་གྲི་དང ། མཚོན་ཆ་དང ། གཡོག་མེད་ན་གདོན་མི་ཟ་བར་རིགས་ངན་གྱིས་གསོད་པར་འགྱུར་རོ། །སེམས་ཅན་ཡང་དེ་དང་འདྲ་སྟེ། རྐང་པ་མེད་ཅིང་མཚོན་ཆ་མེད་དེ། གཡོག་མེད་ན་ཕུང་པོ་ལྔས་གསོད་པར་འགྱུར་རོ། །རྐང་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་སོ། ། རལ་གྲི་ཞེས་བྱ་བ་ནི་ཤེས་རབ་བོ། །གཡོག་ཅེས་བྱ་བ་ནི་དགེ་བའི་བཤེས་གཉེན་ཏེ། དེ་གསུམ་མེད་ན་ཕུང་པོ་ལྔའི་དགྲས་འཚེ་བར་འགྱུར་རོ། །དེ་བས་ན་བྱང་ཆུབ་སེམས་དཔས་ཕུང་པོ་ལྔ་ལ་རིགས་ངན་ལྟ་བུར་རྟོག་གོ། གཞན་ཡང ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕུང་པོ་ལྔ་ལ་རིགས་ངན་པས་ཀྱང་ལྷག་པར་རྟོག་གོ་།དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་སེམས་ཅན་གང་རིགས་ངན་གྱིས་བསད་ན་སེམས་ཅན་དམྱལ་བར་མི་ལྟུང་ངོ ། །ཕུང་པོ་ལྔས་བསད་ན་སེམས་ཅན་དམྱལ་བར་ལྟུང་སྟེ། དོན་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ཕུང་པོ་ལྔ་ལ་རིགས་ངན་པས་ལྷག་པར་རྟོག་གོ། །དེ་ལྟར་རྟོགས་ནས་འདི་སྐད་ཅེས་དམ་འཆའོ། །བདག་ཚེ་གཅིག་གི་བར་དུ་རིགས་ངན་དང་ལྷན་ཅིག་གནས་ཀྱང་སླའི། སྐད་ཅིག་ཙམ་ཡང་ཕུང་པོ་ལྔ་དང་ཉེ་བར་མི་འདོད་དོ། །རིགས་ངན་ནི་འདོད་ཁམས་ཀྱི་གླེན་པ་འབའ་ཞིག་འཚེ་བར་ནུས་ཀྱི། ཕུང་པོ་ལྔའི་དགྲས་ནི་ཁམས་
Kha33b
གསུམ་གྱི་བུས་པ་མ་རབས་གླེན་པ་ཀུན་ལ་འཚེའོ། །རིགས་ངན་ནི་ཉེས་པ་ཡོད་པའི་མི་འབའ་ཞིག་གསོད་ཀྱི། ཕུང་པོ་ལྔའི་དགྲས་ནི་སེམས་ཅན་ཉེས་པ་ཡོད་ཀྱང་རུང ། མེད་ཀྱང་རུང་སྟེ། ཀུན་ལ་གནོད་པར་བྱེད་ཅིང་རབ་ཏུ་འཚེའོ། །རིགས་ངན་ནི་ཞན་པ་རྒས་པ་དང ། བུད་མེད་དང ། བུ་ཆུང་ངུ་རྣམས་ལ་མི་འཚེའོ། །ཕུང་པོ་ལྔའི་དགྲ་ནི་སེམས་ཅན་རྒན་ཡང་རུང ། གཞོན་ཡང་རུང ། བུད་མེད་ཀྱང་རུང་སྟེ། ཐམས་ཅད་ཀུན་ལ་འཚེའོ། །དེ་ནི་བྱང་ཆུབ་སེམས་དཔས་ཕུང་པོ་འདི་ལ་རིགས་ངན་པས་ལྷག་པར་རྟོག་པ་ཞེས་བྱ་སྟེ། དེ་བས་ན་ཚེ་གཅིག་གི་བར་དུ་རིགས་ངན་དང་ལྷན་ཅིག་གན་ཀྱང་སླའི། སྐད་ཅིག་ཙམ་ཡང་ཕུང་པོ་ལྔ་དང་ཉེ་བ་དང་བསྟེན་པར་མི་བྱའོ་ཞེས་ཡི་དམ་འཆའོ། །གཞན་ཡང ། རིགས་ཀྱི་བུ། རིགས་ངན་ནི་ཕ་རོལ་པོ་འབའ་ཞིག་ལ་འཚེའི། བདག་ལ་མི་འཚེའོ། །ཕུང་པོ་ལྔའི་དགྲ་ནི་བདག་དང ། གཞན་དང ། རིགས་ངན་པའང་འཚེའོ། །རིགས་ངན་ལ་ནི་ཚིག་འཇམ་པོ་དང་ནོར་རིན་པོ་ཆེ་བྱིན་པས་ཐར་བར་རུང་གི། ཕུང་པོ་ལྔ་ནི་དེ་ལྟ་མ་ཡིན་གྱི། ཚིག་འཇམ་པོས་བྲིད་ཅིང་ནོར་རིན་པོ་ཆེ་ལ་སོགས་པ་ཕུལ་ཡང་ཐར་བར་མི་འགྱུར་རོ། །རིགས་ངན་ནི་དུས་བཞི་ཐམས་ཅད་དུ་རྟག་ཏུ་གསོད་པ་མ་ཡིན་ནོ། །ཕུང་པོ་ལྔ་ནི་དེ་ལྟ་མ་ཡིན་ཏེ། སྐད་ཅིག་སྐད་ཅིག་ཙམ་ཡང་རྟག་ཏུ་སེམས་ཅན་རྣམས་གསོད་དོ། །རིགས་ངན་ནི་གནས་གཅིག་ཏུ་ཟད་པས་འབྱོལ་ཞིང་
Kha34a
༄#། །འབྲོས་སུ་ཡོད་དོ། །ཕུང་པོ་ལྔ་ནི་དེ་ལྟ་མ་ཡིན་ཏེ། གནས་ཐམས་ཅད་ཀུན་ཏུ་ཁྱབ་པས་འབྱོལ་ཞིང་འབྲོས་པའི་ས་མེད་དོ། །རིགས་ངན་ནི་མི་ལ་གསོད་མོད་ཀྱི། བསད་ནས་རྗེས་སུ་མི་འབྲང་ངོ ། །ཕུང་པོ་ལྔ་ནི་དེ་ལྟ་མ་ཡིན་ཏེ། སེམས་ཅན་བསད་ནས་ཀྱང་རྗེས་སུ་འབྲང་ཞིང་མི་འབྲལ་ལོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ནམ་འཚོའི་བར་དུ་རིགས་ངན་དང་ལྷན་ཅིག་གནས་ཀྱང་སླའི། སྐད་ཅིག་ཙམ་ཡང་ཕུང་པོ་ལྔ་དང་ཉེ་བར་མི་འགྲོའོ། །ཤེས་རབ་ཅན་དག་ནི་ཐབས་མཁས་པས་ཕུང་པོ་ལྔ་ལས་ཐར་བར་འགྱུར་རོ། །ཐབས་མཁས་པ་ཞེས་བྱ་བ་ནི་འཕགས་པའི་ལམ་བརྒྱད་དང ། ཕ་རོལ་ཏུ་ཕྱིན་པ་དྲུག་དང ། ཚད་མེད་པ་བཞི་སྟེ། དེ་ལྟ་བུའི་ཐབས་ཀྱིས་རྣམ་པར་གྲོལ་བར་འགྱུར་ཏེ། ལུས་དང་སེམས་ལ་ཕུང་པོ་ལྔས་མི་འཆེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ལུས་ནི་རྡོ་རྗེ་ལྟ་བུ། སེམས་ནི་ནམ་མཁའ་ལྟ་བུ་སྟེ། དེའི་ཕྱིར་ལུས་དང་སེམས་གཞིག་པར་རབ་ཏུ་དཀའོ། །དོན་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ཕུང་པོ་ལྔ་ནི་མི་དགེ་བའི་ཆོས་རྣམ་པ་སྣ་ཚོགས་དང་ལྡན་པར་རྟོགས་ནས་རབ་ཏུ་འཇིགས་པ་ཆེན་པོ་སྐྱེས་ཏེ།་འཕགས་པའི་ལམ་བརྒྱད་ལ་ནན་ཏན་བྱེད་པ་ནི་ཇི་ལྟར་མི་དེས་སྦྲུལ་གདུག་པ་བཞི་དང ། རིགས་ངན་ལྔ་ལ་འཇིགས་ནས་ཐོགས་པ་མེད་པར་ལམ་དུ་ཞུགས་ཏེ་སོང་བ་
Kha34b
དང་འདྲའོ། །སྒྱུས་མཛའ་བ་ལྟར་བྱེད་པ་ནི་འདོད་ཆགས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདོད་པ་ཀུན་ནས་ཉོན་མོངས་པ་ལ་དགྲ་སྒྱུས་མཛའ་བར་བྱེད་པ་ལྟ་བུར་རྟོགས་ཏེ། གང་གིས་དེ་ལྟར་ཤེས་པ་ལ་ནི་ཅིས་ཀྱང་མི་ཚུགས་སོ། །གང་མི་ཤེས་པ་ལ་ནི་གདོན་མི་ཟ་བར་འཚེ་བར་འགྱུར་ཏེ། འདོད་ཆགས་པའང་དེ་དང་འདྲའོ། །གང་དེའི་ཚེ་མཚན་ཉིད་ཤེས་པའི་འགྲོ་བ་དག་ནི་འཁོར་བར་འཁོར་བའི་སྡུག་བསྔལ་མྱོང་བར་མི་འགྱུར་རོ། །གལ་ཏེ་མི་ཤེས་ན་རྒྱུད་དྲུག་ཏུ་འཁོར་ཞིང་སྡུག་བསྔལ་མང་པོ་མ་ལུས་པར་མྱོང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་ལས་ནད་དུ་འགྱུར་བ་ནི་ཤིན་ཏུ་སྤོང་དཀའ་བའི་ཕྱིར་རོ། །དེའང་ཇི་ལྟར་དགྲ་སྒྱུས་མཛའ་བ་ལྟར་བྱེད་པ་སྤོང་དཀའ་བ་བཞིན་ནོ། །དགྲ་སྒྱུས་མཛའ་བ་ལྟར་བྱེད་པ་ནི་རྟག་ཏུ་སྐབས་ཚོལ་ཏེ། མཛའ་ཞིང་སྡུག་པ་དང་ཕྲལ་ནས་དགྲ་སྡང་བ་དང་སྤྲོད་པར་བྱེད་དོ། །འདོད་ཆགས་ཀྱང་དེ་དང་འདྲ་སྟེ། སྐྱེ་བོ་དག་དགེ་བའི་ཆོས་ཐམས་ཅད་དང་རིང་དུ་འགྱུར་ཞིང་མི་དགེ་བའི་ཆོས་ཐམས་ཅད་དང་ཉེ་བར་བྱེད་དོ། །དོན་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདོད་ཆགས་ལ་ཇི་ལྟར་དགྲ་སྒྱུས་མཛའ་བར་བྱེད་པ་དང་འདྲ་བར་རྟོགས་ཏེ། མི་མཐང་བ་མཐོང་བ་དང ། མ་ཐོས་པ་ཐོས་པའི་ཕྱིར་རོ། །བྱིས་པ་སོ་སོའི་སྐྱེ་བོ་ནི་འཁོར་བའི་སྐྱོན་མཐོང་སྟེ། ཤེས་རབ་
Kha35a
༄#། །ཡོད་མོད་ཀྱི་གཏི་མུག་གིས་ཁེབས་པས་ཕྱིས་ཀྱང་མི་མཐོང་བར་འགྱུར་རོ། །ཉན་ཐོས་དང་རང་སངས་རྒྱས་ཀྱང་དེ་དང་འདྲ་སྟེ། མཐོང་མོད་ཀྱི་མི་མཐོང་བ་དང་འདྲའོ། །ཐོས་མོད་ཀྱི་མི་ཐོས་པ་དང་འདྲའོ། །དེ་ཅིའི་ཕྱིར་ཞེ་ན། འདོད་པའི་སེམས་དང་བཅས་པའི་ཕྱིར་རོ། །དེའང་ཇི་ལྟ་ཞེ་ན། འཁོར་བའི་སྐྱོན་མཐོང་ཡང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྲོ་མི་ནུས་སོ། །དོན་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདོད་ཆགས་ཀྱི་ཀུན་ནས་ཉོན་མོངས་པའི་འདི་ལ་དགྲ་སྒྱུས་མཛའ་བ་ལྟར་བྱེད་པ་དང་འདྲ་བར་རབ་ཏུ་རྟོགས་སོ། །དགྲ་སྒྱུས་མཛའ་བ་ལྟར་བྱེད་པའི་མཚན་མ་ཇི་ལྟ་བུ་ཞེ་ན། དཔེར་ན། དགྲ་མི་བདེན་པར་སྒྱུས་བདེན་པའི་མཚན་མ་སྟོན་པ་དང ། ཉེ་ཞིང་མཛའ་མི་རུང་བར་སྒྱུས་ཉེ་བའི་མཚན་མ་སྟོན་པ་དང ། ཡང་དག་པར་དགེ་བ་མ་ཡིན་པར་སྒྱུས་དགེ་བའི་མཚན་མ་སྟོན་པ་དང ། ཡང་དག་པར་སྡུག་པ་མ་ཡིན་པར་སྒྱུས་སྡུག་པའི་མཚན་མ་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རྟག་ཏུ་སྐབས་ཚོལ་ཏེ། འཆེ་བར་འདོད་པའི་ཕྱིར་འདོད་པའང་དེ་དང་འདྲ་བར་རྟག་ཏུ་སེམས་ཅན་རནྨྶ་ལ་མི་བདེན་པར་སྒྱུས་བདེན་པ་དང ། མི་ཉེ་བར་སྒྱུས་ཉེ་བ་དང ། མི་དགེ་བར་སྒྱུས་དགེ་བ་དང ། མི་སྡུག་པར་སྒྱུས་སྡུག་པ་ལྟར་བྱེད་དེ། རྟག་ཏུ་ཐམས་ཅད་ལ་སླུ་ཞིང་འཁོར་བར་འཁོར་བར་བྱེད་དོ། །དོན་
Kha35b
དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ནི་འདོད་ཆགས་ལ་དགྲ་སྒྱུས་ཉེ་བར་བྱེད་པ་ལྟ་བུ་རྟོག་གོ་།དགྲ་སྒྱུས་ཉེ་བ་ལྟར་བྱེད་པ་ནི་ལུས་དང་ངག་གི་ལས་མཐོང་གི། སེམས་ནི་མི་མཐོང་སྟེ། དེ་བས་ན་སླུ་བར་འགྱུར་རོ། །འདོད་པའང་དེ་དང་འདྲ་སྟེ། ཡང་དག་པ་མ་ཡིན་པའི་སླུ་བ་འབའ་ཞིག་སྟེ། བདེན་པ་མེད་དོ། །དེ་བས་ན་སེམས་ཅན་ཐམས་ཅད་ཀྱང་བསླུས་སོ། །དགྲ་སྒྱུས་ཉེ་བ་ལྟར་བྱེད་པ་ནི་ཐོག་མ་དང་ཐ་མ་ཡོད་དེ། སྤོང་བར་སླའོ། །འདོད་ཆགས་ནི་དེ་ལྟ་བུ་མ་ཡིན་ཏེ། ཐོག་མ་དང་ཐ་མ་མེད་པས་སྤོང་བར་རབ་ཏུ་དཀའོ། །དགྲ་སྒྱུས་ཉེ་བ་ལྟར་བྱེད་པ་ནི་ཐག་རིང་ན་ཤེས་པར་དཀའི། ཉེ་ན་ཤེས་པར་སླའོ། །འདོད་པ་ནི་དེ་ལྟ་མ་ཡིན་ཏེ། ཉེ་ནའང་ཤེས་པར་དཀའ་ན་རིང་བ་ལྟ་ཅི་སྨོས་ཏེ། དོན་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ནི་འདོད་ཆགས་ལ་སྒྱུས་ཉེ་བར་བྱེད་པ་བས་ཀྱང་ལྷག་པར་རྟོག་གོ་།སེམས་ཅན་ཐམས་ཅད་ནི་འདོད་ཆགས་ཀྱི་ཀུན་ནས་ཉོན་མོངས་པས་མྱ་ངན་ལས་འདས་པ་ཆེན་པོ་དང་ཐག་རིང་ཞིང།་འཁོར་བ་དང་དུས་ཉེ་བར་གྱུར་ཏོ། །རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་དང་ཐག་རིང་ཞིང་མི་རྟག་པ་དང ། སྡུག་བསྔལ་བ་དང ། བདག་མེད་པ་དག་ཡོངས་སུ་མ་དག་པ་དང་ཉེ་བར་གྱུར་ཏོ། །དེ་བས་ན་ངས་མདོ་སྡེ་ཀུན་ལས་དྲི་མ་རྣམ་པ་གསུམ་བཤད་དེ། མ་རིག་པའི་ཕྱིར་ད་ལྟར་གྱི་དངོས་པོ་ལ་ཉེས་པའི་སྐྱོན་མ་མཐོང་སྟེ། སྤོང་མི་ནས་
Kha36a
༄#། །སོ། །འདོད་ཆགས་ཀྱི་དགྲ་སྒྱུས་ཉེ་བ་ལྟར་བྱེད་པ་ནི་ནམ་ཡང་མཁས་པ་ཤེས་རབ་ཅན་ལ་གནོད་པ་བྱེད་མི་ནུས་སོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ནི་འདོད་པ་འདི་རབ་ཏུ་རྟོགས་ཤིང་འཇིགས་པ་ཆེན་པོ་སྐྱེས་ནས། འཕགས་པའི་ལམ་ཡན་ལག་བརྒྱད་ལ་ནན་ཏན་བྱེད་པ་ནི་ཇི་ལྟར་མི་དེ་སྦྲུལ་གདུག་པ་བཞི་དང ། རིགས་ངན་ལྔ་དང་སྒྱུས་ཉེ་བ་གཅིག་ལ་འཇིགས་པས་ལམ་དུ་ཞུགས་ནས་ཕྱིར་མི་ལྡོག་པ་བཞིན་ནོ། །གྲོང་ཁྱེར་སྟོང་པ་ཞེས་བྱ་བ་ནི་སྐྱེ་མཆེད་དྲུག་གོ་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་གི་སྐྱེ་མཆེད་དྲུག་ལ་སྟོང་པ་ཅིའང་མེད་པ་གྲོང་ཁྱེར་སྟོང་པ་དང་འདྲ་བར་རྟོག་གོ་།ཇི་ལྟར་འཇིགས་པའི་མི་དེ་གྲོང་ཁྱེར་སྟོང་པར་ཞུགས་ནས་མི་གཅིག་ཀྱང་མ་མཐོང་ཞིང ། རྫ་མ་དང་སྣོད་ཀུན་ཏུ་བལྟས་ཀྱང་རྫས་གཅིག་ཀྱང་མ་རྙེད་པ་བཞིན་ཏེ། བྱང་ཆུབ་སེམས་དཔའ་ཡང་དེ་དང་འདྲ་བར་སྐྱེ་མཆེད་དྲུག་ལ་ཡང་དག་པར་བརྟགས་ན་སྟོང་པ་ཅིའང་མེད་པ། སེམས་ཅན་གྱི་རྫས་གཅིག་ཀྱང་བདེན་པ་མ་མཐོང་ངོ ། །དེ་བས་ན་བྱང་ཆུབ་སེམས་དཔས་ནང་གི་སྐྱེ་མཆེད་དྲུག་ལ་སྟོང་པ། ཅིའང་མེད་པ་གྲོང་ཁྱེར་སྟོང་པ་དེ་དང་འདྲ་བར་རྟོག་གོ་།རིགས་ཀྱི་བུ།་གྲོང་ཁྱེར་སྟོང་པ་དེ་ལ་དགྲ་དང་རྐུན་པོ་རྣམས་ཀྱིས་རྒྱང་ནས་བལྟས་ན་སྟོང་པའི་འདུ་ཤེས་ཡང་མི་སྐྱེའོ། །བུས་པ་མ་རབས་སོ་སོའི་སྐྱེ་བོའང་དེ་དང་འདྲ་སྟེ། སྐྱེ་མཆེད་དྲུག་
Kha36b
གི་གྲོང་ཁྱེར་ལ་སྟོང་པའི་འདུ་ཤེས་མི་སྐྱེའོ། །སྟོང་པའི་འདུ་ཤེས་མ་སྐྱེས་པའི་ཕྱིར་འཁོར་བར་འཁོར་ཏེ། སྡུག་བསྔལ་ཚད་མེད་པ་སྙེད་མྱོང་བར་གྱུར་ཏོ། །རིགས་ཀྱི་བུ། དགྲ་དང་རྐུན་པོ་རྣམས་དེར་ཕྱིན་ནས། གདོད་སྟོང་པའི་འདུ་ཤེས་བསྐྱེད་པ་དང་འདྲ་བར་བྱང་ཆུབ་སེམས་དཔའ་ཡང་དེ་དང་འདྲ་སྟེ། སྐྱེ་མཆེད་དྲུག་པོ་འདི་ལ་བརྟགས་ན་རྟག་ཏུ་སྟོང་པའི་འདུ་ཤེས་སྐྱེའོ།། སྟོང་པའི་འདུ་ཤེས་བསྐྱེད་པས་འཁོར་བར་མི་འཁོར་ཞིང་སྡུག་བསྔལ་མི་མྱོང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྐྱེ་མཆེད་དྲུག་པོ་འདི་ལ་ཕྱིན་ཅི་ལོག་ཏུ་མ་གྱུར་ཏོ། །ཕྱིན་ཅི་ལོག་ཏུ་མ་གྱུར་པའི་ཕྱིར་འཁོར་བར་འཁོར་བར་མ་གྱུར་ཏོ། །གཞན་ཡང ། རིགས་ཀྱི་བུ། རྐུན་པོ་རྣམས་ནི་གྲོང་ཁྱེར་སྟོང་པར་ཞུགས་ན་བདེ་བ་ཐོབ་པར་འགྱུར་རོ། ། ཉོན་མོངས་པའི་རྐུན་པོ་རྣམས་ཀྱང་དེ་དང་འདྲ་སྟེ། སྐྱེ་མཆེད་དྲུག་པོ་དེ་ལ་ཞུགས་ན་བདེ་བ་ཐོབ་པར་འགྱུར་རོ། །དེ་ལྟར་རྐུན་པོ་རྣམས་གྲོང་ཁྱེར་སྟོང་པར་གནས་ན་འཇིགས་པའི་སེམས་མེད་པ་ལྟར། ཉོན་མོངས་པའི་དགྲ་རྣམས་ཀྱང་དེ་དང་འདྲ་སྟེ། སྐྱེ་མཆེད་དྲུག་པོ་དེ་ལ་གནས་ན་འཇིགས་པ་མེད་དོ། །ཇི་ལྟར་གྲོང་ཁྱེར་སྟོང་པ་དེ་ནི་སེངྒེ་དང ། སྟག་དང ། སྤྱང་ཀི་དང ། གཅན་གཟན་མ་རུངས་པ་ཐམས་ཅད་ཀྱི་གནས་དང་འདྲ་བ་ལྟར་ནང་གི་སྐྱེ་མཆེད་དྲུག་པོ་དེའང་དེ་དང་འདྲ་སྟེ། ཉོན་མོངས་པའི་གཅན་གཟན་མ་རུངས་པ་མང་པོ་ཐམས་ཅད་ཀྱི་གནས་
Kha37a
༄#། །སོ། །དེ་བས་ན་བྱང་ཆུབ་སེམས་དཔས་སྐྱེ་མཆེད་དྲུག་ནི་སྟོང་པ་ཅིའང་མེད་པ། མི་དགེ་བ་ཐམས་ཅད་ཀྱི་གནས་ཡིན་པར་རབ་ཏུ་རྟོག་གོ་།གཞན་ཡང ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་གི་སྐྱེ་མཆེད་དྲུག་ལ་སྟོང་པ་ཅིའང་མེད་པ། གྲོང་ཁྱེར་སྟོང་པ་དེ་དང་འདྲ་བར་རྟོག་གོ་།དེ་ཅིའི་ཕྱིར་ཞེ་ན། ཡང་དག་པ་མ་ཡིན་པས་སླུ་བའི་ཕྱིར་སྟོང་པ་ཅིའང་མེད་པ་ལ་ཡོད་པར་འདུ་ཤེས་པ་དང ། ཡང་དག་པར་བདེ་བ་མེད་པར་བདེ་བར་འདུ་ཤེས་པ་དང ། ཡང་དག་པར་མི་མེད་པར་མིར་འདུ་ཤེས་སོ། །ནང་གི་སྐྱེ་མཆེད་དྲུག་ཀྱང་དེ་དང་འདྲ་སྟེ། སྟོང་པ་ཅིའང་མེད་པ་ལ་ཡོད་པར་འདུ་ཤེས་པ་དང ། ཡང་དག་པར་བདེ་བ་མེད་པར་བདེ་བར་འདུ་ཤེས་པ་དང ། ཡང་དག་པར་མི་མེད་པར་མིར་འདུ་ཤེས་ཏེ། མཁས་པ་ཤེས་རབ་ཅན་འབའ་ཞིག་གིས་ནི་ཡང་དག་པར་ཇི་ལྟ་བ་བཞིན་དུ་རིག་པར་ནུས་སོ། །གཞན་ཡང ། རིགས་ཀྱི་བུ། གྲོང་ཁྱེར་སྟོང་པ་ནི་རེས་འགའ་མི་ཡོད། རེས་འགའ་མི་མེད་དོ། །སྐྱེ་མཆེད་དྲུག་ནི་དེ་ལྟ་མ་ཡིན་ཏེ། ཕྱོགས་གཅིག་ཏུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། ། མཁས་པ་ཤེས་རབ་ཅན་གྱིས་ཤེས་པ་ནི་མིག་གིས་མཐོང་བ་མ་ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔས་ནང་གི་སྐྱེ་མཆེད་དྲུག་ལ་དགྲ་དང་འཚེ་བ་མང་བར་རྟོགས་ནས་མི་སྡོད་
Kha37b
མི་དལ་བར་འཕགས་པའི་ལམ་བརྒྱད་ལ་ནན་ཏན་བྱེད་པ་ནི་ཇི་ལྟར་མི་ངེས་སྦྲུལ་གདུག་པ་བཞི་དང ། རིགས་ངན་ལྔ་དང ། མཛའ་ཞིང་ཉེ་བ་ལྟར་སྒྱུས་འཆོས་པ་གཅིག་དང ། རྐུན་པོ་དྲུག་ལ་འཇིགས་ནས་བདེན་པའི་ལམ་དུ་ཞུགས་པ་བཞིན་ནོ། །དགྲ་ཆེན་པོ་དྲུག་ཅེས་བྱ་བ་ནི་ཕྱི་རོལ་གྱི་ཡུལ་དྲུག་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡུལ་དྲུག་ལ་དགྲ་ཆེན་པོ་དྲུག་དང་འདྲ་བར་རྟོག་གོ་།དེ་ཅིའི་ཕྱིར་ཞེ་ན། དགེ་བའི་ཆོས་ཐམས་ཅད་འཕྲོག་པའི་ཕྱིར་རོ། །ཇི་ལྟར་དགྲ་དྲུག་པོས་མི་ཀུན་གྱི་ནོར་རྫས་དང་རིན་པོ་ཆེ་འཕྲོག་ནུས་པ་ལྟར། ཡུལ་དྲུག་གི་དགྲའང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་ནོར་ཀུན་འཕྲོག་ནུས་སོ། །ཇི་ལྟར་དགྲ་ཆེན་པོ་དྲུག་གལ་ཏེ་མིའི་ཁྱིམ་དུ་ཞུགས་ན་རྫས་བཟང་ངན་མི་འདམ་པར་ཅི་ཡོད་པ་ཀུན་འཕྲོག་ནུས་ཏེ། རབ་ཏུ་ཕྱུག་པོའང་དབུལ་བར་བྱེད་དོ། །ཡུལ་དྲུག་གི་དགྲའང་དེ་དང་འདྲ་སྟེ། གལ་ཏེ་མིའི་དབང་པོར་ཞུགས་ན་དགེ་བའི་ཆོས་ཐམས་ཅད་འཕྲོག་པར་འགྱུར་ཏེ། དགེ་བའི་ཆོས་ཟད་པས་དབུལ་ཕོངས་ནས་ལོག་སྲེད་ཅན་གྱི་ལས་ཀྱང་བྱེད་དེ། དེ་བས་ན་བྱང་ཆུབ་སེམས་དཔས་ཡུལ་དྲུག་ལ་དགྲ་ཆེན་པོ་དྲུག་དང་འདྲ་བར་ཡང་དག་པར་རབ་ཏུ་རྟོག་གོ་གཞན་ཡང།་རིགས་ཀྱི་བུ། དགྲ་དྲུག་པོ་དེ་འཕྲོག་པར་བཤམས་ན་ནང་བྱན་དགོས་སོ། །གལ་ཏེ་ནང་བྱན་མེད་ན་དེ་ཉིད་དུ་ཕྱིར་ལྡོག་གོ་།ཡུལ་དྲུག་གི་དགྲའང་དེ་དང་འདྲ་སྟེ། དགེ་བའི་
Kha38a
༄#། །ཆོས་འཕྲོག་པར་བཤམས་ན་ནང་གི་སེམས་ཅན་དུ་ཤེས་ཤིང་མཐོང་བ་དང ། རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་དང ། སྟོང་པ་མ་ཡིན་པ་ལ་སོགས་པའི་མཚན་མ་མཐོང་བ་དང་ཤེས་པ་དགོས་སོ། །གལ་ཏེ་ནང་ན་དེ་ལྟ་བུ་ལ་སོགས་པའི་མཚན་མར་འཛིན་པ་མེད་ན། ཡུལ་དྲུག་གི་དགྲ་མ་རུངས་པས་དགེ་བའི་ཆོས་ཐམས་ཅད་འཕྲོག་མི་ནུས་སོ། །མཁས་པ་ཤེས་རབ་ཅན་ནི་ནང་ན་དེ་ལྟ་བུའི་མཚན་མ་མེད་དོ། །བུས་པ་མ་རབས་ལ་ནི་དེ་ལྟ་བུ་ཡོད་དེ། དེ་བས་ན་ཡུལ་དྲུག་གིས་རྟག་ཏུ་དགེ་བའི་ཆོས་ཀྱི་ནོར་འཕྲོག་ཏུ་འོངས་ཏེ། ལེགས་པར་མ་བསྲུངས་པས་འཕྲོག་པར་གྱུར་ཏོ། །བསྲུང་བ་ནི་ཤེས་རབ་སྟེ། ཤེས་རབ་ཅན་དག་གིས་ལེགས་པར་བསྲུངས་པས་འཕྲོག་པར་མ་གྱུར་ཏོ། །དེ་བས་ན་བྱང་ཆུབ་སེམས་དཔས་ཡུལ་དྲུག་ལ་དགྲ་ཆེན་པོ་དྲུག་དང་འདྲ་བར་ཁྱད་མེད་པར་རྟོགས་སོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་སུམ་ཅུ་གཅིག་པ། གཞན་ཡང ། རིགས་ཀྱི་བུ། དགྲ་ཆེན་པོ་དྲུག་ནི་གཞན་དག་གི་ལུས་དང་སེམས་སྡུག་བསྔལ་གྱིས་གདུངས་པར་བྱེད་ནུས་སོ། །ཡུལ་དྲུག་གི་དགྲའང་དེ་དང་འདྲ་སྟེ། རྟག་ཏུ་སེམས་ཅན་གྱི་ལུས་དང་སེམས་སྡུག་བསྔལ་གསུམ་གྱིས་གདུངས་པར་བྱེད་དོ། །དགྲ་ཆེན་པོ་དྲུག་ནི་ད་ལྟར་གྱི་ནོར་འབའ་ཞིག་
Kha38b
འཕྲོག་ནུས་ཀྱི། ཡུལ་དྲུག་གི་དགྲ་དེ་ནི་རྟག་ཏུ་སེམས་ཅན་གྱི་དུས་གསུམ་གྱི་དགེ་བའི་ནོར་ཀུན་འཕྲོག་གོ་།དགྲ་ཆེན་པོ་དྲུག་ནི་ཉི་མ་ནུབ་ན་དགའོ། །ཡུལ་དྲུག་གི་དགྲ་མ་རུངས་པའང་དེ་དང་འདྲ་སྟེ། མ་རིག་པའི་མུན་པ་ལ་གནས་ན་དགའ་བར་འགྱུར་རོ། །དགྲ་ཆེན་པོ་དྲུག་པོ་ནི་དེ་ནི་རྒྱལ་པོ་རྣམས་ཀྱིས་དབབ་ནུས་སོ། །ཡུལ་དྲུག་གི་དགྲ་མ་རུངས་པའང་དེ་དང་འདྲ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དབབ་ནུས་སོ། །དགྲ་ཆེན་པོ་དྲུག་པོ་དེས་འཕྲོག་པར་བསམས་ན། བཟང་པོ་དང ། ཚེ་རིངས་བཟང་པོ་དང ། དབང་པོ་རྣོ་བ་དང ། མང་དུ་ཐོས་པ་དང ། རྒྱས་པར་སློབ་པ་དང ། ལང་ཚོ་བ་དང ། བཙུན་པ་དང ། དབུལ་བ་དང ། དམའ་བ་མི་འདམ་མོ། །ཡུལ་དྲུག་གི་དགྲའང་དེ་དང་འདྲ་སྟེ། དགེ་བའི་ཆོས་འཕྲོག་པར་བསམས་ན། བཟང་པོ་ནས་དབུལ་ཞིང་དམའ་བའི་བར་དུ་མི་འདམ་མོ། །དགྲ་ཆེན་པོ་དྲུག་པོ་ལ་རྒྱལ་པོ་དག་གིས་རྐང་ལག་བཅད་ཀྱང་དེའི་སེམས་ནི་ཞི་བར་བྱེད་མི་ནུས་སོ། །ཡུལ་དྲུག་གི་དགྲ་མ་རུངས་པའང་དེ་དང་འདྲ་སྟེ། རྒྱུན་དུ་ཞུགས་པ་དང ། ལན་གཅིག་ཕྱིར་འོང་བ་དང ། ལན་གཅིག་ཕྱིར་མི་ལྡོག་པ་དག་གིས་རྐང་ལག་གཏུབས་ཀྱང་དགེ་བའི་ཆོས་འཕྲོག་པར་བྱེད་མི་ནུས་སོ། །སྐྱེས་བུ་དཔའ་བོ་དག་གིས་ནི་དགྲ་ཆེན་པོ་དྲུག་གདུལ་ཞིང་དབབ་ནུས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་དང་འདྲ་སྟེ། ཡུལ་དྲུག་གི་དགྲ་ཆེན་པོ་གདུལ་
Kha39a
༄#། །ཞིང་དབབ་ནུས་སོ། །དཔེར་ན། ཕ་ཚན་ཆེ་ཞིང་རགས་པ་ལ་ནི་དགྲ་དྲུག་པོས་འཕྲོག་པར་མི་འགྱུར་རོ། །སེམས་ཅན་ཡང་དེ་དང་འདྲ་སྟེ། དགེ་བའི་བཤེས་གཉེན་ཡོད་ན་ཡུལ་དྲུག་གི་དགྲ་མ་རུངས་པས་འཕྲོག་པར་མི་འགྱུར་རོ། །དགྲ་ཆེན་པོ་དྲུག་པོ་དེས་གལ་ཏེ་མིའི་ནོར་མཐོང་ན་གཟོད་རྐུའམ་འཕྲོག་ནུས་སོ། །ཡུལ་དྲུག་ནི་དེ་ལྟ་མ་ཡིན་ཏེ། མཐོང་ངམ། ཤེས་སམ། ཐོས་སམ། དྲི་བྲོའམ། རེག་གམ། ཚོར་བ་ཙམ་གྱིས་ཀྱང་འཕྲོག་ནུས་སོ། །དགྲ་ཆེན་པོ་དྲུག་ནི་འདོད་པའི་ཁམས་ཀྱི་མིའི་ནོར་རྫས་འབའ་ཞིག་འཕྲོག་ནུས་ཀྱི། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་འཕྲོག་མི་ནུས་སོ། །ཡུལ་དྲུག་གི་དགྲ་མ་རུངས་པ་ནི་དེ་ལྟ་མ་ཡིན་ཏེ། ཁམས་གསུམ་གྱི་དགེ་བའི་ནོར་རིན་པོ་ཆེ་ཐམས་ཅད་འཕྲོག་ནུས་སོ། །དེ་བས་ན་བྱང་ཆུབ་སེམས་དཔས་ཡུལ་དྲུག་ལ་དགྲ་དྲུག་པས་ལྷག་པར་ཡང་དག་པར་རབ་ཏུ་རྟོག་གོ་།དེ་ལྟར་རྟོགས་ནས་འཕགས་པའི་ལམ་བརྒྱད་ལ་ནན་ཏན་བྱེད་པ་ལ་ཕྱིན་ཅི་ལོག་ཏུ་མི་ལྡོག་པ་ནི། ཇི་ལྟར་འཇིགས་པ་དེ་སྦྲུལ་གདུག་པ་བཞི་དང ། རིགས་ངན་ལྔ་དང ། ཉེ་བ་ལྟར་སྒྱུས་འཆོས་པ་གཅིག་དང ། དགྲ་ཆེན་པོ་དྲུག་དང ། གྲོང་ཁྱེར་སྟོང་པས་འཇིགས་ཤིང་ལམ་དུ་ཞུགས་ཏེ་སོང་བ་དང་འདྲའོ། །ལམ་དུ་ཆུ་ཆེན་པོ་དང་ཕྲད་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཡིན་ཏེ། ཇི་ལྟར་ན་བྱང་ཆུབ་སེམས་
Kha39b
དཔས་ཉོན་མོངས་པ་དེ་ལ་ཆུ་ཆེན་པོ་དང་འདྲ་བར་རྟོག་ཅེ་ན། ཆུ་དྲག་པོས་སྤོས་ཀྱི་བལ་གླང་ཡང་ཁྱེར་ཞིང་གཡེང་ནུས་པ་ལྟར། ཉོན་མོངས་པའི་ཆུ་དྲག་པོའང་དེ་དང་འདྲ་སྟེ། རང་སངས་རྒྱས་ཀྱང་གཡེང་ནུས་སོ། །དེ་བས་ན་བྱང་ཆུབ་སེམས་དཔས་ཉོན་མོངས་པ་ལ་ཆུ་དྲག་པོ་དང་འདྲ་བར་རབ་ཏུ་རྟོག་གོ་།དེ་ལ་ཟབ་ཅིང་གཏིང་དཔག་དཀའ་བས་ན་ཆུའི་ཀླུང་ཞེས་བྱའོ། །མཐར་ཐུག་པ་མེད་པས་ཆེ་ཞེས་བྱ་སྟེ། དེའི་ནང་ན་རེག་བྱ་མ་རུངས་པ་ལ་སོགས་པ་རྣམ་པ་སྣ་ཚོགས་ཡོད་དོ། །ཉོན་མོངས་པའི་ཀླུང་ཆེན་པོའང་དེ་དང་འདྲ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འབའ་ཞིག་གིས་གཏིང་ལ་ཐུག་པའི་ཕྱིར་ཤིན་ཏུ་ཟབ་པ་ཞེས་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འབའ་ཞིག་གིས་མཐར་གཏུགས་པའི་ཕྱིར་ཡངས་ཤིང་ཆེ་བ་ཞེས་བྱའོ། །རྟག་ཏུ་སེམས་ཅན་ཐམས་ཅད་ལ་འཚེ་བའི་ཕྱིར་རེག་བྱ་མ་རུངས་པ་ཞེས་བྱ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔས་ཉོན་མོངས་པ་དེ་ལ་ཆུ་ཆེན་པོ་དང་འདྲ་བར་རྟོག་གོ།་ཀླུང་ཆེན་པོའི་ཆུ་ནི་རྩ་དང་ཤིང་དང་ནགས་ཚལ་ཐམས་ཅད་སྐྱེད་ནུས་སོ། །ཉོན་མོངས་པའི་ཀླུང་ཆེན་པོའི་ཆུ་འང་དེ་དང་འདྲ་སྟེ། སེམས་ཅན་གྱི་སྲིད་པ་ཉི་ཤུ་རྩ་ལྔ་སྐྱེད་ནུས་སོ། ། དེ་བས་ན་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་ལ་ཀླུང་ཆེན་པོ་དང་འདྲ་བར་རྟོག་གོ་།དཔེར་ན། མི་ཞིག་ཆུ་ཀླུང་ཆེན་པོར་ལྷུང་ན་ཁྲེལ་བ་དང་འཛེམ་པ་མེད་དོ། །སེམས་ཅན་དག་ཀྱང་དེ་
Kha40a
༄#། །དང་འདྲ་སྟེ། ཉོན་མོངས་པའི་ཆུར་ལྷུང་ན་ཁྲེལ་བ་དང་འཛེམ་པ་མེད་དོ། །ཆུ་ཆེན་པོར་ལྷུང་ན་གཏིང་དུ་མ་ཕྱིན་པར་ཚེའི་དུས་བྱས་པར་འགྱུར་རོ། །ཉོན་མོངས་བའི་ཆུར་ལྷུང་བའང་དེ་དང་འདྲ་སྟེ། གཏིང་ལ་མ་ཐུག་པར་སྲིད་པ་ཉི་ཤུ་རྩ་ལྔའི་ནང་དུ་འཁོར་ཞིང་འཁོར་བར་འགྱུར་རོ། །གཏིང་ཞེས་བྱ་བ་ནི་སྟོང་པའི་མཚན་ཉིད་དོ། །གང་སྟོང་པའི་མཚན་ཉིད་ལ་ནན་ཏན་མ་བྱས་ན། དེ་ནི་སྲིད་པ་ཉི་ཤུ་རྩ་ལྔ་ལས་རིང་དུ་འགྱུར་བ་མ་ཡིན་པར་རིག་པར་བྱའོ། །སེམས་ཅན་ཐམས་ཅད་ནི་སྟོང་པ་དང་མཚན་མེད་པ་ལ་ནན་ཏན་མ་བྱས་པས་རྟག་ཏུ་ཉོན་མོངས་པའི་ཆུ་དྲག་པོས་ཁྱེར་རོ། །ཆུ་ཆེན་པོ་ནི་ལུས་འབའ་ཞིག་གཡེང་ཞིང་འཇིག་ནུས་ཀྱི། དགེ་བའི་ཆོས་ཐམས་ཅད་ལ་གཡེང་མི་ནུས་སོ། །ཉོན་མོངས་པའི་ཆུ་ཆེན་པོ་ནི་དེ་ལྟ་བུ་མ་ཡིན་ཏེ། ལུས་དང་སེམས་ཀྱི་དགེ་བའི་ཆོས་ཐམས་ཅད་གཞིག་ནུས་སོ། །ཆུ་དྲག་པོ་ཆེན་པོ་ནི་འདོད་པའི་ཁམས་ཀྱི་མི་འབའ་ཞིག་གཡེང་ཞིང་ཁྱེར་ནུས་ཀྱི།་ཉོན་མོངས་པའི་ཆུ་ཆེན་པོ་ནི་ཁམས་གསུམ་གྱི་ལྷ་དང་མི་ཐམས་ཅད་གཡེང་ཞིང་ཁྱེར་ནུས་སོ། །འཇིག་རྟེན་གྱི་ཆུ་ཆེན་པོ་ནི་ལག་པས་བྲུ་ཞིང་རྐང་པས་འཕྲས་ན་ཕ་རོལ་གྱི་འགྲམ་དུ་ཕྱིན་པར་འགྱུར་རོ། །ཉོན་མོངས་པའི་ཆུ་ཆེན་པོ་ནི། བྱང་ཆུབ་སེམས་དཔའ་འབའ་ཞིག་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གྲུས་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །ཇི་ལྟར་ཆུ་ཆེན་
Kha40b
པོ་ནི་ཤིན་ཏུ་རྒལ་དཀའ་སྟེ། ཉོན་མོངས་པའི་ཆུ་ཆེན་པོའང་དེ་དང་འདྲ་བར་ཤིན་ཏུ་རྒལ་དཀའོ། །དེ་ལ་ཇི་ལྟར་ན་ཤིན་ཏུ་རྒལ་དཀའ་བ་ཞེས་བྱ་ཞེ་ན། འདི་ལྟར་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བར་དུའང་མཐར་རྒལ་བར་མ་གྱུར་ཏེ། སངས་རྒྱས་འབའ་ཞིག་གིས་མཐར་བརྒལ་བར་གྱུར་པས། དེ་བས་ན་ཤིན་ཏུ་རྒལ་དཀའ་བ་ཞེས་བྱའོ། །དཔེར་ན། མི་ལ་ལ་ཞིག་ཆུ་ཆེན་པོས་གཡེངས་ན་དགེ་བའི་ཆོས་སྤུའི་ཉག་མ་ཙམ་ཡང་སྤྱོད་མི་ནུས་སོ། །སེམས་ཅན་ཡང་དེ་དང་འདྲ་སྟེ། ཉོན་མོངས་པའི་ཆུས་གཡེངས་ན་དགེ་བའི་ཆོས་སྤྱོད་མི་ནུས་སོ། ། ཇི་ལྟར་མི་དག་ཆུར་ལྷུང་ཞིང་གཡེང་བར་གྱུར་ན་མཐུ་ཡོད་པ་དག་གིས་དབྱུང་ནུས་སོ། །ཉོན་མོངས་པའི་ཆུར་ལྷུང་བའི་ལོག་སྲེད་ཅན་ནི་ཉན་ཐོས་དང ། རང་སངས་རྒྱས་དང ། དེ་བཞིན་གཤེགས་པའི་བར་དུའང་དབྱུང་མི་ནུས་སོ། །འཇིག་རྟེན་ན་ཆུ་ཆེན་པོ་ནི་བསྐལ་པ་བྱུང་བའི་ཚེ་ཉི་མ་བདུན་གྱིས་གདུངས་ན་སྐམ་པར་ནུས་སོ། །ཉོན་མོངས་པའི་ཆུ་ཀླུང་ཆེན་པོ་ནི་དེ་ལྟ་མ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་ཀྱང་སྐམ་པར་མི་ནུས་སོ། །དེ་བས་ན་བྱང་ཆུབ་སེམས་དཔས་ཉོན་མོངས་པ་རྣམས་ལ་ཆུ་དྲག་པོ་དང་འདྲ་བར་རྟོག་སྟེ། ཇི་ལྟར་མི་དེས་སྦྲུལ་གདུག་པ་བཞི་དང ། རིགས་ངན་ལྔ་དང ། ཉེ་བ་ལྟར་སྒྱུས་འཆོས་པ་གཅིག་དང ། དགྲ་ཆེན་པོ་དྲུག་གིས་འཇིགས་ཏེ་གྲོང་ཁྱེར་
Kha41a
༄#། །སྟོང་པ་བཏང་ནས་ལམ་དུ་ཞུགས་ཏེ་སོང་བ་ལས་ཆུ་ཆེན་པོ་དང་ཕྲད་ནས་རྩཝ་བསྡུས་ཏེ་གཟིངས་བཅས་པ་དང་མཚུངས་སོ། །བྱང་ཆུབ་སེམས་དཔའ་ཡང་དེ་དང་འདྲ་སྟེ། ཆེན་པོ་བཞིའི་སྦྲུལ་གདུག་པ་དང ། ཕུང་པོ་ལྔའི་རིགས་ངན་དང ། འདོད་ཆགས་ཀྱི་ཉེ་བ་ལྟར་སྒྱུས་འཆོས་པ་དང ། སྐྱེ་མཆེད་དྲུག་གི་གྲོང་ཁྱེར་སྟོང་པ་དང ། ཡུལ་དྲུག་གི་དགྲ་མ་རུངས་པས་འཇིགས་ནས། ཉོན་མོངས་པའི་ཆུའི་འགྲམ་དུ་ཕྱིན་པ་དང ། ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། རྣམ་པར་གྲོལ་བ་དང ། རྣམ་པར་གྲོལ་བའི་མཁྱེན་ཅིང་གཟིགས་པ་དང ། ཕ་རོལ་ཏུ་ཕྱིན་པ་དྲུག་དང ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས་པས་གྲུ་དང་གཟིངས་བྱས་ཏེ། གཟིངས་དེ་ལ་བརྟེན་ནས་ཉོན་མོངས་པའི་ཆུ་ལ་བརྒལ་ཏེ། ཕ་རོལ་གྱི་འགྲམ་དུ་རྟག་པ་དང་བདེ་བའི་མྱ་ངན་ལས་འདས་པར་ཕྱིན་ཏོ། །བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པ་ཆེན་པོ་སྒོམ་པས་འདི་སྙམ་དུ་སེམས་སོ། །བདག་གལ་ཏེ་ལུས་ཀྱི་སྡུག་བསྔལ་དང་སེམས་ཀྱི་སྡུག་བསྔལ་དེ་ལྟ་བུ་བཟོད་མི་ནུས་ན་སེམས་ཅན་ཐམས་ཅད་ཉོན་མོངས་པའི་ཆུ་ལས་སྒྲོལ་མི་ནུས་སོ་སྙམ་སེམས་སོ། །དེ་ལྟར་བསམས་པས་ལུས་དང་སེམས་ལ་དེ་ལྟ་བུའི་སྡུག་བསྔལ་གྱིས་གདུངས་པ་ཡོད་ཀྱང་ཁ་རོག་པར་བཟོད་པ་ཉམས་སུ་ལེན་ཏོ། །བཟོད་པ་ཉམས་སུ་
Kha41b
བླངས་པས་ཟག་པ་སྐྱེ་བར་མི་འགྱུར་རོ། །དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་ལའང་ཟག་པ་རྣམས་མེད་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཟག་པ་མི་མངའ་བ་ལྟ་ཅི་སྨོས་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་ཟག་པ་དང་བཅས་པ་ཞེས་མི་བྱའོ། །ཇི་ལྟར་ན་དེ་བཞིན་གཤེགས་པ་ཟག་པ་མེད་པའང་མ་ཡིན་པ་ཞེ་ན། དེ་བཞིན་གཤེགས་པ་རྟག་ཏུ་ཟག་པ་དང་བཅས་པའི་ནང་དུ་གཤེགས་པ་སྟེ། ཟག་པ་དང་བཅས་པ་ནི་སྲིད་པ་ཉི་ཤུ་རྩ་ལྔ་ཡིན་པས་དེ་བས་ན་ཉན་ཐོས་དང ། བུས་པ་མ་རབས་སོ་སོའི་སྐྱེ་བོ་དག་གིས་བཅོམ་ལྡན་འདས་ལ་ཟག་པ་ཡོད་དོ་ཞེས་ཟེར་ཏེ། ཡང་དག་པར་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཟག་པ་མེད་པའོ། །རིགས་ཀྱི་བུ། དེའི་རྒྱུ་དེའི་རྐྱེན་གྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ངེས་པའི་མཚན་ཉིད་མེད་དོ། །རིགས་ཀྱི་བུ། དེ་བས་ན་ཚུལ་ཁྲིམས་ཀྱི་རྩ་བ་བཞི་བཤིག་པ་དང ། ཤིན་ཏུ་རྒྱས་པའི་མདོ་ལ་སྐུར་པ་དང ། ལོག་སྲེད་ཅན་ཡང་མ་ངེས་པའོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྣང་བ་མཐོ་བཙུན་དཔལ་གྱི་རྒྱལ་པོས་གསོལ་པ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་བཞིན་ཏེ། ཆོས་ཐམས་ཅད་ཀྱང་མ་ངེས་པའོ། །དེ་ལྟར་མ་ངེས་པས་ན་དེ་བཞིན་གཤེགས་པ་མཐར་ཡོངས་སུ་མྱ་ངན་ལས་འདའ་བར་མ་ཞུགས་པར་རིག་གོ་།ཇི་ལྟར་
Kha42a
༄#། །བཅོམ་ལྡན་འདས་ཀྱིས་སྔར་གསུངས་པ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་བསྒོམས་པས་མ་ཐོས་པ་ཐོས་པའི་ནང་ནས་མྱ་ངན་ལས་འདས་པ་དང ། མྱ་ངན་ལས་འདས་པ་ཆེན་པོ་མཆིས་སོ་ཞེས་གསུངས་ཏེ། དེ་ལ་མྱ་ངན་ལས་འདས་པ་ནི་གང་ལགས། མྱ་ངན་ལས་འདས་པ་ཆེན་པོ་ཞེས་བགྱི་བ་ནི་གང་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྣང་བ་མཐོ་བཙུན་དཔལ་གྱི་རྒྱལ་པོ་ལ་ལེགས་སོ། །ལེགས་སོ་ཞེས་བྱ་བ་བྱིན་ནོ། །རིགས་ཀྱི་བུ། གལ་ཏེ་བྱང་ཆུབ་སེམས་དཔའ་གང་དྲན་པའི་གཟུངས་ཐོབ་པ་ནི་གཟོད་ཁྱེད་དང་འདྲ་བར་འདྲི་ནུས་སོ། །རིགས་ཀྱི་བུ། འཇིག་རྟེན་པ་དག་ནི་མཚོ་དང་མཚོ་ཆེན་པོར་གདགས་པ་དང ། ཀླུང་དང་ཀླུང་ཆེན་པོ་དང ། རི་དང་རི་ཆེན་པོ་དང ། ས་དང་ས་ཆེན་པོ་དང ། གྲོང་ཁྱེར་དང་གྲོང་ཁྱེར་ཆེན་པོ་དང ། སེམས་ཅན་དང་སེམས་ཅན་ཆེན་པོ་དང ། རྒྱལ་པོ་དང་རྒྱལ་པོ་ཆེན་པོ་དང ། མི་དང་མི་ཆེན་པོ་དང ། ལྷ་དང་ལྷའི་ནང་ན་ལྷ་དང ། ལམ་དང་ལམ་ཆེན་པོ་ཡོད་དོ་ཞེས་གདགས་པ་ལྟར་མྱ་ངན་ལས་འདས་པའང་དེ་དང་འདྲ་སྟེ། མྱ་ངན་ལས་འདས་པ་དང་མྱ་ངན་ལས་འདས་པ་ཆེན་པོ་ཡོད་དོ། །ཇི་ལྟར་ན་མྱ་ངན་ལས་འདས་པ་གང་ཞེ་ན། རིགས་ཀྱི་བུ། ཇི་ལྟར་བཀྲེས་
Kha42b
བས་ཟས་ཅུང་ཟད་རྙེད་ན་བདེ་བ་ཞེས་བྱ་སྟེ། དེ་ལྟར་བདེ་བ་དེའང་མྱ་ངན་ལས་འདས་པ་ཞེས་བྱའོ། །ནད་པ་ནད་སོས་པ་ནི་བདེ་བ་ཞེས་བྱ་སྟེ། དེ་ལྟར་བདེ་བ་དེའང་མྱ་ངན་ལས་འདས་པ་ཞེས་བྱའོ། །ཇི་ལྟར་འཇིགས་པས་སྐྱབས་དང་རྟེན་རྙེད་པ་ནི་བདེ་བ་ཐོབ་པ་ཞེས་བྱ་སྟེ། དེ་ལྟར་བདེ་བ་དེའང་མྱ་ངན་ལས་འདས་པ་ཞེས་བྱའོ། །ཇི་ལྟར་དབུལ་པོས་རིན་པོ་ཆེ་སྣ་བདུན་རྙེད་ན་བདེ་བ་ཐོབ་པ་ཞེས་བྱ་སྟེ། དེ་ལྟར་བདེ་བ་དེའང་མྱ་ངན་ལས་འདས་པ་ཞེས་བྱའོ། །ཇི་ལྟར་ཀེང་རུས་ལ་རྟོག་པ་འདོད་ཆགས་མི་སྐྱེ་བར་གྱུར་པ་ནི་བདེ་བ་ཐོབ་པ་ཞེས་བྱ་སྟེ། དེ་ལྟར་བདེ་བ་དེའང་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་ལྟར་མྱ་ངན་ལས་འདས་པ་དེ་དག་ནི་མྱ་ངན་ལས་འདས་པ་ཆེན་པོ་ཞེས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བཀྲེས་ཤིང་སྐོམ་པ་དང ། ན་བ་དང ། འཇིགས་པ་དང ། འདོད་ཆགས་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། མྱ་ངན་ལས་འདས་པ་ཆེན་པོ་ནི་མ་ཡིན་ནོ། །རིགས་ཀྱི་བུ། གལ་ཏེ་བུས་པ་མ་རབས་དང་ཉན་ཐོས་ལ་སོགས་པ་འོན་ཏེ་ཀུན་རྫོབ་བམ། འོན་ཏེ་འཕགས་པའི་ལམ་གྱི་རྐྱེན་གྱིས་འདོད་པའི་ཁམས་ཀྱི་ཀུན་ནས་ཉོན་མོངས་པ་ཆོད་ན་བདེ་བ་ཐོབ་པ་ཞེས་བྱ་སྟེ། དེ་ལྟར་བདེ་བ་ཐོབ་པ་དེའང་མྱ་ངན་ལས་འདས་པ་ཞེས་བྱ་མོད་ཀྱི། མྱ་ངན་ལས་འདས་པ་ཆེན་པོ་ཞེས་མི་བྱའོ། །བསམ་གཏན་དང་པོའི་ཀུན་ནས་ཉོན་མོངས་པ་ཆོད་པ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་
Kha43a
༄#། །སྟོང་གི་བར་གྱི་ཀུན་ནས་ཉོན་མོངས་པ་ཆོད་པའང་བདེ་བ་ཐོབ་པར་འགྱུར་ཏེ། དེ་ལྟར་བདེ་བ་དེའང་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། མྱ་ངན་ལས་འདས་པ་ཆེན་པོ་ཞེས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་སྐྱེ་ཞིང་སྲིད་པའི་བག་ཆགས་ཀྱི་ཕྱིར་ཡང་སྐྱེ་བའི་ཕྱིར་རོ། །ཇི་ལྟར་ན་ཉོན་མོངས་པའི་བག་ཆགས་ཞེས་བྱ་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ལ་ཉོན་མོངས་པའི་བག་ཆགས་ཡོད་དོ། །འདི་ལྟ་སྟེ། བདག་གི་ལུས་དང ། བདག་གི་གོས། བདག་འགྲོ། བདག་འོང ། བདག་གིས་བཤད། བདག་གིས་མཉན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡོངས་སུ་མྱ་ངན་ལས་འདས་ཏེ། མྱ་ངན་ལས་འདས་པའི་རང་བཞིན་ནི་བདག་མེད། བདེ་བ་མེད་དེ། རྟག་པ་དང ། ཡོངས་སུ་དག་པ་འབའ་ཞིག་ཡོད་དོ་ཞེས་སྨྲ་བ་དེ་ནི་ཉོན་མོངས་པའི་བག་ཆགས་ཞེས་བྱའོ། །སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཁྱད་པར་གྱི་མཚན་ཉིད་ཡོད་དེ། དེ་བཞིན་གཤེགས་པ་མཐའ་ཡུན་དུ་མྱ་ངན་ལས་འདས་པས། ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མྱ་ངན་ལས་འདས་པ་ཐོབ་པ་ནི་མཉམ་སྟེ་ཁྱད་པར་མེད་དོ་ཞེས་སྨྲ་སྟེ། དོན་དེ་ལྟ་བས་ན་ཐེག་པ་གཉིས་ཀྱིས་ཐོབ་པ་ནི་མྱ་ངན་ལས་འདས་པ་ཆེན་པོ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་
Kha43b
པ་མེད་པའི་ཕྱིར་ཏེ། རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ནི་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །རིགས་ཀྱི་བུ། དཔེར་ན། ཆུ་མང་པོ་ཤོང་བའི་གནས་ནི་རྒྱ་མཚོ་ཞེས་བྱ་སྟེ། ཉན་ཐོས་དང ། རང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་དང ། སངས་རྒྱས་བཅོམ་ལྡན་འདས་འཇུག་པའི་གནས་ནི་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། ། བསམ་གཏན་བཞི་དང ། ཏིང་ངེ་འཛིན་གསུམ་དང ། སྐྱེས་བུ་ཡ་བརྒྱད་དང ། གནས་དམ་པ་བརྒྱད་དང ། ཀུན་ཏུ་འགྲོ་བ་བཅུས་དགེ་བའི་ཆོས་ཚད་མེད་པ་དེ་རྣམས་སྡུད་པ་ནི་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །རིགས་ཀྱི་བུ། དཔེར་ན། ཀླུང་གང་སྤོས་ཀྱི་བལ་གླང་མཆོག་གིས་རྐང་པ་མི་ཚུགས་པ་ནི་ཀླུང་ཆེན་པོ་ཞེས་བྱ་སྟེ། ཉན་ཐོས་དང་རང་སངས་རྒྱས་ནས་ས་བཅུའི་བྱང་ཆུབ་སེམས་དཔས། སངས་རྒྱས་ཀྱི་རང་བཞིན་མི་མཐོང་བ་ནི་མྱ་ངན་ལས་འདས་པ་ཞེས་བྱའི། མྱ་ངན་ལས་འདས་པ་ཆེན་པོ་ནི་མ་ཡིན་ནོ། །གང་སངས་རྒྱས་ཀྱི་རང་བཞིན་གསལ་བར་མཐོང་བ་ནི་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་ཁྱུ་མཆོག་འབའ་ཞིག་གིས་གཏིང་ལ་ཐུག་གོ། ཁྱུ་མཆོག་ཅེས་བྱ་བ་ནི་འདི་ལྟ་སྟེ།་བཅོམ་ལྡན་འདས་སོ། །རིགས་ཀྱི་བུ། གྱད་མཧཱ་ན་ག་དང ། པ་ར་གན་ད་ལ་སོགས་པས་ཡུན་རིང་དུ་བསལ་ཏེ་གཟེགས་ཀྱང་མི་གཟེགས་པ་ནི་རི་ཆེན་པོ་ཞེས་བྱའོ། །ཉན་ཐོས་དང །
Kha44a
༄#། །རང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་དང ། གྱད་མཧཱ་ན་ག་ལ་སོགས་པས་མི་མཐོང་བ་དེ་ནི་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །གཞན་ཡང།་རིགས་ཀྱི་བུ། གང་ནས་གང་དུ་རྒྱལ་པོ་ཆུང་ངུ་འདུག་པའི་གནས་ནི་གྲོང་ཁྱེར་ཆུང་ངུ་ཞེས་བྱའོ། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་གནས་པའི་གནས་ནི་གྲོང་ཁྱེར་ཆེན་པོ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་བརྒྱད་ཁྲིའམ། དྲུག་ཁྲིའམ། བཞི་ཁྲིའམ། ཉི་ཁྲིའམ། ཁྲི་གནས་པའི་གནས་ནི་མྱ་ངན་ལས་འདས་པ་ཞེས་བྱ། བླ་ན་མེད་པའི་ཆོས་ཀྱི་མངའ་བདག་འཁོར་ལོས་བསྒྱུར་བའི་རྒྱལ་པོ་གནས་པའི་གནས་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་སྟེ། དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །རིགས་ཀྱི་བུ།་དཔེར་ན། མི་ལ་ལ་ཞིག་དམག་རྣམ་པ་བཞི་མཐོང་ཡང་འཇིགས་པ་མི་སྐྱེ་བ་ནི་སེམས་ཅན་ཆེན་པོ་ཞེས་བྱའོ། །གལ་ཏེ་སེམས་ཅན་གང་ངན་སོང་གསུམ་གྱི་ལམ་དུ་ཉོན་མོངས་པའི་ལས་ངན་པ་ལ་འཇིགས་པ་མི་སྐྱེ་སྟེ། དེ་དག་ཏུ་སེམས་ཅན་རྒྱས་པར་སྒྲོལ་བ་ནི་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པ་ཡིན་པར་རིག་པར་བྱའོ། །གལ་ཏེ་གང་ཕ་མ་ལ་སྲི་ཞུ་བྱེད་ཅིང ། དགེ་སྦྱོང་དང་བྲམ་ཟེ་ལ་བཀུར་སྟི་བྱེད་དེ། དགེ་བའི་ཆོས་ལ་ནན་ཏན་བྱེད་ཅིང་སྨྲས་སོ་ཅོག་བདེན་ལ། རྫུན་དང ། སླུ་བ་མེད་དེ། ངན་པ་རྣམས་བཟོད་པ་དང །
Kha44b
དབུལ་ཕོངས་པ་ལ་གཏོང་ཞིང་སྦྱིན་པ་བྱིན་ནུས་པ་ནི་སྐྱེས་བུ་ཆེན་པོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཡང་དེ་དང་འདྲ་སྟེ། བྱམས་པ་དང་སྙིང་རྗེ་ཆེན་པོ་ཐམས་ཅད་ལ་བརྩེ་བ། སེམས་ཅན་རྣམས་ཀྱི་ཕ་མ་ལྟ་བུར་གྱུར་བ། སེམས་ཅན་མང་པོ་འཁོར་བའི་ཀླུང་ལས་སྒྲོལ་བ། སེམས་ཅན་ཀུན་ལ་བདེན་པ་གཅིག་པའི་ལམ་སྟོན་པ་སྟེ། དེ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །རིགས་ཀྱི་བུ། ཆེན་པོ་ཞེས་བྱ་བ་ནི་བསམ་གྱིས་མི་ཁྱབ་སྟེ། གང་བསམ་གྱིས་མི་ཁྱབ་པ་དེ་ལ་སེམས་ཅན་ཐམས་ཅད་ཡིད་ཆེས་པར་མི་ནུས་ཏེ། དེ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འབའ་ཞིག་མཐོང་བས་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །ཡང་ཅིའི་རྒྱུ་ཅིའི་རྐྱེན་གྱིས་ཆེན་པོ་ཞེས་བྱ་ཞེ་ན། རྒྱུ་དང་རྐྱེན་ཚད་མེད་པས་གདོད་ཆེན་པོ་ཞེས་བྱ་བ་གྱུར་ཏོ། །རིགས་ཀྱི་བུ། དཔེར་ན། འཇིག་རྟེན་པས་རྒྱུ་རྐྱེན་མང་པོས་བྱས་པ་ནི་ཆེན་པོ་ཞེས་བྱའོ། །མྱ་ངན་ལས་འདས་པའང་དེ་དང་འདྲ་སྟེ། རྒྱུ་རྐྱེན་མང་པོས་ཐོབ་པར་གྱུར་པས་དེའི་ཕྱིར་ཆེན་པོ་ཞེས་བྱའོ། །ཡང་ཇི་ལྟར་ན་ཆེན་པོ་ཞེས་བྱ་ཞེ་ན། མྱ་ངན་ལས་འདས་པ་ལ་བདག་ཆེན་པོ་ཡོད་པའི་ཕྱིར་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །དེ་ལ་མྱ་ངན་ལས་འདས་པ་བདག་མེད་ཅིང་དབང་ཆེན་པོ་ཐོབ་པའི་ཕྱིར་བདག་ཆེན་པོ་ཞེས་བྱའོ། །ཇི་ལྟར་ན་དབང་ཆེན་པོ་ཐོབ་པ་ཞེ་ན། དབང་
Kha45a
༄#། །བརྒྱད་ཐོབ་པའི་ཕྱིར་བདག་ཅེས་བྱའོ། །བརྒྱད་གང་ཞེ་ན། ལུས་གཅིག་ལ་ལུས་མང་པོར་སྟོན་ཅིང ། ལུས་ཀྱི་གྲངས་དང་ཆེ་ཆུང་རྡུལ་ཕྲ་རབ་སྙེད་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྙེད་དུ་འགེངས་པ་སྟེ། དེ་བཞིན་གཤེགས་པའི་སྐུ་ནི་ཡང་དག་པར་ན་རྡུལ་ཕྲ་མོ་མ་ཡིན་ཡང ། དབང་ཐོབ་པའི་ཕྱིར་རྡུལ་ཕྲ་མོ་སྙེད་ཀྱི་སྐུ་སྟོན་ཏེ། དེ་ལྟ་བུའི་དབང་ནི་བདག་ཆེན་པོ་ཞེས་བྱ་བ་ཡིན། རྡུལ་གཅིག་ཙམ་གྱིས་སྐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་བཀང་བ་སྟེ། ཡང་དག་པར་ན་དེ་བཞིན་གཤེགས་པའི་སྐུ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ཡང ། མཐའ་མེད་ཅིང་དབང་དང་ལྡན་པའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གང་སྟེ། དེ་ལྟ་བུའི་དབང་ནི་བདག་ཆེན་པོ་ཞེས་བྱ་བ་ཡིན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡོངས་སུ་གང་བའི་སྐུས་ནམ་མཁའ་སྟོང་པ་ལ་འཕུར་ཅིང ། སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་ཀྱི་ཕ་རོལ་ཏུ་འགྲོའང་ཐོགས་པ་མེད་པ་སྟེ། དེ་བཞིན་གཤེགས་པའི་སྐུ་ནི་ཡང་དག་པར་ན་ལྕི་བ་དང་ཡང་བ་མེད་དེ། དབང་གི་ཕྱིར་ལྕི་བ་དང་ཡང་བ་མཛད་དོ། །དེ་ལྟ་བུའི་དབང་ནི་བདག་ཆེན་པོ་ཞེས་བྱ་བ་ཡིན། དབང་སྒྱུར་བའི་ཕྱིར་དབང་ཐོབ་པར་འགྱུར་ཏེ། ཇི་ལྟར་དབང་ཞེས་བྱ་ཞེ་ན། དེ་བཞིན་གཤེགས་
Kha45b
པ་རྩེ་གཅིག་ཏུ་གནས་ཏེ། མི་གཡོའང་གཟུགས་དང་ཆ་བྱད་ཚད་མེད་པ་སྙེད་སྟོན་ཅིང་འདུལ་བའི་རིགས་པ་ལ་སོ་སོ་ནས་ཐུགས་རེ་རེས་ཁྱབ་པར་མཛད་དོ། །དེ་བཞིན་གཤེགས་པས་རེས་འགའ་དངོས་པོ་གཅིག་མཛད་པ་ལས་སེམས་ཅན་སོ་སོའི་བྱ་བའི་དོན་གྲུབ་པར་མཛད་དོ། །དེ་བཞིན་གཤེགས་པའི་སྐུ་རྟག་ཏུ་ཞིང་གཅིག་ན་གནས་ཀྱང་ཞིང་ཕ་རོལ་པོ་ཐམས་ཅད་ཀྱིས་མཐོང་བར་མཛད་དོ། །དེ་ལྟ་བུའི་དབང་ནི་བདག་ཆེན་པོ་ཞེས་བྱ་བ་ཡིན། དབང་པོས་དབང་ཐོབ་པའི་ཕྱིར་ཏེ། ཇི་ལྟར་དབང་པོས་དབང་ཐོབ་པ་ཞེ་ན། དེ་བཞིན་གཤེགས་པའི་དབང་པོ་གཅིག་གིས་གཟུགས་མཐོང ། སྒྲ་ཐོས། དྲི་ཚོར། རོ་མྱོང ། རེག་བྱ་ཚོར་ཞིང ། ཆོས་ཤེས་ཀྱང་དེ་བཞིན་གཤེགས་པའི་དབང་པོ་དྲུག་གིས་གཟུགས་མི་མཐོང ། སྒྲ་མི་ཐོས།་དྲི་མི་ཚོར། རོ་མི་མྱོང ། རེག་བྱ་མི་ཚོར། ཆོས་མི་ཤེས་ཏེ། དབང་གི་ཕྱིར་དབང་པོས་དབང་མཛད་དེ། དེ་ལྟ་བུའི་དབང་ནི་བདག་ཆེན་པོ་ཞེས་བྱ་བ་ཡིན། དབང་གི་ཕྱིར་ཆོས་ཐམས་ཅད་ཐོབ་པར་གྱུར་ཏེ། དེ་བཞིན་གཤེགས་པའི་ཐུགས་ལ་ཐོབ་པའི་འདུ་ཤེས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཐོབ་པ་མེད་པའི་ཕྱིར་རོ། །གལ་ཏེ་ཡོད་པ་ཞིག་ན་ཐོབ་པ་ཞེས་ཀྱང་བྱ་ན། ཡང་དག་པར་ཅིའང་མེད་པར་ཅི་སྟེ་ཐོབ་པ་ཞེས་གདགས། གལ་ཏེ་དེ་བཞིན་གཤེགས་པ་ལ་ཐོབ་པའི་འདུ་ཤེས་མངའ་ན། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་
Kha46a
༄#། །པར་མི་འགྱུར་ཏེ། ཐོབ་པ་མེད་པའི་ཕྱིར་མྱ་ངན་ལས་འདས་པར་གྱུར་པ་ཞེས་བྱའོ། །དབང་གི་ཕྱིར་ཆོས་ཐམས་ཅད་ཐོབ་སྟེ། ཆོས་ཐམས་ཅད་ཐོབ་པའི་ཕྱིར་བདག་ཆེན་པོ་ཞེས་བྱ་བ་ཡིན། བཤད་པའི་དབང་ཐོབ་པས་དེ་བཞིན་གཤེགས་པས་ཚིགས་སུ་བཅད་པ་གཅིག་གི་དོན་བསྐལ་པ་ཚད་མེད་པའི་བར་དུ་བཤད་ཀྱང་དོན་མི་ཟད་དོ། །འདི་ལྟ་སྟེ། ཚུལ་ཁྲིམས་སམ། ཏིང་ངེ་འཛིན་ཏམ། སྦྱིན་པའམ། ཤེས་རབ་སྟེ། དེ་བཞིན་གཤེགས་པས་དེའི་ཚེ་ངས་ནི་བཤད། ཕ་རོལ་པོས་ནི་མཉན་ནོ་སྙམ་མི་དགོངས་ཏེ། ཚིགས་སུ་བཅད་པ་གཅིག་གི་འདུ་ཤེས་ཀྱང་མི་སྐྱེད་དོ། །འཇིག་རྟེན་པས་ནི་ཚིག་བཅད་བཞི་ལ་ཚིགས་སུ་བཅད་པ་གཅིག་ཅེས་བྱས་ཏེ། འཇིག་རྟེན་པའི་རྗེས་སུ་ཚིགས་སུ་བཅད་པ་གཅིག་ཅེས་བཤད་དོ། །ཆོས་ཀྱི་ངོ་བོ་ཉིད་ནི་བཤད་པའང་མེད་དེ། དབང་གི་ཕྱིར་དེ་བཞིན་གཤེགས་པས་བཤད་དེ། བཤད་པའི་ཕྱིར་བདག་ཆེན་པོ་ཞེས་བྱ་བ་ཡིན། དེ་བཞིན་གཤེགས་པས་ནི་གནས་ཐམས་ཅད་དུ་ཁྱབ་སྟེ། ནམ་མཁའ་སྟོང་པ་དང་འདྲའོ། །ནམ་མཁའི་ངོ་བོ་ཉིད་ནི་བལྟར་མེད་པ་སྟེ། དེ་བཞིན་གཤེགས་པའང་དེ་དང་འདྲ་བར་ཡང་དག་པར་ན་བལྟར་མེད་ཀྱང་དབང་གི་ཕྱིར་ཐམས་ཅད་མཐོང་བར་བྱེད་དེ། དེ་ལྟ་བུའི་དབང་ནི་བདག་ཆེན་པོ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུའི་བདག་
Kha46b
ཆེན་པོ་ནི་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་སྟེ། དོན་དེ་ལྟ་བས་ན་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། དཔེར་ན། རིན་པོ་ཆེའི་གཏེར་ནི་ནོར་དབྱིག་མང་ཞིང་རྣམ་པ་སྣ་ཚོགས་དང་ལྡན་པས་ན་གཏེར་ཆེན་པོ་ཞེས་བྱའོ། །དེ་བཞིན་གཤེགས་པའི་གཏེར་ཤིན་ཏུ་ཟབ་མོ་ཡང་དེ་དང་འདྲ་སྟེ། ངོ་མཚར་རྨད་དང་ལྡན་ཞིང་ཉམས་པ་མེད་པས་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། ནོར་རྫས་མཐའ་མེད་པ་ནི་གཏེར་ཆེན་པོ་ཞེས་བྱ་སྟེ། མྱ་ངན་ལས་འདས་པའང་མཐའ་མེད་པས་ཆེན་པོ་ཞེས་གདགས་སོ། །གཞན་ཡང ། རིགས་ཀྱི་བུ། བདེ་བ་ཆེན་པོ་ཡོད་པས་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་སྟེ། མྱ་ངན་ལས་འདས་པ་ནི་བདེ་བ་མེད་དོ། །བདེ་བ་རྣམ་པ་བཞིའི་ཕྱིར་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །བཞི་གང་ཞེ་ན། བདེ་བ་རྣམས་བཅད་པའི་ཕྱིར་ཏེ། བདེ་བ་མ་བཅད་པ་ནི་སྡུག་བསྔལ་ཞེས་བྱའོ། །གང་སྡུག་བསྔལ་ཡོད་པ་ནི་བདེ་བ་ཆེན་པོ་ཞེས་མི་བྱའོ། །བདེ་བ་བཅད་པའི་ཕྱིར་སྡུག་བསྔལ་མེད་དོ། །སྡུག་བསྔལ་དང་བདེ་བ་མེད་པ་ནི་བདེ་བ་ཆེན་པོ་ཞེས་བྱའོ། །མྱ་ངན་ལས་འདས་པའི་རང་བཞིན་ནི་སྡུག་བསྔལ་དང་བདེ་བ་མེད་དེ། དེ་བས་ན་མྱ་ངན་ལས་འདས་པ་ནི་བདེ་བ་ཆེན་པོ་ཞེས་བྱ་སྟེ། དོན་དེ་ལྟ་བས་ན་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ།
Kha47a
༄#། །བདེ་བ་ལ་རྣམ་པ་གཉིས་ཏེ། བུས་པ་མ་རབས་དང ། སངས་རྒྱས་སོ། །བུས་པ་མ་རབས་ཀྱི་བདེ་བ་ནི་མི་རྟག་པ་འཇིག་པ་ཡིན་པས་བདེ་བ་མེད་དེ། དེ་བཞིན་གཤེགས་པའི་རྟག་པ་དང་བདེ་བ་ནི་འགྱུར་བའམ་འཕོ་བ་མེད་པས་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་ཚོར་བ་ལ་རྣམ་པ་གསུམ་སྟེ། གང་ཞེ་ན། བདེ་བར་ཚོར་བ་དང ། སྡུག་བསྔལ་བར་ཚོར་བ་དང ། བདེ་བའང་མ་ཡིན་སྡུག་བསྔལ་བའང་མ་ཡིན་པར་ཚོར་བ་སྟེ། བདེ་བའང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པར་ཚོར་བའང་སྡུག་བསྔལ་དུ་འགྱུར་ཏེ། མྱ་ངན་ལས་འདས་པའང་སྡུག་བསྔལ་བའང་མ་ཡིན། བདེ་བའང་མ་ཡིན་པ་དང་འདྲ་མོད་ཀྱི། དེ་ལ་ནི་བདེ་བ་ཆེན་པོ་ཞེས་བྱའོ། །བདེ་བ་ཆེན་པོའི་ཕྱིར་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །རབ་ཏུ་ཞི་བའི་ཕྱིར་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་སྟེ། མྱ་ངན་ལས་འདས་པའི་རང་བཞིན་ནི་རབ་ཏུ་ཞི་བའོ། ། དེ་ཅིའི་ཕྱིར་ཞེ་ན། འདུ་འཛིའི་ཆོས་ཐམས་ཅད་དང་བྲལ་བས་རབ་ཏུ་ཞི་བའི་ཕྱིར་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །ཐམས་ཅད་ཤེས་པའི་ཕྱིར་བདེ་བ་ཆེན་པོ་ཞེས་བྱའོ། ། ཐམས་ཅད་མི་ཤེས་པ་ནི་བདེ་བ་ཞེས་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་པས་བདེ་བ་ཆེན་པོ་ཞེས་བྱའོ། །བདེ་བ་ཆེན་པོའི་ཕྱིར་མྱ་ངན་ལས་འདས་པ་
Kha47b
ཆེན་པོ་ཞེས་བྱའོ། །ལུས་མི་འཇིག་པའི་ཕྱིར་བདེ་བ་ཆེན་པོ་ཞེས་བྱའོ། །ལུས་འཇིག་པར་གྱུར་པ་ནི་བདེ་བ་ཞེས་མི་བྱའོ། །དེ་བཞིན་གཤེགས་པའི་སྐུ་ནི་རྡོ་རྗེ་ལྟར་མི་འཇིགས་པ་སྟེ། ཉོན་མོངས་པའི་ལུས་མ་ཡིན། མི་རྟག་པའི་ལུས་མ་ཡིན་པས་བདེ་བ་ཆེན་པོ་ཞེས་བྱའོ། །བདེ་བ་ཆེན་པོ་ཡིན་པས་ན་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །རིགས་ཀྱི་བུ། འཇིག་རྟེན་ན་མིང་དུ་བཏགས་པ་ཁ་ཅིག་ནི་རྒྱུ་དང་རྐྱེན་ཡོད་དོ། །ཁ་ཅིག་ནི་རྒྱུ་དང་རྐྱེན་མེད་དོ། །རྒྱུ་དང་རྐྱེན་ཡོད་པ་ནི། དཔེར་ན། ཤཱ་རིའི་བུ་ལྟ་བུ་མའི་མིང་ཤཱ་རི་ཀ་ཞེས་བྱ་བའི་རྐྱེན་གྱིས་མིང་གདགས་པའི་ཕྱིར་ཤཱ་རིའི་བུ་ཞེས་བཏགས་སོ། །དགེ་སློང་མ་དུ་ལ་ཞེས་བྱ་བ་ཡུལ་མ་དུ་ལར་སྐྱེས་ཏེ། ཡུལ་གྱི་མིང་ལས་མ་དུ་ལ་ཞེས་བཏགས་སོ། །མཽངྒལ་ཡ་ན་ཞེས་བྱ་བ་ནི་རུས་ཡིན་ཏེ། རུས་ལས་མིང་བཏགས་པའི་ཕྱིར་མཽངྒལ་ཞེས་བཏགས་སོ། །དཔེར་ན། ང་ནི་གཽ་ཏ་མའི་རིགས་ལས་སྐྱེས་ཏེ། དེའི་ཕྱིར་མིང་གཽ་ཏ་མ་ཞེས་བཏགས་སོ། །དགེ་སློང་བྱི་ཤ་ཀ་ཞེས་བྱ་བ་ནི་བྱི་ཤ་ཀ་ནི་སྐར་མའི་མིང་སྟེ། སྐར་མའི་མིང་ལས་མིང་ཐོབ་པས་བྱི་ཤ་ཀ་ཞེས་བཏགས་སོ། །ཇི་ལྟར་སོར་མོ་དྲུག་པ་སོར་མོ་དྲུག་ཡོད་པའི་རྐྱེན་གྱིས་སོར་མོ་དྲུག་པ་ཞེས་མིང་དུ་བཏགས་སོ། །སངས་རྒྱས་སྦྱིན་དང ། ལྷ་སྦྱིན་ཞེས་བྱ་བའང་སངས་རྒྱས་དང ། ལྷའི་རྐྱེན་གྱིས་སངས་རྒྱས་སྦྱིན་དང ། ལྷ་སྦྱིན་ཞེས་བཏགས་སོ། །དྲོད་གཤེར་
Kha48a
༄#། །ལས་སྐྱེས་པའི་རྐྱེན་གྱིས་དྲོད་གཤེར་སྐྱེས་ཞེས་བཏགས་སོ། །དཔེར་ན། སྒྲའི་རྒྱུས་ཀ་ཀ་ལ་ཞེས་བྱ་བ་དང ། ཀུ་ཀུ་ལ་ཞེས་བྱ་བ་དང ། ཙུ་ཙུ་ལ་ཞེས་བྱ་བར་མིང་དུ་བཏགས་ཏེ། དེ་ལྟ་བུ་ལ་སོགས་པའི་མིང་ནི་རྒྱུ་དང་རྐྱེན་ལས་བཏགས་པའི་མིང་ཞེས་བྱའོ། །རྒྱུ་རྐྱེན་མེད་པ་ནི་ཇི་ལྟར་པདྨོ་དང ། ས་དང ། ཆུ་དང ། མེ་དང ། རླུང་དང ། ནམ་མཁའ་ལྟ་བུ་དང ། མནད་ར་བ་ནི་གཞལ་མེད་ཁང་སྐོམ་འཐུང་ཞེས་བྱ་སྟེ། གཞལ་མེད་ཁང་སྐོམ་མི་འཐུང་ཡང་མནད་ར་བ་ཞེས་བྱ་བ་དང ། སརྦ་ཚ་དན་ཞེས་བྱ་བ་ནི་སྦྲུལ་གྱི་བླ་གབ་ཅེས་བྱ་སྟེ། ཡང་དག་པར་སྦྲུལ་གྱི་བླ་གབ་མ་ཡིན་པས་དེ་ནི་རྒྱུ་མེད་པར་ནན་གྱིས་མིང་དུ་བཏགས་པའོ། །ཇི་ལྟར་ཇི་ལ་བ་ཡི་ཞེས་བྱ་བ་ནི་མར་འཐུང་བ་ཞེས་བྱ་སྟེ། ཡང་དག་པར་མར་མི་འཐུང་བར་མར་འཐུང་བ་ཞེས་བཏགས་ཏེ། དེ་ནི་རྒྱུ་མེད་པར་ནན་གྱིས་མིང་དུ་བཏགས་པའོ། །རིགས་ཀྱི་བུ། མྱ་ངན་ལས་འདས་པ་ཆེན་པོ་འདི་ཡང་དེ་དང་འདྲ་སྟེ། རྒྱུ་དང་རྐྱེན་མེད་པར་ནན་གྱིས་མིང་བཏགས་སོ། །རིགས་ཀྱི་བུ། དཔེར་ན། ནམ་མཁའ་ནི་ནམ་མཁའ་ཅུང་ཟད་ཀྱིས་ཆེན་པོ་ཞེས་མི་བྱའོ། །མྱ་ངན་ལས་འདས་པའང་དེ་དང་འདྲ་སྟེ། མཚན་ཉིད་ཅུང་ཟད་ཀྱིས་མྱ་ངན་ལས་འདས་པ་ཆེན་པོ་ཞེས་མི་བྱའོ། །རིགས་ཀྱི་བུ། དཔེར་ན། ཆོས་གཞལ་
Kha48b
དུ་མེད་པ། །བསམ་གྱིས་མི་ཁྱབ་པ་ནི་ཆེན་པོ་ཞེས་བྱའོ། །མྱ་ངན་ལས་འདས་པའང་དེ་དང་འདྲ་སྟེ། གཞལ་དུ་མེད་བསམ་གྱིས་མི་ཁྱབ་པས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །ཡོངས་སུ་དག་པ་འབའ་ཞིག་པས་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །ཇི་ལྟར་ན་ཡོངས་སུ་དག་པ་འབའ་ཞིག་ཅེས་བྱ་ཞེ་ན། ཡོངས་སུ་དག་པ་ལ་རྣམ་པ་བཞི་སྟེ།་དེ་ལ་སྲིད་པ་ཉི་ཤུ་རྩ་ལྔ་པོ་ནི་མ་དག་པ་ཞེས་བྱའོ། །དེ་དག་རབ་ཏུ་ཆོས་པས་ཡོངས་སུ་དག་པ་ཞེས་བྱའོ། །དག་པ་འདི་ཉིད་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། མྱ་ངན་ལས་འདས་པ་དེ་ལ་སྲིད་པ་ཞེས་བྱའང་མྱ་ངན་ལས་འདས་པ་ཉིད་ནི་ཡང་དག་པར་ན་སྲིད་པ་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་རྗེས་སུ་མྱ་ངན་ལས་འདས་པའང་སྲིད་པར་བཤད་དོ། །དཔེར་ན། འཇིག་རྟེན་པས་ཕ་མ་མ་ཡིན་པར་ཕ་མ་ཞེས་ཟེར་ཏེ། ཡང་དག་པར་ཕ་མ་མ་ཡིན་པར་ཕ་མ་ཞེས་ཟེར་རོ། །མྱ་ངན་ལས་འདས་པའང་དེ་དང་འདྲ་སྟེ། འཇིག་རྟེན་པའི་རྗེས་སུ་དེ་བཞིན་གཤེགས་པ་ལ་མྱ་ངན་ལས་འདས་པ་ཆེན་པོ་མངའོ། །ཞེས་གསུངས་པ་ཡིན། ལས་རྣམ་པར་དག་པ་སྟེ། བུས་པ་མ་རབས་ཐམས་ཅད་ནི་ལས་རྣམ་པར་མ་དག་པའི་ཕྱིར་མྱ་ངན་ལས་འདས་པ་མེད་དོ། །སངས་རྒྱས་བཅོམ་ལྡན་འདས་ནི་འཕྲིན་ལས་ཡོངས་སུ་དག་པའི་ཕྱིར་ཡོངས་སུ་དག་པ་ཆེན་པོ་ཞེས་བྱ་སྟེ།
Kha49a
༄#། །ཡོངས་སུ་དག་པ་ཆེན་པོ་ཡིན་པས་ན་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་བ་ཡིན། ལུས་ཡོངས་སུ་དག་པ་སྟེ། གལ་ཏེ་ལུས་མི་རྟག་ན་མ་དག་པ་ཡིན་ནོ། །དེ་བཞིན་གཤེགས་པའི་སྐུ་ནི་རྟག་པ་ཡིན་པས་ཡོངས་སུ་དག་པ་ཆེན་པོ་ཞེས་བྱ་སྟེ། ཡོངས་སུ་དག་པ་ཆེན་པོའི་ཕྱིར་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་བ་ཡིན། སེམས་ཡོངས་སུ་དག་པ་སྟེ། གལ་ཏེ་ཟག་པ་དང་བཅས་ན་མ་དག་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ནི་ཟག་པ་མི་མངའ་བས་ཡོངས་སུ་དག་པ་ཆེན་པོ་ཞེས་བྱ་སྟེ། ཡོངས་སུ་དག་པ་ཆེན་པོའི་ཕྱིར་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་བ་ཡིན་ཏེ་བཞིའོ། །རིགས་ཀྱི་བུ། དེ་ནི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་བསྒོམས་པའི་ཡོན་ཏན་དང་ལྡན་པ་གཅིག་ཅེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ལ་ནན་ཏན་བྱེད་པའི་བསོད་ནམས་གཉིས་པ་དང་ལྡན་པ་ཞེས་བྱ་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ལ་ནན་ཏན་བྱེད་པ་ན། སྔོན་མ་ཐོབ་པ་ཐོབ་པར་འགྱུར། སྔོན་མ་མཐོང་བ་མཐོང་བར་འགྱུར། སྔོན་མ་ཐོས་པ་ཐོས་པར་འགྱུར། སྔོན་མ་ཕྱིན་
Kha49b
པ་ཕྱིན་པར་འགྱུར། སྔོན་མི་ཤེས་པ་ཤེས་པར་འགྱུར་རོ། །དེ་ལ་ཇི་ལྟར་ན་སྔོན་མ་ཐོབ་པ་ཐོབ་པར་འགྱུར་ཞེ་ན། འདི་ལྟ་སྟེ། རྫུ་འཕྲུལ་སྔོན་མ་ཐོབ་པ་དེ་ཐོབ་པར་གྱུར་བའོ། ། རྫུ་འཕྲུལ་ལ་རྣམ་པ་གཉིས་ཏེ། ནང་དང ། ཕྱི་རོལ་ལོ། །ཕྱི་རོལ་ཅེས་བྱ་བ་ནི་མུ་སྟེགས་ཅན་དང་ཐུན་མོང་པའོ། །ནང་ཞེས་བྱ་བ་ལའང་རྣམ་པ་གཉིས་ཏེ། ཐེག་པ་གཉིས་དང ། བྱང་ཆུབ་སེམས་དཔའོ། །བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ལ་ནན་ཏན་བྱེད་པའི་རྫུ་འཕྲུལ་ཐོབ་པ་ནི་ཉན་ཐོས་པ་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པའོ། །དེ་ལ་ཇི་ལྟར་ན་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པ་ཞེ་ན། འདི་ལྟ་སྟེ། ཐེག་པ་གཉིས་ཀྱིས་རྫུ་འཕྲུལ་དང ། ཆོ་འཕྲུལ་སྤྲུལ་ཏོ་ཅོག་ནི་བསམ་པ་གཅིག་དང ། བྱ་བ་གཅིག་སྟེ་མང་པོར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ཏེ། བསམ་པ་གཅིག་གིས་ལམ་རྒྱུད་ལྔར་ལུས་ཡོངས་སུ་རྫོགས་པར་སྟོན་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདིའི་བྱིན་གྱི་རླབས་ཀྱིས་མཐུ་ཐོབ་པའི་ཕྱིར་སྔོན་མ་ཐོབ་པ་ཐོབ་པ་ཞེས་བྱའོ། །ཡང་ཇི་ལྟར་ན་སྔོན་མ་ཐོབ་པ་ད་ཐོབ་པ་ཞེ་ན།་འདི་ལྟ་སྟེ། ལུས་ཀྱི་དབང་པོ་ཐོབ་པ་དང ། སེམས་ཀྱི་དབང་པོ་ཐོབ་པའོ། །དེའང་གང་ཞེ་ན། བུས་པ་མ་རབས་ཐམས་ཅད་ནི་ལུས་དང་སེམས་ཀྱི་དབང་མ་ཐོབ་པས་ཆེད་འགའ་
Kha50a
༄#། །ནི་ལུས་ཀྱི་ཕྱི་བཞིན་སེམས་འབྲང ། ཆེད་འགའ་ནི་སེམས་ཀྱི་ཕྱི་བཞིན་དུ་ལུས་འབྲང་ངོ ། །དེ་ལ་ཇི་ལྟར་ན་ལུས་ཀྱི་ཕྱི་བཞིན་སེམས་འབྲང་བ་ཞེ་ན། དཔེར་ན། ཆང་གིས་མྱོས་པ་དག་ལུས་ཀྱི་ནང་ན་ཆང་ཡོད་པས། དེའི་ཚེ་ལུས་འགུལ་ན་སེམས་ཀྱང་རྗེས་སུ་འགུལ་ལོ། །གཞན་ཡང་ལུས་ངན་ན་སེམས་ཀྱང་ངལ་བར་གྱུར་ཏེ། དེ་ནི་ལུས་ཀྱི་ཕྱི་བཞིན་སེམས་འབྲང་བ་ཞེས་བྱའོ། །གཞན་ཡང་བུས་པ་ལུས་ཆུང་བ་ནི་སེམས་ཀྱང་ཆུང་ངོ ། །མི་ཆེན་པོ་ནི་ལུས་ཆེ་བས་སེམས་ཀྱང་དེ་བཞིན་དུ་ཆེའོ། །གཞན་ཡང་ལ་ལ་ཞིག་ལུས་རྩུབ་པས་ན་སེམས་ལ་རྟག་ཏུ་སྣུམ་པ་དང ། འཇམ་པ་དང ། མཉེན་པར་འདོད་དེ། དེ་ནི་ལུས་ཀྱི་ཕྱི་བཞིན་སེམས་འབྲང་བ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་སེམས་ཀྱི་ཕྱི་བཞིན་ལུས་འབྲང་བ་ཞེ་ན། འདི་ལྟ་སྟེ། སོང་བ་དང ། འོང་བ་དང ། འདུག་པ་དང ། ཉལ་བ་དང ། སྦྱིན་པ་དང ། ཚུལ་ཁྲིམས་དང ། བཟོད་པ་དང ། བརྩོན་འགྲུས་བྱེད་པ་སྟེ། གང་མྱ་ངན་ཆེ་བ་ནི་ང་རོད་ཀྱང་ངན་ནོ། །དགའ་བ་ནི་ལུས་ཚོ་ཞིང་མདངས་དཀར་རོ། །གང་འཇིགས་པ་ནི་ལུས་འདར་རོ། །རྩེ་གཅིག་ཏུ་ཆོས་ཉན་པ་ནི་ལུས་རབ་ཏུ་དགའོ།། ཆོ་དེ་རྡུང་ཞིང་ངུ་བ་ནི་མཆི་མ་དང་སྣབས་ཟག་སྟེ། དེ་ནི་སེམས་ཀྱི་ཕྱི་བཞིན་ལུས་འབྲང་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ཏེ། ལུས་དང་སེམས་གཉིས་ཀའི་
Kha50b
དབང་ཐོབ་པས་སྔོན་མ་ཐོབ་པ་ད་ཐོབ་པ་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལུས་ཀྱི་དབང་པོ་རྡུལ་ཕྲ་རབ་ལྟ་བུར་སྟོན་ཏེ། རྡུལ་ཙམ་གྱི་ལུས་དེས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་བྱེ་མ་ཚད་མེད་པ་མཐའ་ཡས་པ་སྙེད་ཀུན་ཏུ་ཐོགས་པ་མེད་པར་འགྲོའང་སེམས་རྟག་ཏུ་འདུག་སྟེ། སྔོན་གྱི་གནས་ནས་མི་གཡོའོ། །དེ་ནི་ལུས་ཀྱི་ཕྱི་བཞིན་སེམས་མི་འབྲང་བ་དང ། སྔོན་མ་ཕྱིན་པར་ཕྱིན་པ་ཞེས་ཀྱང་བྱའོ། །ཡང་ཇི་ལྟར་ན་སྔོན་མ་ཕྱིན་པར་ཕྱིན་པ་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ནི་ཕྱིན་པར་མི་ནུས་ཏེ། བྱང་ཆུབ་སེམས་དཔས་ཕྱིན་པས་དེའི་ཕྱིར་སྔོན་མ་ཕྱིན་པར་ད་ཕྱིན་པར་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ནི་རྫུ་འཕྲུལ་ཡོད་མོད་ཀྱི། ལུས་རྡུལ་ཕྲ་རབ་ལྟ་བུར་སྤྲུལ་ཏེ། སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་ཚད་མེད་པ་སྙེད་ཀུན་ཏུ་འགྲོ་མི་ནུས་སོ། །ཉན་ཐོས་དང་རང་སངས་རྒྱས་ནི་ལུས་འགུལ་བའི་ཚེ་སེམས་ཀྱང་རྗེས་སུ་འགུལ་ལོ། ། བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ཏེ། སེམས་མི་འགུལ་མོད་ཀྱི། ལུས་མ་ཕྱིན་པའི་གནས་མེད་དེ། དེ་ནི་བྱང་ཆུབ་སེམས་དཔའ་ལུས་ཀྱི་རྗེས་སུ་སེམས་མི་འབྲང་བ་ཞེས་བྱའོ། ། གཞན་ཡང ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔས་ལུས་འདི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་འདྲ་བར་སྤྲུལ་ཏེ། ལུས་ཆེན་པོ་དེས་རྡུལ་ཕྲ་རབ་གཅིག་གི་
Kha51a
༄#། །ནང་དུ་ཞུགས་ཀྱང་སེམས་དེའི་ཚེ་དེ་ལྟར་ཆུང་བར་མི་འགྱུར་རོ། །ཉན་ཐོས་དང་རང་སངས་རྒྱས་ནི་ལུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་དུ་སྤྲུལ་ནུས་ཀྱང་ལུས་ཆེན་པོ་ངེས་རྡུལ་ཕྲ་རབ་ཀྱི་ནང་དུ་འཇུག་མི་ནུས་ཏེ། དངོས་པོ་དེ་ལྟ་བུ་དག་ཀྱང་བྱེད་མི་ནུས་ན་སེམས་མི་གཡོ་བར་བྱ་བ་ལྟ་ཅི་སྨོས་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ལུས་ཀྱི་རྗེས་སུ་སེམས་མི་འགྲོ་བ་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྒྲ་དབྱངས་གཅིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་རྣ་ལམ་དུ་ཐོས་པར་གྱུར་ཀྱང་འདི་སྙམ་དུ་ངའི་སྒྲ་འདིས་འཇིག་རྟེན་གྱི་ཁམས་ཀུན་ཏུ་སེམས་ཅན་རྣམས་སྔོན་མ་ཐོས་པ་ཐོས་པར་བྱའོ་སྙམ་མི་སེམས་སོ། །བྱང་ཆུབ་སེམས་དཔས་ཐོག་མ་ནས་ཀྱང་བདག་གིས་སེམས་ཅན་རྣམས་ལ་སྔོན་མ་ཐོས་པ་ཐོས་པར་བྱའོ་ཞེས་མ་སྨྲས་སོ། །བྱང་ཆུབ་སེམས་དཔས་གལ་ཏ་བདག་གིས་ཆོས་བཤད་པའི་རྐྱེན་གྱིས་སེམས་ཅན་རྣམས་ལ་མ་ཐོས་པ་ཐོས་པར་བྱའོ། །ཞེས་སྨྲ་ན་དེ་ནམ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་འགྱུར་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གྱིས་མི་ཐོས་པ་ལས་བདག་གིས་བཤད་དོ་ཞེས་སྨྲ་བའི་སེམས་དེ་ནི་
Kha51b
འཁོར་བའི་སེམས་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་སེམས་དེ་ཡོངས་སུ་ཟད་དོ། །དོན་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་དང་སེམས་ལྷན་ཅིག་མི་འགྲོགས་སོ། །རིགས་ཀྱི་བུ། བུས་པ་མ་རབས་ཐམས་ཅད་ནི་ལུས་དང་སེམས་ལྷན་ཅིག་འགྲོགས་སོ། །བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ཏེ། སེམས་ཅན་གྱི་དོན་བྱ་བའི་ཕྱིར་ལུས་ཆུང་ངུར་སྟོན་མོད་ཀྱི་སེམས་མི་ཆུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཀྱི་རང་བཞིན་ནི་རྟག་ཏུ་རྒྱ་ཆེ་བའི་ཕྱིར་ཏེ། ལུས་ཆེན་པོ་སྟོན་ཀྱང་སེམས་ནི་ཆེ་བར་མི་འགྱུར་རོ། །ཇི་ལྟར་ལུས་ཆེན་པོ་ཞེ་ན། ལུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་འདྲ་བའོ། །ཇི་ལྟར་སེམས་ཆུང་ངུ་ཞེ་ན།་བྱིས་པ་ཆུང་ངུའི་སྤྱད་པ་སྤྱོད་པའོ། །དོན་དེ་ལྟ་བས་ན་ལུས་ཀྱི་རྗེས་སུ་སེམས་མི་འབྲང་བའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསྐལ་པ་ཁྲག་ཁྲིག་ཚད་མེད་པའི་བར་དུ་ཆང་སྤངས་ཏེ་མ་འཐུངས་ཀྱང་སེམས་འགུལ་ལོ། །སེམས་ལ་སྡུག་བསྔལ་དང ། ཡིད་སློང་བ་མེད་ཀྱང་ལུས་ལ་མཆི་མ་འཛག་གོ། །ཡང་དག་པར་འཇིགས་པ་མེད་ཀྱང་ལུས་རབ་ཏུ་འདར་རོ། །དོན་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ནི་ལུས་དང་སེམས་ཀྱི་དབང་ཐོབ་པས་ལྷན་ཅིག་མི་འགྲོགས་པར་རིག་པར་བྱའོ། །བྱང་ཆུབ་སེམས་
Kha52a
༄#། །དཔའ་སེམས་དཔའ་ཆེན་པོས་ལུས་གཅིག་བསྟན་པ་ལས་སེམས་ཅན་རྣམས་ཀྱིས་སོ་སོ་ནས་ཐ་དད་པར་མཐོང་ངོ ། །གཞན་ཡང ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ལ་ནན་ཏན་བྱས་པས་སྔོན་མ་ཐོས་པ་ཐོས་པར་འགྱུར་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་ཆེན་པོས་སྔར་སྒྲའི་མཚན་ཉིད་ལ་འཇུག་པ་ནི་འདི་ལྟ་སྟེ། བལ་གླང་གི་སྒྲ་དང ། རྟའི་སྒྲ་དང ། ཤིང་རྟའི་སྒྲ་དང ། མིའི་སྒྲ་དང ། དུང་གི་སྒྲ་དང ། རྔའི་སྒྲ་དང ། མཆུ་སྦྲང་གི་སྒྲ་དང ། གླིང་བུ་ལ་སོགས་པའི་སྒྲ་དང ། གླུའི་སྒྲ་དང ། དུ་བའི་སྒྲ་སྟེ། དེ་དག་ཡོངས་སུ་སྒོམ་མོ། །གོམས་པར་བསྒོམས་པའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྙེད་ཀྱི་སེམས་ཅན་དམྱལ་བའི་སྒྲ་ཀུན་ཐོས་པར་འགྱུར་རོ། །ཡང་ནས་ཡང་དུ་བསྒོམས་པས་རྣ་བའི་དབང་པོ་ཐ་དད་པ་ཐོབ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་འཕྲུལ་གྱི་རྣ་བ་དང་ཐ་དད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཐེག་པ་གཉིས་པས་ཡོངས་སུ་དག་པའི་རྣ་བའི་མངོན་པར་ཤེས་པ་ཐོབ་པ་ནི་བསམ་གཏན་དང་པོའི་ཆེན་པོ་བཞི་དམ་པ་ལ་བརྟེན་ན། བསམ་གཏན་དང་པོ་འབའ་ཞིག་ཐོས་ཏེ། བསམ་གཏན་གཉིས་པ་ནས་བསམ་གཏན་བཞི་བའི་བར་དུའང་དེ་བཞིན་ནོ། །
Kha52b
དུས་གཅིག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སྒྲ་ཅི་ཡོད་པ་ཐམས་ཅད་ཅིག་ཅར་ཐོས་ཀྱང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་ཚད་མེད་མཐའ་ཡས་པ་སྙེད་ཀྱི་སྒྲ་ཐོས་པར་མུ་ནུས་སོ། །དོན་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ཐོས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣ་བའི་དབང་པོ་དང་ཐ་དད་དོ། །དེ་ལྟར་ཐ་དད་པས་སྔོན་མ་ཐོས་པ་ཐོས་པར་འགྱུར་ཏེ། སྒྲ་ཐོས་ཀྱང་སེམས་ལ་ཐོག་མ་ནས་སྒྲ་ཐོས་པའི་མཚན་ཉིད་མེད་དོ། །ཡོད་པའི་མཚན་ཉིད་དང ། རྟག་པའི་མཚན་ཉིད་དང ། བདེ་བའི་མཚན་ཉིད་དང ། བདག་གི་མཚན་ཉིད་དང ། ཡོངས་སུ་དག་པའི་མཚན་ཉིད་དང ། བདག་པོའི་མཚན་ཉིད་དང ། རྟེན་པའི་མཚན་ཉིད་དང ། བྱེད་པའི་མཚན་ཉིད་དང ། རྒྱུའི་མཚན་ཉིད་དང ། ངེས་པའི་མཚན་ཉིད་དང ། འབྲས་བུའི་མཚན་ཉིད་མེད་དོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དག་གིས་སྔོན་མ་ཐོས་པ་ད་ཐོས་པར་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྣང་བ་མཐོ་བཙུན་དཔལ་གྱི་རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལས་ངེས་པའི་མཚན་ཉིད་དང ། འབྲས་བུའི་མཚན་ཉིད་མི་མཛད་དོ་ཞེས་གསུངས་པའི་དོན་དེ་ལྟ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཀྱིས་སྔར་གསུངས་པ་ལས་གང་ལ་ལ་ཞིག་
Kha53a
༄#། །གིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་ཚིགས་སུ་བཅད་པ་གཅིག་གམ། ཡི་གེ་འབྲུ་གཅིག་ཙམ་ཐོས་ན། གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཞེས་གསུངས་ལ། དེ་ནི་དེ་བཞིན་གཤེགས་པས་ཅིའི་སླད་དུ་ངེས་པ་དང ། འབྲས་བུ་མ་མཆིས་སོ། ། ཞེས་གསུངས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་དེ་ཉིད་ངེས་པའི་མཚན་ཉིད་དང ། འབྲས་བུའི་མཚན་ཉིད་ལགས་ན། ཅིའི་སླད་དུ་ངེས་པ་དང་འབྲས་བུ་མ་མཆིས་ཞེས་གསུངས། སྒྲ་མི་སྙན་པ་ཐོས་ན་ངན་སེམས་སྐྱེས་ཏེ། ངན་སེམས་སྐྱེས་པས་ངན་སོང་གསུམ་དུ་ལྟུང་ངོ ། །གང་ངན་སོང་གསུམ་དུ་ལྟུང་བ་དེ་ཉིད་ངེས་པའི་འབྲས་བུ་ལགས་ན། ཅིའི་སླད་དུ་ངེས་པ་དང ། འབྲས་བུ་མ་མཆིས་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། ལེགས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་དྲི་བར་སྤོབས་པ་ལེགས་སོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་སྒྲ་རྣམས་ལ་ངེས་པ་དང ། འབྲས་བུའི་མཚན་ཉིད་ཡོད་པར་གསུངས་ན། དེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་ཉིད་མ་ཡིན་ཏེ། བདུད་ཀྱི་རྒྱལ་པོའི་མཚན་ཉིད་ཡིན། འཁོར་བའི་མཚན་ཉིད་ཡིན། མྱ་ངན་ལས་འདས་པ་དང་ཐག་རིང་བའི་མཚན་
Kha53b
ཉིད་ཡིན་ནོ། །དེ་ཅིའི་ཕྱིར་ཞ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཅོག་ནི་ངེས་པ་དང ། འབྲས་བུའི་མཚན་ཉིད་མེད་དོ། །རིགས་ཀྱི་བུ། དཔེར་ན། རལ་གྲིའི་ནང་ན་མིའི་ངོ་སྣང་བ་བསྒྲེང་ན་ནི་ཆུ་རིང་པོར་མཐོང ། འཕྲེད་དུ་བལྟས་ན་ཞེང་ཆེ་བར་མཐོང་སྟེ། དེ་གལ་ཏེ་ངེས་པའི་མཚན་ཉིད་ཡིན་ན་ཅིའི་ཕྱིར་བསྒྲེང་ན་ནི་ཆུ་རིང་པོར་མཐོང་ལ། འཕྲེད་དུ་ནི་ཞེང་ཆེ་བར་མཐོང ། དོན་དེ་ལྟ་བས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་ངེས་པ་དང ། འབྲས་བུའི་མཚན་ཉིད་མེད་དོ། །རིགས་ཀྱི་བུ། མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་སྒྲའི་འབྲས་བུ་མ་ཡིན་ནོ། །གལ་ཏེ་མྱ་ངན་ལས་འདས་པ་སྒྲའི་འབྲས་བུ་ཡིན་ན་མྱ་ངན་ལས་འདས་པ་དེ་རྟག་པའི་ཆོས་མ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། དཔེར་ན། འཇིག་རྟེན་ན་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཆོས་ནི་རྒྱུ་ཡོད་པས་འབྲས་བུ་ཡང་ཡོད་དོ། །རྒྱུ་མེད་ན་འབྲས་བུའང་མེད་དེ། རྒྱུ་མི་རྟག་ན་འབྲས་བུའང་མི་རྟག་གོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་ལས་ཀྱང་འབྲས་བུར་འགྱུར་ལ། འབྲས་བུ་ལས་ཀྱང་རྒྱུར་འགྱུར་རོ། །དོན་དེ་ལྟ་བས་ན་ཆོས་ཐམས་ཅད་ནི་ངེས་པའི་མཚན་ཉིད་མེད་དོ། །ཇི་སྟེ་མྱ་ངན་ལས་འདའ་བ་རྒྱུ་ལས་སྐྱེས་ན་རྒྱུ་ཉིད་མི་རྟག་པས་འབྲས་བུའང་མི་རྟག་སྟེ། དེ་བས་ན་མྱ་ངན་ལས་འདའ་བ་ནི་རྒྱུ་ལས་མ་སྐྱེས་ལ་ངོ་བོ་ཉིད་འབྲས་བུ་མ་ཡིན་ཏེ། དེ་བས་ན་རྟག་པའོ། །རིགས་
Kha54a
༄#། །ཀྱི་བུ། དོན་དེ་ལྟ་བས་ན་མྱ་ངན་ལས་འདའ་བའི་ངོ་བོ་ཉིད་ནི་ངེས་པ་མེད། །འབྲས་བུ་མེད་དོ། །རིགས་ཀྱི་བུ། མྱ་ངན་ལས་འདའ་བ་ཞེས་བྱ་བ་ནི་ངེས་པ་ཞེས་བྱ་བར་ཡང་རུང་ལ། འབྲས་བུ་ཞེས་བྱ་བར་ཡང་རུང་ངོ ། །ཇི་ལྟར་ངེས་པའོ། །ཞེས་བྱ་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི་མྱ་ངན་ལས་འདའ་བ་ནི་རྟག་པ་དང ། བདེ་བ་དང།་བདག་དང ། ཡོངས་སུ་དག་པའི་ཕྱིར་ངེས་པའོ། །སྐྱེ་བ་དང་རྒ་བ་དང་འཇིག་པ་མེད་པའི་ཕྱིར་ངེས་པའོ། །ལོག་སྲེད་ཅན་དང ། ཕས་ཕམ་པ་བཞི་ཉམས་པ་དང ། ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་སྐུར་པ་དང ། མཚམས་མེད་པ་ལྔའི་ཁ་ན་མ་ཐོ་བ་བྱས་པ་དག་སྔོན་གྱི་སེམས་སྤངས་ན་གདོན་མི་ཟ་བར་ཐོབ་པའི་ཕྱིར་དེ་བས་ན་ངེས་པའོ། །རིགས་ཀྱི་བུ།་ཇི་ལྟར་ཁྱོད་ཀྱིས་འདི་སྐད་དུ་གལ་ཏེ་ལ་ལ་ཞིག་ངས་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཚིགས་སུ་བཅད་པ་གཅིག་གམ། ཡི་གེ་གཅིག་ཙམ་བཤད་པ་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་ཞེས་བྱ་བའི་དོན་དེ་ད་དུང་ཁྱོད་ཀྱིས་གསལ་བར་མ་རིག་གི། ཤིན་ཏུ་བརྟགས་པར་ཉོན་ཅིག་།ངས་རབ་ཏུ་ཕྱེ་སྟེ་བསྟན་པར་བྱའོ། །རིགས་ཀྱི་བུ། གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལས་ཡི་གེ་འབྲུ་གཅིག་གམ། ཚིགས་སུ་བཅད་པ་གཅིག་ཙམ་
Kha54b
ཡང་རུང་སྟེ། ཐོས་ནས་ཡི་གེའི་མཚན་ཉིད་དུ་མི་འཛིན། ཚིགས་སུ་བཅད་པའི་མཚན་ཉིད་དུ་མི་འཛིན། ཐོས་པའི་མཚན་ཉིད་དུ་མི་འཛིན། སངས་རྒྱས་ཀྱི་མཚན་ཉིད་དུ་མི་འཛིན་བཤད་པའི་མཚན་ཉིད་དུ་མི་འཛིན་ན་དེ་ནི་མཚན་ཉིད་མེད་པའི་མཚན་ཉིད་ཅེས་བྱའོ། །མཚན་ཉིད་མེད་པའི་མཚན་ཉིད་པས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ། །རིགས་ཀྱི་བུ་ཁྱོད་ཀྱིས་ཇི་སྐད་དུ་སྒྲ་ཡིད་དུ་མི་འོང་བ་ཐོས་པའི་ཕྱིར་ངན་སོང་གསུམ་དུ་འགྲོའོ་ཞེས་བྱ་བའི་དོན་དེའང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྒྲ་ཡིད་དུ་མི་འོང་བས་ངན་སོང་གསུམ་དུ་འགྲོ་བ་མ་ཡིན་གྱི། དེའི་འབྲས་བུ་ནི་ངན་སེམས་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་སྒྲ་ཡིད་དུ་མི་འོང་བ་ཐོས་ཀྱང་ངན་སེམས་མ་བསྐྱེད་ན་སྒྲ་ཡིད་དུ་མི་འོང་བའི་རྐྱེན་གྱིས་ངན་སོང་གསུམ་དུ་འགྲོ་བ་མ་ཡིན་ཏེ། སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པའི་ངན་སེམས་མཆེད་ཅིང་མང་དུ་གྱུར་པས་ངན་སོང་གསུམ་དུ་སྐྱེས་ཀྱི། སྒྲ་ཡིད་དུ་མི་འོང་བའི་རྐྱེན་གྱིས་མ་ཡིན་ནོ། །གལ་ཏེ་སྒྲ་ལ་ངེས་པའི་མཚན་ཉིད་ཡོད་ན། ཐོས་པ་ཀུན་གྱིས་ངན་སེམས་སྐྱེ་བའི་རིགས་སོ། །དེ་ལ་ལ་ལ་ནི་སྐྱེ། ལ་ལ་ལ་ནི་མི་སྐྱེ་སྟེ།་དེ་བས་ན་སྒྲ་ལ་ནི་ངེས་པའི་མཚན་ཉིད་མེད་པར་རིག་པར་བྱའོ། །ངེས་པའི་མཚན་ཉིད་མེད་པས་ན། དེས་རྐྱེན་བྱས་ཀྱང་ངན་སེམས་མི་སྐྱེའོ། །གསོལ་པ། བཅོམ་ལྡན་
Kha55a
༄#། །འདས།་གལ་ཏེ་སྒྲ་མ་ངེས་ན། ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སྔོན་མ་ཐོས་པ་ཐོས་པར་འགྱུར། རིགས་ཀྱི་བུ། སྒྲ་ལ་ངེས་པའི་མཚན་ཉིད་མེད་པས་སྔོན་མ་ཐོས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ད་ཐོས་པར་གྱུར་ཏོ། དེ་བས་ན་ངས་སྔོན་མ་ཐོས་པ་ད་ཐོས་པ་ཞེས་གསུངས་སོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་སྔོན་མ་མཐོང་བ་ད་མཐོང་བ་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ལ་ནན་ཏན་བྱེད་པ་སྔར་སྣང་བའི་མཚན་ཉིད་ལ་འཇུག་པ་ནི་འདི་ལྟ་སྟེ། ཉི་མ་དང ། ཟླ་བ་དང ། སྐར་མ་དང ། མེའི་ཕུང་པོ་དང ། སྒྲོན་མ་དང ། ནོར་བུ་དང ། མེའི་སྣང་བ་དང ། སྨན་ལ་སོགས་པའི་འོད་གོམས་པར་བསྒོམས་པའི་ཕྱིར་མིག་གི་དབང་པོ་ཐ་དད་པ་ཐོབ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཐོབ་པ་དང་ཐ་དད་དོ། །ཇི་ལྟར་ཐ་དད་ཅེ་ན། ཐེག་པ་གཉིས་པས་འཕྲུལ་གྱི་མིག་རྣམ་པར་དག་པ་ཐོབ་པ། གལ་ཏེ་འདོད་པའི་ཁམས་ཀྱི་ཆེན་པོ་བཞིའི་མིག་གི་དབང་པོ་ལ་བརྟེན་ན་བསམ་གཏན་དང་པོ་མི་མཐོང་ངོ ། །གལ་ཏེ་བསམ་གཏན་དང་པོ་ལ་བརྟེན་ན་གོང་མ་མི་མཐོང་བ་ནས་བདག་གི་མིག་གི་བར་དུའང་མཐོང་བར་མི་ནུས་སོ། །གལ་ཏེ་མང་དུ་མཐོང་ནའང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལས་
Kha55b
མི་མཐོང་ངོ ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཕྲུལ་གྱི་མིག་མ་བསྒོམས་ཀྱང་གཟུགས་དམ་པའི་ལུས་ཐམས་ཅད་ཀེང་རུས་ཀྱི་མཚན་ཉིད་དུ་མཐོང་ངོ ། །འཇིག་རྟེན་གྱི་ཁམས་གཞན་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གཟུགས་ཀྱི་མཚན་ཉིད་མཐོང་ཡང་གཟུགས་ཀྱི་མཚན་ཉིད་དུ་མི་འཛིན། རྟག་པའི་མཚན་ཉིད་དུ་མི་འཛིན། ཡོད་པའི་མཚན་ཉིད་དང ། རྫས་ཀྱི་མཚན་ཉིད་དང ། མིང་དང ། ཡི་གེ་དང ། རྒྱུ་རྐྱེན་དང ། མཐོང་བའི་མཚན་ཉིད་དུ་མི་འཛིན། མིག་ལ་དམ་པ་རྣམ་པར་དག་པའི་མཚན་ཉིད་དོ། །ཞེས་ཀྱང་མི་ཟེར་ཏེ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་མ་ཡིན་པའི་མཚན་ཉིད་དུ་མཐོང་ངོ ། །ཇི་ལྟར་ན་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཞེ་ན། གཟུགས་ནི་མིག་གི་རྐྱེན་ཡིན་ནོ། །གལ་ཏེ་གཟུགས་རྟེན་ཅིང་འབྲེལ་པ་མ་ཡིན་ན། བུས་པ་མ་རབས་ཐམས་ཅད་ཀྱིས་གཟུགས་སུ་མཐོང་བའི་འདུ་ཤེས་མི་སྐྱེ་བའི་རིགས་སོ། །དེ་བས་ན་གཟུགས་ནི་རྟེན་ཅིང་འབྲེལ་པ་ཞེས་བྱའོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བ་མ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐོང་དུ་ཟིན་ཀྱང་གཟུགས་ཀྱི་མཚན་ཉིད་མི་སྐྱེད་དེ། དེ་བས་ན་རྟེན་ཅིང་འབྲེལ་ཏེ་འབྱུང་བ་མ་ཡིན་ནོ། ། དོན་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་འཕྲུལ་གྱི་མིག་རྣམ་པར་དག་པ་ཐོབ་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཐོབ་པ་དང་ཐ་དད་དོ། །དེ་ལྟར་ཐ་དད་པའི་ཕྱིར་དུས་གཅིག་ཏུ་
Kha56a
༄#། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ཀུན་མཐོང་སྟེ། དེ་ནི་བྱང་ཆུབ་སེམས་དཔས་སྔོན་མ་མཐོང་བ་མཐོང་བ་ཞེས་བྱའོ། །དེ་ལྟར་ཐ་དད་པའི་ཕྱིར་རྡུལ་ཕྲ་རབ་སྙེད་མཐོང་གི། ཉན་ཐོས་དང་རང་སངས་རྒྱས་ནི་མི་མཐོང་ངོ ། །དེ་ལྟར་ཐ་དད་པའི་ཕྱིར་བདག་གི་མིག་མཐོང་མོད་ཀྱི། ཐོག་མ་ནས་མཐོང་བའི་མཚན་ཉིད་མེད་དེ། མི་རྟག་པའི་མཚན་ཉིད་དུ་མཐོང་ཞིང ། གང་ཟག་པའི་ལུས་ལ་རྫས་སུམ་ཅུ་རྩ་དྲུག་གི་མི་གཙང་བས་ཡོངས་སུ་གང་བ་ལག་མཐིལ་དུ་སྐྱུ་རུ་རའི་འབྲས་བུ་བཞག་པ་བཞིན་དུ་མཐོང་ངོ ། །དོན་དེ་ལྟ་བས་ན་སྔོན་མ་མཐོང་བ་དེ་མཐོང་བ་ཞེས་བྱ་སྟེ། གལ་ཏེ་སེམས་ཅན་གྱི་གཟུགས་དང་ཆ་ལུགས་ཇི་སྙེད་པ་མཐོང་མ་ཐག་ཏུ་དེ་ཉིད་ཐེག་པ་ཆེན་པོའམ། ཐེག་པ་ཆུང་ངུའི་དབང་པོ་གང་ཡིན་པ་རིག་གོ། གོས་ལ་ཐང་ཅིག་རེག་པ་ཙམ་གྱིས་ཀྱང་དེའི་དགེ་བ་དང་མི་དགེ་བའི་དབང་པོའི་ཁྱད་པར་གྱི་མཚན་ཉིད་ཤེས་སོ། །དོན་དེ་ལྟ་བས་ན་སྔོན་མ་ཤེས་པ་ད་ཤེས་པར་འགྱུར་ཏེ། ཐང་ཅིག་མཐོང་བ་ཙམ་གྱིས་སྔོན་མ་ཤེས་པ་དང་ཤེས་པར་འགྱུར་རོ། །དེ་ལྟར་ཤེས་པའི་ཕྱིར་སྔོན་མ་མཐོང་བ་ད་མཐོང་བར་འགྱུར་ཏོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་སུམ་ཅུ་གཉིས་
Kha56b
པ།་གཞན་ཡང ། རིགས་ཀྱི་བུ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྔོན་མི་ཤེས་པ་ཤེས་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བུས་པ་མ་རབས་ཀྱི་འདོད་ཆགས་དང།་ཞེ་སྡང་དང ། གཏི་མུག་གི་སེམས་ཤེས་ཀྱང ། ཐོག་མ་ནས་སེམས་སམ་སེམས་ལས་བྱུང་བའི་མཚན་ཉིད་དུ་མི་འཛིན། སེམས་ཅན་དང་རྫས་ཀྱི་མཚན་ཉིད་དུ་མི་འཛིན་ཏོ། །དོན་དམ་པ་མཐར་སྟོང་པའི་མཚན་ཉིད་ལ་ནན་ཏན་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་རྟག་ཏུ་སྟོང་པའི་མཚན་ཉིད་ལ་ནན་ཏན་བྱེད་པའི་ཕྱིར་རོ། །སྟོང་པ་ཉིད་ལ་ནན་ཏན་བྱེད་པས་སྔོན་མི་ཤེས་པ་ད་ཤེས་སོ། །ཇི་ལྟར་ཤེས་ཞེ་ན། བདག་མེད་པ་དང ། བདག་གི་བ་མེད་པ་ཤེས་པ་དང ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཤེས་ཏེ། སངས་རྒྱས་ཀྱི་རང་བཞིན་ཡོད་པའི་ཕྱིར་ལོག་སྲེད་ཅན་དག་སྔོན་གྱི་སེམས་སྤངས་ན་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ། །དེ་དག་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པར་མི་ནུས་ཀྱི། བྱང་ཆུབ་སེམས་དཔས་ཤེས་པར་ནུས་པས་དེ་བས་ན་སྔོན་མི་ཤེས་པ་ཤེས་པ་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། ཇི་ལྟར་སྔོན་མི་ཤེས་པ་ཤེས་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་ངན་
Kha57a
༄#། །ལས་འདས་པ་ཆེན་པོའི་མདོ་སྡེ་དམ་པ་ལ་ནན་ཏན་བྱེད་པ་ནི་སྔོན་འདས་པའི་དུས་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྐྱེ་བའི་གནས་དང ། རིགས་དང ། ཕ་མ་དང ། ཕུ་ནུ་དང ། ཆུང་མ་དང ། བུ་དང ། གཉེན་བཤེས་དང ། དགྲ་རྣམས་དྲན་པས་ཡུད་ཙམ་ཐང་ཅིག་གིས་ཁྱད་པར་གྱི་ཡེ་ཤེས་ཐོབ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡེ་ཤེས་ལས་ཁྱད་པར་དུ་གྱུར་པའོ། །ཇི་ལྟར་ན་ཁྱད་པར་དུ་གྱུར་པ་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཤེས་རབ་ནི་འདས་པའི་དུས་ཀྱི་སེམས་ཅན་རྣམས་ཀྱི་རིགས་དང་ཕ་མ་དང་གཉེན་ནས་དགྲའི་བར་དུ་དྲན་ཏེ། རིགས་དང ། གཉེན་དང ། དགྲའི་མཚན་ཉིད་སྐྱེད་དོ། །བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ཏེ། སྔོན་གྱི་རིགས་དང ། ཕ་མ་དང ། གཉེན་ནས་དགྲའི་བར་དུ་དྲན་ཡང་རིགས་དང ། ཕ་མ་དང ། གཉེན་དང་དགྲ་ལ་སོགས་པའི་མཚན་ཉིད་མི་སྐྱེད་དེ། རྟག་ཏུ་ཆོས་ཀྱི་མཚན་ཉིད་དང ། སྟོང་པ་ཞི་བའི་མཚན་ཉིད་དུ་འཇུག་གོ། དེ་ནི་བྱང་ཆུབ་སེམས་དཔའི་སྔོན་མི་ཤེས་པ་ཤེས་པ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང ། ཇི་ལྟར་ན་སྔོན་མི་ཤེས་པ་ཤེས་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་དམ་པ་ལ་ནན་ཏན་བྱས་པས་གཞན་གྱི་
Kha57b
སེམས་ཤེས་པའི་ཡེ་ཤེས་ཐོབ་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཐོབ་པ་དང་ཐ་དད་དོ། །ཇི་ལྟར་ཐ་དད་ཅེ་ན། ཉན་ཐོས་དང་རང་སངས་རྒྱས་ནི་ཡུད་ཙམ་ཐང་ཅིག་གིས་མིའི་སེམས་ཤེས་པའི་དུས་ན། སེམས་ཅན་དམྱལ་བ་དང ། བྱོལ་སོང་དང ། ཡི་དྭགས་དང ། ལྷའི་སེམས་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ཏེ། ཡུད་ཙམ་ཐང་ཅིག་གིས་རྒྱུད་དྲུག་གི་སེམས་ཅན་གྱི་སེམས་ཀུན་ཤེས་པས། དེ་ནི་བྱང་ཆུབ་སེམས་དཔའི་སྔོན་མི་ཤེས་པ་ཤེས་པ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་ཤེས་པ་ཐ་དད་པ་ཡོད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་གཅིག་གིས་རྒྱུན་དུ་ཞུགས་པའི་སེམས་དང་པོ་ནས་རིམ་གྱིས་སེམས་བཅུ་དྲུག་གི་བར་དུ་ཤེས་སོ། །དོན་དེ་ལྟ་བས་ན་སྔོན་མི་ཤེས་པ་ཤེས་པ་ཞེས་བྱ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔས་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱས་པས་ཡོན་ཏན་གཉིས་པ་དང་ལྡན་པ་ཞེས་བྱའོ། ། གཞན་ཡང ། རིགས་ཀྱི་བུ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱས་པས་ཡོན་ཏན་གསུམ་པ་དང་ལྡན་པ་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱེད་པ་ནི་བྱམས་པ་བཏང་ཡང་བྱམས་པ་ཐོབ་པར་འགྱུར་རོ། །
Kha58a
༄#། །བྱམས་པ་ཐོབ་པའང་རྟེན་ཅིང་འབྲེལ་པ་མ་ཡིན་ནོ། །དེ་ལ་ཇི་ལྟར་ན་བྱམས་པ་བཏང་ཡང་བྱམས་པ་ཐོབ་པ་ཞེ་ན། རིགས་ཀྱི་བུ། བྱམས་པ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀུན་རྫོབ་ཀྱི་བྱམས་པ་བཏང་ནས་དོན་དམ་པའི་བྱམས་པ་ཐོབ་པའོ། །དོམ་པའི་བྱམས་པ་ནི་རྐྱེན་གྱིས་ཐོབ་པ་མ་ཡིན་ནོ། །གཞན་ཡང་ཇི་ལྟར་ན་བྱམས་པ་བཏང་ཡང་བྱམས་པ་ཐོབ་པ་ཞེ་ན། གལ་ཏེ་བྱམས་པ་དེ་བཏང་དུ་རུང་བ་ཞིག་ཡིན་ན་བུས་པ་མ་རབས་ཀྱི་བྱམས་པ་ཞེས་བྱའོ། །གང་བྱམས་པ་ཐོབ་པར་རུང་བ་དེ་ནི་བྱང་ཆུབ་སེམས་དཔའི་དམིགས་སུ་མེད་པའི་བྱམས་པ་ཞེས་བྱའོ། །ལོག་སྲེད་ཅན་གྱི་བྱམས་པ་དང ། རྩ་བ་བཞི་ཉམས་པའི་བྱམས་པ་དང ། ཤིན་ཏུ་རྒྱས་པ་ལ་སྐུར་བའི་བྱམས་པ་དང ། མཚམས་མེད་པ་ལྔ་བྱས་པའི་བྱམས་པ་བཏང་ན། བརྩེ་བའི་བྱམས་པ་དང ། དེ་བཞིན་གཤེགས་པའི་བྱམས་པ་དང ། བཅོམ་ལྡན་འདས་ཀྱི་བྱམས་པ་དང ། རྒྱུ་རྐྱེན་མེད་པའི་བྱམས་པ་ཐོབ་བོ། །གཞན་ཡང་ཇི་ལྟར་ན་བྱམས་པ་བཏང་ཡང་བྱམས་པ་ཐོབ་པ་ཞེ་ན། ཉུང་རུམ་དང ། མ་ནིང་དང ། མཚན་མེད་དང ། མཚན་གཉིས་དང ། བུད་མེད་ཀྱི་བྱམས་པ་དང ། རིགས་ངན་དང ། བཤན་པ་དང ། རྔོན་པ་དང ། བྱ་དང་ཕག་ལ་སོགས་པ་གསོ་བ་ལ་
Kha58b
སོགས་པའི་བྱམས་པ་བཏང་བ་དང ། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱམས་པ་བཏང་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམིགས་སུ་མེད་པའི་བྱམས་པ་དང ། བདག་ཏུ་མི་ལྟ་བའི་བྱམས་པ་དང ། གཞན་དུ་མི་ལྟ་བའི་བྱམས་པ་དང ། ཚུལ་ཁྲིམས་ཅན་དུ་མི་ལྟ། ཚུལ་ཁྲིམས་ངན་པ་ཅན་དུ་མི་ལྟ། བདག་ལ་སྙིང་རྗེ་ཡོད་པར་མཐོང་ཡང་སེམས་ཅན་དུ་མི་ལྟ་བ་དང ། སྡུག་བསྔལ་དུ་ཚོར་བ་ཡོད་ཀྱང་མྱོང་བ་མི་མཐོང་བ་ཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། ཡང་དག་པ་ཇི་ལྟ་བའི་དོན་དམ་པ་སྒོམ་པའི་ཕྱིར་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱས་པའི་ཡོན་ཏན་གསུམ་པ་དང་ལྡན་པ་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱས་པས་ཡོན་ཏན་བཞི་དང་ལྡན་པ་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱེད་པ་ནི་ཡོན་ཏན་བཞི་དང་ལྡན་པ་ལ་དངོས་པོ་རྣམ་པ་བཅུ་ཡོད་དོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། རྩ་བ་བརྟན་པས་བསྐུལ་ཞིང་དབྱུང་དཀའ་བ་དང ། བདག་ལ་གདོན་མི་ཟ་བའི་འདུ་ཤེས་བསྐྱེད་པ་དང ། བསོད་ནམས་དང་བསོད་ནམས་མ་ཡིན་པ་མི་རྟོག་པ་དང ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྦྱོང་བ་
Kha59a
༄#། །དང།་ལྷག་མ་བསལ་བ་དང ། ལས་ཀྱི་རྒྱུ་བཅད་པ་དང ། རྣམ་པར་དག་པའི་ལུས་བསྒོམ་པ་དང ། རྐྱེན་རྣམས་རབ་ཏུ་རིག་པ་དང ། དགྲ་རྣམས་སྤོང་བ་དང ། མཐའ་གཉིས་གཅོད་པའོ། །དེ་ལ་ཇི་ལྟར་ན་རྩ་བ་བརྟན་པས་བསྒུལ་ཞིང་དབྱུང་དཀའ་བ་ཞེ་ན། དེ་ལ་རྩ་བ་ཞེས་བྱ་བ་ནི་བག་བྱེད་པའོ། །བག་བྱེད་པའི་རྩ་བ་གང་ཞེ་ན།་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྩ་བའོ། །རིགས་ཀྱི་བུ། སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་རྣམས་ནི་བག་བྱེད་པའོ། །བག་བྱེད་པའི་ཕྱིར་དགེ་བའི་རྩ་བ་གཞན་རྣམས་ཀྱང་གོང་ནས་གོང་དུ་འཕར་ཞིང་སྐྱེ་བར་འགྱུར་རོ། །དགེ་བའི་རྩ་བ་སྐྱེ་ཞིང་འཕེལ་བས་དགེ་བ་ཐམས་ཅད་ཀྱི་ནང་ན་མཆོག་དང་ཁྱད་པར་དུ་འགྱུར་རོ། །རིགས་ཀྱི་བུ། ཇི་ལྟར་རྗེས་རྣམས་ཀྱི་ནང་ན་བལ་གླང་གི་རྗེས་མཆོག་ཏུ་གྱུར་པ་ལྟར་བག་བྱེད་པའི་ཆོས་ཀྱང་དེ་དང་འདྲ་སྟེ། དགེ་བའི་ཆོས་ཀྱི་ནང་ན་མཆོག་དམ་པའི་ཁྱད་པར་དུ་འགྱུར་རོ། །རིགས་ཀྱི་བུ། ཇི་ལྟར་སྣང་བའི་ནང་ན་ཉི་མའི་འོད་མཆོག་ཏུ་གྱུར་པ་ལྟར་བག་བྱེད་པའི་ཆོས་ཀྱང་དེ་དང་འདྲ་སྟེ། དགེ་བའི་ཆོས་རྣམས་ཀྱི་ནང་ན་མཆོག་དམ་པའི་ཁྱད་པར་དུ་འགྱུར་རོ། །རིགས་ཀྱི་བུ། ཇི་ལྟར་རྒྱལ་པོའི་ནང་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་མཆོག་དང་གཙོ་བོར་གྱུར་པ་དང་འདྲ་བར་བག་བྱེད་པའི་
Kha59b
ཆོས་ཀྱང་དེ་དང་འདྲ་སྟེ། མཆོག་དང་གཙོ་བོར་འགྱུར་རོ། །རིགས་ཀྱི་བུ། ཇི་ལྟར་འབབ་ཆུ་རྣམས་ཀྱི་ནང་ན་ཀླུང་བཞི་པོ་མཆོག་ཏུ་གྱུར་པ་ལྟར་བག་བྱེད་པའི་ཆོས་ཀྱང་དེ་དང་འདྲ་སྟེ། དགེ་བའི་ཆོས་རྣམས་ཀྱི་ནང་ན་མཆོག་ཏུ་འགྱུར་རོ། །རིགས་ཀྱི་བུ། ཇི་ལྟར་རི་རྣམས་ཀྱི་ནང་ན་རི་རབ་རིའི་རྒྱལ་པོ་མཆོག་ཏུ་གྱུར་པ་ལྟར་བག་བྱེད་པའི་ཆོས་ཀྱང་དེ་དང་འདྲ་སྟེ། དགེ་བའི་ཆོས་རྣམས་ཀྱི་ནང་ན་དམ་པར་འགྱུར་རོ། །རིགས་ཀྱི་བུ། ཇི་ལྟར་ཆུ་ལས་སྐྱེས་པའི་པདྨོའི་ནང་ན་པདྨོ་སྔོན་པོ་དམ་པར་གྱུར་པ་ལྟར་བག་བྱེད་པའི་ཆོས་ཀྱང་དེ་དང་འདྲ་སྟེ། དགེ་བའི་ཆོས་རྣམས་ཀྱི་ནང་ན་མཆོག་ཏུ་འགྱུར་རོ། །རིགས་ཀྱི་བུ། ཇི་ལྟར་སྐམས་ལས་སྐྱེས་པའི་མེ་ཏོག་གི་ནང་ན་མེ་ཏོག་པ་རི་ཤ་ཀ་མཆོག་ཏུ་གྱུར་པ་ལྟར་བག་བྱེད་པའི་ཆོས་ཀྱང་དེ་དང་འདྲ་སྟེ། དགེ་བའི་ཆོས་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་འགྱུར་རོ། །རིགས་ཀྱི་བུ། ཇི་ལྟར་གཅན་གཟན་གྱི་ནང་ན་སེངྒེ་མཆོག་ཏུ་གྱུར་པ་ལྟར་བག་བྱེད་པའི་ཆོས་ཀྱང་དེ་དང་འདྲ་སྟེ། དགེ་བའི་ཆོས་རྣམས་ཀྱི་ནང་ན་མཆོག་དང་གཙོ་བོར་འགྱུར་རོ། །རིགས་ཀྱི་བུ། ཇི་ལྟར་བྱའི་ནང་ན་ནམ་མཁའ་ལྡིང་གི་རྒྱལ་པོ་མཆོག་ཏུ་གྱུར་པ་ལྟར་བག་བྱེད་པའི་ཆོས་ཀྱང་དེ་དང་འདྲ་སྟེ། དགེ་བའི་ཆོས་རྣམས་ཀྱི་ནང་ན་མཆོག་དམ་པའོ། །རིགས་ཀྱི་བུ། ལུས་ཆེན་པོའི་ནང་ན་ལྷ་མ་ཡིན་གྱི་རྒྱལ་པོ་སྒྲ་གཅན་འཛིན་ཅེས་བྱ་བ་མཆོག་ཏུ་
Kha60a
༄#། །གྱུར་པ་ལྟར་བག་བྱེད་པའི་ཆོས་ཀྱང་དེ་དང་འདྲ་སྟེ། དགེ་བའི་ཆོས་རྣམས་ཀྱི་ནང་ན་མཆོག་དམ་པ་ཡིན་ནོ། །རིགས་ཀྱི་བུ། ཇི་ལྟར་སེམས་ཅན་རྐང་གཉིས་སམ། རྐང་བཞིའམ། རྐང་མང་ངམ། རྐང་མེད་ཐམས་ཅད་ཀྱི་ནང་ན། དེ་བཞིན་གཤེགས་པ་མཆོག་ཏུ་གྱུར་པ་ལྟར་བག་བྱེད་པའི་ཆོས་ཀྱང་དེ་དང་འདྲ་སྟེ། དགེ་བའི་ཆོས་རྣམས་ཀྱི་ནང་ན་མཆོག་གོ་།རིགས་ཀྱི་བུ། དཔེར་ན། མང་པོ་རྣམས་ཀྱི་ནང་ན་སངས་རྒྱས་ཀྱི་དགེ་འདུན་མཆོག་ཏུ་གྱུར་པ་ལྟར་བག་བྱེད་པའི་ཆོས་ཀྱང་དེ་དང་འདྲ་སྟེ། དགེ་བའི་ཆོས་རྣམས་ཀྱི་ནང་ན་མཆོག་ཡིན་ནོ། །རིགས་ཀྱི་བུ། ཇི་ལྟར་སངས་རྒྱས་ཀྱི་ཆོས་ཀྱི་ནང་ན་མྱ་ངན་ལས་འདས་པ་ཆེན་པོའི་ཆོས་ནི་མཆོག་དམ་པར་འགྱུར་བ་ལྟར་བག་བྱེད་པའི་ཆོས་ཀྱང་དེ་དང་འདྲ་སྟེ། དགེ་བའི་ཆོས་རྣམས་ཀྱི་ནང་ན་མཆོག་དམ་པ་ཡིན་ནོ། །རིགས་ཀྱི་བུ། དེ་ལྟ་བས་ན་བག་བྱེད་པའི་རྩ་བ་ནི་ཟབ་ཅིང་བརྟན་ཏེ་ཤིན་ཏུ་དབྱུང་དཀའོ། །དེ་ལ་ཇི་ལྟར་ན་བག་བྱེད་པས་གོང་ནས་གོང་དུ་འཕར་ཞིང་སྐྱེ་བ་ཞེ་ན། འདི་ལྟ་སྟེ། དད་པའི་རྩ་བ་དང ། ཚུལ་ཁྲིམས་ཀྱི་རྩ་བ་དང ། སྦྱིན་པའི་རྩ་བ་དང ། ཤེས་རབ་ཀྱི་རྩ་བ་དང ། བཟོད་པའི་རྩ་བ་དང ། ཐོས་པའི་རྩ་བ་དང ། བརྩོན་འགྲུས་ཀྱི་རྩ་བ་དང ། དྲན་པའི་རྩ་བ་དང ། ཏིང་ངེ་འཛིན་གྱི་རྩ་བ་དང ། དགེ་
Kha60b
བའི་བཤེས་གཉེན་གྱི་རྩ་བ་དང ། དེ་དག་ལ་སོགས་པའི་རྩ་བ་རྣམས་བག་བྱེད་པའི་ཕྱིར་གོང་ནས་གོང་དུ་འཕར་ཞིང་སྐྱེའོ། །དེ་ལྟར་འཕེལ་ཞིང་སྐྱེས་པས་ཤིན་ཏུ་ཟབ་ཅིང་བརྟན་ཏེ་རབ་ཏུ་དབྱུང་དཀའོ། །དོན་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱས་པས་རྩ་བ་ཟབ་སྟེ་དབྱུང་དཀའ་བ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་ལུས་ལ་གདོན་མི་ཟ་བའི་མཚན་ཉིད་དུ་འཇུག་པ་ཞེ་ན། བདག་གི་ལུས་ལ་གདོན་མི་ཟ་བའི་སེམས་བསྐྱེད་དེ། འདི་ལྟར་བདག་གི་ལུས་འདིས་མ་འོངས་པའི་དུས་ན་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྣོད་དུ་འགྱུར་ལ། སེམས་ཀྱང་དེ་བཞིན་དུ་ཆུང་ཞིང་ཞན་པ་མ་ཡིན། འགྱུར་ཞིང་འཕོ་བ་མ་ཡིན། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་མ་ཡིན། བདུད་ཀྱི་སེམས་མ་ཡིན། བདག་བདེ་བའི་སེམས་དང ། འཁོར་བ་ལ་མོས་པའི་སེམས་མ་ཡིན་ཏེ། རྟག་ཏུ་སེམས་ཅན་གྱི་ཕྱིར་བྱམས་པ་དང་སྙིང་རྗེའི་སེམས་ཚོལ་བ་ནི། བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱི་ལུས་འདིས་གདོན་མི་ཟ་བར་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྣོད་དུ་འགྱུར་རོ། །ཞེས་པའི་སེམས་བསྐྱེད་དོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱས་པས་བདག་ཉིད་ཀྱི་ལུས་ལ་
Kha61a
༄#། །གདོན་མི་ཟ་བའི་འདུ་ཤེས་བསྐྱེད་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་ཀྱི་ཞིང་དང ། བསོད་ནམས་ཀྱི་ཞིང་མ་ཡིན་པ་ལ་མི་རྟོག་པ་ཞེ་ན། དེ་ལ་བསོད་ནམས་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་དཀའ་ཐུབ་ལ་ཞུགས་པ་ནས་སངས་རྒྱས་ལ་ཐུག་གི་བར་དུ་ནི་བསོད་ནམས་ཀྱི་ཞིང་ཞེས་བྱའོ། །གལ་ཏེ་འདི་སྙམ་དུ་དེ་དག་ནི་ཡང་དག་པའི་བསོད་ནམས་ཀྱི་ཞིང་ཡིན་ནོ། །སྙམ་དུ་སེམས་ན་དེའི་སེམས་ནི་ཞན་ཅིང་ཆུང་བ་ཡིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཚད་མེད་པ་ཐམས་ཅད་ལའང་བསོད་ནམས་ཀྱི་ཞིང་མ་ཡིན་པར་མི་ལྟའོ། །དེ་ཅིའི་ཕྱིར་ཞེ་ན། དྲན་པ་ཐ་དད་པ་ཤིན་ཏུ་བསྒོམས་པའི་ཕྱིར་ཏེ། གང་དྲན་པ་ཐ་དད་པ་ཡོད་ཅིང་ཤིན་ཏུ་བསྒོམས་པ་ནི་སེམས་ཅན་ཐམས་ཅད་ཚུལ་ཁྲིམས་སྲུང་བའང་མེད། ཚུལ་ཁྲིམས་བཤིག་པའང་མེད་པར་ལྟ་སྟེ།་རྟག་ཏུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་སྦྱིན་པ་རྣམ་པ་བཞི་ཆར་ལ་རྣམ་པར་དག་པའི་འབྲས་བུ་ཐོབ་པར་ལྟའོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སྦྱིན་བདག་རྣམ་པར་དག་ལ་ལེན་པ་མ་དག་པ་དང ། སྦྱིན་བདག་མ་དག་ལ་ལེན་པ་རྣམ་པར་དག་པ་དང ། སྦྱིན་བདག་དང་ལེན་པ་གཉིས་ཀ་རྣམ་པར་དག་པ་དང ། སྦྱིན་བདག་
Kha61b
དང་ལེན་པ་གཉིས་ཀ་མ་དག་པའོ། །ཇི་ལྟར་ན་སྦྱིན་བདག་རྣམ་པར་དག་ལ་ལེན་པ་མ་དག་པ་ཞེ་ན། འདི་ལྟ་སྟེ། སྦྱིན་བདག་ཚུལ་ཁྲིམས་དང ། མང་དུ་ཐོས་པ་དང ། ཤེས་རབ་དང་ལྡན་ཞིང ། སྦྱིན་པ་དང་འབྲས་བུ་སྨིན་པ་ཡོད་པར་ཤེས་ལ། ལེན་པ་ནི་ཚུལ་ཁྲིམས་ཉམས་ཤིང་ངན་པར་ལྟ་བ་ལ་ཞེན་ཏེ། སྦྱིན་པ་མེད་ཅིང་འབྲས་བུ་མེད་པར་ལྟ་བ་ནི་སྦྱིན་བདག་རྣམ་པར་དག་ལ་ལེན་པ་མ་དག་པ་ཞེས་བྱའོ། །ཇི་ལྟར་ན་ལེན་པ་རྣམ་པར་དག་ལ་སྦྱིན་བདག་མ་དག་པ་ཞེ་ན། དེ་ལ་སྦྱིན་བདག་ནི་ཚུལ་ཁྲིམས་ཉམས་ཤིང ། ལོག་པར་ལྟ་བ་ལ་ཞེན་ཏེ། སྦྱིན་པ་དང་འབྲས་བུ་སྨིན་པའང་མེད་པར་ལྟ་ལ། ལེན་པ་ནི་ཚུལ་ཁྲིམས་སྡོམ་ཞིང་མང་དུ་ཐོས་པ་དང ། ཤེས་རབ་དང་ལྡན་ཏེ། སྦྱིན་པ་དང ། སྦྱིན་པའི་འབྲས་བུ་སྨིན་པ་ཡོད་པར་ཤེས་པ་དེ་ནི་སྦྱིན་བདག་མ་དག་ལ་ལེན་པ་རྣམ་པར་དག་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་སྦྱིན་བདག་དང་ལེན་པ་གཉིས་ཀ་རྣམ་པར་དག་པ་ཞེ་ན། དེ་ལ་སྦྱིན་བདག་དང་ལེན་པ་གཉིས་ཀ་ཚུལ་ཁྲིམས་སྡོམ་ཞིང་མང་དུ་ཐོས་པ་དང ། ཤེས་རབ་དང་ལྡན་ཏེ་སྦྱིན་པ་དང་སྦྱིན་པའི་འབྲས་བུ་སྨིན་པ་ཡོད་པར་ཤེས་པ་སྟེ། དེ་ནི་སྦྱིན་བདག་དང་ལེན་པ་གཉིས་ཀ་རྣམ་པར་དག་པ་ཞེས་བྱའོ། །ཇི་ལྟར་ན་གཉིས་ཀ་མ་དག་པ་ཞེ་ན། སྦྱིན་བདག་དང་ལེན་པ་གཉིས་ཀ་ཚུལ་ཁྲིམས་ཉམས་ཤིང་ངན་པར་ལྟ་བ་དང ། སྦྱིན་
Kha62a
༄#། །པ་དང་སྦྱིན་པའི་འབྲས་བུ་སྨིན་པ་མེད་པར་ལྟ་བའོ། །གལ་ཏེ་དེ་ལྟ་བུ་ཞིག་ན། ཅིའི་ཕྱིར་དེ་ལ་རྣམ་པར་དག་པའི་འབྲས་བུ་ཐོབ་པ་ཞེས་བྱ་ཞེ་ན། དེ་ལ་སྦྱིན་པའང་མེད། འབྲས་བུའང་མེད་པས་ན་རྣམ་པར་དག་པ་ཞེས་མི་བྱའོ། །རིགས་ཀྱི་བུ། གང་སྦྱིན་པ་དང་སྦྱིན་པའི་འབྲས་བུ་མི་མཐོང་བ་ནི་ཚུལ་ཁྲིམས་ཉམས་པ་དང།་ངན་པར་ལྟ་བ་ལ་ཞེན་པ་མ་ཡིན་པར་རིག་པར་བྱའོ། །གལ་ཏེ་ཉན་ཐོས་ལྟ་བུར་སྦྱིན་པ་དང་སྦྱིན་པའི་འབྲས་བུ་མི་མཐོང་བ་ནི་ཚུལ་ཁྲིམས་ཉམས་པ་དང ། ངན་པར་ལྟ་བ་ལ་ཞེན་པ་ཞེས་བྱའོ། །གང་འདི་ལྟར་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ལྟ་བུར་སྦྱིན་པ་དང་སྦྱིན་པའི་འབྲས་བུ་མི་མཐོང་བ་ནི་ཚུལ་ཁྲིམས་སྲུང་བ་དང ། ཡང་དག་པར་ལྟ་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲན་པ་ཐ་དད་པ་ཡོད་ཅིང་རབ་ཏུ་བསྒོམས་པས་སེམས་ཅན་ཚུལ་ཁྲིམས་སྡོམ་པ་དང ། བཤིག་པ་དང ། སྦྱིན་པ་དང ། ལེན་པ་དང ། སྦྱིན་པའི་འབྲས་བུ་མི་མཐོང་ངོ ། །དེ་བས་ན་ཚུལ་ཁྲིམས་སྡོམ་པ་ཡང་དག་པར་ལྟ་བ་ཞེས་གདགས་སོ། །དོན་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་ཀྱི་ཞིང་དང ། བསོད་ནམས་ཀྱི་ཞིང་མ་ཡིན་པར་མི་རྟོག་གོ། དེ་ལ་ཇི་ལྟར་ན་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་
Kha62b
སྦྱོང་བ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་པའི་མདོ་སྡེ་དམ་པ་ལ་ནན་ཏན་བྱས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་སེམས་ཅན་སྒྲོལ་བ་ན། སྲོག་གཅོད་པའི་སེམས་ཡོངས་སུ་སྤོང་ངོ ། །དགེ་བའི་རྩ་བ་དེའང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱུར་ཏེ། སེམས་ཅན་ཐམས་ཅད་ཚེ་རིང་པ་དང ། སྟོབས་དང ། བྱིན་ཆེ་བ་དང ། རྫུ་འཕྲུལ་ཆེན་པོ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །སྨོན་ལམ་དེའི་ཤུགས་ཀྱིས་མ་འོངས་པའི་དུས་སུ་མངོན་པར་སངས་རྒྱས་པ་ན་ཞིང་དེའི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཚེ་རིང་ཞིང་མཐུ་སྟོབས་དང་ལྡན་ཏེ། རྫུ་འཕྲུལ་ཆེན་པོ་ཐོབ་པར་འགྱུར་རོ། །གཞན་ཡང ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་སེམས་ཅན་སྒྲོལ་བ་ན། མ་བྱིན་པར་ལེན་པའི་སེམས་ཡོངས་སུ་སྤོང་ངོ ། །དགེ་བའི་རྩ་བ་དེའང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱུར་ཏེ། སངས་རྒྱས་ཀྱི་ཞིང་ས་གཞི་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རིང་པོ་ཆེ་སྣ་བདུན་འབའ་ཞིག་ཏུ་གྱུར་ཏེ། སེམས་ཅན་དག་རང་ཉམ་དུ་སྤྱོད་ལ་ཕྱུག་ཅིང་ཆོག་པར་ཤོག་ཅིག་ཅེས་སྨོན་ལམ་འདེབས་སོ། །སྨོན་ལམ་དེའི་ཤུགས་ཀྱིས་མ་འོངས་པའི་དུས་སུ་མངོན་པར་སངས་
Kha63a
༄#། །རྒྱས་པ་ན་ཞིང་ཀུན་རིན་པོ་ཆེ་སྣ་བདུན་འབའ་ཞིག་སྟེ། སེམས་ཅན་རང་ཉམ་དུ་སྤྱོད་ཅིང་ཕྱུག་པ་དང་ཆོག་པར་ལོངས་སྤྱོད་དོ། །གཞན་ཡང ། རིགས་ཀྱི་བུ།་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་སེམས་ཅན་སྒྲོལ་བ་ན་འདོད་པས་ལོག་པར་གཡེམ་པའི་སེམས་ཡོངས་སུ་སྤོང་ངོ ། །དགེ་བའི་རྩ་བ་དེའང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱུར་ཏེ། སངས་རྒྱས་ཀྱི་ཞིང་ན་སེམས་ཅན་ཇི་སྙེད་ཡོད་པ་ཀུན་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་སེམས་མེད་ཅིང་བཀྲེས་པ་དང ། སྐོམ་པས་གདུངས་པའི་སྡུག་བསྔལ་མེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །སྨོན་ལམ་དེའི་ཤུགས་ཀྱིས་མ་འོངས་པའི་དུས་སུ་མངོན་པར་སངས་རྒྱས་པ་ན་ཞིང་དེའི་སེམས་ཅན་ཐམས་ཅད་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་སེམས་དང་བྲལ་ཏེ། བཀྲེས་པ་དང་སྐོམ་པས་གདུངས་པའི་སྡུག་བསྔལ་ཐམས་ཅད་མེད་པར་འགྱུར་རོ། །གཞན་ཡང ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་སེམས་ཅན་སྒྲོལ་བ་ན་རྫུན་དུ་
Kha63b
སྨྲ་བའི་སེམས་ཡོངས་སུ་སྤོང་ངོ ། །དགེ་བའི་རྩ་བ་དེའང་སེམས་ཅན་ཐམས་ཅད་དང་ཐུང་མོང་དུ་གྱུར་ཏེ། སངས་རྒྱས་ཀྱི་ཞིང་ན་རྟག་ཏུ་མེ་ཏོག་གི་ཤིང་དང ། འབྲས་བུའི་ཤིང་དང ། སྤོས་གྱི་ཤིང་ཡོད་པར་གྱུར་ཅིག། སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་སྒྲ་སྐད་སྙན་པ་ཐོས་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །སྨོན་ལམ་དེའི་ཤུགས་ཀྱིས་མ་འོངས་པའི་དུས་སུ་མངོན་པར་སངས་རྒྱས་པ་ན་ཞིང་དེ་ན་མེ་ཏོག་གི་ཤིང་དང ། འབྲས་བུའི་ཤིང་དང ། སྤོས་ཀྱི་ཤིང་ཡོད་པར་གྱུར་ཏེ། དེའི་སེམས་ཅན་ཀུན་བླ་ན་མེད་པའི་སྒྲ་དབྱངས་སྙན་པ་ཡོངས་སུ་གསལ་བར་ཐོབ་པར་འགྱུར་རོ། །གཞན་ཡང ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་སེམས་ཅན་སྒྲོལ་བ་ན་ཕྲ་མ་ཡོངས་སུ་སྤོང་ངོ ། །དགེ་བའི་རྩ་བ་དེའང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱུར་ཏེ། སངས་རྒྱས་ཀྱི་ཞིང་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་འདུམ་ཞིང་དམ་པའི་ཆོས་གཅིག་ལ་གཅིག་སྟོན་པར་ཤོག་ཅིག་ཅེས་སྨོན་ལམ་འདེབས་སོ། །དེ་ལྟར་སྨོན་ལམ་དེའི་ཤུགས་ཀྱིས་མངོན་པར་སངས་རྒྱས་པ་ན་ཞིང་དེའི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་འདུམ་ཞིང་ཆོས་ཀྱི་གཏམ་སྨྲ་བར་འགྱུར་རོ། །གཞན་
Kha64a
༄#། །ཡང ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་སེམས་ཅན་སྒྲོལ་བ་ན་ཚིག་ཐུན་ཆགས་ཡོངས་སུ་སྤོང་ངོ ། །དགེ་བའི་རྩ་བ་དེའང་སེམས་ཅན་ཐམས་ཅད་དང་ཐུན་མོང་པར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་ནས་གཞི་ཀུན་ལག་མཐིལ་བཞིན་དུ་མཉམ་པ་ལ་གསེག་མ་དང ། གྱོ་མོ་ལ་སོགས་པ་དང ། ཚེར་མ་ཀུན་མེད་དེ། སེམས་ཅན་ཀུན་སེམས་མཉམ་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །སྨོན་ལམ་དེའི་ཤུགས་ཀྱིས་མ་འོངས་པའི་དུས་སུ་མངོན་པར་སངས་རྒྱས་པ་ན་ཞིང་གི་ས་གཞི་ལག་མཐིལ་བཞིན་དུ་མཉམ་ལ། གསེག་མ་དང ། གྱོ་མོ་དང ། ཚེར་མ་ལ་སོགས་པ་མེད་དེ། སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་སེམས་མཉམ་པར་འགྱུར་རོ། །གཞན་ཡང ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་སེམས་ཅན་སྒྲོལ་བ་ན་དོན་མེད་པར་སྨྲ་བ་ཡོངས་སུ་སྤོང་ངོ ། །དགེ་བའི་རྩ་བ་དེའང་སེམས་ཅན་ཐམས་ཅད་དང་ཐུན་མོང་པར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་
Kha64b
ཅད་ཉོན་མོངས་པའི་སྡུག་བསྔལ་མེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །སྨོན་ལམ་དེའི་ཤུགས་ཀྱིས་མ་འོངས་པའི་དུས་སུ་མངོན་པར་སངས་རྒྱས་པ་ན་ཞིང་དེ་ན་གནས་པའི་སེམས་ཅན་ཇི་སྙེད་ཡོད་པ་ཀུན་ཉོན་མོངས་པའི་སྡུག་བསྔལ་མེད་པར་འགྱུར་རོ། །གཞན་ཡང ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་སེམས་ཅན་སྒྲོལ་བ་ན་འདོད་པས་ཕྲག་དོག་གི་སེམས་ཡོངས་སུ་སྤོང་ངོ ། །དགེ་བའི་རྩ་བ་དེའང་སེམས་ཅན་ཐམས་ཅད་དང་ཐུན་མོང་བར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་ན་སེམས་ཅན་ཐམས་ཅད་འདོད་པས་ཕྲག་དོག་གི་ཉོན་མོངས་པས་འཚེ་བ་དང ། ངན་པར་ལྟ་བུ་མེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །སྨོན་ལམ་དེའི་ཤུགས་ཀྱིས་མ་འོངས་པའི་དུས་སུ་མངོན་པར་སངས་རྒྱས་པ་ན་ཞིང་དེའི་སེམས་ཅན་ཐམས་ཅད་འདོད་པས་ཕྲག་དོག་གི་སེམས་ཀྱིས་འཚེ་བ་དང ། ལོག་པར་ལྟ་བ་མེད་པར་འགྱུར་རོ། །གཞན་ཡང ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་སེམས་ཅན་སྒྲོལ་བ་ན་རྣམ་པར་འཚེ་བ་ཐམས་ཅད་ཡོངས་སུ་སྤོང་ངོ ། །དགེ་བའི་རྩ་བ་དེའང་
Kha65a
༄#། །སེམས་ཅན་ཐམས་ཅད་དང་ཐུན་མོང་བར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱིས་བྱམས་པ་དང་སྙིང་རྗེ་ཆེན་པོ་བསྒོམ་ཞིང་བུ་གཅིག་བའི་ས་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །སྨོན་ལམ་དེའི་ཤུགས་ཀྱིས་མ་འོངས་པའི་དུས་སུ་མངོན་པར་སངས་རྒྱས་པ་ན་ཞིང་གི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བྱམས་པ་དང་སྙིང་རྗེ་ཆེན་པོ་བསྒོམ་ཞིང་བུ་གཅིག་པའི་ས་ཐོབ་པར་འགྱུར་རོ། །གཞན་ཡང ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་སེམས་ཅན་སྒྲོལ་བ་ན་ངན་པར་ལྟ་བ་ཡོངས་སུ་སྤོང་ངོ། །དགེ་བའི་རྩ་བ་དེའང་སེམས་ཅན་ཐམས་ཅད་དང་ཐུན་མོང་བར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །སྨོན་ལམ་འདེབས་དེའི་ཤུགས་ཀྱིས་མ་འོངས་པའི་དུས་སུ་མངོན་པར་སངས་རྒྱས་པ་ན་འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུངས་སུ་འཛིན་པར་འགྱུར་ཏེ། དེ་ནི་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྦྱོང་བ་ཞེས་
Kha65b
བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལྷག་མ་ཡོངས་སུ་བསལ་བ་ཞེ་ན། ལྷག་མ་ལ་རྣམ་པ་གསུམ་སྟེ། ཉོན་མོངས་པའི་འབྲས་བུ་ལྷག་མ་དང ། ལས་ལྷག་མ་དང ། སྲིད་པ་ལྷག་མའོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་ཉོན་མོངས་པའི་འབྲས་བུ་ལྷག་མ་ཞེ་ན། སེམས་ཅན་གང་འདོད་ཆགས་ཀྱི་བག་ཆགས་དང་བསྙེན་ན་འབྲས་བུ་དེ་སྨིན་པའི་ཕྱིར་སེམས་ཅན་དམྱལ་བར་ལྟུང་ངོ ། །བརྒྱ་ལ་སེམས་ཅན་དམྱལ་བ་ལས་ཐར་ན་བྱོལ་སོང་གི་སྐྱེ་གནས་སུ་འགྱུར་སྐྱེ་བ་ནི་འདི་ལྟ་སྟེ། ཕུག་རོན་དང ། མཆིལ་པ་དང ། ངུར་པ་དང ། ནེ་ཙོ་དང ། འཚོ་བྱེད་དང ། ཤཱ་རི་ཀ་དང ། བྱེའུ་སྡེའུ་དང ། ཉ་དང ། རུས་སྦལ་དང ། སྤྲེའུ་དང ། ཤ་བའི་ལུས་སུ་སྐྱེའོ། །གལ་ཏེ་མིའི་ལུས་ཐོབ་ནའང་ཉུང་རུམ་དང ། མ་ནིང་དང ། བུད་མེད་དང ། མཚན་གཉིས་པ་དང ། མཚན་མེད་པ་དང ། སྤྲུལ་འཚོང་མར་འགྱུར་རོ། །གལ་ཏེ་རབ་ཏུ་བྱུང་ནའང་ཚུལ་ཁྲིམས་ཀྱི་རྩ་བ་དང་པོ་ཞིག་པར་འགྱུར་རོ། །དེ་ནི་འབྲས་བུ་ལྷག་མ་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། གལ་ཏེ་སེམས་ཅན་གང་ཞེན་པའི་སེམས་ཀྱིས་ཞེ་སྡང་གི་བག་ཆགས་ལ་ཞེན་ན། དེའི་འབྲས་བུ་སྨིན་པས་སེམས་ཅན་དམྱལ་བར་ལྟུང་ངོ ། །བརྒྱ་ལ་སེམས་ཅན་དམྱལ་བ་ལས་ཐར་ནའང་འདི་ལྟ་སྟེ། སྦྲུལ་གྱི་གདུག་པ་མཐོང་བས་གདུག་པ་དང ། རེག་པས་གདུག་པ་དང །
Kha66a
༄#། །ཟོས་པས་སྡུག་པ་དང ། དབུགས་ཀྱིས་གདུག་པ་དང ། གདུག་པ་རྣམ་པ་བཞི་དང་ལྡན་པའི་སྤྲུལ་དང ། སེངྒེ་དང ། སྟག་དང ། སྤྱང་ཀི་དང ། དོམ་དང།་དྲེད་དང ། བྱི་ལ་དང ། ཁྲ་ལ་སོགས་པའི་ལུས་སུ་སྐྱེའོ། །གལ་ཏེ་མིའི་ལུས་ཐོབ་ནའང་ཚུལ་ངན་པ་རྣམ་པ་བཅུ་གཉིས་དང་ལྡན་ནོ། །གལ་ཏེ་རབ་ཏུ་བྱུང་ནའང་ཚུལ་ཁྲིམས་ཀྱི་རྩ་བ་གཉིས་པ་ཉམས་པར་བྱེད་དེ། དེ་ནི་རྣམ་པར་སྨིན་པ་ལྷག་མ་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། གང་གཏི་མུག་གི་ལས་བྱེད་པ་དེ་ནི་འབྲས་བུ་སྨིན་ནས་སེམས་ཅན་དམྱལ་བར་ལྟུང་ངོ ། །བརྒྱ་ལ་སེམས་ཅན་དམྱལ་བ་ལས་ཐར་ནའང་བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་སྟེ། གང་ཞེ་ན། བལ་གླང་དང ། ཕག་དང ། བ་ལང་དང ། ལུག་དང ། མ་ཧེ་དང ། ལྗ་བི་དང ། ཤིག་དང ། སྦྲང་མ་དང ། གྲོག་མ་ལ་སོགས་པའི་ལུས་སུ་འགྱུར་རོ། །གལ་ཏེ་མིའི་ལུས་ཐོབ་ནའང་འོན་པ་དང ། དམུས་ལོང་དང ། ལྐུགས་པ་དང ། རྒྱབ་དགུ་བ་དང ། དབང་པོ་རྣམས་མི་ཚང་ཞིང་ཆོས་མི་ཟིན་ཏོ། །གལ་ཏེ་རབ་ཏུ་བྱུང་ནའང་དབང་པོ་རྣམས་རྨོངས་ཤིང་རྟུལ་ཏེ། ཚུལ་ཁྲིམས་ཀྱི་རྩ་བ་ཞིག་པ་ནས་རྣམ་པ་ལྔའི་བར་དུ་དེ་དག་ཞིག་པར་འགྱུར་ཏེ། དེ་ནི་རྣམ་པར་སྨིན་པ་ལྷག་མ་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། གང་ང་རྒྱལ་དང་དྲེགས་པའི་ལས་བྱེད་
Kha66b
པ་དེ་ནི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བར་ལྟུང་ངོ ། །བརྒྱ་ལ་སེམས་ཅན་དམྱལ་བ་ལས་ཐར་ནའང་བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་སྟེ། གང་ཞེ་ན། ལུས་ཀྱི་ནང་གི་སྲིན་བུ་དང།་རྔ་མོ་དང ། བོང་བུ་དང ། ཁྱི་དང ། རྟའི་ལུས་སུ་འགྱུར་རོ། །གལ་ཏེ་མིར་སྐྱེས་ནའང་བྲན་ཕོ་དང ། བྲན་མོ་དང ། དབུལ་པོ་དང ། ཕོངས་པ་དང ། སྤྲང་པོའི་ལུས་སུ་འགྱུར་རོ། །གལ་ཏེ་རབ་ཏུ་བྱུང་ནའང་སེམས་ཅན་ཀུན་གྱིས་རྣམ་པར་བརྙས་པར་འགྱུར་ཞིང་ཚུལ་ཁྲིམས་ཀྱི་རྩ་བ་བཞི་ཉམས་པར་བྱེད་དེ། དེ་ནི་རྣམ་པར་སྨིན་པ་ལྷག་མ་ཞེས་བྱ་སྟེ།་དེ་དག་ནི་ཉོན་མོངས་པའི་རྣམ་པར་སྨིན་པའི་ལྷག་མ་ཞེས་བྱའོ། །དེ་ལྟར་ན་རྣམ་པར་སྨིན་པ་ལྷག་མ་དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱས་པས་ཐམས་ཅད་མེད་པར་བསལ་བར་འགྱུར་རོ། །དེ་ལ་ཇི་ལྟར་ན་ལས་ཀྱི་ལྷག་མ་ཞེ་ན། འདི་ལྟ་སྟེ། བུས་པ་མ་རབས་ཐམས་ཅད་ཀྱི་ལས་དང ། ཉན་ཐོས་ཐམས་ཅད་ཀྱི་ལས་དང ། རྒྱུན་དུ་ཞུགས་པས་སྲིད་པ་བདུན་ལེན་པའི་ལས་དང ། ལན་གཅིག་ཕྱིར་ལྡོག་པས་སྲིད་པ་གཉིས་ལེན་པའི་ལས་དང ། ཕྱིར་མི་ལྡོག་པས་གཟུགས་ཀྱི་སྲིད་པ་ལེན་པའི་ལས་དེ་དག་ནི་ལས་ཀྱི་ལྷག་མ་ཞེས་བྱའོ། །ལས་ཀྱི་ལྷག་མ་དེའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱ་ངན་ལས་འདས་
Kha67a
༄#། །པ་ཆེན་པོ་ལ་ནན་ཏན་བྱས་པས་ཐམས་ཅད་བསལ་བར་འགྱུར་རོ། །དེ་ལ་ཇི་ལྟར་ན་སྲིད་པའི་ལྷག་མ་ཞེ་ན། དགྲ་བཅོམ་པས་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་དང ། རང་སངས་རྒྱས་ཀྱིས་ནི་རང་སངས་རྒྱས་ཀྱི་འབྲས་བུ་ཐོབ་པ་དང ། ལས་ཀྱང་མེད། ཉོན་མོངས་པའང་མེད་པར་འབྲས་བུ་རྣམ་པ་གཉིས་སུ་གྱུར་པ་ནི་སྲིད་པའི་ལྷག་མ་ཞེས་བྱའོ། །དེ་ལྟར་ལྷག་མ་ཡོད་པའི་ཆོས་རྣམ་པ་གསུམ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐེག་པ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ལ་ནན་ཏན་བྱས་པས་ཡོངས་སུ་བསལ་བར་འགྱུར་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྲིད་པའི་ལྷག་མ་བསལ་བ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་རྣམ་པར་དག་པའི་ལུས་བསྒོམ་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྲོག་མི་གཅོད་པའི་ཚུལ་ཁྲིམས་སྲུང་བ་ལ་སེམས་རྣམ་པ་ལྔ་ཡོད་དོ། །གང་ཞེ་ན། ཐ་མ་དང ། འབྲིང་དང ། རབ་དང ། རབ་ཀྱི་ཡང་རབ་དང ། འབྲིང་གི་ཡང་རབ་སྟེ། ཡང་དག་པར་ལྟ་བའི་བར་དུའང་དེ་བཞིན་དུ་རྒྱས་པར་རིག་པར་བྱ་སྟེ། སེམས་རྣམ་པ་ལྔ་བཅུ་པོ་དེ་ནི་སེམས་དང་པོ་བསྐྱེད་པ་ཞེས་བྱ་སྟེ། གདོན་མི་ཟ་བའི་སེམས་ལྔ་བཅུ་དང་ལྡན་པར་འགྱུར་རོ། །དེ་ལྟར་སེམས་བརྒྱ་ཡོངས་སུ་
Kha67b
རྫོགས་པ་ནི་བསོད་ནམས་བརྒྱ་དང་ལྡན་པ་ཞེས་བྱ་སྟེ། བསོད་ནམས་བརྒྱ་དང་ལྡན་པ་ནི་མཚན་གཅིག་ཏུ་འགྱུར་རོ། །དེ་ལྟར་མཐར་གྱིས་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་རྒྱུར་པ་ནི་རྣམ་པར་དག་པའི་ལུས་ཞེས་བྱ་སྟེ། དེ་བས་ན་ཡང་དཔེ་བྱད་བཟང་པོ་བརྒྱད་ཅུ་སྒྲུབ་བོ། །འཇིག་རྟེན་ན་སེམས་ཅན་དག་ནི་ལྷ་བརྒྱད་ཅུ་སྙེད་བརྗོད་དོ། །བརྒྱད་ཅུ་པོ་གང་ཞེ་ན། ཉི་མའི་ལྷ་བཅུ་གཉིས་དང ། ལྷ་ཆེན་པོ་བཅུ་གཉིས་དང ། སྐར་མ་ཆེན་པོ་ལྔ་དང ། སྨེ་བདུན་དང ། རྟ་ཞེས་བྱ་བའི་ལྷ་དང ། ལམ་བགྲོད་པའི་ལྷ་དང ། བ་ར་དྭ་ཛ་ཞེས་བྱ་བའི་ལྷ་དང ། བསོད་ནམས་ཀྱི་ལྷ་དང ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང ། སའི་ལྷ་དང ། རླུང་གི་ལྷ་དང ། ཆུའི་ལྷ་དང ། མེའི་ལྷ་དང ། ཚངས་པ་དང ། རུ་དྲ་ཞེས་བྱ་བའི་ལྷ་དང ། ིནྡྲ་ཞེས་བྱ་བའི་ལྷ་དང ། ཀུ་མ་ར་ཞེས་བྱ་བའི་ལྷ་དང ། ལག་བརྒྱ་པ་དང ། དབང་སྒྱུར་ཆེན་པོའི་ལྷ་དང ། པ་ཤ་ལ་ཞེས་བྱ་བའི་ལྷ་དང ། བུ་མང་པོའི་ལྷ་དང ། མགོན་པོ་བཞིའི་ལྷ་དང ། ཡི་གེ་མེད་པའི་ལྷ་དང ། བ་སུ་ཞེས་བྱ་བའི་ལྷ་དང་བརྒྱད་ཅུའོ། །སེམས་ཅན་དག་གི་ཕྱིར་དཔེ་བྱད་བཟང་པོ་བརྒྱད་ཅུ་བསྒྲུབས་ནས་ཡོངས་སུ་བརྒྱན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་ལུས་རྣམ་པར་དག་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་བརྒྱད་ཅུ་པོ་དེ་དག་ལ་སེམས་ཅན་ཐམས་ཅད་ཀྱིས་དད་ཅིང་རྗེས་སུ་འགྲོ་སྟེ། དེ་བས་ན་བྱང་ཆུབ་སེམས་
Kha68a
༄#། །དཔས་དཔེ་བྱད་བཟང་པོ་བརྒྱད་ཅུ་བསྒྲུབས་ན་ལུས་མི་གཡོ་བར་སེམས་ཅན་དེ་དག་ཅི་ལ་དད་པའི་རྗེས་སུ་སོ་སོ་ནས་དེ་ལྟ་བུ་མཐོང་བར་བྱེད་དོ། །མཐོང་ནས་ཀྱང་ལྷག་པར་བཀུར་སྟི་བསྐྱེད་དེ། སོ་སོ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །དོན་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལུས་ཡོངས་སུ་སྦྱོང་ངོ ། །རིགས་ཀྱི་བུ། དཔེར་ན། མི་ལ་ལ་ཞིག་རྒྱལ་པོ་ཆེན་པོ་སྤྱན་འདྲེན་ན་ཁང་ཁྱིམ་ཐམས་ཅད་རབ་ཏུ་བརྒྱན་ཅིང་ཤིན་ཏུ་གཙང་བར་བྱས་ཏེ། ཟས་བཟང་པོ་རྣམ་པ་སྣ་ཚོགས་སྦྱར་ན་གཟོད་རྒྱལ་པོ་གཤེགས་སུ་གནང་ངོ ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆོས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྤྱན་འདྲེན་ན་སྔར་བདག་གི་ལུས་ཤིན་ཏུ་དག་པར་སྦྱང་ན་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་གནས་པར་འགྱུར་ཏེ། དོན་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པར་དག་པའི་ལུས་བསྒྲུབས་དགོས་སོ། །རིགས་ཀྱི་བུ། དཔེར་ན། མི་ལ་ལ་ཞིག་བདུད་རྩི་འཐུང་ན་སྔར་ལུས་དག་པར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་བླ་ན་མེད་པའི་ཆོས་ཀྱི་བདུད་རྩི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཐུང་ན་སྔར་དཔེ་བྱད་
Kha68b
བཟང་པོ་བརྒྱད་ཅུས་ལུས་དག་པར་བྱ་དགོས་སོ། །རིགས་ཀྱི་བུ། དཔེར་ན། གསེར་རམ་དངུལ་གྱི་སྣོད་ཤིན་ཏུ་བཟང་པོའི་ནང་དུ་ཆུ་གཙང་མ་བླུགས་ན་ཕྱི་ནང་གཉིས་ཀ་གསལ་བར་གཙང་ངོ ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཡོངས་སུ་གཙང་བའང་དེ་དང་འདྲ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆུ་བླུགས་ན་ཕྱི་ནང་གཉིས་ཀ་གཙང་ངོ ། །རིགས་ཀྱི་བུ། དཔེར་ན། ཝཱ་ར་ཎཱ་སི་པའི་རས་ཤིན་ཏུ་དཀར་པོ་ནི་བཅོས་ན་ཁ་དོག་འགྱུར་སླའོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་དཀར་ཞིང་གཙང་མའི་ཕྱིར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་ལུས་གཙང་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མྱུར་དུ་ཐོབ་བོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་དག་པའི་ལུས་བསྒྲུབ་བོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྒྱུ་རྣམས་ལ་ཤིན་ཏུ་མཁས་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ཀྱི་མཚན་ཉིད་མི་མཐོང ། གཟུགས་ཀྱི་རྒྱུ་མི་མཐོང ། གཟུགས་ཀྱི་རང་བཞིན་མི་མཐོང ། གཟུགས་དབྱུང་བ་མི་མཐོང ། གཟུགས་ཀྱི་འགོག་པ་མི་མཐོང ། མཚན་ཉིད་གཅིག་པ་མི་མཐོང ། མཚན་ཉིད་ཐ་དད་པ་མི་མཐོང ། མཐོང་བ་མི་མཐོང ། གཟུགས་དང་ཆ་བྱད་མི་མཐོང ། ལེན་པ་མི་མཐོང་ངོ ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་
Kha69a
༄#། །དང་རྐྱེན་རབ་ཏུ་རིག་པའི་ཕྱིར་ཏེ། གཟུགས་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་དང་འདྲའོ། །དེ་ནི་བྱང་ཆུབ་སེམས་དཔའ་རྒྱུ་རྣམས་ལ་མཁས་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དགྲ་རྣམས་སྤོང་བ་ཞེ་ན། འདི་ལྟར་ཉོན་མོངས་པ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་དགྲ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟག་ཏུ་སྤོང་བའི་ཕྱིར་བྱང་ཆུབ་སེམས་དཔའ་དགྲ་རྣམས་བཅོམ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ས་ལྔ་པ་ནི་ཉོན་མོངས་པ་རྣམས་ལ་དགྲར་མི་ལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པའི་རྐྱེན་གྱིས་བྱང་ཆུབ་སེམས་དཔའ་སྐྱེ་བ་ཡོད་དེ། སྐྱེ་བ་ཡོད་པའི་ཕྱིར་གཅིག་ནས་གཅིག་ཏུ་སེམས་ཅན་གྱི་དོན་བྱེད་པར་འགྱུར་ཏེ། དེ་ལྟ་བས་ན་དགྲ་ཞེས་མི་བྱའོ། །དེ་ལ་དགྲ་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་སྐུར་པའོ། །བྱང་ཆུབ་སེམས་དཔའ་ནི་སྐྱེ་བའི་རྗེས་སུ་འཇུག་ཀྱང་སེམས་ཅན་དམྱལ་བ་དང ། བྱོལ་སོང་གི་སྐྱེ་གནས་དང ། ཡི་དྭགས་ཀྱིས་མི་འཇིགས་ཏེ། ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་སྐུར་པ་དེ་འབའ་ཞིག་ལ་འཇིགས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདུད་རྣམ་པ་བརྒྱད་ཡོད་དེ། དེ་ནི་དགྲར་འགྱུར་རོ། །བདུད་རྣམ་པ་བརྒྱད་པོ་དེ་དག་སྤངས་ན་དགྲ་སྤངས་པ་ཞེས་བྱ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་དགྲ་རྣམས་སྤོང་བ་ཞེས་བྱའོ། །
Kha69b
དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་མཐའ་གཉིས་སྤོང་བ་ཞེ་ན། དེ་ལ་མཐའ་གཉིས་ཞེས་བྱ་བ་ནི། འདི་ལྟར་སྲིད་པ་ཉི་ཤུ་རྩ་ལྔ་དང ། སྲིད་པའི་ཉོན་མོངས་པའོ། །བྱང་ཆུབ་སེམས་དཔའ་རྟག་ཏུ་སྲིད་པ་ཉི་ཤུ་རྩ་ལྔ་དང ། སྲིད་པའི་ཉོན་མོངས་པ་སྤོང་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་མཐའ་གཉིས་སྤོང་བ་ཞེས་བྱའོ། །དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱས་པའི་ཡོན་ཏན་བཞི་དང་ལྡན་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྣང་བ་མཐོ་བཙུན་དཔལ་གྱི་རྒྱལ་པོས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར། གལ་ཏེ་བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་དུ་བྱས་པ་དག་ཡོན་ཏན་གྱི་དངོས་པོ་རྣམ་པ་བཅུ་པོ་དེ་དག་དགོས་སོ་ཞེས་གསུངས་ན། ཅིའི་སླད་དུ། དེ་བཞིན་གཤེགས་པས་དགུ་འབའ་ཞིག་མཛད་དེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མཛད་པ་མ་བསྒོམས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ངས་ཀྱང་སྔོན་དངོས་པོ་བཅུ་པོ་དེ་དག་བསྒོམས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་དང ། དེ་བཞིན་གཤེགས་པ་གཞན་རྣམས་ཀྱང་དངོས་པོ་རྣམ་པ་བཅུ་པོ་མ་སྒོམས་པ་མེད་དོ། །གལ་ཏེ་འཇིག་རྟེན་ན་མི་གཙང་བས་ཡོངས་སུ་གང་ན་སངས་རྒྱས་བཅོམ་ལྡན་འདས་
Kha70a
༄#། །རྣམས་དེར་འབྱུང་བ་དེ་ལྟ་བུའི་གནས་མེད་དེ། རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་རྣམས་མི་གཙང་བའི་འཇིག་རྟེན་དུ་འབྱུང་བར་མ་འཛིན་ཅིག་།དེ་ལྟ་བུའི་སེམས་ནི་ཤིན་ཏུ་ཞན་ཅིང་ཆུང་བ་ཡིན་ནོ། །ཁྱོད་ཀྱི་ད་འདི་ལྟར་རིག་པར་བྱ་སྟེ། ང་ནི་ཡང་དག་པར་ཛམྦུའི་གླིང་དུ་བྱུང་བ་མ་ཡིན་པར་གཟུང་ཞིག་།དཔེར་ན། མི་ལ་ལ་ཞིག་འདི་སྐད་དུ་འཇིག་རྟེན་འདི་འབའ་ཞིག་ན་ཉི་མ་དང་ཟླ་བ་ཡོད་ཀྱི། འཇིག་རྟེན་གཞན་ན་ཉི་མ་དང་ཟླ་བ་མེད་དོ་ཞེས་སྨྲ་ན་ཚིག་དེ་ནི་དོན་དང ། རིགས་པ་མེད་པའོ།། གལ་ཏེ་བྱང་ཆུབ་སེམས་དཔའ་གང་འདི་སྐད་དུ་སངས་རྒྱས་ཀྱི་ཞིང་འདི་ནི་བཙོག་པ། ངན་པ། མི་གཙང་བ་སྟེ། སངས་རྒྱས་ཀྱི་ཞིང་གཞན་ནི་ཡོངས་སུ་དག་ཅིང་ཤིན་ཏུ་བཀོད་པའོ་ཞེས་སྨྲ་བའང་དེ་དང་འདྲའོ། །རིགས་ཀྱི་བུ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ནས་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་སུམ་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མི་ཕམ་པ་ཞེས་བྱ་བ་ཡོད་དོ། །ཞིང་དེ་ཅིའི་ཕྱིར་མི་ཕམ་པ་ཞེས་བྱ་ཞེ་ན། ཞིང་དེ་ན་བཀོད་པའི་དངོས་པོ་ཇི་སྙེད་པ་ཐམས་ཅད་ཀུན་ཀྱང་མཉམ་ཞིང་ཁྱད་པར་མེད་དེ། ཇི་ལྟར་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དང ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཟླ་གམ་ཞེས་བྱ་བ་དང་འདྲའོ། །ང་ནི་འཇིག་རྟེན་གྱི་
Kha70b
ཁམས་དེར་མངོན་དུ་བྱུང་སྟེ། སེམས་ཅན་གྱི་དོན་གྱི་ཕྱིར་ཛམྦུའི་གླིང་གི་འཇིག་རྟེན་གྱི་ཁམས་འདིར་ཆོས་ཀྱི་འཁོར་ལོ་བསྐོར་བ་བསྟན་ཏོ། །ང་འབའ་ཞིག་གིས་འཇིག་རྟེན་གྱི་ཁམས་འདིར་ཆོས་ཀྱི་འཁོར་ལོ་བསྐོར་བ་བསྟན་པ་མ་ཡིན་གྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་འདིར་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེ་བས་ན་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱང་དངོས་པོ་བཅུ་པོ་དེ་དག་མ་བསྒོམས་པ་མེད་དོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་བྱམས་པ་ནི་སྨོན་ལམ་གྱི་ཤུགས་ཀྱིས་མ་འོངས་པའི་དུས་ན་འཇིག་རྟེན་གྱི་ཁམས་འདི་ཡོངས་སུ་དག་པར་བརྒྱན་པར་འགྱུར་རོ། །དོན་དེ་ལྟ་བས་ན་སངས་རྒྱས་ཐམས་ཅད་ཀྱི་ཞིང་ནི་ཡོངས་སུ་མ་དག་པ་མེད་དོ། །གཞན་ཡང ། རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ལ་ནན་ཏན་བྱས་པས་ཡོན་ཏན་ལྔ་པོ་དང་ལྡན་པར་འགྱུར་བ་ཞེ་ན། རིགས་ཀྱི་བུ། བུ།་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ལ་ནན་ཏན་བྱེད་པ་དག་ཡོན་ཏན་ལྔ་དང་ལྡན་པ་ནི་དངོས་པོ་རྣམ་པ་ལྔ་ཡོད་དོ། །ལྔ་གང་ཞེ་ན། དབང་པོ་རྣམས་དང་ལྡན་པ་དང ། མཐའ་འཁོབ་ཏུ་མི་སྐྱེ་བ་དང ། ལྷ་རྣམས་ཀྱིས་དགོངས་པ་དང ། རྟག་ཏུ་ལྷ་དང ། བདུད་དང ། དགེ་སྦྱོང་དང ། རྒྱལ་རིགས་དང ། བྲམ་ཟེ་
Kha71a
༄#། །ལ་སོགས་པས་བཀུར་སྟི་བྱེད་པ་དང ། སྔོན་གྱི་གནས་དྲན་པའོ། །བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདིའི་རྒྱུ་དང་རྐྱེན་གྱི་ཤུགས་ཀྱི་ཡོན་ཏན་གྱི་དངོས་པོ་འདི་ལྔ་དང་ལྡན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྣང་བ་མཐོ་བཙུན་དཔལ་གྱི་རྒྱལ་པོས་གསོལ་པ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན། གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་སྦྱིན་པ་བྱིན་ན་ཡོན་ཏན་གྱི་དངོས་པོ་ལྔ་དང་ལྡན་ནོ། །ཞེས་གསུངས་ན། དེ་ཅིའི་སླད་དུ་མྱ་ངན་ལས་འདས་པ་ཆེན་པོའི་རྐྱེན་གྱིས་དངོས་པོ་ལྔ་ཐོབ་ཅེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །རིགས་ཀྱི་བུ། དངོས་པོ་དེ་ནི་དོན་ཐ་དད་པས་ན། དེང་རྣམ་པར་ཕྱེ་ཞིང་ཁྱོད་ལ་བསྟན་པར་བྱའོ། །སྦྱིན་པ་བྱིན་པས་དངོས་པོ་ལྔ་ཐོབ་པ་ནི་མ་ངེས་པ། མི་རྟག་པ་དང ། མ་དག་པ། དམ་པ་མ་ཡིན་པ། ཐ་དད་པ་མ་ཡིན་པ། ཟག་པ་མེད་པ་མ་ཡིན་པས་སེམས་ཅན་ཐམས་ཅད་བདེ་བ་ལ་བཀོད་ཅིང་ཕན་པ་དང ། བརྩེ་བའི་དོན་དུ་འགྱུར་རོ། །གང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་ལ་བརྟེན་ཏེ།་དངོས་པོ་ལྔ་ཐོབ་པ་ནི་ངེས་པ་ཡིན། རྟག་པ་ཡིན། ཡོངས་སུ་དག་པ་ཡིན། དམ་པ་ཡིན། ཐ་དད་པ་ཡིན། ཟག་པ་མེད་པ་ཡིན་ཏེ། སེམས་ཅན་ཐམས་ཅད་བདེ་བ་ལ་བཀོད་
Kha71b
ཅིང་ཕན་པ་དང་བདེ་བའི་དོན་དུ་འགྱུར་རོ། །རིགས་ཀྱི་བུ། སྦྱིན་པ་བྱས་པ་ནི་བཀྲེས་པ་དང་སྐོམ་པ་སྤོང་བར་འགྱུར་རོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདིས་ནི་སེམས་ཅན་ཐམས་ཅད་སྲིད་པ་ཉི་ཤུ་རྩ་ལྔ་ཡོངས་སུ་གདུངས་པའི་ནད་དང་བྲལ་བར་བྱེད་དོ། །སྦྱིན་པའི་རྒྱུས་ནི་འཁོར་བ་རྒྱུན་མི་ཆད་པར་བྱེད་དོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོས་ནི་འཁོར་བ་གཅོད་དེ། རྒྱུན་ཆད་པར་བྱེད་དོ། །སྦྱིན་པའི་རྒྱུས་བུས་པ་མ་རབས་སོ་སོའི་སྐྱེ་བོའི་ཆོས་བྱེད་པར་འགྱུར་རོ། །མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེའི་རྒྱུས་ནི་བྱང་ཆུབ་སེམས་དཔར་འགྱུར་རོ། །སྦྱིན་པ་བྱས་པའི་རྒྱུས་ནི་དབུལ་བ་དང་ཕོངས་པའི་སྡུག་བསྔལ་གྱིས་གདུངས་པ་ཐམས་ཅད་གཅོད་པར་འགྱུར་རོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོས་ནི་དགེ་བའི་ཆོས་ཀྱིས་ཕོངས་པ་ཐམས་ཅད་གཅོད་ནུས་སོ། །སྦྱིན་པ་བྱས་པའི་རྒྱུས་ནི་ཕྱོགས་ཆ་ཡོད་པ་འབྲས་བུ་ཡོད་པའོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་རྒྱུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ནི་ཕྱོགས་ཆ་མེད་པ་འབྲས་བུ་མེད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ལ་ནན་ཏན་བྱས་པས་ཡོན་ཏན་ལྔ་པོ་དང་ལྡན་པ་ཞེས་བྱའོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་
Kha72a
༄#། །ལ་ནན་ཏན་བྱས་པས་ཡོན་ཏན་དྲུག་དང་ལྡན་པ་ཞེ་ན། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱས་ན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེ་ལ་གནས་ན་ཆོས་ཐམས་ཅད་རྣམ་པར་འཇིགས་པར་འགྱུར་རོ། །ཆོས་ཐམས་ཅད་མི་རྟག་པ་དང ། གཡོ་བའི་མཚན་མ་ཅན་དང ། འཇིག་པ་དང་སྐྲག་པའི་རྒྱུ་ཡིན་པ་དང ། ན་བའི་སྡུག་བསྔལ་གྱིས་འཕྲོག་པ་དང ། སྐད་ཅིག་སྐད་ཅིག་གིས་འགོག་པ་དང་འཇིག་པ་སྟེ། ཡང་དག་པའི་བདེན་པ་མེད་པ་དང ། ཐམས་ཅད་ཀྱང་བདུད་ཀྱི་སྤྱོད་ཡུལ་ཡིན་པ་དང ། དམིགས་སུ་མེད་པ་ཡིན་པར་མཐོང་ངོ ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཏིང་ངེ་འཛིན་དེ་ལ་གནས་ནས་སེམས་ཅན་ལ་སྦྱིན་པར་བྱེད་པ་ཡོད་མོད་ཀྱི། སེམས་ཅན་གཅིག་གི་བར་དུ་ཡང་དག་པར་མི་མཐོང་སྟེ། སེམས་ཅན་གྱི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་བརྩོན་པ་ལའང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔས་གལ་ཏེ་སེམས་ཅན་གཅིག་ཙམ་ཡོད་པར་དམིགས་ན་ནམ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡོངས་སུ་རྫོགས་པར་མི་འགྱུར་རོ། །རིགས་ཀྱི་བུ། དཔེར་ན།
Kha72b
རྡོ་རྗེས་གང་གཟས་པའི་གནས་དེ་མི་འཆགས་པའམ་མི་འཇིག་པ་མེད་དེ། རྡོ་རྗེ་དེ་ཉིད་ནི་ཆགས་པའམ་འཇིག་པར་མི་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡང་ཆོས་གང་ལ་གཟས་པ་དེ་མི་འཇིག་པ་མེད་དེ། ཏིང་ངེ་འཛིན་དེ་ཉིད་ནི་འཇིག་པར་འགྱུར་མི་སྲིད་དོ། །རིགས་ཀྱི་བུ། དཔེར་ན། ནོར་བུ་རིན་པོ་ཆེ་ཐམས་ཅད་ཀྱི་ནང་ན་རྡོ་རྗེ་མཆོག་སྟེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པའང་དེ་དང་འདྲ་སྟེ། ཏིང་ངེ་འཛིན་ཐམས་ཅད་ཀྱི་གཙོ་བོར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་དེ་བསྒོམས་ན། ཏིང་ངེ་འཛིན་གཞན་ཐམས་ཅད་དེར་འདུས་པར་འགྱུར་རོ། །རིགས་ཀྱི་བུ། དཔེར་ན། རྒྱལ་ཕྲན་ཐམས་ཅད་ལ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོས་དབང་བྱེད་དོ། །དེ་བཞིན་དུ་ཏིང་ངེ་འཛིན་ཐམས་ཅད་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་དབང་སྒྱུར་རོ། །རིགས་ཀྱི་བུ། དཔེར་ན། མི་ཞིག་ཡུལ་ཁམས་གཅིག་གི་དགྲར་གྱུར་ན། ཀུན་གྱིས་སྡང་ངོ ། །གལ་ཏེ་ལ་ལ་ཞིག་གིས་བསད་ན་འཇིག་རྟེན་པ་ཐམས་ཅད་དེའི་ཡོན་ཏན་མི་བརྗོད་པ་མེད་དོ། །དེ་བཞིན་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཀྱང་དེ་དང་འདྲ་སྟེ། བྱང་ཆུབ་སེམས་དཔས་བསྒོམས་ན། སེམས་ཅན་ཐམས་ཅད་ཀྱི་དགྲ་གཞོམ་ནུས་སོ། །དེ་ལྟ་བས་ན་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཕྱི་མོར་འགྱུར་རོ། །རིགས་
Kha73a
༄#། །ཀྱི་བུ།་དཔེར་ན། མི་ཞིག་ཤིན་ཏུ་སྟོབས་ཆེ་སྟེ། ཐུབ་པ་མེད་པ་ལས་གཞན་ཞིག་གི་སྟོབས་ཀྱིས་ཐུབ་ན། དེ་ལ་མི་བསྔགས་པ་མེད་དོ། །དེ་བཞིན་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཀྱང་གདུལ་དཀའ་བའི་ཆོས་འདུལ་ནུས་སོ། །དོན་དེ་ལྟ་བས་ན་ཏིང་ངེ་འཛིན་ཐམས་ཅད་ཀུན་ཀྱང་དེར་འདུས་སོ། །རིགས་ཀྱི་བུ། དཔེར་ན། མི་ཞིག་རྒྱ་མཚོར་ཁྲུས་བྱས་ན་མི་དེས་འབབ་ཆུ་དང ། ཆུ་མིག་དང ། མཚེའུའི་ཆུ་ཐམས་ཅད་ཀྱིས་ཁྲུས་བྱས་པར་རིག་གོ་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྒོམ་པའང་དེ་དང་འདྲ་སྟེ། ཏིང་ངེ་འཛིན་གཞན་ཐམས་ཅད་ཀུན་སྒོམ་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། དཔེར་ན། རི་སྤོས་ཀྱི་ངད་ཅན་ལ་ཆུ་མིག་མ་དྲོས་པ་ཞེས་བྱ་བ་ཞིག་ཡོད་དེ། ཆུ་མིག་དེའི་ཆུ་ནི་ཡོན་ཏན་བརྒྱད་དང་ལྡན་ནོ། །གལ་ཏེ་ལ་ལ་ཞིག་གིས་འཐུངས་ན་ནད་ཀྱི་སྡུག་བསྔལ་ཐམས་ཅད་མེད་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་ཏེ། བྱང་ཆུབ་སེམས་དཔས་བསྒོམས་ན་ཉོན་མོངས་པ་རྣམས་ཀྱི་རྨ་དང་ནད་ལྕི་བ་གཅོད་པར་འགྱུར་རོ། ། རིགས་ཀྱི་བུ། དཔེར་ན། ལ་ལ་ཞིག་དབང་སྒྱུར་ཆེན་པོ་ལ་མཆོད་ན། དེས་ལྷ་ཐམས་ཅད་ལ་མཆོད་པ་ཡིན་པར་རིག་པར་བྱའོ། །དེ་བཞིན་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྒོམ་པའང །
Kha73b
ཏིང་ངེ་འཛིན་ཐམས་ཅད་སྒོམ་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། གལ་ཏེ་བྱང་ཆུབ་སེམས་དཔའ་གང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་ན། ཆོས་ཐམས་ཅད་ཐོགས་པ་མེད་པར་མཐོང་སྟེ། ཇི་ལྟར་ལག་མཐིལ་དུ་སྐྱུ་རུ་རའི་འབྲས་བུ་བཞག་པ་བཞིན་དུ། བྱང་ཆུབ་སེམས་དཔས་དེ་ལྟ་བུར་མཐོང་བར་གྱུར་ཀྱང་ཆོས་ཐམས་ཅད་མཐོང་བའི་འདུ་ཤེས་མི་སྐྱེད་དོ། །རིགས་ཀྱི་བུ། དཔེར་ན། མི་ལ་ལ་ཞིག་ལམ་གྱི་བཞི་མདོར་འདུག་ན། སེམས་ཅན་འོང་བ་དང ། སོང་བ་དང ། འདུག་པ་དང ། ཉལ་པ་རྣམས་མཐོང་ངོ ། །དེ་བཞིན་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཀྱང་ཆོས་ཐམས་ཅད་སྐྱེ་བ་དང ། འགོག་པ་དང ། འབྱུང་བ་དང ། ནུབ་པ་མཐོང་ངོ ། །རིགས་ཀྱི་བུ། དཔེར་ན། རི་མཐོན་པོ་ལ་མི་ལ་ལ་ཞིག་འཛེགས་ཏེ་ཕྱོགས་ཀུན་ཏུ་བལྟས་ན། ཐམས་ཅད་གསལ་བར་མཐོང་ངོ ། །དེ་བཞིན་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་རིའང་དེ་དང་འདྲ་སྟེ། བྱང་ཆུབ་སེམས་དཔས་འཛེགས་ཏེ་ཆོས་ཐམས་ཅད་ལ་བལྟས་ན་མི་གསལ་བ་མེད་དོ། །རིགས་ཀྱི་བུ། དཔེར་ན། དབྱར་གྱི་ཆར་པའི་ཐིགས་པ་ཕྲ་ཞིང་སྡུག་པ་བར་མཚམས་སྟོང་བའི་གནས་མེད་དེ། མིའི་མིག་རྣོན་པོས་བལྟས་ན་ཀུན་གསལ་བར་མཐོང་ངོ ། །བྱང་ཆུབ་སེམས་དཔའ་ཡང་དེ་དང་འདྲ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མིག་དག་པ་ཐོབ་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཇི་སྙེད་པ་ཐམས་ཅད་ལ་འཇིག་པའམ། གྲུབ་པ་ཀུན་ཐོགས་པ་མེད་པར་གསལ་
Kha74a
༄#། །བར་མཐོང་སྟེ། དེ་བཞིན་དུ་ཕྱོགས་བཅུའང་དེ་དང་འདྲའོ། །རིགས་ཀྱི་བུ། དཔེར་ན། རི་ཡུ་ག་ན་ད་ལ་ཉི་མ་བདུན་ཅིག་ཅར་དུ་ཤར་ན། རི་དེའི་ཤིང་དང ། ནགས་ཚལ་ཐམས་ཅད་འཚིག་གོ་།དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྒོམ་པའང་ཉོན་མོངས་པའི་ཐིབས་པོ་ཐམས་ཅད་ཞི་བར་འགྱུར་རོ། །རིགས་ཀྱི་བུ།་དཔེར་ན། རྡོ་རྗེས་ནི་སྲིད་པའི་རྫས་ཐམས་ཅད་གཞོམ་ནུས་ཀྱང་འདི་སྙམ་དུ་ངས་བཅོམ་མོ་སྙམ་པའི་འདུ་ཤེས་མི་སྐྱེད་དོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡང་དེ་དང་འདྲ་སྟེ། བྱང་ཆུབ་སེམས་དཔས་བསྒོམས་ནས་ཉོན་མོངས་པ་ཐམས་ཅད་བཅོམ་ཡང་འདི་སྙམ་དུ་ངས་ཀུན་ནས་ཉོན་མོངས་པ་ཐམས་ཅད་བཅོམ་མོ་སྙམ་པའི་འདུ་ཤེས་མི་སྐྱེད་དོ། །རིགས་ཀྱི་བུ། དཔེར་ན།་ས་ཆེན་པོས་ནི་སྲིད་པའི་རྫས་ཐམས་ཅད་འཛིན་ཀྱང ། འདི་སྙམ་དུ་བདག་གི་སྟོབས་ཀྱིས་བཟུང་ངོ་སྙམ་པའི་འདུ་ཤེས་མི་སྐྱེའོ། །མེའང་ངས་བསྲེགས་སོ་སྙམ་པའི་འདུ་ཤེས་མི་སྐྱེད།་ཆུའང་ངས་བརླན་པའི་ལས་བྱས་སོ་སྙམ་པའི་འདུ་ཤེས་མི་སྐྱེད། རླུང་ཡང་ངས་གཡོ་བའི་ལས་བྱས་སོ་སྙམ་པའི་འདུ་ཤེས་མི་སྐྱེད། ནམ་མཁའ་ཡང་ངས་ཤོང་བའི་ལས་བྱས་སོ་སྙམ་པའི་འདུ་ཤེས་མི་སྐྱེད། མྱ་ངན་ལས་འདས་པའང་ངས་སེམས་ཅན་མྱ་ངན་ལས་བཟླས་སོ་སྙམ་པའི་འདུ་ཤེས་མི་སྐྱེད་དོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡང་དེ་དང་འདྲ་སྟེ།
Kha74b
ཉོན་མོངས་པ་ཐམས་ཅད་མེད་པར་བྱེད་ཀྱང་ཐོག་མ་ནས་ངས་མེད་པར་བྱས་སོ་སྙམ་པའི་སེམས་མེད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་གང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ན་ཡུད་ཙམ་ཐང་ཅིག་གིས་དེ་བཞིན་གཤེགས་པ་དང་འདྲ་བའི་སྐུ་གྲངས་མེད་ཚད་མེད་པར་སྤྲུལ་ཏེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀུན་ཏུ་གང་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་དེ་དེ་ལྟ་བུའི་མངོན་པར་སྤྲུལ་པ་བྱེད་ཀྱང ། ང་རྒྱལ་དང་དྲེགས་པའི་སེམས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྟག་ཏུ་འདི་སྙམ་དུ་ཏིང་ངེ་འཛིན་གང་གིས་ཀྱང་ཆོ་འཕྲུལ་འདི་ལྟ་བུ་སྟོན་མི་ནུས་ཀྱི། བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པ་འབའ་ཞིག་གིས་སྟོན་ནུས་སོ་སྙམ་སེམས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེ་ལ་གནས་ན། ཡུད་ཙམ་ཐང་ཅིག་གིས་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀུན་ཏུ་ཕྱིན་པ་དང ། ཕྱིར་གནས་སུ་འོང་བའི་མཐུ་ཡོད་ཀྱང་ངས་དེ་ལྟ་བུ་ནུས་སོ་སྙམ་པའི་འདུ་ཤེས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་དེའི་རྒྱུ་དང་རྐྱེན་གྱི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ན། ཡུད་ཙམ་ཐང་ཅིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་གྱི་ཉོན་མོངས་པ་ཐམས་ཅད་གཅོད་ནུས་ཀྱང་
Kha75a
༄#། །ངས་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་བཅད་དོ་སྙམ་པའི་འདུ་ཤེས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་དེའི་རྒྱུ་དང་རྐྱེན་གྱི་སྟོབས་ཀྱི་ཕྱིར་རོ། ། བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེ་ལ་གནས་ནས་སྒྲ་སྐད་གཅིག་བསྙད་པས་སེམས་ཅན་ཐམས་ཅད་སོ་སོ་ནས་དངོས་པོ་ཇི་ལྟ་བ་དེ་ལྟར་ཤེས་པ་དང ། གཟུགས་གཅིག་བསྟན་པས་སེམས་ཅན་ཐམས་ཅད་སོ་སོ་ནས་གཟུགས་རྣམ་པ་སྣ་ཚོགས་ཀྱི་མཚན་མ་མཐོང་བ་དང ། གནས་གཅིག་ན་གནས་ཏེ་ལུས་མ་བསྐྱོད་པར་སེམས་ཅན་ཕྱོགས་གང་ན་གནས་པ་སོ་སོའི་ཕྱོགས་སུ་མཐོང་བ་དང ། ཁམས་སམ་སྐྱེ་མཆེད་གང་ཡང་རུང་ཆོས་གཅིག་བཤད་པས་སེམས་ཅན་ཐམས་ཅད་སོ་སོ་ནས་སྔོན་ཤེས་པ་ལྟར་ཐོས་སོ། །བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ན། སེམས་ཅན་མཐོང་ཡང་ཐོག་མ་ནས་སེམས་ཅན་དུ་མཚན་མར་འཛིན་པའི་སེམས་མེད་དོ། །སྐྱེས་པ་དང ། བུད་མེད་དུ་མཐོང་ཡང་སྐྱེས་པ་དང།་བུད་མེད་དུ་འཛིན་པའི་སེམས་མེད་དོ། །གཟུགས་ཀྱི་ཆོས་མཐོང་ཡང་གཟུགས་ཀྱི་མཚན་མ་མེད་དོ། །དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་མཐོང་ཡང་རྣམ་པར་ཤེས་པའི་མཚན་མ་མེད་དོ། །ཉིན་དང་མཚན་དུ་མཐོང་ཡང་ཉིན་དང་མཚན་མོའི་མཚན་མ་མེད་དོ། །ཐམས་ཅད་མཐོང་ཡང་ཐམས་ཅད་ཀྱི་མཚན་མ་མེད་དོ། །ཀུན་ནས་སྦྱོར་བའི་ཉོན་
Kha75b
མོངས་པ་ཐམས་ཅད་མཐོང་ཡང་ཉོན་མོངས་པ་ཐམས་ཅད་ཀྱི་མཚན་མ་མེད་དོ། །འཕགས་པའི་ལམ་བརྒྱད་པ་མཐོང་ཡང་འཕགས་པའི་ལམ་བརྒྱད་ཀྱི་མཚན་མ་མེད་དོ། །བྱང་ཆུབ་མཐོང་ཡང་བྱང་ཆུབ་ཀྱི་མཚན་མ་མེད་དོ། །མྱ་ངན་ལས་འདས་པ་མཐོང་ཡང་མྱ་ངན་ལས་འདས་པའི་མཚན་མ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། ཆོས་ཐམས་ཅད་ནི་ཐོག་མ་ནས་མཚན་མ་མེད་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་དེའི་སྟོབས་ཀྱི་ཆོས་ཐམས་ཅད་ཐོག་མ་ནས་མཚན་མ་མེད་པ་ཇི་ལྟ་བ་བཞིན་དུ་མཐོང་ངོ ། །ཅིའི་ཕྱིར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱ་ཞེ་ན། རིགས་ཀྱི་བུ། དཔེར་ན། རྡོ་རྗེ་ཉི་མ་ལ་བཞག་ན་ཁ་དོག་གཅིག་ཏུ་མ་ངེས་ཏེ། དེ་བཞིན་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཀྱང་ཕལ་མང་པོའི་ནང་དུ་བཞག་ན་ཁ་དོག་གཅིག་ཏུ་མ་ཚད་དོ། །དེ་ལྟ་བས་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱའོ། །རིགས་ཀྱི་བུ། དཔེར་ན། རྡོ་རྗེ་དེ་ནི་འཇིག་རྟེན་པ་ཐམས་ཅད་ཀྱིས་རིན་ཐང་མི་ཆོད་དོ། །དེ་བཞིན་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡོན་ཏན་ཅི་ཡོད་པའང་ལྷ་དང་མི་ཐམས་ཅད་ཀྱིས་དཔག་ཅིང་གཞལ་མི་ནུས་ཏེ། དེ་བས་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱའོ། །རིགས་ཀྱི་བུ། དཔེར་ན། མི་དབུལ་པོས་རིན་པོ་ཆེ་རྡོ་རྗེ་རྙེད་ན།་དབུལ་ཕོངས་པའི་སྡུག་བསྔལ་རྣམས་དང ། བདུད་དང་ངན་པར་ལྟ་བའི་གདུག་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
Kha76a
༄#། །པོའང་ཏིང་ངེ་འཛིན་དེ་ཐོབ་ན་ཉོན་མོངས་པའི་སྡུག་བསྔལ་རྣམས་དང ། བདུད་དང་ངན་པར་ལྟ་བའི་གདུག་པ་ཐམས་ཅད་དང་བྲལ་བར་འགྱུར་ཏེ། དེ་བས་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ནི་བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱས་པས་ཡོན་ཏན་དྲུག་པོ་དང་ལྡན་པ་ཞེས་བྱའོ།། །། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་སུམ་ཅུ་གསུམ་པ། གཞན་ཡང ། རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་དམ་པ་ལ་ནན་ཏན་བྱས་པས་ཡོན་ཏན་བདུན་པོ་དང་ལྡན་པ་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ལ་ནན་ཏན་བྱེད་པ་ན། འདི་སྙམ་དུ་ཆོས་གང་དག་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ཉེ་བའི་རྒྱུར་འགྱུར་སྙམ་བསམས་ནས་བྱང་ཆུབ་སེམས་དཔས་ཆོས་རྣམ་པ་འདི་བཞིས་མྱ་ངན་ལས་འདས་པ་ཆེན་པོའི་ཉེ་བའི་རྒྱུར་འགྱུར་བར་རྟོགས་ཀྱི། གང་དཀའ་ཐུབ་ཐམས་ཅད་སྤྱོད་པས་མྱ་ངན་ལས་འདས་པ་ཆེན་པོའི་ཉེ་བའི་རྒྱུར་འགྱུར་རོ་ཞེས་བྱ་བ་དེ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམ་པ་འདི་བཞིའི་ཕ་རོལ་ན་མྱ་ངན་ལས་འདའ་བར་འགྱུར་བ་ནི་གནས་མེད་དོ། །བཞི་གང་ཞེ་
Kha76b
ན།་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པ་དང ། སེམས་རྩེ་གཅིག་ཏུ་ཆོས་ཉན་པ་དང ། ཐོས་ནས་ནན་ཏན་དུ་ཡིད་ལ་བྱེད་པ་དང ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ནན་ཏན་བྱེད་པའོ། །རིགས་ཀྱི་བུ། དཔེར་ན། ལ་ལ་ཞིག་མཁྲིས་པ་དང ། བད་ཀན་དང ། ནད་མང་པོས་གཟིར་ཏམ། ཡི་དྭགས་ཀྱིས་བརླམས་ན། ནད་པ་དེ་སྨན་པ་མཁས་པའི་གན་དུ་སོང་ནས། སྨན་པས་ནད་ཇི་ལྟ་བ་བཞིན་དུ་སྨན་དཔྱད་བསྟན་ན། ནད་པ་དེ་སེམས་རྩེ་གཅིག་ཏུ་མཉན་ནས་དཔྱད་བཞིན་དུ་སྨན་སྦྱར་ཏེ་སྨན་ལེགས་པར་བཏང་ན་ནད་བྱང་ཞིང་ལུས་བདེ་བར་འགྱུར་རོ། །དེ་ལ་ནད་པ་ནི་བྱང་ཆུབ་སེམས་དཔའ་ལྟ་བུའོ། །སྨན་པ་མཁས་པ་ནི་དགེ་བའི་བཤེས་གཉེན་ལྟ་བུའོ། །སྨན་པས་དཔྱད་བསྟན་པ་ནི་ཤིན་ཏུ་རྒྱས་པའི་མདོ་སྡེ་ལྟ་བུའོ། །སྨན་པས་དཔྱད་བསྟན་པ་ལེགས་པར་མཉན་ཅིང་འཛིན་པ་ནི་ཤིན་ཏུ་རྒྱས་པའི་མདོའི་དོན་ནན་ཏན་དུ་ཡིད་ལ་བྱེད་པ་ལྟ་བུའོ། །དཔྱད་བཞིན་དུ་སྨན་སྦྱོར་བ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང ། ཡང་དག་པ་ཇི་ལྟ་བ་བཞིན་དུ་སྤྱོད་པ་ལྟ་བུའོ། །ནད་བྱང་བ་ནི་ཉོན་མོངས་པ་འགགས་པ་ལྟ་བུའོ། །བདེ་བ་ཐོབ་པ་ནི་མྱ་ངན་ལས་འདས་པའི་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཐོབ་པ་ལྟ་བུའོ། །རིགས་ཀྱི་བུ། དཔེར་ན། རྒྱལ་པོ་ཞིག་ཆོས་བཞིན་དུ་སྲིད་བཟུང་ཞིང་འབངས་བདེ་བར་བྱ་སྙམ་
Kha77a
༄#། །བསམས་ནས་བློན་པོ་བློ་ཅན་དག་ལ་ཇི་ལྟར་བྱས་ན་ལེགས་ཞེས་དྲིས་སོ། །དེ་ནས་བློན་པོ་རྣམས་ཀྱང་སྔོན་གྱི་རྒྱལ་པོས་ཡུལ་གྱི་སྲིད་བཟུང་བའི་ཆོས་སྨྲས་སོ། །རྒྱལ་པོས་དེ་ཐོས་ནས་སེམས་རྩེ་གཅིག་ཏུ་ཡིད་ཆེས་ཏེ། ཆོས་དེ་བཞིན་དུ་ཡུལ་གྱི་སྲིད་བཟུང་བས་དགྲ་རྣམས་མེད་པར་གྱུར་ཏེ། དེ་བས་ན་འབངས་བདེ་བར་གྱུར་ཅིང་འཚེ་བ་མེད་པར་གྱུར་ཏོ། །རིགས་ཀྱི་བུ། རྒྱལ་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ལྟ་བུའོ། །བློན་པོ་བློ་ཅན་ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་ལྟ་བུའོ། །བློན་པོ་བློ་ཅན་གྱིས་རྒྱལ་པོ་ལ་སྲིད་བཟུང་བའི་ཆོས་སྨྲས་པ་ནི་མདོ་སྡེ་སྡེ་བཅུ་གཉིས་ལྟ་བུའོ། །རྒྱལ་པོས་ཐོས་ནས་སེམས་རྩེ་གཅིག་ཏུ་ཡིད་ཆེས་ཤིང་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་སེམས་རྩེ་གཅིག་ཏུ་མདོ་སྡེ་སྡེ་བཅུ་གཉིས་ཀྱི་དོན་ཟབ་མོ་ལ་སེམས་ཤིང་ནན་ཏན་བྱེད་པ་ལྟ་བུའོ། །ཆོས་བཞིན་དུ་ཡུལ་གྱི་སྲིད་བཟུང་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ནན་ཏན་བྱེད་པ་ལྟ་བུ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ནན་ཏན་བྱེད་པའི་ཕྱིར་རོ། །དགྲ་རྣམས་མེད་པར་གྱུར་པ་ནི་བྱང་ཆུབ་སེམས་དཔའ་ཀུན་ནས་ཉོན་མོངས་པའི་དགྲ་རྣམས་ཡོངས་སུ་སྤངས་པ་ལྟ་བུའོ། །བདེ་བ་ཐོབ་པ་ཞེས་བྱ་བ་ནི་ཇི་ལྟར་བྱང་ཆུབ་སེམས་དཔས་ཡོངས་སུ་མྱ་ངན་ལས་འདས་པའི་རྟག་པ་
Kha77b
དང།་བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཐོབ་པ་ལྟ་བུའོ། །རིགས་ཀྱི་བུ། དཔེར་ན། མི་ཞིག་མཛེ་མ་རུངས་པས་བཏབ་པ་ལས། གྲོགས་པོ་མཛའ་བོ་ཞིག་འདི་སྐད་དུ་ཁྱོད་གལ་ཏེ་རི་རབ་ཀྱི་དྲུང་དུ་ཕྱིན་ན་ནད་ཀུན་འབྱང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ན་སྨན་བཟང་པོ་རོ་བདུད་རྩི་དང་འདྲ་བ་ཞིག་ཡོད་དེ། གལ་ཏེ་འཐུངས་ན་ནད་མི་འཚོ་བ་མེད་དོ། །དེ་ནས་མི་དེས་ཡིད་ཆེས་ནས་རི་དེའི་དྲུང་དུ་སོང་སྟེ། སྨན་བདུད་རྩི་དང་འདྲ་བ་བརྡས་ནས་ཟོས་པས་ནད་སོས་ཏེ་ལུས་བདེ་བར་གྱུར་ཏོ། །མཛེ་མ་རུངས་པ་ནི་བུས་པ་མ་རབས་ལྟ་བུའོ། ། གྲོགས་པོ་མཛའ་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལྟ་བུའོ། །སེམས་ཐག་པ་ནས་ཡིད་ཆེས་པ་ནི་ཚད་མེད་པ་བཞིའི་སེམས་ལྟ་བུའོ། །རི་རབ་ནི་འཕགས་པའི་ལམ་བརྒྱད་པ་ལྟ་བུའོ། །བདུད་རྩིའི་རོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་ལྟ་བུའོ། །མཛེ་སོས་པ་ཞེས་བྱ་བ་ནི་ཉོན་མོངས་པ་དང་བྲལ་བ་ལྟ་བུའོ། །བདེ་བ་ཐོབ་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཐོབ་པ་ལྟ་བུའོ། །རིགས་ཀྱི་བུ། དཔེར་ན། སློབ་དཔོན་ཞིག་ལ་སློབ་མ་དབང་པོ་རྣོ་པ་དག་གཅིག་ཡོད་ན། སློབ་དཔོན་དེ་ཉིན་མཚན་རྟག་ཏུ་སྟོན་ཀྱང་མི་སྐྱོའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སེམས་ཅན་ཐམས་ཅད་དད་ཀྱང་རུང ། མ་དད་ཀྱང་རུང་རྟག་ཏུ་སྟོན་ཏེ། སྐྱོ་བ་མེད་
Kha78a
༄#། །དོ། །རིགས་ཀྱི་བུ། དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་འདི་ལྟར་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་དང ། རང་སངས་རྒྱས་དང ། ཉན་ཐོས་ཀྱི་ནང་ན་ཤིན་ཏུ་རྒྱས་པ་ལ་ཡིད་ཆེས་པའོ། །ཅིའི་ཕྱིར། དགེ་བའི་བཤེས་གཉེན་ཞེས་བྱ་ཞེ་ན། དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་སེམས་ཅན་དག་མི་དགེ་བ་བཅུ་སྤོང་བར་བྱེད་ཅིང་དགེ་བ་བཅུ་སྤྱོད་པར་བྱེད་དེ། དོན་དེ་ལྟ་བས་ན་དགེ་བའི་བཤེས་གཉེན་ཞེས་བྱའོ། །ཡང་དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་ཆོས་ཇི་ལྟ་བ་བཞིན་དུ་སྟོན་ཅིང་ཇི་ལྟར་བསྟན་པ་བཞིན་དུ་སྤྱོད་པའོ། །ཇི་ལྟར་ན་ཆོས་བཞིན་དུ་སྟོན་ཅིང་བསྟན་པ་བཞིན་དུ་སྤྱོད་པ་ཞེ་ན། འདི་ལྟར་བདག་སྲོག་མི་གཅོད་པས་གཞན་ལ་སྲོག་མི་གཅོད་པ་སྟོན་པ་ནས། བདག་ཡང་དག་པར་ལྟ་བ་ལ་ནན་ཏན་བྱེད་པས་གཞན་ཡང་ཡང་དག་པར་ལྟ་བའི་བར་དུ་ནན་ཏན་བྱེད་དུ་གཞུག་པ་སྟེ། གང་དེ་ལྟར་བྱེད་པ་དེ་ནི་དགེ་བའི་བཤེས་གཉེན་ཡང་དག་པ་ཞེས་བྱའོ། །བདག་བྱང་ཆུབ་ལ་ནན་ཏན་བྱེད་པས་གཞན་ཡང་བྱང་ཆུབ་ལ་ནན་ཏན་བྱེད་དུ་གཞུག་པ་སྟེ། དེ་བས་ན་དགེ་བའི་བཤེས་གཉེན་ཞེས་བྱའོ། །བདག་དད་པ་དང ། ཚུལ་ཁྲིམས་དང།་སྦྱིན་པ་དང ། མང་དུ་ཐོས་པ་དང ། ཤེས་རབ་སྒོམ་པས་གཞན་ཡང་དད་པ་དང ། ཚུལ་ཁྲིམས་དང ། སྦྱིན་པ་དང ། མང་དུ་ཐོས་པ་དང ། ཤེས་རབ་སྒོམ་དུ་གཞུག་པ་སྟེ།
Kha78b
དེ་བས་ན་དགེ་བའི་བཤེས་གཉེན་ཞེས་བྱའོ། །དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་དགེ་བའི་ཆོས་ཡོད་པའི་ཕྱིར་རོ། །དགེ་བའི་ཆོས་དག་གང་ཞེ་ན། འདི་ལྟར་ཅི་བྱེད་དོ་ཅོག་བདག་ལ་བདེ་བར་མི་སྦྱོང་གྱི། རྟག་ཏུ་སེམས་ཅན་དག་བདེ་བར་སྦྱོར་བ་དང ། གཞན་གྱིས་ཉེས་པ་མཐོང་ཡང་སྐྱོན་མི་སྨྲ་བ་སྟེ། རྟག་ཏུ་དགེ་བའི་ཆོས་འབའ་ཞིག་སྨྲ་བའོ། །དོན་དེ་ལྟ་བས་ན་དགེ་བའི་བཤེས་གཉེན་ཞེས་བྱའོ། །རིགས་ཀྱི་བུ། དཔེར་ན། ཟླ་བ་ནི་ཚེས་ཞག་གཅིག་ནས་ཞག་བཅོ་ལྔའི་བར་དུ་ཁད་ཀྱིས་སྐྱེ་བར་འགྱུར་ཏེ། དེ་བཞིན་དུ་དགེ་བའི་བཤེས་གཉེན་ཡང་དེ་དང་འདྲ་བར་སློབ་པ་རྣམས་བགས་ཀྱིས་མི་དགེ་བའི་ཆོས་དག་རིང་དུ་འགྱུར་ཞིང་དགེ་བའི་ཆོས་སྐྱེ་བར་བྱེད་དོ། །རིགས་ཀྱི་བུ། གལ་ཏེ་གང་གིས་དགེ་བའི་བཤེས་གཉེན་ལ་བསྙེན་ན། ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་དང ། རྣམ་པར་གྲོལ་བ་དང ། རྣམ་པར་གྲོལ་བ་མཁྱེན་ཅིང་གཟིགས་པ་དག་སྔོན་མེད་པའང་ཡོད་པར་འགྱུར་རོ། །ཡོངས་སུ་མ་རྫོགས་པའང་སྐྱེ་ཞིང་རྒྱས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་བཤེས་གཉེན་ལ་བསྙེན་པའི་ཕྱིར་རོ། །དེ་ལྟར་བསྙེན་པའི་རྐྱེན་གྱིས་མདོ་སྡེ་སྡེ་བཅུ་གཉིས་ཀྱི་དོན་ཤིན་ཏུ་ཟབ་མོའང་རྟོགས་པར་འགྱུར་རོ། །གང་མདོ་སྡེ་སྡེ་བཅུ་གཉིས་ཀྱི་དོན་ཤིན་ཏུ་ཟབ་མོ་ཉན་པ་ནི་ཆོས་ཉན་པ་ཞེས་བྱའོ། །ཆོས་ཉན་པ་དེ་ཉིད་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་ཞེས་བྱ་སྟེ། ཤིན་ཏུ་རྒྱས་པའི་མདོ་ཉན་པ་ནི་ཡང་དག་པར་
Kha79a
༄#། །ཆོས་ཉན་པ་ཞེས་བྱའོ། །ཡང་དག་པར་ཆོས་ཉན་པ་ནི་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ཉན་པ་སྟེ། མྱ་ངན་ལས་འདས་པ་ཆེན་པོའི་ནང་ན་སངས་རྒྱས་ཀྱི་རང་བཞིན་ཡོད་པ་དང ། དེ་བཞིན་གཤེགས་པ་ནི་མཐར་ཡོངས་སུ་མྱ་ངན་ལས་མི་འདའོ་ཞེས་ཐོས་པ་ཡིན་ཏེ། དེ་བས་ན་རྩེ་གཅིག་ཏུ་ཆོས་ཉན་པ་ཞེས་བྱའོ། །རྩེ་གཅིག་ཏུ་ཆོས་ཉན་པ་ནི་འཕགས་པའི་ལམ་བརྒྱད་ཅེས་བྱ་སྟེ། འཕགས་པའི་ལམ་བརྒྱད་ཀྱིས་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གཅོད་པར་འགྱུར་ཏེ། དེ་བས་ན་ཆོས་མཉན་པ་ཞེས་བྱའོ། །ཆོས་མཉན་པ་ནི་སྟོང་པ་བཅུ་གཅིག་ཅེས་བྱ་སྟེ། སྟོང་པ་དེ་དག་གིས་ཆོས་ཐམས་ཅད་ལ་མཚན་མར་མི་བལྟའོ། །ཆོས་མཉན་པ་ནི་སེམས་ཐོག་མ་བསྐྱེད་པ་ཞེས་བྱ་སྟེ།་ཐོག་མ་སེམས་བསྐྱེད་པའི་རྒྱུ་ལས་བླ་ན་མེད་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཐོབ་པ་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་དུ་ཐོབ་པར་འགྱུར་རོ། །དེའང་ཐོས་པས་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པ་མ་ཡིན་གྱི། ཡོངས་སུ་བསྒོམས་པས་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་བོ། །རིགས་ཀྱི་བུ། དཔེར་ན། མི་ནད་པས་སྨན་པའི་སྨན་དཔྱད་དང ། སྨན་གྱི་མིང་ཐོས་པ་ཙམ་གྱིས་ནད་འཚོ་བར་མི་འགྱུར་གྱི། གང་གིས་འཐུངས་པས་ནད་སོས་པར་འགྱུར་རོ། །དེ་བཞིན་དུ་རྟེན་ཅིང་
Kha79b
འབྲེལ་ཏེ་འབྱུང་བའི་ཆོས་ཟབ་མོ་བཅུ་གཉིས་མཉན་པ་ཙམ་གྱིས་ཉོན་མོངས་པ་ཐམས་ཅད་ཆོད་པར་མི་འགྱུར་གྱི། སེམས་རྩེ་གཅིག་ཏུ་གཏད་ཅིང་ཤིན་ཏུ་ནན་ཏན་བྱས་པས་ཆོད་པར་འགྱུར་ཏེ། དེ་དག་ནི་ནན་ཏན་དུ་ཡིད་ལ་བྱེད་པ་ཞེས་བྱའོ། །གཞན་ཡང་དོན་ཅིའི་ཕྱིར་ནན་ཏན་དུ་ཡིད་ལ་བྱེད་པ་ཞེ་ན། འདི་ལྟ་སྟེ། ཏིང་ངེ་འཛིན་རྣམ་པ་གསུམ་སྟེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང ། མཚན་མ་མེད་པའི་ཏིང་ངེ་འཛིན་དང ། སྨོན་པ་མེད་པའི་ཏིང་ངེ་འཛིན་ནོ། །དེ་ལ་སྟོང་པ་ཉིད་ནི་སྲིད་པ་ཉི་ཤུ་རྩ་ལྔ་ལ་བདེན་པ་གཅིག་ཙམ་ཡང་ཡོད་པར་མ་མཐོང་བའོ། ། སྨོན་པ་མེད་པ་ནི་སྲིད་པ་ཉི་ཤུ་རྩ་ལྔ་ལ་སྨོན་པ་དང་ཚོལ་བར་མི་བྱེད་པའོ། །མཚན་མ་མེད་པ་ནི་མཚན་མ་བཅུ་མེད་པ་སྟེ། གང་ཞེ་ན། གཟུགས་ཀྱི་མཚན་མ་དང ། སྒྲའི་མཚན་མ་དང།་དྲིའི་མཚན་མ་དང ། རོའི་མཚན་མ་དང ། རེག་བྱའི་མཚན་མ་དང ། སྐྱེ་བའི་མཚན་མ་དང ། གནས་པའི་མཚན་མ་དང ། འགོག་པའི་མཚན་མ་དང ། ཕོའི་མཚན་མ་དང།་མོའི་མཚན་མ་སྟེ། དེ་ལྟར་ཏིང་ངེ་འཛིན་རྣམ་པ་གསུམ་སྒོམ་པ་ནི་བྱང་ཆུབ་སེམས་དཔའ་ནན་ཏན་དུ་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་ཆོས་ཇི་ལྟ་བ་བཞིན་དུ་སྤྱོད་པ་ཞེ་ན། དེ་ལ་ཆོས་བཞིན་དུ་སྤྱོད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་སྤྱོད་པ་སྟེ། ཕུང་པོ་དང ། སྐྱེ་མཆེད་དང ། ཁམས་ཀྱི་ཡང་
Kha80a
༄#། །དག་པའི་མཚན་ཉིད་ལ་མཁས་པ་དང ། ཉན་ཐོས་དང ། རང་སངས་རྒྱས་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མཐུན་པར་ལམ་གཅིག་ཏུ་ཡོངས་སུ་མྱ་ངན་ལས་འདས་པར་ཤེས་པར་བྱའོ། །ཆོས་ཞེས་བྱ་བ་ནི་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་དང ། མི་སྐྱེ་བ་དང ། མི་རྒ་བ། མི་ན་བ། མི་འཆི་བ།་མི་བཀྲེས་པ། མི་སྐོམ་པ། སྡུག་བསྔལ་དང་ཉོན་མོངས་པ་མེད་པ། མི་ནུར་བ། མི་ནུབ་པའོ། །རིགས་ཀྱི་བུ། མྱ་ངན་ལས་འདས་པ་ཆེན་པོའི་དོན་ཤིན་ཏུ་ཟབ་མོ་ཤེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་མཐར་ཡོངས་སུ་མྱ་ངན་ལས་མི་འདའ་བར་ཤེས་སོ། །རིགས་ཀྱི་བུ། ཡང་དག་པའི་དགེ་བའི་བཤེས་གཉེན་དམ་པ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །དེ་ཅིའི་ཕྱིར་ཞེ་ན། རྟག་ཏུ་ཁ་ལོ་སྒྱུར་བ་རྣམ་པ་གསུམ་གྱི་ཕྱིར་ཏེ། གསུམ་གང་ཞེ་ན། ནམ་དུའང་ཚིག་འཇམ་པོ་སྨྲ་བ་དང ། ནམ་དུའང་སྤྱོ་བ་དང ། ཚིག་འཇམ་པོ་དང་སྤྱོ་བ་འདྲེས་པའོ། །དོན་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགེ་བའི་བཤེས་གཉེན་ཡང་དག་པ་ཡིན་ནོ། །གཞན་ཡང ། རིགས་ཀྱི་བུ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ནི་སྨན་པ་ཆེན་པོ་ཡིན་པའི་ཕྱིར་དགེ་བའི་བཤེས་གཉེན་
Kha80b
ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ནད་ཤེས་ཤིང་སྨན་ཤེས་པ་སྟེ། ནད་ཇི་ལྟ་བ་བཞིན་དུ་སྨན་བྱིན་པའི་ཕྱིར་རོ། །དཔེར་ན། སྨན་པ་མཁས་པ་རིག་པ་རྣམ་པ་བརྒྱད་ལ་མཁས་པས་སྔར་ནད་ཀྱི་མཚན་ཉིད་རྟོག་གོ་།མཚན་ཉིད་ལ་རྣམ་པ་གསུམ་ཡོད་དེ། རླུང་དང ། མཁྲིས་པ་དང ། བད་ཀན་ནོ། །རླུང་ནད་ཡོད་པ་ལ་མར་སྦྱིན་ནོ། །མཁྲིས་པའི་ནད་ལ་ནི་ཤ་ཁ་ར་སྦྱིན་ནོ། ། བད་ཀན་ན་བ་ལ་ནི་སྒའི་ཁུ་བ་བླུད་དོ། །དེ་ལྟར་ནད་ཀྱི་མཚན་ཉིད་ཤེས་ནས་སྨན་བྱིན་ཏེ་སོས་པར་གྱུར་པས་སྨན་པ་མཁས་པ་ཞེས་བྱའོ། །དེ་བཞིན་དུ་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཡང་བུས་པ་མ་རབས་སོ་སོའི་སྐྱེ་བོ་རྣམས་ལ་ནད་རྣམ་པ་གསུམ་ཡོད་པར་ཤེས་སོ། །གསུམ་གང་ཞེ་ན། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་སྟེ། འདོད་ཆགས་ཀྱི་ནད་ཅན་ལ་ནི་ཀེང་རུས་ལ་རྟོག་པ་སྟོན་ཏོ། །ཞེ་སྡང་གི་ནད་ཅན་ལ་ནི་བྱམས་པ་དང་སྙིང་རྗེ་ལ་རྟོག་པ་སྟོན་ཏོ། །གཏི་མུག་གི་ནད་ཅན་ལ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་རྣམ་པ་བཅུ་གཉིས་ལ་རྟོག་པ་སྟོན་ཏོ། །དོན་དེ་ལྟ་བས་ན་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་བཤེས་གཉེན་ཞེས་བྱའོ། །རིགས་ཀྱི་བུ། ཇི་ལྟར་མཉན་པ་ཆེན་པོ་ནི་འགྲོ་བ་དག་བདེ་བར་སྒྲོལ་བའི་ཕྱིར་མཉན་པ་ཆེན་པོ་ཞེས་བྱ་སྟེ། དེ་བཞིན་དུ་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་སེམས་ཅན་ཐམས་ཅད་འཁོར་བའི་འོད་པ་ཆེན་པོ་ལས་
Kha81a
༄#། །སྒྲོལ་ཏེ། དེ་བས་ན་དགེ་བའི་བཤེས་གཉེན་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའི་རྐྱེན་གྱིས་སེམས་ཅན་ཐམས་ཅད་དགེ་བའི་ཆོས་ཀྱི་རྩ་བ་སྤྱོད་པ་ཡོངས་སུ་རྫོགས་པར་གྱུར་ཏོ། །རིགས་ཀྱི་བུ། དཔེར་ན། གངས་ཀྱི་རི་ནི་སྨན་མཆོག་དམ་པ་སྣ་ཚོགས་ཀྱི་གནས་ཡིན་ཏེ། དེ་བཞིན་དུ་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཡང་དགེ་བའི་རྩ་བ་ཐམས་ཅད་ཀྱི་གནས་ཡིན་ནོ། །དོན་དེ་ལྟ་བས་ན་དགེ་བའི་བཤེས་གཉེན་ཞེས་བྱའོ། །རིགས་ཀྱི་བུ། གངས་ཀྱི་རི་ལ་སྨན་དམ་པ་བསུང་ཅན་བ་ཧ་ཞེས་བྱ་བ་ཞིག་ཡོད་དེ། མི་ལ་ལ་ཞིག་དེ་མཐོང་ན་ཚེ་ཚད་མེད་པར་གྱུར་ཏེ། ན་བའི་སྡུག་བསྔལ་མེད་དོ། །གདུག་པ་བཞིས་ཀྱང་མི་ཚུགས་སོ། །གང་ཞིག་རེག་པར་གྱུར་ན་ཚེ་རིང་ཞིང་ལོ་བརྒྱ་ཉི་ཤུ་ཚང་བར་འགྱུར་རོ། །གང་གིས་དེ་ལ་རྗེས་སུ་དྲན་པར་བྱེད་ན། སྔོན་གྱི་ཚེ་དྲན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྨན་གྱི་མཐུ་སྟོབས་ཀྱི་ཕྱིར་རོ། །དེ་བཞིན་དུ་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ལའང་གང་ཞིག་གིས་མཐོང་ན་ཉོན་མོངས་པ་ཐམས་ཅད་ཡོངས་སུ་ཆོད་པར་འགྱུར་ཏེ།་བདུད་རྣམ་པ་བཞིས་ཀྱང་དཀྲུག་མི་ནུས་སོ། །གང་ལ་ལ་ཞིག་རེག་ན་གློ་བུར་དུ་ཚེའི་དུས་མི་བྱེད་དེ། མི་སྐྱེ། མི་འཆི། མི་ལྡོག་།མི་ནུབ་བོ། །རེག་པ་ཞེས་བྱ་བ་ནི་སངས་
Kha81b
རྒྱས་ལས་དམ་པའི་ཆོས་མཉན་པའོ། །གང་ཞིག་གིས་རྗེས་སུ་དྲན་པར་བྱེད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གྱུར་ཏེ། དེ་ལྟ་བས་ན་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་བཤེས་གཉེན་ཞེས་བྱའོ། །རིགས་ཀྱི་བུ། དཔེར་ན། རི་སྤོས་ཀྱི་ངད་ཅན་ལ་མཚོ་མ་དྲོས་པ་ཞེས་བྱ་བ་ཞིག་ཡོད་དེ། མཚོ་དེ་ལས་ཆུ་ཀླུང་ཆེན་པོ་བཞི་འབྱུང་ངོ ། །བཞི་གང་ཞེ་ན། ཆུ་བོ་གངྒཱ་དང ། སིནྡྷུ་དང ། སི་ཏ་དང ། པཀཥུ་སྟེ། འཇིག་རྟེན་པ་རྣམས་འདི་སྐད་དུ་གང་ཞིག་ཁ་ན་མ་ཐོ་བའི་ལས་བྱས་པ་དེ་ཀླུང་ཆེན་པོ་དེ་བཞིའི་ནང་དུ་ཁྲུས་བྱས་ན། ཁ་ན་མ་ཐོ་བའི་སྡིག་པ་མང་པོ་འབྱང་བར་འགྱུར་རོ་ཞེས་སྨྲའོ། །དེ་ལྟར་སྨྲ་བ་དེ་ནི་ཡང་དག་པ་མ་ཡིན་པར་རིག་པར་བྱ་སྟེ། དེ་མ་རྟོགས་པར་བདེན་པ་གང་དག་ཡིན་ཞེ་ན། འདི་ལྟར་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ནི་ཡང་དག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་ཞིག་གིས་བསྙེན་བཀུར་བྱས་ན། ཁ་ན་མ་ཐོ་པའི་སྡིག་པ་མང་པོ་ཐམས་ཅད་འབྱང་བར་འགྱུར་ཏེ། དེ་ལྟ་བས་ན་དགེ་བའི་བཤེས་གཉེན་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། དཔེར་ན། ས་ཆེན་པོ་ལ་འདི་ལྟ་སྟེ། རྩི་ཤིང་དང ། ནགས་ཚལ་ཐམས་ཅད་དང ། ཁྲེ་འབྲས་དང ། བུ་རམ་ཤིང་དང ། མེ་ཏོག་དང ། འབྲས་བུ་ལ་སོགས་པ་སྐྱེས་པ་དག་ཐན་པ་བྱུང་ནས་ཚིག་སྟེ་སྐམས་སུ་ཉེ་བ་ལས། ཀླུའི་རྒྱལ་པོ་དགའ་
Kha82a
༄#། །པོ་དང ། བསྙེན་དགའ་བོ་གཉིས་སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་རྒྱ་མཚོ་ལས་བྱུང་ནས་བདུད་རྩིའི་ཆར་ཕབ་ན། རྩི་ཤིང་དང ། ནགས་ཚལ་དང ། ཁྲེ་འབྲས་དང ། ཤིང་ཐམས་ཅད་རླན་ཞིང་ཕྱིར་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཟད་དུ་ཉེ་བ་ན་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ཐུགས་རྗེ་ཆེན་པོ་བསྐྱེད་དེ། ཤེས་རབ་ཀྱི་རྒྱ་མཚོ་ནས་བདུད་རྩིའི་ཆར་ཕབ་ནས་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ཆོས་དང་ལྡན་པར་མཛད་དོ། །དེ་ལྟ་བས་ན་སངས་རྒྱས་དང།་བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་བཤེས་གཉེན་ཞེས་བྱའོ། །རིགས་ཀྱི་བུ། དཔེར་ན། སྨན་པ་མཁས་པ་རིག་པ་རྣམ་པ་བརྒྱད་ལ་མཁས་པས་ནད་པ་རྣམས་མཐོང་ན་ཆོ་རིགས་དང ། བཟང་ངན་དང ། ནོར་དང ། རིན་པོ་ཆེ་ལ་སོགས་པ་ལ་མི་ལྟ་སྟེ། ཐམས་ཅད་གསོའོ། །དེ་བས་ན་འཇིག་རྟེན་དུ་སྨན་པ་མཁས་པ་ཆེན་པོ་ཞེས་གྲགས་སོ། །དེ་བཞིན་དུ་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་ནད་མཐོང་ན། ཆོ་རིགས་དང ། བཟང་ངན་དང ། ནོར་དང།་རིན་པོ་ཆེ་ལ་སོགས་པ་ལ་མི་ལྟ་སྟེ། བྱམས་ཤིང་བརྩེ་བའི་ཐུགས་བསྐྱེད་དེ། ཀུན་ལ་ཆོས་སྟོན་ཏོ། །སེམས་ཅན་རྣམས་ཀྱིས་ཐོས་ན་ཉོན་མོངས་པའི་ནད་འབྱང་བར་གྱུར་
Kha82b
ཏེ།་དེ་ལྟ་བས་ན་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་བཤེས་གཉེན་ཞེས་བྱའོ། །དེ་ལྟར་དགེ་བའི་བཤེས་གཉེན་ལ་བསྙེན་པའི་རྐྱེན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་བསྙེན་པར་འགྱུར་རོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཉན་པའི་རྐྱེན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་བསྙེན་པར་འགྱུར་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་ཆོས་མཉན་པའི་ཕྱིར་དད་པའི་དབང་པོ་དང་ལྡན་པར་འགྱུར་རོ། །དད་པའི་དབང་པོ་དང་ལྡན་པར་གྱུར་ནས། སྦྱིན་པ་དང ། ཚུལ་ཁྲིམས་དང ། བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་སྤྱོད་པ་ལ་མོས་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ནས། སངས་རྒྱས་ཀྱི་འབྲས་བུའི་བར་དུ་འཐོབ་པར་གྱུར་ཏེ། དེ་བས་ན་དགེ་བའི་ཆོས་འཐོབ་པར་འགྱུར་བ་ནི་ཆོས་མཉན་པའི་རྒྱུའི་སྟོབས་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། དཔེར་ན། ཁྱིམ་བདག་ཞིག་ལ་བུ་གཅིག་པུ་ཞིག་ཡོད་དེ། བུ་དེ་ཡུལ་གཞན་དུ་དགོས་པ་ཚོལ་བའི་ཕྱིར་ཚོང་ལ་བཏང་སྟེ། ལམ་ཐར་བ་དང་མི་ཐར་བའི་གནས་བསྟན་ནས་ཀྱང་འདི་སྐད་དུ་གལ་ཏེ་སྦྲུལ་ཚོང་མ་དང་ཕྲད་ན་བསྙེན་པ་དང་ཆགས་པར་མ་བྱེད་ཅིག་།གལ་ཏེ་བསྙེན་ནམ་ཆགས་ན། ལུས་དང་སྲོག་ཀྱང་ཡལ་ཞིང་ནོར་དང ། རིན་པོ་ཆེ་ལ་སོགས་པའང་སྟོར་བར་འགྱུར་རོ། །མི་ངན་པ་མ་རུངས་པའང་གྲོགས་སུ་མ་ཚོལ་ཞིག་ཅེས་
Kha83a
༄#། །གཏམས་སོ། །བུས་པས་གདམས་ངག་མཉན་ནས་ལུས་དང་སེམས་བདེ་ཞིང་རིན་པོ་ཆེ་ལ་སོགས་པའང་མང་དུ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ལ་ཆོས་སྟོན་པའང་སེམས་ཅན་རྣམས་དང ། འཁོར་རྣམ་པ་བཞི་ལ་ལ་མཐར་བ་དང་མི་ཐར་བ་རྣམས་སྟོན་ཏོ། །འཁོར་རྣམས་ཀྱང་ཆོས་ཐོས་པའི་ཕྱིར་མི་དགེ་བ་ཐམས་ཅད་སྤོང་ཞིང་དགེ་བའི་ཆོས་དང་ལྡན་པར་གྱུར་ཏེ། དེ་བས་ན་ཆོས་ཉན་པའི་རྐྱེན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་བསྙེན་པར་འགྱུར་རོ། །རིགས་ཀྱི་བུ། དཔེར་ན། མེ་ལོང་གསལ་བའི་ནང་དུ་མིའི་གདོང་ལྟ་ན་མི་སྣང་བ་མེད་དོ། །དེ་བཞིན་དུ་ཆོས་མཉན་པའི་མེ་ལོང་གསལ་བ་ལ་ལ་ཞིག་གིས་ལྟ་ན་དགེ་བ་དང་མི་དགེ་བའི་རབ་རིབ་མེད་པར་གསལ་བར་མཐོང་ངོ ། །དེ་ལྟ་བས་ན་ཆོས་མཉན་པའི་རྐྱེན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་བསྙེན་པར་འགྱུར་རོ། ། རིགས་ཀྱི་བུ། དཔེར་ན། ཚོང་དཔོན་དག་རིན་པོ་ཆེའི་གླིང་དུ་འགྲོ་བ་ལས་ལམ་གྱི་རྒྱུས་མི་ཤེས་ཏེ། མི་གཅིག་ཅིག་གིས་ལམ་བསྟན་ནས་དེ་དག་བསྟན་པ་བཞིན་དུ་སོང་བ་དང ། རིན་པོ་ཆེའི་གླིང་དུ་ཕྱིན་ཏེ། རིན་པོ་ཆེ་གྲངས་མེད་པ་ཐོབ་པར་གྱུར་ཏོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་དགེ་བའི་གནས་སུ་བྱང་ཆུབ་ཀྱི་རིན་པོ་ཆེ་ལེན་དུ་འགྲོ་བ་ལས། ལམ་
Kha83b
ཐར་པ་དང་མི་ཐར་བའི་གནས་མི་ཤེས་ཏེ། བྱང་ཆུབ་སེམས་དཔས་བསྟན་ནས་སེམས་ཅན་དག་བསྟན་པའི་རྗེས་སུ་སོང་བས་དགེ་བའི་གནས་སུ་ཕྱིན་ཏེ། བླ་ན་མེད་པ་མྱ་ངན་ལས་འདས་པ་ཆེན་པོའི་རིན་པོ་ཆེ་ཐོབ་པར་གྱུར་ཏོ། །དེ་ལྟ་བས་ན་ཆོས་མཉན་པའི་རྐྱེན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་བསྙེན་པར་འགྱུར་རོ། །རིགས་ཀྱི་བུ། དཔེར་ན། བླ་གླང་ཆང་གིས་མྱོས་པ་མང་དུ་གསོད་འདོད་པ་ལ། བལ་གླང་འདུལ་བའི་མཁན་པོས་ལྕགས་ཀྱུ་ཆེན་པོ་ཀླད་དུ་བཙུགས་ན། དེ་མ་ཐག་ཏུ་དུལ་ཏེ་མི་བགྲུངས་པའི་སེམས་མེད་པར་འགྱུར་རོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གིས་མྱོས་ཏེ། མི་དགེ་བ་མང་དུ་བྱེད་པ་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཐོས་པའི་ལྕགས་ཀྱུ་བཙུགས་ནས་སྡོད་དེ་མི་དགེ་བ་རྣམས་བྱེད་པའི་སེམས་མི་སྐྱེ་བར་བྱེད་དོ། །དེ་བས་ན་ཆོས་མཉན་པའི་རྐྱེན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་བསྙེན་པར་འགྱུར་ཏེ།་དེ་བས་ན་ངས་མདོ་སྡེ་ཀུན་ལ་ངའི་ཉེ་གནས་རྣམས་སེམས་རྩེ་གཅིག་ཏུ་མདོ་སྡེ་སྡེ་བཅུ་གཉིས་ཉན་ཅིང་འཛིན་ན་སྒྲིབ་པ་ལྔ་དང་བྲལ་ཞིང་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་པར་འགྱུར་ཏེ།་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་བསྙེན་པར་འགྱུར་རོ། །ཆོས་མཉན་པའི་ཕྱིར་རྒྱུན་དུ་ཞུགས་པ་རྣམས་འཇིགས་པ་རྣམས་
Kha84a
༄#། །དང་བྲལ་བར་འགྱུར་རོ་ཞེས་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཁྱིམ་བདག་སྐྱབས་མེད་ཟས་སྦྱིན་ནད་ཚབས་ཆེན་པོས་བཏབ་སྟེ། སེམས་རབ་ཏུ་འཇིགས་ཤིང་མི་དགའ་བ་ལས་ཤཱ་རིའི་བུས་རྒྱུན་དུ་ཞུགས་པའི་ཡོན་ཏན་བཞི་བསྟན་ཏེ། སྤྲོ་བ་རྣམ་པ་བཅུ་བཤད་པ་ཐོས་ནས་འཇིགས་པ་མེད་པར་གྱུར་ཏོ། །དེ་ལྟ་བས་ན་ཆོས་མཉན་པའི་རྐྱེན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་བསྙེན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་མིག་བྱེ་བའི་ཕྱིར་རོ། །འཇིག་རྟེན་ན་མི་ལ་རྣམ་པ་གསུམ་སྟེ། གང་ཞེ་ན། མིག་མེད་པ་དང ། མིག་ཡ་གཅིག་པ་དང ། མིག་གཉིས་པའོ། །མིག་མེད་པ་ཞེས་བྱ་བ་ནི་རྟག་ཏུ་ཆོས་མི་ཐོས་པའོ། །མིག་ཡ་གཅིག་པ་ནི་སྐད་ཅིག་ཙམ་ཆོས་ཐོས་ཀྱང་སེམས་དེ་ལ་མི་གནས་པའོ། །མིག་གཉིས་པ་ནི་སེམས་རྩེ་གཅིག་ཏུ་ཉན་ཅིང་འཛིན་པ་སྟེ། ཇི་ལྟར་ཐོས་པ་བཞིན་དེ་ལྟར་སྤྱོད་དོ། །དེ་ལྟར་ཆོས་མཉན་པའི་ཕྱིར་འཇིག་རྟེན་ན་མི་རྣམ་པ་གསུམ་ཡོད་པར་ཤེས་པར་འགྱུར་རོ། །དེ་ལྟ་བས་ན་ཆོས་མཉན་པའི་རྐྱེན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་བསྙེན་པར་འགྱུར་རོ། །རིགས་ཀྱི་བུ། ང་སྔོན་གྲོང་ཁྱེར་རྩཝ་མཆོག་ན་བཞུགས་པའི་ཚེ་ཤཱ་རིའི་བུ་ནད་ཀྱིས་བཏབ་པ་ལས་ངས་དེའི་ཚེ་དགེ་སློང་དགའ་བོ་བོས་ནས་རྒྱས་པར་ཆོས་བཤད་དོ། །དེའི་ཚེ་ཤཱ་རིའི་བུས་དེ་ལྟ་བུའི་དངོས་པོ་ཐོས་ནས་སློབ་མ་བཞི་
Kha84b
ལ་ངའི་ཁྲི་འདི་ཐེག་ལ་སངས་རྒྱས་ཀྱི་སྤྱན་སྔར་འདོང ། ཆོས་ཉན་འདོད་དོ་ཞེས་སྨྲས་སོ། །དེ་ནས་སློབ་མ་བཞིས་བཏེག་ནས་ང་གང་ན་བཞུགས་པར་ཕྱིན་ཏེ་ཆོས་ཐོས་པར་གྱུར་ཏོ། ། ཆོས་ཐོས་པའི་ཤུགས་ཀྱིས་སྡུག་བསྔལ་བྱང་ནས་ལུས་བདེ་བར་གྱུར་ཏེ། དེ་ལྟ་བས་ན་ཆོས་མཉན་པའི་རྐྱེན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་བསྙེན་པར་འགྱུར་རོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྗེས་སུ་དྲན་པའི་རྐྱེན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་བསྙེན་པར་འགྱུར་ཞེ་ན། འདི་ལྟར་བསམས་པའི་རྐྱེན་གྱིས་སེམས་རྣམ་པར་གྲོལ་ལོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་རྟག་ཏུ་འདོད་པ་ལྔས་དཀྲིས་ཤིང་གླགས་པ་ལས་བསམ་པའི་ཕྱི་རྣམ་པར་གྲོལ་བར་གྱུར་ཏེ། དེ་ལྟ་བས་ན་བསམས་པའི་རྐྱེན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་བསྙེན་པར་འགྱུར་རོ། །གཞན་ཡང ། རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ནི་རྟག་ཏུ་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ལ་སོགས་པ་ཆོས་རྣམ་པ་བཞིས་བསླད་དེ་བསམས་པའི་ཕྱིར་ཆོས་ཐམས་ཅད་མི་རྟག་པ་དང ། མི་བདེ་བ་དང ། བདག་མེད་པ་དང ། ཡོངས་སུ་མ་དག་པར་མཐོང་ངོ ། །དེ་ལྟར་མཐོང་ནས་ཕྱིན་ཅི་ལོག་བཞིའང་ཆོད་དོ། །དེ་ལྟ་བས་ན་བསམས་པའི་རྐྱེན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་བསྙེན་པར་འགྱུར་རོ། །གཞན་ཡང ། རིགས་ཀྱི་བུ།
Kha85a
༄#། །ཆོས་ཐམས་ཅད་ལ་མཚན་ཉིད་རྣམ་པ་བཞི་ཡོད་དོ། །བཞི་གང་ཞེ་ན། སྐྱེ་བའི་མཚན་ཉིད་དང ། རྒ་བའི་མཚན་ཉིད་དང ། ན་བའི་མཚན་ཉིད་དང ། འགོག་པའི་མཚན་ཉིད་དེ། མཚན་ཉིད་དེ་བཞིས་བུས་པ་མར་བས་སོ་སོའི་སྐྱེ་བོ་ཐམས་ཅད་དང ། རྒྱུན་དུ་ཞུགས་པའི་བར་དུ་རབ་ཏུ་ཉོན་མོངས་པར་འགྱུར་ཏེ། གང་རྩེ་གཅིག་ཏུ་བསམས་ན་རྣམ་པ་དེ་བཞི་དང་ཕྲད་ཀྱང་ཉོན་མོངས་པ་མི་སྐྱེ་སྟེ། དེ་ལྟ་བས་ན་བསམས་པའི་རྐྱེན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་བསྙེན་པར་འགྱུར་རོ། །གཞན་ཡང ། རིགས་ཀྱི་བུ། དགེ་བའི་ཆོས་ཐམས་ཅད་ནི་མ་བསམས་པར་གཞན་གྱིས་ཐོབ་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་གང་གིས་བསྐལ་པ་ཚད་མེད་གྲངས་མེད་མཐའ་ཡས་པའི་བར་དུ་སེམས་རྩེ་གཅིག་ཏུ་ཆོས་མཉན་ཀྱང ། གལ་ཏེ་བསམས་ན་ནམ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ། །དེ་ལྟ་བས་ན་ཡིད་ལ་བྱས་པའི་རྐྱེན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་བསྙེན་པར་འགྱུར་རོ། །གཞན་ཡང ། རིགས་ཀྱི་བུ། གལ་ཏེ་སེམས་ཅན་གང་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་འཕོ་བ་དང་འགྱུར་བ་མེད་པར་ཡིད་ཆེས་ཤིང་བཀུར་སྟི་དང ། བསྟི་སྟང་བྱེད་ན། དེའང་སེམས་རྩི་གཅིག་ཏུ་ཡིད་ལ་བྱས་པའི་རྐྱེན་གྱིས་ཉོན་མོངས་པ་ཐམས་ཅད་ཆོད་པར་རིག་པར་
Kha85b
བྱ་སྟེ། དེ་ལྟ་བས་ན་ཡིད་ལ་བྱས་པའི་རྐྱེན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་བསྙེན་པར་འགྱུར་རོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་བཞིན་དུ་སྒོམ་པ་ཞེ་ན། རིགས་ཀྱི་བུ། གང་མི་དགེ་བའི་ཆོས་ཐམས་ཅད་སྤོང་ཞིང ། དགེ་བའི་ཆོས་ལ་ནན་ཏན་བྱེད་པ་ནི་བྱང་ཆུབ་སེམས་དཔའ་ཆོས་བཞིན་དུ་སྒོམ་པ་ཞེས་བྱའོ། །ཡང་ཇི་ལྟར་ན་ཆོས་བཞིན་དུ་བསྒོམ་པ་ཞེ་ན། ཆོས་ཐམས་ཅད་སྟོང་པ། དམིགས་སུ་མེད་པ། མི་རྟག་པ། མི་བདེ་བ། བདག་མེད་པ། ཡོངས་སུ་མ་དག་པར་མཐོང་བ་སྟེ། དེ་ལྟར་མཐོང་བའི་ཕྱིར་ལུས་དང་སྲོག་ཡལ་ཡང་ཚུལ་ཁྲིམས་སྡོམ་པ་མི་འཇིག་པ་ནི་བྱང་ཆུབ་སེམས་དཔའ་ཆོས་བཞིན་དུ་སྒོམ་པ་ཞེས་བྱའོ། །གཞན་ཡང་ཇི་ལྟར་ན་ཆོས་བཞིན་དུ་སྒོམ་པ་ཞེ་ན། སྒོམ་པ་ལ་རྣམ་པ་གཉིས་ཏེ།་ཡང་དག་པ་དང ། ཡང་དག་པ་མ་ཡིན་པའོ། །དེ་ལ་ཡང་དག་པ་མ་ཡིན་པ་ནི་མྱ་ངན་ལས་འདས་པ་དང ། སངས་རྒྱས་ཀྱི་རང་བཞིན་དང ། དེ་བཞིན་གཤེགས་པ་དང ། ཆོས་དང།་དགེ་འདུན་དང ། ཡང་དག་པ་དང ། ནམ་མཁའི་མཚན་ཉིད་མི་ཤེས་པ་ནི་ཡང་དག་པ་མ་ཡིན་པ་ཞེས་བྱའོ། །དེ་ལ་ཡང་དག་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་དང ། སངས་རྒྱས་ཀྱི་རང་བཞིན་དང ། དེ་བཞིན་གཤེགས་པ་དང ། ཆོས་དང ། དགེ་འདུན་དང ། ཡང་དག་པའི་མཚན་ཉིད་དང ། ནམ་མཁའི་མཚན་ཉིད་ཤེས་པ་ནི་ཡང་དག་པ་ཞེས་བྱའོ། །
Kha86a
༄#། །དེ་ལ་ཇི་ལྟར་ན་མྱ་ངན་ལས་འདས་པའི་མཚན་ཉིད་ཤེས་པ་ཞེ་ན། མྱ་ངན་ལས་འདས་པའི་མཚན་ཉིད་ལ་དངོས་པོ་རྣམ་པ་བརྒྱད་ཡོད་དོ། །བརྒྱད་གང་ཞེ་ན། ཟད་པ་དང ། དགེ་བའི་མཚན་ཉིད་དང ། བདེན་པ་དང ། ཡང་དག་པ་དང ། རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་སྟེ། དེ་ནི་མྱ་ངན་ལས་འདས་པའོ། །གཞན་ཡང་དངོས་པོ་རྣམ་པ་བརྒྱད་ཡོད་དོ། །བརྒྱད་གང་ཞེ་ན། རྣམ་པར་གྲོལ་བ་དང ། དགེ་བའི་རང་བཞིན་དང ། ཡང་དག་པ་མ་ཡིན་པ་དང ། མི་བདེན་པ་དང ། མི་རྟག་པ་དང ། མི་བདེ་བ་དང ། བདག་མེད་པ་དང ། ཡོངས་སུ་མ་དག་པའོ། །གཞན་ཡང་མཚན་ཉིད་རྣམ་པ་དྲུག་ཡོད་དོ། །གང་ཞེ་ན། རྣམ་པར་གྲོལ་བ་དང ། དགེ་བའི་རང་བཞིན་དང ། མི་བདེན་པ་དང ། ཡང་དག་པ་མ་ཡིན་པ་དང ། བདེ་བ་དང ། ཡོངས་སུ་དག་པའོ། །གལ་ཏེ་སེམས་ཅན་གང་ཀུན་རྫོབ་ཀྱི་ལམ་ལ་བརྟེན་ཏེ། ཉོན་མོངས་པ་གཅོད་པ་མྱ་ངན་ལས་འདས་པ་ནི་དངོས་པོ་རྣམ་པ་བརྒྱད་ཡོད་དེ། རྣམ་པར་གྲོལ་བ་དེ་ནི་མི་བདེན་པའོ། །དེ་ཅིའི་ཕྱིར་ཞེ་ན། མི་རྟག་པའི་ཕྱིར་རོ། །དེ་ལྟར་མི་རྟག་པའི་ཕྱིར་བདེན་པ་མེད་དོ། །བདེན་པ་མེད་པའི་ཕྱིར་ཡང་དག་པ་མེད་དེ། ཉོན་མོངས་པ་ཆོད་ཀྱང་ཕྱིར་ལྡང་བའི་ཕྱིར་རོ། །མི་རྟག་པ་དང ། བདག་མེད་པ་དང ། མི་བདེ་བ་དང ། ཡོངས་སུ་མ་དག་པ་ནི་མྱ་ངན་ལས་འདས་པའི་
Kha86b
རྣམ་པར་གྲོལ་བའི་དངོས་པོ་བརྒྱད་ཅེས་བྱའོ། །ཇི་ལྟར་ན་མཚན་ཉིད་དྲུག་ཞེ་ན། ཉན་ཐོས་དང ། རང་སངས་རྒྱས་ནི་ཉོན་མོངས་པ་ཆོད་པའི་ཕྱིར་རྣམ་པར་གྲོལ་བ་ཞེས་བྱའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཐོབ་པའི་ཕྱིར་མི་བདེན་པ་ཞེས་བྱའོ། །དེ་ལྟར་མི་བདེན་པའི་ཕྱིར་ཡང་དག་པ་མ་ཡིན་པ་ཞེས་བྱའོ། །མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བའི་ཕྱིར་མི་རྟག་པ་ཞེས་བྱའོ། །ཟག་པ་མེད་པའི་འཕགས་པའི་ལམ་བརྒྱད་ཐོབ་པས་བདེ་བ་དང ། ཡོངས་སུ་དག་པ་ཞེས་བྱའོ། །རིགས་ཀྱི་བུ། གང་དེ་ལྟར་ཤེས་པ་ནི་མྱ་ངན་ལས་འདས་པ་ཤེས་པ་ཞེས་བྱ་སྟེ། སངས་རྒྱས་ཀྱི་རང་བཞིན་དང ། དེ་བཞིན་གཤེགས་པ་དང ། ཆོས་དང ། དགེ་འདུན་བདེན་པའི་མཚན་ཉིད་དང ། ནམ་མཁའི་མཚན་ཉིད་ཤེས་པ་ཞེས་བྱའོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་རང་བཞིན་ཤེས་པ་ཞེ་ན། སངས་རྒྱས་ཀྱི་རང་བཞིན་ལ་རྣམ་པ་དྲུག་སྟེ། དྲུག་གང་ཞེ་ན།་རྟག་པ་དང ། ཡོངས་སུ་དག་པ་དང ། བདེན་པ་དང ། དགེ་བ་དང ། མཐོང་བར་འགྱུར་བ་དང ། ཡང་དག་པའོ། །གཞན་ཡང་དངོས་པོ་རྣམ་པ་བདུན་ཡོད་དོ། །གང་ཞེ་ན། རིག་པར་འགྱུར་པ་སྟེ། དྲུག་ནི་གོང་མ་བཞིན་ནོ། །དེ་ནི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་རང་བཞིན་ཤེས་པ་ཞེས་བྱའོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་
Kha87a
༄#། །མཚན་ཉིད་ཤེས་པ་ཞེ་ན། དེ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཚོར་བའི་མཚན་ཉིད། དགེ་བའི་མཚན་ཉིད། རྟག་པ་དང ། བདེ་བ་དང ། བདག་དང།་ཡོངས་སུ་དག་པ་རྣམ་པར་གྲོལ་བ། བདེན་པ་ཡང་དག་པ་ལམ་སྟོན་པ་ལྟར་རུང་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་མཚན་ཉིད་ཤེས་པའོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་མཚན་ཉིད་ཤེས་པ་ཞེ་ན། དེ་ལ་ཆོས་ཤེས་པ་ཞེས་བྱ་བ་ནི། དགེ་བ་དང ། མི་དགེ་བ་དང ། རྟག་པ་དང ། མི་རྟག་པ་དང ། བདེ་བ་དང ། མི་བདེ་བ་དང ། བདག་དང ། བདག་མེད་པ་དང ། ཡོངས་སུ་དག་པ་དང ། ཡོངས་སུ་མ་དག་པ་དང ། ཤེས་པ་དང ། མི་ཤེས་པ་དང ། རིག་པ་དང ། མ་རིག་པ་དང ། བདེན་པ་དང ། མི་བདེན་པ་དང ། སྒོམ་པ་དང ། མི་སྒོམ་པ་དང ། སློབ་དཔོན་དང ། སློབ་དཔོན་མ་ཡིན་པ་དང ། ཡང་དག་པ་དང ། ཡང་དག་པ་མ་ཡིན་པ་སྟེ། དེ་དག་ཤེས་པ་ནི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་མཚན་ཉིད་ཤེས་པ་ཞེས་བྱའོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དགེ་འདུན་གྱི་མཚན་ཉིད་ཤེས་པ་ཞེ་ན། དགེ་འདུན་ཞེས་བྱ་བ་ནི་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་དང ། སློབ་པའི་མཚན་ཉིད་བལྟར་རུང་བའི་མཚན་ཉིད་དགེ་བ་ཡང་དག་པ་བདེན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་ཐམས་ཅད་
Kha87b
སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པའི་ཕྱིར་རོ། །བདེན་པ་གང་ཞེ་ན། ཆོས་ཀྱི་ངོ་བོ་ཉིད་རིག་པ་སྟེ། དེ་ལྟར་ཤེས་པ་དེ་ནི་བྱང་ཆུབ་སེམས་དཔའ་དགེ་འདུན་གྱི་མཚན་ཉིད་ཤེས་པ་ཞེས་བྱའོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཡང་དག་པའི་མཚན་ཉིད་ཤེས་པ་ཞེ་ན། དེ་ལ་ཡང་དག་པའི་མཚན་ཉིད་ཅེས་བྱ་བ་ནི་རྟག་པ་དང ། མི་རྟག་པ་དང ། བདེ་བ་དང ། མི་བདེ་བ་དང ། བདག་དང།་བདག་མེད་པ་དང ། ཡོངས་སུ་དག་པ་དང ། ཡོངས་སུ་མ་དག་པ་དང ། དགེ་བ་དང ། མི་དགེ་བ་དང ། ཡོད་པ་དང ། མེད་པ་དང ། མྱ་ངན་ལས་འདས་པ་དང ། མྱ་ངན་ལས་འདས་པ་མ་ཡིན་པ་དང ། རྣམ་པར་གྲོལ་བ་དང ། རྣམ་པར་གྲོལ་བ་མ་ཡིན་པ་དང ། ཤེས་པ་དང ། མི་ཤེས་པ་དང ། ཆད་པ་དང ། མ་ཆད་པ་དང ། རིག་པ་དང ། མ་རིག་པ་དང ། སྒོམ་པ་དང ། མི་སྒོམ་པ་དང ། མཐོང་བ་དང ། མ་མཐོང་བ་ནི་ཡང་དག་པའི་མཚན་ཉིད་ཅེས་བྱ་སྟེ། མྱ་ངན་ལས་འདས་པ་དང ། སངས་རྒྱས་ཀྱི་རང་བཞིན་དང ། དེ་བཞིན་གཤེགས་པ་དང ། ཆོས་དང ། དགེ་འདུན་དང ། ནམ་མཁའ་ནི་མ་ཡིན་ནོ། །དེ་ནི་བྱང་ཆུབ་སེམས་དཔའ་དེ་ལྟར་མྱ་ངན་ལས་འདས་པ་ཆེན་པོ་སྒོམ་པའི་རྐྱེན་གྱིས་མྱ་ངན་ལས་འདས་པ་དང ། སངས་རྒྱས་ཀྱི་རང་བཞིན་དང།་དེ་བཞིན་གཤེགས་པ་དང ། ཆོས་དང ། དགེ་འདུན་གྱི་མཚན་ཉིད་དང ། ཡང་དག་པ་དང ། ནམ་མཁའི་མཚན་ཉིད་ལ་སོགས་པའི་ཁྱད་པར་རིག་པར་གྱུར་ཏོ། །རིགས་ཀྱི་བུ།
Kha88a
༄#། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་དམ་པ་སྒོམ་པས་ནི་ནམ་མཁའ་མི་མཐོང་ངོ ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སྤྱན་ལྔ་ཡོད་ཀྱང་མི་མཐོང་སྟེ། ཤེས་རབ་ཀྱི་སྤྱན་འབའ་ཞིག་གིས་མཐོང་ངོ ། །ཤེས་རབ་ཀྱི་སྤྱན་གྱིས་མཐོང་བའང་ཆོས་གང་ཡང་མི་མཐོང་བས་མཐོང་བ་ཞེས་བྱའོ། །དངོས་པོ་ཅིའང་མེད་པ་ནམ་མཁའ་ཞེས་བྱ་ན། ནམ་མཁའ་དེ་ནི་ཡང་དག་པར་འགྱུར་རོ། །དེ་ལྟར་ཡང་དག་པར་འགྱུར་ན་རྟག་ཏུ་མེད་པ་ཞེས་བྱ་སྟེ། རྟག་ཏུ་མེད་པའི་ཕྱིར་བདེ་བ་དང་ཡོངས་སུ་དག་པའང་མེད་དོ། །རིགས་ཀྱི་བུ། སྟོང་པ་ནི་མེད་པའི་ཆོས་སོ་མེད་པའི་ཆོས་ཅན་པས་སྟོང་པ་ཞེས་བྱའོ། །དཔེར་ན། འཇིག་རྟེན་ན་དངོས་པོ་ཅིའང་མེད་པ་ལ་སྟོང་པ་ཞེས་བྱ་སྟེ། དེ་བཞིན་དུ་ནམ་མཁའི་རང་བཞིན་ཡང་དངོས་པོ་ཅིའང་མེད་པའི་ཕྱིར་ནམ་མཁའ་ཞེས་བྱའོ། །རིགས་ཀྱི་བུ། སེམས་ཅན་གྱི་རང་བཞིན་དང ། ནམ་མཁའི་རང་བཞིན་གཉིས་ཀ་ལ་ཡང་དག་པའི་རང་བཞིན་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དཔེར་ན། མི་དག་འདི་སྐད་དུ་ཡོད་པའི་དངོས་པོ་མེད་པར་བྱས་ན་སྟོང་པར་འགྱུར་ཞེས་ཟེར་ཏེ། ནམ་མཁའ་ནི་ཡང་དག་པར་ན་བྱར་རུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཅིའང་མེད་པའི་ཕྱིར་ཏེ། ཅིའང་མེད་པ་ཡིན་པས་ན་སྟོང་པ་མེད་
Kha88b
པར་རིག་པར་བྱའོ། །གལ་ཏེ་ནམ་མཁའི་རང་བཞིན་བྱར་རུང་བ་ཞིག་ཡིན་ན་མི་རྟག་པར་འགྱུར་ཏེ། གང་མི་རྟག་པ་དེ་ནི་ནམ་མཁའ་ཞེས་མི་བྱའོ། །རིགས་ཀྱི་བུ། དཔེར་ན། འཇིག་རྟེན་པ་དག་ནི་འདི་སྐད་དུ་ནམ་མཁའ་ནི་གཟུགས་མེད་པ། ཐོགས་པ་མེད་པ། རྟག་པ། མི་འགྱུར། མི་འཕོ་བའོ་ཞེས་ཟེར་ཏེ། དེ་བས་ན་འཇིག་རྟེན་ན་ནམ་མཁའ་ལ་ཆེན་པོ་ལྔ་པ་ཞེས་བརྗོད་དོ། །རིགས་ཀྱི་བུ། ཡང་དག་པར་ན་ནམ་མཁའ་དེ་ལ་རང་བཞིན་མེད་དེ། སྣང་བའི་ཕྱིར་ནམ་མཁའ་ཞེས་བཏགས་ཏེ། ཡང་དག་པར་ན་ནམ་མཁའ་མེད་དོ། དཔེར་ན། ཀུན་རྫོབ་ཀྱི་བདེན་པ་ལ་རང་བཞིན་མེད་དེ། སེམས་ཅན་གྱི་ཕྱིར་ཀུན་རྫོབ་ཀྱི་བདེན་པའང་བསྟན་ནོ། །རིགས་ཀྱི་བུ། མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཀྱང་དེ་དང་འདྲ་སྟེ། གནས་མེད་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཉོན་མོངས་པ་གཅོད་པའི་གནས་ཡིན་པས་ན་མྱ་ངན་ལས་འདས་པ་ཞེས་བྱའོ། །མྱ་ངན་ལས་འདས་པ་ཉིད་ནི་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པའོ། །མྱ་ངན་ལས་འདས་པ་བདེ་བ་ཡིན་ཡང་བདེ་བ་མྱོང་བ་མ་ཡིན་ཏེ། བླ་ན་མེད་པ་ཞི་བ་དམ་པའི་བདེ་བའོ། །སངས་རྒྱས་བཅོམ་ལྡན་འདས་ལ་བདེ་བ་རྣམ་པ་གཉིས་ཡོད་དེ། རབ་ཏུ་ཞི་བའི་བདེ་བ་དང ། རྣམ་པར་རིག་པའི་བདེ་བའོ། །ཡང་དག་པའི་མཚན་ཉིད་ཀྱི་རང་བཞིན་ལ་བདེ་བ་རྣམ་པ་གསུམ་སྟེ། མྱོང་བའི་བདེ་བ་དང ། རབ་ཏུ་
Kha89a
༄#། །ཞི་བའི་བདེ་བ་དང ། རྣམ་པར་རིག་པའི་བདེ་བའོ། །སངས་རྒྱས་ཀྱི་རང་བཞིན་ནི་བདེ་བ་གཅིག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་བདེ་བའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྣང་བ་མཐོ་བཙུན་དཔལ་གྱི་རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཉོན་མོངས་པ་ཆོད་པའི་གནས་དེ་ལ་མྱ་ངན་ལས་འདས་པ་ལགས་སོ་ཞེས་བགྱི་བདེ་མི་རུང་ངོ ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་སྔོན་ཐོག་མ་མངོན་པར་སངས་རྒྱས་ནས་ཆུ་བོ་དགའ་སྐྱེད་ཀྱི་འགྲམ་དུ་གཤེགས་ཏེ། དེའི་ཚེ་དེའི་དུས་ན་བདུད་ཀྱི་རྒྱལ་པོ་འཁོར་དང་བཅས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ནས། འདི་སྐད་དུ་བཅོམ་ལྡན་འདས་མྱ་ངན་ལས་འདའ་པའི་དུས་ལ་བབ་ན་ཅི་སྟེ་མྱ་ངན་ལས་འདའ་བར་མི་གཤེགས་ཞེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་བདུད་ཀྱི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ལ་ད་ལྟར་མང་དུ་ཐོས་པའི་ཉེ་གནས་ཚུལ་ཁྲིམས་སྡོམ་པ། དབང་པོ་གསལ་ཞིང་ཤེས་རབ་རྣོ་བ། སེམས་ཅན་གྱི་དོན་བྱེད་ནུས་པ་མེད་པས་ང་མྱ་ངན་ལས་མི་འདའོ་ཞེས་བཀའ་སྩལ་ཏོ། །གལ་ཏེ་ཉོན་མོངས་པ་ཆོད་པའི་གནས་དེ་ཉིད་མྱ་ངན་ལས་འདས་པ་ལགས་ན། བྱང་ཆུབ་སེམས་དཔའ་རྣམས་བསྐལ་པ་ཚད་མེད་པ་ནས་ཉོན་མོངས་པ་
Kha89b
ཆོད་པ་ལགས་ན། ཅིའི་སླད་དུ་མྱ་ངན་ལས་འདས་པ་ཞེས་མི་གདགས། དེ་གཉིས་ཀའང་ཆོད་པའི་གནས་ལགས་ན། ཅིའི་སླད་དུ་སངས་རྒྱས་བཅོམ་ལྡན་འདས་ལ་ནི་མངའི། བྱང་ཆུབ་སེམས་དཔའ་ལ་མ་མཆིས། གལ་ཏེ་ཉོན་མོངས་པ་ཆོད་པ་དེ་མྱ་ངན་ལས་འདས་པ་མ་ལགས་ན། ཅིའི་སླད་དུ་དེ་བཞིན་གཤེགས་པ་སྔོན་བྲམ་ཟེ་སྐྱེ་གྲགས་ཞེས་བགྱི་བ་ལ། འདི་སྐད་དུ་ངའི་སྐུ་འདི་ཉིད་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བཀའ་སྩལ། དེ་བཞིན་གཤེགས་པ་ལ་ཡང་དུས་གཅིག་ན་ཡུལ་ཡངས་པ་ཅན་ན་བཞུགས་པའི་ཚེ་བདུད་ཀྱིས་ཡང་གསོལ་བ་བཏབ་སྟེ། དེ་བཞིན་གཤེགས་པ་ལ་སྔོན་ནི་མང་དུ་ཐོས་པའི་ཉེ་གནས་ཚུལ་ཁྲིམས་འཛིན་པ། ཤེས་རབ་གསལ་ཞིང་དབང་པོ་རྣོ་བ། སེམས་ཅན་གྱི་དོན་བྱེད་ནུས་པ་མེད་པས་མྱ་ངན་ལས་མི་འདའོ་ཞེས་གསུངས་ཏེ། ད་ནི་དེ་ལྟ་བུ་དག་དང་ལྡན་པའང་མཆིས་ན། ཅིའི་སླད་དུ་མྱ་ངན་ལས་མི་འདའ་ཞེས་གསོལ་ཏོ། །དེ་བཞིན་གཤེགས་པས་དེའི་ཚེ་བདུད་ཀྱི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་གཟུགས་ལ་ཐོགས་པའི་འདུ་ཤེས་མ་སྐྱེད་ཅིག་།ད་སྟེ་ཟླ་བ་གསུམ་ན། ང་ཡོངས་སུ་མྱ་ངན་ལས་འདའོ་ཞེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས། གལ་ཏེ་སྐུ་ཚེ་འདས་པ་དེ་མྱ་ངན་ལས་འདས་པ་མ་ལགས་ན། ཅིའི་སླད་དུ་དེ་བཞིན་གཤེགས་པས་ད་སྟེ་ཟླ་བ་གསུམ་ན་ཡོངས་སུ་མྱ་ངན་ལས་འདའོ་ཞེས་གསུངས། བཅོམ་ལྡན་འདས། གལ་ཏེ་ཉོན་
Kha90a
༄#། །མོངས་པ་ཆོད་པ་ཉིད་མྱ་ངན་ལས་འདས་པ་ལགས་ན། དེ་བཞིན་གཤེགས་པ་ཐོག་མར་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྙིང་པོར་མངོན་པར་བྱང་ཆུབ་ནས་ཉོན་མོངས་པ་བཅོམ་པས་དེ་ཉིད་མྱ་ངན་ལས་འདས་པ་ལགས་ན། ཅིའི་སླད་དུ་ད་སྟེ་ཟླ་བ་གསུམ་ན་ཡོངས་སུ་མྱ་ངན་ལས་འདའོ་ཞེས་གསུངས། བཅོམ་ལྡན་འདས། གལ་ཏེ་དེའི་ཚེ་མྱ་ངན་ལས་འདས་ན། ཅིའི་སླད་དུ་གྲོང་ཁྱེར་རྩཝ་མཆོག་ཏུ་སྟོབས་པོ་ཆེ་དག་ལ་ནམ་གྱི་དགུང་ལ་ང་ཡོངས་སུ་མྱ་ངན་ལས་འདའོ་ཞེས་གསུངས། དེ་བཞིན་གཤེགས་པ་ནི་བདེན་པ་གསུང་པ་ལགས་ན། ཅི་སྟེ་མི་བདེན་པའི་ཚིག་དེ་དག་གསུངས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྣང་བ་མཐོ་བཙུན་དཔལ་གྱི་རྒྱལ་པོ་ལ་བཀའ་སྩལ་པ། རིགས་ཀྱི་བུ། འདི་སྐད་དུ་དེ་བཞིན་གཤེགས་པ་ལྗགས་རིང་ཞིང་ཡངས་པ་མངའོ་ཞེས་གསུངས་པས་ན། དེ་བཞིན་གཤེགས་པ་བསྐལ་པ་ཚད་མེད་པ་ནས་མི་བདེན་པའི་ཚིག་དང་བྲལ་བ་ཡིན་པར་རིག་པར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་ཅི་སྨྲའོ་ཅོག་ཚིག་བརྟགས་པ་ཡིན་ཏེ། མི་བདེན་པའང་མ་ཡིན་ནོ། རིགས་ཀྱི་བུ། ཇི་ལྟར་ཁྱོད་ཀྱིས་སྨྲས་པ་ལྟར་བདུད་སྡིག་ཏོ་ཅན་གྱིས་སྔོན་ང་ལ་མྱ་ངན་ལས་འདའ་བར་གསོལ་བ་བཏབ་པ་བདེན་ཏེ། རིགས་ཀྱི་བུ། བདུད་ཀྱི་རྒྱལ་པོ་མྱ་ངན་ལས་
Kha90b
འདས་པ་ངེས་པའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་མི་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། བདུད་སྡིག་ཏོ་ཅན་གྱི་ཡིད་ལ་སེམས་ཅན་གྱི་དོན་མི་བྱེད་པར་ཅང་མི་སྨྲ་བར་འདུག་ན་མྱ་ངན་ལས་འདས་པ་ཡིན་ནོ་སྙམ་སེམས་སོ། །རིགས་ཀྱི་བུ། དཔེར་ན། འཇིག་རྟེན་པས་མི་ཞིག་མི་སྨྲ་ཞིང་ཅང་མི་བྱེད་པ་མཐོང་ན། མི་དེ་ཤི་བ་དང་ཐ་མི་དད་དོ་ཞེས་ཟེར་རོ། །དེ་བཞིན་དུ་བདུད་སྡིག་ཏོ་ཅན་གྱི་ཡིད་ལའང་དེ་བཞིན་གཤེགས་པ་སེམས་ཅན་གྱི་དོན་མི་མཛད་ཅིང་ཅང་མི་གསུང་པ་དེ་ཉིད་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་ཡིན་ནོ་སྙམ་སེམས་སོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པས་སངས་རྒྱས་དང ། ཆོས་དང ། དགེ་འདུན་གྱི་མཚན་ཉིད་ཁྱད་པར་མེད་པར་མ་བཤད་དེ། རྟག་པར་གནས་པ་དང ། རྣམ་པར་དག་པའི་ཆོས་གཉིས་པོ་འབའ་ཞིག་ཁྱད་པར་མེད་པར་བཤད་དོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པས་སངས་རྒྱས་དང ། སངས་རྒྱས་ཀྱི་རང་བཞིན་དང ། མྱ་ངན་ལས་འདས་པའི་མཚན་ཉིད་ཁྱད་པར་མེད་པར་མ་བཤད་དོ། །ཐེར་ཟུག་དང ། རྟག་པ་མི་འགྱུར་བ་འབའ་ཞིག་ཁྱད་པར་མེད་པར་བཤད་དོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པས་མྱ་ངན་ལས་འདས་པ་དང ། ཡང་དག་པའི་མཚན་ཉིད་ཁྱད་པར་མེད་པར་མ་བཤད་དེ། རྟག་ཏུ་ཡོད་པ་དང ། ཡང་དག་པར་མི་འགྱུར། མི་འཕོ་བ་འབའ་ཞིག་ཁྱད་པར་མེད་པར་བཤད་དོ། །རིགས་ཀྱི་བུ། དེའི་ཚེ་དེའི་དུས་
Kha91a
༄#། །ན་ངའི་ཉན་ཐོས་ཀྱི་ཉེ་གནས་ཐམས་ཅད་རྩོད་པར་འགྱུར་ཏེ། ཇི་ལྟར་ཡུལ་ཀཽ་ཤམྦྷིའི་དགེ་སློང་མ་རུངས་པ་རྣམས་ངའི་ལུང་དང་འགལ་བར་བྱེད་དེ། ཚུལ་ཁྲིམས་སྡོམ་པ་བཤིག་ནས་མ་བརྟགས་པའི་རྫས་ལེན་ཏེ། རྙེད་པ་དང ། གྲགས་པ་ཚོལ་བའི་ཕྱིར་ཁྱིམ་པ་རྣམས་ཀྱི་གན་དུ་བདག་བསྟོད་དེ། འདི་ལྟར་ངས་ཟག་པ་མེད་པ་ཐོབ་བོ། ། གང་ཞེ་ན། རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་འབྲས་བུའི་བར་ཐོབ་བོ་ཞེས་ཟེར་ཞིང་གཞན་ལ་བརྙས་སྨོད་དོ། །སངས་རྒྱས་དང ། ཆོས་དང ། དགེ་འདུན་དང ། ཚུལ་ཁྲིམས་དང།་མཁན་པོ་ལ་བཀུར་སྟི་མི་སྐྱེད། ཁྱོད་ཀྱིས་ང་ལ་འདི་སྐད་དུ་རྫས་འདི་ལྟ་བུ་ནི་སངས་རྒྱས་ཀྱིས་འཆང་དུ་གནང་ངོ ། །རྫས་འདི་ལྟ་བུ་དག་ནི་སངས་རྒྱས་ཀྱིས་འཆང་དུ་མི་གནང་ངོ་ཞེས་ཟེར་བ་ལས། ངས་ཀྱང་འདི་སྐད་དུ་རྫས་འདི་ལྟ་བུ་དག་ནི་ངས་ཡང་དག་པར་མ་གནང་ངོ་ཞེས་བྱས་ནའང་ངའི་ཚིག་བཟློག་སྟེ། རྫས་འདི་ལྟ་བུ་དག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གནང་ངོ་ཞེས་ཟེར་ཏེ། མ་རུངས་པ་དེ་དག་ངའི་ཚིག་ལ་ཡིད་མི་ཆེས་ནས་དེ་དག་གི་ཕྱིར་ངས་བདུད་སྡིག་ཏོ་ཅན་ལ་ཁྱོད་ཐོགས་སོ་སྙམ་མ་སེམས་ཤིག་།ད་སྟེ་ཟླ་བ་གསུམ་ན་ཡོངས་སུ་མྱ་ངན་ལས་འདའོ་ཞེས་བྱས་སོ། །རིགས་ཀྱི་བུ། དགེ་སློང་མ་རུངས་པ་དེ་དག་གི་ཕྱིར་ཉན་ཐོས་ཀྱི་ཉེ་གནས་བསླབ་པ་ལ་ཞུགས་པ་རྣམས་ངའི་སྐུ་
Kha91b
མི་མཐོང་ཞིང ། ངའི་ཆོས་མི་ཐོས་པས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་སོ་ཞེས་ཟེར་རོ། །བྱང་ཆུབ་སེམས་དཔའ་དག་ནི་ངའི་སྐུ་མཐོང་ཞིང ། རྟག་ཏུ་ང་ལ་ཆོས་ཐོས་པས་ང་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་མི་ཟེར་རོ། །ཉན་ཐོས་ཀྱི་ཉེ་གནས་དག་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་སོ་ཞེས་ཟེར་མོད་ཀྱི། ང་ནི་ཡང་དག་པར་མྱ་ངན་ལས་མ་འདས་སོ། །རིགས་ཀྱི་བུ། གལ་ཏེ་ངའི་ཉན་ཐོས་ཀྱི་ཉེ་གནས་དག་ལས། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་སོ་ཞེས་སྨྲ་བ་དེ་ནི་ངའི་ཉེ་གནས་མ་ཡིན་ཏེ། བདུད་ཀྱི་གྲོགས་སུ་གྱུར་པ། ངན་པར་ལྟ་བ། སྡིག་པ་ཅན། ཡང་དག་པར་ལྟ་བ་མ་ཡིན་པ་ཡིན་པར་རིག་པར་བྱའོ། །གང་དེ་བཞིན་གཤེགས་པ་མྱ་ངན་ལས་མ་འདས་སོ་ཞེས་ཟེར་བ་ནི་དེ་ཉིད་ངའི་ཉེ་གནས་ཡང་དག་པ་ཡིན་ཏེ། བདུད་ཀྱི་གྲོགས་མ་ཡིན། ཡང་དག་པར་ལྟ་བ། ངན་པར་ལྟ་བ་མ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། ངས་ཐོག་མ་ནས་ངའི་ཉེ་གནས་ལས་དེ་བཞིན་གཤེགས་པ་སེམས་ཅན་གྱི་དོན་མི་བྱེད་ཅིང་ཅང་མི་སྨྲ་བར་བཞུགས་ཏེ། དེ་ནི་ཡོངས་སུ་མྱ་ངན་ལས་འདས་པའོ་ཞེས་ཟེར་བ་མ་མཐོང་ངོ ། །རིགས་ཀྱི་བུ། དཔེར་ན། ཁྱིམ་བདག་ཞིག་ལ་བུ་མང་དུ་ཡོད་དེ། གལ་ཏེ་ཁྱིམ་བདག་དེ་ཕྱོགས་གཞན་ཞིག་ཏུ་སོང་བ་ལས་ཕྱིར་མ་ལོག་པའི་བར་དུ་བུ་རྣམས་ཀྱིས་ཕ་ཤིའོ་སྙམ་སེམས་ཏེ། ཁྱིམ་བདག་དེ་མ་ཤི་བར་བུ་རྣམས་ཕྱིན་ཅི་ལོག་གིས་བསླད་པས་
Kha92a
༄#། །ཤི་བའི་འདུ་ཤེས་སྐྱེད་དོ། །དེ་བཞིན་དུ་ཉན་ཐོས་ཀྱི་ཉེ་གནས་ཀྱང་ང་མི་མཐོང་བས་འདི་ལྟར་དེ་བཞིན་གཤེགས་པ་ནི་གྲོང་ཁྱེར་རྩཝ་མཆོག་ཏུ་སཱ་ལའི་ཤིང་བར་ན་ཡོངས་སུ་མྱ་ངན་ལས་འདས་སོ་སྙམ་སྟེ། ང་ནི་ཡང་དག་པར་ཡོངས་སུ་མྱ་ངན་ལས་མ་འདས་པར་ཉན་ཐོས་ཀྱི་ཉེ་གནས་རྣམས་མྱ་ངན་ལས་འདས་པའི་འདུ་ཤེས་སྐྱེད་དོ། །རིགས་ཀྱི་བུ། དཔེར་ན། སྒྲོན་མེ་གསལ་བ་ལ་གཅིག་གིས་བཀབ་ན། གཞན་མི་ཤེས་པ་རྣམས་སྒྲོན་མེ་ཤིའོ་སྙམ་སེམས་ཏེ། སྣང་བའི་དཔལ་དེ་ཡང་དག་པར་མ་ཤི་བར་མི་ཤེས་པའི་ཕྱིར་ཤི་བའི་འདུ་ཤེས་སྐྱེད་དོ། །དེ་བཞིན་དུ་ཉན་ཐོས་ཀྱི་ཉེ་གནས་ཀྱང་དེ་དང་འདྲ་སྟེ། ཤེས་རབ་ཀྱི་མིག་ཡོད་ཀྱང་ཉོན་མོངས་པས་ཁེབས་པས་སེམས་ཕྱིན་ཅི་ལོག་ཏུ་གྱུར་ཏེ། ཡང་དག་པའི་སྐུ་མི་མཐོང་བས་མེད་པ་དང ། འདས་པའི་འདུ་ཤེས་སྐྱེད་དེ། ང་ནི་ཡང་དག་པར་ན་མྱ་ངན་ལས་འདས་པ་མི་ལེན་ཏོ། །རིགས་ཀྱི་བུ། དཔེར་ན། དམུས་ལོང་ནི་ཉི་ཟླ་མི་མཐོང་ངོ། །དེ་ལྟར་མི་མཐོང་བའི་ཕྱིར་ཉིན་མཚན་དང ། སྣང་བ་དང ། མུན་པའི་མཚན་མ་མི་ཤེས་སོ། །དེ་ལྟར་མི་ཤེས་པའི་ཕྱིར་ཉི་མ་དང ། ཟླ་བ་ཡང་དག་པར་མེད་དོ་ཞེས་ཟེར་ཏེ། ཡང་དག་པར་ཉི་མ་དང ། ཟླ་བ་ཡོད་པ་ལས་དམུས་ལོང་གིས་མི་མཐོང་ངོ ། །དེ་ལྟར་མི་མཐོང་བའི་ཕྱིར་ལོག་པའི་འདུ་ཤེས་སྐྱེད་དེ། ཉི་ཟླ་མེད་དོ་ཞེས་ཟེར་རོ། །དེ་བཞིན་དུ་ཉན་
Kha92b
ཐོས་ཀྱི་ཉེ་གནས་ཀྱང་དམུས་ལོང་དེ་དང་འདྲ་སྟེ། དེ་བཞིན་གཤེགས་པ་མི་མཐོང་བས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་སོ་སྙམ་སེམས་ཏེ། དེ་བཞིན་གཤེགས་པ་ནི་ཡང་དག་པར་མྱ་ངན་ལས་མ་འདས་སོ། །དེ་དག་ལོག་པའི་འདུ་ཤེས་ཀྱིས་དེ་ལྟ་བུའི་སེམས་སྐྱེད་དོ། །རིགས་ཀྱི་བུ། དཔེར་ན། སྤྲིན་དང་ཁུག་རླངས་ཀྱིས་ཉི་ཟླ་བསྒྲིབས་ན་གླེན་པ་མི་ཤེས་པ་དག་ཉི་ཟླ་མེད་དོ་ཞེས་ཟེར་རོ། །ཉི་ཟླ་ནི་ཡང་དག་པར་ཡོད་ན་ཡོངས་སུ་ཁེབས་པའི་ཕྱིར་སེམས་ཅན་གྱིས་མི་མཐོང་ངོ ། །དེ་བཞིན་དུ་ཉན་ཐོས་ཀྱི་ཉེ་གནས་རྣམས་ཀྱང་དེ་དང་འདྲ་སྟེ། ཉོན་མོངས་པ་མང་པོས་ཤེས་རབ་ཀྱི་མིག་བསྒྲིབས་ཏེ། དེ་བཞིན་གཤེགས་པ་མི་མཐོང་བས་དེ་བཞིན་གཤེགས་པ་སྐུ་ཚེ་འདས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པས་བྱིས་པ་ཆུང་ངུའི་སྤྱོད་པ་བསྟན་པར་ཟད་ཀྱི། སྐུ་ཚེ་འདས་པ་ནི་མ་ཡིན་ནོ། །རིགས་ཀྱི་བུ། དཔེར་ན། ཛམྦུའི་གླིང་དུ་ཉི་མ་ནུབ་པ་ན་རི་ནག་པོས་བསྒྲིབས་པས་སེམས་ཅན་གྱིས་མི་མཐོང་སྟེ། ཉི་མའི་རང་བཞིན་ནི་ཡང་དག་པར་ནུབ་པ་མེད་དོ། །སེམས་ཅན་གྱིས་མི་མཐོང་བའི་ཕྱིར་ནུབ་པའི་འདུ་ཤེས་སྐྱེད་དོ། །དེ་བཞིན་དུ་ཉན་ཐོས་ཀྱི་ཉེ་གནས་རྣམས་ཀྱང་དེ་དང་འདྲ་སྟེ། ཉོན་མོངས་པའི་རི་བོས་བསྒྲིབས་པས་ངའི་སྐུ་མི་མཐོང་སྟེ། དེ་ལྟར་མི་མཐོང་བའི་ཕྱིར་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་སོ་སྙམ་པའི་འདུ་ཤེས་སྐྱེད་དོ། །ང་ནི་ཡང་དག་པར་མྱ་ངན་ལས་མ་འདས་སོ། །དེ་བས་ན་ངས་
Kha93a
༄#། །ཡུལ་ཡངས་པ་ཅན་དུ་བདུད་སྡིག་ཏོ་ཅན་ལ་ད་སྟེ་ཟླ་བ་གསུམ་ན་ཡོངས་སུ་མྱ་ངན་ལས་འདའོ་ཞེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པས་སྔ་ནས་བྱང་ཆུབ་སེམས་དཔའ་འོད་སྲུང་ཕྱིས་ཟླ་བ་གསུམ་ན་དགེ་བའི་རྩ་བ་སྨིན་པར་འགྱུར་བ་དང ། རི་སྤོས་ཀྱི་ངད་ཅན་ན་སུ་བརྟ་ལའི་ཚུལ་ནས་བྱུང་ནས་ངའི་སྤྱན་སྔར་འོང་པ་གཟིགས་ཏེ།་དེ་བས་ན་ངས་བདུད་སྡིག་ཏོ་ཅན་ལ་ད་སྟེ་ཟླ་བ་གསུམ་ན་ཡོངས་སུ་མྱ་ངན་ལས་འདའོ་ཞེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། གཞན་ཡང་སྟོབས་པོ་ཆེ་ལྔ་བརྒྱ་པོ་ཟླ་བ་གསུམ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་ཏེ། དེ་བས་ན་བདུད་སྡིག་ཏོ་ཅན་ལ་ད་སྟེ་ཟླ་བ་གསུམ་ན་ཡོངས་སུ་མྱ་ངན་ལས་འདའོ་ཞེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། ཙུནད་ལ་སོགས་པ་ལི་ཙ་བཱི་ལྔ་བརྒྱ་དང ། བུ་མོ་ཨ་མྲ་ཡང་ཟླ་བ་གསུམ་ན་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དགེ་བའི་རྩ་བ་ཡོངས་སུ་སྨིན་པར་འགྱུར་བས་དེ་དག་གི་ཕྱིར་ཡང་ངས་བདུད་སྡིག་ཏོ་ཅན་ལ་ད་སྟེ་ཟླ་བ་གསུམ་ན་ཡོངས་སུ་མྱ་ངན་ལས་འདའོ་ཞེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། སུན་ཆར་ཏ་ཞེས་བྱ་བ་མུ་སྟེགས་ཅན་གཅེར་བུ་བ་ལ་སོགས་པ་ལ་བསྙེན་བཀུར་བྱེད་དེ། ངས་ལོ་བཅུ་གཉིས་ཀྱི་བར་དུ་ཆོས་བསྟན་ཀྱང་ང་ལ་མ་དད། ཡིད་མི་ཆེས་ཏེ། དེའང་ཟླ་བ་གསུམ་ན་ངན་པར་ལྟ་བའི་རྩ་བ་
Kha93b
ཆོད་པར་འགྱུར་བར་ངས་རིག་པས་དེའི་ཕྱིར་བདུད་སྡིག་ཏོ་ཅན་ལ་ད་སྟེ་ཟླ་བ་གསུམ་ན་ཡོངས་སུ་མྱ་ངན་ལས་འདའོ་ཞེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། ཅིའི་རྒྱུ་ཅིའི་རྐྱེན་གྱིས་ངས་སྔོན་ཆུ་བོ་དགའ་སྐྱེད་ཀྱི་འགྲམ་དུ་བདུད་སྡིག་ཏོ་ཅན་ལ། ད་ལྟར་མང་དུ་ཤེས་པའི་ཉེ་གནས་མེད་པས་ཡོངས་སུ་མྱ་ངན་ལས་མི་འདའོ་ཞེས་བཀའ་སྩལ་བ་ནི། ང་དེའི་ཚེ་དེའི་དུས་ན་དགེ་སློང་སྡེ་ང་ལ་ཡུལ་ཝཱ་ར་ཎཱ་སིར་ཆོས་ཀྱི་འཁོར་ལོ་བསྐོར་སྙམ་དགོངས་པའི་ཕྱིར་རོ། །ཡང་འདི་ལྟ་སྟེ། ཡ་ཤ་དང ། པཱུ་རྞ་དང ། བཱི་མ་ལ་དང ། ག་བཱཾ་པ་ཏི་དང ། སུ་བཱ་ཧུ་ལ་སོགས་པ་སྟེ་སློང་ལྔའི་ཕྱིར་རོ། །གཞན་ཡང་ཁྱིམ་བདག་དྲག་པོ་ལ་སོགས་པ་ལྔ་བཅུའི་ཕྱིར་རོ། །གཞན་ཡང་ཡུལ་དབུས་འགྱུར་འཆང་གི་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་ལྷ་དང་མི་ཚད་མེད་བ་སྙེད་ཀྱི་ཕྱིར་རོ། །གཞན་ཡང་ལྟེང་རྒྱས་འོད་སྲུང་ལ་སོགས་པ་འཁོར་དགེ་སློང་ལྔ་བརྒྱ་དང ། གཞན་ཡང་ཆུ་བོ་འོད་སྲུང་དང ། ག་ཡ་འོད་སྲུང་སྤུན་གྱི་ཉེ་གནས་ལྔ་བརྒྱའི་ཕྱིར་རོ། ། གཞན་ཡང་ཤཱ་རིའི་བུ་དང ། མཽངྒཱལ་གྱི་བུ་ལ་སོགས་པ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུ་ལ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་ངས་བདུད་སྡིག་ཏོ་ཅན་ལ་མྱ་ངན་ལས་མི་འདའོ་ཞེས་བཀའ་སྩལ་བ་ཡིན་ནོ། །རིགས་ཀྱི་བུ། མྱ་ངན་ལས་འདས་པ་ཞེས་བྱ་བ་ཡོད་དེ། མྱ་ངན་ལས་འདས་པ་ཆེན་པོ་ནི་མ་ཡིན་ནོ། །དེ་ལ་ཇི་ལྟར་ན་མྱ་ངན་ལས་འདས་པ་མྱ་
Kha94a
༄#། །ངན་ལས་འདས་པ་ཆེན་པོ་མ་ཡིན་ཞེ་ན། སངས་རྒྱས་ཀྱི་རང་བཞིན་མ་མཐོང་བར་ཉོན་མོངས་པ་ཆོད་པ་ནི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། མྱ་ངན་ལས་འདས་པ་ཆེན་པོ་མ་ཡིན་ནོ། །དེ་ལྟར་སངས་རྒྱས་ཀྱི་རང་བཞིན་མ་མཐོང་བའི་ཕྱིར་རྟག་པ་དང ། བདག་ནི་མེད་ཀྱི། བདེ་བ་དང ། ཡོངས་སུ་དག་པ་ནི་ཡོད་དེ། །དེ་བས་ན་ཉོན་མོངས་པ་བཅད་མོད་ཀྱི། མྱ་ངན་ལས་འདས་པ་ཆེན་པོ་ཞེས་མི་བྱའོ། །གང་སངས་རྒྱས་ཀྱི་རང་བཞིན་མཐོང་ཞིང་ཉོན་མོངས་པ་ཆོད་པ་ནི་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། ། དེ་ལྟར་སངས་རྒྱས་ཀྱི་རང་བཞིན་མཐོང་བའི་ཕྱིར་རྟག་པ་དང ། བདག་དང ། བདེ་བ་དང ། ཡོངས་སུ་དག་པ་ཞེས་བྱ་སྟེ། དེ་བས་ན་དེ་ལྟར་ཉོན་མོངས་པ་ཆོད་པ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །རིགས་ཀྱི་བུ། མྱ་ངན་ཅེས་བྱ་བ་མི་བྱེད་པའོ། །འདས་པ་ཞེས་བྱ་བ་ནི་ཐགས་སུ་འཐག་པའོ། །ཐགས་སུ་མི་འདག་པའི་དོན་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །ཡང་འདས་པ་ཞེས་བྱ་བ་ནི་ཁེབས་པའོ། །དེ་ལྟར་མི་ཁེབས་པའི་དོན་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །ཡང་འདས་པ་ཞེས་བྱ་བ་ནི་འགྲོ་བ་དང་འོང་བ་སྟེ། མི་འགྲོ་མི་འོང་བའི་དོན་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །ཡང་འདས་པ་ཞེས་བྱ་བ་ནི་ལེན་པ་སྟེ། མི་ལེན་པའི་དོན་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །ཡང་འདས་པ་ཞེས་
Kha94b
བྱ་བ་ནི་མ་ངེས་པ་སྟེ། ངེས་པར་མ་ངེས་པ་མེད་པ་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །ཡང་འདས་པ་ཞེས་བྱ་བ་ནི་གསར་རྙིང་ཞེས་བྱ་སྟེ། གསར་རྙིང་མེད་པའི་དོན་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །ཡང་འདས་པ་ཞེས་བྱ་བ་ནི་སྒྲིབ་པ་སྟེ། སྒྲིབ་པ་མེད་པའི་དོན་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །རིགས་ཀྱི་བུ། ཨུ་རུ་ཀ་ཀ་བྱི་ལ་ཞེས་བྱ་བའི་སློབ་མ་དག་འདི་སྐད་དུ་འདས་བ་ནི་མཚན་ཉིད་ཅེས་ཟེར་ཏེ། མཚན་ཉིད་མེད་པའི་དོན་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །རིགས་ཀྱི་བུ། འདས་པ་ཞེས་བྱ་བ་ནི་ཡོད་པ་ཞེས་བྱ་སྟེ། ཡོད་པ་མེད་པའི་དོན་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །འདས་པ་ཞེས་བྱ་བ་ནི་འདུས་པ་ཞེས་བྱ་སྟེ། འདུས་པ་མེད་པའི་དོན་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། འདས་པ་ཞེས་བྱ་བ་ནི་སྡུག་བསྔལ་ཅེས་བྱ་སྟེ། སྡུག་བསྔལ་མེད་པའི་དོན་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །རིགས་ཀྱི་བུ། ཉོན་མོངས་པ་གཅོད་པ་ནི་མྱ་ངན་ལས་འདས་པ་ཞེས་མི་བྱ་སྟེ། གང་ཉོན་མོངས་པ་མི་སྐྱེད་པ་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །རིགས་ཀྱི་བུ། སངས་རྒྱས་བཅོམ་ལྡན་འདས་ནི་ཉོན་མོངས་པ་མི་སྐྱེད་པས་མྱ་ངན་ལས་འདས་པ་ཞེས་བྱའོ། །ཤེས་རབ་དང་ལྡན་པ། ཆོས་ལ་ཐོགས་པ་མེད་པ་ནི་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ནི་བུས་པ་མ་རབས་དང ། ཉན་ཐོས་དང ། རང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་མ་ཡིན་ཏེ། སངས་རྒྱས་ཀྱི་རང་བཞིན་ཞེས་བྱའོ། །དེ་
Kha95a
༄#། །བཞིན་གཤེགས་པའི་སྐུ་དང ། གསུང་དང ། ཐུགས་ཀྱི་ཤེས་རབ་ནི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་མཐའ་ཡས་པ་སྙེད་ཀུན་ཏུ་གང་ཡང་ཐོགས་པ་མེད་པས་ནམ་མཁའ་ཞེས་བྱའོ། །དེ་བཞིན་གཤེགས་པ་རྟག་ཏུ་གནས་ཏེ་མི་འགྱུར་མི་འཕོ་བས་ཡང་དག་པའི་མཚན་ཉིད་ཅེས་བྱ་སྟེ། དེ་ལྟ་བས་ན་དེ་བཞིན་གཤེགས་པ་ནི་མཐར་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་དམ་པ་ལ་ནན་ཏན་བྱེད་པའི་ཡོན་ཏན་བདུན་དང་ལྡན་པ་ཞེས་བྱའོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པཱི་མདོ། །བམ་པོ་སུམ་ཅུ་བཞི་པ། རིགས་ཀྱི་བུ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་དམ་པ་ལ་ནན་ཏན་བྱས་པས་ཡོན་ཏན་བརྒྱད་དང་ལྡན་ཞེ་ན། རིགས་ཀྱི་བུ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱེད་པ་ནི། དངོས་པོ་ལྔ་བཅད་པ་དང ། དངོས་པོ་ལྔ་སྤོང་བ་དང ། དངོས་པོ་དྲུག་དང་ལྡན་པར་བྱ་བ་དང ། དངོས་པོ་ལྔ་ཡོངས་སུ་བསྒོམ་པ་དང ། དངོས་པོ་གཅིག་རབ་ཏུ་བསྲུང་བ་དང ། དངོས་པོ་བཞི་ལ་བསྙེན་པ་དང ། ཡང་དག་པ་གཅིག་ལ་དད་ཅིང་རྗེས་སུ་གཞོལ་བ་དང ། སེམས་ཤིན་ཏུ་རྣམ་
Kha95b
པར་གྲོལ་བ་དང ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བའོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དངོས་པོ་ལྔ་བཅད་པ་ཞེ་ན། འདི་ལྟ་སྟེ། ཕུང་པོ་ལྔ་སྟེ། གཟུགས་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའོ། །ཕུང་པོ་ཞེས་བྱ་བའི་དོན་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། སེམས་ཅན་འཁོར་བ་ལ་རྒྱུན་མི་འཆད་པར་བྱེད་པ་དང་།། ཁུར་ལྕི་བ་དང་མི་འབྲལ་བ་དང ། འགྱེས་པ་དང་འདུས་པར་བྱེད་པ་དང ། དུས་གསུམ་དུ་གཏོགས་པ་སྟེ། ཇི་ལྟར་བརྟགས་ཀྱང་དམིགས་སུ་མེད་དེ། འདི་དག་ནི་ཕུང་པོ་ཞེས་བྱའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་ཀྱི་ཕུང་པོ་མཐོང་ཡང་མཚན་མར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་རྣམ་པ་བཅུ་ལ་རང་བཞིན་བརྟགས་ཀྱང་དམིགས་སུ་མེད་དེ། འཇིག་རྟེན་གྱི་ཕྱིར་ཕུང་པོ་ཞེས་བཤད་དོ། །ཚོར་བ་ལ་བརྒྱ་རྩ་བརྒྱད་ཡོད་དེ། །ཚོར་བའི་ཕུང་པོར་མཐོང་ཡང་ཐོག་མ་ནས་ཚོར་བའི་མཚན་མ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚོར་བ་ལ་བརྒྱ་རྩ་བརྒྱད་ཡོད་ཀྱང ། བདེན་པ་དང་ངེས་པའི་དོན་མེད་དེ། དེ་བས་ན་བྱང་ཆུབ་སེམས་དཔས་ཚོར་བའི་ཕུང་པོར་མི་མཐོང་ངོ ། །དེ་བཞིན་དུ་འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའང་དེ་དང་འདྲ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕུང་པོ་ལྔ་ནི་ཉོན་མོངས་པ་སྐྱེ་བར་བྱེད་པའི་རྩ་བ་ཡིན་པར་ཤིན་ཏུ་རྟོགས་ཏེ། དེ་བས་ན་ཐབས་ཀྱིས་
Kha96a
༄#། །གཅོད་དོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དངོས་པོ་ལྔ་སྤོང་བ་ཞེ་ན། འདི་ལྟ་སྟེ། ལྟ་བ་རྣམ་པ་ལྔའོ། །ལྔ་གང་ཞེ་ན། འཇིག་ཚོགས་སུ་ལྟ་བ་དང ། མཐར་ལྟ་བ་དང ། ངན་པར་ལྟ་བ་དང ། ཚུལ་ཁྲིམས་སྙེམས་པ་དང ། བལྟ་བ་སྙེམས་པའོ། །དེ་ལྟར་ལྟ་བ་རྣམ་པ་ལྔའི་རྐྱེན་གྱིས་ལྟ་བ་དྲུག་ཅུ་རྩ་གཉིས་སྐྱེ་སྟེ། ལྟ་བ་དེ་དག་གི་རྐྱེན་གྱིས་འཁོར་བར་འཁོར་ཞིང་རྒྱུན་མི་འཆད་དེ། དེ་བས་ན་བྱང་ཆུབ་སེམས་དཔའ་བག་བྱེད་དེ་བསྙེན་པར་མི་བྱེད་དོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དངོས་པོ་དྲུག་དང་ལྡན་པར་བྱ་ཞེ་ན། འདི་ལྟ་སྟེ། དྲན་པ་ཉེ་བར་བཞག་པ་དྲུག་གོ། །དྲུག་གང་ཞེ་ན། སངས་རྒྱས་རྗེས་སུ་དྲན་པ་དང ། ཆོས་རྗེས་སུ་དྲན་པ་དང ། དགེ་འདུན་རྗེས་སུ་དྲན་པ་དང ། ལྷ་རྗེས་སུ་དྲན་པ་དང ། སྦྱིན་པ་རྗེས་སུ་དྲན་པ་དང ། ཚུལ་ཁྲིམས་རྗེས་སུ་དྲན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་དངོས་པོ་དྲུག་དང་ལྡན་པའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དངོས་པོ་ལྔ་ཡོངས་སུ་སྒོམ་པ་ཞེ་ན། འདི་ལྟ་སྟེ། ཏིང་ངེ་འཛིན་རྣམ་པ་ལྔའོ། །ལྔ་གང་ཞེ་ན། ཤེས་པའི་ཏིང་ངེ་འཛིན་དང ། ཞི་བའི་ཏིང་ངེ་འཛིན་དང ། ལུས་དང་སེམས་རབ་ཏུ་དགའ་བ་ལ་རེག་པའི་ཏིང་ངེ་འཛིན་དང ། དགའ་བ་མེད་པའི་ཏིང་ངེ་འཛིན་དང ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཏེ། ཏིང་ངེ་འཛིན་རྣམ་པ་ལྔ་པོ་དེ་དག་བསྒོམས་ན་ཡོངས་སུ་
Kha96b
མྱ་ངན་ལས་འདས་པ་ཆེན་པོ་ལ་བསྙེན་པར་འགྱུར་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་བརྩོན་པའི་སེམས་ཀྱིས་ཡོངས་སུ་བསྒོམ་མོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དངོས་པོ་གཅིག་བསྲུང་བ་ཞེ་ན། འདི་ལྟར་བྱང་ཆུབ་ཀྱི་སེམས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟག་ཏུ་བརྩོན་པར་བྱང་ཆུབ་ཀྱི་སེམས་བསྲུང་ངོ ། །ཇི་ལྟར་འཇིག་རྟེན་པ་བུ་གཅིག་པ་བསྲུང་བའམ། ཞར་བ་མིག་ཡ་གཅིག་བསྲུང་བའམ། དགོན་པའི་དབྱེ་ཆེན་པོར་འགྲོ་བ་དེད་དཔོན་བསྲུང་བ་བཞིན་དུ། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་བསྲུང་བའང་དེ་དང་འདྲའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་བསྲུང་བའི་རྒྱུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་རྐྱེན་གྱིས་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་དང་ལྡན་ཏེ། དེ་ཉིད་བླ་ན་མེད་པའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡིན་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་དངོས་པོ་གཅིག་རབ་ཏུ་བསྲུང་ངོ ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དངོས་པོ་བཞི་ལ་བསྙེན་པ་ཞེ་ན། ཚད་མེད་པའི་སེམས་བཞི་སྟེ། བཞི་གང་ཞེ་ན། བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོ་དང ། དགའ་བ་ཆེན་པོ་དང ། བཏང་སྙོམས་ཆེན་པོའོ། །སེམས་བཞི་པོ་དེའི་རྒྱུས་སེམས་ཅན་ཚད་མེད་མཐའ་ཡས་སྙེད་བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་དེ། དེ་བས་ན་བྱང་
Kha97a
༄#། །ཆུབ་སེམས་དཔའ་སེམས་རྩེ་གཅིག་ཏུ་བསྙེན་པར་བྱེད་དོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཡང་དག་པ་གཅིག་ལ་དད་ཅིང་རྗེས་སུ་གཞོལ་བ་གང་ཞེ་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལམ་གཅིག་ཏུ་འགྲོ་བར་རིག་གོ། །ལམ་གཅིག་ཅེས་བྱ་བ་ནི་འདི་ལྟ་སྟེ། ཐེག་པ་ཆེན་པོའོ། །སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གྱི་ཕྱིར་རྣམ་པ་གསུམ་དུ་ཕྱེ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་དད་ཅིང་རྗེས་སུ་གཞོལ་ཏེ་འགལ་བར་མི་བྱེད་དོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཞེ་ན། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་སེམས་ཡོངས་སུ་འགགས་པས། བྱང་ཆུབ་སེམས་དཔའི་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའི་ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ལ་ཐོགས་པ་མེད་པས་ན། བྱང་ཆུབ་སེམས་དཔའི་ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་བྱ་སྟེ། ཤེས་རབ་རྣམ་པར་གྲོལ་བའི་རྐྱེན་གྱིས་སྔོན་མ་ཐོས་པ་ནི་ཐོས། སྔོན་མ་མཐོང་བ་ནི་མཐོང ། སྔོན་མ་ཕྱིན་པར་ནི་ཕྱིན་པར་གྱུར་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྣང་བ་མཐོ་བཙུན་དཔལ་གྱི་རྒྱལ་པོས་གསོལ་པ། བཙུན་
Kha97b
པ་བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་སེམས་རྣམ་པར་གྲོལ་ཞེས་བགྱི་བ་དེ་ནི་དོན་དེ་ལྟ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། སེམས་ནི་ཐོག་མ་ནས་བཅིངས་པ་མ་མཆིས་སོ། །ཇི་ལྟར་ཞེ་ན། སེམས་ཀྱི་རང་བཞིན་ནི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་ཀུན་ནས་ཉོན་མོངས་པས་བཅིངས་པར་མི་འགྱུར་རོ། །དེ་ལྟར་ཐོག་མ་ནས་བཅིངས་པ་མ་མཆིས་ན། ཅིའི་སླད་དུ་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཞེས་གསུངས། བཅོམ་ལྡན་འདས། གལ་ཏེ་སེམས་ཀྱི་རང་བཞིན་འདོད་ཆགས་ཀྱི་ཀུན་ནས་ཉོན་མོངས་པས་མ་བཅིངས་པ་ལགས་ན། ཅིའི་རྒྱུ་ཅིའི་རྐྱེན་གྱིས་བཅིངས་པར་འགྱུར། །དཔེར་ན། རཝ་ལ་འཇོ་བ་དང་འདྲ་སྟེ། ཐོག་མ་ནས་འོ་མའི་མཚན་ཉིད་མ་མཆིས་པས་ལས་མང་དུ་བགྱིས་ཀྱང་འོ་མ་འབྱུང་མི་སྲིད་དོ། །ནུ་མ་བཞོ་བ་ནི་དེ་ལྟ་མ་ལགས་ཏེ། ལས་ཉུང་དུ་བགྱིས་ཀྱང་འོ་མ་མང་དུ་འབྱུང་ངོ ། །དེ་བཞིན་དུ་སེམས་ཀྱང་དེ་དང་འདྲ་སྟེ། ཐོག་མ་ནས་འདོད་ཆགས་མ་མཆིས་ན། ད་ཅི་སྟེ་མཆིས་པར་གྱུར། གལ་ཏེ་ཐོག་མ་ནས་འདོད་ཆགས་མ་མཆིས་ལ། ཕྱིས་གཟོད་མཆིས་པར་འགྱུར་བ་ཞིག་ལགས་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འདོད་ཆགས་ཀྱི་མཚན་ཉིད་ཐོག་མ་མ་མཆིས་པའང་ད་མཆིས་པར་འགྱུར་བའི་རིགས་སོ། །བཅོམ་ལྡན་འདས། དཔེར་ན། མོ་གཤམ་ནི་ཐོག་མ་ནས་བུའི་མཚན་ཉིད་མ་མཆིས་པས་
Kha98a
༄#། །ཇི་ལྟར་ལས་མང་དུ་བགྱིས་ཏེ། རྒྱུ་རྐྱེན་ཚད་མེད་པ་བསགས་ཀྱང་བུར་འགྱུར་མི་སྲིད་དོ། །དེ་བཞིན་དུ་སེམས་ཀྱང་དེ་དང་འདྲ་སྟེ། ཐོག་མ་ནས་འདོད་ཆགས་ཀྱི་མཚན་ཉིད་མ་མཆིས་ན། རྐྱེན་མང་པོ་རྣམས་དང་མཇལ་ཀྱང་འདོད་ཆགས་སྐྱེ་མི་སྲིད་དོ། །བཅོམ་ལྡན་འདས། ཤིང་གཤེར་བ་ནི་ཇི་ལྟར་གཙུབས་ཀྱང་མེ་མི་ཕྱིན་པ་ལྟར། སེམས་ཀྱང་དེ་དང་མཚུངས་ཏེ། ཇི་ལྟར་གཙུབས་ཀྱང་འདོད་ཆགས་མི་སྐྱེད་ན། ཇི་ལྟར་འདོད་ཆགས་ཀྱི་ཀུན་ནས་ཉོན་མོངས་པས་སེམས་འཆིང་བར་ནུས། བཅོམ་ལྡན་འདས། དཔེར་ན། བྱེ་མ་ནི་ཇི་ལྟར་བཙིར་ཀྱང་མར་མི་འབྱུང་སྟེ། དེ་བཞིན་དུ་སེམས་ཀྱང་དེ་དང་འདྲ་སྟེ། ཇི་ལྟར་བཙིར་ཀྱང་འདོད་ཆགས་མི་སྐྱེའོ། །དེ་བས་ན་འདོད་ཆགས་དང་སེམས་ནི་ཐ་དད་པ་ལགས་པས་ཉོན་མོངས་པ་མཆིས་ཀྱང་སེམས་ལ་འགོ་བར་ག་ལ་འགྱུར། བཅོམ་ལྡན་འདས། དཔེར་ན། ནམ་མཁའ་ལ་ཕུར་པ་བཙུགས་ན་ཆགས་པའི་གནས་མ་མཆིས་སོ། །དེ་བཞིན་དུ་སེམས་ལ་འདོད་ཆགས་བཙུགས་པའང་དེ་དང་འདྲ་སྟེ། རྒྱུ་རྐྱེན་རྣམ་པ་སྣ་ཚོགས་ཀྱིས་ཀྱང་འདོད་ཆགས་ཀྱིས་སེམས་འཆིང་མི་ནུས་སོ། །བཅོམ་ལྡན་འདས། གལ་ཏེ་སེམས་ལ་འདོད་ཆགས་མ་མཆིས་པས་རྣམ་པར་གྲོལ་བ་ཞེས་བགྱི་ན། ཅིའི་སླད་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནམ་མཁའི་ཚེར་མ་མི་དབྱུང །
Kha98b
བཅོམ་ལྡན་འདས། འདས་པའི་སེམས་ནི་རྣམ་པར་གྲོལ་བ་ཞེས་མི་བགྱི། མ་འོངས་པའི་སེམས་ཀྱང་རྣམ་པར་མ་གྲོལ། དེ་ལྟར་གྱི་སེམས་ནི་བྱང་ཆུབ་དང་ལྷན་མི་གཅིག་ན་དུས་གང་གི་སེམས་ལ་རྣམ་པར་གྲོལ་བ་ཐོབ་པ་ཞེས་བགྱི། བཅོམ་ལྡན་འདས། ཇི་ལྟར་འདས་པའི་སྒྲོན་མ་མུན་པ་བསལ་མི་ནུས་པ་ལ་མ་འོངས་པའི་སྒྲོན་མས་ཀྱང་མུན་པ་མི་སེལ། ད་ལྟར་གྱི་སྒྲོན་མས་ཀྱང་མུན་པ་མི་སེལ་ཏོ། །དེ་ཅིའི་སླད་དུ་ཞེ་ན། སྣང་བ་དང ། མུན་པ་ནི་དུས་གཅིག་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སེམས་ཀྱང་དེ་དང་མཚུངས་ན། ཅིའི་སླད་དུ་སེམས་རྣམ་པར་གྲོལ་བ་ཞེས་གསུངས། །བཅོམ་ལྡན་འདས། འདོད་ཆགས་ནི་མཆིས་པ་ལགས་སོ། །གལ་ཏེ་འདོད་ཆགས་མ་མཆིས་ན་བུད་མེད་མཐོང་བའི་ཚེ་འདོད་ཆགས་སྐྱེ་བར་མི་རིགས་སོ། །ཅི་སྟེ་བུད་མེད་མཐོང་བའི་རྐྱེན་གྱིས་སྐྱེ་བར་འགྱུར་ན་འདོད་ཆགས་ནི་ཡང་དག་པར་མཆིས་པར་རིག་གོ། །དེ་ལྟར་འདོད་ཆགས་མཆིས་པས་ན་ངན་སོང་གསུམ་གྱི་རྒྱུད་དུ་ལྟུང་ངོ ། ། བཅོམ་ལྡན་འདས། དཔེར་ན། ལ་ལ་ཞིག་རི་མོར་བྲིས་པའི་བུད་མེད་ཀྱི་གཟུགས་མཐོང་ཡང་འདོད་ཆགས་སྐྱེ་སྟེ། འདོད་ཆགས་སྐྱེས་པའི་ཕྱིར་ཁ་ན་མ་ཐོ་བ་རྣམ་པ་སྣ་ཚོགས་ཐོབ་བོ། ། ཅི་སྟེ་ཐོག་མ་ནས་འདོད་ཆགས་མ་མཆིས་ན། ཅིའི་སླད་དུ་རི་མོ་མཐོང་བ་ཙམ་གྱིས་འདོད་ཆགས་སྐྱེ་བར་འགྱུར། །གལ་ཏེ་སེམས་ལ་འདོད་ཆགས་མ་མཆིས་ན། ཅིའི་སླད་དུ་དེ་བཞིན་གཤེགས་
Kha99a
༄#། །པས་བྱང་ཆུབ་སེམས་དཔའ་སེམས་རྣམ་པར་གྲོལ་བ་ཐོབ་ཅེས་གསུངས། གལ་ཏེ་སེམས་ལ་འདོད་ཆགས་མཆིས་ན། ཅི་སྟེ་མཚན་མ་མཐོང་ནས་གདོད་སྐྱེ་ལ། མཚན་མ་མ་མཐོང་ན་མི་སྐྱེ། བདག་གིས་ད་ལྟར་སྡིག་པའི་འབྲས་བུ་རྣམ་པར་སྨིན་པ་མཆིས་པར་མཐོང་བས་ན་འདོད་ཆགས་མཆིས་པར་འཚལ་ཏེ། ཞེ་སྡང་དང ། གཏི་མུག་མཆིས་པའང་དེ་དང་འདྲའོ། །བཅོམ་ལྡན་འདས། དཔེར་ན། སེམས་ཅན་དག་ལུས་མཆིས་ཀྱང་བདག་མ་མཆིས་ཏེ། བུས་པ་མ་རབས་རྣམས་ཀྱིས་ནི་བདག་ཏུ་འདུ་ཤེས་སོ། ། དེ་ལྟར་བདག་ཏུ་འཛིན་པའི་འདུ་ཤེས་མཆིས་ཀྱང་ངན་སོང་གསུམ་དུ་མི་ལྟུང་ན། ཅིའི་སླད་དུ་འདོད་ཆགས་ཅན་བུད་མེད་ཀྱི་མཚན་མ་མཆིས་པར་བུད་མེད་དུ་འདུ་ཤེས་བསྐྱེད་ནས་ངན་སོང་གསུམ་དུ་ལྟུང་བར་འགྱུར། བཅོམ་ལྡན་འདས། དཔེར་ན། མེ་ནི་གཙུབས་པས་བྱུང་སྟེ། དེ་ལྟར་མེའི་རང་བཞིན་དེ་རྒྱུ་ཀུན་གྱི་ནང་ན་མ་མཆིས་ན། ཅིའི་རྒྱུ་ཅིའི་རྐྱེན་གྱིས་བྱུང་བར་གྱུར། བཅོམ་ལྡན་འདས། འདོད་ཆགས་ཀྱང་དེ་དང་འདྲ་སྟེ། གཟུགས་ཀྱི་ནང་ན་འདོད་ཆགས་མ་མཆིས། དྲི་དང ། རོ་དང ། རེག་བྱ་དང ། ཆོས་ཀྱི་ནང་ནའང་འདོད་ཆགས་མ་མཆིས་ན། ཅིའི་སླད་དུ་གཟུགས་དང ། དྲི་དང ། རོ་དང ། རེག་བྱ་དང ། ཆོས་ལས་འདོད་ཆགས་སྐྱེས་པར་གྱུར། གལ་ཏེ་རྒྱུ་མང་པོའི་ནང་ན་འདོད་ཆགས་མ་མཆིས་ན། ཅི་སྟེ་
Kha99b
སེམས་ཅན་འབའ་ཞིག་འདོད་ཆགས་སྐྱེ་ལ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་མི་སྐྱེ། བཅོམ་ལྡན་འདས། སེམས་ཀྱང་མ་ངེས་པའོ། །གལ་ཏེ་སེམས་ངེས་པ་ཞིག་ལགས་ན་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་མ་མཆིས་སོ། །གལ་ཏེ་མ་ངེས་པ་ཞིག་ཅེ་ན། སེམས་རྣམ་པར་གྲོལ་བ་ཐོབ་ཅེས་གསུངས། འདོད་ཆགས་ཀྱང་མ་ངེས་པ་སྟེ། གལ་ཏེ་མ་ངེས་པ་ལགས་ན། ཅི་སྟེ་དེའི་རྐྱེན་གྱིས་ངན་སོང་གསུམ་དུ་སྐྱེ་བར་འགྱུར། དེ་ལྟ་བས་ན་འདོད་ཆགས་དང་ཡུལ་གཉིས་ཀ་མ་ངེས་སོ། །ཅིའི་སླད་དུ་ཞེ་ན། གཟུགས་རྣམ་པ་གཅིག་ལ་དམིགས་པ་ལས། ཆེད་འགའ་ནི་འདོད་ཆགས་སྐྱེ། ཆེད་འགའ་ནི་ཞེ་སྡང་སྐྱེ། ཆེད་འགའ་ནི་གཏི་མུག་སྐྱེ་སྟེ། དེ་བས་ན་འདོད་ཆགས་དང་ཡུལ་གཉིས་ཀ་མ་ངེས་པའོ། །གལ་ཏེ་གཉིས་ཀ་མ་ངེས་ན། ཅིའི་སླད་དུ་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པ་ཆེན་པོ་ལ་ནན་ཏན་བྱས་ན་སེམས་རྣམ་པར་གྲོལ་བར་འགྱུར་ཞེས་གསུངས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྣང་བ་མཐོ་བཙུན་དཔལ་གྱི་རྒྱལ་པོ་ལ་བཀའ་སྩལ་པ། ལེགས་སོ། ལེགས་སོ། །རིགས་ཀྱི་བུ། སེམས་ནི་འདོད་ཆགས་ཀྱི་ཀུན་ནས་ཉོན་མོངས་པས་བཅིངས་པ་མ་ཡིན། མ་བཅིངས་པའང་མ་ཡིན། །རྣམ་པར་གྲོལ་བའང་མ་ཡིན། རྣམ་པར་མ་གྲོལ་བའང་མ་ཡིན། ཡོད་པ་མ་ཡིན། མེད་པ་མ་ཡིན། ད་ལྟར་
Kha100a
༄#། །མ་ཡིན། འདས་པ་མ་ཡིན། མ་འོངས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། ཆོས་ཐམས་ཅད་རང་བཞིན་མེད་པའི་ཕྱིར་རོ། །རིགས་ཀྱི་བུ། མུ་སྟེགས་ཅན་ཁ་ཅིག་འདི་སྐད་ཅེས་སྨྲ་སྟེ། རྒྱུ་དང་རྐྱེན་འདུས་པ་ལས་འབྲས་བུ་སྐྱེའོ་ཞེས་སྨྲའོ། །གལ་ཏེ་རྐྱེན་རྣམས་ལ་ཐོག་མ་ནས་སྐྱེ་བའི་རང་བཞིན་མེད་པར་སྐྱེ་བར་འགྱུར་བ་ཞིག་ཡིན་ན། ནམ་མཁའ་ཡང་མ་སྐྱེས་པས་འབྲས་བུ་སྐྱེ་བའི་རིགས་སོ། །ནམ་མཁའ་མི་སྐྱེ་བ་ནི་རྒྱུ་མ་ཡིན་པའི་ཕྱིར་ཏེ། རྐྱེན་རྣམས་ལ་ཐོག་མ་ནས་འབྲས་བུའི་རང་བཞིན་ཡོད་པས་དེའི་ཕྱིར་འདུས་པ་ལས་འབྲས་བུ་སྐྱེ་བར་གྱུར་ཏོ། །དེའང་ཇི་ལྟར་ཞེ་ན། དཔེར་ན། འདི་ལྟ་སྟེ། ལྷ་སྦྱིན་ནི་རྩིག་པ་བརྩིག་ན་འཇིམ་པ་དང་ས་སྦྱོར་གྱི། ཚོན་རྩི་མི་སྦྱོར་རོ། ། རི་མོ་འབྲིན་ཚོན་རྩི་སྦྱོར་གྱི། རྩཝ་དང་ཤིང་མི་སྦྱོར་རོ། །གོས་དྲུབ་ན་སྐུད་པ་སྦྱོར་གྱི། འཇིམ་པ་དང་ཤིང་མི་སྦྱོར་རོ། །ཁང་པ་བྱེད་ན་འཇིམ་པ་དང་ཤིང་སྦྱོར་གྱི། སྐུད་པ་མི་སྦྱོར་རོ། ། དེ་ལྟར་སྦྱོར་བས་ན་དེ་དག་གི་ནང་ན་སོ་སོ་ནས་འབྲས་བུ་སྐྱེ་བར་རིག་གོ། །འབྲས་བུ་སྐྱེས་པས་རྒྱུའི་ནང་ན་གདོན་མི་ཟ་བར་རང་བཞིན་ཡོད་དོ། །གལ་ཏེ་རང་བཞིན་མེད་ན་དངོས་པོ་གཅིག་ལས་དངོས་པོ་ཐམས་ཅད་སྐྱེ་ཞིང་འབྱུང་བའི་རིགས་སོ། །དེ་ལྟར་སྦྱར་དུ་ཡོད་ལ་བྱར་རུང ། །དབྱུང་དུ་རུང་བས་ན་དེ་དག་གི་ནང་ན་གདོན་མི་ཟ་བར་ཐོག་མ་ནས་འབྲས་བུ་
Kha100b
ཡོད་དོ། །གལ་ཏེ་འབྲས་བུ་མེད་ན་སུའང་མི་སྦྱོར་མི་འབྱེད་དེ་མི་འབྱུང་ངོ ། །ནམ་མཁའ་ནི་མི་སྦྱོར་མི་བྱེད་པས་ན་དངོས་པོ་ཐམས་ཅད་སྐྱེ་ཞིང་འབྱུང་བར་ནུས་སོ། །དེ་ལྟར་རྒྱུ་ཡོད་པའི་ཕྱིར་ཤིང་ནྱ་གྲོ་དྷའི་ས་བོན་ནི་ཤིང་ནྱ་གྲོ་དྷ་ལ་གནས། འོ་མའི་ནང་ན་མར་གྱི་ཉིང་ཁུ་ཡོད་པ་དང ། སྐུད་པ་ལས་རས་སུ་གྱུར་པ་དང ། འཇི་བའི་ནང་ན་རྫ་མ་ཡོད་པ་བཞིན། །རིགས་ཀྱི་བུ། བུས་པ་མ་རབས་ཐམས་ཅད་ནི་མ་རིག་པས་ལྡོངས་པས་འདི་ལྟར་ངེས་པར་འཆད་དོ། །ཚོན་ནི་ཆགས་པའི་དོན་ཏེ། སེམས་ནི་འདོད་པའི་རང་བཞིན་ཅན་ནོ་ཞེས་སྨྲའོ། །ཡང་འདི་སྐད་དུ། བུས་པ་མ་རབས་ཀྱི་སེམས་ལ་འདོད་ཆགས་ཀྱི་རང་བཞིན་ཡང་ཡོད་ལ་རྣམ་པར་གྲོལ་བའི་རང་བཞིན་ཡང་ཡོད་དེ། འདོད་ཆགས་པའི་རྐྱེན་དང་ཕྲད་པ་ན་འདོད་ཆགས་པའི་སེམས་སྐྱེའོ། །རྣམ་པར་གྲོལ་བའི་རྐྱེན་དང་ཕྲད་ན་རྣམ་པར་གྲོལ་བའི་སེམས་སྐྱེ་ཞེས་སྨྲ་སྟེ། དེ་ལྟར་སྨྲ་མོད་ཀྱི་དོན་མ་ཡིན་ནོ། །གཞན་ཡང་བུས་པ་མ་རབས་ཁ་ཅིག་འདི་སྐད་ཅེས་སྨྲ་སྟེ། རྒྱུ་ཐམས་ཅད་ཀྱི་ནང་ན་འབྲས་བུ་མེད་དོ། །རྒྱུ་ལ་རྣམ་པ་གཉིས་ཏེ། ཕྲ་བ་དང ། སྦོམ་པོའོ། །ཕྲ་བ་ནི་རྟག་པའོ། །སྦོམ་པོ་ནི་མི་རྟག་པའོ། །ཕྲ་བའི་རྒྱུ་ལས་སྦོམ་པོའི་རྒྱུར་འགྱུར་ཏེ། སྦོམ་པོའི་རྒྱུ་དེ་ལས་འབྲས་བུར་འགྱུར་རོ། །སྦོམ་པོ་མི་རྟག་པའི་ཕྱིར་འབྲས་བུའང་མི་རྟག་ཅེས་འཆད་དོ། །རིགས་ཀྱི་བུ། གཞན་ཡང་བུས་པ་མ་རབས་ཁ་ཅིག་འདི་སྐད་དུ་སེམས་
Kha101a
༄#། །ཀྱང་རྒྱུ་མེད་ལ། འདོད་ཆགས་ལའང་རྒྱུ་མེད་དེ། དུས་ཀྱིས་འདོད་ཆགས་ཀྱི་སེམས་སྐྱེའོ་ཞེས་སྨྲ་སྟེ། དེ་དག་ལ་སོགས་པ་ནི་སེམས་ཀྱི་རྒྱུ་དང་རྐྱེན་མི་ཤེས་པས་རྒྱུད་དྲུག་ཏུ་འཁོར་ཏེ། སྐྱེ་ཤི་ཡོངས་སུ་རྫོགས་པར་ལེན་ཏོ། །རིགས་ཀྱི་བུ། དཔེར་ན། ཁྱི་ཞིག་ལྟོང་བཏགས་ཏེ་ཀ་བ་ལ་བཏགས་ན་རྟག་ཏུ་ཀ་བ་ལ་འཁོར་ཏེ་སྤོང་མི་ནུས་སོ། ། དེ་བཞིན་དུ་བུས་པ་མ་རབས་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། མ་རིག་པའི་ལྟོང་གིས་འཁོར་བའི་ཀ་པ་ལ་བཅིངས་པས་སྲིད་པ་ཉི་ཤུ་རྩ་ལྔར་འཁོར་ཏེ་སྤོང་མི་ནུས་སོ།། རིགས་ཀྱི་བུ། དཔེར་ན། ལ་ལ་ཞིག་མི་གཙང་བའི་དོང་དུ་ལྷུང་བ་ལས་བྱུང་ནས་ཕྱིར་ཡང་ནང་དུ་ཞུགས་པ་དང ། ཇི་ལྟར་ནད་པ་ནད་སོས་ནས་ཕྱིར་ནད་ཀྱི་རྒྱུར་འགྱུར་བ་བྱེད་པ་དང་ཇི་ལྟར་ལ་ལ་ཞིག་འབྲོག་དགོན་པར་སོང་བ་འཁོར་བ་ལས་ཕྱིར་སོང་བ་དང ། ཇི་ལྟར་དག་པར་བཀྲུས་ནས་ཕྱིར་འཇིམ་པ་དང་སས་བསྐུས་པ་ལྟར། བུས་པ་མ་རབས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། ཅིའང་མེད་པའི་སྐྱེ་མཆེད་ལས་རྣམ་པར་གྲོལ་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་འབའ་ཞིག་ལས་མ་གྲོལ་བ་ལས་ཕྱིར་ཡང་ངན་སོང་གསུམ་དུ་འོང་ངོ ། །དེ་ཅིའི་ཕྱིར་ཞེ་ན། བུས་པ་མ་རབས་ཐམས་ཅད་ནི་འབྲས་བུ་འབའ་ཞིག་རྟོག་སྟེ། རྟེན་ཅིང་འབྲེལ་བ་མི་རྟོག་གོ་།ཇི་ལྟར་ཁྱི་རྡོ་ལ་སྙེགས་ཀྱི། མི་ལ་མི་སྙེགས་པ་
Kha101b
ལྟར་བུས་པ་མ་རབས་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། འབྲས་བུ་འབའ་ཞིག་རྟོག་གི་།རྒྱུ་དང་རྐྱེན་ལ་མི་རྟོག་གོ་།དེ་ལྟར་མི་རྟོག་པའི་ཕྱིར་འདུ་ཤེས་མེད་པ་ནས་ལོག་སྟེ། ཕྱིར་ཡང་ངན་སོང་གསུམ་དུ་ལྟུང་ངོ ། །རིགས་ཀྱི་བུ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ནི་ངེས་པར་རྒྱུའི་ནང་ན་འབྲས་བུ་ཡོད་ཅེའམ། རྒྱུའི་ནང་ན་འབྲས་བུ་མེད་ཅེའམ། འབྲས་བུ་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་ཅེའམ། འབྲས་བུ་ཡོད་པའང་མ་ཡིན་མེད་པའང་མ་ཡིན་ཞེས་གཅིག་ཏུ་ཆད་པར་མི་སྟོན་ཏོ། །གང་འདི་སྐད་དུ་རྒྱུའི་ནང་ན་ཐོག་མ་ནས་ངེས་པར་འབྲས་བུ་ཡོད་ཅེའམ། ངེས་པར་འབྲས་བུ་མེད་ཅེའམ། ངེས་པར་འབྲས་བུ་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་ཅེའམ། ངེས་པར་ཡོད་པའང་མ་ཡིན་མེད་པའང་མ་ཡིན་པའོ་ཞེས་སྨྲ་ན་དེ་ནི་བདུད་ཀྱི་གྲོགས་སུ་གྱུར་པ། བདུད་ཀྱི་རིས་སུ་གཏོགས་པ། སྲེད་པ་ཅན་ཡིན་པར་རིག་པར་བྱ་སྟེ། དེ་ལྟར་སྲེད་པ་ཅན་དེ་ནི་འཁོར་བས་བཅིངས་པ་གཅོད་མི་ནུས་ཏེ། སེམས་ཀྱི་མཚན་ཉིད་དང ། འདོད་ཆགས་ཀྱི་མཚན་ཉིད་མི་ཤེས་སོ། །རིགས་ཀྱི་བུ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ནི་དབུ་མའི་ལམ་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཡོད་པའང་མ་ཡིན། མེད་པའང་མ་ཡིན་པར་སྟོན་ཀྱང་གཅིག་ཏུ་ངེས་པ་མ་ཡིན་ནོ། །དེ་ཇི་ལྟ་ཞེ་ན། མིག་དང་\?\། གཟུགས་དང ། སྣང་བ་དང ། སེམས་དང ། ཡིད་ཀྱི་རྐྱེན་གྱིས་རྣམ་
Kha102a
༄#། །པར་ཤེས་པ་སྐྱེ་བར་འགྱུར་ཏེ། རྣམ་པར་ཤེས་པ་དེའང་ངེས་པར་མིག་ལ་མི་གནས། གཟུགས་དང ། སྣང་བ་དང ། སེམས་དང ། ཡིད་ཀྱི་ནང་ན་མི་གནས། བར་ན་མི་གནས། ཡོད་པ་མ་ཡིན། མེད་པ་མ་ཡིན་ཏེ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལས་སྐྱེས་པའི་ཕྱིར་ཡོད་པ་ཞེས་བྱའོ། །རང་བཞིན་མེད་པའི་ཕྱིར་མེད་པ་ཞེས་བྱ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཡོད་པའང་མ་ཡིན། མེད་པའང་མ་ཡིན་ཞེས་འཆད་དོ། །རིགས་ཀྱི་བུ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ནི་ངེས་པར་སེམས་ལ་རྣམ་པར་དག་པའི་རང་བཞིན་ཡོད་ཅེའམ། རྣམ་པར་དག་པའི་རང་བཞིན་མེད་ཅེས་མི་འཆད་དོ། །རྣམ་པར་དག་པ་དང ། རྣམ་པར་མ་དག་པའི་སེམས་མི་གནས་པའི་ཕྱིར་རོ། །རྐྱེན་ལས་འདོད་ཆགས་སྐྱེ་བས་ན་མེད་པ་མ་ཡིན་ནོ། །ཐོག་མ་ནས་འདོད་ཆགས་ཀྱི་རང་བཞིན་མེད་པའི་ཕྱིར་ཡོད་པ་མ་ཡིན་ཞེས་བཤད་དོ། །རིགས་ཀྱི་བུ། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཕྱིར་འདོད་ཆགས་ཀྱི་སེམས་སྐྱེའོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཕྱིར་སེམས་རྣམ་པར་གྲོལ་ལོ། །རིགས་ཀྱི་བུ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རྣམ་པ་གཉིས་ཏེ། འཁོར་བའི་རྗེས་སུ་འགྲོ་བ་དང ། མྱ་ངན་ལས་འདས་པའི་རྗེས་སུ་འགྲོ་བའོ། །རིགས་ཀྱི་བུ། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཕྱིར་སེམས་འདོད་ཆགས་དང་ལྷན་
Kha102b
ཅིག་ཏུ་སྐྱེ་ལ། འདོད་ཆགས་དང་ལྷན་ཅིག་ཏུ་འགོག་པའང་ཡོད། འདོད་ཆགས་དང་ལྷན་ཅིག་ཏུ་སྐྱེ་ལ། འདོད་ཆགས་དང་ལྷན་ཅིག་ཏུ་མི་འགོག་པའང་ཡོད། འདོད་ཆགས་དང་ལྷན་ཅིག་ཏུ་མི་སྐྱེ་ལ། འདོད་ཆགས་དང་ལྷན་ཅིག་ཏུ་འགོག་པའང་ཡོད། འདོད་ཆགས་དང་ལྷན་ཅིག་ཏུ་མི་སྐྱེ་ཞིང ། འདོད་ཆགས་དང་ལྷན་ཅིག་ཏུ་མི་འགོག་པའང་ཡོད་དོ། །དེ་ལ་ཇི་ལྟར་ན་སེམས་འདོད་ཆགས་དང་ལྷན་ཅིག་ཏུ་སྐྱེ་ལ། འདོད་ཆགས་དང་ལྷན་ཅིག་ཏུ་འགོག་པ་ཞེ་ན། རིགས་ཀྱི་བུ། གལ་ཏེ་བུས་པ་མ་རབས་གང་འདོད་ཆགས་ཀྱི་སེམས་མ་བཅད་པར་འདོད་ཆགས་ཀྱི་སེམས་ལ་ནན་ཏན་བྱེད་པ་དེ་ནི་སེམས་འདོད་ཆགས་དང་ལྷན་ཅིག་ཏུ་སྐྱེ་ཞིང ། འདོད་ཆགས་དང་ལྷན་ཅིག་ཏུ་འགོག་པ་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་ནི་འདོད་ཆགས་ཀྱི་སེམས་མ་བཅད་པས་སེམས་འདོད་ཆགས་དང་ལྷན་ཅིག་ཏུ་སྐྱེ་ལ། སེམས་འདོད་ཆགས་དང་ལྷན་ཅིག་འགོག་གོ། དཔེར་ན། འདོད་པའི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་བསམ་གཏན་དང་པོའི་སྐལ་བ་ཡོད་དེ། བསྒོམས་ཀྱང་རུང་མ་བསྒོམས་ཀྱང་རུང་རྟག་ཏུ་ལྡན་ཏེ། རྐྱེན་དང་ནམ་ཕྲད་པ་ན་ཐོབ་པར་འགྱུར་རོ། །རྐྱེན་ཞེས་བྱ་བ་ནི། འདི་ལྟ་སྟེ། མེའི་བསྐལ་པའོ།། དེ་བཞིན་དུ་བུས་པ་མ་རབས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། བསྒོམས་ཀྱང་རུང་མ་བསྒོམས་ཀྱང་རུང ། སེམས་འདོད་ཆགས་དང་ལྷན་ཅིག་སྐྱེ་ལ། འདོད་ཆགས་དང་ལྷན་ཅིག་འགོག་
Kha103a
༄#། །གོ་།དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་མ་བཅད་པའི་ཕྱིར་རོ། །དེ་ལ་ཇི་ལྟར་ན་སེམས་འདོད་ཆགས་དང་ལྷན་ཅིག་ཏུ་སྐྱེ་ལ། འདོད་ཆགས་དང་ལྷན་ཅིག་མི་འགོག་པ་ཞེ་ན། ཉེ་གནས་ཉན་ཐོས་རྣམས་ནི་རྒྱུ་དང་རྐྱེན་གྱིས་འདོད་ཆགས་ཀྱི་སེམས་སྐྱེའོ། །འདོད་ཆགས་ཀྱི་སེམས་ལ་འཇིགས་པའི་ཕྱིར་ཀེང་རུས་བསྒོམས་ཏེ། དེ་ནི་སེམས་འདོད་ཆགས་དང་ལྷན་ཅིག་སྐྱེ་ལ། འདོད་ཆགས་དང་ལྷན་ཅིག་མི་འགོག་པ་ཞེས་བྱའོ། །གཞན་ཡང་སེམས་འདོད་ཆགས་དང་ལྷན་ཅིག་སྐྱེ་ལ། འདོད་ཆགས་དང་ལྷན་ཅིག་མི་འགོག་པ་ཡོད་དོ། །དཔེར་ན། ཉན་ཐོས་འབྲས་བུ་བཞི་མ་ཐོབ་པ་དག་རྒྱུ་དང་རྐྱེན་གྱིས་འདོད་ཆགས་ཀྱི་སེམས་སྐྱེའོ། །འབྲས་བུ་བཞི་ཐོབ་པ་ན་འདོད་ཆགས་ཀྱི་སེམས་འགོག་པར་འགྱུར་ཏེ། དེ་ནི་སེམས་འདོད་ཆགས་དང་ལྷན་ཅིག་སྐྱེ་ལ། འདོད་ཆགས་དང་ལྷན་ཅིག་མི་འགོག་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་གཡོ་བའི་ས་ཐོབ་པ་ན་སེམས་འདོད་ཆགས་དང་ལྷན་ཅིག་སྐྱེ་ལ། འདོད་ཆགས་དང་ལྷན་ཅིག་མི་འགོག་གོ། །དེ་ལ་ཇི་ལྟར་ན་འདོད་ཆགས་དང་ལྷན་ཅིག་མི་སྐྱེ་ལ། འདོད་ཆགས་དང་ལྷན་ཅིག་འགོག་པ་ཞེ་ན། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདོད་ཆགས་ཀྱི་སེམས་བཅད་ཀྱང་སེམས་ཅན་གྱི་ཕྱིར་འདོད་ཆགས་ཡོད་པར་སྟོན་ཏོ། །དེ་ལྟར་བསྟན་པའི་ཕྱིར་སེམས་ཅན་
Kha103b
ཚད་མེད་མཐའ་ཡས་པ་སྙེད་དགེ་བའི་ཆོས་ལ་རྩོལ་ཏེ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནི་འདོད་ཆགས་དང་ལྷན་ཅིག་མི་སྐྱེ་སྟེ། འདོད་ཆགས་དང་ལྷན་ཅིག་འགོག་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་འདོད་ཆགས་དང་ལྷན་ཅིག་མི་སྐྱེ་ལ། འདོད་ཆགས་དང་ལྷན་ཅིག་མི་འགོག་པ་ཞེ་ན། དེ་ལྟར་དགྲ་བཅོམ་པ་དང ། རང་སངས་རྒྱས་དང ། དེ་བཞིན་གཤེགས་པ་དང ། མི་གཡོ་བའི་ས་ཐོབ་པ་མ་གཏོགས་པར་བྱང་ཆུབ་སེམས་དཔའ་གཞན་རྣམས་ནི་འདོད་ཆགས་དང་ལྷན་ཅིག་མི་སྐྱེ་ལ། འདོད་ཆགས་དང་ལྷན་ཅིག་མི་འགོག་གོ། །དེ་བས་ན་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཀྱི་རང་བཞིན་ཡོང་གིས་དག་ཅེའམ། ཡོང་གིས་མ་དག་ཅེས་ངེས་པར་ནི་མི་འཆད་དོ། །རིགས་ཀྱི་བུ། སེམས་ནི་འདོད་ཆགས་ཀྱི་ཀུན་ནས་ཉོན་མོངས་པ་དང་འབྲེལ་བ་མ་ཡིན། ཞེ་སྡང་དང ། གཏི་མུག་དང་འབྲེལ་བ་མ་ཡིན་ནོ། །རིགས་ཀྱི་བུ། དཔེར་ན། ཉི་ཟླ་ལ་ཁུག་རླངས་དང ། རྡུལ་དང ། སྤྲིན་དང ། ན་བུན་དང ། སྒྲ་གཅན་ལ་སོགས་པས་བསྒྲིབས་ཏེ། དེའི་རྐྱེན་གྱིས་སེམས་ཅན་རྣམས་ཀྱིས་མི་མཐོང་བར་འགྱུར་ཏེ། དེ་ལྟར་མི་མཐོང་མོད་ཀྱི་ཉི་ཟླའི་རང་བཞིན་དེ་སྒྲིབ་པ་ལྔ་དང་འབྲེལ་བ་མ་ཡིན་ནོ། །སེམས་ཀྱང་དེ་དང་འདྲ་སྟེ། རྒྱུ་དང་རྐྱེན་ཁ་ཅིག་གི་ཕྱིར་འདོད་ཆགས་ཀྱི་ཀུན་ནས་ཉོན་མོངས་པ་སྐྱེ་བས་སེམས་ཅན་གྱི་སེམས་འདོད་ཆགས་དང་འབྲེལ་ཏོ་ཞེས་འཆད་ཀྱང་སེམས་ཀྱི་རང་བཞིན་ནི་ཡང་དག་པར་
Kha104a
༄#། །འབྲེལ་བ་མ་ཡིན་ནོ། །གང་འདོད་ཆགས་ཀྱི་སེམས་དེ་ནི་འདོད་ཆགས་ཀྱི་རང་བཞིན་ནོ། །གང་འདོད་མི་ཆགས་པ་ནི་འདོད་མི་ཆགས་པའི་རང་བཞིན་ཏེ། འདོད་མི་ཆགས་པའི་སེམས་ཀྱང་འདོད་ཆགས་པར་མི་འགྱུར་ལ། འདོད་ཆགས་ཀྱི་ཀུན་ནས་ཉོན་མོངས་པའི་སེམས་ཀྱང་འདོད་མི་ཆགས་པར་མི་འགྱུར་རོ། །རིགས་ཀྱི་བུ། དེ་ལྟ་བས་ན་འདོད་ཆགས་ཀྱི་ཀུན་ནས་ཉོན་མོངས་པས་སེམས་ལ་འགོ་བར་མི་ནུས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་འདོད་ཆགས་ཀྱི་ཀུན་ནས་ཉོན་མོངས་པ་ཡོངས་སུ་བཅོམ་པས་དེའི་ཕྱིར་སེམས་རྣམ་པར་གྲོལ་བ་ཐོབ་བོ་ཞེས་འཆད་དོ། །སེམས་ཅན་མ་རབས་ཐམས་ཅད་ནི་རྒྱུ་དང་རྐྱེན་གྱིས་འདོད་ཆགས་ཀྱི་ཀུན་ནས་ཉོན་མོངས་པ་སྐྱེ་ལ། རྒྱུ་དང་རྐྱེན་གྱིས་སེམས་རྣམ་པར་གྲོལ་བར་འགྱུར་རོ། །རིགས་ཀྱི་བུ། དཔེར་ན། རི་ཁ་བ་ཅན་རབ་ཏུ་གཟར་བའི་གནས་ན་མི་དང་སྤྲེའུ་གཉིས་ཀ་འགྲོ་མི་ནུས་སོ། །གནས་ལ་ལར་ནི་སྤྲེའུ་འགྲོ་ནུས་ཀྱང་མི་འགྲོ་མི་ནུས་སོ། །གནས་ལ་ལར་ནི་སྤྲེའུ་དང་མི་གཉིས་ཀ་འགྲོ་ནུས་སོ། །རིགས་ཀྱི་བུ། མི་དང་སྤྲེའུ་གཉིས་ཀ་ཐར་བའི་གནས་ན་རྔོན་པ་དག་ཤིང་ལེབ་ལ་རྙོང་གིས་བསྐུས་ནས་སྤྲེའུ་འཛིན་ཏོ། །སྤྲེའུ་ཐེ་ཚོམ་ཟ་བས་ལག་པ་བརྐྱང་སྟེ་མྱངས་སོ། །ལག་པས་རེག་ནས་འབྱར་བར་འགྱུར་ཏེ། ལག་པ་ཤོར་བར་འདོད་པའི་ཕྱིར་རྐང་པས་བརྫིས་པ་དང་རྐང་པའང་འབྱར་བར་གྱུར་
Kha104b
ཏོ། །རྐང་པ་ཤོར་བར་འདོད་པའི་ཕྱིར་སོས་བཟུང་བ་དང་ཁའང་འབྱར་བར་གྱུར་ཏེ། དེ་ལྟར་ཡན་ལག་ལྔ་ཀུན་ཤོར་བར་གྱུར་ཏོ། །དེ་ནས་རྔོན་པས་འཁར་བའི་ཐོག་ཏུ་བཞག་ནས་ཁུར་དུ་ཁྱེར་ཏེ་ཁྱིམ་དུ་འོང་ངོ ། །དེ་བཞིན་དུ་རི་ཁ་བ་ཅན་གྱི་གཟར་བའི་གནས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་དག་པའི་ལམ་ཐོབ་པ་ལྟ་བུའི་དཔའོ། །སྤྲེའུ་ནི་བུས་པ་མ་རབས་སོ་སོའི་སྐྱེ་བོ་རྣམས་ཀྱི་དཔེའོ། །རྔོན་པ་ནི་བདུད་སྡིག་ཏོ་ཅན་གྱི་དཔེའོ། །རྙོད་ནི་འདོད་ཆགས་ཀྱིས་ཀུན་ནས་ཉོན་མོངས་པའི་དཔེའོ། །མི་དང་སྤྲེའུ་གཉིས་ཀ་མི་ཐར་བ་ནི་བུས་པ་མ་རབས་རྣམས་དང ། བདུད་སྡིག་ཏོ་ཅན་གཉིས་ཀས་མི་ཐར་བའི་དཔེའོ། །སྤྲེའུ་ཐར་ལ་མིས་མི་ཐར་བ་ནི་མུ་སྟེགས་ཅན་ཤེས་རབ་དང་ལྡན་པ་རྣམས་ལ་བདུད་སྡིག་ཏོ་ཅན་ལ་སོགས་པའི་འདོད་པ་ལྔས་ཀྱང་བཅིང་མི་ནུས་པའི་དཔེའོ། །མི་དང་སྤྲེའུ་གཉིས་ཀ་ཐར་བ་ནི་བུས་པ་མ་རབས་དང ། བདུད་སྡིག་ཏོ་ཅན་རྟག་ཏུ་འཁོར་བ་ལ་གནས་ཏེ། ནན་ཏན་དུ་སྤྱོད་མི་ནུས་པའི་དཔེའོ། །བུས་པ་མ་རབས་ནི་འདོད་པ་ལྔས་བཅིངས་པས་བདུད་སྡིག་ཏོ་ཅན་གྱིས་བདེ་བླག་ཏུ་ཁྱེར་བ་ནི་རྔོན་པ་དེས་སྤྲེའུ་ཟིན་ནས་ཁུར་དུ་ཁྱེར་ཏེ་ཁྱིམ་དུ་འོངས་པའི་དཔེའོ། །རིགས་ཀྱི་བུ། དཔེར་ན། རྒྱལ་པོ་བདག་གི་ཁམས་ཀྱི་ཡུལ་ན་གནས་ན་ལུས་དང་སེམས་གཉིས་ཀ་བདེའོ། །གལ་ཏེ་གཞན་གྱི་ཡུལ་དུ་སོང་ན་སྡུག་བསྔལ་མང་པོ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་སེམས་ཅན་
Kha105a
༄#། །ཐམས་ཅད་ཀྱང་དེ་དང་འདྲ་སྟེ། བདག་གི་སྤྱོད་ཡུལ་ལ་གནས་ན་རབ་ཏུ་བདེའོ། །གལ་ཏེ་གཞན་གྱི་ཡུལ་ལ་གནས་ན་བདུད་སྡིག་ཏོ་ཅན་དང་ཕྲད་དེ་སྡུག་བསྔལ་མང་པོ་མྱོང་བར་འགྱུར་རོ། །བདག་གི་སྤྱོད་ཡུལ་ཅེས་བྱ་བ་ནི་དྲན་པ་ཉེ་བར་བཞག་པ་བཞིའོ། །གཞན་གྱི་ཡུལ་ཞེས་བྱ་བ་ནི་འདོད་པ་ལྔ་ཡིན་ནོ། །དེ་ལ་ཇི་ལྟར་ན་བདུད་ཀྱི་རིས་སུ་གཏོགས་པ་ཞེ་ན། སེམས་ཅན་ཁ་ཅིག་མི་རྟག་པ་ལ་རྟག་པར་ལྟ། རྟག་པ་ལ་མི་རྟག་པར་ལྟ། སྡུག་བསྔལ་བ་ལ་ནི་བདེ་བར་ལྟ། བདེ་བ་ལ་ནི་སྡུག་བསྔལ་བར་ལྟ། ཡོངས་སུ་དག་པ་ལ་ཡོངས་སུ་མ་དག་པར་ལྟ། ཡོངས་སུ་མ་དག་པ་ལ་ཡོངས་སུ་དག་པར་ལྟ། བདག་མེད་པ་ལ་བདག་ཏུ་ལྟ། བདག་ལ་བདག་མེད་པར་ལྟ། ཡང་དག་པར་རྣམ་པར་གྲོལ་བ་མ་ཡིན་པ་ལ་རྣམ་པར་གྲོལ་བར་ལྟ། ཡང་དག་པར་རྣམ་པར་གྲོལ་བ་ལ་ནི་རྣམ་པར་གྲོལ་བ་མ་ཡིན་པར་ལྟ། ཐེག་པ་མ་ཡིན་པ་ལ་ཐེག་པར་ལྟ། ཐེག་པ་ལ་ནི་ཐེག་པ་མ་ཡིན་པར་ལྟ་སྟེ།་དེ་དག་ནི་བདུད་ཀྱིས་བཅིངས་པ་ཞེས་བྱའོ། །བདུད་ཀྱིས་བཅིངས་པ་ནི་སེམས་མ་བྱང་བའོ། །གཞན་ཡང ། རིགས་ཀྱི་བུ། གང་ཆོས་ཐམས་ཅད་ལ་ཡང་དག་པར་ཡོད་པར་ལྟ་ཞིང་སོ་སོའི་མཚན་ཉིད་ངེས་པར་ལྟ་ན། དེས་གཟུགས་མཐོང་བའི་ཚེ་གཟུགས་ཀྱི་མཚན་ཉིད་དུ་འཛིན་པ་ནས། རྣམ་པར་ཤེས་པ་མཐོང་བའི་བར་དུ་རྣམ་པར་ཤེས་པའི་མཚན་ཉིད་
Kha105b
དུ་འཛིན་ཏེ། སྐྱེས་པ་ལ་སྐྱེས་པའི་མཚན་ཉིད་དུ་ལྟ། བུད་མེད་ལ་བུད་མེད་ཀྱི་མཚན་ཉིད་དུ་ལྟ། ཉི་མ་ལ་ཉི་མའི་མཚན་ཉིད་དུ་ལྟ། ཟླ་བ་ལ་ཟླ་བའི་མཚན་ཉིད་དུ་ལྟ། ལོ་ལ་ལོའི་མཚན་ཉིད་དུ་ལྟ། ཕུང་པོ་ལ་ཕུང་པོའི་མཚན་ཉིད་དུ་ལྟ། སྐྱེ་མཆེད་ལ་སྐྱེ་མཆེད་ཀྱི་མཚན་ཉིད་དུ་ལྟ། ཁམས་ལ་ཁམས་ཀྱི་མཚན་ཉིད་དུ་ལྟ་སྟེ། དེ་ལྟ་བུར་ལྟ་བ་ནི་བདུད་ཀྱིས་བཅིངས་པ་ཞེས་བྱ་སྟེ། བདུད་ཀྱིས་བཅིངས་པ་ནི་སེམས་མ་བྱང་བའོ། །གཞན་ཡང ། རིགས་ཀྱི་བུ། གང་བདག་ལ་གཟུགས་སུ་ལྟ་ཞིང ། གཟུགས་ཀྱི་ནང་ན་བདག་ཡོད་ལ་བདག་གི་ནང་ནའང་གཟུགས་ཡོད་དེ། གཟུགས་ནི་བདག་ལ་གཏོགས་སོ་ཞེས་བྱ་བ་ནས། བདག་ལ་རྣམ་པར་ཤེས་པར་ལྟ་ཞིང ། རྣམ་པར་ཤེས་པའི་ནང་ན་བདག་ཡོད་ལ། བདག་གི་ནང་ནའང་རྣམ་པར་ཤེས་པ་ཡོད་དེ། རྣམ་པར་ཤེས་པ་ནི་བདག་ལ་གཏོགས་པའི་བར་དུ་ལྟ་ན། དེ་ལྟར་ལྟ་བ་དེ་ནི་བདུད་ཀྱིས་བཅིངས་པ་བདུད་ཀྱི་རིས་སུ་གཏོགས་པ་སྟེ། ངའི་ཉེ་གནས་མ་ཡིན་ནོ། །རིགས་ཀྱི་བུ། ངའི་ཉན་ཐོས་ཀྱི་ཉེ་གནས་དག་དེ་ལྟར་མདོ་སྡེ་སྡེ་བཅུ་གཉིས་སྤངས་ཏེ། མུ་སྟེགས་ཅན་གྱི་ཡི་གེ་དང ། གཙུག་ལག་རྣམ་པ་མང་པོ་སློབ་པར་བྱེད་དེ། རབ་ཏུ་འབྱུང་བའི་ཞི་བའི་ལམ་མི་སྒོམ་པར་འཇིག་རྟེན་པ་ཁྱིམ་པའི་བྱ་བ་འབའ་ཞིག་སྒྲུབ་བོ། །ཇི་ལྟར་ན་ཁྱིམ་པའི་བྱ་བ་སྒྲུབ་པ་ཞེ་ན། མ་བརྟགས་པའི་རྫས་ཐམས་ཅད་འཆང་བའོ། །འདི་ལྟ་སྟེ། བྲན་པོ་དང །
Kha106a
༄#། །བྲན་མོ་དང ། ཞིང་དང ། ཁང་པ་དང ། བལ་གླང་དང ། རྟ་དང ། ཤིང་རྟ་དང ། རྔ་མོ་དང ། བོང་བུ་དང ། བྱ་དང ། ཁྱི་དང ། སྤྲེའུ་དང ། ཕག་དང ། ལུག་དང ། ནས་འབྲས་སྣ་ཚོགས་འཆང་སྟེ། མཁན་པོ་དང ། དགེ་འདུན་སྤོང་ཞིང་ཁྱིམ་པའི་སྐྱེ་བོ་ལ་བརྟེན་ཏེ། འཕགས་པའི་ཆོས་དང་འགལ་བར་བྱེད་ཅིང་ཁྱིམ་པའི་སྐྱེ་བོ་དག་ལ་འདི་སྐད་ཅེས་སྨྲའོ། །སངས་རྒྱས་ཀྱིས་དགེ་སློང་དག་མ་བརྟགས་པའི་རྫས་རྣམ་པ་སྣ་ཚོགས་འཆང་དུ་གནང་ངོ ། །ཞེས་སྨྲ་བ་དེ་ནི་ཁྱིམ་པའི་བྱ་བ་ཤ་སྟག་བྱེད་པའོ། །གཞན་ཡང་ཉེ་གནས་ཁ་ཅིག་ནི་མྱ་ངན་ལས་འདས་པའི་ཕྱིར་ནི་མ་ཡིན་གྱི། རྙེད་པ་དང་གྲགས་པའི་ཕྱིར་མདོ་སྡེ་སྡེ་བཅུ་གཉིས་མཉན་ཀྱང་དགེ་འདུན་གྱི་སྤྱིའི་ནོར་དང ། དགེ་འདུན་གྱི་ཕྲེང་བ་དང ། རྫས་སྤྱོད་ཅིང་ཟ་བ་ལ་བདག་གི་དང་འདྲ་བར་འཛིན་ཏེ། གཞན་གྱིས་རྙེད་པ་དང་གྲགས་པ་ལ་ཕྲག་དོག་དང ། སེར་སྣ་བྱེད་ལ། རྒྱལ་པོ་དང ། རྒྱལ་བུ་རྣམས་ལ་བརྟེན་ཞིང་མོ་འདེབས་པ་དང།་ལྟས་བཟང་ངན་ལྟ་བ་དང ། མིག་མང་དང ། ུག་ཤུད་དང ། ཆོ་ལོ་དང ། ཁྲས་དང ། རྩེད་མོ་རྣམ་པ་སྣ་ཚོགས་བྱེད་དེ། དགེ་སློང་མ་དང ། ཡུག་ས་མོ་ལ་བརྟེན་པ་དང ། དགེ་ཚུལ་གཉིས་འཆང་བ་དང ། རྟག་ཏུ་ཤན་པ་དང ། རྔོན་པ་དང ། ཆང་འཚོང་མའི་ཁྱིམ་དང ། རིགས་ངན་གདོལ་པའི་གནས་རྒྱུ་ཞིང་འགྲོ་བ་དང ། ཚོང་སྤྲུལ་སྣ་ཚོགས་བྱེད་པ་
Kha106b
དང།་བདག་གིས་ལག་དར་ཏེ་ཁ་ཟས་བྱེད་པ་དང ། གཞན་གྱི་ཡུལ་དུ་ཕོ་ཉར་འགྲོ་ཞིང་ཐ་ན་ཕྲིན་སྐྱེལ་བའི་ལས་བྱེད་པ་དེ་ལྟ་བུ་དག་ནི་བདུད་ཀྱི་འཁོར་ཡིན་པར་རིག་པར་བྱ་སྟེ། ངའི་ཉེ་གནས་མ་ཡིན་ནོ། །དེའི་རྒྱུ་དེའི་རྐྱེན་གྱིས་སེམས་འདོད་ཆགས་དང་ལྷན་ཅིག་སྐྱེ་ལ། འདོད་ཆགས་དང་ལྷན་ཅིག་འགོག་པ་ནས། སེམས་གཏི་མུག་གི་བར་དུ་ལྷན་ཅིག་སྐྱེ་ཞིང་ལྷན་ཅིག་འགོག་གོ། རིགས་ཀྱི་བུ། དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཀྱི་རང་བཞིན་ནི་དག་པའང་མ་ཡིན་ལ། མ་དག་པའང་མ་ཡིན་ཏེ། དེ་བས་ན་ངས་སེམས་རྣམ་པར་གྲོལ་བ་ཐོབ་བོ་ཞེས་བཤད་དོ། །གང་མ་བརྟགས་པའི་རྫས་ཐམས་ཅད་ལ་མི་ལེན་མི་འཆང་ལ། མྱ་ངན་ལས་འདས་པ་ཆེན་པོའི་ཕྱིར་མདོ་སྡེ་སྡེ་བཅུ་གཉིས་འཛིན་ཅིང་འཆང་བ་དང ། ཀློག་པ་དང ། འདོན་པ་དང ། ཡི་གེར་བྲིས་ཏེ་དགྲོལ་ཞིང་བཤད་པ་དེ་དག་ནི་ངའི་ཉེ་གནས་ཡང་དག་པ་ཡིན་པས་བདུད་སྡིག་ཏོ་ཅན་གྱི་སྤྱོད་ཡུལ་དུ་མི་འགྲོ་བ་སྟེ། དེ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྒོམ་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་སྒོམ་པ་དེ་ནི་འདོད་ཆགས་དང་ལྷན་ཅིག་མི་སྐྱེ། འདོད་ཆགས་དང་ལྷན་ཅིག་མི་འགོག་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པའི་མདོ་སྡེ་དམ་པ་ལ་ནན་ཏན་བྱེད་པའི་ཡོན་ཏན་བརྒྱད་དང་ལྡན་པ་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་
Kha107a
༄#། །ངན་ལས་འདས་པ་ཆེན་པོའི་མདོ་སྡེ་དམ་པ་ལ་ནན་ཏན་བྱེད་པས་ཡོན་ཏན་དགུ་དང་ལྡན་པ་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་དམ་པ་ལ་ནན་ཏན་བྱེད་པས་ཐོག་མ་དངོས་པོ་ལྔ་བསྐྱེད་ན་ཐམས་ཅད་འགྲུབ་པར་འགྱུར་རོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པ་དང ། སེམས་དབེན་པ་དང ། ཚུལ་ཁྲིམས་དང ། དགེ་བའི་བཤེས་གཉེན་ལ་བསྟེན་པ་དང ། མང་དུ་ཐོས་པའོ། །དེ་ལ་ཇི་ལྟར་ན་དད་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཀོན་མཆོག་གསུམ་དང ། སྦྱིན་པའི་འབྲས་བུ་ཡོད་པར་ཡིད་ཆེས་པ་དང ། དབེན་པ་གཉིས་ལ་ཡིད་ཆེས་པ་དང ། ཐེག་པ་གཅིག་གི་ལམ་ལས་ལམ་གཞན་མེད་དེ། སེམས་ཅན་རྣམས་མྱུར་དུ་རྣམ་པར་གྲོལ་བ་ཐོབ་པར་བྱ་བའི་ཕྱིར་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་པ་གསུམ་དུ་ཕྱེ་བར་ཡིད་ཆེས་པ་དང ། དོན་དམ་པའི་བདེན་པ་ལ་ཡིད་ཆེས་པ་དང ། ཐབས་མཁས་པ་ལ་ཡིད་ཆེས་པ་ནི་དད་པ་ཞེས་བྱ་སྟེ། དེ་ལྟར་དད་པ་ལ་ནི་དགེ་སྦྱོང་དང ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སེམས་ཅན་ཐམས་ཅད་ཀྱིས་གཞིག་མི་ནུས་སོ། །དད་པ་དེའི་རྐྱེན་གྱིས་འཕགས་པའི་རང་བཞིན་ཐོབ་སྟེ། སྦྱིན་པ་བྱས་པ་མང་ཡང་རུང་ཉུང་ཡང་རུང ། ཐམས་ཅད་ཡོངས་སུ་མྱ་ངན་ལས་
Kha107b
འདས་པ་ཆེན་པོ་ལ་ཉེ་བར་འགྱུར་ཏེ་འཁོར་བར་མི་ལྟུང་ངོ ། །དེ་བཞིན་དུ་ཚུལ་ཁྲིམས་དང ། མང་དུ་ཐོས་པ་དང ། ཤེས་རབ་ཀྱང་དེ་དང་འདྲ་སྟེ། དེ་ནི་དད་པ་ཞེས་བྱའོ། །དད་པ་དེ་ལྟ་བུ་ཡོད་ཀྱང་དེ་ལྟར་མི་ལྟ་བ་ནི་བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྒོམ་པའི་དངོས་པོ་དང་ལྡན་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་སེམས་དབེན་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ལ་དྲང་པོའི་སེམས་འཇོག་གོ་།སེམས་ཅན་ཐམས་ཅད་ནི་གལ་ཏེ་རྒྱུ་རྐྱེན་ཕྲད་ན་གཡོ་དང་རྒྱུ་སྐྱེ་སྟེ། བྱང་ཆུབ་སེམས་དཔའ་ནི་དེ་ལྟ་བུ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་ཏེ་འབྱུང་བར་ཤིན་ཏུ་མཁས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་གྱི་ཉེས་པའི་སྐྱོན་ཐམས་ཅད་མཐོང་ཡང་མི་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་སྐྱེ་བར་དོགས་པའི་ཕྱིར་ཏེ། གལ་ཏེ་ཉོན་མོངས་པ་སྐྱེས་ན་ངན་སོང་དུ་ལྟུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔས་གལ་ཏེ་སེམས་ཅན་གྱིས་ལེགས་པ་ཅུང་ཟད་མཐོང་ནའང་བསྔགས་ཤིང་བསྟོད་དོ། །ལེགས་པ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་རང་བཞིན་ནོ། །སངས་རྒྱས་ཀྱི་རང་བཞིན་ལ་བསྔགས་བས་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་བར་འགྱུར་བའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྣང་བ་མཐོ་
Kha108a
༄#། །བཙུན་དཔལ་གྱི་རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ཀྱི་རང་བཞིན་བསྔགས་པས་སེམས་ཅན་ཚད་མ་མཆིས་པ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ་ཞེས་བགྱི་བའི་དོན་དེ་ལྟ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་ཐོག་མ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་ཕྱེ་བ་ན་རྣམ་པ་གསུམ་ཞིག་གསུངས་ཏེ། གང་ཞེ་ན། གལ་ཏེ་ནད་པ་གང་སྨན་པ་མཁས་པ་དང ། སྨན་བཟང་པོ་དང་ཕྲད་ཅིང་ནད་གཡོག་ཡོད་པས་ནད་མྱུར་དུ་འཚོལ། གལ་ཏེ་དེ་དག་མེད་ན་ནམ་ཡང་མི་འཚོ་བ་དང ། དེ་དག་ཕྲད་ཀྱང་རུང་མ་ཕྲད་ཀྱང་རུང་སྟེ། ཡོང་མི་འཚོ་བ་དང ། དེ་དག་དང་ཕྲད་ཀྱང་རུང་མ་ཕྲད་ཀྱང་རུང ། ཡོང་གིས་འཚོ་བར་འགྱུར་བ་དང ། རྣམ་པ་གསུམ་གསུངས་སོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་གལ་ཏེ་དགེ་བའི་བཤེས་གཉེན་དང་ཕྲད་དེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལས་དམ་པའི་ཆོས་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །གལ་ཏེ་མ་ཕྲད་ན་མི་སྐྱེ་བ་ནི་འདི་ལྟ་སྟེ། རྒྱུན་དུ་ཞུགས་པ་དང ། ལན་གཅིག་ཕྱིར་ལྡོག་པ་དང ། ཕྱིར་མི་ལྡོག་པ་དང ། དགྲ་བཅོམ་པ་དང །
Kha108b
རང་སངས་རྒྱས་རྣམས་སོ། །དགེ་བའི་བཤེས་གཉེན་དང་ཕྲད་དེ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ལས་དམ་པའི་ཆོས་ཐོས་ཀྱང་སེམས་བསྐྱེད་མི་ནུས་ལ། གལ་ཏེ་མ་ཕྲད་ཀྱང་སེམས་བསྐྱེད་མི་ནུས་པ་ནི་འདི་ལྟ་སྟེ། ལོག་སྲེད་ཅན་ནོ། །ཕྲད་ཀྱང་རུང ། མ་ཕྲད་ཀྱང་རུང་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་བ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའོ་ཞེས་གསུངས་ཏེ། དེ་ལྟར་ཕྲད་ཀྱང་རུང ། མ་ཕྲད་ཀྱང་རུང་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་བ་ཞིག་ལགས་ན། དེ་ཅིའི་སླད་དུ།་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་རང་བཞིན་བསྔགས་པའི་རྐྱེན་གྱིས་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ་ཞེས་གསུངས། བཅོམ་ལྡན་འདས། དགེ་བའི་བཤེས་གཉེན་དང་ཕྲད་ཀྱང་རུང་མ་ཕྲད་ཀྱང་རུང ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ལས་ཆོས་ཐོས་ཀྱང་རུང ། མ་ཐོས་ཀྱང་རུང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེ་བར་མི་འགྱུར་རོ་ཞེས་གསུངས་པའི་དོན་དེའང་དེ་ལྟ་མ་ལགས་པར་འཚལ་ཏོ། །དེ་ཅིའི་སླད་དུ་ཞེ་ན། དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བའི་སླད་དུའོ། །ལོག་སྲེད་ཅན་ཡང་སངས་རྒྱས་ཀྱི་རང་བཞིན་གྱི་ཕྱིར་ཐོས་ཀྱང་རུང ། མ་ཐོས་ཀྱང་རུང ། ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་
Kha109a
༄#། །པའི་བྱང་ཆུབ་ཏུ་འགྱུར་རོ། །བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ལོག་སྲེད་ཅན་ཞེས་བགྱི་བ་ནི་དགེ་བའི་རྩ་བ་བཅད་པའོ་ཞེས་བགྱི་བ་དེའང་དེ་ལྟ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། སངས་རྒྱས་ཀྱི་རང་བཞིན་མ་བཅད་པའི་སླད་དུའོ། །དེ་ལྟར་སངས་རྒྱས་ཀྱི་རང་བཞིན་ནི་གཅད་དུ་མི་རུང་བའི་ཆོས་ཅན་ལགས་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་དགེ་བའི་རྩ་བ་བཅད་པའོ་ཞེས་གསུངས། ཇི་ལྟར་སྔོན་བཅོམ་ལྡན་འདས་ཀྱིས་མདོ་སྡེ་སྡེ་བཅུ་གཉིས་གསུངས་པ་ལས་དགེ་བ་ཞེས་བགྱི་བ་ལ་རྣམ་པ་གཉིས་ཏེ། རྟག་པ་དང ། མི་རྟག་པའོ། །རྟག་པ་ནི་གཅད་དུ་མ་མཆིས། མི་རྟག་པ་ནི་གཅད་དུ་མཆིས་སོ། །མི་རྟག་པ་གཅད་དུ་མཆིས་པས་སེམས་ཅན་དམྱལ་བར་ལྟུང་ན། རྟག་པ་གཅད་དུ་མ་མཆིས་པའང་ཅིའི་སླད་དུ་མ་བཟློག་།སངས་རྒྱས་ཀྱི་རང་བཞིན་གཅད་དུ་མ་མཆིས་བས་ལོག་སྲེད་ཅན་མ་ལགས་ན། དེ་བཞིན་གཤེགས་པས་ཅིའི་སླད་དུ་ལོག་སྲེད་ཅན་ཞེས་གསུངས། བཅོམ་ལྡན་འདས། གལ་ཏེ་སངས་རྒྱས་ཀྱི་རང་བཞིན་གྱི་རྐྱེན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་སྐྱེ་ན། ཅིའི་སླད་དུ་དེ་བཞིན་གཤེགས་པས་སེམས་ཅན་རྣམས་ལ་མདོ་སྡེ་སྡེ་བཅུ་གཉིས་རྒྱས་པར་བསྟན། བཅོམ་ལྡན་འདས། དཔེར་ན། ཀླུང་ཆེན་པོ་བཞི་ཆར་མཚོ་མ་དྲོས་པ་ནས་བྱུང་བས་གལ་ཏེ་མིའམ། ལྷའམ།
Kha109b
སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀླུང་ཆེན་པོ་རྒྱ་མཚོར་མི་འབབ་ཀྱི། སླར་ཐོག་མ་བྱུང་བའི་གནས་སུ་འབབ་ཅེས་བགྱི་བ་དེ་ལྟ་བུའི་གནས་མ་མཆིས་སོ། །བྱང་ཆུབ་ཀྱི་སེམས་ཀྱང་དེ་དང་འདྲ་སྟེ། སངས་རྒྱས་ཀྱི་རང་བཞིན་མཆིས་པས་ཐོས་ཀྱང་རུང ། མ་ཐོས་ཀྱང་རུང ། ཚུལ་ཁྲིམས་འཛིན་ཀྱང་རུང ། མི་འཛིན་ཀྱང་རུང ། སྦྱིན་པ་བགྱིས་ཀྱང་རུང ། མ་བགྱིས་ཀྱང་རུང ། སྤྱོད་ཀྱང་རུང།་མི་སྤྱོད་ཀྱང་རུང ། ཡེ་ཤེས་ཀྱང་རུང ། ཡེ་ཤེས་མ་ལགས་པའང་རུང་སྟེ། ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས། དཔེར་ན།་རི་ཨུད་ཏ་ཡ་ན་ཞེས་གྱི་བ་ལས་ཉི་མ་ཤར་ཏེ་ཉི་མ་དགུང་དུ་ཕྱིན་ནས། ཉི་མ་དེ་འདི་སྙམ་དུ་ནུབ་ཕྱོགས་སུ་མི་འགྲོའི། སླར་ཤར་ཕྱོགས་སུ་འགྲོ་སྙམ་དུ་བསམ་པའི་གནས་མཆིས་སོ། །སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། ཐོས་པ་མ་མཆིས། ཚུལ་ཁྲིམས་མི་འཛིན། སྦྱིན་པ་མི་བགྱིད། སྤྱད་པ་མེ་སྤྱོད། ཡེ་ཤེས་མ་མཆིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་ཐོབ་པའི་གནས་མ་མཆིས་སོ། །བཅོམ་ལྡན་འདས། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱུ་དང་འབྲས་བུའི་རང་བཞིན་ལ་ཡོད་པའང་མ་ལགས། མེད་པའང་མ་ལགས་སོ་ཞེས་གསུངས་པའི་དོན་དེའང་དེ་ལྟ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཇི་ལྟར་འོ་མའི་ནང་ན་ཞོའི་རང་བཞིན་མ་མཆིས་ན། ཞོའང་མ་མཆིས་སོ། །ནྱ་གྲོ་དྷའི་ས་བོན་ལ་འདོམ་
Kha110a
༄#། །ལྔར་སྐྱེ་བའི་རང་བཞིན་མ་མཆིས་ན་ཤིང་འདོམ་ལྔ་པར་སྐྱེ་བར་མི་འགྱུར་རོ། །དེ་བཞིན་དུ་སངས་རྒྱས་ཀྱི་རང་བཞིན་གྱི་ནང་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཤིང་མ་མཆིས་ན། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཤིང་སྐྱེ་བར་འགྱུར། དེ་ལྟ་བས་ན་རྒྱུ་དང་འབྲས་བུ་ཡོད་པའང་མ་ལགས། མེ་པའང་མ་ལགས་ཞེས་གསུངས་པ་དེ་ཇི་ལྟར་དོན་དང་ལྡན་པར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱི་ལགས་སོ། །ལེགས་སོ་ཞེས་བསྟོད་དོ། །རིགས་ཀྱི་བུ། འཇིག་རྟེན་ན་སྐྱེ་བུ་རྣམ་པ་གཉིས་ཡོད་དེ། ཇི་ལྟར་ཨུ་དུམྦ་རའི་མེ་ཏོག་ལྟར་ཤིན་ཏུ་དཀོན་ནོ། །དེ་གང་ཞེ་ན། མི་དགེ་བའི་ཆོས་མི་བྱེད་པ་དང ། ཁ་ན་མ་ཐོ་བའི་སྡིག་བྱས་པ་འགྱོད་པ་སྟེ། དེ་ལྟར་བུ་ནི་ཤིན་ཏུ་དཀོན་ནོ། །ཡང་སྐྱེས་བུ་རྣམ་པ་གཉིས་ཡོད་དེ། དྲིན་མེད་པ་དང ། དྲིན་དྲན་པའོ། །ཡང་སྐྱེས་བུ་རྣམ་པ་གཉིས་ཡོད་དེ། ཆོས་མ་ཐོས་པ་ཉན་པ་དང ། ཐོས་པ་མི་བརྗེད་པར་བྱེད་པའོ། །ཡང་སྐྱེས་བུ་རྣམ་པ་གཉིས་ཡོད་དེ། གསར་བྱེད་པ་དང ། རྙིང་འཆོས་པའོ། །ཡང་སྐྱེས་བུ་རྣམ་པ་གཉིས་ཡོད་དེ། ཆོས་ཐོས་པར་དགའ་བ་དང ། ཆོས་སྟོན་པར་དགའ་བའོ། །ཡང་སྐྱེས་བུ་རྣམ་པ་གཉིས་ཡོད་དེ། འདྲི་བ་ལ་མཁས་པ་དང ། ལན་འདེབས་པ་ལ་མཁས་པའོ། །འདྲི་བ་ལ་མཁས་པ་ནི་ཁྱོད་ཡིན་ནོ། །ལན་འདེབས་པ་ལ་མཁས་པ་ནི་དེ་བཞིན་གཤེགས་པའོ། །
Kha110b
རིགས་ཀྱི་བུ། འདྲི་མཁས་པའི་རྐྱེན་གྱིས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་ཏེ། དེས་ན་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ཀྱི་སྡོང་པོ་སྐེམས་པ་དང ། འཁོར་བ་མཐའ་ཡས་པའི་ཀླུང་ཆེན་པོ་ལས་སྒྲོལ་བ་དང ། བདུད་ཀྱི་རྒྱལ་པོ་སྡིག་ཏོ་ཅན་གྱི་དམག་ལས་རྒལ་བ་དང ། སྡིག་ཏོ་ཅན་གྱིས་བསྒྲེང་བའི་རྒྱལ་མཚན་བསྒྱེལ་བར་གྱུར་ཏོ། །རིགས་ཀྱི་བུ། ཇི་ལྟར་ངས་གོང་དུ་ནད་པ་རྣམ་པ་གསུམ་བཤད་པ་ལས། སྨན་པ་མཁས་པ་དང ། ནད་གཡོག་དང ། སྨན་བཟང་པོ་དང་ཕྲད་དམ། མ་ཕྲད་ཀྱང་རུང་ནད་འཚོ་བར་འགྱུར་རོ་ཞེས་བྱ་བ་དེའི་དོན་ཇི་ལྟ་བུ་ཞེ་ན། ལྡན་ཡང་རུང་མི་ལྡན་ཡང་རུང་བ་ནི་འདི་ལྟ་སྟེ། ཚེའི་ཚད་ངེས་པའོ། །གང་ཞེན། གང་ཟག་ཚེ་རབས་ཚད་མེད་པའི་བར་དུ་དགེ་བ་རྣམ་པ་གསུམ་སྤྱད་པའོ། །འདི་ལྟ་སྟེ། རབ་དང།་འབྲིང་དང ། ཐ་མའོ། །དེ་ལྟར་དགེ་བ་རྣམ་པ་གསུམ་སྤྱོད་པའི་ཕྱིར་ཚེའི་ཚད་ངེས་པར་གྱུར་ཏེ། ཇི་ལྟར་བྱང་གི་སྒྲ་མི་སྙན་གྱི་གླིང་དུ་སྐྱེས་པའི་མི་དག་ཚེ་ལོ་སྟོང་ཐུབ་པ་ནད་ཀྱིས་བཏབ་ན། གལ་ཏེ་སྨན་པ་མཁས་པ་དང ། སྨན་བཟང་པོ་དང ། ནད་གཡོག་ལ་སོགས་པ་དང་ཕྲད་ཀྱང་རུང ། མ་ཕྲད་ཀྱང་རུང་སྟེ་འཚོ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚེའི་ཚད་ངེས་པ་ཐོབ་པའི་ཕྱིར་རོ། །རིགས་ཀྱི་བུ། ཇི་ལྟར་ངས་ནད་པ་སྨན་པ་མཁས་པ་དང ། སྨན་བཟང་པོ་དང ། ནད་གཡོག་དང་ཕྲད་ན་ནད་འཚོ་བར་འགྱུར་གྱི། གལ་ཏེ་དེ་དག་དང་མ་ཕྲད་
Kha111a
༄#། །ན་མི་འཚོ་ཞེས་བྱ་བའི་དོན་དེ་ཇི་ལྟ་བུ་ཞེ་ན། རིགས་ཀྱི་བུ། གང་ཟག་དེ་ནི་ཚེའི་ཚད་མ་ངེས་པ་སྟེ། ཚེ་མ་ཟད་ཀྱང་རྒྱུ་རྐྱེན་རྣམ་པ་དགུས་གློ་བུར་དུ་ཚེའི་དུས་བྱེད་པར་འགྱུར་རོ། །དགུ་གང་ཞེ་ན། ཟས་མི་བདེ་བར་འགྱུར་བར་ཤེས་བཞིན་དུ་ཟོས་པ་དང ། མང་དུ་ཟ་བ་དང ། ཟས་སྔ་མ་མ་ཞུ་བར་ཡང་ཟ་བ་དང ། བཤང་གཅི་དུས་བཞིན་དུ་མི་འདོར་བ་དང ། ན་བའི་ཚེ་སྨན་པའི་ངག་མི་ཉན་པ་དང ། ནད་གཡོག་གི་ངག་བཞིན་དུ་མི་བྱེད་པ་དང ། སྐྱུགས་སྨན་བཏང་ནས་ནན་གྱིས་བརྣགས་ཏེ་མི་སྐྱུག་པ་དང ། ནུབ་མོ་འཕྱན་པ་ལས་གདོན་དྲག་པོས་བཏབ་པ་དང ། མི་ཚངས་པ་བག་མེད་པར་སྤྱོད་པ་སྟེ། དེ་ལྟ་བུའི་རྐྱེན་གྱིས་ན་བར་གྱུར་པ་དག་།གལ་ཏེ་སྨན་པ་དང ། སྨན་དང་ཕྲད་ན་འཚོལ། གལ་ཏེ་མ་ཕྲད་ན་མི་འཚོའོ་ཞེས་བཤད་དོ། །རིགས་ཀྱི་བུ། ཇི་ལྟར་ངས་གོང་དུ་གསུངས་པ་ལྟར་སྨན་ལ་སོགས་པ་དང་ཕྲད་ཀྱང་རུང་མ་ཕྲད་ཀྱང་རུང་སྟེ་མི་འཚོའོ་ཞེས་བྱ་བའི་དོན་ཇི་ལྟ་བུ་ཞེ་ན། གལ་ཏེ་མི་ཞིག་ཚེ་ཟད་ན་སྨན་པ་ལ་སོགས་པ་དང་ཕྲད་ཀྱང་རུང་མ་ཕྲད་ཀྱང་རུང་སྟེ་མི་འཚོའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་ཟད་པའི་ཕྱིར་ཏེ། དེ་བས་ན་ངས་ནད་པ་དེ་ནི་སྨན་དང་སྨན་པ་ལ་སོགས་པ་དང་ཕྲད་ཀྱང་རུང་མ་ཕྲད་ཀྱང་རུང་སྟེ་མི་འཚོའོ་ཞེས་བཤད་དོ། །སེམས་ཅན་དག་ཀྱང་དེ་དང་འདྲ་སྟེ། གང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་དགེ་བའི་བཤེས་གཉེན་
Kha111b
སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་དང་ཕྲད་དེ་ཆོས་ཟབ་མོ་འདི་འདྲི་ཞིང་མཉན་ཏམ། དེ་དང་མ་ཕྲད་ཀྱང་རུང་སྟེ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་ཏེ། ཇི་ལྟར་བྱང་གི་སྒྲ་མི་སྙན་གྱི་མིའི་ཚེའི་ཚད་ངེས་པ་བཞིན་ནོ། །ཇི་ལྟར་ངས་གསུངས་པ་ལྟར་རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་དུ། གལ་ཏེ་དགེ་བའི་བཤེས་གཉེན་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ལས་ཆོས་ཟབ་མོ་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེའོ། །གལ་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་མ་ཕྲད་དེ། ཆོས་ཟབ་མོ་མ་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་མི་སྐྱེ་སྟེ། ཇི་ལྟར་ཚེ་མ་ངེས་པའི་རྒྱུ་རྐྱེན་དགུས་གློ་བུར་དུ་ཚེའི་དུས་བྱེད་པར་འགྱུར་བའི་ནད་པ་དེ་སྨན་པ་དང་ཕྲད་ན་ནད་འཚོ་ལ། གལ་ཏེ་མ་ཕྲད་ན་ནད་མི་འཚོ་བ་བཞིན་ཏེ། དེ་བས་ན་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་དང་ཕྲད་དེ་ཆོས་ཟབ་མོ་ཐོས་ན་སེམས་སྐྱེ་ལ། གལ་ཏེ་མ་ཕྲད་ན་སེམས་མི་སྐྱེའོ་ཞེས་ངས་བཤད་དོ། །ཇི་ལྟར་ངས་གོང་དུ་གསུངས་པ་ལྟར་དགེ་བའི་བཤེས་གཉེན་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་དང་ཕྲད་དེ་ཆོས་ཟབ་མོ་ཐོས་སམ། གལ་ཏེ་མ་ཐོས་ཀྱང་རུང་སྟེ་སེམས་སྐྱེ་བར་མི་འགྱུར་ཞེས་བྱ་བ་དེའི་དོན་ཇི་ལྟ་བུ་ཞེ་ན། རིགས་ཀྱི་བུ། ལོག་སྲེད་ཅན་དག་ནི་གལ་ཏེ་དགེ་བའི་བཤེས་གཉེན་སངས་རྒྱས་
Kha112a
༄#། །དང།་བྱང་ཆུབ་སེམས་དཔའ་རྣམས་དང་ཕྲད་དེ་ཆོས་ཟབ་མོ་ཐོས་ཀྱང་རུང ། མ་ཐོས་ཀྱང་རུང་སྟེ་ལོག་སྲེད་ཅན་གྱི་སེམས་མི་སྤོང་ངོ ། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་ཆོས་བཅད་པའི་ཕྱིར་རོ། །ལོག་སྲེད་ཅན་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་ཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་ན་ལོག་སྲེད་ཅན་ཞེས་མི་བྱའོ། །རིགས་ཀྱི་བུ། རྒྱུ་དང་རྐྱེན་ཁ་ཅིག་གིས་ལོག་སྲེད་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་ཞེས་གསུངས་ཏེ། ལོག་སྲེད་ཅན་ནི་ཡང་དག་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་ཐོབ་སྟེ། ཇི་ལྟར་ཚེ་ཟད་པ་སྨན་དང ། སྨན་པ་མཁས་པ་དང ། ནད་གཡོག་དང་ཕྲད་ཀྱང་མི་འཚོ་བ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་ཟད་པའི་ཕྱིར་རོ། །རིགས་ཀྱི་བུ། ལོག་ཅེས་བྱ་བ་ནི་དད་པའོ། །སྲེད་ཅེས་བྱ་བ་ནི་མི་ལྡན་པའོ། །དད་པ་མི་ལྡན་པའི་ཕྱིར་ལོག་སྲེད་ཅན་ཞེས་བྱའོ། །སངས་རྒྱས་ཀྱི་རང་བཞིན་ནི་དད་པ་མ་ཡིན་ལ།་སེམས་ཅན་གྱིས་ལྡན་པ་མ་ཡིན་ཏེ། དེ་ལྟར་མི་ལྡན་ན་ཇི་ལྟར་གཅོད་པར་འགྱུར། ལོག་ཅེས་བྱ་བ་ནི་ཐབས་མཁས་པའོ། །སྲེད་ཅེས་བྱ་བ་ནི་མི་ལྡན་པའོ། །ཐབས་མཁས་པ་དང་མི་ལྡན་པའི་ཕྱིར་ལོག་སྲེད་ཅན་ཞེས་བྱའོ། །སངས་རྒྱས་ཀྱི་རང་བཞིན་ནི་ཐབས་མཁས་པ་བསྒོམ་པ་མ་ཡིན་ལ། སེམས་ཅན་གྱིས་ལྡན་པ་མ་ཡིན་ཏེ། དེ་ལྟར་མི་ལྡན་ན་ཇི་ལྟར་གཅོད་པར་
Kha112b
འགྱུར།་ལོག་ཅེས་བྱ་བ་ནི་བརྩོན་འགྲུས་སོ། །སྲེད་ཅེས་བྱ་བ་ནི་མི་ལྡན་པ་སྟེ། བརྩོན་འགྲུས་དང་མི་ལྡན་པའི་ཕྱིར་ལོག་སྲེད་ཅན་ཞེས་བྱའོ། །སངས་རྒྱས་ཀྱི་རང་བཞིན་ནི་བརྩོན་འགྲུས་མ་ཡིན་ལ། སེམས་ཅན་གྱིས་ལྡན་པ་མ་ཡིན་ཏེ། དེ་ལྟར་མི་ལྡན་པས་ན་ཇི་ལྟར་གཅོད་པར་འགྱུར། ལོག་ཅེས་བྱ་བ་ནི་དྲན་པའོ། །སྲེད་ཅེས་བྱ་བ་ནི་མི་ལྡན་པ་སྟེ། དྲན་པ་དང་མི་ལྡན་པའི་ཕྱིར་ལོག་སྲེད་ཅན་ཞེས་བྱའོ། །སངས་རྒྱས་ཀྱི་རང་བཞིན་ནི་དྲན་པ་མ་ཡིན་ལ། སེམས་ཅན་གྱིས་ལྡན་པ་མ་ཡིན་ཏེ། དེ་ལྟར་མི་ལྡན་པའི་ཕྱིར་ཇི་ལྟར་གཅོད་པར་འགྱུར། ལོག་ཅེས་བྱ་བ་ནི་ཏིང་ངེ་འཛིན་ཏོ། །སྲེད་ཅེས་བྱ་བ་ནི་མི་ལྡན་པ་སྟེ། ཏིང་ངེ་འཛིན་དང་མི་ལྡན་པའི་ཕྱིར་ལོག་སྲེད་ཅན་ཞེས་བྱའོ། །སངས་རྒྱས་ཀྱི་རང་བཞིན་ནི་ཏིང་ངེ་འཛིན་མ་ཡིན་ལ། སེམས་ཅན་གྱིས་ལྡན་པ་མ་ཡིན་ཏེ། དེ་ལྟར་མི་ལྡན་པའི་ཕྱིར་ཇི་ལྟར་གཅོད་པར་འགྱུར། ལོག་ཅེས་བྱ་བ་ནི་ཤེས་རབ་བོ། །སྲེད་ཅེས་བྱ་བ་ནི་མི་ལྡན་པ་སྟེ། ཤེས་རབ་དང་མི་ལྡན་པའི་ཕྱིར་ལོག་སྲེད་ཅན་ཞེས་བྱའོ། །སངས་རྒྱས་ཀྱི་རང་བཞིན་ནི་ཤེས་རབ་མ་ཡིན་ལ། སེམས་ཅན་གྱིས་ལྡན་པ་མ་ཡིན་ཏེ། དེ་ལྟར་མི་ལྡན་ན་ཇི་ལྟར་གཅོད་པར་འགྱུར། ལོག་ཅེས་བྱ་བ་ནི་མི་རྟག་པའི་དགེ་བའོ། །སྲེད་ཅེས་བྱ་བ་ནི་མི་ལྡན་པའོ། །མི་རྟག་པའི་དགེ་བ་དང་མི་ལྡན་པའི་ཕྱིར་ལོག་སྲེད་ཅན་ཞེས་བྱའོ། །སངས་རྒྱས་ཀྱི་རང་བཞིན་མི་རྟག་པ་མ་ཡིན། དགེ་བ་མ་ཡིན། མི་དགེ་
Kha113a
༄#། །བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་ཆོས་ནི་ཐབས་མཁས་པས་ཐོབ་པ་ཡིན་ཏེ། སངས་རྒྱས་ཀྱི་རང་བཞིན་ནི་ཐབས་མཁས་པས་ཐོབ་པ་མ་ཡིན་ཏེ། དེའི་ཕྱིར་དགེ་བ་མ་ཡིན་ནོ། །ཇི་ལྟར་ན་མི་དགེ་བ་མ་ཡིན་ཞེ་ན། དགེ་བའི་འབྲས་བུ་ཐོབ་པའི་ཕྱིར་རོ། །དགེ་བའི་འབྲས་བུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཡང་དགེ་བའི་ཆོས་ཞེས་བྱ་བ་ནི་སྐྱེས་ནས་ཐོབ་པའོ། །སངས་རྒྱས་ཀྱི་རང་བཞིན་ནི་སྐྱེས་ནས་ཐོབ་པ་མ་ཡིན་ཏེ། དེའི་ཕྱིར་དགེ་བ་མ་ཡིན་ནོ། །སྐྱེ་བ་ལས་ཐོབ་པའི་དགེ་བའི་ཆོས་རྣམས་བཅད་པས་ན་ལོག་སྲེད་ཅན་ཞེས་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་སྨྲས་པ་ལྟར། གལ་ཏེ་ལོག་སྲེད་ཅན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ན། ཅིའི་ཕྱིར་སེམས་ཅན་དམྱལ་བའི་ཁ་ན་མ་ཐོ་བ་ལས་མ་བཟློག་ཅེས་བྱ་བ་ནི། རིགས་ཀྱི་བུ། ལོག་སྲེད་ཅན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་མེད་དོ། །རིགས་ཀྱི་བུ། དཔེར་ན། རྒྱལ་པོ་ཞིག་དགུ་པོ་རྒྱུད་མང་གི་སྒྲ་སྙན་ཞིང་ཡིད་དུ་འོང་བ་ཐོས་ནས་སེམས་དེ་ལ་ཆགས་ཏེ་ཤིན་ཏུ་དགའ་བས་གཏོང་བའི་སེམས་མེད་དོ། །དེ་ནས་བློན་པོ་ཆེན་པོ་ཞིག་ལ་འདི་ལྟ་བུའི་སྒྲ་སྙན་པ་ག་ལས་བྱུང་ཞེས་དྲིས་སོ། །བློན་པོ་ཆེན་པོས་ལན་བཏབ་པ། འདི་ལྟར་སྒྲ་སྙན་པ་ནི་དགུ་བོ་རྒྱུད་མང་ལས་བྱུང་ངོ ། །རྒྱལ་པོས་སྒྲ་དེ་ཁྱེར་ཏེ་ཤོག་ཅེས་སྨྲས་སོ། །དེ་ནས་བློན་པོ་ཆེན་པོས་དགུ་པོ་རྒྱུད་མང་བླངས་ནས་
Kha113b
རྒྱལ་པོའི་མདུན་དུ་བཞག་གོ་།རྒྱལ་པོ་ཆེན་པོ་འདི་ལྟར་རིག་པར་བྱ་སྟེ། སྒྲ་དེ་ནི་འདི་ལས་བྱུང་ངོ་ཞེས་གསོལ་ཏོ། །རྒྱལ་པོས་དགུ་པོ་རྒྱུད་མང་ལ་སྒྲ་ཕྱུང ། སྒྲ་ཕྱུང་ཞེས་བྱས་ཀྱང་དགུ་པོ་རྒྱུད་མང་དེ་ལ་སྒྲ་མ་བྱུང་ངོ ། །དེ་ནས་རྒྱལ་པོས་རྒྱུད་བཅད་ཀྱང་སྒྲ་མ་བྱུང ། ཤུན་པ་དང་ཤིང་སོ་སོར་གཤེགས་ཏེ་སྒྲ་བཙལ་ཀྱང་མ་རྙེད་དེ། དེ་ནས་རྒྱལ་པོས་བློན་པོ་དེ་ལ་ཁྲོས་ཏེ། དེ་ལྟར་རྫུན་བྱས་ཏེ་ཅི་བྱ་ཞེས་སྨྲས་སོ། །བློན་པོ་ཆེན་པོས་རྒྱལ་པོ་དེ་ལ་གསོལ་པ། སྒྲ་འདོད་པ་ནི་ཆོས་དེ་ལྟ་བུ་མ་ལགས་ཏེ། རྒྱུ་དང་རྐྱེན་མང་པོ་དང ། ཐབས་མཁས་པས་གདོད་སྒྲ་འབྱུང་ངོ ། །སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་བར་གནས་པའི་གནས་མེད་དེ། ཐབས་མཁས་པས་གདོད་མཐོང་བར་འགྱུར་རོ། །དེ་ལྟར་མཐོང་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ། །ལོག་སྲེད་ཅན་དག་ནི་སངས་རྒྱས་ཀྱི་རང་བཞིན་མི་མཐོང་ན་ངན་སོང་གསུམ་གྱི་ཁ་ན་མ་ཐོ་བ་ལས་ཇི་ལྟར་བཟློག་།རིགས་ཀྱི་བུ། གལ་ཏེ་ལོག་སྲེད་ཅན་གྱིས་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཡིད་ཆེས་ན། དེ་ནི་ངན་སོང་གསུམ་དུ་མི་འགྲོ་སྟེ། ལོག་སྲེད་ཅན་ཡང་མ་ཡིན་པར་རིག་པར་བྱའོ། །དེ་ལྟར་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཡིད་མི་ཆེས་པའི་ཕྱིར་ངན་སོང་གསུམ་དུ་ལྟུང་ངོ ། །ངན་སོང་གསུམ་དུ་ལྟུང་བའི་ཕྱིར་ལོག་སྲེད་ཅན་ཞེས་བྱའོ། །རིགས་ཀྱི་བུ། ཇི་ལྟར་ཁྱོད་ཀྱིས་སྨྲས་པ་ལྟར། གལ་ཏེ་འོ་མ་ལ་ཞོའི་རང་བཞིན་
Kha114a
༄#། །མེད་ན་ཞོ་འབྱུང་བ་མི་རིགས་ལ། ནྱ་གྲོ་དྷའི་ས་བོན་ལ་འདོམ་ལྔའི་རང་བཞིན་མེད་ན་ཤིང་འདོམ་ལྔ་པ་སྐྱེ་བར་མི་རིགས་སོ་ཞེས་བྱ་བ་གླེན་པ་དག་ནི་དེ་སྐད་འཆད་དེ།་མཁས་པ་ཤེས་རབ་ཅན་ལ་ནི་ནམ་ཡང་དེ་ལྟ་བུའི་ཚིག་མི་འབྱུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་མེད་པའི་ཕྱིར་རོ། །རིགས་ཀྱི་བུ། གལ་ཏེ་འོ་མའི་ནང་ན་ཞོའི་རང་བཞིན་ཡོད་པ་ཞིག་ན། རྒྱུ་རྐྱེན་མང་པོའི་མཐུ་ལ་མི་ལྟོས་པའི་རིགས་སོ། །རིགས་ཀྱི་བུ། ཇི་ལྟར་ཆུ་དང་འོ་མ་བསྲེས་ཏེ་མནན་ན་ཟླ་བ་གཅིག་བཞག་ཀྱང་ཞོར་མི་འགྱུར་རོ། །གལ་ཏེ་ཤིང་པ་ཀེའུ་ཞེས་བྱའི་ཁུ་བ་ཐིགས་པ་གཅིག་གིས་དྲི་མ་བྱས་ན་གདོད་ཞོར་འགྱུར་རོ། །གལ་ཏེ་ཐོག་མ་ནས་ཞོའི་རང་བཞིན་ཡོད་ན་ཇི་སྟེ་རྒྱུ་རྐྱེན་མང་པོ་ལ་ལྟོས། དེ་བཞིན་དུ་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་རྒྱུ་རྐྱེན་མང་པོས་གདོད་མཐོང་བར་འགྱུར་ཏེ། རྒྱུ་རྐྱེན་མང་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ། །གང་རྒྱུ་རྐྱེན་མང་པོ་ལ་ལྟོས་ཏེ་ཐོབ་པ་ནི་རང་བཞིན་མེད་པའོ། །དེ་ལྟར་རང་བཞིན་མེད་པའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ། །རིགས་ཀྱི་བུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟག་ཏུ་གཞན་གྱི་ལེགས་པ་བསྔགས་ཤིང་ཉེས་པ་མི་བརྗོད་དེ། དེ་ནི་དྲང་པོའི་སེམས་ཞེས་བྱའོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་
Kha114b
པོའི་མདོ། བམ་པོ་སུམ་ཅུ་ལྔ་པ། གཞན་ཡང ། རིགས་ཀྱི་བུ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དྲང་པོ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ཉེས་པ་མི་བྱེད་དོ། ། གལ་ཏེ་ཉེས་པ་ཞིག་བྱུང་ན་དེའི་མོད་ལ་མཁན་པོའམ་སློབ་དཔོན་གཅིག་ལ་མཐོལ་ཞིང་བཤགས་ཏེ་མི་འཆབ་བོ། །ཁྲེལ་པ་དང ། འཛམ་པས་བདག་ལ་བདག་གཤེ་ཞིང་ཕྱིན་ཆད་མི་བྱེད་པར་ཡི་དམ་འཆའོ། །སྡིག་པ་ཡང་བ་ལ་རབ་ཏུ་ལྕི་བའི་འདུ་ཤེས་སྐྱེད་དོ། །གལ་ཏེ་མི་ཞིག་གིས་དྲིས་ན། ཡང་དག་པར་ཉེས་སོ་ཞེས་ལན་འདེབས་སོ། །སྡིག་པ་དེ་བཟང་ངམ། ངན་ཞེས་དྲིས་ན་ངན་ཞེས་ལན་འདེབས་སོ། །ཡང་སྡིག་པ་དེ་དགེའམ། མི་དགེ་ཞེས་དྲིས་ན། མི་དགེ་ཞེས་ལན་འདེབས་སོ། །ཡང་སྡིག་པ་དེ་དགེ་བའི་འབྲས་བུའམ། མི་དགེ་བའི་འབྲས་བུ་ཞེས་དྲིས་ན་སྡིག་པ་དེ་ནི་ཡང་དག་པར་དགེ་བའི་འབྲས་བུ་མ་ཡིན་ནོ་ཞེས་ལན་འདེབས་སོ། །ཡང་སྡིག་པ་འདི་སུས་བྱས། སངས་རྒྱས་དང ། ཆོས་དང ། དགེ་འདུན་གྱིས་བྱས་པ་ཡིན་ནམ་ཞེས་དྲིས་ན། སངས་རྒྱས་དང ། ཆོས་དང ། དགེ་འདུན་གྱིས་མ་ཡིན་ཏེ། བདག་གིས་བྱས་སོ། །དེའང་ཉོན་མོངས་པ་འདུས་པས་བྱས་པར་གྱུར་ཏོ་ཞེས་ལན་འདེབས་སོ། །དེ་ལྟར་སེམས་དྲང་བའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཡིད་ཆེས་སོ། །སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཡིད་ཆེས་པའི་ཕྱིར་ལོག་སྲེད་ཅན་ཞེས་མི་བྱའོ། །དེ་ལྟར་སེམས་དྲང་བའི་ཕྱིར་སངས་རྒྱས་ཀྱི་ཉེ་གནས་ཞེས་བྱ་སྟེ།
Kha115a
༄#། །སེམས་ཅན་གྱིས་ཕུལ་བའི་གོས་དང ། བཟའ་བ་དང ། བཅའ་བ་དང ། མལ་ཆ་དང ། ནད་ཀྱི་རྐྱེན་སྨན་དེ་དག་ལས་སྣ་གཅིག་དང་ཁྲི་ཕྲག་བཅུ་སྙེད་བླངས་ཀྱང་མང་ངོ་ཞེས་མི་བྱ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་སེམས་དྲང་པོ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་འཛིན་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚུལ་ཁྲིམས་སྡོམ་པ་ནི་ལྷར་སྐྱེ་བའི་ཕྱིར་མ་ཡིན། འཇིག་པའི་ཕྱིར་མ་ཡིན་པ་ནས། ཁྱིའི་སྡོམ་པ་དང ། བྱའི་སྡོམ་པ་དང ། བ་ལང་གི་སྡོམ་པ་དང ། རྒྱ་བྱའི་སྡོམ་པའི་བར་དུ་མནོས་པ་མ་ཡིན། ཚུལ་ཁྲིམས་ཞིག་པར་མི་བྱེད། ཚུལ་ཁྲིམས་ཉམས་པར་མི་བྱེད། ཚུལ་ཁྲིམས་ལ་ཕན་ཡོན་ཡོད་པར་མི་བྱེད། ཚུལ་ཁྲིམས་སྣ་ཚོགས་པ་མི་བྱེད། ཉན་ཐོས་ཀྱི་ཚུལ་ཁྲིམས་མི་བྱེད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་དང ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁྲིམས་ནོད་ཅིང་འཛིན་ཏེ། བསྙེན་པར་རྫོགས་ཀྱང་རྒྱགས་ཤིང་དྲེགས་པ་མི་སྐྱེ་བ་ནི་བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྡོམ་པའི་ཚུལ་ཁྲིམས་གསུམ་དང་ལྡན་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་ལ་བསྙེན་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟག་ཏུ་སེམས་ཅན་ལ་དགེ་བའི་ལམ་
Kha115b
སྟོན་ཅིང་མི་དགེ་བའི་ལམ་མི་སྟོན་ཏེ། མི་དགེ་བའི་ལམ་ནི་དགེ་བའི་འབྲས་བུ་མ་ཡིན་ནོ་ཞེས་སྟོན་ཏོ། །རིགས་ཀྱི་བུ། ང་ནི་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་བཤེས་གཉེན་ཡང་དག་པ་ཡིན་ཏེ། བྲམ་ཟེ་པུ་ཀ་ལའི་ལྟ་བ་ངན་པ་ཐམས་ཅད་གཅོད་ནུས་སོ། །རིགས་ཀྱི་བུ། གལ་ཏེ་སེམས་ཅན་གང་ང་ལ་བསྙེན་བཀུར་བྱེད་ན། སེམས་ཅན་དམྱལ་བར་ལྟུང་བའི་རྒྱུ་རྐྱེན་ཡོད་ཀྱང་ལྷར་སྐྱེ་བར་འགྱུར་ཏེ། ཇི་ལྟར་སུན་འདའ་ཅ་ཏ་ལ་སོགས་པ་སེམས་ཅན་དམྱལ་བར་ལྟུང་བའི་རིགས་པ་ལས་ང་མཐོང་བའི་ཕྱིར་སེམས་ཅན་དམྱལ་བར་ལྟུང་བའི་རྐྱེན་བྱང་ནས་གཟུགས་ཡོད་པའི་ལྷར་སྐྱེས་སོ། །ཤཱ་རིའི་བུ་དང ། མཽངྒལ་གྱི་བུ་ལ་སོགས་པ་ལྟ་བུ་ཡོད་དུ་ཟིན་ཀྱང་སེམས་ཅན་གྱི་དགེ་བའི་བཤེས་གཉེན་ཡང་དག་པ་ཞེས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལོག་སྲེད་ཅན་གྱི་རྒྱུ་བསྐྱེད་པའི་ཕྱིར་རོ། །རིགས་ཀྱི་བུ། ང་སྔོན་ཡུལ་སེར་སྐྱ་ན་བཞུགས་པ་ན། ཤཱ་རིའི་བུ་ལ་ཉེ་གནས་གཉིས་ཡོད་དེ། གཅིག་ནི་ཀེང་རུས་ལ་རྟོག་ཏུ་བཅུག་།གཅིག་ནི་དབུགས་བགྲང་དུ་བཅུག་སྟེ། ལོ་གྲངས་མང་དུ་ལོན་ཡང་གཉིས་ཀ་ཏིང་ངེ་འཛིན་མ་ཐོབ་བོ། །དེ་ལྟར་མ་ཐོབ་པའི་རྐྱེན་གྱིས་མྱ་ངན་ལས་འདས་པའང་མེད། ཟག་པ་མེད་པའི་ཆོས་ཀྱང་མེད་དོ། ། ཞེས་ལོག་པར་ལྟ་བ་སྐྱེས་སོ། །གལ་ཏེ་དེ་ཡོད་པ་ཞིག་ཡིན་ན་བདག་ཅག་གིས་ཐོབ་པའི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཅག་བསྟན་པའི་ལུང་ཤིན་ཏུ་སྡོམ་ཞིང་འཛིན་པའི་ཕྱིར་
Kha116a
༄#། །རོ་ཞེས་ཟེར་ཏེ། ང་དེའི་ཚེ་དགེ་སློང་དེ་གཉིས་ངན་པར་ལྟ་བའི་སེམས་སྐྱེ་བར་མཐོང་ནས་ཤཱ་རིའི་བུ་བོས་ཏེ་འདི་སྐད་སྤྱོས་སོ། །ཁྱོད་ལེགས་པར་མི་སྟོན་ཏེ། ཅིའི་ཕྱིར་སློབ་མ་དེ་གཉིས་ལ་གོ་བསྣོར་ཏེ་ཆོས་ལོག་པར་བསྟན། ཁྱོད་ཀྱི་སློབ་མ་གཉིས་ནི་རིགས་སོ་སོ་སྟེ། གཅིག་ནི་གོས་འཁྲུ་བའོ། །གཅིག་ནི་གསེར་མགར་རོ། །གསེར་མགར་ལ་ནི་དབུགས་བགྲང་བ་བསྟན་པའི་རིགས། གོས་འཁྲུ་བ་ལ་ནི་ཀེང་རུས་ལ་རྟོག་པ་བསྟན་པའི་རིགས་ཏེ། ཁྱོད་ཀྱིས་བསྟན་པ་ནོར་བའི་ཕྱིར་མི་དེ་གཉིས་ལོག་པར་མི་དགེ་བ་སྐྱེས་ཏེ། ངས་དེའི་ཚེ་མི་དེ་གཉིས་ལ་ཇི་ལྟ་བ་བཞིན་དུ་དེ་ལྟར་ཆོས་བསྟན་པས་དེ་གཉིས་ཀྱིས་ཐོས་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏེ། དེ་བས་ན་ང་ནི་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་བཤེས་གཉེན་ཡང་དག་པ་ཡིན་གྱི། ཤཱ་རིའི་བུ་དང ། མཽངྒལ་གྱི་བུ་ལ་སོགས་པ་ནི་མ་ཡིན་ནོ། །གལ་ཏེ་སེམས་ཅན་གང་ཀུན་ནས་ཉོན་མོངས་པ་རབ་ཏུ་ལྕི་བ་ཡོད་པ་དག་ཀྱང་ང་དང་ཕྲད་ན་ངས་ཐབས་ཀྱིས་དེ་དག་གཅོད་དོ། །དཔེར་ན། ངའི་ནུ་བོ་བསྙེན་དགའ་བོ་འདོད་ཆགས་རབ་ཏུ་ལྕི་བ་དང་བཅས་ཏེ། ངས་ཐབས་ཤིན་ཏུ་མཁས་པ་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་བཅད་དོ། །སོར་མོའི་ཕྲེང་བ་ཞེ་སྡང་རབ་ཏུ་ལྕི་བ་དང་བཅས་ཏེ། ང་མཐོང་བས་ཞེ་སྡང་ཞི་བར་གྱུར་ཏོ། །རྒྱལ་པོ་མ་སྐྱེས་དགྲ་གཏི་མུག་ཤིན་ཏུ་ལྕི་བ་དང་བཅས་ཏེ།
Kha116b
ང་མཐོང་བས་གཏི་མུག་གི་སེམས་མད་པར་གྱུར་ཏོ། །ཁྱིམ་བདག་པ་ཡི་ཀ་བསྐལ་པ་གྲངས་མེད་པའི་བར་དུ་ཉོན་མོངས་པའི་ཚོགས་རབ་ཏུ་གསོག་སྟེ། ང་མཐོང་བས་མོད་ལ་དེ་དག་ཟད་ཅིང་ཞི་བར་གྱུར་ཏོ། །གལ་ཏེ་མི་མ་རབས་ངན་པ་དག་ང་ལ་བསྙེན་ཞིང་ངའི་ཉེ་གནས་བྱེད་ན་དེའི་རྒྱུ་དེའི་རྐྱེན་གྱིས་ལྷ་དང་མི་ཐམས་ཅད་ཀྱིས་བཀུར་ཞིང་བསྟི་སྟང་བྱེད་པར་འགྱུར་རོ། །ཤྲཱི་གུབ་ཏ་ངན་པར་ལྟ་བ་ཤིན་ཏུ་མཆེད་པའང་ང་མཐོང་བས་ངན་པར་ལྟ་བ་མེད་པར་གྱུར་ཏེ། ང་མཐོང་བའི་རྐྱེན་གྱིས་སེམས་ཅན་དམྱལ་བའི་རྒྱུ་འགགས་ནས་ལྷར་སྐྱེ་བའི་རྒྱུར་གྱུར་ཏོ། །ཇི་ལྟར་རིགས་ངན་དབུགས་འབྲོག་ཅེས་བྱ་བ་ཚེའི་དུས་བྱེད་དུ་ཉེ་བ་ན། ང་མཐོང་བས་ཕྱིར་ཚེ་རིང་བར་གྱུར་ཏོ། །དཔེར་ན། ཀཽ་ཤི་ཀ་སེམས་བསླད་ཅིང་འཁྲུགས་པར་གྱུར་ཏེ། ང་མཐོང་བའི་རྐྱེན་གྱིས་སེམས་སྔོན་བཞིན་དུ་གྱུར་ཏོ། །རིགས་ངན་གཽ་ཏ་མིའི་བུ་རྐེ་བ་ཞེས་བྱ་བ་རྟག་ཏུ་མི་དགེ་བའི་ལས་བྱེད་དེ། ང་མཐོང་བས་ལས་དེ་དག་སྤངས་པར་གྱུར་ཏོ། །དགེ་སློང་ཅན་དེ་དང ། དགེ་སློང་རྩཝ་མདུད་གཉིས་ཀྱང་ང་མཐོང་བའི་རྐྱེན་གྱིས་ལུས་དང ། སྲོག་གི་བར་དུ་ཡལ་ཡང་ཚུལ་ཁྲིམས་སྡོམ་པ་མ་ཉམས་སོ། །དོན་དེ་ལྟ་བས་ན་དགེ་སློང་དགའ་བོས་ཚངས་པར་སྤྱོད་པ་ཕྱེད་བསྟན་པས་དགེ་བའི་བཤེས་གཉེན་དུ་འགྱུར་རོ་ཞེས་འཆད་དེ། ང་ནི་དེ་སྐད་དུ་མི་སྟོན་ཏེ། ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པ་ནི་དགེ་བའི་བཤེས་གཉེན་དུ་འགྱུར་རོ་ཞེས་གསུངས་
Kha117a
༄#། །སོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྒོམ་པས་དགེ་བའི་བཤེས་གཉེན་ལས་བསྙེན་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མང་དུ་ཐོས་པ་དང་ལྡན་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ཕྱིར་མདོ་སྡེ་སྡེ་བཅུ་གཉིས་ཡི་གེར་བྲིས་ཤིང་ཀློག་གམ། འདོན་ཏམ། རྣམ་པར་འབྱེད་ཅིང་སྟོན་པ་ནི་བྱང་ཆུབ་སེམས་དཔའ་མང་དུ་ཐོས་པ་དང་ལྡན་པ་ཞེས་བྱའོ། །མདོ་སྡེ་སྡེ་བཅུ་གཅིག་བཞག་སྟེ། ཤིན་ཏུ་རྒྱས་པ་འབའ་ཞིག་གཟུངས་སུ་འཛིན་ཞིང་ཀློག་གམ། འདོན་ཏམ། ཡི་གེར་བྲིས་སམ། འབྱེད་ཅིང་སྟོན་པའང་བྱང་ཆུབ་སེམས་དཔའ་མང་དུ་ཐོས་པ་དང་ལྡན་པ་ཞེས་བྱའོ། །མདོ་སྡེ་སྡེ་བཅུ་གཉིས་བཞག་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་དམ་པ་འདི་གཟུངས་སུ་འཛིན་ཞིང་ཡི་གེར་བྲིས་སམ། འདོན་ཏམ། ཀློག་གམ། འབྱེད་ཅིང་སྟོན་པའང་བྱང་ཆུབ་སེམས་དཔའ་མང་དུ་ཐོས་པ་དང་ལྡན་པ་ཞེས་བྱའོ། །མདོ་སྡེ་འདིའང་བཞག་སྟེ། ཚིག་བཞི་བའི་ཚིགས་སུ་བཅད་པ་གཅིག་གཟུངས་སུ་འཛིན་ཏམ། ཚིགས་སུ་བཅད་པ་དེའང་བཞག་སྟེ། དེ་བཞིན་གཤེགས་པ་རྟག་ཏུ་གནས་པ་རང་བཞིན་མི་འགྱུར་མི་འཕོ་བ་གཟུངས་སུ་འཛིན་ན་བྱང་ཆུབ་སེམས་དཔའ་དེའང་མང་དུ་ཐོས་པ་དང་ལྡན་པ་ཞེས་
Kha117b
བྱའོ། །དེ་དག་ཀྱང་བཞག་སྟེ། དེ་བཞིན་གཤེགས་པ་རྟག་ཏུ་ཆོས་མི་གསུང་བར་ཤེས་ན། དེའང་བྱང་ཆུབ་སེམས་དཔའ་མང་དུ་ཐོས་པ་དང་ལྡན་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ནི་རང་བཞིན་མེད་པའི་ཕྱིར་ཏེ། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་བཤད་ཀྱང་རྟག་ཏུ་ཅིའང་གསུང་བ་མེད་དེ། དེ་ནི་བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྒོམ་པས་མང་དུ་ཐོས་པ་དང་ལྡན་པ་ཞེས་བྱའོ། །རིགས་ཀྱི་བུ། གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ཕྱིར་དངོས་པོ་དེ་ལྔ་དང་ལྡན་ན། བྱེད་དཀའ་བ་བྱེད་པར་འགྱུར། བཟོད་དཀའ་བ་བཟོད་པར་འགྱུར། གཏོང་དཀའ་བ་གཏོང་བར་འགྱུར་རོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བྱེད་དཀའ་བ་བྱེད་པར་འགྱུར་བ་ཞེ་ན། གལ་ཏེ་ལ་ལ་ཞིག་འདི་སྐད་དུ་ཏིལ་འབྲུམ་གཅིག་ཟ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་ཐོས་ན། ཚིག་དེ་ལ་ཡིད་ཆེས་པའི་ཕྱིར་བསྐལ་པ་གྲངས་མེད་ཚད་མེད་པའི་བར་དུ་རྟག་པར་ཏིལ་འབྲུམ་བུ་གཅིག་ཟའོ། །འདི་སྐད་དུ་མེའི་ནང་དུ་མཆོངས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་ཞེས་ཐོས་ན། བསྐལ་པ་གྲངས་མེད་པའི་བར་དུ་མཚམས་མེད་པའི་སེམས་ཅན་དམྱལ་བར་ཤིན་ཏུ་འབར་བའི་མེའི་ཕུང་པོར་འཇུག་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་བྱེད་དཀའ་བ་བྱེད་པ་ཞེས་བྱའོ། །ཇི་ལྟར་
Kha118a
༄#། །ན་བྱང་ཆུབ་སེམས་དཔའ་བཟོད་དཀའ་བ་བཟོད་པ་ཞེ་ན། གལ་ཏེ་ལག་པ་དང ། དབྱུག་པ་དང ། རལ་གྲི་དང ། རྡོས་རྡེག་ཅིང་བཏུབ་པ་དེ་ལྟ་བུའི་སྡུག་བསྔལ་ཉམས་སུ་ལེན་པའི་རྒྱུ་དང་རྐྱེན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་ཟེར་བ་ཐོས་ནས། བསྐལ་པ་གྲངས་མེད་ཚད་མེད་པའི་བར་དུ་དེ་དག་ཉམས་སུ་ལེན་ཀྱང་སྡུག་བསྔལ་བར་མི་འཛིན་པ་དེ་ནི་བྱང་ཆུབ་སེམས་དཔའ་བཟོད་དཀའ་བ་ལ་བཟོད་པ་ཞེས་བྱའོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གཏོང་བ་དཀའ་བ་གཏོང་བ་ཞེ་ན། དེ་ལ་གལ་ཏེ་ཡུལ་དང ། གྲོང་ཁྱེར་དང ། ཆུང་མ་དང ། བུ་དང ། མགོ་དང ། མིག་དང ། རྐང་དང ། ཀླད་པ་གཞན་ལ་སྦྱིན་པ་བྱས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་ཞེས་ཟེར་བ་ཐོས་ནས། བསྐལ་པ་གྲངས་མེད་ཚད་མེད་པའི་བར་དུ་ཡུལ་དང ། གྲོང་ཁྱེར་དང ། ཆུང་མ་དང ། བུ་དང ། མགོ་དང ། མིག་དང ། རྐང་དང ། ཀླད་པ་ལ་སོགས་པ་བདོག་པ་ཐམས་ཅད་གཏོང་བ་ནི་བྱང་ཆུབ་སེམས་དཔའ་གཏོང་དཀའ་བ་གཏོང་བ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་བྱེད་དཀའ་བ་བྱེད་ཅིང་བཟོད་དཀའ་བ་ལ་བཟོད་དེ། གཏོང་དཀའ་བ་གཏོང་ཡང ། འདི་ལྟར་ངས་བྱས་སོ་སྙམ་པའི་འདུ་ཤེས་མི་འཇོག་གོ་།རིགས་ཀྱི་བུ། དཔེར་ན། ཕ་མ་བུ་གཅིག་བདོག་པ་ཤིན་ཏུ་བྱམས་ཏེ།
Kha118b
གོས་བཟང་པོ་དང ། ཟས་ཞིམ་པོས་དུས་སུ་གསོ་ཞིང་བསྙོད་དེ། ཅིས་ཀྱང་མི་འབྲེལ་བར་བྱེད་དོ། །བུ་དེས་གལ་ཏེ་ཕ་མ་ལ་སྨད་པའི་སེམས་སྐྱེས་ཏེ། ཁ་ངན་པས་སྤྱོས་ཀྱང་ཕ་མས་བྱམས་པའི་ཕྱིར་ཁྲོ་ཞིང་མི་དགའ་བ་མི་སྐྱེ་སྟེ། འདི་ལྟར་ངས་གོས་དང་ཟས་བྱིན་ནོ་སྙམ་མི་སེམས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་ལྟའོ། །གལ་ཏེ་བུ་ན་ན་ཕ་མའང་ན་སྟེ། སྨན་དང་སྨན་པ་ཚོལ་ཞིང་རབ་ཏུ་བརྩོན་པས་ནད་གསོའོ། །ནད་སོས་ནས་འདི་སྙམ་དུ་ངས་བུའི་ནད་གསོས་སོ་སྙམ་མི་སེམས་སོ། །བྱང་ཆུབ་སེམས་དཔའ་ཡང་དེ་དང་འདྲ་སྟེ། སེམས་ཅན་རྣམས་ཉོན་མོངས་པའི་ནད་ཀྱིས་གདུངས་པ་མཐོང་ནས། བྱམས་པའི་སེམས་ཀྱིས་ཆོས་སྟོན་ཏོ། །ཆོས་ཐོས་པའི་ཕྱིར་ཉོན་མོངས་པ་ཡོངས་སུ་བཅད་དོ། །ཉོན་མོངས་པ་བཅད་ནས་འདི་སྙམ་དུ་ངས་སེམས་ཅན་གྱི་ཉོན་མོངས་པ་རྣམས་བཅད་དོ་སྙམ་མི་སེམས་སོ། ། གལ་ཏེ་དེ་ལྟར་སེམས་ན་ནམ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་ཐོབ་སྟེ། འདི་ལྟར་སེམས་ཅན་གཅིག་ཀྱང་བདག་གིས་ཆོས་བསྟན་ཏེ། ཉོན་མོངས་པ་བཅད་དོ་སྙམ་སེམས་པ་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ལ་མི་སྡང་མི་བྱམས་སོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་རབ་ཏུ་སྒོམ་པའི་ཕྱིར་ཏེ།
Kha119a
༄#། །བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་པས་སུ་ལ་སྡང་ཞིང་སུ་ལ་བྱམས་པ་སྐྱེད། རིགས་ཀྱི་བུ། དཔེར་ན། ནགས་ཚལ་ལ་མེས་ཚིག་གམ། མིས་བཅད་དམ། ཆུས་གཡེངས་ནའང་ཚལ་གྱི་ཤིང་དེ་སུ་ལ་གཤེ་ཞིང་སུ་ལ་དགའ་བ་སྐྱེད། བྱང་ཆུབ་སེམས་དཔའ་ཆེན་པོའང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ལ་གཤེ་བའང་མེད། དགའ་བའང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སྒོམ་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྣང་བ་མཐོ་བཙུན་དཔལ་གྱི་རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པའམ་སྟོང་པ་བསྒོམས་པས་སྟོང ། གལ་ཏེ་རང་བཞིན་གྱིས་སྟོང་ན། སྟོང་པ་བསྒོམས་པས་གཟོད་སྟོང་པ་མཐོང་བའི་མི་རིགས་ན། ཇི་སྟེ་བཅོམ་ལྡན་འདས་ཀྱིས་སྟོང་པ་བསྒོམས་པས་སྟོང་པ་མཐོང་ཞེས་གསུངས། གལ་ཏེ་རང་བཞིན་གྱིས་མི་སྟོང་ན། ཇི་ལྟར་སྟོང་པ་བསྒོམས་ཀྱང་སྟོང་བར་མི་འགྱུར་རོ། །བཀའ་སྩལ་པ། རིགས་ཀྱི་བུ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་རང་བཞིན་དམིགས་སུ་མེད་པའི་ཕྱིར་རོ། །རིགས་ཀྱི་བུ། གཟུགས་ཀྱི་རང་བཞིན་དམིགས་སུ་
Kha119b
མེད་དོ། །ཇི་ལྟར་གཟུགས་ཀྱི་རང་བཞིན་ཞེ་ན། གཟུགས་ཞེས་བྱ་བ་ནི་ས་དང ། ཆུ་དང ། མེ་དང ། རླུང་མ་ཡིན་ཏེ། ས་དང ། ཆུ་དང ། མེ་དང ། རླུང་ལས་གཞན་པའང་མ་ཡིན་ནོ། ། སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་མ་ཡིན་ཏེ། སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་ལས་གཞན་པའང་མ་ཡིན། ཡོད་པའང་མ་ཡིན། མེད་པའང་མ་ཡིན་ན། ཅིའི་ཕྱིར་གཟུགས་ལ་རང་བཞིན་ཡོད་ཅེས་སྨྲ། རང་བཞིན་དམིགས་སུ་མེད་པའི་ཕྱིར་སྟོང་པ་ཞེས་བཤད་དོ། །ཆོས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། མཚན་ཉིད་འདྲ་བ་རྒྱུན་མི་འཆད་པའི་ཕྱིར་བུས་པ་མ་རབས་གླེན་པ་མཐོང་ནས་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཞི་བ་མ་ཡིན་ནོ་ཞེས་འཆད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དངོས་པོ་ལྔ་དང་ལྡན་པའི་ཕྱིར་ཆོས་ཀྱི་རང་བཞིན་ཐོག་མ་ནས་སྟོང་པ་ཞི་བ་མཐོང་ངོ ། །རིགས་ཀྱི་བུ། གལ་ཏེ་དགེ་སྦྱོང་ངམ། བྲམ་ཟེ་གང་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་མ་ཡིན་པར་མཐོང་ན། དེ་དག་དགེ་སྦྱོང་མ་ཡིན། བྲམ་ཟེ་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་ཐོབ། ཡོངས་སུ་མྱ་ངན་ལས་མི་འདའ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་མངོན་སུམ་དུ་མི་མཐོང་སྟེ། བདུད་ཀྱི་འཁོར་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་སྟེ། བྱང་ཆུབ་སེམས་
Kha120a
༄#། །དཔས་སྟོང་པ་བསྒོམས་པས་ཆོས་ཐམས་ཅད་སྟོང་པར་མཐོང་ངོ ། །རིགས་ཀྱི་བུ། ཆོས་ཐམས་ཅད་རང་བཞིན་གྱིས་མི་རྟག་པས་ན་འགགས་པས་འགོག་པར་འགྱུར་རོ། །གལ་ཏེ་མི་རྟག་པ་མ་ཡིན་ན་འགགས་པས་འགོག་པར་མི་འགྱུར་རོ། །འདུས་བྱས་ཀྱི་ཆོས་ནི་སྐྱེ་བའི་མཚན་ཉིད་ཡོད་པས་ན་བསྐྱེད་པས་སྐྱེ་བར་འགྱུར་ལ། འགག་པའི་མཚན་ཉིད་ཡོད་པ་ན་འགགས་པས་འགོག་པར་འགྱུར་རོ། །ཆོས་ཐམས་ཅད་ལ་སྡུག་བསྔལ་གྱི་མཚན་ཉིད་ཡོད་པས་སྡུག་བསྔལ་གྱིས་སྡུག་བསྔལ་བར་འགྱུར་རོ། ། རིགས་ཀྱི་བུ། དཔེར་ན། ལན་ཚཝ་ནི་བྲོ་བའི་མཚན་ཉིད་ཡིན་པས་གཞན་བྲོ་བར་བྱེད། ཤ་ཁ་རའི་མཚན་ཉིད་མངར་བས་གཞན་མངར་བར་བྱེད། ཆང་གི་མཚན་ཉིད་སྐྱུར་བས་གཞན་སྐྱུར་བར་བྱེད། སྒའི་མཚན་ཉིད་ཚ་བས་གཞན་ཚ་བར་བྱེད། ཨ་རུ་རའི་མཚན་ཉིད་ཁ་བར་གཞན་ཁ་བར་བྱེད། ཨ་མྲའི་མཚན་ཉིད་བསྔལ་བས་གཞན་བསྔལ་བར་བྱེད། དུག་གི་མཚན་ཉིད་འཆི་བར་བྱེད་པས་གཞན་འཆི་བར་བྱེད། ཟིལ་མངར་གྱི་མཚན་ཉིད་ནི་མི་འཆི་བར་བྱེད་དེ། གཞན་དང་བསྲེས་ནའང་མི་འཆི་བར་ནུས་སོ། །བྱང་ཆུབ་སེམས་དཔའ་སྟོང་པ་སྒོམ་པའང་དེ་དང་འདྲ་སྟེ། སྟོང་པ་བསྒོམས་པའི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཞི་བར་མཐོང་ངོ ། །དེ་ནས་ཀྱང་བྱང་ཆུབ་སེམས་
Kha120b
དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྣང་བ་མཐོ་བཙུན་དཔལ་གྱི་རྒྱལ་པོས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་ལན་ཚཝས་ཚཝ་མི་བྲོ་བ་ཚཝ་བྲོ་བར་བགྱིད་པ་ལྟར་སྟོང་པའི་ཏིང་ངེ་འཛིན་སྒོམ་པའང་དེ་ལྟ་བུ་ཞིག་ལགས་ན། ཏིང་ངེ་འཛིན་དེ་ནི་དགེ་བ་མ་ལགས། དམ་པ་མ་ལགས་ཏེ། རང་བཞིན་ཕྱིན་ཅི་ལོག་པའོ། །གལ་ཏེ་སྟོང་པའི་ཏིང་ངེ་འཛིན་གྱིས་སྟོང་པ་འབའ་ཞིག་མཐོང་ན། སྟོང་པ་ནི་མ་མཆིས་པའི་ཆོས་ལགས་ན། ཇི་ལྟར་ཅི་ཞིག་མཐོང་བར་འགྱུར། བཀའ་སྩལ་པ། རིགས་ཀྱི་བུ། སྟོང་པའི་ཏིང་ངེ་འཛིན་དེ། སྟོང་པ་མ་ཡིན་པའི་ཆོས་མཐོང་ན། སྟོང་པ་རབ་ཏུ་ཞི་བ་མ་ཡིན་པས་ཕྱིན་ཅི་ལོག་མ་ཡིན་ནོ། །ཇི་ལྟར་ལན་ཚཝ་ཚཝ་མི་བྲོ་བ་བྲོ་བར་བྱེད་པ་ལྟར། སྟོང་པའི་ཏིང་ངེ་འཛིན་དེའང་དེ་དང་འདྲ་སྟེ། སྟོང་པ་མ་ཡིན་པ་སྟོང་པར་བྱེད་དོ། །རིགས་ཀྱི་བུ། འདོད་ཆགས་ཀྱི་མཚན་ཉིད་ཡོད་པ་སྟེ། སྟོང་བའི་མཚན་ཉིད་མ་ཡིན་ནོ། །གལ་ཏ་འདོད་ཆགས་སྟོང་པ་ཡིན་ན་སེམས་ཅན་རྣམས་འདོད་པའི་རྐྱེན་གྱིས་སེམས་ཅན་དམྱལ་བར་ལྟུང་བའི་མི་རིགས་སོ། །གལ་ཏེ་སེམས་ཅན་དམྱལ་བར་ལྟུང་ན་འདོད་ཆགས་ཀྱི་རང་བཞིན་ཇི་ལྟར་སྟོང་པ་ཡིན་པར་འགྱུར། རིགས་ཀྱི་བུ། གཟུགས་ཀྱི་རང་བཞིན་ནི་ཡོད་པའོ། །རང་བཞིན་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ་ཕྱིན་ཅི་ལོག་གོ་།ཕྱིན་ཅི་ལོག་པས་སེམས་ཅན་གྱིས་འདོད་ཆགས་བསྐྱེད་དོ། །གལ་ཏེ་
Kha121a
༄#། །གཟུགས་ཀྱི་མཚན་ཉིད་ཕྱིན་ཅི་ལོག་མ་ཡིན་ན། སེམས་ཅན་གྱིས་འདོད་ཆགས་ཇི་ལྟར་བསྐྱེད་པར་འགྱུར། དེ་ལྟར་འདོད་ཆགས་སྐྱེ་བས་ན་གཟུགས་ཀྱི་རང་བཞིན་ནི་མེད་པ་མ་ཡིན་ཏེ། དེ་ལྟ་བས་ན་སྟོང་པའི་ཏིང་ངེ་འཛིན་སྒོམ་པ་ནི་ཕྱིན་ཅི་ལོག་མ་ཡིན་ནོ། །རིགས་ཀྱི་བུ། བུས་པ་མ་རབས་ཐམས་ཅད་ནི་བུད་མེད་མཐོང་ན་བུད་མེད་ཀྱི་མཚན་ཉིད་སྐྱེའོ། །བྱང་ཆུབ་སེམས་དཔའ་ནི་དེ་ལྟ་མ་ཡིན་ཏེ། བུད་མེད་མཐོང་ཡང་བུད་མེད་ཀྱི་མཚན་ཉིད་མི་སྐྱེའོ། །དེ་ལྟར་སྐྱེ་བའི་མཚན་ཉིད་མེད་པས་འདོད་ཆགས་མི་སྐྱེའོ། །འདོད་ཆགས་མི་སྐྱེ་བས་ཕྱིན་ཅི་ལོག་མ་ཡིན་ཏེ། འཇིག་རྟེན་པས་བུད་མེད་དུ་མཐོང་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཡང་དེའི་རྗེས་སུ་བུད་མེད་དོ་ཞེས་འཆད་དོ། །གལ་ཏེ་སྐྱེས་པ་མཐོང་སྟེ་བུད་མེད་དོ་ཞེས་ཟེར་ན། དེ་ནི་ཕྱིན་ཅི་ལོག་ཡིན་ཏེ། དེའི་ཕྱིར་ངས་བཤད་དོ་ཞེས་བྱ་བ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེ་ཁྱོད་གལ་ཏེ་ཉིན་མོ་ལ་མཚན་མོ་ཞེས་ཟེར་ན་ཕྱིན་ཅི་ལོག་པའོ། །མཚན་མོ་ལ་ཉིན་པར་ཞེས་ཟེར་ནའང་ཕྱིན་ཅི་ལོག་གོ་།ཉིན་ལ་ཉིན་གྱི་མཚན་ཉིད་དུ་འཛིན། མཚན་ལ་མཚན་གྱི་མཚན་ཉིད་དུ་འཛིན་ན་ཕྱིན་ཅི་ལོག་ཅེས་མི་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ས་དགུ་ལ་གནས་པ་ཐམས་ཅད་ནི་ཆོས་ཀྱི་རང་བཞིན་ཡོད་པར་མཐོང་ངོ ། །དེ་ལྟར་མཐོང་བའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་མི་མཐོང་ངོ་།།
Kha121b
གལ་ཏེ་སངས་རྒྱས་ཀྱི་རང་བཞིན་མཐོང་ན་ཅིའི་ཕྱིར་ཆོས་ཐམས་ཅད་ཀྱི་རང་བཞིན་མི་མཐོང་སྟེ། དེ་ལྟར་སྟོང་པའི་ཏིང་ངེ་འཛིན་བསྒོམས་ནས་ཆོས་ཀྱི་རང་བཞིན་ནི་མི་མཐོང་ངོ ། །དེ་ལྟར་མི་མཐོང་བས་སངས་རྒྱས་ཀྱི་རང་བཞིན་མཐོང་ངོ ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་པ་གཉིས་སུ་བཤད་དེ། རང་བཞིན་ཡོད་པ་དང ། རང་བཞིན་མེད་པའོ། །སེམས་ཅན་ལ་ནི་ཆོས་ཀྱི་རང་བཞིན་ཡོད་པར་བཤད་དོ། འཕགས་པ་རྣམས་ལ་ཆོས་ཀྱི་རང་བཞིན་མེད་པར་བཤད་དོ། །སྟོང་པ་མ་ཡིན་པ་དག་སྟོང་པའི་ཆོས་མཐོང་བར་བྱ་བའི་ཕྱིར་སྟོང་པའི་ཏིང་ངེ་འཛིན་བསྒོམས་པས་སྟོང་པ་མཐོང་བར་བྱེད་ལ། ཆོས་ཀྱི་རང་བཞིན་མེད་པ་དག་ཀྱང་སྟོང་པ་བསྒོམས་པས་སྟོང་པར་འགྱུར་ཏེ། དེ་ལྟ་བས་ན་སྟོང་པ་བསྒོམས་པས་སྟོང་པ་མཐོང་ངོ ། ། རིགས་ཀྱི་བུ་ཁྱོད་འདི་སྐད་དུ་སྟོང་པར་མཐོང་བ་དེ་སྟོང་པ་ནི་མེད་པའི་ཆོས་ཡིན་ན་ཇི་ལྟར་ཅི་ཞིག་མཐོང་ཞེས་བྱ་བ་ནི། རིགས་ཀྱི་བུ། དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཡང་དག་པར་ཅིའང་མི་མཐོང་ངོ ། །ཅིའང་མི་མཐོང་བ་ནི་ཅིའང་མེད་པ་ཡིན་ནོ། །ཅིའང་མེད་པ་དེ་ནི་ཆོས་ཐམས་ཅད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྒོམ་པ་ནི་ཆོས་ཐམས་ཅད་ལ་ཅིའང་མི་མཐོང་ངོ ། །གང་མཐོང་བ་ཡོད་པ་ནི་སངས་རྒྱས་ཀྱི་རང་བཞིན་མི་མཐོང་ངོ ། །ཤེས་རབ་ཀྱི་ཕ་རོལ་
Kha122a
༄#། །ཏུ་ཕྱིན་པ་ཡོངས་སུ་སྒོམ་མི་ནུས། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་མ་ཐོབ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་རང་བཞིན་མེད་པར་མཐོང་ངོ ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་མཐོང་བའི་རྐྱེན་གྱིས་སྟོང་པ་མཐོང་བ་མ་ཡིན་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་སྟོང ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའང་སྟོང ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའང་སྟོང ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའང་སྟོང ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའང་སྟོང ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་སྟོང ། གཟུགས་ཀྱང་སྟོང ། མིག་ཀྱང་སྟོང ། རྣམ་པར་ཤེས་པའང་སྟོང ། དེ་བཞིན་གཤེགས་པའང་སྟོང ། ཡོངས་སུ་མྱ་ངན་ལས་འདས་པའང་སྟོང་སྟེ། དེ་བས་ན་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ཀུན་སྟོང་པར་མཐོང་ངོ ། །དེའི་ཕྱིར་ང་གྲོང་ཁྱེར་སེར་སྐྱ་ན་བཞུགས་པ་ན། དགའ་བོ་ལ་ཁྱོད་མྱ་ངན་དང ། ཡིད་བློང་བ་དང ། སྨྲེ་སྔགས་མ་འདོན་ཅིག་ཅེས་བཀའ་སྩལ་པ་དང ། དགའ་བོས་གསོལ་པ། བཅོམ་ལྡན་འདས། བདག་གི་འཁོར་དང་གཉེན་ཐམས་ཅད་ཤི་ན་མྱ་ངན་ཇི་ལྟར་མི་བྱ། དེ་བཞིན་གཤེགས་པའང་བདག་དང་བཅས་ཏེ་གྲོང་ཁྱེར་འདིར་སྐྱེས་ལ། ཤཱཀྱའི་རིགས་གཅིག་པ་ཐམས་ཅད་གཉེན་པ་ཉེ་བ་ཡིན་ན། ཇི་སྟེ་དེ་བཞིན་གཤེགས་པ་ཉ་ག་གཅིག་
Kha122b
མྱ་ངན་མི་མཛད་ཅིང་མདངས་སྔོན་པས་ཀྱང་གསལ་བར་གྱུར་ཅེས་གསོལ་པ་དང ། རིགས་ཀྱི་བུ། ངས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགའ་བོ་ཁྱེད་ཀྱིས་གྲོང་ཁྱེར་སེར་སྐྱ་ཡང་དག་པར་ཡོད་པར་མཐོང་ཡང་ངས་ནི་སྟོང་པ་ཞི་བ་ཅིའང་མེད་པར་མཐོང་ངོ ། །ཁྱོད་ཀྱིས་ཤཱཀྱའི་རིགས་ཀུན་ཉེ་བ་ཡིན་པར་མཐོང་ཡང ། ངས་ནི་སྟོང་པ་བསྒོམས་པས་ཅིའང་མེད་པར་མཐོང་ངོ ། །དེའི་རྒྱུ་དེའི་རྐྱེན་གྱིས་ཁྱོད་མྱ་ངན་དང ། སྡུག་བསྔལ་སྐྱེས་ལ། ང་ནི་སྔོན་པས་མདོག་གསལ་བར་གྱུར་ཏོ། །སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་སྟོང་པའི་ཏིང་ངེ་འཛིན་བསྒོམས་པའི་ཕྱིར་མྱ་ངན་མི་སྐྱེ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་ནན་ཏན་བྱས་པའི་ཡོན་ཏན་དགུ་པ་དང་ལྡན་པ་ཞེས་བྱའོ། །རིགས་ཀྱི་བུ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་དམ་པ་ལ་ནན་ཏན་བྱེད་པ་ན་ནང་གི་ཐ་མའི་ཡོན་ཏན་བཅུ་དང་ལྡན་པ་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྒོམ་ཞིང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ལ་ཞུགས་སྟེ།་སེམས་ཅན་ཐམས་ཅད་ལ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་རྣམ་པར་འབྱེད་ཅིང་སྟོན་ཏེ། སངས་རྒྱས་ཀྱི་རང་བཞིན་མངོན་པར་སྟོན་ཏོ། །གལ་ཏེ་རྒྱུན་དུ་ཞུགས་པའམ།
Kha123a
༄#། །ལན་གཅིག་ཕྱིར་ལྡོག་པའམ། ཕྱིར་མི་ལྡོག་པའམ། དགྲ་བཅོམ་པའམ། རང་སངས་རྒྱས་སམ། བྱང་ཆུབ་སེམས་དཔའ་དག་ཚིག་དེ་ལ་ཡིད་ཆེས་ན་ཐམས་ཅད་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོར་འཇུག་པར་འགྱུར་རོ། །གང་ཡིད་མི་ཆེས་པ་ནི་འཁོར་བར་འཁོར་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྣང་བ་མཐོ་བཙུན་དཔལ་གྱི་རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སེམས་ཅན་གང་དག་མདོ་སྡེ་འདི་ལ་བཀུར་སྟི་མི་བགྱིད། བཀའ་སྩལ་པ། རིགས་ཀྱི་བུ། ང་མྱ་ངན་ལས་འདས་པའི་འོག་ཏུ་ཉན་ཐོས་ཀྱི་ཉེ་གནས་གཏི་མུག་ཅན་ཚུལ་ཁྲིམས་བཤིག་པ། རྩོད་པར་དགའ་བ། མདོ་སྡེ་སྡེ་བཅུ་གཉིས་སྤོང་ཞིང་མུ་སྟེགས་ཅན་གྱི་གཙུག་ལག་རྣམ་པ་སྣ་ཚོགས་དང ། འཇིག་རྟེན་པའི་ཡི་གེ་དང ། ཚིགས་བཅད་འདོན་ཅིང་ཀློག་སྟེ། མ་བརྟགས་པའི་རྫས་ཐམས་ཅད་འཆང་བ་ནས་སངས་རྒྱས་ཀྱིས་གནང་ངོ་ཞེས་སྨྲ་བ་དེ་དག་ནི་ཙནྡན་བཟང་པོས་ཤིང་ངན་པ་བརྗེ་བ་དང ། གསེར་གྱིས་ར་གན་བརྗེ་བ་དང ། དངུལ་གྱིས་ཞ་ཉེ་བརྗེ་བ་དང ། དར་གྱིས་བལ་སྣམ་བརྗེ་བ་དང ། ཟིལ་མངར་གྱིས་དུག་བརྗེ་བ་དང་མཚུངས་སོ། །ཇི་ལྟར་ན་ཙནྡན་གྱིས་ཤིང་ངན་པ་བརྗེ་ཞེ་ན། ངའི་ཉེ་གནས་དག་རྙེད་པ་དང་གྲགས་པའི་ཕྱིར་ཁྱིམ་པའི་སྐྱེ་བོ་ལ་མྱ་ངན་
Kha123b
ལས་འདས་པའི་མདོ་སྡེ་འདི་དང་ཆོས་འཆད་དེ། ཁྱིམ་པ་རྒྱགས་པས་ཉན་མི་འདོད་ནས་ཁྱིམ་པ་གོང་དུ་བཞག་སྟེ། དགེ་སློང་འོག་ཏུ་འདུག་ཅིང་བཟའ་བ་དང ། བཅའ་བ་བཟང་པོ་རྣམ་པ་སྣ་ཚོགས་སྦྱར་ཏེ་བྱིན་ཡང་ཉན་དུ་མི་བཏུབ་པ་དེ་ནི་ཙནྡན་གྱིས་ཤིང་ངན་པ་བརྗེ་བ་ཞེས་བྱའོ། །ཇི་ལྟར་ན་གསེར་གྱིས་ར་གན་བརྗེ་བ་ཞེ་ན། ར་གན་ནི་གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱའི་དཔེའོ། །གསེར་ནི་ཚུལ་ཁྲིམས་ཀྱི་དཔེ་སྟེ། ངའི་ཉེ་གནས་རྣམས་གཟུགས་ཀྱི་རྐྱེན་གྱིས་ཚུལ་ཁྲིམས་མནོས་པ་བཤིག་པ་དེ་ནི་གསེར་གྱིས་ར་གན་བརྗེ་བ་ཞེས་བྱའོ། །ཇི་ལྟར་དངུལ་གྱིས་ཞ་ཉེ་བརྗེ་བ་ཞེ་ན། དངུལ་ནི་དགེ་བ་བཅུའི་དཔེའོ། །ཞ་ཉེ་ནི་མི་དགེ་བ་བཅུའི་དཔེ་སྟེ། ངའི་ཉེ་གནས་རྣམས་དགེ་བ་བཅུ་སྤངས་ནས་མི་དགེ་བ་བཅུ་སྤྱོད་པ་དེ་ནི་དངུལ་གྱིས་ཞ་ཉེ་བརྗེ་བ་ཞེས་བྱའོ། །ཇི་ལྟར་ན་དར་གྱིས་སྣམ་བུ་བརྗེ་བ་ཞེ་ན། སྣམ་བུ་ཞེས་བྱ་བ་ནི་ཁྲེལ་བ་དང་འཛེམ་པ་མེད་པའི་དཔེའོ། །དར་ནི་ཁྲེལ་བ་དང་འཛེམ་པ་ཡོད་པའི་དཔེ་སྟེ། ངའི་ཉེ་གནས་རྣམས་ཁྲེལ་བ་དང་འཛེམ་པ་བཏང་སྟེ། ཁྲེལ་བ་དང་འཛེམ་པ་མེད་པར་བྱེད་པ་ནི་དར་གྱིས་སྣམ་བུ་བརྗེ་བ་ཞེས་བྱའོ། །ཇི་ལྟར་ན་བདུད་རྩི་དུག་དང་བརྗེ་བ་ཞེ་ན། དུག་ནི་རྙེད་པ་དང་གྲགས་པ་རྣམ་པ་སྣ་ཚོགས་ཀྱི་དཔེའོ། །བདུད་རྩི་ནི་ཟག་པ་མེད་པའི་ཆོས་རྣམས་ཀྱི་དཔེ་སྟེ། ངའི་ཉེ་གནས་རྣམས་རྙེད་པ་དང་གྲགས་
Kha124a
༄#། །པའི་ཕྱིར་ཁྱིམ་པ་རྣམས་ལ་བདག་རབ་ཏུ་བསྟོད་ཅིང ། བདག་ནི་ཟག་པ་མེད་པ་ཐོབ་བོ་ཞེས་ཟེར་བ་ནི་བདུད་རྩིས་དུག་བརྗེས་པ་ཞེས་བྱའོ། །དེ་ལྟ་བུ་ལ་སོགས་པའི་དགེ་སློང་ངན་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་དམ་པ་འདི་ཛམྦུའི་གླིང་དུ་ཤིན་ཏུ་རྒྱས་པར་སྤེལ་ལོ། །དེའི་ཚེ་དེའི་དུས་ན་ཉེ་གནས་ཁ་ཅིག་མདོ་སྟེ་འདི་ཡི་གེར་བྲིས་ཤིང་གཟུངས་སུ་འཛིན་ཏེ་ཀློག་གམ། འདོན་ཅིང་འཆད་དམ། རྒྱས་པར་བྱེད་ན། དགེ་སློང་མ་རུངས་པ་དེ་དག་གིས་གསོད་པར་འགྱུར་རོ། །དེ་ནས་དགེ་སློང་མ་རུངས་པ་དེ་དག་ལྷན་ཅིག་འདུས་ནས་ཁྲིམས་དམ་པོ་འདི་དག་འཆའོ། །གལ་ཏེ་གང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་ཡི་གེར་བྲིས་ཤིང་འཛིན་ཏམ། ཀློག་གམ། འདོན་ཏམ། འབྱེད་ཅིང་སྟོན་ན། ཐམས་ཅད་ཀྱིས་ལྷན་ཅིག་མི་གནས། ལྷན་ཅིག་མི་འདུག་།གཏམ་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པའི་མདོ་འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཏེ། ངན་པར་ལྟ་བས་བྱས་པའོ། །ངན་པར་ལྟ་བ་ནི་སྟོན་པ་དྲུག་སྟེ། འདི་ནི་སྟོན་པ་དྲུག་གི་མདོ་སྡེ་ཡིན་གྱི། སངས་རྒྱས་ཀྱི་མདོ་སྡེ་མ་ཡིན་ནོ། །དེ་ཅི་ལྟ་ཞེ་ན། སངས་རྒྱས་རྣམས་ཀྱིས་ནི་ཆོས་ཐམས་ཅད་མི་རྟག་པ། བདག་མེད་པ། བདེ་བ་མེད་པ། ཡོངས་སུ་དག་པ་མེད་པའོ། །ཞེས་གསུངས་ལ། གལ་ཏེ་ཆོས་
Kha124b
རྣམས་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པའོ་ཞེས་སྨྲ་ན། དེ་ལ་ཅིའི་ཕྱིར་སངས་རྒྱས་ཀྱིས་གསུངས་པའི་མདོ་ཡིན་ནོ་ཞེས་བྱ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་སློང་རྣམས་རྫས་རྣམ་པ་སྣ་ཚོགས་འཆང་དུ་གནང་ལ། སྟོན་པ་དྲུག་གིས་བཤད་པ་ལ་ནི་ཉེ་གནས་ལ་རྫས་ཐམས་ཅད་འཆང་དུ་མི་གནང་སྟེ། དེ་བས་ན་ཅིའི་ཕྱིར་འདི་ལ་སངས་རྒྱས་ཀྱིས་གསུངས་པ་ཡིན་ནོ་ཞེས་བྱ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་ཉེ་གནས་ལ་པའི་འོ་མ་ལས་གྱུར་པ་རོ་རྣམ་པ་ལྔ་དང ། ཤ་ལ་སོགས་པ་བཟར་མི་རུང་ངོ་ཞེས་མ་བཅས་སོ། །སྟོན་པ་དྲུག་ནི་ལན་ཚཝ་རྣམ་པ་ལྔ་དང ། བའི་འོ་མའི་རོ་རྣམ་པ་ལྔ་དང ། སྣུམ་པ་དང ། ཁྲག་ལ་སོགས་པ་བཟར་མི་གནང་སྟེ། དེ་དག་བཟར་མི་གནང་བ་ལས་ན་དེ་ནི་སངས་རྒྱས་ཀྱི་ཆོས་དམ་པ་ཡིན་ནོ་ཞེས་བྱར་མི་རུང་ངོ ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་ཐེག་པ་གསུམ་བཤད་དེ། མདོ་སྡེ་འདི་ལ་ཐེག་པ་གཅིག་པུ་འབའ་ཞིག་སྟེ། མྱ་ངན་ལས་འདས་པ་ཆེན་པོའོ་ཞེས་འཆད་ན། ཅིའི་ཕྱིར་འདི་ལ་སངས་རྒྱས་ཀྱི་ཆོས་དམ་པའོ་ཞེས་བྱ། སངས་རྒྱས་ནི་མཐར་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་གསུངས་ལ། མདོ་སྡེ་འདི་ལས་སངས་རྒྱས་ནི་རྟག་པ། བདེ་བ། བདག་དང ། ཡོངས་སུ་དག་པ་སྟེ། ཡོངས་སུ་མྱ་ངན་ལས་མི་འདའོ་ཞེས་འཆད་དེ། མདོ་སྡེ་འདི་ནི་མདོ་སྡེ་སྡེ་
Kha125a
༄#། །བཅུ་གཉིས་ཀྱི་གྲངས་སུ་མ་གཏོགས་ཏེ་བདུད་ཀྱིས་བཤད་པ་ཡིན་གྱི། སངས་རྒྱས་ཀྱིས་བཤད་པ་མ་ཡིན་ནོ་ཞེས་ཟེར་རོ། །རིགས་ཀྱི་བུ། དེ་དག་ནི་ངའི་ཉེ་གནས་ཡིན་མོད་ཀྱི། ཡོངས་སུ་མྱ་ངན་ལས་འདས་པའི་མདོ་འདི་ལ་དད་ཅིང་རྗེས་སུ་གཞོལ་མི་ནུས་སོ། །རིགས་ཀྱི་བུ། གལ་ཏེ་དེའི་ཚེ་ན་སེམས་ཅན་གང་མདོ་སྡེ་འདི་ལ་ཚིགས་སུ་བཅད་པ་ཕྱེད་ཙམ་ལ་དད་ཅིང་ཡིད་ཆེས་ན། དེ་ནི་ངའི་ཉེ་གནས་ཡང་དག་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་དད་པའི་རྐྱེན་གྱིས་སངས་རྒྱས་ཀྱི་རང་བཞིན་མཐོང་སྟེ་ཡོངས་སུ་མྱ་ངན་ལས་འདའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་སྣང་བ་མཐོ་བཙུན་དཔལ་གྱི་རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ལེགས་སོ། །ལེགས་སོ། །དེ་བཞིན་གཤེགས་པས་དེང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་རབ་ཏུ་ཕྱེ་སྟེ་ལེགས་པར་བསྟན་ཏོ། །བཅོམ་ལྡན་འདས། བདག་དངོས་པོ་དེའི་རྐྱེན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདིའི་ཚིགས་སུ་བཅད་པ་གཅིག་ནས་ཚིགས་སུ་བཅད་པ་ཕྱེད་ཀྱི་བར་དུ་རྟོགས་ཤིང་འཚལ་བར་གྱུར་ཏོ། །ཚིགས་སུ་བཅད་པ་གཅིག་ནས་ཚིགས་སུ་བཅད་པ་ཕྱེད་ཀྱི་བར་དུ་འཚལ་བའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་ཅུང་ཟད་ཅིག་མཐོང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་
Kha125b
བདག་ཀྱང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པར་འགྱུར་རོ། །དེ་ནི་བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་འདས་པའམ། མདོ་སྡེ་དམ་པ་ལ་ནན་ཏན་བྱས་པའི་ཡོན་ཏན་བཅུ་དང་ལྡན་པ་ཞེས་བྱའོ། །འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་ཀུན་ཏུ་སྣང་བ་མཐོ་བཙུན་དཔལ་གྱི་རྒྱལ་པོ་ཞེས་བྱ་བས་ཡོངས་སུ་དྲིས་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་ཐམས་ཅད་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་།གལ་ཏེ་ཁྱོད་ལས་སངས་རྒྱས་ཡོད་དམ། སངས་རྒྱས་མེད་དམ། ཆོས་ཡོད་དམ། ཆོས་མེད་དམ། དགེ་འདུན་ཡོད་དམ། དགེ་འདུན་མེད་དམ། སྡུག་བསྔལ་ཡོད་དམ། སྡུག་བསྔལ་མེད་དམ། ཀུན་འབྱུང་ཡོད་དམ། ཀུན་འབྱུང་མེད་དམ། འགོག་པ་ཡོད་དམ། འགོག་པ་མེད་དམ། ལམ་ཡོད་དམ། ལམ་མེད་དམ། བདེན་པ་ཡོད་དམ། བདེན་པ་མེད་དམ། བདག་ཡོད་དམ་བདག་མེད་དམ། སྡུག་བསྔལ་ཡོད་དམ། སྡུག་བསྔལ་མེད་དམ། ཡོངས་སུ་དག་པ་ཡོད་དམ། ཡོངས་སུ་དག་པ་མེད་དམ། རྟག་པ་ཡོད་དམ། རྟག་པ་མེད་དམ། ཐོག་མ་ཡོད་དམ།་ཐོག་མ་མེད་དམ། རང་བཞིན་ཡོད་དམ། རང་བཞིན་མེད་དམ། སེམས་ཅན་ཡོད་དམ། སེམས་ཅན་མེད་དམ། སྲིད་པ་ཡོད་དམ། སྲིད་པ་མེད་དམ། ཡང་དག་པ་
Kha126a
༄#། །ཡོད་དམ། ཡང་དག་པ་མེད་དམ། རྒྱུ་ཡོད་དམ། རྒྱུ་མེད་དམ། འབྲས་བུ་ཡོད་དམ། འབྲས་བུ་མེད་དམ། བྱེད་པ་ཡོད་དམ། བྱེད་པ་མེད་དམ། ལས་ཡོད་དམ། ལས་མེད་དམ། རྣམ་པར་སྨིན་པ་ཡོད་དམ། རྣམ་པར་སྨིན་པ་མེད་དམ་སྙམ་དུ་ཐེ་ཚོམ་དུ་གྱུར་པ་ཡོད་ན་ཁྱེད་ཀྱིས་ཅི་དང་ཅི་འདོད་པ་དྲིས་ཤིག་དང ། ངས་དེ་དང་དེ་དག་རྣམ་པར་ཕྱེ་སྟེ་ཁྱེད་ལ་བསྟན་པར་བྱའོ། །རིགས་ཀྱི་བུ། ལྷའམ། མིའམ། བདུད་དམ། ཚངས་པའམ། དགེ་སློང་ངམ། བྲམ་ཟེ་ལ་སོགས་པ་གང་གིས་དྲིས་ཀྱང་ངས་ལན་མི་ཐེབས་པ་མེད་དོ། །དེ་ནས་འཁོར་གྱི་དཀྱིལ་འཁོར་དེའི་ནང་ན་བྱང་ཆུབ་སེམས་དཔའ་སེང་གེ་སྒྲ་ཞེས་བྱ་བ་འདུག་པ་ལས་ལངས་ཏེ་གོས་ཚགས་བཅོས་ནས། སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ཏེ་པུས་མོའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཀྱང་ཞུ་བ་ཞུ་སྙམ་སེམས་ཀྱིས་བསམས་པ་ལས། དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོས་འདྲིར་གནང་བའི་གོ་སྐབས་ཕྱེ་བ་ལེགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྣམས། ཁྱེད་བྱང་ཆུབ་སེམས་དཔའ་འདི་ལ་ལྷག་པར་བཀུར་སྟི་དང་རིམ་གྲོ་དང་བསྟི་སྟང་བསྐྱེད་དེ། སྤོས་དང ། མེ་ཏོག་དང ། རོལ་མོ་དང །
Kha126b
ཕྲེང་བ་དང ། གདུགས་དང ། བ་དན་དང ། གོས་དང ། བཟའ་བ་དང ། བཏུང་བ་དང ། མལ་ཆ་དང ། ནད་ཀྱི་རྐྱེན་སྨན་དང ། གནས་ཁང་ལ་སོགས་པ་འབུལ་བ་དང ། བསུ་བ་དང ། བསྐྱལ་བ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདིས་ནི་འདས་པའི་སངས་རྒྱས་རྣམས་ལ་དགེ་བའི་རྩ་བ་རབ་ཏུ་བསྐྲུན་ཏེ། བསོད་ནམས་དང་ལྡན་པས་དེད་ངའི་སྤྱན་སྔར་སེང་གེའི་སྒྲ་བསྒྲག་སྙམ་སེམས་སོ། །རིགས་ཀྱི་བུ། ཇི་ལྟར་སེང་གེའི་རྒྱལ་པོ་ནི་བདག་གི་སྟོབས་དང ། མཆེ་བ་དང ། སྡེར་མོ་རྣོ་བར་ཤེས་པས་རྐང་ལག་བཞི་ས་ལ་བརྟེན་ཏེ། ཕྲག་ཕུག་ན་གནས་ཀྱང་མཇུག་མ་བརྡབས་ནས་སྒྲ་སྒྲོགས་སོ། །གང་དེ་ལྟ་བུའི་མཚན་རྣམས་དང་ལྡན་པ་ནི་སེང་གེའི་སྒྲ་སྒྲོགས་ནུས་པར་རིག་པར་བྱའོ། །སེང་གེའི་རྒྱལ་པོ་ཡང་དག་པ་ནི་ནང་པར་སྔར་ཕུག་ནས་བྱུང་སྟེ། རྣམ་པར་བསྒྱིངས་ནས་གླལ་ཏེ་ཕྱོགས་བཞིར་བལྟས་ནས། དངོས་པོ་རྣམ་པ་བཅུ་གཅིག་གི་ཕྱིར་སྒྲ་རབ་ཏུ་སྒྲོགས་སོ། །བཅུ་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པར་སེང་གེ་མ་ཡིན་པར་སྒྱུས་སེང་གེ་ལྟར་འཆོས་པ་རྣམ་པར་གཞིག་པ་དང ། བདག་གི་མཐུ་རྩལ་སད་པ་དང ། གནས་དག་པར་བྱ་བ་དང ། བུ་རྣམས་གནས་ཤེས་པར་བྱ་བ་དང ། འགྲོ་བ་མང་པོ་འཇིགས་པའི་སེམས་མེད་པར་བྱ་བ་དང ། གཉིད་ལོག་པ་སད་པར་བྱ་བ་དང ། གཅན་གཟན་ལེ་ལོ་ཅན་ཐམས་ཅད་ལེ་ལོ་མེད་
Kha127a
༄#། །པར་བྱ་བ་དང ། གཅན་གཟན་རྣམས་འཁོར་ཞིང་རྟེན་དུ་འགྱུར་བར་བྱ་བ་དང ། སྤོས་ཀྱི་བལ་གླང་ཆེན་པོ་གདུལ་བ་དང ། བུ་རྣམས་སློབ་པ་དང ། བདག་གི་འཁོར་ཐམས་ཅད་ཡོངས་སུ་བརྒྱན་པ་དང་བཅུ་གཅིག་གོ་།གཅན་གཟན་ཐམས་ཅད་ཀྱིས་སེང་གེའི་སྒྲ་ཐོས་ན། ཆུའི་རིགས་ལས་སྐྱེས་པ་ནི་ཆུ་ཟབ་མོའི་གཏིང་དུ་གབ། སྐམ་སར་འགྲོ་བ་ནི་ཁུང་དུ་འབྲོས། འཕུར་བ་རྣམས་ནི་ས་ལ་ལྟུང ། སྤོས་ཀྱི་བལ་གླང་ཆེན་པོ་རྣམས་ཀྱང་མི་གཙང་བ་ཤོར་ཏེ་འབྲོས་སོ། །རིགས་ཀྱི་བུ་དག་།ཇི་ལྟར་ཝས་ལོ་བརྒྱར་སེང་གེའི་ཕྱི་བཞིན་འགྲོའང་སེང་གེའི་སྒྲ་སྒྲོགས་མི་ནུས་སོ། །གང་སེང་གེའི་ཕྲུ་གུ་ལོ་གསུམ་ལོན་པ་དག་ནི་སེང་གེའི་རྒྱལ་པོ་ལྟར་སྒྲ་སྒྲོགས་ནུས་སོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ཤེས་རབ་ཀྱི་མཆེ་བ་དང ། སྡེར་མོ་དང ། རྫུ་འཕྲུལ་གྱི་རྐང་པ་བཞི་དང ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་སྐུ་དང ། དཔའ་བའི་སྟོབས་བཅུ་དང ། སྙིང་རྗེ་ཆེན་པོའི་མཇུག་མ་དང ། བསམ་གཏན་བཞིའི་ཕུག་ཡོངས་སུ་དག་པ་ལ་གནས་ཏེ། སེམས་ཅན་རྣམས་ཀྱི་ཕྱིར་སེང་གེའི་སྒྲ་སྒྲོགས་ཏེ། བདུད་ཀྱི་དམག་རབ་ཏུ་བཅོམ་ནས་འཁོར་མང་པོ་རྣམས་ལ་སྟོབས་བཅུ་བསྟན་ཏེ། སངས་རྒྱས་ཀྱི་སྤྱོད་ཡུལ་རྣམ་པར་ཕྱེ་ནས་ངན་པར་ལྟ་བ་རྣམས་ཀྱི་མགོན་དང་སྐྱབས་
Kha127b
མཛད་དོ། །འཁོར་བས་འཇིགས་པ་རྣམས་སྤོར་བ་བསྐྱེད་དེ། མ་རིག་པའི་གཉིད་ཀྱིས་ནོན་པའི་སེམས་ཅན་རྣམས་སད་པར་མཛད་ཅིང ། མི་དགེ་བའི་ཆོས་སྤྱོད་པ་རྣམས་འགྱོད་པའི་སེམས་སྐྱེ་བར་མཛད་དོ། །ངན་པར་ལྟ་བའི་སེམས་ཅན་རྣམས་ལ་སྟོན་ཅིང་སྟོན་པ་དྲུག་གིས་བསྟན་པ་དག་སེང་གེའི་སྒྲ་མ་ཡིན་པར་ཤེས་པར་མཛད་པ་དང ། འོད་སྲུང་རྫོགས་བྱེད་ལ་སོགས་པའི་དྲེགས་པའི་སེམས་གཞིག་པ་དང ། ཐེག་པ་གཉིས་ཀྱིས་འགྱོད་པའི་སེམས་སྐྱེ་བར་མཛད་པ་དང ། བྱང་ཆུབ་སེམས་དཔའ་ས་ལྔ་པ་ལ་སོགས་པ་སྟོབས་དང་སེམས་ཆེན་པོ་སྐྱེ་བར་མཛད་པ་དང ། ཡང་དག་པར་ལྟ་བའི་འཁོར་བཞི་པོས་ངན་པར་ལྟ་བའི་སྡེ་བཞི་ལ་འཇིགས་པ་མེད་པར་མཛད་པའི་ཕྱིར། འཕགས་པའི་སྤྱོད་ཡུལ་དང ། ཚངས་པའི་སྤྱོད་ཡུལ་དང ། ལྷའི་སྤྱོད་ཡུལ་གྱི་ཕུག་ནས་བྱུང་སྟེ། རྣམ་པར་བསྒྱིངས་ནས་སེམས་ཅན་ཐམས་ཅད་ཀྱི་ང་རྒྱལ་དང་དྲེགས་པ་ལ་སོགས་པ་གཞོམ་པའི་ཕྱིར་གླལ་བ་མཛད་དོ། །སེམས་ཅན་ཐམས་ཅད་ཀྱི་དགེ་བའི་ཆོས་སྐྱེ་བར་མཛད་པའི་ཕྱིར་ཕྱོགས་བཞིར་ལྟའོ། །སེམས་ཅན་ཐམས་ཅད་ཀྱིས་སོ་སོ་ཡང་དག་པར་ཤེས་པ་བཞི་ཐོབ་པར་མཛད་པའི་ཕྱིར་རྐང་ལག་བཞི་ས་ལ་བཙུགས་སོ། །སེམས་ཅན་ཐམས་ཅད་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་དགོད་པར་བྱ་བའི་ཕྱིར་སེང་གེའི་སྒྲ་སྒྲོགས་སོ། །སེང་གེའི་སྒྲ་སྒྲོགས་པ་ནི་སེམས་
Kha128a
༄#། །ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པ་དང ། དེ་བཞིན་གཤེགས་པ་རྟག་ཏུ་གནས་ཤིང ། མི་འགྱུར་མི་འཕོ་བར་ངེས་པར་བཤད་པའོ། ། རིགས་ཀྱི་བུ། ཉན་ཐོས་དང་རང་སངས་རྒྱས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་དུ་བསྐལ་པ་གྲངས་མེད་ཚད་མེད་པ་བརྒྱ་སྟོང་གི་བར་དུ་འགྲོའང་སེང་གེའི་སྒྲ་སྒྲོགས་མི་ནུས་སོ། །བྱང་ཆུབ་སེམས་དཔའ་ས་བཅུ་པས་གལ་ཏེ་སྤྱོད་ཡུལ་རྣམ་པ་གསུམ་པོ་ལ་ནན་ཏན་བྱེད་པ་དེ་ནི་སེང་གེའི་སྒྲ་སྒྲོགས་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ་དག་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་སྒྲའང་ད་ལྟར་སེང་གེའི་སྒྲ་ཆེན་པོ་སྒྲོགས་པར་བསམས་ཀྱི། དེ་བས་ན་ཁྱེད་ཀྱིས་ལྷག་པའི་སེམས་ཀྱིས་མཆོད་པ་དང ། རིམ་གྲོ་དང ། བཀུར་སྟི་གྱིས་ཤིག་།དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་སྒྲ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཞུ་བ་ཡོད་ན་ཅི་དང་ཅི་འདོད་པ་དྲིས་ཤིག་།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་སྒྲས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་ན་སངས་རྒྱས་ཀྱི་རང་བཞིན་ལགས། དོན་ཅི་ལ་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བགྱི། ཡང་ཇི་ལྟར་ན་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་
Kha128b
དག་པ་ཞེས་བགྱི། གལ་ཏེ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་ན་ཅིའི་སླད་དུ་མི་མཐོང ། སེམས་ཅན་ཐམས་ཅད་ཀྱི་སངས་རྒྱས་ཀྱི་རང་བཞིན་མཆིས་པ་ས་བཅུ་པའི་བྱང་ཆུབ་སེམས་དཔས་ཆོས་ཅི་ལ་གནས་ན་གསལ་བར་མི་མཐོང ། སངས་རྒྱས་ནི་ཆོས་ཇི་ལྟ་བུ་ཞིག་ལ་བཞུགས་ན་གསལ་བར་གཟིགས། ས་བཅུ་པའི་བྱང་ཆུབ་སེམས་དཔའ་ནི་མིག་ཇི་ལྟ་བུ་ཞིག་གིས་གསལ་བར་མི་མཐོང ། སངས་རྒྱས་ནི་སྤྱན་ཇི་ལྟ་བུ་ཞིག་གིས་གསལ་བར་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ལེགས་སོ། །ལེགས་སོ། །གལ་ཏེ་གང་ཞིག་ཆོས་ཀྱི་ཕྱིར་ཞུ་བ་ཞུས་པ་ནི་ཚོགས་རྣམ་པ་གཉིས་དང་ལྡན་པར་འགྱུར་རོ། །གཉིས་གང་ཞེ་ན། ཡེ་ཤེས་དང ། བསོད་ནམས་སོ། །གལ་ཏེ་བྱང་ཆུབ་སེམས་དཔའ་གང་ཚོགས་རྣམ་པ་དེ་གཉིས་དང་ལྡན་ན་སངས་རྒྱས་ཀྱི་རང་བཞིན་ཤེས་སོ། །ཇི་ལྟར་ན་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བའང་ཤེས་པ་ནས་བྱང་ཆུབ་སེམས་དཔའ་ས་བཅུ་པ་ཇི་ལྟ་བུའི་མིག་གིས་མཐོང་བ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ལྟ་བུའི་སྤྱན་གྱིས་གཟིགས་པའི་བར་དུ་ཤེས་སོ། །བྱང་ཆུབ་སེམས་དཔའ་སེང་གེའི་སྒྲས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་ཡེ་ཤེས་ཀྱི་ཚོགས་ཞེས་བགྱི། ཇི་ལྟར་ན་བསོད་ནམས་ཀྱི་ཚོགས་ཞེས་བགྱི། རིགས་ཀྱི་བུ། ཡེ་ཤེས་ཀྱི་ཚོགས་ཞེས་བྱ་བ་ནི་
Kha129a
༄#། །འདི་ལྟ་སྟེ། ས་དང་པོ་ནས་ས་བཅུ་པའི་བར་དུ་ཡེ་ཤེས་ཀྱི་ཚོགས་ཞེས་བྱའོ། །བསོད་ནམས་ཀྱི་ཚོགས་ཞེས་བྱ་བ་ནི་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པའི་བར་དུའོ། །གཞན་ཡང ། རིགས་ཀྱི་བུ། ཡེ་ཤེས་ཀྱི་ཚོགས་ཞེས་བྱ་བ་ནི་འདི་ལྟ་སྟེ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་སོ། །བསོད་ནམས་ཀྱི་ཚོགས་ཞེས་བྱ་བ་ནི་འདི་ལྟ་སྟེ། ཉན་ཐོས་དང ། རང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ས་དགུ་པའོ། །གཞན་ཡང ། རིགས་ཀྱི་བུ། བསོད་ནམས་ཀྱི་ཚོགས་ནི་འདུས་བྱས་པ། ཟག་པ་དང་བཅས་པ། སྲིད་པ་དང་བཅས་པ། འབྲས་བུ་ཡོད་པ། ཐོགས་པ་དང་བཅས་པ།་རྟག་པ་མ་ཡིན་ཏེ། བུས་པ་མ་རབས་ཀྱི་ཆོས་སོ། །ཡེ་ཤེས་ཀྱི་ཚོགས་ནི་འདུས་མ་བྱས་པ། ཟག་པ་མེད་པ། སྲིད་པ་མེད་པ། འབྲས་བུ་མེད་པ། ཐོགས་པ་མེད་པ། རྟག་ཏུ་གནས་པའོ། །རིགས་ཀྱི་བུ་ཁྱོད་ནི་ཚོགས་རྣམ་པ་དེ་གཉིས་དང་ལྡན་པས་དོན་ཤིན་ཏུ་ཟབ་མོ་འདི་ཞུ་བ་ལ་སྤོབས་པར་གྱུར་ཏོ། །ངས་ཀྱང་ཚོགས་རྣམ་པ་དེ་གཉིས་དང་ལྡན་པས་དོན་འདི་འདྲི་བའི་ལན་ཐེབས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་གང་ཚོགས་
Kha129b
རྣམ་པ་དེ་གཉིས་དང་ལྡན་ན། རྣམ་པ་གཅིག་གམ། གཉིས་ཞེས་འདྲི་བར་མི་རིགས་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་རྣམ་པ་གཅིག་དང ། གཉིས་ཀྱིས་ལན་བཏབ་ཅེས་གསུངས། དེ་ཅིའི་སླད་དུ་ཞེ་ན། ཆོས་ཐམས་ཅད་ནི་རྣམ་པ་གཅིག་དང ། གཉིས་མ་མཆིས་སོ། །རྣམ་པ་གཅིག་དང ། གཉིས་ནི་བུས་པ་མ་རབས་ཀྱི་མཚན་ཉིད་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གལ་ཏེ་བྱང་ཆུབ་སེམས་དཔའ་གང་ཚོགས་རྣམ་པ་དེ་གཉིས་མེད་ན། རྣམ་པ་གཅིག་དང ། གཉིས་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་གང་ཚོགས་དེ་གཉིས་དང་ལྡན་པ་ནི་རྣམ་པ་གཅིག་དང ། གཉིས་པ་ཤེས་སོ། །གང་ཆོས་རྣམས་ལ་གཅིག་གམ། གཉིས་ཞེས་བྱ་བ་མེད་པའི་དོན་དེའང་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་གཅིག་གམ། གཉིས་མེད་ན། ཆོས་ཐམས་ཅད་མི་གཅིག་།མི་གཉིས་པ་ཇི་ལྟར་བཤད། རིགས་ཀྱི་བུ། གང་གཅིག་པ་དང ། གཉིས་པ་ནི་བུས་པ་མ་རབས་ཀྱི་མཚན་ཉིད་ཅེས་བྱ་བ་དེ་བྱང་ཆུབ་སེམས་དཔའ་ས་བཅུ་པ་ཞེས་བྱ་སྟེ། བུས་པ་མ་རབས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཅིག་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །གཉིས་ནི་འཁོར་བ་ཞེས་བྱའོ། །དེ་ཅིའི་ཕྱིར་གཅིག་ནི་མྱ་ངན་ལས་འདས་པ་ཞེས་བྱ་ཞེ་ན། རྟག་པའི་ཕྱིར་རོ། །ཅིའི་ཕྱིར་གཉིས་ནི་འཁོར་བ་ཞེས་བྱ་བ་ཞེ་ན། མ་
Kha130a
༄#། །རིག་པ་ལ་སྲེད་པའི་ཕྱིར་རོ། །རྟག་པའི་མྱ་ངན་ལས་འདས་པའང་བུས་པ་མ་རབས་ཀྱི་མཚན་ཉིད་མ་ཡིན་ལ། འཁོར་བའང་བུས་པ་མ་རབས་ཀྱི་མཚན་ཉིད་མ་ཡིན་ཏེ། དོན་དེ་ལྟ་བས་ན་ཚོགས་རྣམ་པ་གཉིས་དང་ལྡན་པ་ནི་དྲི་བ་དང ། ལན་བཏབ་པར་འགྱུར་རོ། །རིགས་ཀྱི་བུ་ཁྱོད་ཀྱིས་ཇི་ལྟར་ན་སངས་རྒྱས་ཀྱི་རང་བཞིན་ཞེས་འདྲི་བ་བརྟགས་པར་ཉོན་ཅིག་དང ། ངས་རྣམ་པར་དགྲོལ་ཞིང་ཁྱོད་ལ་བཤད་དོ། །རིགས་ཀྱི་བུ། སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི་དོན་དམ་པ་སྟོང་པའོ། །དོན་དམ་པ་སྟོང་པ་ནི་ཡེ་ཤེས་ཞེས་བྱའོ། །དེ་ལ་སྟོང་པ་ཞེས་བྱ་བ་ནི་སྟོང་པ་དང་མི་སྟོང་པ་གཉིས་ཀ་མི་མཐོང་བའོ། །ཤེས་རབ་ཅན་གྱིས་ནི་སྟོང་པ་དང ། མི་སྟོང་པ་དང ། རྟག་པ་དང ། མི་རྟག་པ་དང ། སྡུག་བསྔལ་དང ། བདེ་བ་དང ། བདག་དང ། བདག་མེད་པ་ཀུན་མཐོང་ངོ ། །སྟོང་པ་ཞེས་བྱ་བ་ནི་འཁོར་བ་ཐམས་ཅད་དོ། །མི་སྟོང་པ་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པའོ། །བདག་མེད་པའི་བར་དུ་འཁོར་བའོ། །བདག་ཅེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། ཐམས་ཅད་སྟོང་པར་མཐོང་ལ། སྟོང་པ་མ་ཡིན་པ་མི་མཐོང་བ་ནི་ལམ་དབུ་མ་ཞེས་མི་བྱ། ཐམས་ཅད་བདག་མེད་པའི་བར་དུ་མི་མཐོང་ལ། བདག་མི་མཐོང་བ་ནི་ལམ་དབུ་མ་ཞེས་མི་བྱའོ། །ལམ་དབུ་མ་ཞེས་བྱ་བ་
Kha130b
ནི་སངས་རྒྱས་ཀྱི་རང་བཞིན་ནོ། །དོན་དེ་ལྟ་བས་ན་སངས་རྒྱས་ཀྱི་རང་བཞིན་ནི་རྟག་པར་འགྱུར་ཞིང་འཕོ་བ་མེད་པ་སྟེ། མ་རིག་པས་ཁེབས་པས་སེམས་ཅན་ཐམས་ཅད་ཀྱིས་མཐོང་བར་མ་གྱུར་ཏོ། །ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཐམས་ཅད་སྟོང་པར་མཐོང་སྟེ། མི་སྟོང་པར་མི་མཐོང་བ་ནས། ཐམས་ཅད་བདག་མེད་པའི་བར་དུ་མཐོང་སྟེ། བདག་ཏུ་མི་མཐོང་ངོ ། །དེ་བས་ན་དོན་དམ་པའི་སྟོང་པ་མ་ཐོབ་བོ། །དོན་དམ་པའི་སྟོང་པ་མ་ཐོབ་པའི་ཕྱིར་ལམ་དབུ་མ་མི་སྤྱོད། ལམ་དབུ་མ་མེད་པའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་མི་མཐོང་ངོ། །རིགས་ཀྱི་བུ། ལམ་དབུ་མ་མཐོང་བ་ལ་རྣམ་པ་གསུམ་སྟེ། ངེས་པར་བདེ་བ་སྤྱོད་པ་དང ། ངེས་པར་སྡུག་བསྔལ་སྤྱོད་པ་དང ། ངེས་པར་སྡུག་བསྔལ་དང་བདེ་བ་སྤྱོད་པའོ། ། ངེས་པར་བདེ་བ་སྤྱོད་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར་མཚམས་མེད་པའི་སེམས་ཅན་དམྱལ་བར་གནས་ཀྱང ། ཇི་ལྟར་བསམ་གཏན་གསུམ་པའི་བདེ་བ་ལ་རེག་པ་བཞིན་ནོ། །ངེས་པར་སྡུག་བསྔལ་སྤྱོད་པ་ཞེས་བྱ་བ་ནི་བུས་པ་མ་རབས་རྣམས་སོ། །ངེས་པར་སྡུག་བསྔལ་དང་བདེ་བ་སྤྱོད་པ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་སོ། །ཉན་ཐོས་དང་རང་སངས་རྒྱས་ཀྱིས་སྡུག་བསྔལ་དང་བདེ་བ་ལ་ལམ་དབུ་མའི་འདུ་ཤེས་བསྐྱེད་
Kha131a
༄#། །དེ།་དོན་དེ་ལྟ་བས་ན་སངས་རྒྱས་ཀྱི་རང་བཞིན་ཡོད་མོད་ཀྱི་མི་མཐོང་ངོ ། །ཇི་ལྟར་ཁྱོད་ཀྱིས་དོན་ཇི་ལྟ་བུ་ཞིག་ལ་སངས་རྒྱས་ཀྱི་རང་བཞིན་ཡིན་ཞེས་དྲིས་པ་ནི་རིགས་ཀྱི་བུ། སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་བླ་ན་མེད་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་དབུ་མའི་ས་བོན་ཡིན་ནོ། ། གཞན་ཡང ། རིགས་ཀྱི་བུ། ལམ་ལ་རྣམ་པ་གསུམ་སྟེ། རབ་དང ། འབྲིང་དང ། ཐ་མའོ། །དེ་ལ་ཐ་མ་ཞེས་བྱ་བ་ནི་ཚངས་པ་དག་རྟག་པ་མེད་པ་ལ་ནོར་བར་རྟག་པར་ལྟ་བའོ། ། རབ་ཅེས་བྱ་བ་ནི་འཁོར་བ་མི་རྟག་པ་ལ་ནོར་བར་རྟག་པར་མཐོང་ལ། དཀོན་མཆོག་གསུམ་རྟག་པ་ཡིན་པ་ལ་ནན་གྱིས་མི་རྟག་པར་སྒྲོ་བཏགས་པའོ། །དེ་ལ་ཅིའི་ཕྱིར་རབ་ཅེས་བྱ་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མཆོག་ཐོབ་པའི་ཕྱིར་རོ། །འབྲིང་ཞེས་བྱ་བ་ནི་དོན་དམ་པའི་སྟོང་པ་སྟེ། མི་རྟག་པ་ནི་རྟག་པར་མཐོང ། རྟག་པ་ནི་མི་རྟག་པར་མཐོང་བའོ། །དོན་དམ་པའི་སྟོང་པ་ནི་ཐ་མ་ཞེས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བུས་པ་མ་རབས་ཐམས་ཅད་ཀྱིས་མི་མཐོང་བའི་ཕྱིར་རོ། །རབ་ཅེས་ཀྱང་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་མ་ཡིན་པའི་ཕྱིར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པའི་ལམ་ནི་རབ་མ་ཡིན། ཐ་མ་མ་ཡིན་ཏེ། དོན་དེའི་ཕྱིར་ལམ་དབུ་མ་ཞེས་
Kha131b
བྱའོ། །གཞན་ཡང ། རིགས་ཀྱི་བུ། འཁོར་བའི་ཐོག་མའི་མཐའ་ནི་རྣམ་པ་གཉིས་ཏེ། མ་རིག་པ་དང ། སྲེད་པའོ། །དེ་གཉིས་ཀྱི་བར་ན་སྐྱེ་བ་དང ། རྒ་བ་དང ། ན་པ་དང ། འཆི་བའི་སྡུག་བསྔལ་འབྱུང་སྟེ། དེ་ནི་ལམ་དབུ་མ་ཞེས་བྱའོ། །དེ་ལྟར་ལམ་དབུ་མ་དེས་འཁོར་བ་ཡོངས་སུ་གཞིག་པར་འགྱུར་བའི་ཕྱིར་དབུ་མ་ཞེས་བྱའོ། །དེ་ལྟར་ལམ་དབུ་མའི་ཆོས་ནི་སངས་རྒྱས་ཀྱི་རང་བཞིན་ཅེས་བྱ་བ་སྟེ། དེ་བས་ན་སངས་རྒྱས་ཀྱི་རང་བཞིན་ནི་རྟག་པ། བདེ་བ། བདག་དང ། ཡོངས་སུ་དག་པའོ། །སེམས་ཅན་རྣམས་ཀྱིས་མི་མཐོང་བའི་ཕྱིར། མི་རྟག་པ་དང ། བདེ་བ་མེད་པ། བདག་མེད་པ། ཡོངས་སུ་མ་དག་པ་སྟེ། སངས་རྒྱས་ཀྱི་རང་བཞིན་ནི་ཡང་དག་པར་ན། མི་རྟག་པ་དང ། བདེ་བ་མེད་པ་དང ། བདག་མེད་པ་དང ། ཡོངས་སུ་མ་དག་པ་མ་ཡིན་ནོ། །རིགས་ཀྱི་བུ། དཔེར་ན། མི་དབུལ་པོ་ཞིག་གི་ཁྱིམ་ན་རིན་པོ་ཆེའི་གཏེར་ཡོད་དེ། དེས་མི་མཐོང་ན་མི་མཐོང་བའི་དབང་གིས་རྟག་པ་མེད། བདེ་བ་མེད། བདག་མེད་པ། ཡོངས་སུ་དག་པ་མེད་དོ། །དགེ་བའི་བཤེས་གཉེན་གཅིག་གིས་དེ་ལ་འདི་སྐད་དུ་ཁྱོད་ཀྱི་ཁྱིམ་ན་རིན་པོ་ཆེ་གསེར་གྱི་གཏེར་ཡོད་ན། ཅི་སྟེ་འདི་ལྟར་དབུལ་ཕོངས་ཤིང་སྡུག་བསྔལ་དང ། མི་རྟག་པ་དང ། བདེ་བ་མེད་པ་དང ། བདག་མེད་པ་དང ། ཡོངས་སུ་དག་པ་མེད་པར་གྱུར་ཅེས་བྱས་ནས། དེ་ནས་ཐབས་ཀྱིས་དེ་མཐོང་བར་བྱས་སོ། །མཐོང་བར་
Kha132a
༄#། །གྱུར་པས་མི་དེ་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཐོབ་པར་གྱུར་ཏོ། །སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། སེམས་ཅན་གྱིས་མི་མཐོང་ངོ ། །དེ་ལྟར་མི་མཐོང་བའི་ཕྱིར། རྟག་པ་མེད། བདེ་བ་མེད། བདག་མེད། ཡོངས་སུ་དག་པ་མེད་དོ། །དགེ་བའི་བཤེས་གཉེན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐབས་རྣམ་པ་སྣ་ཚོགས་ཀྱིས་བསྟན་ཏེ་མཐོང་བར་མཛད་དོ། །དེ་ལྟར་མཐོང་བར་གྱུར་ནས་སེམས་ཅན་རྣམས་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཐོབ་བོ། །གཞན་ཡང ། རིགས་ཀྱི་བུ། སེམས་ཅན་རྣམས་ཀྱིས་ལྟ་བ་བསྐྱེད་པ་ལ་རྣམ་པ་གཉིས་ཏེ། རྟག་པ་དང ། ཆད་པའོ། །དེ་ལྟར་ལྟ་བ་དེ་གཉིས་ནི་ལམ་དབུ་མ་ཞེས་མི་བྱ་སྟེ། རྟག་པ་མེད་པ་དང ། ཆད་པ་མེད་པ་ནི་ལམ་དབུ་མ་ཞེས་བྱའོ། །རྟག་པ་དང་ཆད་པ་མེད་པ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་རྟོགས་པའི་ཡེ་ཤེས་ཞེས་བྱ་སྟེ། དེ་ལྟར་རྟོགས་པའི་ཡེ་ཤེས་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བྱའོ། །ཐེག་པ་དེ་གཉིས་ཀྱིས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་རྟོགས་ཀྱང་སངས་རྒྱས་ཀྱི་རང་བཞིན་ཐོབ་པ་ཞེས་མི་བྱའོ། །སངས་རྒྱས་ཀྱི་རང་བཞིན་རྟོག་མོད་ཀྱི། སེམས་ཅན་རྣམས་མ་རིག་པས་ཡོངས་སུ་ཁེབས་པའི་ཕྱིར་མི་མཐོང་སྟེ། ཇི་ལྟར་རི་བོང་དང ། རྟས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ཀྱི་ཆུ་
Kha132b
ཀླུང་རྒལ་མི་ནུས་པ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་རང་བཞིན་མི་མཐོང་བའི་ཕྱིར་རོ། །རིགས་ཀྱི་བུ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་རྟོགས་པའི་ཡེ་ཤེས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་ཡིན་ཏེ། དོན་དེ་ལྟ་བས་ན་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བྱའོ། །རིགས་ཀྱི་བུ། དཔེར་ན། ག་གོན་ནི་མཁྲིས་པའི་ནད་དུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། མཁྲིས་པའི་ནད་ཀྱི་ས་རྒྱུ་རྐྱེན་དུ་འགྱུར་པའི་ཕྱིར་ཏེ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ཀྱང་དེ་དང་འདྲའོ། །རིགས་ཀྱི་བུ། སངས་རྒྱས་ཀྱི་རང་བཞིན་ནི་རྒྱུ་ཡོད། རྒྱུའི་རྒྱུ་ཡོད། འབྲས་བུ་ཡོད། འབྲས་བུའི་འབྲས་བུ་ཡོད་དོ། །རྒྱུ་ཡོད་ཅེས་བྱ་བ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་སོ། །རྒྱུའི་རྒྱུ་ཞེས་བྱ་བ་ནི་ཤེས་རབ་བོ། །འབྲས་བུ་ཡོད་ཅེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །འབྲས་བུའི་འབྲས་བུ་ཞེས་བྱ་བ་ནི་བླ་ན་མེད་པའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའོ། །རིགས་ཀྱི་བུ། དཔེར་ན། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ནི་འབྲས་བུའོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་འབྲས་བུར་འགྱུར་ཏེ།་དོན་དེ་ལྟ་བས་ན་མ་རིག་པའི་ངོ་བོ་ཉིད་ནི་རྐྱེན་ཀྱང་ཡིན་ལ། རྐྱེན་གྱི་རྐྱེན་ཀྱང་ཡིན་ནོ། །རྣམ་པར་ཤེས་པའང་འབྲས་བུའང་ཡིན་ལ། འབྲས་བུའི་འབྲས་བུའང་ཡིན་ནོ། །
Kha133a
༄#། །སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲའོ། །རིགས་ཀྱི་བུ། འོ་ན་དེ་ལྟ་བས་ན་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ནི་མི་སྐྱེ་མི་འགོག་།རྟག་པ་མ་ཡིན་ཆད་པ་མ་ཡིན། གཅིག་གམ་གཉིས་མ་ཡིན། འོངས་པ་མ་ཡིན། སོང་བ་མ་ཡིན། རྒྱུ་མ་ཡིན། འབྲས་བུ་མ་ཡིན་ནོ། །རིགས་ཀྱི་བུ། རྒྱུ་ཡིན་ལ་འབྲས་བུ་མ་ཡིན་པ་ནི་སངས་རྒྱས་ཀྱི་རང་བཞིན་ལྟ་བུའོ། །འབྲས་བུ་ཡིན་ལ་རྒྱུ་མ་ཡིན་པ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལྟ་བུའོ། །རྒྱུའང་ཡིན་ལ་འབྲས་བུའང་ཡིན་པ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ལས་སྐྱེས་པའི་ཆོས་ལྟ་བུའོ། །རྒྱུ་འང་མ་ཡིན་འབྲས་བུའང་མ་ཡིན་པ་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་སྟེ། རྒྱུ་དང་འབྲས་བུ་མ་ཡིན་པའི་ཕྱིར་རྟག་པ་མི་འགྱུར། མི་འཕོ་བའོ། །དོན་དེ་ལྟ་བས་ན་ངས་མདོ་སྡེ་ལས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ནི་དོན་ཤིན་ཏུ་ཟབ་སྟེ། ཤེས་པ་མེད། མཐོང་བ་མེད། བསམ་དུ་མེད་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་པ་མ་ཡིན་ནོ་ཞེས་གསུངས་སོ། །ཅིའི་ཕྱིར་དོན་ཤིན་ཏུ་ཟབ་ཅེ་ན། ཤིན་ཏུ་ཟབ་པ་ནི་སེམས་ཅན་ཀྱི་ལས་དང་སྤྱོད་པ་རྟག་པའང་མ་ཡིན། ཆད་པའང་མ་ཡིན་མོད་ཀྱི། འབྲས་བུ་རྣམ་པར་སྨིན་པར་འགྱུར་བ་དང །
Kha133b
སྐད་ཅིག་སྐད་ཅིག་མར་འགོག་ཀྱང་སྟོར་བ་མེད་པ་དང ། བྱེད་པ་མེད་ཀྱང་བྱས་བའི་ལས་ཡོད་པ་དང ། མྱོང་བ་མེད་ཀྱང་འབྲས་བུ་རྣམ་པར་སྨིན་པ་ཡོད་པ་དང ། མྱོང་བ་འགོག་པ་མེད་ཀྱི། འབྲས་བུ་མི་འཇིག་མི་སྟོར་བ་དང ། གང་གིས་ཀྱང་སེམས་ཅན་ཐམས་ཅད་འདུས་ཏེ་འབྱུང་བར་བསམས་པས་དཔགས་ཏེ་ཤེས་པ་མེད་པ་དང ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་དང་འགྲོགས་ཀྱང་མི་ཤེས་མི་མཐོང་བ་དང ། མི་མཐོང་མི་ཤེས་པའི་ཕྱིར་ཐོག་མ་དང་ཐ་མ་མེད་པ་དང ། བྱང་ཆུབ་སེམས་དཔའ་ས་བཅུ་པས་ཐོག་མ་འབའ་ཞིག་མཐོང་ཡང་ཐ་མ་མི་མཐོང་སྟེ། སངས་རྒྱས་བཅོམ་ལྡན་འདས་ནི་ཐོག་མ་དང ། ཐ་མ་གཟིགས་སོ། །དོན་དེ་ལྟ་བས་ན་དེ་བཞིན་གཤེགས་པ་རྣམས་ནི་སངས་རྒྱས་ཀྱི་རང་བཞིན་གསལ་བར་གཟིགས་སོ། །རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་མི་མཐོང་བས་རབ་ཏུ་འཁོར་རོ། །རིགས་ཀྱི་བུ། ཇི་ལྟར་དར་གྱི་སྲིན་བུ་དར་གྱི་སྒོ་ང་བྱེད་པ་རང་སྐྱེ་ཞིང་རང་འཆི་བ་ལྟར་སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། སངས་རྒྱས་ཀྱི་རང་བཞིན་མི་མཐོང་བའི་ཕྱིར་རང་གིས་ཀུན་ནས་ཉོན་མོངས་པའི་ལས་བྱེད་དེ། ཇི་ལྟར་ཕོ་ལོང་བརྡབས་པ་ལྟར་འཁོར་བར་རབ་ཏུ་འཁོར་རོ། །རིགས་ཀྱི་བུ། དེ་བས་ན་ངས་མདོ་སྡེ་ཀུན་ལས་གལ་ཏེ་གང་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་མཐོང་
Kha134a
༄#། །ན་ཆོས་མཐོང་ངོ ། །ཆོས་མཐོང་ན་སངས་རྒྱས་མཐོང་ཞེས་གསུངས་སོ། །སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དེ་ཉིད་ཡིན་པའི་ཕྱིར་རོ། །རིགས་ཀྱི་བུ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་རྟོག་པའི་ཡེ་ཤེས་ནི་རྣམ་པ་བཞི་སྟེ། ཐ་མ་དང ། བར་མ་དང་རབ་དང ། རབ་ཀྱི་ཡང་རབ་བོ། །རྟོག་པའི་ཡེ་ཤེས་ཐམས་ཅད་ནི་སངས་རྒྱས་ཀྱི་རང་བཞིན་མི་མཐོང་སྟེ། མི་མཐོང་བའི་ཕྱིར་ཉན་ཐོས་ཀྱི་ལམ་ཐོབ་བོ། །རྟོག་པའི་ཡེ་ཤེས་འབྲིང་གིས་ནི་སངས་རྒྱས་ཀྱི་རང་བཞིན་མི་མཐོང་སྟེ། མི་མཐོང་བའི་ཕྱིར་རང་སངས་རྒྱས་ཀྱི་ལམ་ཐོབ་བོ། །རྟོག་པའི་ཡེ་ཤེས་རབ་ཀྱིས་ནི་གསལ་བར་མི་མཐོང་སྟེ། མི་གསལ་བའི་ཕྱིར་ས་བཅུ་ལ་གནས་སོ། །ཡེ་ཤེས་རབ་ཀྱིའང་རབ་ནི་གསལ་བར་མཐོང་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཐོབ་བོ། །དོན་དེ་ལྟ་བས་ན་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ནི་སངས་རྒྱས་ཀྱི་རང་བཞིན་ཅེས་བྱའོ། །སངས་རྒྱས་ཀྱི་རང་བཞིན་ནི་དོན་དམ་པའི་སྟོང་བའོ། །དོན་དམ་པའི་སྟོང་བ་ནི་ལམ་དབུ་མའོ། །ལམ་དབུ་མ་སངས་རྒྱས་སོ། །སངས་རྒྱས་ནི་མྱ་ངན་ལས་འདས་པ་ཞེས་བྱའོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་སུམ་ཅུ་དྲུག་པ།
Kha134b
དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་སྒྲས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གལ་ཏེ་སངས་རྒྱས་དང ། སངས་རྒྱས་ཀྱི་རང་བཞིན་ཁྱད་པར་མ་མཆིས་ན་སེམས་ཅན་ཐམས་ཅད་ལམ་ལ་ནན་ཏན་བགྱིད་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་དོན་དེ་དྲིས་པ་དེ་ནི་དེ་ལྟ་མ་ཡིན་ནོ། །སངས་རྒྱས་དང ། སངས་རྒྱས་ཀྱི་རང་བཞིན་ཁྱད་པར་མེད་མོད་ཀྱི། སེམས་ཅན་རྣམས་དེ་དང་མི་ལྡན་ཏེ། རིགས་ཀྱི་བུ། དཔེར་ན། མི་ཞིག་ངན་སེམས་ཀྱིས་མ་བསད་དེ། བསད་ནས་འགྱོད་པ་སྐྱེས་པས་ལམ་གསུམ་དགེ་མོད་ཀྱི། སེམས་ཅན་དམྱལ་བ་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མི་དེ་གདོན་མི་ཟ་བར་སེམས་ཅན་དམྱལ་བར་ལྟུང་བའི་ཕྱིར་རོ། །མི་དེ་ལ་སེམས་ཅན་དམྱལ་བའི་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་མེད་མོད་ཀྱི་འོན་ཀྱང་སེམས་ཅན་དམྱལ་བ་བ་ཞེས་བྱའོ། །རིགས་ཀྱི་བུ། དེ་བས་ན་ངས་མདོ་སྡེ་ཀུན་ལས་གང་དགེ་བའི་ཆོས་སྤྱོད་པ་མཐོང་བ་ནི་ལྷ་མཐོང་བ་ཞེས་བྱ། མི་དགེ་བ་ལ་སྤྱོད་པ་མཐོང་བ་ནི་སེམས་ཅན་དམྱལ་བ་མཐོང་བའོ་ཞེས་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ངེས་པར་རྣམ་པར་སྨིན་པ་མྱོང་བར་འགྱུར་བའི་ཕྱིར་རོ། །རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ཀྱང་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་
Kha135a
༄#། །བའི་ཕྱིར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་གསུངས་ཏེ། སེམས་ཅན་ཐམས་ཅད་ལ་ཡང་དག་པར་མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུ་མེད་པས་དོན་དེའི་ཕྱིར་ངས་མདོ་སྡེ་འདི་ལས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཐོག་མ་ཡོད་ལ་ད་ལྟར་མེད། །ཐོག་མ་མེད་ལ་ད་ལྟར་ཡོད། །དུས་གསུམ་སྲིད་པའི་ཆོས་ཐམས་ཅད། །དེ་ལྟ་བུ་ཡི་གནས་མེད་དོ། །རིགས་ཀྱི་བུ། སྲིད་པ་ཞེས་བྱ་བ་ལ་རྣམ་པ་གསུམ་སྟེ། མ་འོངས་པའི་སྲིད་པ་དང ། ད་ལྟར་གྱི་སྲིད་པ་དང ། འདས་པའི་སྲིད་པའོ། །དེ་ལ་སེམས་ཅན་ཐམས་ཅད་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོད་པའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་ཅེས་བྱའོ། །སེམས་ཅན་ཐམས་ཅད་ལ་ད་ལྟར་ཀུན་ནས་ཉོན་མོངས་པ་རྣམས་ཡོད་པས་དེའི་ཕྱིར་ད་ལྟར་མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུ་མེད་དོ། །སེམས་ཅན་གང་འདས་པའི་དུས་ན་ཉོན་མོངས་པ་བཅད་པ་ཡོད་པའི་ཕྱིར་ད་ལྟར་སངས་རྒྱས་ཀྱི་རང་བཞིན་མཐོང་སྟེ། དོན་དེ་ལྟ་བས་ན་ངས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པ་ནས་ལོག་སྲེད་ཅན་གྱི་བར་དུ་ཡང་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་གསུངས་སོ། །ལོག་སྲེད་ཅན་ལ་སོགས་པ་དགེ་
Kha135b
བའི་ཆོས་མེད་ཀྱང་སངས་རྒྱས་ཀྱི་རང་བཞིན་ཉིད་དགེ་བ་སྟེ། མ་འོངས་པའི་དུས་ན་ཡོད་པར་འགྱུར་བའི་ཕྱིར་ལོག་སྲེད་ཅན་ལ་སོགས་པའང་སངས་རྒྱས་ཀྱི་རང་བཞིན་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། ལོག་སྲེད་ཅན་དག་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་བའི་ཕྱིར་རོ། །རིགས་ཀྱི་བུ། དཔེར་ན། མི་ཞིག་གི་ཁྱིམ་ན་འོ་མ་དང་ཞོ་ཡོད་པ་ལས། ཡང་མི་གཅིག་གིས་ཁྱོད་ལ་མར་ཡོད་དམ་ཞེས་དྲིས་ན། དེས་སྨྲས་པ། བདག་ལ་ཡོད་དོ་ཞེས་སྨྲས་ཀྱང་འདི་ལྟར་ཞོ་ནི་ཡང་དག་བར་མར་མ་ཡིན་མོད་ཀྱི། ཐབས་མཁས་པས་གདོན་མི་ཟ་བར་ཐོབ་པར་འགྱུར་བའི་ཕྱིར་མར་ཡོད་དོ་ཞེས་སྨྲའོ། །སེམས་ཅན་དག་ཀྱང་དེ་དང་འདྲ་སྟེ། ཀུན་ལ་སེམས་ཡོད་དོ། གང་སེམས་ཡོད་པ་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །དོན་དེ་ལྟ་བས་ན་ངས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་གསུངས་སོ། །རིགས་ཀྱི་བུ། མཐར་ཕྱིན་བ་ལ་རྣམ་པ་གཉིས་ཏེ། བཀོད་པའི་མཐར་ཕྱིན་པ་དང ། མཐར་ཕྱིན་པའི་མཐར་ཕྱིན་པའོ། །གཞན་ཡང་འཇིག་རྟེན་གྱི་མཐར་ཕྱིན་པ་དང ། འཇིག་རྟེན་ལས་འདས་པའི་མཐར་ཕྱིན་པའོ། །དེ་ལ་བཀོད་པའི་མཐར་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་།མཐར་ཕྱིན་པའི་མཐར་ཕྱིན་པ་ནི་སེམས་
Kha136a
༄#། །ཅན་ཐམས་ཅད་ཐེག་པ་གཅིག་པ་ཐོབ་པའོ། །དེ་ལ་ཐེག་པ་གཅིག་པ་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་སྟེ། དོན་དེ་ལྟ་བས་ན་ངས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དེ། སེམས་ཅན་ཐམས་ཅད་ལ་ཐེག་པ་གཅིག་པ་ཡོད་ཀྱང་མ་རིག་པས་ཁེབས་པས་མཐོང་བར་མ་གྱུར་ཏོ་ཞེས་གསུངས་སོ། ། རིགས་ཀྱི་བུ། དཔེར་ན། བྱང་གི་སྒྲ་མི་སྙན་དང ། སུམ་ཅུ་རྩ་གསུམ་གནམ་གྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་བ་ལ་སྒྲིབ་པ་དང་བཅས་པའི་སེམས་ཅན་འདི་དག་གིས་མཐོང་བར་མི་ནུས་སོ། །སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། ཀུན་ནས་ཉོན་མོངས་པས་བསྒྲིབས་པའི་ཕྱིར་སེམས་ཅན་གྱིས་མི་མཐོང་ངོ ། །གཞན་ཡང ། རིགས་ཀྱི་བུ། སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཏེ། རང་བཞིན་མར་གྱི་ཉིང་ཁུ་དང་འདྲ་བས་སངས་རྒྱས་ཐམས་ཅད་ཀྱི་ཡུམ་མོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མཐུས་དེ་བཞིན་གཤེགས་པ་རྣམས་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པར་གྱུར་ཏོ། །སེམས་ཅན་ཐམས་ཅད་ལའང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཡོད་མོད་ཀྱི་མ་བསྒོམས་པའི་ཕྱིར་མི་མཐོང་སྟེ། དེའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་གྱུར་ཏོ། །རིགས་ཀྱི་བུ། དཔའ་བར་འགྲོ་
Kha136b
བའི་ཏིང་ངེ་འཛིན་ནི་མིང་རྣམ་པ་ལྔ་ཡོད་དེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཅེས་ཀྱང་བྱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཀྱང་བྱ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་ཀྱང་བྱ། སེང་གེའི་སྒྲ་སྒྲོགས་པའི་ཏིང་ངེ་འཛིན་ཅེས་ཀྱང་བྱ། སངས་རྒྱས་ཀྱི་རང་བཞིན་ཅེས་ཀྱང་བྱ་སྟེ། ཅི་དང་ཅིར་ལྡན་པ་དེ་དང་དེའི་སྐབས་སུ་མིང་འདོགས་སོ། །རིགས་ཀྱི་བུ།་ཇི་ལྟར་ཏིང་ངེ་འཛིན་གཅིག་གིས་མིང་རྣམ་པ་སྣ་ཚོགས་ཐོབ་པ་ནི་འདི་ལྟར་བསམ་གཏན་གྱི་སྐབས་སུ་བསམ་གཏན་བཞི་ཞེས་བྱ་བ་དང ། དབང་པོའི་སྐབས་སུ་ཏིང་ངེ་འཛིན་གྱི་དབང་པོ་ཞེས་བྱ་བ་དང ། སྟོབས་ཀྱི་སྐབས་སུ་ཏིང་ངེ་འཛིན་གྱི་སྟོབས་ཞེས་བྱ་བ་དང ། བྱང་ཆུབ་ཀྱི་ཡན་ལག་གི་སྐབས་སུ་ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བ་དང ། འཕགས་པའི་ལམ་གྱི་སྐབས་སུ་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱ་བ་དང ། སྐྱེས་བུས་རྟོག་པ་བརྒྱད་ཀྱི་སྐབས་སུ་ཏིང་ངེ་འཛིན་གྱི་རྟོག་པ་ཞེས་བྱ་བ་དང་འདྲ་བར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཀྱང་དེ་དང་འདྲའོ། །རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ནི་ཏིང་ངེ་འཛིན་རྣམ་པ་གསུམ་དང་ལྡན་ཏེ། གསུམ་གང་ཞེ་ན། རབ་དང ། འབྲིང་དང ། ཐ་མའོ། །དེ་ལ་རབ་ནི་སངས་རྒྱས་ཀྱི་རང་བཞིན་སྟེ། དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་\?\་བྱའོ། །འབྲིང་ཞེས་བྱ་བ་ནི་སེམས་ཅན་
Kha137a
༄#། །ཐམས་ཅད་བསམ་གཏན་དང་པོ་དང་ལྡན་ཏེ། རྐྱེན་དང་ཕྲད་ན་ཡོངས་སུ་སྒོམ་པར་འགྱུར་གྱི། གལ་ཏེ་རྐྱེན་དང་མ་ཕྲད་ན་ཡོངས་སུ་སྒོམ་པར་མི་འགྱུར་རོ། །རྒྱུ་རྐྱེན་ལ་རྣམ་པ་གཉིས་ཏེ། མེའི་བསྐལ་པ་དང ། འདོད་པའི་ཁམས་ཀྱི་ཀུན་ནས་ཉོན་མོངས་པ་ཡོངས་སུ་བཅོམ་པ་སྟེ། དེའི་ཕྱིར་སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་འབྲིང་དང་ལྡན་པ་ཞེས་བྱའོ། །ཏིང་ངེ་འཛིན་ཐ་མ་ནི་ས་ཆེན་པོ་བཅུ་ལས་སེམས་ལས་བྱུང་བའི་ཏིང་ངེ་འཛིན་ཏེ། དེའི་ཕྱིར་སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་ཐ་མ་དང་ལྡན་པ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དེ། ཉོན་མོངས་པས་ཡོངས་སུ་ཁེབས་པའི་ཕྱིར་མཐོང་བར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་ས་བཅུ་པས་ཐེག་པ་གཅིག་པ་མཐོང་མོད་ཀྱི། དེ་བཞིན་གཤེགས་པ་རྟག་ཏུ་གནས་པའི་ཆོས་ཅན་དུ་མི་ཤེས་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ས་བཅུ་པས་སངས་རྒྱས་ཀྱི་རང་བཞིན་མཐོང་མོད་ཀྱི་གསལ་བར་མ་གྱུར་ཏོ། །རིགས་ཀྱི་བུ། དཔའ་བ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་མཐར་ཕྱིན་པའོ། །འགྲོ་བ་ཞེས་བྱ་བ་ནི་བརྟན་པའོ། །ཐམས་ཅད་མཐར་བརྟན་པའི་ཕྱིར་དཔའ་བར་འགྲོ་བ་ཞེས་བྱའོ། །དེའི་ཕྱིར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བྱའོ། །རིགས་ཀྱི་བུ། ངས་དུས་གཅིག་
Kha137b
ན་ཆུ་བོ་དགའ་སྐྱེད་ཀྱི་འགྲམ་ན་བཞུགས་ཏེ་དགའ་བོ་ལ་བཀའ་སྩལ་པ། ང་དེང་ཁྲུས་མཛད་ཀྱི། ངའི་གོས་ལོང་ལ་སྲན་ཕྱེའང་ལོང་ཞིག་།དེ་ནས་ཆུར་ཞུགས་པ་དང ། ནམ་མཁའ་ལ་འཕུར་བ་དང ། ཆུ་དང ། ས་ལ་འགྲོ་བ་ཐམས་ཅད་འོངས་ནས་ང་ལ་ལྟའོ། །དེའི་ཚེ་ན་ཀུན་ཏུ་རྒྱུ་ལྔ་བརྒྱ་སྙེད་ཆུ་བོའི་འགྲམ་དུ་ལྷགས་ནས། ངའི་དྲུང་དུ་ཕྱིན་པ་དང ། གཅིག་ལ་གཅིག་འདི་སྐད་དུ་ཇི་ལྟར་རྡོ་རྗེ་ལྟ་བུའི་ལུས་ཐོབ་པར་གྱུར། གལ་ཏེ་གཽ་ཏ་མ་འདི་ཆད་པར་ལྟ་བ་མི་སྟོན་ན་བདག་ཅག་དེ་ལ་ལུང་དང་ཚུལ་ཁྲིམས་ནོད་དོ་ཞེས་སྨྲས་སོ། །རིགས་ཀྱི་བུ།་ང་དེའི་ཚེ་གཞན་གྱི་སེམས་ཤེས་པའི་ཡེ་ཤེས་ཀྱིས་ཀུན་ཏུ་རྒྱུ་དེ་དག་གི་བསམ་པ་མཁྱེན་ནས་ཀུན་ཏུ་རྒྱུ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཅིའི་ཕྱིར་ང་ལ་ཆད་པར་ལྟ་བ་སྟོན་པ་ཡིན་ནོ་སྙམ་དུ་སེམས། ཀུན་ཏུ་རྒྱུ་དེ་དག་གིས་གསོལ་པ། གཽ་ཏ་མ་ཁྱོད་ཀྱིས་མདོ་སྡེ་ཀུན་ལས་སེམས་ཅན་ཐམས་ཅད་ལ་བདག་མེད་དོ་ཞེས་བཤད་དེ། དེ་ལྟར་བདག་མེད་དོ་ཞེས་བཤད་ན་ཅིའི་ཕྱིར་ཆད་པར་ལྟ་བ་མ་ཡིན། གལ་ཏེ་བདག་མེད་ན་གང་གིས་ཚུལ་ཁྲིམས་སྡོམ་ཞིང་གང་གིས་ཚུལ་ཁྲིམས་བཤིག་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་ནི་སེམས་ཅན་ཐམས་ཅད་ལ་བདག་མེད་དོ་ཞེས་མ་བཤད་དོ། །ངས་ནི་རྟག་ཏུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་བཤད་
Kha138a
༄#། །ན་སངས་རྒྱས་ཀྱི་རང་བཞིན་དེ་ཉིད་བདག་མ་ཡིན་ནམ། དོན་དེ་ལྟ་བས་ན་བཟོད་པར་ལྟ་བ་མི་སྟོན་ཏེ། སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་རང་བཞིན་མ་མཐོང་བས་རྟག་པ་མེད་པ་དང ། བདག་མེད་པ་དང ། བདེ་བ་མེད་པ་དང ། ཡོངས་སུ་དག་པ་མེད་དེ། གང་དེ་སྐད་དུ་སྨྲ་བ་དེ་ནི་ཆད་པར་ལྟ་བ་སྟོན་པ་ཞེས་བྱའོ། །དེའི་ཚེ་ཀུན་ཏུ་རྒྱུ་དེ་དག་སངས་རྒྱས་ཀྱི་རང་བཞིན་ཉིད་བདག་ཡིན་ནོ་ཞེས་བཤད་པ་ཐོས་ནས། ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེའི་མོད་ལ་རབ་ཏུ་བྱུང་ནས་བྱང་ཆུབ་ཀྱི་ལམ་ལ་ནན་ཏན་བྱེད་པར་གྱུར་ཏོ། །ནམ་མཁའ་དང ། ཆུ་དང ། སྐམས་ར་འགྲོ་བ་ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ལྟར་སེམས་བསྐྱེད་ནས་མོད་ལ་ལུས་དེ་ཉིད་བཏང་བར་གྱུར་ཏོ། །རིགས་ཀྱི་བུ། སངས་རྒྱས་ཀྱི་རང་བཞིན་ཡང་དག་པར་ན་བདག་མ་ཡིན་ཏེ། སེམས་ཅན་གྱི་ཕྱིར་བདག་ཅེས་བཤད་དོ། །རིགས་ཀྱི་བུ། རྒྱུ་དང་རྐྱེན་ཡོད་པའི་ཕྱིར་དེ་བཞིན་གཤེགས་པས་བདག་མེད་པ་ལ་བདག་ཏུ་བཤད་མོད་ཀྱི་ཡང་དག་པར་ན་བདག་མེད་དོ། །དེ་ལྟར་བཤད་མོད་ཀྱི་རྫུན་པའང་མ་ཡིན་ནོ། །རིགས་ཀྱི་བུ། ཡང་རྒྱུ་དང་རྐྱེན་ཡོད་པས་བདག་ལ་བདག་མེད་པར་འཆད་དེ། ཡང་དག་པར་ན་བདག་ཡོད་ཀྱང་
Kha138b
འཇིག་རྟེན་གྱི་ཕྱིར་བདག་མེད་པར་བཤད་མོད་ཀྱིའང་རྫུན་པ་མ་ཡིན་ནོ། །སངས་རྒྱས་ཀྱི་རང་བཞིན་ནི་བདག་མེད་དོ། དེ་བཞིན་གཤེགས་པས་བདག་མེད་ཅེས་བཤད་པ་ནི་རྟག་པ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ནི་བདག་ཡིན་ཏེ། བདག་མེད་པར་བཤད་པ་ནི་དབང་ཐོབ་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་རྡོ་རྗེ་མཐུ་བོ་ཆེ་ལྟ་བུ་མཆིས་ན། དོན་ཅིའི་སླད་དུ་སེམས་ཅན་ཐམས་ཅད་ཀྱིས་མི་མཐོང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དཔེར་ན། གཟུགས་ནི་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དང ། རིང་པོ་དང ། ཐུང་ངུ་ཐ་དད་དེ་ཐོགས་པ་ཡོད་ཀྱང་དམུས་ལོང་གིས་མི་མཐོང་ངོ ། །དེ་ལྟར་མི་མཐོང་མོད་ཀྱི་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་ཐ་དད་པ་དང ། དབྱིབས་རིང་ཐུང་མེད་ཅེས་བྱར་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། དམུས་ལོང་གིས་མི་མཐོང་ཡང་མིག་ཅན་གྱིས་མི་མཐོང་བ་མ་ཡིན་ནོ། །སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ཀྱིས་མི་མཐོང་མོད་ཀྱི་བྱང་ཆུབ་སེམས་དཔའ་ས་བཅུ་པས་ཕྱོགས་ཙམ་ཀྱི་གོ་མཐོང་ལ། དེ་བཞིན་གཤེགས་པས་ནི་མ་ལུས་པར་གཟིགས་སོ། །བྱང་ཆུབ་སེམས་དཔའ་
Kha139a
༄#། །ས་བཅུ་པས་སངས་རྒྱས་ཀྱི་རང་བཞིན་ལ་མཚན་མོའི་གཟུགས་ལྟ་བུར་མཐོང ། དེ་བཞིན་གཤེགས་པས་ཉིན་པར་གྱི་གཟུགས་ལྟ་བུར་གཟིགས་སོ། །རིགས་ཀྱི་བུ། དཔེར་ན། ཞར་པས་ནི་གཟུགས་གསལ་བར་མི་མཐོང་སྟེ། དེ་ལ་སྨན་པ་མཁས་པས་མིག་བཅོས་ན་སྨན་དེའི་སྟོབས་ཀྱིས་གསལ་བར་མཐོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ས་བཅུ་པའང་དེ་དང་འདྲ་སྟེ། སངས་རྒྱས་ཀྱི་རང་བཞིན་མཐོང་མོད་ཀྱི་མི་གསལ་ལོ། །དེ་ལ་དབང་བར་འགྲོ་བའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རབ་ཏུ་གསལ་བར་མཐོང་བར་འགྱུར་རོ། །རིགས་ཀྱི་བུ། གང་ལ་ལ་ཞིག་གིས་ཆོས་ཐམས་ཅད་ལ་རྟག་པ་མེད་པ། བདག་མེད་པ། བདེ་བ་མེད་པ། ཡོངས་སུ་དག་པ་མེད་པར་མཐོང་བ་དང ། ཆོས་མ་ཡིན་པ་ཐམས་ཅད་ལ་རྟག་པ་མེད་པ། བདག་མེད་པ། བདེ་བ་མེད་པ། ཡོངས་སུ་དག་པ་མེད་པར་མཐོང་བ་དེ་ནི་སངས་རྒྱས་ཀྱི་རང་བཞིན་མི་མཐོང་ངོ། །དེ་ལ་ཐམས་ཅད་ཅེས་བྱ་བ་ནི་འཁོར་བའོ། །ཐམས་ཅད་མ་ཡིན་པ་ནི་དཀོན་མཆོག་གསུམ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་ཐམས་ཅད་མི་རྟག་པ། བདག་མེད་པ། བདེ་བ་མེད་པ། ཡོངས་སུ་མ་དག་པར་མཐོང ། ཆོས་མ་ཡིན་པ་ཐམས་ཅད་ལའང་མི་རྟག་པ། བདག་མེད་པ། བདེ་བ་མེད་པ། ཡོངས་སུ་མ་དག་པར་མཐོང་སྟེ།
Kha139b
དོན་དེ་ལྟ་བས་ན་སངས་རྒྱས་ཀྱི་རང་བཞིན་མི་མཐོང་ངོ ། །བྱང་ཆུབ་སེམས་དཔའ་ས་བཅུ་པས་ནི་ཆོས་ཐམས་ཅད་ལ་མི་རྟག་པ། བདག་མེད་པ། བདེ་བ་མེད་པ། ཡོངས་སུ་དག་པ་མེད་པར་མཐོང་ལ། ཆོས་མ་ཡིན་པ་ཐམས་ཅད་ལ་ནི་རྟག་པ་དང ། བདག་དང ། བདེ་བ་དང ། ཡོངས་སུ་དག་པར་ཕྱོགས་ཙམ་ཞིག་མི་མཐོང་སྟེ། དོན་དེ་ལྟ་བས་ན་བཅུ་ཆ་གཅིག་ཙམ་མཐོང་ངོ ། །སངས་རྒྱས་བཅོམ་ལྡན་འདས་ནི་ཆོས་ཐམས་ཅད་ལ་མི་རྟག་པ། བདག་མེད་པ། བདེ་བ་མེད་པ། ཡོངས་སུ་དག་པ་མེད་པར་གཟིགས་ལ། ཆོས་མ་ཡིན་པ་ཐམས་ཅད་ལ་རྟག་པ་དང ། བདག་དང ། བདེ་བ་དང ། ཡོངས་སུ་དག་པར་གཟིགས་ཏེ། དེ་ལྟ་བས་ན་སངས་རྒྱས་ཀྱི་རང་བཞིན་ལག་མཐིལ་དུ་སྐྱུ་རུ་རའི་འབྲས་བུ་བཞག་པ་ལྟར་གཟིགས་སོ། །དོན་དེ་ལྟ་བས་ན་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི་མཐར་ཐུག་པ་ཞེས་བྱའོ། །རིགས་ཀྱི་བུ། དཔེར་ན། ཟླ་བ་ཚེས་པ་ནི་མི་མཐོང་མོད་ཀྱི་མེད་ཅེས་བྱར་མི་རུང་ངོ ། །སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། བུས་པ་མ་རབས་ཐམས་ཅད་ཀྱིས་མི་མཐོང་མོད་ཀྱི་དེ་ལ་སངས་རྒྱས་ཀྱི་རང་བཞིན་མེད་ཅེས་བྱར་མི་རུང་ངོ ། །རིགས་ཀྱི་བུ། སངས་རྒྱས་ཀྱི་རང་བཞིན་ནི་འདི་ལྟ་སྟེ། སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། སྙིང་རྗེ་ཆེན་པོ་དང ། དྲན་པ་ཉེ་བར་བཞག་པ་གསུམ་སྟེ། སེམས་ཅན་ཐམས་ཅད་ལ་རྣམ་པ་གསུམ་པོ་ཡོད་
Kha140a
༄#། །པའང་ཉོན་མོངས་པ་ཡོངས་སུ་བཅོམ་ན་གདོད་མཐོང་བར་འགྱུར་རོ། །ལོག་སྲེད་ཅན་དག་ནི་ལོག་སྲེད་ཡོངས་སུ་བཅོམ་ན་གདོད་སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། སྙིང་རྗེ་ཆེན་པོ་དང ། དྲན་པ་ཉེ་བར་བཞག་པ་གསུམ་ཐོབ་པར་འགྱུར་རོ། །དོན་དེ་ལྟ་བས་ན་ངས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་གསུངས་སོ། །རིགས་ཀྱི་བུ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་པོ་འདི་དག་ནི་སེམས་ཅན་ཐམས་ཅད་ལ་མཉམ་པར་ཡོད་དེ། ཕྱི་ནང་གཉིས་སོ། །བཅུ་གཉིས་པོ་གང་ཞེ་ན། འདས་པའི་ཉོན་མོངས་པ་ནི་མ་རིག་པའོ། །འདས་པའི་ལས་ནི་འདུ་བྱེད་དོ། །ད་ལྟར་གྱི་དུས་ན་ཐོག་མ་མངལ་དུ་འཇུག་པ་ནི་རྣམ་པར་ཤེས་པའོ། །མངལ་དུ་ཞུགས་ནས་ཡན་ལག་ལྔ་དང་དབང་པོ་བཞི་མ་ཚང་བ་ནི་མིང་དང་གཟུགས་སོ། །དབང་པོ་བཞི་དང་ལྡན་ཏེ་རེག་པ་ཞེས་མི་བྱ་བ་ནི་སྐྱེ་མཆེད་དྲུག་ཅེས་བྱའོ། །སྡུག་བསྔལ་དང ། བདེ་བ་བྱེ་བྲག་མི་ཕྱེད་པ་ནི་རེག་པ་ཞེས་བྱའོ། །སྲེད་པ་གཅིག་ལ་ཆགས་པ་ནི་ཚོར་བ་ཞེས་བྱའོ། །འདོད་པ་ལྔ་ལ་ཆགས་པ་ནི་སྲེད་པ་ཞེས་བྱའོ། །ནང་དང་ཕྱི་རོལ་ལ་འདོད་ཆགས་པ་ནི་ལེན་པའོ། །ནང་དང་ཕྱི་རོལ་གྱི་དངོས་པོས་ལུས་དང ། ངག་དང ། ཡིད་ཀྱི་ལས་སྐྱེད་པ་ནི་སྲིད་པའོ། །ད་ལྟར་གྱི་དུས་ཀྱི་རྣམ་པར་ཤེས་པ་ནི་མ་འོངས་པའི་སྐྱེ་བའོ། །ད་ལྟར་གྱི་དུས་ཀྱི་མིང་དང་
Kha140b
གཟུགས་དང ། སྐྱེ་མཆེད་དྲུག་དང ། རེག་པ་དང ། ཚོར་བ་ནི་མ་འོངས་པའི་དུས་ཀྱི་རྒ་བ་དང ། ན་བ་དང ། འཆི་བ་སྟེ། འདི་དག་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ཞེས་བྱའོ། ། རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ལ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་པོ་འདི་དག་ཡོད་མོད་ཀྱི། ཡོངས་སུ་མ་རྫོགས་ཏེ་ནུར་ནུར་པོར་འདུག་པའི་ཚེ་ཤི་བ་ལ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་མེད་དོ། །ཐོག་མ་སྐྱེས་ནས་རྒ་ཤིའི་བར་དུ་ནི་བཅུ་གཉིས་པོ་དང་ལྡན་ནོ། །གཟུགས་ཀྱི་ཁམས་ཀྱི་སེམས་ཅན་ལ་ཚོར་བ་རྣམ་པ་གསུམ་དང ། རེག་པ་རྣམ་པ་གསུམ་དང ། སྲེད་པ་རྣམས་དང ། རྒ་བ་དང ། ཤི་བ་མེད་ཀྱང་རྣམ་པ་བཅུ་གཉིས་པོ་དང་ལྡན་པ་ཞེས་བྱའོ། །གཟུགས་མེད་པའི་ཁམས་ཀྱི་སེམས་ཅན་དག་གཟུགས་མེད་པ་ནས་རྒ་ཤིའི་བར་དུ་མེད་ཀྱང་རྣམ་པ་བཅུ་གཉིས་པོ་དང་ལྡན་པ་ཞེས་བྱ་སྟེ། དེ་ནི་ངེས་པར་ཐོབ་པར་འགྱུར་བའི་ཕྱིར་སེམས་ཅན་ཀུན་ལ་མཉམ་པར་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་དང་ལྡན་པ་ཡོད་པ་ཞེས་བྱའོ། །རིགས་ཀྱི་བུ། སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བའི་ཕྱིར་དེ་བས་ན་ངས་སེམས་ཅན་ཀུན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ཅེས་གསུངས་སོ། །རིགས་ཀྱི་བུ། རི་ཁ་བ་ཅན་ལ་རྩཝ་བཟོད་པ་ཞེས་པ་ཞིག་ཡོད་དེ། གལ་ཏེ་
Kha141a
༄#། །བས་ཟོས་ན་མར་གྱི་སྙིང་པོ་འབྱུང་ངོ ། །ཡང་རྩཝ་གཞན་ཞིག་ཡོད་དེ། གལ་ཏེ་བས་ཟོས་ན་མར་གྱི་སྙིང་པོ་མེད་དོ། །དེ་ལྟར་མར་གྱི་སྙིང་པོ་མེད་མོད་ཀྱི་རི་ཁ་བ་ཅན་ལ་རྩཝ་བཟོད་པ་མེད་ཅེས་བྱར་མི་རུང་ངོ ། །དེ་བཞིན་དུ་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། དེ་བཞིན་གཤེགས་པ་ནི་རི་ཁ་བ་ཅན་ལྟ་བུའོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ནི་རྩཝ་བཟོད་པ་ལྟ་བུའོ། །མདོ་སྡེ་སྡེ་བཅུ་གཉིས་ནི་རྩ་དེ་མ་ཡིན་པ་གཞན་ལྟ་བུ་སྟེ། སེམས་ཅན་གང་ཡོངས་སུ་མྱ་ངན་ལས་འདས་པ་འདི་ཉན་ཏམ། འཛིན་ཏམ།་འདྲི་བར་བྱེད་ན་སངས་རྒྱས་ཀྱི་རང་བཞིན་མཐོང་ངོ ། །མདོ་སྡེ་སྡེ་བཅུ་གཉིས་ལས་སངས་རྒྱས་ཀྱི་རང་བཞིན་ཡོད་པར་མ་ཐོས་མོད་ཀྱི། སངས་རྒྱས་ཀྱི་རང་བཞིན་ནི་མེད་ཅེས་བྱར་མི་རུང་ངོ ། །རིགས་ཀྱི་བུ། སངས་རྒྱས་ཀྱི་རང་བཞིན་ནི་གཟུགས་ཀྱང་ཡིན་ལ་གཟུགས་ཀྱང་མ་ཡིན། གཟུགས་མ་ཡིན་ལ་གཟུགས་མ་ཡིན་པའང་མ་ཡིན་ནོ། །མཚན་མ་ཡིན་ལ་མཚན་མའང་མ་ཡིན། མཚན་མ་མ་ཡིན་ལ་མཚན་མ་མ་ཡིན་པའང་མ་ཡིན་ནོ། །གཅིག་པའང་ཡིན་ལ་གཅིག་པའང་མ་ཡིན། གཅིག་པ་མ་ཡིན་ལ་གཅིག་པ་མ་ཡིན་པའང་མ་ཡིན་ནོ། །རྟག་པ་མ་ཡིན་ཆད་པ་མ་ཡིན། རྟག་པ་མ་ཡིན་པའང་མ་ཡིན་ལ་ཆད་པ་མ་ཡིན་པའང་མ་ཡིན་ནོ། །ཡོད་པའང་ཡིན་ལ་མེད་པའང་ཡིན། ཡོད་པའང་མ་ཡིན་ལ་མེད་
Kha141b
པ་མ་ཡིན་པའང་མ་ཡིན་ནོ། །ཟད་པའང་ཡིན་ལ་ཟད་པའང་མ་ཡིན། ཟད་པའང་མ་ཡིན་ལ་ཟད་པ་མ་ཡིན་པའང་མ་ཡིན་ནོ། །རྒྱུའང་ཡིན་ལ་འབྲས་བུའང་ཡིན། རྒྱུའང་མ་ཡིན་ལ་འབྲས་བུ་མ་ཡིན་པའང་མ་ཡིན་ནོ། །དོན་ཡང་ཡིན་ལ་དོན་ཡང་མ་ཡིན། དོན་མ་ཡིན་ལ་དོན་མ་ཡིན་པའང་མ་ཡིན་ནོ། །ཡི་གེའང་ཡིན་ལ་ཡི་གེའང་མ་ཡིན། ཡི་གེ་མ་ཡིན་ལ་ཡི་གེ་མ་ཡིན་པའང་མ་ཡིན་ནོ། །དེ་ལ་ཇི་ལྟར་གཟུགས་ཞེས་བྱ་བ་གང་ཞེ་ན། རྡོ་རྗེ་ལྟ་བུའི་སྐུའོ། །གཟུགས་མ་ཡིན་པ་གང་ཞེ་ན། གཟུགས་མ་ཡིན་པའི་ཆོས་མ་འདྲེས་པ་བཅོ་བརྒྱད་དོ། ། གཟུགས་མ་ཡིན་གཟུགས་མ་ཡིན་པའང་མ་ཡིན་པ་གང་ཞེ་ན། གཟུགས་དང་གཟུགས་མ་ཡིན་པ་ལ་ངེས་པའི་མཚན་ཉིད་མེད་པའོ། །དེ་ལ་ཇི་ལྟར་ན་མཚན་ཞེས་བྱ་ཞེ་ན། མཚན་སུམ་ཅུ་རྩ་གཉིས་སོ། །མཚན་མ་ཡིན་པ་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་མཚན་མངོན་དུ་མི་སྣང་བའོ། །མཚན་མ་ཡིན་མཚན་མ་ཡིན་པའང་མ་ཡིན་པ་གང་ཞེ་ན། མཚན་དང་མཚན་མ་ཡིན་པ་ངེས་པ་མ་ཡིན་པའོ། །དེ་ལ་ཇི་ལྟར་ན་གཅིག་པ་གང་ཞེ་ན། སེམས་ཅན་ཐམས་ཅད་ཐེག་པ་གཅིག་པའོ། །གཅིག་པ་མ་ཡིན་པ་གང་ཞེ་ན། ཐེག་པ་གསུམ་བཤད་པའོ། །གཅིག་པའང་མ་ཡིན་གཅིག་པ་མ་ཡིན་པའང་མ་ཡིན་པ་གང་ཞེ་ན། ཆོས་གྲངས་མེད་པའོ། །རྟག་པ་མ་ཡིན་པ་གང་ཞེ་ན། རྐྱེན་ལས་མཐོང་བར་གྱུར་པའོ། །
Kha142a
༄#། །ཆད་པ་མ་ཡིན་པ་གང་ཞེ་ན། ཆད་པར་ལྟ་བ་དང་བྲལ་བའོ། །རྟག་པ་མ་ཡིན་པའང་མ་ཡིན་པ་ཆད་པ་མ་ཡིན་པའང་མ་ཡིན་པ་གང་ཞེ་ན། ཐོག་མ་དང་ཐ་མའི་མཐའ་མེད་པའོ། །ཡོད་པ་གང་ཞེ་ན། སེམས་ཅན་ཐམས་ཅད་ཡོད་པའོ། །མེད་པ་གང་ཞེ་ན། ཐབས་མཁས་པས་མཐོང་བར་གྱུར་པའོ། །ཡོད་པའང་མ་ཡིན་མེད་པའང་མ་ཡིན་པ་གང་ཞེ་ན། ནམ་མཁའི་མཚན་ཉིད་དོ། །ཟད་པ་གང་ཞེ་ན། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མཐུ་ཐོབ་པའོ། །ཟད་པ་མ་ཡིན་པ་གང་ཞེ་ན། རྟག་པ་མ་ཡིན་པའོ། །ཟད་པའང་མ་ཡིན་ཟད་པ་མ་ཡིན་པའང་མ་ཡིན་པ་གང་ཞེ་ན། ཐམས་ཅད་ཟད་པའི་མཚན་ཉིད་དུ་ཆད་པར་གྱུར་པའོ། །རྒྱུ་གང་ཞེ་ན། རྒྱུ་རབ་ཏུ་རྟོགས་པའོ། །འབྲས་བུ་གང་ཞེ་ན། འབྲས་བུ་གདོན་མི་ཟ་བར་འགྱུར་བའོ། །རྒྱུ་མ་ཡིན་འབྲས་བུ་མ་ཡིན་པ་གང་ཞེ་ན་རྟག་པའོ། །དོན་གང་ཞེ་ན། དོན་ཐམས་ཅད་སྡུད་པ་ལ་ཐོགས་པ་མེད་པའོ། །དོན་མ་ཡིན་པ་གང་ཞེ་ན། བཤད་དུ་མེད་པའོ། །དོན་མ་ཡིན་དོན་མ་ཡིན་པའང་མ་ཡིན་པ་གང་ཞེ་ན། མཐར་སྟོང་པར་འགྱུར་བའོ། །ཡི་གེ་ཞེས་བྱ་བ་གང་ཞེ་ན། མིང་དུ་བཏགས་པ་ཡོད་པའོ། །ཡི་གེ་མ་ཡིན་པ་གང་ཞེ་ན། མིང་དུ་བཏགས་པ་མེད་པའོ། །ཡི་གེ་མ་ཡིན་ཡི་གེ་མ་ཡིན་པའང་མ་ཡིན་པ་གང་ཞེ་ན། ཡི་གེ་ཐམས་ཅད་བཅད་པའོ། །སྡུག་བསྔལ་ཡང་
Kha142b
མ་ཡིན་བདེ་བའང་མ་ཡིན་པ་གང་ཞེ་ན། ཚོར་བ་ཐམས་ཅད་བཅད་པའོ། །བདག་མ་ཡིན་པ་གང་ཞེ་ན། དབང་བརྒྱད་དང་ལྡན་པར་མ་གྱུར་པའོ། །བདག་མ་ཡིན་པའང་མ་ཡིན་པ་གང་ཞེ་ན་རྟག་པའོ། །བདག་མ་ཡིན་བདག་མ་ཡིན་པའང་མ་ཡིན་པ་གང་ཞེ་ན། བྱས་པ་མེད་པ་མྱོང་བ་མེད་པའོ། །སྟོང་པ་ཞེས་བྱ་བ་གང་ཞེ་ན། དོན་དམ་པ་སྟོང་པའོ། །སྟོང་པ་མ་ཡིན་པ་གང་ཞེ་ན། རྟག་པའོ། །སྟོང་པ་མ་ཡིན་སྟོང་པ་མ་ཡིན་པའང་མ་ཡིན་པ་གང་ཞེ་ན། དགེ་བའི་ཆོས་ཀྱི་འབྲས་བུར་གྱུར་པའོ། །རིགས་ཀྱི་བུ། གལ་ཏེ་གང་ཞིག་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོའི་དོན་འདི་དག་ཡིད་ལ་བྱས་ཏེ་རྟོགས་ནས་སངས་རྒྱས་ཀྱི་རང་བཞིན་མཐོང་བ་ཡིན་པར་རིག་པར་བྱའོ། །སངས་རྒྱས་ཀྱི་རང་བཞིན་ནི་བསམ་གྱིས་མི་ཁྱབ་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་པ་མ་ཡིན་ནོ། །རིགས་ཀྱི་བུ། སངས་རྒྱས་ཀྱི་རང་བཞིན་ནི་ཕུང་པོ་དང།་ཁམས་དང ། སྐྱེ་མཆེད་མ་ཡིན། ཐོག་མ་མེད་ལ་ད་ཡོད་པ་མ་ཡིན། ཡོད་པར་གྱུར་ནས་ཕྱིས་མེད་པར་འགྱུར་བ་མ་ཡིན་ཏེ། དགེ་བའི་རྒྱུ་དང་རྐྱེན་ལས་སེམས་ཅན་གྱིས་མཐོང་བར་འགྱུར་རོ། །དཔེར་ན། ལྕགས་ནག་པོ་མེར་བསྲེགས་ན་དམར་པོར་འགྱུར་ལ། ཕྱུང་སྟེ་གྲང་ན་ཕྱིར་ཡང་ནག་པོར་འགྱུར་ཏེ། ཁ་དོག་ནག་པོ་ཡང་ནང་ན་མ་ཡིན། ཕྱི་
Kha143a
༄#། །རོལ་ན་མ་ཡིན་ཏེ། རྒྱུ་རྐྱེན་ལས་གྱུར་ཏོ། །སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་མེ་མེད་པར་གྱུར་ན་མཐོང་ཞིང་ཐོས་པར་འགྱུར་རོ། །རིགས་ཀྱི་བུ། ཇི་ལྟར་ས་བོན་འགགས་པར་གྱུར་ན་མྱུ་གུ་སྐྱེ་བར་འགྱུར་ཏེ། མྱུ་གུའི་མཚན་ཉིད་དེ་ནང་ན་མ་ཡིན་ཕྱི་རོལ་ན་མ་ཡིན་པ་ནས་མེ་ཏོག་དང་འབྲས་བུའི་བར་དུའང་དེ་བཞིན་ཏེ། རྐྱེན་ལས་ཡོད་པར་གྱུར་ཏོ། །རིགས་ཀྱི་བུ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་དམ་པ་ནི་ཡོན་ཏན་ཚད་མེད་པ་དང་ལྡན་པ་ཡིན་ཏེ། སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་བར་ཡོན་ཏན་ཚད་མེད་གྲངས་མེད་པ་དང་ལྡན་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་ཆོས་དུ་དང་ལྡན་ན་སངས་རྒྱས་ཀྱི་རང་བཞིན་མཐོང་བ་ལ་གསལ་བར་མ་གྱུར། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དུ་དང་ལྡན་ན་མངོན་པར་གསལ་བར་གཟིགས་པར་གྱུར། བཀའ་སྩལ་པ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན་སངས་རྒྱས་ཀྱི་རང་བཞིན་མཐོང་མོད་ཀྱི་མི་གསལ་ལོ། །བཅུ་གང་ཞེ་ན། འདོད་པ་ཉུང་བ་དང ། ཆོག་ཤེས་པ་དང ། རབ་ཏུ་ཞི་བ་དང ། བརྩོན་འགྲུས་དང །
Kha143b
ཡང་དག་པའི་དྲན་པ་དང ། ཡང་དག་པའི་ཏིང་ངེ་འཛིན་དང ། ཡང་དག་པའི་ཤེས་རབ་དང ། རྣམ་པར་གྲོལ་བ་དང ། རྣམ་པར་གྲོལ་བ་ལས་བསྔགས་པ་དང ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོས་སེམས་ཅན་སྨིན་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས། འདོད་པ་ཉུང་བ་དང ། ཆོག་ཤེས་པ་ལ་ཁྱད་པར་ཅི་མཆིས། བཀའ་སྩལ་པ། རིགས་ཀྱི་བུ། འདོད་པ་ཉུང་བ་ནི་མི་ཚོལ་མི་ལེན་པའོ། །ཆོག་ཤེས་པ་ནི་ཉུང་དུ་རྙེད་ཀྱང་འགྱོད་ཅིང་ཞེ་ལ་གནོད་པའི་སེམས་མེད་དོ། །འདོད་པ་ཉུང་བ་ནི་འདོད་པ་ཆུང་བའོ། །ཆོག་ཤེས་པ་ནི་ཆོས་ཀྱི་དོན་གྱི་ཕྱིར་མྱ་ངན་གྱིས་གདུངས་པའི་སེམས་མེད་པའོ། །རིགས་ཀྱི་བུ། འདོད་པ་ལ་རྣམ་པ་གསུམ་སྟེ། འདོད་པ་ངན་པ་དང།་འདོད་པ་ཆེན་པོ་དང ། འདོད་པས་འདོད་པའོ། །དེ་ལ་འདོད་པ་ངན་པ་ནི་གལ་ཏེ་དགེ་སློང་ཞིག་འདོད་པའི་སེམས་འདི་ལྟ་བུ་དག་སྐྱེད་པའོ། །བདག་ཇི་ལྟར་ན་འཁོར་མང་པོ་ཐམས་ཅད་ཀྱི་གཙོ་བོར་འགྱུར་ཞིང ། དགེ་སློང་གི་དགེ་འདུན་ཐམས་ཅད་བདག་གི་འཁོར་དུ་འགྱུར་བ་དང ། འཁོར་རྣམས་བཞིས་བདག་ལ་མཆོད་པ་དང ། རིམ་གྲོ་དང ། བཀུར་སྟི་དང་བསྟོད་ཅིང་བསྔགས་པར་འགྱུར་བ་དང ། བདག་གིས་སྔར་འཁོར་རྣམ་པ་བཞི་ལ་ཆོས་བཤད་པ་ཐམས་ཅད་ཀྱིས་བདག་གི་ཚིག་ལ་ཡིད་ཆེས་ཤིང་འཛིན་པ་དང །
Kha144a
༄#། །རྒྱལ་པོ་དང ། བློན་པོ་དང ། ཁྱིམ་བདག་ཀུན་གྱིས་ཀྱང་བདག་ལ་བཀུར་སྟི་བྱེད་པར་འགྱུར་བ་དང ། བདག་གིས་ཆོས་གོས་དང ། བསོད་སྙོམས་དང ། མལ་ཆ་དང ། ནད་ཀྱི་རྐྱེན་སྨན་དང ། གནས་ཁང་དམ་པ་ལ་སོགས་པ་མང་དུ་ཐོབ་པར་འགྱུར་སྙམ་དུ་སེམས་པ་ནི་འཁོར་བའི་འདོད་པ་སྟེ། འདོད་པ་ངན་པ་ཞེས་བྱའོ། །འདོད་པ་ཆེན་པོ་ཞེས་བྱ་བ་གང་ཞེ་ན། གལ་ཏེ་དགེ་སློང་གང་ཞིག་རྙེད་པ་དང་གྲགས་པའི་ཕྱིར་འདོད་པའི་སེམས་ཀྱིས་ཇི་ལྟར་འཁོར་རྣམ་བཞིས་བདག་ས་དང་པོ་ཐོབ་པ་ནས་ས་བཅུ་པའི་བར་དང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་དང ། དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ནས་རྒྱུན་དུ་ཞུགས་པའི་འབྲས་བུའི་བར་དུ་ཐོབ་པ་དང ། བསམ་གཏན་བཞི་ཐོབ་པ་ནས་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་བར་དུ་ཐོབ་པར་ཤེས་པར་འདོད་པ་ནི་འདོད་པ་ཆེན་པོ་ཞེས་བྱའོ། །འདོད་པའི་འདོད་པ་ཞེས་བྱ་བ་གང་ཞེ་ན། གལ་ཏེ་དགེ་སློང་གང་རྙེད་པ་དང་གྲགས་པའི་ཕྱིར་ཚངས་པའི་ལྷར་སྐྱེ་བར་འདོད་པ་དང ། བདུད་ཀྱི་རིས་དང ། དབང་ཕྱུག་ཆེན་པོ་དང ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང ། རྒྱལ་རིགས་དང ། བྲམ་ཟེར་སྐྱེ་ཞིང་དབང་ཐོབ་པར་འདོད་པ་ནི་འདོད་པའི་འདོད་པ་ཞེས་བྱའོ། །གང་འདོད་པ་ངན་པ་གསུམ་པོ་དེས་མི་འཚེ་བ་ན་འདོད་པ་ཉུང་བ་ཞེས་བྱའོ། །འདོད་
Kha144b
པ་ཞེས་བྱ་བ་ནི་སྲིད་པ་ཉི་ཤུ་རྩ་ལྔ་སྟེ། སྲིད་པ་ཉི་ཤུ་རྩ་ལྔ་པོ་དེ་དག་མེད་པ་ནི་འདོད་པ་ཉུང་བ་ཞེས་བྱའོ། །མ་འོངས་པའི་འདོད་པའི་དངོས་པོ་མི་ཚོལ་བ་ནི་འདོད་པ་ཉུང་བ་སྟེ། རྙེད་ནས་མི་ཆགས་པ་ནི་ཆོག་ཤེས་པ་ཞེས་བྱའོ། །རྙེད་པ་དང་གྲགས་པ་མི་ཚོལ་བ་ནི་འདོད་པ་ཉུང་བའོ། །རྙེད་ནས་མི་གསོག་པ་ནི་ཆོག་ཤེས་པའོ། །རིགས་ཀྱི་བུ། ཡང་འདོད་པ་ཉུང་བ་ལ་ཆོག་ཤེས་པ་ཞེས་མི་བྱ་བ་ཡོད་དོ། །ཆོག་ཤེས་ལ་འདོད་པ་ཉུང་བ་ཞེས་མི་བྱ་བ་ཡོད་དོ། །འདོད་པའང་ཉུང་ལ་ཆོག་ཀྱང་ཤེས་པ་ཡོད་དོ། །ཆོག་ཀྱང་མི་ཤེས་ལ་འདོད་པའང་མང་བ་ཡོད་དེ། དེ་ལ་འདོད་པ་ཉུང་བ་ནི་རྒྱུན་དུ་ཞུགས་པའོ། །ཆོག་ཤེས་པ་ནི་རང་སངས་རྒྱས་སོ། །འདོད་པ་ཉུང་ཞིང་ཆོག་ཤེས་པ་ནི་དགྲ་བཅོམ་པའོ། །འདོད་པ་ཉུང་བའང་མ་ཡིན་ལ་ཆོག་ཀྱང་མི་ཤེས་པ་ནི་བྱང་ཆུབ་སེམས་དཔའ་དག་གོ་།རིགས་ཀྱི་བུ། འདོད་པ་ཉུང་ཞིང་ཆོག་ཤེས་པ་ལའང་རྣམ་པ་གཉིས་ཏེ། དགེ་བ་དང ། མི་དགེ་བའོ། །དེ་ལ་མི་དགེ་བ་ནི་བུས་པ་སོ་སོའི་སྐྱེ་བོ་རྣམས་སོ། །དགེ་བ་ནི་འཕགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །འཕགས་པ་ཐམས་ཅད་ནི་ལམ་དང་འབྲས་བུ་ཐོབ་ཀྱང་བདག་ཐོབ་བོ་ཞེས་མི་བརྗོད་དོ། །དེ་ལྟར་མི་བརྗོད་པའི་ཕྱིར་སེམས་མི་འཁྲུག་སྟེ། དེ་ནི་ཆོག་ཤེས་པ་ཞེས་བྱའོ། །རིགས་ཀྱི་བུ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་
Kha145a
༄#། །ལས་འདས་པའི་མདོ་སྒོམ་ཞིང་སངས་རྒྱས་ཀྱི་རང་བཞིན་མཐོང་བར་འདོད་ན། འདོད་པ་ཉུང་བ་དང ། ཆོག་ཤེས་པ་ལ་ནན་ཏན་བྱའོ། །དེ་ལ་རབ་ཏུ་ཞི་བ་གང་ཞེ་ན། ཞི་བ་ལ་རྣམ་པ་གཉིས་ཏེ། སེམས་ཞི་བ་དང ། ལུས་ཞི་བའོ། །དེ་ལ་ལུས་ཞི་བ་ནི་ནམ་ཡང་ལུས་ཀྱི་མི་དགེ་བ་རྣམ་པ་གསུམ་མི་བྱེད་པའོ། །སེམས་ཞི་བ་ནི་ཡིད་ཀྱི་མི་དགེ་བ་རྣམ་པ་གསུམ་མི་བྱེད་པ་སྟེ། དེ་ནི་ལུས་དང་སེམས་ཞི་བ་ཞེས་བྱའོ། །ཡང་ལུས་ཞི་བ་ཞེས་བྱ་བ་ནི་འཁོར་རྣམ་བཞི་ལ་མི་བརྟེན་ཏེ། འཁོར་རྣམ་བཞིས་བྱེད་པའི་ལས་ཀྱི་དངོས་པོ་ལ་མི་ཆགས་པའོ། །སེམས་ཞི་བ་ནི་ནམ་དུའང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་མི་གོས་པ་སྟེ། དེ་ནི་ལུས་དང་སེམས་ཞི་བ་ཞེས་བྱའོ། །དགེ་སློང་ལ་ལ་ནི་ལུས་ཞི་ཡང་སེམས་མ་ཞི། ལ་ལ་ནི་སེམས་ཞིའང་ལུས་མ་ཞི། ལ་ལ་ནི་ལུས་དང་སེམས་གཉིས་ཀ་ཞི། ལ་ལ་ནི་ལུས་དང་སེམས་གཉིས་ཀ་མ་ཞི་བའང་ཡོད་དོ། །དེ་ལ་ལུས་ཞི་ལ་སེམས་མ་ཞི་བ་ནི་དགེ་སློང་གང་ཞིག་བས་མཐར་བསམ་གཏན་བྱེད་དེ་འཁོར་རྣམ་བཞི་སྤངས་ཀྱང་སེམས་ནི་རྟག་ཏུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སེམས་པ་ནི་ལུས་ཞི་ལ་སེམས་མ་ཞི་བཞེས་བྱའོ། །དེ་ལ་ལུས་མ་ཞི་ལ་སེམས་ཞི་བཞེས་བྱ་བ་ནི་དགེ་སློང་གང་ཞིག་འཁོར་རྣམ་བཞི་དང ། རྒྱལ་པོ་དང ། བློན་པོ་ལ་
Kha145b
བསྙེན་ཅིང་བརྟེན་ཀྱང ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཡོངས་སུ་བཅད་པ་ནི་སེམས་ཞི་ལ་ལུས་མ་ཞི་བ་ཞེས་བྱའོ། །དེ་ལ་ལུས་དང་སེམས་གཉིས་ཀ་ཞི་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །ལུས་དང་སེམས་གཉིས་ཀ་མ་ཞི་བ་ནི་བུས་པ་མ་རབས་སོ་སོའི་སྐྱེ་བོ་རྣམས་སོ། །དེ་ཅིའི་ཕྱིར་ཞེ་ན། བུས་པ་མ་རབས་སོ་སོའི་སྐྱེ་བོ་ནི་ལུས་དང་སེམས་ཞིའང་མི་རྟག་པ་དང ། བདེ་བ་མེད་པ་དང ། བདག་མེད་པ་དང ། ཡོངས་སུ་དག་པ་མེད་པ་ལ་ཤིན་ཏུ་རྟོག་མི་ནུས་ཏེ། དོན་དེ་ལྟ་བས་ན་བུས་པ་མ་རབས་སོ་སོའི་སྐྱེ་བོ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་སྦྱོང་མི་ནུས་སོ། །ལོག་སྲེད་ཅན་དང ། རྩ་བ་བཞི་ཉམས་པ་དང ། མཚམས་མེད་པ་ལྔའི་ཁ་ན་མ་ཐོ་བ་བྱས་པ་དེ་ལྟ་བུ་དག་ཀྱང་ལུས་དང་སེམས་ཞི་བ་ཞེས་མི་བྱའོ། །དེ་ལ་བརྩོན་འགྲུས་ཞེས་བྱ་བ་གང་ཞེ་ན། དགེ་སློང་གང་ཞིག་ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པར་འདོད་པས་མི་དགེ་བའི་ལས་ཐམས་ཅད་སྤོང་ཞིང་དགེ་བའི་ལས་ཐམས་ཅད་སྒོམ་པ་ནི་བརྩོན་འགྲུས་ཞེས་བྱ་སྟེ། དེ་ལྟར་བརྩོན་འགྲུས་དེའང་དྲན་པ་ཉེ་བར་བཞག་པ་དྲུག་ལ་གནས་སོ། །དྲུག་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་དང།་ཆོས་དང ། དགེ་འདུན་དང ། ཚུལ་ཁྲིམས་དང ། སྦྱིན་པ་དང ། ལྷ་དྲན་པ་སྟེ། དེ་ནི་ཡང་དག་པའི་དྲན་པ་ཉེ་བར་བཞག་པའོ། །ཡང་དག་པའི་དྲན་པ་ཉེ་བར་བཞག་པ་དང་ལྡན་
Kha146a
༄#། །པས་ཏིང་ངེ་འཛིན་ཐོབ་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ། །ཡང་དག་པའི་ཏིང་ངེ་འཛིན་ཐོབ་པ་ངེས་ཆོས་ཐམས་ཅད་ལ་ནི་ནམ་མཁའ་བཞིན་དུ་རྟོགས་པ་ནི་ཡང་དག་པའི་ཤེས་རབ་ཅེས་བྱའོ། །ཡང་དག་པའི་ཤེས་རབ་དང་ལྡན་པས་ཀུན་ནས་ཉོན་མོངས་པ་ཐམས་ཅད་སྤངས་པ་ནི་རྣམ་པར་གྲོལ་བ་ཞེས་བྱའོ། །རྣམ་པར་གྲོལ་བ་ཐོབ་པ་དེས་སེམས་ཅན་ཐམས་ཅད་ལ་རྣམ་པར་གྲོལ་བའི་ཡོན་ཏན་བསྔགས་ཤིང་རྣམ་པར་གྲོལ་བ་ནི་རྟག་པ་མི་འགྱུར་མི་འཕོ་བའོ། །ཞེས་བརྗོད་པ་ནི་རྣམ་པར་གྲོལ་བའི་ཡོན་ཏན་བསྔགས་པ་ཞེས་བྱ་སྟེ། རྣམ་པར་གྲོལ་བ་ནི་བླ་ན་མེད་པའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ནི་ཀུན་ནས་ཉོན་མོངས་པའི་མེ་ཞི་བར་བྱེད་པའོ། །ཡང་མྱ་ངན་ལས་འདས་པ་ནི་རྟེན་དང་གནས་ཞེས་ཀྱང་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པའི་རླུང་དྲག་པོ་དང་ཆར་པའི་སྐྱབས་སུ་གྱུར་པའི་ཕྱིར་རོ། །ཡང་མྱ་ངན་ལས་འདས་པ་ནི་མགོན་དང་སྐྱབས་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འཇིགས་པ་ཐམས་ཅད་ལས་འདའ་བར་བྱེད་པའི་ཕྱིར་རོ། །ཡང་མྱ་ངན་ལས་འདས་པ་ནི་གླིང་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འོད་པ་ཆེན་པོ་བཞིས་གཡེང་མི་ནུས་པའི་ཕྱིར་རོ། །འོད་པ་བཞི་གང་ཞེ་ན། འདོད་པའི་འོད་པ་དང ། སྲིད་པའི་འོད་པ་དང ། ལྟ་བའི་འོད་པ་དང ། མ་
Kha146b
རིག་པའི་འོད་པ་སྟེ། དེའི་ཕྱིར་མྱ་ངན་ལས་འདས་པ་ལ་གླིང་ཞེས་བྱའོ། །ཡང་མྱ་ངན་ལས་འདས་པ་ནི་མཐར་སྐྱབས་སུ་འགྲོ་བ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མཐར་བདེ་བ་ཐམས་ཅད་ཐོབ་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཆོས་རྣམ་པ་དེ་བཅུ་དང་ལྡན་ནའང་སངས་རྒྱས་ཀྱི་རང་བཞིན་གསལ་བར་མི་མཐོང་ངོ ། །གཞན་ཡང ། རིགས་ཀྱི་བུ། རབ་ཏུ་བྱུང་བ་ལ་རྣམ་པ་བཞི་ཡོད་པས་དགེ་སྦྱོང་གི་འབྲས་བུ་རྣམ་པ་བཞི་མི་ཐོབ་བོ། །བཞི་གང་ཞེ་ན། འདོད་པ་ངན་པ་བཞི་སྟེ། གོས་ཀྱི་འདོད་པ་དང ། ཟས་ཀྱི་འདོད་པ་དང ། མལ་ཆའི་འདོད་པ་དང ། སྲིད་པའི་འདོད་པ་དང ། དེ་ནི་འདོད་པ་ངན་པ་བཞི་སྟེ། རབ་ཏུ་བྱུང་བའི་ནད་དོ། །དེ་སྨན་བཟང་པོ་རྣམ་པ་བཞིས་ནད་དེ་གསོ་ནུས་སོ། །གང་ཞེ་ན། གོས་ཕྱག་དར་ཁྲོད་པས་ནི་དགེ་སློང་གི་གོས་ཀྱི་འདོད་པ་ངན་པ་གསོ་བར་བྱེད་དོ། །བསོད་སྙོམས་ཀྱིས་ནི་ཟས་ཀྱི་འདོད་པ་ངན་པ་གསོ་བར་བྱེད་དོ། །ཤིང་དྲུང་པས་ནི་མལ་ཆའི་འདོད་པ་ངན་པ་གསོ་བར་བྱེད་དོ། ། ལུས་དང་སེམས་ཞི་བས་ནི་དགེ་སློང་གི་སྲིད་པའི་འདོད་པ་ངན་པ་གསོ་བར་བྱེད་དོ། །སྨན་རྣམ་པ་དེ་བཞིས་ནད་རྣམ་པ་དེ་བཞི་མེད་པར་བྱེད་པས་དེ་ནི་འཕགས་པའི་སྤྱོད་པ་ཞེས་བྱའོ། དེ་ལྟར་འཕགས་པའི་སྤྱོད་པ་ནི་འདོད་པ་ཉུང་ཞིང་ཆོག་ཤེས་པ་ཞེས་བྱའོ། །ཞི་བ་ལ་བདེ་བ་རྣམ་བཞི་ཡོད་དོ། །བཞི་གང་ཞེ་ན། རབ་ཏུ་བྱུང་བའི་བདེ་བ་དང ། ཞི་བའི་བདེ་བ་དང །
Kha147a
༄#། །འགོག་པའི་བདེ་བ་དང ། མཐར་ཕྱིན་པའི་བདེ་བའོ། །བདེ་བ་རྣམ་པ་འདི་བཞི་ཐོབ་པ་ནི་ཞི་བ་ཞེས་བྱའོ། །བརྩོན་འགྲུས་བཞི་དང་ལྡན་པའི་ཕྱིར་བརྩོན་འགྲུས་ཞེས་བྱའོ། །དྲན་པ་ཉེ་བར་བཞག་པ་བཞི་དང་ལྡན་པའི་ཕྱིར་ཡང་དག་པའི་དྲན་པ་ཉེ་བར་བཞག་པ་ཞེས་བྱའོ། །བསམ་གཏན་བཞི་དང་ལྡན་པའི་ཕྱིར་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ། །འཕགས་པའི་བདེན་པ་བཞི་མཐོང་བའི་ཕྱིར་ཡང་དག་པའི་ཤེས་རབ་ཅེས་བྱའོ། །ཀུན་ནས་ཉོན་མོངས་པ་ཐམས་ཅད་ཡོངས་སུ་བཅད་པའི་ཕྱིར་རྣམ་པར་གྲོལ་བ་ཞེས་བྱའོ། །ཉོན་མོངས་པའི་སྐྱོན་ཐམས་ཅད་སྨོད་པའི་ཕྱིར་རྣམ་པར་གྲོལ་བ་བསྔགས་པ་ཞེས་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཅུ་པོ་དེ་དག་དང་ལྡན་ཏེ་དེ་ལ་གནས་པས་སངས་རྒྱས་ཀྱི་རང་བཞིན་མཐོང་མོད་ཀྱི་གསལ་བར་མ་གྱུར་ཏོ། །གཞན་ཡང ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མདོ་སྡེ་འདི་ཐོས་ནས་ཉེ་བར་བསྙེན་ཅིང་ནན་ཏན་བྱེད་དེ། འཇིག་རྟེན་གྱི་དངོས་པོ་ཐམས་ཅད་སྤོང་བ་ནི་འདོད་པ་ཉུང་བ་ཞེས་བྱའོ། །རབ་ཏུ་བྱུང་ནས་འགྱོད་པའི་སེམས་མི་སྐྱེ་བ་ནི་ཆོག་ཤེས་པ་ཞེས་བྱའོ། །ཆོག་ཤེས་ནས་དབེན་པར་གནས་ཏེ་འདུ་འཛི་སྦོང་བ་ནི་ཞི་བ་ཞེས་བྱའོ། །ཆོག་མི་ཤེས་པ་ནི་དབེན་པ་ལ་མི་དགའོ། །ཆོག་ཤེས་པ་ནི་རྟག་ཏུ་དབེན་པ་ཞི་
Kha147b
པ་ལ་དགའ་སྟེ། དབེན་པ་ཞི་བའི་གནས་སུ་རྟག་ཏུ་འདི་སྙམ་དུ་འཇིག་རྟེན་པ་ཐམས་ཅད་ཀྱིས་བདག་དགེ་སྦྱོང་གི་འབྲས་བུ་ཐོབ་པ་ཡིན་པར་འཛིན་ཏེ། བདག་གིས་ནི་ཡང་དག་པར་མ་ཐོབ་ན་བདག་གིས་ཅིའི་ཕྱིར་གཞན་ལ་སླུ་བར་བྱེད་སྙམ་སེམས་སོ། །དེ་སྙམ་དུ་བསམས་ནས་བརྩོན་འགྲུས་སུ་དགེ་སྦྱོང་གི་ལམ་གྱི་འབྲས་བུ་སྒོམ་པ་ནི་བརྩོན་འགྲུས་ཞེས་བྱའོ། །མྱ་ངན་ལས་འདས་པ་ཆེན་པོ་ལ་བསྙེན་ཞིང་སྒོམ་པ་ནི་ཡང་དག་པའི་དྲན་པ་ཉེ་བར་བཞག་པའོ། །ལྷའི་སྤྱོད་པ་དང་གཞོལ་བ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་དེ་ལ་གནས་ནས་ཡང་དག་པར་མཐོང ། ཡང་དག་པ་ཤེས་པ་ནི་ཡང་དག་པའི་ཤེས་རབ་བོ། །ཡང་དག་པ་མཐོང་ཞིང་ཤེས་པས་ཀུན་ནས་ཉོན་མོངས་པས་བཅིངས་པ་དང་བྲལ་བར་གྱུར་པ་ནི་རྣམ་པར་གྲོལ་བའོ། །ས་བཅུ་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་ཕྱིར་མྱ་ངན་ལས་འདས་པའི་ཡོན་ཏན་སྒྲོགས་པ་ནི་རྣམ་པར་གྲོལ་བ་བསྔགས་པའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་བཅུ་པོ་དེ་དག་ལ་གནས་པ་དེ་དང་ལྡན་ཏེ། སངས་རྒྱས་ཀྱི་རང་བཞིན་མཐོང་མོད་ཀྱི་གསལ་བར་མ་གྱུར་ཏོ། །གཞན་ཡང ། རིགས་ཀྱི་བུ། འདོད་པ་ཉུང་བ་ནི་གལ་ཏེ་དགེ་སློང་གང་དབེན་པར་གནས་ཏེ་ཙོག་པུར་འདུག་ཅིང་མི་ཉལ་ལམ། ཤིང་དྲུང་ན་གནས་སམ། དུར་ཁྲོད་ན་གནས་སམ། བླ་ག་བ་མེད་པའི་གནས་སུ་གནས་སམ།
Kha148a
༄#། །གང་ན་རྩཝ་ཡོད་པའི་སྟེང་དུ་འདུག་ཅིང་བསོད་སྙོམས་བྱེད་དེ། ཅི་རྙེད་པས་ཆོག་པར་འཛིན་ཏམ། སྟན་གཅིག་པའམ། ཟས་གཅིག་ལས་མི་འདའ་བའམ། ཆོས་གོས་གསུམ་པའམ། ཕྱག་དར་ཁྲོད་པ་འབའ་ཞིག་འཆང་བ་ནི་འདོད་པ་ཉུང་བའོ། །དེ་ལྟར་སྤྱད་པ་སྤྱོད་པ་ན་འགྱོད་པའི་སེམས་མི་སྐྱེ་བ་ནི་ཆོག་ཤེས་པའོ། །དབེན་པར་ཏིང་ངེ་འཛིན་སྒོམ་པ་ནི་ཞི་བའོ། །འབྲས་བུ་བཞི་པ་ཐོབ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་མ་བཏང་བ་ནི་བརྩོན་འགྲུས་སོ། །སེམས་རྩེ་གཅིག་ཏུ་དེ་བཞིན་གཤེགས་པ་རྟག་པ་མི་འགྱུར་མི་འཕོ་བ་ཡིད་ལ་བྱེད་པ་ནི་ཡང་དག་པའི་དྲན་པ་ཉེ་བར་བཞག་པའོ། །རྣམ་པར་གྲོལ་བ་བརྒྱད་སྒོམ་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །སོ་སོ་ཡང་དག་པར་ཤེས་པ་བཞི་ཐོབ་པ་ནི་ཡང་དག་པའི་ཤེས་རབ་བོ། །ཟག་པ་བདུན་དང་བྲལ་བ་ནི་རྣམ་པར་གྲོལ་བའོ། །མྱ་ངན་ལས་འདས་པ་ལ་མཚན་མ་བཅུ་མེད་དོ་ཞེས་ཡོན་ཏན་བསྔགས་པ་ནི་རྣམ་པར་གྲོལ་བ་བསྔགས་པའོ། །མཚན་ཉིད་བཅུ་གང་ཞེ་ན། འདི་ལྟ་སྟེ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། གཟུགས་དང ། སྒྲ་དང།་དྲི་དང ། རོ་དང ། རེག་བྱ་དང ། མི་རྟག་པ་སྟེ། མཚན་ཉིད་བཅུ་པོ་འདི་དག་དང་བྲལ་བ་ནི་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་
Kha148b
དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཆོས་བཅུ་པོ་དང་ལྡན་པས་སངས་རྒྱས་ཀྱི་རང་བཞིན་མཐོང་མོད་ཀྱི། གསལ་བར་མ་གྱུར་ཏོ། །གཞན་ཡང ། རིགས་ཀྱི་བུ། རྙེད་པ་དང་གྲགས་པ་མང་དུ་འདོད་པས་ནི་རྒྱལ་པོ་དང ། བློན་པོ་དང ། རྒྱལ་རིགས་དང ། བྲམ་ཟེ་དང ། གདོལ་རིགས་དང ། རྗེའུ་རིགས་ལ་བསྙེན་ཅིང་འདི་སྐད་དུ་བདག་རྒྱུན་དུ་ཞུགས་པའི་འབྲས་བུ་ནས་དགྲ་བཅོམ་པའི་འབྲས་བུའི་བར་དུ་ཐོབ་བོ་ཞེས་སྨྲ་བ་དང ། རྙེད་པ་དང་གྲགས་པའི་ཕྱིར་སྤྱོད་ལམ་བཞི་དང ། བཤད་གཅི་ཆེ་ཆུང་གི་བར་དུ་གལ་ཏེ་ཡོན་བདག་མཐོང་ན། བསྟི་སྟང་བྱེད་ཅིང་བསུ་བ་དང ། གཏམ་བྱེད་དེ། འདོད་པ་ངན་པ་བཅོམ་པ་ནི་འདོད་པ་ཉུང་བའོ། །ཀུན་ནས་ཉོན་མོངས་པ་རྣམས་མ་བྱང་མོད་ཀྱི། དེ་བཞིན་གཤེགས་པའི་མཛད་པའི་རྗེས་སུ་མཐུན་པར་བྱེད་པ་ནི་ཆོག་ཤེས་པའོ། །རིགས་ཀྱི་བུ། ཆོས་རྣམ་པ་དེ་གཉིས་ནི་དྲན་པ་དང ། ཏིང་ངེ་འཛིན་གྱི་ཉེ་བའི་རྒྱུ་དང་རྐྱེན་ཡིན་ནོ། །དེ་ལ་མཁན་པོ་དང ། སློབ་དཔོན་གཅིག་པ་རྣམས་ཀྱིས་རྟག་ཏུ་བསྔགས་པར་འགྱུར་རོ། །ངས་ཀྱང་རྟག་ཏུ་མདོ་སྡེ་ཀུན་ལས་ཆོས་རྣམ་པ་དེ་གཉིས་ཀྱི་ཡོན་ཏན་ཡོངས་སུ་བསྔགས་སོ། །དེ་ལ་གང་ཆོས་རྣམ་པ་དེ་གཉིས་དང་ལྡན་པ་ནི་མྱ་ངན་ལས་འདས་པ་ཆེན་པོའི་སྒོ་དང ། བདེ་བ་རྣམ་པ་ལྔ་དང་ཉེ་བར་འགྱུར་པ་ཡིན་ཏེ། དེ་ནི་ཞི་བའོ། །ཚུལ་ཁྲིམས་སྡོམ་པ་ནི་བརྩོན་འགྲུས་སོ། །ཁྲེལ་བ་དང་འཛེམ་པ་ཡོད་པ་
Kha149a
༄#། །ནི་ཡང་དག་པའི་དྲན་པའོ། །སེམས་ཀྱི་མཚན་ཉིད་མི་མཐོང་བ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །ཆོས་རྣམས་ཀྱི་རང་བཞིན་དང་མཚན་ཉིད་ཀྱི་རྒྱུ་མི་ཚོལ་བ་ནི་ཡང་དག་པའི་ཤེས་རབ་བོ། །མཚན་ཉིད་མེད་པས་ཉོན་མོངས་པ་ཡོངས་སུ་ཆོད་པ་ནི་རྣམ་པར་གྲོལ་བའོ། །ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་བསྔགས་པ་ནི་རྣམ་པར་གྲོལ་བ་ལ་བསྟོད་པ་ཞེས་བྱའོ། །རིགས་ཀྱི་བུ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་རྣམ་པ་བཅུ་པོ་དེ་ལ་གནས་པས་སངས་རྒྱས་ཀྱི་རང་བཞིན་མཐོང་མོད་ཀྱི། གསལ་བར་མ་གྱུར་ཏོ། །རིགས་ཀྱི་བུ་ཁྱོད་ཀྱིས་ཇི་ལྟར་དྲིས་པ་ལྟར་བྱང་ཆུབ་སེམས་དཔའི་ས་བཅུ་པ་ཇི་ལྟ་བུའི་མིག་གིས་སངས་རྒྱས་ཀྱི་རང་བཞིན་མཐོང་མོད་ཀྱི། གསལ་བར་མ་གྱུར་ལ། སངས་རྒྱས་བཅོམ་ལྡན་འདས་ནི་ཇི་ལྟ་བུའི་སྤྱན་གྱིས་གསལ་བར་གཟིགས་པར་གྱུར་ཅེས་བྱ་བ་ནི། རིགས་ཀྱི་བུ། ཤེས་རབ་ཀྱི་མིག་གིས་མཐོང་བ་ནི་མི་གསལ་བའོ། །སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པ་ནི་གསལ་བའོ། །བྱང་ཆུབ་ཀྱི་སྤྱོད་པ་སྤྱོད་པ་ནི་མི་གསལ་བའོ། །སྤྱོད་པ་མེད་པ་ནི་གསལ་བའོ། །ས་བཅུ་ལ་གནས་པའི་ཕྱིར་མཐོང་མོད་ཀྱི་མི་གསལ་བའོ། །མི་གནས་མི་འགྲོ་བའི་ཕྱིར་གསལ་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་རྐྱེན་གྱིས་མཐོང་བ་ནི་མི་གསལ་བའོ། །སངས་རྒྱས་བཅོམ་
Kha149b
ལྡན་འདས་ནི་རྒྱུ་དང་འབྲས་བུ་བཅད་པས་གསལ་བར་གཟིགས་ཏེ། ཐམས་ཅད་མཁྱེན་པ་ནི་སངས་རྒྱས་ཀྱི་རང་བཞིན་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་ས་བཅུ་པ་ནི་ཐམས་ཅད་མཁྱེན་པ་ཞེས་མི་བྱ་བས་མཐོང་ཡང་གསལ་བར་མ་གྱུར་ཏོ། །རིགས་ཀྱི་བུ། མཐོང་བ་ལ་རྣམ་པ་གཉིས་ཏེ། མིག་གིས་མཐོང་བ་དང ། ཐོས་པས་མཐོང་བའོ། །སངས་རྒྱས་བཅོམ་ལྡན་འདས་ནི་སངས་རྒྱས་ཀྱི་རང་བཞིན་སྤྱན་གྱིས་གཟིགས་ཏེ། ཇི་ལྟར་ལག་མཐིལ་ན་ཨ་མྲའི་འབྲས་བུ་ལྟ་བ་བཞིན་ནོ། །བྱང་ཆུབ་སེམས་དཔའ་ས་བཅུ་པས་སངས་རྒྱས་ཀྱི་རང་བཞིན་ཐོས་པས་མཐོང་བའི་ཕྱིར་གསལ་བར་མ་གྱུར་ཏེ། བྱང་ཆུབ་སེམས་དཔའ་ས་བཅུ་པས་བདག་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་ཤེས་མོད་ཀྱི།་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་མི་ཤེས་སོ། །རིགས་ཀྱི་བུ། གཞན་ཡང་མིག་གིས་མཐོང་བ་ནི་སངས་རྒྱས་བཅོམ་ལྡན་འདས་དང ། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སངས་རྒྱས་ཀྱི་རང་བཞིན་མཐོང་བའོ། །གཞན་ཡང་ཐོས་པས་མཐོང་བ་ནི་སེམས་ཅན་ཐམས་ཅད་དང ། ས་དགུ་པ་མན་ཆད་ཀྱིས་སངས་རྒྱས་ཀྱི་རང་བཞིན་མཐོང་བ་སྟེ། བྱང་ཆུབ་སེམས་དཔས་གལ་ཏེ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཐོས་ནས་དད་པའི་སེམས་མི་སྐྱེ་ན་དེ་ནི་ཐོས་པས་
Kha150a
༄#། །མཐོང་བ་ཞེས་མི་བྱའོ། །རིགས་ཀྱི་བུ། གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དེ་བཞིན་གཤེགས་པ་མཐོང་བར་འདོད་ན་མདོ་སྡེ་བཅུ་གཉིས་འཆང་བ་དང ། འཛིན་པ་དང ། ཀློག་པ་དང ། འདོན་པ་དང ། བྲི་བ་དང ། དགྲོལ་ཞིང་འཆད་པ་དང ། ཡོངས་སུ་སྒོམ་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས། སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སེམས་ཀྱི་མཚན་ཉིད་མི་འཚལ་ན་ཇི་ལྟར་བརྟགས་པས་འཚལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ཀྱིས་ཡང་དག་པར་དེ་བཞིན་གཤེགས་པའི་སེམས་ཀྱི་མཚན་ཉིད་མི་ཤེས་པ་གལ་ཏེ་རྟོགས་ཤིང་ཤེས་པར་འདོད་ན་དེ་ལ་རྒྱུ་དང་རྐྱེན་རྣམ་པ་གཉིས་ཀྱིས་ཤེས་པར་འགྱུར་རོ། །གང་ཞེ་ན། མིག་གིས་མཐོང་བ་དང ། ཐོས་པས་མཐོང་བའོ། །དེ་ལ་དེ་བཞིན་གཤེགས་པའི་སྐུའི་ལས་ཇི་སྙེད་པ་ཐམས་ཅད་མཐོང་བ་ནི་དེ་བཞིན་གཤེགས་པ་ཡིན་ཏེ། མིག་གིས་མཐོང་བ་ཞེས་བྱའོ། །གལ་ཏེ་དེ་བཞིན་གཤེགས་པའི་ངག་གི་ལས་རྟོགས་པ་ནི་དེ་བཞིན་གཤེགས་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་ཐོས་པས་མཐོང་བ་ཞེས་བྱའོ། །གང་གཟུགས་དང་དབྱིབས་སེམས་ཅན་ཐམས་ཅད་དང་མཚུངས་པ་
Kha150b
མེད་པར་མཐོང་བ་ནི་དེ་བཞིན་གཤེགས་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་མིག་གིས་མཐོང་བའོ། །གང་གསུང་དབྱངས་དམ་པ་མཆོག་ཏུ་འགྱུར་པ་སེམས་ཅན་གྱི་སྒྲ་དབྱངས་དང་མི་མཚུངས་པ་ཐོས་པ་ནི་དེ་བཞིན་གཤེགས་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་ཐོས་པས་མཐོང་བའོ། །གང་དེ་བཞིན་གཤེགས་པས་རྫུ་འཕྲུལ་མཛད་པ་རྣམས་སེམས་ཅན་གྱི་ཕྱིར་རམ། རྙེད་པ་དང་གྲགས་པའི་ཕྱིར་མཛད་སྙམ་བརྟགས་ཏེ། དེ་ནི་སེམས་ཅན་གྱི་ཕྱིར་མཛད་ཀྱི། རྙེད་པ་དང་གྲགས་པའི་ཕྱིར་མ་ཡིན་པར་མཐོང་བ་ནི་དེ་བཞིན་གཤེགས་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་མིག་གིས་མཐོང་བའོ། །གང་དེ་བཞིན་གཤེགས་པའི་གཞན་གྱི་སེམས་མཁྱེན་པའི་ཡེ་ཤེས་ཀྱིས་སེམས་ཅན་ལ་དགོངས་པ་ན་རྙེད་པ་དང་གྲགས་པའི་ཕྱིར་ཆོས་སྟོན་ཏམ། སེམས་ཅན་གྱི་ཕྱིར་ཆོས་སྟོན་སྙམ་དུ་བརྟགས་ཏེ། དེ་ནི་སེམས་ཅན་གྱི་ཕྱིར་ཡིན་གྱི་རྙེད་པ་དང་གྲགས་པའི་ཕྱིར་མ་ཡིན་པར་མཐོང་བ་ནི་དེ་བཞིན་གཤེགས་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་ཐོས་པས་མཐོང་བའོ། །གང་དེ་བཞིན་གཤེགས་པས་ཇི་ལྟར་སྐུ་འདི་མངའ་བར་གྱུར། ཅིའི་ཕྱིར་སྐུ་འདི་བཞེས་པར་གྱུར། སུའི་ཕྱིར་སྐུ་འདི་བ་ཞེས་པ་རྟོགས་པ་ནི་མིག་གིས་མཐོང་བའོ། །གང་དེ་བཞིན་གཤེགས་པ་ཇི་ལྟར་ཆོས་འཆད། ཅིའི་ཕྱིར་ཆོས་འཆད། སུ་ལ་ཆོས་འཆད་པ་རྟོགས་པ་ནི་ཐོས་པས་མཐོང་བའོ།
Kha151a
༄#། །ལུས་ཀྱི་ལས་མི་དགེ་བས་རྣམ་པར་གཙེས་ཀྱང་མི་ཁྲོ་བ་ནི་དེ་བཞིན་གཤེགས་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་མིག་གིས་མཐོང་བའོ། །ངག་གི་ལས་མི་དགེ་བས་རྣམ་པར་གཙེས་ཀྱང་མི་ཁྲོ་བ་ནི་དེ་བཞིན་གཤེགས་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་ཐོས་པས་མཐོང་བའོ། །གང་གིས་བྱང་ཆུབ་སེམས་དཔའ་ཐོག་མ་བཙས་ནས་ཕྱོགས་བཅུང་\?\་གོམ་པ་བདུན་བདུན་བོར་ཏེ། གནོད་སྦྱིན་གྱི་རྒྱལ་པོ་མ་ནི་བར་ཏ་ན་དང ། པུར་ན་བར་ཏ་ཞེས་བྱ་བས་གདུགས་དང་བ་དན་དག་ཐོགས་ཏེ་མཆོད་པ་དང ། འཇིག་རྟེན་གྱི་ཁམས་ཚད་མེད་མཐའ་ཡས་པ་སྙེད་བསྐུལ་ནས་གསེར་ལྟ་བུའི་འོད་ལྷང་ངེ་ལྷམ་མེར་ནམ་མཁའ་སྟོང་པར་གང་བ་དང ། ཀླུའི་རྒྱལ་པོ་དགའ་བོ་དང ། བསྙེན་དགའ་བོས་རྫུ་འཕྲུལ་གྱི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའི་སྐུ་བསིལ་བ་དང ། འཇིག་རྟེན་གྱི་ལྷའི་གཟུགས་རྣམས་ཀྱིས་བསུས་ཤིང་ཕྱག་བྱས་པ་དང ། དྲང་སྲོང་ཨ་སི་ཏས་ཐལ་མོ་སྦྱར་ཏེ་བསྟི་སྟང་བྱས་པ་དང ། གཞོན་དར་ལ་བབ་པར་འདོད་པ་མཆིལ་མ་བཞིན་དུ་སྤངས་པ་དང ། འཇིག་རྟེན་གྱི་དགའ་བས་བསླུ་བར་མ་གྱུར་པ་དང ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་བས་མཐར་ལམ་སྒོམ་པ་ལ་དགའ་བ་དང ། ངན་པར་ལྟ་བ་གཞིག་པའི་ཕྱིར་ལོ་དྲུག་དཀའ་བ་སྤྱད་པ་དང ། སེམས་ཅན་ཐམས་ཅད་ལ་གཉིས་སུ་མེད་པར་
Kha151b
མཉམ་ཞིང་སྙོམས་པ་དང ། སེམས་རྟག་ཏུ་ཏིང་ངེ་འཛིན་ལ་གནས་ཏེ་ཐོག་མ་ནས་མ་འཁྲུགས་པ་དང ། གཡེང་བ་མེད་པ་དང ། མཚན་དང་དཔེ་བྱད་བཟང་པོས་སྐུ་རབ་ཏུ་བརྒྱན་པ་དང ། གང་ནས་གང་དུ་གཤེགས་པའི་གནས་ན་ཤང་ཤོང་དང་ངམ་གྲོག་མཉམ་པོར་གྱུར་པ་དང ། སྐུ་ལ་ན་བཟའ་སོར་བཞིས་མ་རེག་ཀྱང་མི་ལྟུང་བ་དང ། གཤེགས་པ་ན་སྤྱན་ཐད་ཀར་གཟིགས་ཏེ་གཡས་གཡོན་དུ་མི་གཟིགས་པ་དང ། ཞལ་དུ་གསོལ་བ་རྣམས་རྩིང་པོར་མི་མིད་པ་དང ། བཞུགས་པ་ལས་བཞེངས་པའི་གནས་ཀྱི་རྩ་མི་འགུལ་མི་འཁྲུག་པ་དང ། སེམས་ཅན་གདུལ་བའི་ཕྱིར་ཆོས་སྟོན་དུ་གཤེགས་ཀྱང་དྲེགས་པའི་སེམས་མེད་པར་མཐོང་བ་ནི་མིག་གིས་མཐོང་བའོ། །གལ་ཏེ་བྱང་ཆུབ་སེམས་དཔས་གོམ་པ་བདུན་བོར་ནས་འདི་སྐད་དུ་བདག་གི་ལུས་འདི་ནི་ནང་གི་ཐ་མའོ་ཞེས་སྨྲས་པ་དང ། དྲང་སྲོང་ཨ་སི་ཏས་ཐལ་མོ་སྦྱར་ཏེ། འདི་སྐད་དུ་རྒྱལ་པོ་ཆེན་པོ་འདི་ལྟར་རིག་པར་གྱིས་ཤིག་།རྒྱལ་བུ་དོན་གྲུབ་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་གྱི། ཁྱིམ་ན་གནས་ཤིང་འཁོར་ལོས་བསྒྱུར་པའི་རྒྱལ་པོ་བྱེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། མཚན་གསལ་བའི་ཕྱིར་ཏེ། འཁོར་ལོས་བསྒྱུར་པའི་རྒྱལ་པོའི་མཚན་ནི་གསལ་བ་མ་ཡིན་ཏེ། རྒྱལ་བུ་དོན་གྲུབ་ཀྱི་མཚན་ནི་ཤིན་ཏུ་གསལ་བས་ན་གདོན་མི་འཚལ་བར་བླ་ན་མེད་
Kha152a
༄#། །པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ་ཞེས་སྨྲ་བ་དང ། རྒས་པ་དང ། ན་བ་དང ། འཆི་བ་མཐོང་ནས་ཀྱང་འདི་སྐད་དུ་སེམས་ཅན་ཐམས་ཅད་ནི་ཤིན་ཏུ་བརྩེ་བ་ཅན་ཏེ། རྟག་ཏུ་སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་འདི་ལྟ་བུ་དང་འགྲོགས་ཏེ་མ་རྟོགས་པས་རྟག་ཏུ་སྡུག་བསྔལ་ལ་སྤྱོད་དེ། ངས་གཅད་པར་བྱའོ་ཞེས་དྲང་སྲོང་ཨ་ལ་ལ་ཞེས་བྱ་བ་ལྔ་མངོན་ཤེས་པ་ལས་འདུ་ཤེས་མེད་པའི་བསམ་གཏན་བསླབས་ཏེ་གྲུབ་ནས་ཕྱིས་སྐྱོན་དུ་མཐོང་ངོ ། །དེ་ནས་ཡང་དྲང་སྲོང་ཨུ་ཏ་ཀ་ཞེས་བྱ་བ་ལས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་བསམ་གཏན་བསླབས་ཏེ་གྲུབ་ནས་དེའང་མྱ་ངན་ལས་འདས་པ་མ་ཡིན་གྱི། འཁོར་བའི་ཆོས་སུ་རྟོགས་ནས་ལོ་དྲུག་གི་བར་དུ་དཀའ་བ་སྤྱོད་ཀྱང་ཅིའང་ཐོབ་པ་མེད་པས་འདི་སྐད་དུ་དཀའ་བ་འདི་སྤྱོད་ཀྱང་དོན་མེད་དེ། ཅིའང་ཐོབ་པ་མེད་དོ། །གལ་ཏེ་ཡང་དག་པ་ཞིག་ཡིན་ན་བདག་གིས་ཐོབ་པའི་རིགས་ན། ཡང་དག་པ་མ་ཡིན་པས་བདག་གིས་ཅིའང་མ་ཐོབ་པ་ལས་བལྟས་ན་འདི་ནི་ལོག་པར་ལྟ་བའི་ལམ་ཡིན་གྱི། ཡང་དག་པའི་ལམ་མ་ཡིན་ནོ་ཞེས་སྨྲས་པ་དང ། མངོན་པར་བྱང་ཆུབ་ནས་ཚངས་པའི་རྒྱལ་པོས་འདི་སྐད་ཅེས་དེ་བཞིན་གཤེགས་པས་སེམས་ཅན་རྣམས་ལ་བླ་ན་མེད་པའི་ཟིལ་མངར་གྱིས་ཆོས་ཀྱི་སྒོ་མོ་རྒྱས་པར་དབྱེ་བར་ཅི་གནང་ཞེས་གསོལ་
Kha152b
བ་བཏབ་ནས། བཅོམ་ལྡན་འདས་ཀྱིས་ཚངས་པའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཅན་ཐམས་ཅད་ནི་ཉོན་མོངས་པའི་སྒྲིབ་པས་རྟག་ཏུ་བསྒྲིབས་པའི་ཕྱིར་ངའི་དམ་པའི་ཆོས་ཀྱི་ཚིག་འཛིན་མི་ནུས་སོ། །ཚངས་པའི་རྒྱལ་པོས་ཡང་གསོལ་པ། བཅོམ་ལྡན་འདས། སེམས་ཅན་ཐམས་ཅད་ལ་རྣམ་པ་གསུམ་སྟེ། དབང་པོ་རྣོ་བ་དང ། དབང་པོ་འབྲིང་དང ། དབང་པོ་རྟུལ་པོ་སྟེ། དབང་པོ་རྣོན་པོ་རྣམས་ཀྱིས་རྗེས་སུ་འཛིན་ནུས་ཀྱི། བསྟན་ཅིང་བཤད་པར་སྨོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། ཤིན་ཏུ་ཡིད་ལ་བྱས་ཏེ་རྟག་པར་ཉོན་ཅིག་དང་ངས་སེམས་ཅན་ཐམས་ཅད་ལ་ཟིལ་མངར་གྱི་སྒོ་དབྱེ་བར་བྱའོ་ཞེས་བཀའ་སྩལ་ནས། ཡུལ་ཝཱ་ར་ཎཱ་སིར་དམ་པའི་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་ཏེ་དབུ་མའི་ལམ་བསྟན་ཏོ། །གང་ཞེ་ན། སེམས་ཅན་ཐམས་ཅད་ཀུན་ནས་ཉོན་མོངས་པ་རྣམས་མ་བཅོམ་པ་གཞོམ་མི་ནུས་པའང་མ་ཡིན། བཅོམ་པའང་མ་ཡིན། མ་བཅོམ་པའང་མ་ཡིན་པ་ནི་ལམ་དབུ་མའོ། །སེམས་ཅན་གང་ཡང་མ་བསྒྲལ་ཏེ་མི་སྒྲོལ་བའང་མ་ཡིན་པ་ནི་ལམ་དབུ་མའོ། །ཐམས་ཅད་འགྲུབ་པའང་མ་ཡིན། མི་འགྲུབ་པའང་མ་ཡིན་པ་ནི་ལམ་དབུ་མའོ། །ཅི་དང་ཅི་སྟོན་ཀྱང་བདག་ཉིད་མཁན་པོར་མི་འཛིན་སློབ་མར་མི་འཛིན་པ་ནི་ལམ་དབུ་མའོ། །རྙེད་པའི་ཕྱིར་སྟོན་པ་མ་ཡིན་ཡང་འབྲས་བུ་མི་ཐོབ་པའང་མ་ཡིན་པ་ནི་ལམ་དབུ་མའོ། །ཡང་
Kha153a
༄#། །དག་པའི་ཚིག་དང ། བདེན་པའི་ཚིག་དང ། དུས་ལ་བབ་པའི་ཚིག་དང ། དྲང་པོའི་ཚིག་དང ། སྨྲ་བ་ཐམས་ཅད་དོན་མེད་པར་མི་སྨྲ་བ་དེ་ལྟ་བུའི་ཆོས་མཆོག་དམ་པ་རྟོགས་པ་ནི་ཐོས་པས་མཐོང་བའོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སེམས་ཀྱི་མཚན་ཉིད་ནི་མཐོང་བ་མ་ཡིན་ནོ། །གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་དེ་བཞིན་གཤེགས་པ་མཐོང་པར་འདོད་ན་རྒྱུ་དང་རྐྱེན་རྣམ་པ་གཉིས་ལ་གནས་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་སྒྲས་བཅོམ་ལྡན་འདས་ལ་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཅི་ལྟར་གོང་དུ་སྐྱེས་བུ་རྣམ་པ་བཞི་ནི་ཨ་མྲའི་འབྲས་བུ་དཔེར་གསུངས་པ་དེ་ལ། གང་ཟག་ལ་ལ་ནི་སྤྱོད་པ་ཕྲ་ལ་སེམས་བདེན་པ་མ་ལགས། ལ་ལ་ནི་སེམས་ཕྲ་ལ་སྤྱོད་པ་བདེན་པ་མ་ལགས། ལ་ལ་ནི་སེམས་ཕྲ་ལ་སྤྱོད་པའང་བདེན། ལ་ལ་ནི་སེམས་མི་ཕྲ་ལ་སྤྱོད་པའང་བདེན་པ་མ་ལགས་ན། དེ་ལ་དང་པོའི་གཉིས་པོ་ཇི་ལྟར་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་རྣམ་པ་དེ་གཉིས་ལ་གནས་ཀྱང་ཤེས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །རིགས་ཀྱི་བུ། ཨ་མྲའི་འབྲས་བུའི་དཔེ་ལྟར་གང་ཟག་རྣམ་པ་དེ་གཉིས་ནི་ཡང་དག་པར་ན་ཤེས་པར་དཀའོ། །དེ་ལྟར་ཤེས་པར་དཀའ་
Kha153b
བའི་ཕྱིར་ངས་མདོ་སྡེ་ལས་ལྷན་ཅིག་གནས་པར་བྱའོ་ཞེས་བཤད་དོ། །ལྷན་ཅིག་གནས་ཀྱང་མི་ཤེས་ན་ཡུན་རིང་དུ་འགྲོགས་པར་བྱའོ། །ཡུན་དུ་འགྲོགས་ཀྱང་མི་ཤེས་ན་ཤེས་རབ་ཀྱིས་བརྟག་གོ་།ཤེས་རབ་ཀྱིས་ཀྱང་མི་རྟོགས་ན་ཤིན་ཏུ་བརྟག་གོ་།ཤིན་ཏུ་བརྟགས་ན་ཚུལ་ཁྲིམས་འཛིན་པ་དང ། ཚུལ་ཁྲིམས་ཉམས་པ་ཤེས་པར་འགྱུར་རོ། །རིགས་ཀྱི་བུ། ལྷན་ཅིག་གནས་པ་དང ། ཡུན་རིང་དུ་འགྲོགས་པ་དང ། ཤེས་རབ་དང ། རབ་ཏུ་བརྟགས་པ་དང ། རྣམ་པ་དེ་བཞིན་དང་ལྡན་ན་ཚུལ་ཁྲིམས་འཛིན་པ་དང ། ཚུལ་ཁྲིམས་ཉམས་པར་ཤེས་པར་འགྱུར་རོ། །རིགས་ཀྱི་བུ། ཚུལ་ཁྲིམས་རྣམ་པ་གཉིས་ཏེ། བསྲུང་བ་ལའང་རྣམ་པ་གཉིས་སོ། །གང་ཞེ་ན། མཐར་ཕྱིན་པའི་ཚུལ་ཁྲིམས་དང ། མཐར་ཕྱིན་པ་མ་ཡིན་པའོ། །རྒྱུ་དང་རྐྱེན་གྱིས་ཚུལ་ཁྲིམས་འཛིན་པའང་ཡོད་པས་ན་མཁས་པ་ཤེས་རབ་ཅན་གྱིས་ཚུལ་ཁྲིམས་སྡོམ་པ་དེ་ལ་རྙེད་པ་དང་གྲགས་པའི་ཕྱིར་མཐར་ཕྱིན་པའི་ཚུལ་ཁྲིམས་འཛིན་པར་བརྟག་གོ་།རིགས་ཀྱི་བུ། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ནི་རྒྱུ་དང་རྐྱེན་མེད་པའི་ཕྱིར་མཐར་ཕྱིན་པའི་ཚུལ་ཁྲིམས་ཞེས་བྱའོ། །དོན་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ལ་མི་དགེ་བའི་སེམས་ཅན་རྣམས་ཀྱིས་འཚེ་ཞིང་གནོད་པར་བྱེད་ཀྱང་ཞེ་སྡང་གིས་ཐོགས་པར་འགྱུར་བའི་སེམས་མི་སྐྱེ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་ནི་མཐར་ཕྱིན་
Kha154a
༄#། །པའི་ཚུལ་ཁྲིམས་འཛིན་པ་དང་ལྡན་པ་ཞེས་བྱའོ། །རིགས་ཀྱི་བུ། ང་སྔོན་དུས་གཅིག་ན་ཤཱ་རིའི་བུ་ལ་སོགས་པ་ཉེ་གནས་ལྔ་བརྒྱ་དང་བཅས་ཏེ། ཡུལ་དབུས་འགྱུར་འཆང་ན་གྲོང་ཁྱེར་ཙམ་པ་ཞེས་བྱ་བ་ན་བཞུགས་པ་ལས་ཁྲ་ཞིག་གིས་ཕུག་རོན་གཅིག་བདས་པ་ལས་ཕུག་རོན་དེ་རབ་ཏུ་སྐྲག་ནས། ཤཱ་རིའི་བུའི་ཕག་ཏུ་གྲིབ་མ་ལ་འདུག་པ་ལས་འོན་ཀྱང་ཆུ་ཤིང་ལྟར་འདར་རོ། །ངའི་གྲིབ་མར་ཕྱིན་པ་དང་ལུས་དང་སེམས་བདེ་བར་གྱུར་ཏེ། འཇིགས་པ་མེད་པར་གྱུར་ཏོ། །དེ་བས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་གྲིབ་མ་ལའང་དེ་ལྟ་བུའི་མཐུ་ཡོད་པ་ལས་ན་མཐར་ཕྱིན་པའི་ཚུལ་ཁྲིམས་འཛིན་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། མཐར་ཕྱིན་པ་མ་ཡིན་པའི་ཚུལ་ཁྲིམས་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཀྱང་མི་ཐོབ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ཅི་སྨོས། གཞན་ཡང་རྣམ་པ་གཉིས་ཏེ། རྙེད་པའི་ཕྱིར་དང ། དམ་པའི་ཆོས་ཀྱི་ཕྱིར་རོ། །དེ་ལ་རྙེད་པའི་ཕྱིར་ཚུལ་ཁྲིམས་འཛིན་པ་ནི་ཚུལ་ཁྲིམས་དེས་སངས་རྒྱས་ཀྱི་རང་བཞིན་དང་དེ་བཞིན་གཤེགས་པ་ནི་མི་མཐོང་བར་རིག་པར་བྱའོ། །དེས་སངས་རྒྱས་ཀྱི་རང་བཞིན་དང་དེ་བཞིན་གཤེགས་པའི་མཚན་ཐོས་མོད་ཀྱི། ཐོས་པས་མཐོང་བ་ཞེས་མི་བྱའོ། །གང་དམ་པའི་ཆོས་ཀྱི་ཕྱིར་ཚུལ་ཁྲིམས་དེ་འཛིན་པ་ནི་ཚུལ་ཁྲིམས་དེས་
Kha154b
སངས་རྒྱས་ཀྱི་རང་བཞིན་དང་དེ་བཞིན་གཤེགས་པ་མཐོང་བར་རིག་པར་བྱ་སྟེ། དེ་ནི་མིག་གིས་མཐོང་བ་ཞེས་ཀྱང་བྱ། ཐོས་པས་མཐོང་བ་ཞེས་ཀྱང་བྱའོ། །གཞན་ཡང་རྣམ་པ་གཉིས་ཏེ། རྩ་བ་ཟབ་པས་གདོན་དཀའ་བ་དང ། རྩ་བ་མི་ཟབ་པས་བསྒུལ་སླ་བའོ། །གང་གིས་སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པས་སྒོམ་པ་ནི་རྩ་བ་ཟབ་པས་གདོན་དཀའ་ཞེས་བྱའོ། །གང་ཏིང་ངེ་འཛིན་རྣམ་པ་གསུམ་པོ་ལ་ནན་ཏན་མི་བྱེད་ན་སྒོམ་ཞིང་སྤྱད་དུ་ཟིན་ཀྱང་སྲིད་པ་ཉི་ཤུ་རྩ་ལྔར་འགྱུར་ཏེ། རྩ་བ་བསྒུལ་སླ་བ་ཞེས་བྱའོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་སུམ་ཅུ་བདུན་པ། གཞན་ཡང་རྣམ་པ་གཉིས་ཏེ། བདག་གི་ཕྱིར་དང ། སེམས་ཅན་གྱི་ཕྱིར་རོ། །དེ་ལ་སེམས་ཅན་གྱི་ཕྱིར་བྱེད་པ་ནི་སངས་རྒྱས་ཀྱི་རང་བཞིན་དང་དེ་བཞིན་གཤེགས་པ་མཐོང་ངོ ། །ཚུལ་ཁྲིམས་སྡོམ་པ་ལའང་རྣམ་པ་གཉིས་ཏེ། རང་བཞིན་གྱིས་སྡོམ་པ་དང ། གཞན་གྱི་རྐྱེན་གྱིས་སྡོམ་པའོ། །དེ་ལ་གང་ཚུལ་ཁྲིམས་མནོས་ནས་སྐྱེ་བ་ཚད་མེད་པའི་བར་དུ་ཉམས་པར་མ་གྱུར་ཏེ། འདི་ལྟར་ཡུལ་འཁྲུགས་སམ། མི་དགེ་བའི་བཤེས་གཉེན་དང་ཕྲད་དམ། དུས་ངན་པ་དང་ཕྲད་དེ་ཆོས་ངན་པ་ལོག་པ་ཐོས་སམ། ངན་པར་ལྟ་བ་དང་ལྷན་ཅིག་གནས་ཀྱང་དེའི་ཚེ་ཚུལ་ཁྲིམས་མནོས་
Kha155a
༄#། །པའི་ཆོ་ག་མེད་མོད་ཀྱི། ཐོག་མ་ཇི་ལྟར་མནོས་པ་བཞིན་དུ་སྡོམ་ཞིང་ཉམས་པ་མེད་པ་ནི་རང་བཞིན་གྱིས་སྡོམ་པ་ཞེས་བྱའོ། །གང་མཁན་པོ་དང་དགེ་འདུན་དང་ཕྲད་ནས་གསོལ་བ་དང་བཞིའི་ལས་བྱས་ཏེ་ཚུལ་ཁྲིམས་ཐོབ་པ་ནི། ཚུལ་ཁྲིམས་ཐོབ་པ་དེའང་མཁན་པོ་དང ། སློབ་དཔོན་དང ། སློབ་པ་གཅིག་པ་དང ། དགེ་བའི་བཤེས་གཉེན་གྱིས་བཅོས་ཤིང་བསྟན་པའི་རྐྱེན་གྱིས་བྱ་བ་དང་མི་བྱ་བ་ཤེས་ཏེ། ཆོས་མཉན་པ་དང ། འཆད་པ་དང ། ཚུལ་ཐམས་ཅད་དང་ལྡན་པ་ཤེས་པ་ནི་གཞན་གྱི་རྐྱེན་གྱིས་ཚུལ་ཁྲིམས་སྡོམ་པ་ཞེས་བྱའོ། །རིགས་ཀྱི་བུ། རང་བཞིན་གྱིས་སྡོམ་པ་ནི་མིག་གིས་སངས་རྒྱས་ཀྱི་རང་བཞིན་དང་དེ་བཞིན་གཤེགས་པ་མཐོང་སྟེ་ཐོབ་པས་མཐོང་བ་ཞེས་ཀྱང་བྱའོ། །ཚུལ་ཁྲིམས་ལའང་རྣམ་པ་གཉིས་ཏེ། ཉན་ཐོས་ཀྱི་ཚུལ་ཁྲིམས་དང ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་སོ། །དེ་ལ་ཐོག་མ་སེམས་བསྐྱེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཞེས་བྱའོ། །གང་ཀེང་རུས་ལ་རྟོག་པ་ནས་དགྲ་བཅོམ་པའི་འབྲས་བུའི་བར་དུ་ཐོབ་པ་ནི་ཉན་ཐོས་ཀྱི་ཚུལ་ཁྲིམས་ཞེས་བྱ་སྟེ། དེ་ལ་གང་ཉན་ཐོས་ཀྱི་ཚུལ་ཁྲིམས་སྲུང་བ་ནི་འདི་ལྟར་རིག་པར་བྱ་སྟེ། སངས་རྒྱས་ཀྱི་རང་
Kha155b
བཞིན་དང་དེ་བཞིན་གཤེགས་པ་མི་མཐོང་ངོ ། །གང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་སྲུང་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་དང ། སངས་རྒྱས་ཀྱི་རང་བཞིན་དང ། དེ་བཞིན་གཤེགས་པ་དང ། མྱ་ངན་ལས་འདས་པ་མཐོང་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། ཅིའི་རྒྱུ་ཅིའི་རྐྱེན་གྱིས་ཚུལ་ཁྲིམས་ནོད་ཅིང་སྡོམ་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། སེམས་མི་འགྱོད་པར་བྱ་བའི་ཕྱིར་རོ། །ཅིའི་ཕྱིར་མི་འགྱོད་ཅེ་ན། བདེ་བ་མྱོང་བའི་ཕྱིར་རོ། །ཅིའི་ཕྱིར་བདེ་བ་མྱོང་ཞེ་ན། ཡོངས་སུ་སྤང་བའི་ཕྱིར་རོ། །ཅིའི་ཕྱིར་ཡོངས་སུ་སྤང་ཞེ་ན། རབ་ཏུ་བདེ་བའི་ཕྱིར་རོ། །ཅིའི་ཕྱིར་རབ་ཏུ་བདེ་ཞེ་ན། བསམ་གཏན་ལ་རྣལ་འབྱོར་བའི་ཕྱིར་རོ། །ཅིའི་ཕྱིར་བསམ་གཏན་ལ་རྣལ་འབྱོར་ཅེ་ན། ཡང་དག་པ་ཤེས་ཤིང་མཐོང་བའི་ཕྱིར་རོ། །ཅིའི་ཕྱིར་ཡང་དག་པ་ཤེས་ཤིང་མཐོང་ཞེ་ན། འཁོར་བའི་སྐྱོན་རྣམས་མཐོང་བའི་ཕྱིར་རོ། །ཅིའི་ཕྱིར་འཁོར་བའི་སྐྱོན་རྣམས་མཐོང་ཞེ་ན། སེམས་མ་ཆགས་པའི་ཕྱིར་རོ། །ཅིའི་ཕྱིར་སེམས་མ་ཆགས་ཤེ་ན། རྣམ་པར་གྲོལ་པ་ཐོབ་པའི་ཕྱིར་རོ། །ཅིའི་ཕྱིར་རྣམ་པར་གྲོལ་བ་ཞེ་ན། བླ་ན་མེད་པའི་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པའི་ཕྱིར་རོ། །ཅིའི་ཕྱིར་མྱ་ངན་ལས་འདས་པ་ཆེན་
Kha156a
༄#། །པོ་ཐོབ་ཅེ་ན། རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཐོབ་པའི་ཕྱིར་རོ། །ཅིའི་ཕྱིར་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཞེ་ན། མི་སྐྱེ་མི་འགོག་པ་ཐོབ་པའི་ཕྱིར་རོ། །ཅིའི་ཕྱིར་མི་སྐྱེ་མི་འགོག་ཅེ་ན། སངས་རྒྱས་ཀྱི་རང་བཞིན་མཐོང་བའི་ཕྱིར་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་ཚུལ་ཁྲིམས་རྣམ་པར་དག་པ་མཐར་ཕྱིན་པ་སྲུང་ངོ ། །རིགས་ཀྱི་བུ། ཚུལ་ཁྲིམས་སྡོམ་པའི་དགེ་སློང་དག་མི་འགྱོད་པའི་སེམས་ཆེད་དུ་མི་ཚོལ་མི་སྨོན་མོད་ཀྱི། མི་འགྱོད་པའི་སེམས་རང་ཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་ཀྱིས་དེ་ལྟ་བུར་འགྱུར་བའི་ཕྱིར་རོ། །བདེ་བ་དང ། ཡོངས་སུ་སྤང་བ་དང ། རབ་ཏུ་བདེ་བ་དང ། ཡང་དག་པར་ཤེས་ཤིང་མཐོང་བ་དང ། འཁོར་བའི་སྐྱོན་མཐོང་བ་དང ། སེམས་མ་ཆགས་པ་དང ། རྣམ་པར་གྲོལ་བ་དང ། མྱ་ངན་ལས་འདས་པ་དང ། རྟག་པ་དང ། བདེ་བ་དང ། བདག་དང་ཡོངས་སུ་དག་པ་དང ། མི་སྐྱེ་མི་འགོག་པ་དང ། སངས་རྒྱས་ཀྱི་རང་བཞིན་མཐོང་བའི་ཆེད་དུ་མི་ཚོལ་མོད་ཀྱི་རང་ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་ཀྱིས་དེ་ལྟ་བུར་འགྱུར་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་ཚུལ་ཁྲིམས་སྡོམ་པའི་རྒྱུ་ལས་
Kha156b
མི་འགྱོད་པའི་འབྲས་བུ་ཐོབ་ལ། རྣམ་པར་གྲོལ་བའི་རྒྱུ་ལས་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་པ་ལགས་ན། ཚུལ་ཁྲིམས་ལའང་རྒྱུ་མ་མཆིས་ན་མྱ་ངན་ལས་འདས་པ་ལའང་འབྲས་བུ་མ་མཆིས་སོ། །གང་རྒྱུ་མ་མཆིས་པ་ནི་རྟག་པ་ཞེས་བགྱི་སྟེ། མྱ་ངན་ལས་འདས་པ་ལ་རྒྱུ་མཆིས་ན་ལྟ་མི་རྟག་གོ་།གལ་ཏེ་དེ་ལྟ་བུ་ལགས་ན་མྱ་ངན་ལས་འདས་པ་ནི་ཐོག་མ་མ་མཆིས་པ་ལས་གདོད་མཆིས་པར་གྱུར་ཏོ། །གལ་ཏེ་ཐོག་མ་མ་མཆིས་པ་ལས་གདོད་མཆིས་པ་ཞིག་ལགས་ན་མི་རྟག་པར་འགྱུར་ཏེ་ཇི་ལྟར་མེ་མར་དང་འདྲ་བར་གྱུར་ཏོ། །གལ་ཏེ་མྱ་ངན་ལས་འདས་པ་དེ་ལྟ་བུ་ལགས་ནི་ཅིའི་སླད་དུ་བདག་དང ། བདེ་བ་དང ། ཡོངས་སུ་དག་པ་ཞེས་གདགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ལེགས་སོ། །ལེགས་སོ། །ཁྱོད་སྔོན་ཚད་མེད་པའི་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྲུན་པ་ཚད་མེད་པ་འདས་པ་ན་ཡུལ་སེར་སྐྱར་དེ་བཞིན་གཤེགས་སྤོབས་སོ། །རིགས་ཀྱི་བུ། སྔོན་གྱི་དྲན་པ་མ་སྟོར་བས་འདི་ལྟར་དྲིས་པར་གྱུར་ཏོ། །ངས་སྔོན་དུ་དྲན་པ་སྔོན་བསྐལ་པ་ཚད་མེད་པ་འདས་པ་ན་ཡུལ་སེར་སྐྱར་དེ་བཞིན་གཤེགས་པ་ལེགས་ཐོབ་ཅེས་བྱ་བ་འཇིག་རྟེན་དུ་མངོན་པར་བྱུང་སྟེ། དེའི་ཚེ་དེ་བཞིན་གཤེགས་པ་དེས་ལོ་བྱེ་བ་གསུམ་གྱི་བར་དུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་བསྟན་
Kha157a
༄#། །ཏེ།་ང་དང་ཁྱོད་ཀྱང་འཁོར་དེར་འདུས་པར་གྱུར་ཏོ། །ངས་དངོས་པོ་དེས་བཅོམ་ལྡན་འདས་དེ་ལ་ཞུས་ན། དེའི་ཚེ་བཅོམ་ལྡན་འདས་དེ་སེམས་ཅན་གྱི་ཕྱིར་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་དོན་དེ་མ་བཤད་དོ། །ལེགས་སོ། །སྐྱེས་བུ་ཆེན་པོ་སྔོན་གྱི་དངོས་པོ་དེ་ལྟ་བུ་དྲན་པ་ལེགས་ཀྱི། ཤིན་ཏུ་ཡིད་ལ་བྱས་ཏེ་རྟག་པར་ཉོན་ཅིག་དང ། ཁྱོད་ལ་ཡོངས་སུ་བསྟན་པར་བྱའོ། །ཚུལ་ཁྲིམས་ལའང་རྒྱུ་ཡོད་དོ། །གང་ཞེ་ན། དམ་པའི་ཆོས་མཉན་པའོ། །དམ་པའི་ཆོས་མཉན་པ་ལ་ཡང་རྒྱུ་ཡོད་དེ། གང་ཞེ་ན། དགེ་བའི་བཤེས་གཉེན་ལ་བསྙེན་པའོ། །དགེ་བའི་བཤེས་གཉེན་ལ་བསྙེན་པ་ལ་ཡང་རྒྱུ་ཡོད་དེ། དེ་འདི་ལྟར་དད་པའི་སེམས་སོ། ། དད་པའི་སེམས་ལ་ཡང་རྒྱུ་ཡོད་དེ། རྒྱུ་ལ་རྣམ་པ་གཉིས་ཏེ། འདི་ལྟར་ཆོས་མཉན་པ་དང་དོན་ཡིད་ལ་བྱེད་པའོ། །རིགས་ཀྱི་བུ། དད་པའི་སེམས་ནི་ཆོས་མཉན་པའི་རྒྱུ་ལས་བྱུང་ངོ ། །ཆོས་མཉན་པ་ཡང་དད་པའི་སེམས་ཀྱི་རྒྱུ་ལས་བྱུང་སྟེ། ཆོས་རྣམ་པ་གཉིས་ནི་རྒྱུར་ཡང་འགྱུར་ལ། རྒྱུའི་རྒྱུར་ཡང་འགྱུར་རོ། །འབྲས་བུར་ཡང་འགྱུར་ལ། འབྲས་བུའི་འབྲས་བུར་ཡང་འགྱུར་རོ། །རིགས་ཀྱི་བུ། དཔེར་ན། གཅེར་བུ་བས་ཤིང་ཕོ་གསུམ་གྱི་སྟེང་དུ་བུམ་པ་བཞག་པ་ལྟར་གཅིག་གི་རྒྱུ་ཡང་གཅིག་ཡིན་ལ།
Kha157b
གཅིག་གི་འབྲས་བུའང་གཅིག་ཡིན་ཏེ། སོ་སོར་འབྲལ་དུ་མི་རུང་ངོ ། །རིགས་ཀྱི་བུ། ཇི་ལྟར་མ་རིག་པའི་རྐྱེན་ཀྱང་འདུ་བྱེད་ཡིན་ལ། འདུ་བྱེད་ཀྱི་རྐྱེན་ཀྱང་མ་རིག་པ་སྟེ། མ་རིག་པ་དང་འདུ་བྱེད་ནི་རྒྱུར་ཡང་འགྱུར་ལ། རྒྱུའི་རྒྱུར་ཡང་འགྱུར་རོ། །འབྲས་བུར་ཡང་འགྱུར་ལ། འབྲས་བུའི་འབྲས་བུར་ཡང་འགྱུར་བ་ནས་དེ་བཞིན་དུ་སྐྱེ་བའི་རྐྱེན་ཀྱང་རྒ་ཤིའི་བར་དུ་ཡིན་ལ། རྒ་ཤིའི་རྐྱེན་ཀྱང་སྐྱེ་བ་ཡིན་ཏེ། སྐྱེ་བ་དང་རྒ་ཤི་ནི་རྒྱུར་ཡང་འགྱུར་ལ། རྒྱུའི་རྒྱུར་ཡང་འགྱུར་ཏེ། འབྲས་བུར་ཡང་འགྱུར་ལ། འབྲས་བུའི་འབྲས་བུར་ཡང་འགྱུར་རོ།། རིགས་ཀྱི་བུ། སྐྱེ་བ་དང་བསྐྱེད་པའི་ཆོས་ནི་རང་སྐྱེ་མི་ནུས་ཏེ། རང་མི་སྐྱེ་བས་ན་སྐྱེ་བ་སྐྱེད་པས་སྐྱེའོ། །སྐྱེ་བ་རང་མི་སྐྱེ་སྟེ། བསྐྱེད་པའི་དབང་གིས་སྐྱེའོ། །དེ་བས་ན་སྐྱེ་བ་གཉིས་ཀྱང་རྒྱུར་ཡང་འགྱུར་ལ་རྒྱུའི་རྒྱུར་ཡང་འགྱུར་རོ། །འབྲས་བུར་ཡང་འགྱུར་ལ་འབྲས་བུའི་འབྲས་བུར་ཡང་འགྱུར་རོ། །རིགས་ཀྱི་བུ། དད་པའི་སེམས་དང ། ཆོས་མཉན་པའང་དེ་དང་འདྲའོ། །རིགས་ཀྱི་བུ། འབྲས་བུ་ཡིན་ལ་རྒྱུ་མ་ཡིན་པ་ནི་མྱ་ངན་ལས་འདས་པ་ཆེན་པོའོ། །ཅིའི་ཕྱིར་འབྲས་བུ་ཞེས་བྱ་ཞེ་ན། བླ་ན་མེད་པའི་འབྲས་བུ་དང ། དགེ་སྦྱོང་དང ། བྲམ་ཟེའི་འབྲས་བུ་ཡིན་པའི་ཕྱིར་རོ། །འཁོར་བ་གཅོད་པའི་ཕྱིར། ཉོན་མོངས་པ་བཅོམ་པའི་ཕྱིར་འབྲས་བུ་ཞེས་བྱའོ། །ཉོན་མོངས་པ་ཐམས་ཅད་ཀྱིས་ཡོངས་སུ་སྨོད་པའི་ཕྱིར་མྱ་ངན་
Kha158a
༄#། །ལས་འདས་པ་ནི་འབྲས་བུ་ཞེས་བྱའོ། །ཉོན་མོངས་པ་ནི་སྐྱོན་དང་བཅས་པ་ཞེས་བྱའོ། །རིགས་ཀྱི་བུ། མྱ་ངན་ལས་འདས་པ་ལ་རྒྱུ་མེད་དེ། ངོ་བོ་ཉིད་ནི་འབྲས་བུ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་དང་འགོག་པ་མེད་པ། བྱེད་པ་མེད་པ། འདུས་བྱས་མ་ཡིན་པ། འདུས་མ་བྱས་མ་ཡིན་པ། རྟག་པ། མི་འགྱུར་བ། གནས་མེད་པ། ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། །རིགས་ཀྱི་བུ། གལ་ཏེ་མྱ་ངན་ལས་འདས་པ་ལ་རྒྱུ་ཡོད་ན་མྱ་ངན་ལས་འདས་པ་ཞེས་མི་བྱའོ། །ཡོངས་སུ་ཞེས་བྱ་བ་ནི་རྒྱུའོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་མེད་པ་སྟེ། རྒྱུ་མེད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེངྒེ་སྒྲས་གསོལ་པ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་མྱ་ངན་ལས་འདས་པ་ལ་རྒྱུ་མ་མཆིས་ཞེས་བཀའ་སྩལ་པའི་དོན་དེ་ལྟ་མ་ལགས་སོ། །མ་མཆིས་ཞེས་བགྱིར་ནི་དོན་འདི་དྲུག་དང་འབྱོར་པར་འགྱུར་རོ། །གང་ཞེ་ན། ཡོང་གིས་མ་མཆིས་པའི་ཕྱིར་མ་མཆིས་ཞེས་བགྱི་སྟེ། ཆོས་ཐམས་ཅད་ལ་བདག་དང་བདག་གི་བ་མ་མཆིས་པ་ལྟ་བུ་དང ། བར་འགའ་མ་མཆིས་པའི་ཕྱིར་མ་མཆིས་ཞེས་བགྱི་སྟེ། འཇིག་རྟེན་པ་དག་མཚོའི་ནང་ན་ཆུ་མེད་ཅེའམ། ཉི་ཟླ་མེད་ཅེས་མཆི་བ་ལྟ་བུ་དང ། ཉུང་བའི་ཕྱིར་མ་མཆིས་ཞེས་བགྱི། འཇིག་རྟེན་པ་དག་
Kha158b
ཁ་ཟས་ཚཝ་མི་བྲོ་བས་ཚཝ་མེད་ཅེའམ། ཁུ་བ་མངར་བ་ལ་མངར་བའི་རོ་ཆུང་བས་མངར་བ་མེད་ཅེས་མཆི་བ་ལྟ་བུ་དང ། མ་མྱོང་བའི་ཕྱིར་མ་མཆིས་ཞེས་བགྱི་སྟེ། རིགས་ངན་གྱིས་བྲམ་ཟེའི་ཆོས་མི་མྱོང་བས་བྲམ་ཟེའི་ཆོས་མེད་པ་ལྟ་བུ་དང ། ཆོས་ངན་པ་མི་དགེ་བ་འཛིན་པའི་ཕྱིར་མ་མཆིས་ཞེས་བགྱི་སྟེ། འཇིག་རྟེན་པས་སྡིག་པ་མི་དགེ་བའི་ཆོས་འཛིན་པ་ལ་དགེ་སློང་དང་བྲམ་ཟེ་ཞེས་མི་བྱ་སྟེ། དགེ་སྦྱོང་དང་བྲམ་ཟེ་མ་མཆིས་ཞེས་མཆི་བ་ལྟ་བུ་དང ། ཟླ་མ་མཆིས་པའི་ཕྱིར་མ་མཆིས་ཞེས་བགྱི་སྟེ། དཀར་པོ་མ་མཆིས་པའི་ཕྱིར་ནག་པོ་ཞེའམ། སྣང་བ་མ་མཆིས་པའི་ཕྱིར་སྣང་བ་མ་མཆིས་སོ་ཞེས་མཆི་བ་ལྟ་བུ་སྟེ། བཅོམ་ལྡན་འདས། མྱ་ངན་ལས་འདས་པའང་དེ་དང་མཚུངས་ཏེ། བར་འགའ་ནི་མཆིས་ལ་རྒྱུ་མ་མཆིས་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་རྣམ་པ་དྲུག་ཏུ་སྨྲས་ན་མྱ་ངན་ལས་འདའ་བའི་དཔེ་ཡོང་གིས་མེད་པ་ལ་མི་བླང་བར་བར་འགའ་མེད་པ་ལ་དཔེར་ལེན། རིགས་ཀྱི་བུ། མྱ་ངན་ལས་འདའ་བའི་ངོ་བོ་ཉིད་ནི་ཡོང་གིས་མེད་དེ། དཔེར་ན། བདག་དང་བདག་གི་མེད་པ་དང་འདྲའོ། །རིགས་ཀྱི་བུ། འཇིག་རྟེན་པའི་ཆོས་ནི་མྱ་ངན་ལས་འདས་པ་དང་བཟླའ་\?\་མི་རུང་བས་དེའི་ཕྱིར་དངོས་པོ་དྲུག་གི་དཔེར་བྱར་མི་རུང་ངོ ། །རིགས་ཀྱི་བུ།
Kha159a
༄#། །ཆོས་ཐམས་ཅད་ནི་བདག་མེད་དེ། མྱ་ངན་ལས་འདའ་བ་འདི་ནི་ཡང་དག་པར་བདག་ཡོད་དོ། །དོན་དེ་ལྟར་བས་ན་མྱ་ངན་ལས་འདའ་བ་ལ་རྒྱུ་མེད་ཀྱང་ངོ་བོ་ཉིད་ནི་འབྲས་བུའོ། །རྒྱུ་ཡིན་ལ་འབྲས་བུ་མ་ཡིན་པ་ནི་སངས་རྒྱས་ཀྱི་རང་བཞིན་ཅེས་བྱ་སྟེ། རྒྱུ་ལས་སྐྱེས་པ་མ་ཡིན་པའི་ཕྱིར་རོ། །རྒྱུ་ཡིན་ལ་འབྲས་བུ་མ་ཡིན་པ་ནི་དགེ་སྦྱོང་གི་འབྲས་བུ་མ་ཡིན་པའི་ཕྱིར་འབྲས་བུ་མ་ཡིན་ཞེས་བྱའོ། །རྒྱུ་ཞེས་བྱ་བ་ནི་རྒྱུ་གསལ་བར་བྱེད་པའི་ཕྱིར་རོ། །རིགས་ཀྱི་བུ། རྒྱུ་ལ་རྣམ་པ་གཉིས་ཏེ། སྐྱེ་བའི་རྒྱུ་དང ། གསལ་བའི་རྒྱུའོ། །དེ་ལ་ཆོས་སྐྱེ་བར་བྱེད་པ་ནི་སྐྱེ་བའི་རྒྱུའོ། །སྒྲོན་མས་རྫས་སྣང་བར་བྱེད་པའི་ཕྱིར་གསལ་བའི་རྒྱུ་ཞེས་བྱའོ། །ཀུན་ནས་ཉོན་མོངས་པ་ནི་སྐྱེ་བའི་རྒྱུའོ། ། སེམས་ཅན་གྱི་ཕ་མ་ནི་གསལ་བའི་རྒྱུའོ། །ས་བོན་ལ་སོགས་པ་ནི་སྐྱེ་བའི་རྒྱུའོ། །ས་དང་ཆུ་དང་རྨེད་པ་ལ་སོགས་པ་ནི་གསལ་བའི་རྒྱུའོ། །ཡང་སྐྱེ་བའི་རྒྱུ་ནི་འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ། །ཡང་སྣང་བའི་རྒྱུ་ནི་འདི་ལྟར་སངས་རྒྱས་ཀྱི་རང་བཞིན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའོ། །གཞན་ཡང་སྣང་བའི་རྒྱུ་ནི་འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་དང ། སངས་རྒྱས་ཀྱི་རང་བཞིན་ནོ། །གཞན་ཡང་སྐྱེ་བའི་རྒྱུ་ནི་དཔའ་བར་འགྲོ་བའི་
Kha159b
ཏིང་ངེ་འཛིན་གྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཡང་སྣང་བའི་རྒྱུ་ནི་འདི་ལྟར་འཕགས་པའི་ལམ་བརྒྱད་གྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། ། ཡང་སྐྱེ་བའི་རྒྱུ་ནི་འདི་ལྟར་དད་པའི་སེམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་།བྱང་ཆུབ་སེམས་དཔའ་སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་དེ་བཞིན་གཤེགས་པ་མཐོང་བ་དང་སངས་རྒྱས་ཀྱི་རང་བཞིན་མཐོང་བ་ཞེས་བགྱི་བའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། དེ་བཞིན་གཤེགས་པའི་སྐུ་ནི་མཚན་དང་དབྱིབས་མ་མཆིས་ལ། རིང་པོ་མ་ལགས། ཐུང་ངུ་མ་ལགས། དཀར་པོ་མ་ལགས། ནག་པོ་མ་ལགས། ཕྱོགས་མཚམས་མ་མཆིས། ཁམས་གསུམ་ན་མི་གནས། འདུས་བྱས་ཀྱི་མཚན་ཉིད་མ་ལགས། མིག་གི་རྣམ་པར་ཤེས་པས་ཤེས་པ་མ་ལགས་ཏེ། སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་མཚུངས་ན། ཇི་ལྟར་མཐོང་བར་རུང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། སངས་རྒྱས་ཀྱི་སྐུ་ལ་རྣམ་པ་གཉིས་ཏེ། རྟག་པ་དང ། མི་རྟག་པའོ། །དེ་ལ་མི་རྟག་པ་ནི་སེམས་ཅན་ཐམས་ཅད་སྒྲོལ་བའི་ཕྱིར་ཐབས་ཀྱིས་སྟོན་པ་ནི་མིག་གིས་མཐོང་བ་ཞེས་བྱའོ། །རྟག་པ་ནི་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་སྐུ་མིག་གིས་མཐོང་བ་ཞེས་ཀྱང་བྱ། ཐོས་པས་མཐོང་བ་
Kha160a
༄#། །ཞེས་ཀྱང་བྱའོ། །སངས་རྒྱས་ཀྱི་རང་བཞིན་ཡང་རྣམ་པ་གཉིས་ཏེ། མཐོང་བ་དང ། མི་མཐོང་བའོ། །དེ་ལ་མཐོང་བ་ནི་བྱང་ཆུབ་སེམས་དཔའ་ས་བཅུ་པ་དང ། སངས་རྒྱས་བཅོམ་ལྡན་འདས་སོ། །མི་མཐོང་བ་ནི་སེམས་ཅན་ཐམས་ཅད་དོ། །མིག་གིས་མཐོང་བ་ནི་བྱང་ཆུབ་སེམས་དཔའ་ས་བཅུ་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་གྱིས་སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་གཟིགས་པའོ། །ཐོས་པས་མཐོང་བ་ནི་སེམས་ཅན་ཐམས་ཅད་དང ། བྱང་ཆུབ་སེམས་དཔའ་ས་དགུ་པ་རྣམས་ཀྱིས་སངས་རྒྱས་ཀྱི་རང་བཞིན་དང ། དེ་བཞིན་གཤེགས་པའི་སྐུ་ཡོད་པར་ཐོས་པའོ། །དེ་ལའང་རྣམ་པ་གཉིས་ཏེ། གཟུགས་དང ། གཟུགས་མ་ཡིན་པའོ། །དེ་ལ་གཟུགས་ནི་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའོ། །གཟུགས་མ་ཡིན་པ་ནི་དེ་བཞིན་གཤེགས་པས་གཟུགས་དང་མཚན་ཉིད་ཐམས་ཅད་ཡོངས་སུ་བཅད་པའོ། །སངས་རྒྱས་ཀྱི་རང་བཞིན་ལའང་རྣམ་པ་གཉིས་ཏེ། གཟུགས་དང ། གཟུགས་མ་ཡིན་པའོ། །དེ་ལ་གཟུགས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །གཟུགས་མ་ཡིན་པ་ནི་བུས་པ་མ་རབས་སོ་སོའི་སྐྱེ་བོ་ནས་བྱང་ཆུབ་སེམས་དཔའ་ས་བཅུ་པའི་བར་དུ་སྐྱེ་སྟེ། བྱང་ཆུབ་སེམས་དཔའ་ས་བཅུ་པས་གསལ་བར་
Kha160b
མི་མཐོང་བའི་ཕྱིར་གཟུགས་མ་ཡིན་པ་ཞེས་བྱའོ། །རིགས་ཀྱི་བུ། ཡང་སངས་རྒྱས་ཀྱི་རང་བཞིན་ལ་རྣམ་པ་གཉིས་ཏེ། གཟུགས་དང ། གཟུགས་མ་ཡིན་པའོ། །དེ་ལ་གཟུགས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའོ། །གཟུགས་མ་ཡིན་པ་ནི་སེམས་ཅན་ཐམས་ཅད་དེ། མིག་གིས་མཐོང་བ་ནི་གཟུགས་སོ། །ཐོས་པས་མཐོང་བ་ནི་གཟུགས་མ་ཡིན་པའོ།། ནང་མ་ཡིན། ཕྱི་རོལ་མ་ཡིན་པ་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །ནང་དང་ཕྱི་རོལ་མ་ཡིན་མོད་ཀྱི། འཇིག་པ་དང་སྟོང་པ་མ་ཡིན་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་འོ་མའི་ནང་ན་ཞོ་མཆིས་པ་དང་འདྲ་བར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་རྡོ་རྗེ་མཐུ་བོ་ཆེ་ལྟ་བུ་མཆིས་ཏེ། སངས་རྒྱས་ཀྱི་རང་བཞིན་ནི་མར་གྱི་སྙིང་པོ་ཡོངས་སུ་དག་པ་དང་མཚུངས་སོ་ཞེས་བཀའ་སྩལ་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་རང་བཞིན་ནི་ཕྱི་རོལ་མ་ཡིན་ནང་མ་ཡིན་ཞེས་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ངས་འོ་མའི་ནང་ན་ཞོ་ཡོད་དོ་ཞེས་མ་གསུངས་ཀྱི། འོ་མ་ལས་ཞོ་འབྱུང་བའི་ཕྱིར་ཞོ་ཡོད་ཅེས་བྱས་སོ། །གསོལ་པ། བཅོམ་ལྡན་འདས། སྐྱེ་བའི་
Kha161a
༄#། །ཆོས་ཐམས་ཅད་སོ་སོ་ནས་དུས་མཆིས་སམ། བཀའ་སྩལ་པ། རིགས་ཀྱི་བུ། འོ་མའི་ཚེ་ན་ཞོ་མེད་པ་དང ། མར་དང ། ཞུན་མར་དང ། ཉིད་ཁུའང་མེད་དེ། སེམས་ཅན་ཐམས་ཅད་ཀྱང་འོ་མར་འཛིན་པས་ངས་འོ་མའི་ནང་ན་ཞོ་མེད་ཅེས་གསུངས་སོ། །ཇི་སྟེ་ཡོད་པ་ཞིག་ན་ཅིའི་ཕྱིར་རྣམ་པ་འདི་གཉིས་ལ་མཁས་པ་ལ་གསེར་དང་ལྕགས་མགར་ཞེས་བྱ་བ་བཞིན་དུ་མིང་གཉིས་སུ་མ་བཏགས། དེ་བས་ན་ཞོའི་ཚེ་ནི་འོ་མ་དང ། མར་དང ། ཞུན་མར་དང ། ཉིང་ཁུའི་བར་དུ་མེད་པས་སེམས་ཅན་གྱིས་ཀྱང་ཞོ་ནི་འོ་མ་མ་ཡིན་པ་ནས་མར་དང ། ཞུན་མར་དང ། མར་གྱི་ཉིང་ཁུའི་བར་དུ་མེད་པར་འཛིན་ཏེ། མར་གྱི་ཉིང་ཁུའི་བར་དུ་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །རིགས་ཀྱི་བུ། རྒྱུ་ལ་རྣམ་པ་གཉིས་ཏེ། བདེན་པའི་རྒྱུ་དང ། རྐྱེན་གྱི་རྒྱུའོ། །དེ་ལ་བདེན་པའི་རྒྱུ་ནི་ཇི་ལྟར་འོ་མ་ལས་ཞོ་བྱུང་བའོ། །རྐྱེན་གྱི་རྒྱུ་ནི་དྲོད་དང་དྲི་མ་ལ་སོགས་པའི་རྐྱེན་གྱིས་འོ་མ་ལས་ཞོ་འབྱུང་བའི་ཕྱིར་འོ་མ་ལ་ཞོའི་རང་བཞིན་ཡོད་ཅེས་སྨྲའོ། །བྱང་ཆུབ་སེམས་དཔའ་སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། ཇི་སྟེ་འོ་མ་ལ་ཞོའི་རང་བཞིན་མ་མཆིས་ན་རཝ་ལའང་མ་མཆིས་པར་འདྲ་ན་ཅིའི་སླད་དུ་རཝ་ལས་ཞོ་མི་འབྱུང ། བཀའ་སྩལ་པ། རིགས་ཀྱི་བུ། རཝ་ལའང་ཞོ་འབྱུང་ངོ ། །དེ་ཅིའི་ཕྱིར་
Kha161b
ཞེ་ན།་ངས་རྐྱེན་གྱི་རྒྱུ་ལ་རྣམ་པ་གཉིས་སུ་གསུངས་ཏེ། དྲི་མ་དང ། དྲོད་དོ། །རཝའི་རང་བཞིན་ནི་དྲི་མའི་ཕྱིར་ཞོར་འགྱུར་བར་བྱེད་དོ། །སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། ཅི་སྟེ་རཝ་ལས་ཞོ་འབྱུང་ན་ཞོ་ཚོལ་བ་དག་ཅིའི་སླད་དུ་འོ་མ་ནི་འདོད་ལ་རཝ་ནི་མི་འདོད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་བས་ན་ངས་བདེན་པའི་རྒྱུ་དང ། རྐྱེན་གྱི་རྒྱུ་བཤད་པ་ཡིན་ནོ། །སེངྒེ་སྒྲས་གསོལ་པ། གལ་ཏེ་འོ་མའི་ནང་ན་ཞོའི་རང་བཞིན་ཐོག་མ་ནས་མ་མཆིས་ལ། དེ་མཆིས་པ་ཞིག་ལགས་ན་འོ་མའི་ནང་ནས་ཐོག་མ་ནས་ཨ་མྲའི་ཤིང་དྲུང་དུ་བླུགས་པས་གཉིས་ཀ་མ་མཆིས་པར་མཚུངས་ན་ཅིའི་སླད་དུ་ཨ་མྲའི་འབྲས་བུ་མི་འབྱུང ། རིགས་ཀྱི་བུ། འོ་མ་ལས་ཀྱང་ཨ་མྲའི་ཤིང་སྐྱེ་བར་འགྱུར་རོ། །གལ་ཏེ་འོ་མ་ཨ་མྲའི་ཤིང་དྲུང་དུ་བླུགས་ན་ནུབ་གཅིག་ཏུ་ཁྲུ་ལྔ་སྐྱེ་བར་འགྱུར་ཏེ། དོན་དེ་ལྟ་བས་ན་ངས་རྒྱུ་རྣམ་པ་གཉིས་བཤད་པ་ཡིན་ནོ། །རིགས་ཀྱི་བུ། གལ་ཏེ་ཆོས་ཐམས་ཅད་རྒྱུ་གཅིག་གིས་སྐྱེ་བ་ཞིག་ཡིན་ན་ཅིའི་ཕྱིར་འོ་མའི་ནང་ན་ཨ་མྲའི་ཤིང་མི་འབྱུང་ཞེས་བརྒལ་ཀྱང་རུང་ངོ ། །རིགས་ཀྱི་བུ། དཔེར་ན། ཆེན་པོ་བཞི་ནི་གཟུགས་ཐམས་ཅད་ཀྱི་རྒྱུ་དང ། རྐྱེན་དུ་འགྱུར་ཡང་གཟུགས་ཀྱི་མཚན་ཉིད་དང་མི་མཐུན་ཏེ་སོ་སོར་ཐ་དད་དོ། །དོན་དེ་ལྟ་བས་ནའོ་མ་ལས་ཨ་མྲའི་ཤིང་མི་སྐྱེའོ། །གསོལ་པ། བཅོམ་ལྡན་
Kha162a
༄#། །འདས།་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་བདེན་པའི་རྒྱུ་དང ། རྐྱེན་གྱི་རྒྱུ་སྟེ། རྣམ་པ་གཉིས་ལ་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་གྱི་རྒྱུ་གང་ལགས། རིགས་ཀྱི་བུ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་རྒྱུ་རྣམ་པ་གཉིས་ཏེ། བདེན་པའི་རྒྱུ་དང ། རྐྱེན་གྱི་རྒྱུའོ། །དེ་ལ་བདེན་པའི་རྒྱུ་ནི་སེམས་ཅན་རྣམས་སོ། །རྐྱེན་གྱི་རྒྱུ་ནི་ཕ་རོལ་ཏུ་ཕྱིན་པ་དག་གོ་།བྱང་ཆུབ་སེམས་དཔའ་སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། བདག་གིས་འོ་མའི་ནང་ན་ཞོའི་རང་བཞིན་ངེས་པར་མཆིས་པར་འཚལ་ལོ། །དེ་ཅིའི་སླད་དུ་ཞེ་ན། བདག་གིས་འཇིག་རྟེན་ན་ཞོ་ཚོལ་བ་རྣམས་འོ་མ་ཚོལ་ཏེ། ནམ་ཡང་ཆབ་མི་ཚོལ་བས་དེ་བས་ནའོ་མའི་ནང་ན་ཞོའི་རང་བཞིན་མཆིས་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་དྲིས་པའི་དོན་དེ་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དཔེར་ན། ལ་ལ་ཞིག་ངོའི་གཟུགས་བརྙན་མཐོང་བར་འདོད་པའི་ཕྱིར་རལ་གྲི་ལ་ལྟའོ། །སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། དོན་དེ་ལྟ་བས་ན་འོ་མ་ལ་ཞོའི་རང་བཞིན་མཆིས་སོ། །གལ་ཏེ་རལ་གྲིའི་ནང་ན་ངོའི་གཟུགས་བརྙན་མ་མཆིས་པ་ཞིག་ལགས་ན་ཅིའི་སླད་དུ་རལ་གྲི་ལ་ལྟ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གལ་ཏེ་རལ་གྲིའི་ནང་ན་ངེས་པར་ངོའི་གཟུགས་
Kha162b
བརྙན་ཡོད་ན་ཇི་སྟེ་བསྒྲེང་ན་ནི་ཆུ་རིང་བར་མཐོང་ལ་ཐད་ཀར་བསྙལ་ན་ཞེང་ཆེ་བར་མཐོང ། གལ་ཏེ་བདག་གི་ངོ་ཡིན་ན་ཅིའི་ཕྱིར་རིང་པོར་མཐོང ། གལ་ཏེ་གཞན་ཞིག་གི་ངོ་ཡིན་ན་བདག་གི་ངོའི་གཟུགས་བརྙན་ཞེས་བརྗོད། གལ་ཏེ་བདག་གི་ངོའི་རྐྱེན་གྱིས་གཞན་གྱི་ངོ་མཐོང་བར་འགྱུར་བ་ཞིག་ཡིན་ན། ཇི་སྟེ་རྟའམ་མ་བོང་བུའི་ངོའི་གཟུགས་བརྙན་མི་མཐོང ། སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། མིག་གི་སྣང་བ་དེར་ཕྱིན་པའི་ཕྱིར་ངོ་ཆུ་རིང་པོར་མཐོང་ངོ ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། མིག་གི་སྣང་བ་ནི་ཡང་དག་པར་ན་དེར་ཕྱིན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉེ་བ་དང་རིང་བ་དུས་གཅིག་ཏུ་ཅིག་ཅར་མཐོང་ཡང་དེའི་བར་ན་དངོས་པོ་ཅིའང་མི་མཐོང་བའི་ཕྱིར་རོ། །རིགས་ཀྱི་བུ། གལ་ཏེ་མིག་གི་སྣང་བ་དེར་ཕྱིན་པས་མཐོང་བར་གྱུར་པ་ཞིག་ཡིན་ན་སེམས་ཅན་ཐམས་ཅད་ཀྱིས་མེ་མཐོང་བ་ན་ཇི་སྟེ་ཚིག་པར་མ་གྱུར། ཇི་སྟེ་གཅིག་གིས་རྒྱང་རིང་པོ་ནས་རྫས་དཀར་པོ་ཞིག་མཐོང་ན་རིང་བའམ། བ་དན་ནམ། མིའམ། ཤིང་ཞེས་ཐེ་ཚོམ་ཟ་བའི་མི་རིགས་སོ། །གལ་ཏེ་མིག་གི་སྣང་བ་དེར་ཕྱིན་པ་ཞིག་ཡིན་ན་ཅིའི་ཕྱིར་ཆུ་ཤེལ་གྱི་ནང་གི་དངོས་པོ་དང ། ཆུ་མིག་གི་ནང་གི་ཉ་དང ། རྡོ་ལ་སོགས་པ་མཐོང་བར་གྱུར། གལ་ཏེ་མ་ཕྱིན་པས་མཐོང་བ་ཞིག་ཡིན་ན་ཅིའི་ཕྱིར་ཆུ་ཤེལ་གྱི་ནང་ན་དངོས་པོ་ནི་མཐོང་
Kha163a
༄#། །ལ། །རྩིག་པའི་ཕྱི་རོལ་གྱི་གཟུགས་མཐོང་བར་མ་གྱུར། དེ་ལྟ་བས་ན་མིག་གི་སྣང་བ་དེར་ཕྱིན་པས་རིང་པོར་མཐོང་ཞེས་བྱ་བའི་དོན་དེ་དེ་ལྟ་མ་ཡིན་ནོ། །རིགས་ཀྱི་བུ། ཇི་ལྟར་ཁྱོད་ཀྱིས་སྨྲས་པ་ལྟར་འོ་མ་ལ་ཞོ་ཡོད་ན་ཅིའི་ཕྱིར་འོ་མ་འཚོང་བ་དག་འོ་མའི་རིན་འབའ་ཞིག་ལེན་ཏེ་ཞོའི་རིན་མི་ལེན། རྒོང་མ་འཚོང་བ་དེས་རྒོད་མའི་རིན་འབའ་ཞིག་ལེན་ཏེ། ཏེའུ་རིན་མི་ལེན། རིགས་ཀྱི་བུ། འཇིག་རྟེན་པ་དག་བུ་མེད་པའི་ཕྱིར་ཆུང་མ་ལེན་ཏེ། གལ་ཏེ་ཆུང་མ་སྦྲུམ་ན་བུ་མོ་ཞེས་མི་བྱའོ། །གལ་ཏེ་བུ་མོ་ལ་བུའི་རང་བཞིན་ཡོད་པའི་ཕྱིར་ཆུང་མ་ལེན་ནོ་ཞེས་བྱ་བ་དེ་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་བུའི་རང་བཞིན་ཡོད་ན་ཚ་བོའང་ཡོད་པའི་རིགས་སོ། །གལ་ཏེ་ཚ་བོ་ཡོད་ན་དེ་སྤུན་དུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ལྟོ་གཅིག་ནས་བྱུང་བའི་ཕྱིར་ཏེ། དེ་བས་ན་ངས་བུ་མོ་ལ་བུའི་རང་བཞིན་མེད་ཅེས་གསུངས་སོ། །གལ་ཏེ་འོ་མ་ལ་ཞོའི་རང་བཞིན་ཡོད་ན་ཇི་སྟེ་དུས་གཅིག་ཏུ་རོ་རྣམ་པ་ལྔ་དང་ལྡན་པར་མ་གྱུར། གལ་ཏེ་ཤིང་གི་ས་བོན་ལ་ནྱ་གྲོ་དྷ་འདོམ་ལྔར་སྐྱེ་བའི་མཚན་ཉིད་ཡོད་ན་ཇི་སྟེ་དུས་གཅིག་ན་མྱུ་གུ་དང ། སྡོང་བུ་དང ། ཡལ་ག་དང ། ལོ་མ་དང ། མེ་ཏོག་དང ། འབྲས་བུ་ལ་སོགས་པའི་དབྱིབས་དང་གཟུགས་ཐ་དད་པར་སྣང་བར་མ་གྱུར། རིགས་ཀྱི་བུ། འོ་མའི་གཟུགས་ཀྱི་ཚེ་ན་ཐ་དད་
Kha163b
ལ་རོ་ཐ་དད་འབྲས་བུ་ཐ་དད་པ་ནས་མར་གྱི་ཉིང་ཁུའི་བར་དུ་ཐ་དད་ན་ཇི་ལྟར་འོ་མ་ལ་ཞོའི་རང་བཞིན་ཡོད་པར་བཤད། རིགས་ཀྱི་བུ། དཔེར་ན། མི་ཞིག་སང་ལྟ་བུར་མར་བཏུང་བར་བྱས་པ་ལས་དེང་ནས་མ་ནམ་མོ་ཞེས་ཟེར་བ་དང་འདྲ་བར་གང་འོ་མ་ལ་ངེས་པར་ཞོའི་རང་བཞིན་ཡོད་དོ་ཞེས་ཟེར་བའང་དེ་དང་འདྲའོ། །རིགས་ཀྱི་བུ། དཔེར་ན། མི་ཞིག་སྨྱུ་གུ་དང ། ཤོག་ཤོག་དང ། སྣག་ཚལ་སོགས་པ་ཡི་གེར་འགྱུར་ཏེ། ཤོག་ཤོག་ལས་ཀྱང་ཐོག་མ་ནས་ཡི་གེ་མེད་དོ། །ཐོག་མ་ནས་མེད་པའི་ཕྱིར་རྐྱེན་ལ་རག་ལུས་པས་གྲུབ་པར་གྱུར་ཏོ། །གལ་ཏེ་ཐོག་མ་ནས་ཡོད་པ་ཞིག་ཡིན་ན་རྒྱུ་རྐྱེན་མང་པོའང་མི་དགོས་པར་འགྱུར་རོ། །དཔེར་ན། ཚོན་སྔོན་པོ་དང་སེར་པོར་སྦྱར་ན་ཚོན་ལྗང་གུར་འགྱུར་ཏེ། ཚོན་དེ་གཉིས་ལའང་ཐོག་མ་ནས་ལྗང་གུའི་རང་བཞིན་མེད་དོ། །གལ་ཏེ་ཐོག་མ་ནས་ཡོད་པ་ཞིག་ཡིན་ན་སྦྱར་ཡང་ཅི་དགོས། རིགས་ཀྱི་བུ། དཔེར་ན། སེམས་ཅན་ནི་ཟས་ཀྱི་རྒྱུས་འཚོ་བར་འགྱུར་ཏེ། ཡང་དག་པར་ན་ཟས་ཀྱི་ནང་ན་འཚོ་བ་མེད་དོ། །གལ་ཏེ་འཚོ་བ་ཡོང་གིས་ཡོད་པ་ཞིག་ཡིན་ན་ཟས་མ་ཟོས་པའི་ཚེ་ཟས་ཉིད་འཚོ་བའི་རིགས་སོ། །རིགས་ཀྱི་བུ། ཆོས་ཐམས་ཅད་ཡོང་གིས་རང་བཞིན་མེད་པའི་ཕྱིར་དོན་དེ་ལ་གཟིགས་ནས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཐོག་མ་མེད་ལ་ད་ལྟར་ཡོད། །ཐོག་མ་ཡོད་ལ་ད་ལྟར་མེད། །དུས་གསུམ་སྲིད་པའི་ཆོས་ཐམས་
Kha164a
༄#། །ཅད། །དེ་འདྲ་བ་ཡི་གནས་མེད་དོ། །རིགས་ཀྱི་བུ། །ཆོས་ཐམས་ཅད་ནི་རྒྱུ་དང་རྐྱེན་གྱིས་སྐྱེ་ལ། རྒྱུ་དང་རྐྱེན་གྱིས་འགོག་གོ་།རིགས་ཀྱི་བུ། གལ་ཏེ་སེམས་ཅན་གྱི་ནང་ན་སངས་རྒྱས་ཀྱི་རང་བཞིན་ཡོད་ན་སེམས་ཅན་ཐམས་ཅད་ད་ལྟར་ང་དང་འདྲ་བར་སངས་རྒྱས་ཀྱི་སྐུ་ཡོད་པའི་རིགས་སོ། །སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་མི་འཆག་།མི་འཇིགས་།བཀྲིར་མི་རུང ། གཟུང་དུ་མི་རུང ། བཅིང་དུ་མི་རུང ། གདགས་སུ་མི་རུང་སྟེ། ཇི་ལྟར་སེམས་ཅན་ལ་ནམ་མཁའ་སྟོང་པ་ཡོད་པ་བཞིན་ནོ། ། ཐོགས་པ་མེད་པའི་ཕྱིར་ན་སེམས་ཅན་ཐམས་ཅད་ལ་ནམ་མཁའ་སྟོང་པ་ཡོད་ཀྱང་སོ་སོ་ནས་བདག་ཉིད་ཀྱི་ནམ་མཁའ་སྟོང་པ་མི་མཐོང་ངོ ། །གལ་ཏེ་སེམས་ཅན་ལ་ནམ་མཁའ་སྟོང་པ་མེད་ན་སོང་བ་དང་འོང་བ་དང ། འགྲོ་བ་དང ། སྡོད་པ་དང ། འདུག་པ་དང་ཉལ་བ་མེད་ལ། མི་སྐྱེ་མི་འཕེལ་ལོ། །དོན་དེ་ལྟ་བས་ན་ངས་མདོ་སྡེ་ལས་སེམས་ཅན་ཐམས་ཅད་ལ་ནམ་མཁའི་དབྱིངས་ཡོད་དོ་ཞེས་གསུངས་སོ། །ནམ་མཁའི་དབྱིངས་དེ་ཉིད་ནམ་མཁའ་སྟོང་པ་ཞེས་བྱ་སྟེ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་བས་ཇི་ལྟར་ནོར་བུ་རིན་པོ་ལྟར་བྱང་ཆུབ་སེམས་དཔའ་ས་བཅུ་པས་ཅུང་ཟད་ཅིག་མཐོང་ངོ ། །རིགས་ཀྱི་བུ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་
Kha164b
སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི། ཉན་ཐོས་དང ། རང་སངས་རྒྱས་ཀྱིས་ཤེས་པ་མ་ཡིན་ནོ། །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་མི་མཐོང་བའི་ཕྱིར་རྟག་ཏུ་ཉོན་མོངས་པས་ཀུན་ཏུ་གླགས་ནས་འཁོར་བ་ན་འཁོར་བར་གྱུར་ཏོ། །སངས་རྒྱས་ཀྱི་རང་བཞིན་མཐོང་བས་ནི་ཀུན་ནས་ཉོན་མོངས་པས་བཅིང་བར་མི་འགྱུར་ཏེ། འཁོར་བ་ལས་རྣམ་པར་གྲོལ་ཞིང་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་པ་ནི་ཇི་ལྟར་འོ་མའི་ནང་ན་ཞོའི་རང་བཞིན་མཆིས་པ་དང་མཚུངས་སོ། །གལ་ཏེ་འོ་མ་ལ་ཞོའི་རང་བཞིན་མ་མཆིས་ན་ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་རྒྱུ་རྣམ་པ་གཉིས་ཏེ། བདེན་པའི་རྒྱུ་དང ། རྐྱེན་གྱི་རྒྱུ་གསུངས། རྐྱེན་གྱི་རྒྱུ་ནི་དྲི་མ་དང་དྲོད་དེ། ནམ་མཁའ་སྟོང་པ་ནི་རང་བཞིན་མ་མཆིས་པས་རྐྱེན་གྱི་རྒྱུ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གལ་ཏེ་འོ་མའི་ནང་ན་ངེས་པར་མར་གྱི་རང་བཞིན་ཡོད་ན་རྐྱེན་གྱི་རྒྱུ་ཅི་དགོས། བྱང་ཆུབ་སེམས་དཔའ་སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། རང་བཞིན་མཆིས་པའི་སླད་དུ་རྒྱུ་རྐྱེན་གྱི་རྒྱུ་འཚལ་ལོ། །དེ་ཅིའི་སླད་དུ་ཞེ་ན། མཐོང་བར་བགྱི་བའི་སླད་དུའོ། །རྐྱེན་གྱི་རྒྱུ་ནི་གསལ་བའི་རྒྱུ་ལགས་སོ། །བཅོམ་
Kha165a
༄#། །ལྡན་འདས། དཔེར་ན། མུན་པའི་ནང་ན་སྔར་རྫས་དག་མཆིས་པས་མཐོང་བར་འདོད་པའི་ཕྱིར་སྒྲོན་མས་གསལ་བར་བགྱིད་དོ། །གལ་ཏེ་ཐོག་མ་ནས་མ་མཆིས་ན་སྒྲོན་མས་ཅི་ཞིག་སྣང་བར་བགྱི། ཇི་ལྟར་ས་ལ་རྫ་མ་མཆིས་པའི་ཕྱིར་མི་དང ། ཆབ་དང ། འཁོར་ལོ་དང ། ཐག་གུ་དང ། དབྱུག་གུ་ལ་སོགས་པ་ནི་གསལ་བའི་རྒྱུའོ། །ཤིང་ནྱ་གྲོ་དྷའི་འབྲས་བུ་ཡང་ས་དང ། ཆུ་དང ། སྨྲེད་ནི་གསལ་བའི་རྒྱུའོ། །དེ་བཞིན་དུ་འོ་མའི་ཡང་དྲོད་དང་དྲི་མ་ནི་གསལ་བའི་རྒྱུར་འགྱུར་རོ། །དེ་བས་ན་རང་བཞིན་ཐོག་མ་ནས་མཆིས་ཀྱང་གསལ་བའི་རྒྱུ་ལ་རག་ལུས་ཏེ། དེས་མཐོང་བར་འགྱུར་རོ། །དོན་དེ་ལྟ་བས་ནའོ་མའི་ནང་ན་ཐོག་མ་ནས་ཞོ་མཆིས་པར་མངོན་ངོ ། །བཀའ་སྩལ་པ། རིགས་ཀྱི་བུ། གལ་ཏེ་འོ་མའི་ནང་ན་ངེས་པར་ཞོའི་རང་བཞིན་ཡོད་པ་ཞིག་ཡིན་ན་དེ་ཉིད་གསལ་བའི་རྒྱུར་འགྱུར་རོ། །གལ་ཏེ་གསལ་བའི་རྒྱུ་ཡིན་ན་གདོད་གསལ་བར་བྱའང་ཅི་དགོས། རིགས་ཀྱི་བུ། གལ་ཏེ་གསལ་བའི་རྒྱུ་དེ་རང་བཞིན་གྱིས་གསལ་བ་ཡིན་ན་རྟག་ཏུ་བདག་གསལ་བར་བྱེད་པའི་རིགས་སོ། །གལ་ཏེ་བདག་གསལ་བར་མི་བྱེད་ན་གཞན་གསལ་བར་བྱེད་མི་ནུས་སོ། །གལ་ཏེ་གསལ་བའི་རྒྱུ་ལ་རང་བཞིན་རྣམ་པ་གཉིས་ཏེ། བདག་གསལ་བར་བྱེད་པ་དང ། གཞན་གསལ་བར་བྱེད་པའོ་ཞེས་བྱ་བ་ནི་དོན་
Kha165b
དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གསལ་བའི་རྒྱུ་གཅིག་ལ་ཇི་ལྟར་གཉིས་སུ་འགྱུར། གལ་ཏ་གཉིས་སུ་འགྱུར་ན་འོ་མའང་གཉིས་སུ་འགྱུར་རོ། །གལ་ཏེ་འོ་མ་ལ་རང་བཞིན་གཉིས་སུ་མེད་ན་ཅིའི་ཕྱིར་དེ་གསལ་བའི་རྒྱུ་འབའ་ཞིག་གཉིས་སུ་འགྱུར། སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་འཇིག་རྟེན་པས་བདག་དང་མི་བརྒྱད་ཅེས་འཆི་བ་བཞིན་དུ་གསལ་བའི་རྒྱུའང་དེ་དང་འདྲ་སྟེ། བདག་དང་གཞིན་གསལ་བར་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གལ་ཏེ་གསལ་བའི་རྒྱུ་དེ་ལྟ་ན་གསལ་བའི་རྒྱུ་ཞེས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གྲངས་ནི་བདག་དང་གཞན་གྱི་གཟུགས་བགྲང་ནུས་པས་བརྒྱད་ཅེས་བྱ་སྟེ། གཟུགས་ཀྱི་ངོ་བོ་ཉིད་དེ། བདག་ལ་གསལ་བའི་རྒྱུ་མཚན་ཉིད་མེད་དོ། །གསལ་བའི་མཚན་ཉིད་མེད་པས་ན་ཤེས་རབ་ཀྱི་རང་བཞིན་གྱི་དབང་གིས་བདག་དང་གཞན་བགྲང་བར་འགྱུར་བས་ན་དེའི་ཕྱིར་གསལ་བའི་རྒྱུས་བདག་གསལ་བར་མི་ནུས་ཏེ། གཞན་ཡང་གསལ་བར་མི་ནུས་སོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ན་ཅིའི་ཕྱིར་བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསྒྲུབ་དགོས་པར་འགྱུར། གལ་ཏེ་སྒྲུབ་པ་དེ་གསལ་བའི་རྒྱུ་ཡིན་ན་ཞོ་འཇིག་པར་གྱུར་པ་དང་མཐུན་ནོ། །གལ་ཏེ་རྒྱུ་ལ་ངེས་པར་འབྲས་བུ་ཡོད་དོ་ཞེས་བྱར་ནི་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་
Kha166a
༄#། །དང ། ཤེས་རབ་སྐྱེ་ཞིང་འཕེལ་བར་མི་འགྱུར་རོ། །ངས་ནི་འཇིག་རྟེན་པ་དག་སྔ་ན་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་མེད་པ་ལས་མཁན་པོ་ལས་མནོས་ནས་གདོད་ཁང་ཀྱིས་སྐྱེ་ཞིང་འཕེལ་བར་གཟིགས་སོ། །གལ་ཏེ་མཁན་པོས་བསྟན་པ་གསལ་བའི་རྒྱུ་ཡིན་ནོ་ཞེས་བྱར་ནི་མཁན་པོས་བསྟན་པའི་ཚེ་མ་ནོས་པ་ལ་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་མེད་དོ། །གལ་ཏེ་གསལ་བ་ཞིག་ཡིན་ན་མེད་པའི་དུས་ན་གསལ་བར་འགྱུར་བའི་རིགས་ན་ཅིའི་ཕྱིར་གསལ་བར་བྱས་པའི་འོག་ཏུ་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་སྐྱེ་ཞིང་འཕེལ་བར་འགྱུར། སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་གསལ་བའི་རྒྱུ་མ་མཆིས་ན་ཅིའི་སླད་དུ་འོ་མ་དང་ཞོ་ཞེས་མིང་གདགས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། འཇིག་རྟེན་ན་རྒོལ་བའི་ལན་བཏབ་པ་ལ་རྣམ་པ་གསུམ་སྟེ། འདི་ལྟར་འགྱུར་བའི་ལན་བཏབ་པ་སྟེ། ཇི་ལྟར་སྔར་བཤད་པ་ལས་ཇི་ལྟར་ན་ཚུལ་ཁྲིམས་ཞེ་ན། འགྱོད་པ་མེད་པ་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་དུ་ཐོབ་པར་འགྱུར་རོ་ཞེས་བྱ་བ་དང ། ཅང་མི་སྨྲ་བའི་ལན་བཏབ་སྟེ། ཇི་ལྟར་ཀུན་ཏུ་རྒྱུ་ཞིག་འོངས་ནས་ང་ལ་འདི་སྐད་དུ་བདག་ཅེས་བྱ་བ་རྟག་པ་ཡིན་ན་མ་ཞེས་དྲིས་པ་ལས་
Kha166b
ངས་དེའི་ཚེ་ཅང་མི་སྨྲ་བ་དང ། ཐེ་ཚོམ་གྱི་ལན་བཏབ་པ་སྟེ། ཇི་ལྟར་མདོ་སྡེ་འདི་ལས་གལ་ཏེ་གསལ་བའི་རྒྱུ་གཉིས་སུ་འགྱུར་ན་ཅིའི་ཕྱིར་འོ་མ་ལ་གཉིས་སུ་མེད་ཅེས་དྲིས་པ་དང་གསུམ་མོ། །རིགས་ཀྱི་བུ། ངས་དེ་འགྱུར་བའི་ལན་བཏབ་སྟེ། ཇི་ལྟར་འཇིག་རྟེན་པས་འདི་སྐད་དུ་འོ་མ་ཡོད་ན་གདོན་མི་ཟ་བར་ཞོ་ཡོད་པས་དེའི་ཕྱིར་འོ་མ་དང་ཞོ་ཡོད་དོ་ཞེས་བཏགས་ཏེ། སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་བར་སེམས་ཅན་ཡོད་ན་སངས་རྒྱས་ཀྱི་རང་བཞིན་ཡོད་དེ། ཕྱིས་མཐོང་བར་འགྱུར་བའི་ཕྱིར་རོ། །སེངྒེ་སྒྲས་གསོལ་པ།་བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་དེ་ལྟ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདས་པ་ནི་འགགས། མ་འོངས་པ་ནི་མ་ཕྱིན་ན་མཆིས་ཞེས་ཇི་སྐད་བགྱི། གལ་ཏེ་མ་འོངས་པ་ལ་མཆིས་པ་ཞེས་བགྱི་ན་དོན་དེའང་མི་རུང་བ་སྟེ། ཇི་ལྟར་འཇིག་རྟེན་པ་དག་བུ་མེད་པར་མཐོང་ནས། བུ་མེད་དོ་ཞེས་མཆི་བ་དང་མཚུངས་ཏེ།་སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་མ་མཆིས་པར་ཅིའི་སླད་དུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། འདས་པ་ནི་ཡོད་པ་ཞེས་བྱའོ། །དཔེར་ན། སྐྱུར་རྩི་རྨོ་བའི་མྱུ་གུ་སྐྱེས་ནས་འབྲས་བུ་འགོག་སྟེ། མྱུ་གུའང་མངར་བ་ནས་འབྲས་བུ་སྐྱེ་བའི་བར་
Kha167a
༄#། །དུའང་དེ་བཞིན་ཏེ། སྨིན་ནས་སྐྱུར་བར་འགྱུར་རོ། །རིགས་ཀྱི་བུ། རོ་སྐྱུར་བ་ནི་ས་བོན་དང ། མྱུ་གུ་དང ། འབྲས་བུ་སྐྱེ་བའི་བར་དུ་མེད་དེ། སྨིན་པའི་དབྱིབས་དང ། ཁ་དོག་དང ། གཟུགས་ལས་སྐྱུར་བའི་རོ་སྐྱེའོ། །དེ་ལྟར་སྐྱུར་བའི་རོ་དེ་ནི་ཐོག་མ་ནས་མེད་དེ། གཟོད་ཡོད་པར་གྱུར་ཏོ། །དེ་ལྟར་ཐོག་མ་ནས་མེད་ལ་ད་ཡོད་པར་གྱུར་མོད་ཀྱི་ཐོག་མའི་རྒྱུ་མ་ཡིན་པ་མ་ཡིན་ནོ། །དེ་ལྟར་ཐོག་མའི་ས་བོན་འདས་པ་ཡིན་མོད་ཀྱི་ཡོད་པ་ཞེས་བྱ་སྟེ། དོན་དེ་ལྟ་བས་ན་འདས་པའང་ཡོད་པ་ཞེས་བྱའོ། །ཡང་ཇི་ལྟར་ན་མ་འོངས་པ་ལ་ཡོད་པ་ཞེས་བྱ་ཞེ་ན། དཔེར་ན། མི་ཞིག་ཏི་ལ་རྨོས་པ་ལས། ཡང་མི་གཅིག་གིས་འདི་རྨོས་ཏེ་ཅི་དགོས་ཞེས་དྲིས་པ་དང ། དེ་ལ་ལན་བཏབ་པ་མར་ཡོད་དོ་ཞེས་སྨྲས་སོ། །ཡང་དག་པར་མར་མེད་མོད་ཀྱི་ཏིལ་སྨིན་ནས་འབྲུ་བསྡུས་ཏེ་བརྔོ་ཞིང་བརྡུངས་ལ་བཙིར་ན་གདོད་མར་དུ་འབྱུང་བར་འགྱུར་ཏེ། དེ་བས་ན་མི་བདེན་ཏེ་རྫུན་ཟེར་བ་མ་ཡིན་པར་རིག་པར་བྱའོ། །དེ་ལྟ་བས་ན་མ་འོངས་པའང་ཡོད་ཅེས་བྱའོ། །གཞན་ཡང་ཇི་ལྟར་ན་འདས་པ་ལ་ཡོད་པ་ཞེས་བྱ་ཞེ་ན། རིགས་ཀྱི་བུ། དཔེར་ན། མི་གཅིག་གིས་ལྐོག་ཏུ་རྒྱལ་པོ་ལ་ཁ་ཚས་པ་ལས་ལོ་མང་ཞིག་ལོན་པ་དང ། རྒྱལ་པོས་ཐོས་པར་གྱུར་ཏེ། ཐོས་ནས་དེ་ལ་ཅིའི་ཕྱིར་ང་ལ་ཁ་ཟར་ཞེས་དྲིས་པ་དང ། དེས་ལན་བཏབ་
Kha167b
བ།་རྒྱལ་པོ་ཆེན་པོ། བདག་གིས་ཁ་ཚས་མ་བགྱིས་སོ། །དེ་ཅིའི་སླད་དུ་ཞེ་ན། ཁ་ཚས་བགྱིས་པའང་འགགས་ལགས་སོ། །རྒྱལ་པོས་སྨྲས་པ། ང་དང་ཁ་ཚས་བྱས་པ་གཉིས་ཀ་འདུག་བཞིན་དུ་ཅིའི་ཕྱིར་འགགས་ཞེས་སྨྲ། དེའི་རྒྱུ་དེའི་རྐྱེན་གྱིས་ལུས་དང་སྲོག་ཡལ་བར་གྱུར་ཏོ། །རིགས་ཀྱི་བུ། དེ་གཉིས་ནི་ཡང་དག་པར་མེད་ཀྱང་འབྲས་བུ་མེད་པར་མ་གྱུར་ཏོ། །དེ་བས་ན་འདས་པ་ལ་ཡོད་ཅེས་བྱའོ། །གཞན་ཡང་ཇི་ལྟར་ན་མ་འོངས་པ་ལ་ཡོད་པ་ཞེས་བྱ་ཞེ་ན། དཔེར་ན། མི་ཞིག་རྫ་མཁན་གྱི་དེར་སོང་ནས་རྫ་མ་ཡོད་དམ་ཞེས་དྲིས་པ་དང ། རྫ་མ་ཡོད་དོ་ཞེས་སྨྲས་ཏེ། རྫ་མཁན་དེ་ལ་ཡང་དག་པར་ད་ལྟར་རྫ་མ་མེད་དེ། འཇིམ་པ་ཡོད་པས་རྫ་མ་ཡོད་ཅེས་བྱས་ཀྱང་དེ་ལྟར་མི་དེ་རྫུན་ཟེར་བ་མ་ཡིན་པར་རིག་པར་བྱའོ། །དེ་བས་ན་འོ་མའི་ནང་ན་ཞོ་ཡོད་པ་དང ། སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པའང་དེ་དང་འདྲའོ། །སངས་རྒྱས་ཀྱི་རང་བཞིན་མཐོང་བར་འདོད་ན། དུས་དང ། ཚོད་དང ། དབྱིབས་དང ། གཟུགས་ལ་ཤིན་ཏུ་བརྟག་གོ་།དེའི་ཕྱིར་ངས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་གསུངས་པའང་མི་བདེན་པ་མ་ཡིན་ནོ། །སེངྒེ་སྒྲས་གསོལ་པ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མ་མཆིས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟར་ཐོབ་པར་འགྱུར།
Kha168a
༄#། །བདེན་པའི་རྒྱུས་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་ན་བདེན་པའི་རྒྱུ་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་རང་བཞིན་ནོ། །བཅོམ་ལྡན་འདས། གལ་ཏེ་ནྱ་གྲོ་དྷའི་འབྲས་བུ་ལ་ནྱ་གྲོ་དྷའི་ཤིང་མ་མཆིས་ན་ཅིའི་སླད་དུ་ནྱ་གྲོ་དྷའི་འབྲས་བུ་ཞེས་བཏགས་ལ། ཁ་ཏེ་རའི་འབྲས་བུ་ཞེས་མ་བཏགས། བཅོམ་ལྡན་འདས། དཔེར་ན། གཽ་ཏ་མའི་རིགས་ནི་ཨ་ཏེ་ཡའི་རིགས་ཞེས་གདགས་སུ་མི་རུང་ལ། དེ་བཞིན་དུ་ཨ་ཏེ་ཡའི་རིགས་ཀྱང་གཽ་ཏ་མའི་རིགས་ཞེས་གདགས་སུ་མི་རུང ། དེ་བཞིན་དུ་ནྱ་གྲོ་དྷའི་འབྲས་བུའང་ཁ་ཏེ་རའི་འབྲས་བུ་ཞེས་གདགས་སུ་མི་རུང ། ཁ་ཏེ་རའི་འབྲས་བུའང་ནྱ་གྲོ་དྷའི་འབྲས་བུ་ཞེས་བགྱིར་མི་རུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ནི་གཽ་ཏ་མའི་རིགས་ལས་གཞན་མ་ལགས་པ་ལྟར་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། དེ་ལྟ་བས་ན་སེམས་ཅན་ཀུན་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གང་འབྲས་བུ་ལ་ནྱ་གྲོ་དྷ་ཡོད་ཅེས་བྱ་བའི་དོན་དེ་མི་རུང་ངོ ། །གལ་ཏེ་ཡོད་པ་ཞིག་ཡིན་ན་ཅིའི་ཕྱིར་མི་མཐོང ། རིགས་ཀྱི་བུ། དཔེར་ན། འཇིག་རྟེན་གྱི་རྫས་ནི་རྒྱུ་རྐྱེན་ཡོད་པའི་ཕྱིར་ལྟར་མེད་དོ། །རྒྱུ་རྐྱེན་གང་ཞེ་ན། འདི་ལྟ་སྟེ། རིང་བས་མི་
Kha168b
མཐོང་བ་སྟེ། ནམ་མཁའི་བྱ་རྗེས་དང ། ཉེ་བས་མི་མཐོང་བ་སྟེ། མིག་གིས་རྫི་མ་དང ། ཞིག་པས་མི་མཐོང་བ་སྟེ། རྩ་བ་རུལ་པ་དང ། འདུ་ཤེས་འཁྲུགས་པས་མི་མཐོང་བ་སྟེ། སེམས་རྩེ་གཅིག་པ་མ་ཡིན་པ་དང ། ཕྲ་བས་མི་མཐོང་བ་སྟེ། རྡུལ་ཕྲ་མོ་དང ། བསྒྲིབས་པས་མི་མཐོང་བ་སྟེ། སྤྲིན་གྱིས་སྐར་མ་བསྒྲིབས་པ་དང ། མང་བས་མི་མཐོང་བ་སྟེ།་འབྲས་ཀྱི་ཕུང་པོའི་ནང་ན་ཏིལ་ཡོད་པ་དང་འདྲ་བ་དང ། འདྲེས་པས་མི་མཐོང་བ་སྟེ། སྲན་མའི་ཕུང་པོར་སྲན་མ་བཞག་པ་དང་འདྲ་སྟེ། ནྱ་གྲོ་དྷའི་ཤིང་ནི་དེ་ལྟ་བུའི་རྒྱུ་རྐྱེན་རྣམ་པ་བརྒྱད་པོ་དང་མི་འདྲ་ན། གལ་ཏེ་ཡོད་པ་ཞིག་ཡིན་ན་ཅིའི་ཕྱིར་མི་མཐོང ། གལ་ཏེ་ཕྲ་བ་དང་བསྒྲིབས་པའི་ཕྱིར་མི་མཐོང་ཞེས་བྱར་ནི་དོན་དེའང་དེ་ལྟར་མི་རུང་ངོ། །དེ་ཅིའི་ཕྱིར་ཞེ་ན། ཤིང་གི་མཚན་ཉིད་སྦོམ་པའི་ཕྱིར་རོ། །གལ་ཏེ་རང་བཞིན་གྱིས་ཕྲ་ན་ཇི་ལྟར་སྐྱེ་བར་འགྱུར། ཇི་སྟེ་བསྒྲིབས་པའི་ཕྱིར་མི་མཐོང་བ་ཞིག་ཡིན་ན་རྟག་ཏུ་མི་མཐོང་བའི་རིགས་ཏེ། སྔོན་སྦོམ་པའི་རང་བཞིན་མེད་པར་ད་སྦོམ་པར་མཐོང་བས་ན་སྦོམ་པ་དེ་ཐོག་མ་ནས་རང་བཞིན་མེད་དོ། །སྔོན་མཐོང་བའི་རང་བཞིན་མེད་པ་ལས་དེ་མཐོང་བར་གྱུར་ན་མཐོང་བ་དེའང་མཐོང་བའི་རང་བཞིན་མེད་དེ། འབྲས་བུའང་དེ་དང་འདྲ་བར་ཐོག་མ་ནས་ཤིང་མེད་དེ། ད་ཡོད་པར་གྱུར་པ་ལ་ཉེས་པ་ཅི་ཞིག་ཡོད། སེངྒེ་
Kha169a
༄#། །སྒྲས་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་བདེན་པའི་རྒྱུ་དང ། གསལ་བའི་རྒྱུ་རྣམ་པ་གཉིས་སུ་གསུངས་ཏེ། དེ་ལ་ས་དང ། ཆུ་དང ། རྨད་པ་ནི་ནྱ་གྲོ་དྷའི་འབྲས་བུ་གསལ་བའི་རྒྱུར་གྱུར་པས་ཕྲ་མོ་ལས་སྦོམ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གལ་ཏེ་ཐོག་མ་ནས་ཡོད་པ་ཞིག་ཡིན་ན།་གསལ་བའི་རྒྱུ་ཅི་དགོས། གལ་ཏེ་ཐོག་མ་ནས་རང་བཞིན་མེད་ན་གསལ་བ་ཅི་ཞིག་གསལ་བར་བྱ། གལ་ཏེ་ནྱ་གྲོ་དྷ་ལ་ཐོག་མ་ནས་སྦོམ་པའི་རང་བཞིན་མེད་ལ། གསལ་བའི་རྒྱུས་སྦོམ་པར་སྐྱེ་བར་འགྱུར་ན་ལྟ། གཉི་ཀ་མེད་པར་འདྲན་ཅིའི་ཕྱིར་ཤིང་ཁ་ཏེ་ར་མི་སྐྱེ་སྟེ། རིགས་ཀྱི་བུ། གལ་ཏེ་ཕྲ་བས་མི་མཐོང་ན་སྦོམ་པོ་མཐོང་བའི་རིགས་ཏེ། དཔེར་ན།་རྡུལ་གཅིག་པུ་མི་མཐོང་ན་རྡུལ་མང་པོ་འདུས་ན་མཐོང་བར་འགྱུར་བ་བཞིན་དུ་འབྲས་བུ་སྦོམ་པོའང་མཐོང་བའི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་མྱུ་གུ་དང ། སྡོང་བུ་དང ། མེ་ཏོག་དང ། འབྲས་བུའང་ཡོད་ལ། འབྲས་བུ་རེ་རེའི་ནང་ནའང་ས་བོན་ཚད་མེད་པ་ཡོད་དེ། ས་བོན་རེ་རེའང་ཤིང་ཚད་མེད་པ་ཡོད་པས་དེ་བས་ན་སྦོམ་པ་ཞེས་བྱ་སྟེ། དེ་ལྟར་སྦོམ་པར་གྱུར་པས་ན་མཐོང་བར་གྱུར་པའི་རིགས་སོ། །རིགས་ཀྱི་བུ། གལ་ཏེ་ནྱ་གྲོ་དྷའི་ས་བོན་ལ་ནྱ་གྲོ་དྷའི་ས་བོན་གྱི་རང་བཞིན་ཡོད་པས་ཤིང་སྐྱེ་བ་ཞིག་
Kha169b
ཡིན་ན་མིག་གིས་ས་བོན་དེ་ཚིག་བར་མཐོང་ངོ ། །དེ་ལྟར་ཚིག་པའི་རང་བཞིན་ཡང་ཐོག་མ་ནས་ཡོད་པའི་རིགས་སོ། །ཇི་སྟེ་ཐོག་མ་ནས་ཚིག་པ་ཡོད་པ་ཡིན་ན་ཤིང་ཡང་སྐྱེ་བར་མི་རིགས་སོ། །གལ་ཏེ་ཆོས་ཐམས་ཅད་ཐོག་མ་ནས་སྐྱེ་བ་དང་འགོག་པ་ཡིན་ན་ཅིའི་ཕྱིར་དེ་སྔར་སྐྱེས་ལ། ཕྱིས་འགོག་སྟེ་དུས་གཅིག། མ་གྱུར། དོན་དེ་ལྟ་བས་ན་རང་བཞིན་མེད་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་ནྱ་གྲོ་དྷའི་འབྲས་བུ་ལ་ཐོག་མ་ནས་ཤིང་གི་རང་བཞིན་མ་མཆིས་པར་ཤིང་སྐྱེ་བར་འགྱུར་བ་ལགས་ན། གཉིས་ཀ་མ་མཆིས་པར་འདྲ་ན་ཅིའི་སླད་དུ་འབྲས་བུ་དེ་ལས་མར་མི་འབྱུང ། རིགས་ཀྱི་བུ། འབྲས་བུ་དེ་ལས་མར་ཡང་འབྱུང་བར་འགྱུར་ཏེ། ཐོག་མའི་རང་བཞིན་མེད་མོད་ཀྱི། རྒྱུ་དང་རྐྱེན་གྱིས་ཡོད་པར་འགྱུར་རོ། །སེངྒེ་སྒྲས་གསོལ་པ། ཅིའི་སླད་དུ་ཏིལ་གྱི་མར་ཞེས་མི་བགྱི། རིགས་ཀྱི་བུ། ཏིལ་མ་ཡིན་པའི་ཕྱིར་རོ། །རིགས་ཀྱི་བུ།་དཔེར་ན། མེའི་རྐྱེན་གྱིས་མེ་འབྱུང་ལ། ཆུའི་རྐྱེན་གྱིས་ཆུ་འབྱུང་སྟེ། གཉིས་ཀ་རྐྱེན་ལས་སྐྱེས་མོད་ཀྱི་གཅིག་གིས་གཅིག་ཡོད་པར་མི་ནུས་ཏེ། ནྱ་གྲོ་དྷའི་འབྲས་བུ་དང་ཏིལ་མར་ཡང་དེ་དང་འདྲ་སྟེ། གཉིས་ཀ་རྐྱེན་ལས་སྐྱེས་མོད་ཀྱི་གཅིག་གིས་གཅིག་སྐྱེད་པ་མ་ཡིན་ནོ། །ནྱ་གྲོ་དྷའི་འབྲས་བུའི་རང་བཞིན་ནི་བད་ཀན་གྱི་ནད་ལ་ཕན་པར་བྱེད། ཏིལ་མར་གྱི་
Kha170a
༄#། །རང་བཞིན་ནི་རླུང་ལ་ཕན་པར་བྱེད་དོ། །རིགས་ཀྱི་བུ། དཔེར་ན། བུ་རམ་གྱི་ཤིང་གི་རྒྱུ་རྐྱེན་གྱིས་ཤ་ཁ་ར་དང ། བུ་རམ་ནག་པོ་འབྱུང་སྟེ། དེ་ལྟར་རྒྱུ་གཅིག་མོད་ཀྱི།་ཁ་དོག་དང ། དབང་པོ་སོ་སོ་སྟེ། ཤ་ཁ་ར་ནི་མཁྲིས་པའི་ནད་ལ་ཕན་པར་བྱེད་དོ། །བུ་རམ་ནག་པོས་ནི་བད་ཀན་གྱི་ནད་ལ་ཕན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་འོ་མ་ལ་ཞོའི་རང་བཞིན་མ་མཆིས་ལ། ཏིལ་ལ་མར་གྱི་རང་བཞིན་ཡང་མ་མཆིས། ནྱ་གྲོ་དྷའི་འབྲས་བུ་ལ་ཤིང་གི་རང་བཞིན་ཡང་མ་མཆིས། འཇི་བ་ལ་རྫའི་རང་བཞིན་ཡང་མ་མཆིས་པ་དང་འདྲ་བར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མ་མཆིས་ན། སྔར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་རོ་ཞེས་བགྱི་བ་དེ་མི་རུང་ངོ ། །དེ་ཅིའི་སླད་དུ་ཞེན། ལྷ་དང་མི་ལ་རང་བཞིན་མ་མཆིས་ཏེ། རང་བཞིན་མ་མཆིས་པས་ན་མིའང་ལྷར་འགྱུར་ལ་ལྷའང་མིར་འགྱུར་ཏེ། དེའང་ལས་ཀྱི་རྐྱེན་གྱིས་འགྱུར་གྱི་རང་བཞིན་གྱིས་འགྱུར་བ་མ་ལགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་ལས་ཀྱི་རྐྱེན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ། །གལ་ཏེ་
Kha170b
སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་ན། ཅིའི་རྒྱུ་ཅིའི་རྐྱེན་གྱིས་ལོག་སྲེད་ཅན་དག་དགེ་བའི་རྩ་བ་རྣམས་བཅད་པས་སེམས་ཅན་དམྱལ་བར་ལྟུང ། གལ་ཏེ་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཀྱི་རང་བཞིན་ལགས་ན་ལོག་སྲེད་ཅན་གྱིས་གཅོད་མི་ནུས་པའི་རིགས་སོ། །གལ་ཏེ་གཅོད་དུ་རུང་བ་ཞིག་ལགས་ན་སངས་རྒྱས་ཀྱི་རང་བཞིན་རྟག་ཅེས་བགྱིར་མི་རུང་ངོ ། །གལ་ཏེ་རྟག་པ་མ་ལགས་ན་སངས་རྒྱས་ཀྱི་རང་བཞིན་ཞེས་མི་བགྱིའོ། །གལ་ཏེ་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་ན་ཅིའི་སླད་དུ་ཐོག་མ་སེམས་བསྐྱེད་པ་དང ། ཕྱིར་ལྡོག་པ་དང ། ཕྱིར་མི་ལྡོག་པ་ཞེས་བགྱི། གང་ཕྱིར་ལྡོག་པ་དེ་ནི་སངས་རྒྱས་ཀྱི་རང་བཞིན་མ་མཆིས་པར་འཚལ་ལོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འབབ་པ་ནི་བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོས་སྐྱེ་བ་དང ། རྒ་བ་དང ། འཆི་བའི་ཉོན་མོངས་པའི་སྐྱོན་མཐོང་ནས་མྱ་ངན་ལས་འདས་པ་ཆེན་པོ་ལ་སྐྱེ་བ་དང ། རྒ་བ་དང ། འཆི་བའི་ཉོན་མོངས་པ་རྣམས་ཀྱི་སྐྱོན་མེད་པར་བརྟགས་ཏེ། དཀོན་མཆོག་གསུམ་དང ། ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལ་ཡིད་ཆེས་པས་ཚུལ་ཁྲིམས་སྡོམ་པ་ལ་སོགས་པའི་ཆོས་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བགྱིའོ། །གལ་ཏེ་
Kha171a
༄#། །ཆོས་འདིའི་ཕ་རོལ་ན་སངས་རྒྱས་ཀྱི་རང་བཞིན་མཆིས་ན་ཆོས་དེས་རྒྱུ་དང་རྐྱེན་བགྱིའང་ཅི་འཚལ། བཅོམ་ལྡན་འདས། འོ་མ་ནི་རྐྱེན་མི་དགོས་པར་ཞོ་དང་མར་དུ་འགྱུར་བའི་ཆོས་མ་མཆིས་ཏེ། རྒྱུ་དང་རྐྱེན་ལ་རག་ལུས་པ་ནི་འདི་ལྟར་མིས་ལས་སུ་བྱ་བ་དང ། ཆུ་དང ། རྫ་མ་དང ། སྲུབ་ཤིང་དང ། ཐག་གུའོ། །སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། རྒྱུ་དང་རྐྱེན་སྤངས་པའི་ཕ་རོལ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་མི་རིགས་སོ། །གལ་ཏེ་ངེས་པར་མཆིས་ན་རྣལ་འབྱོར་ཅན་དག་ཅིའི་སླད་དུ་སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་ལ་སོགས་པ་ངན་སོང་གསུམ་གྱི་སྡུག་བསྔལ་མཐོང་ནས་ཕྱིར་ལྡོག་པའི་སེམས་སྐྱེ།་གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་མི་འཚལ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་རིགས་ཏེ། འོ་མའང་རྐྱེན་མ་མཆིས་པས་ཞོར་མི་འགྱུར་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྒྱུ་མ་ལགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་མ་མཆིས་སོ། །དོན་དེ་ལྟ་བས་ན་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་རང་བཞིན་མ་མཆིས་སོ། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་སྔར་གསུངས་པ་ལ་དགེ་འདུན་དཀོན་མཆོག་ནི་རྟག་གོ་།གལ་ཏེ་རྟག་པ་ལགས་ན་མི་རྟག་པ་མ་
Kha171b
ལགས་སོ། །མི་རྟག་པ་མ་ལགས་ན་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར། དགེ་འདུན་རྟག་པ་ལགས་ན་ཡང་ཅི་སྟེ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་ཞེས་གསུངས། བཅོམ་ལྡན་འདས། གལ་ཏེ་སེམས་ཅན་ལ་ཐོག་མ་ནས་བྱང་ཆུབ་ཀྱི་སེམས་ཀྱང་མ་མཆིས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱང་མ་མཆིས་ཏེ། ཕྱིས་གདོང་མཆིས་པ་ཞིག་ལགས་ན་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། ཐོག་མ་མ་མཆིས་པ་ལས་ཕྱིས་མཆིས་པར་འགྱུར་རོ། །དོན་དེ་ལྟ་བས་ན་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་སངས་རྒྱས་ཀྱི་རང་བཞིན་གྱི་དོན་ཤེས་པས་རིང་ཞིག་ལོན་ཏེ། ད་སེམས་ཅན་གྱི་ཕྱིར་དེ་ལྟར་དྲིས་པ་ལེགས་སོ། །སེམས་ཅན་ཐམས་ཅད་ལ་ཡང་དག་པར་སངས་རྒྱས་ཀྱི་རང་བཞིན་ཡོད་དོ། །ཁྱོད་ཀྱིས་འདི་སྐད་དུ་སེམས་ཅན་ལ་གལ་ཏེ་སངས་རྒྱས་ཀྱི་རང་བཞིན་ཡོད་ན་ཐོག་མ་སེམས་བསྐྱེད་པ་ཡོད་པའི་མི་རིགས་སོ། །ཞེས་བྱ་བ་ནི།་རིགས་ཀྱི་བུ། སེམས་ནི་སངས་རྒྱས་ཀྱི་རང་བཞིན་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ནི་མི་རྟག་པ་ཡིན་ལ། སངས་རྒྱས་ཀྱི་རང་བཞིན་ནི་རྟག་པ་ཡིན་པའི་ཕྱིར་རོ། །ཁྱེད་
Kha172a
༄#། །ཀྱིས་འདི་སྐད་དུ་ཅིའི་ཕྱིར་ཕྱིར་ལྡོག་པའི་སེམས་ཡོད་ཅེས་བྱ་བ་ནི་ཡང་དག་པར་སེམས་ལ་ཕྱིར་ལྡོག་པ་མེད་དོ། །གལ་ཏེ་སེམས་ལ་སེམས་ཕྱིར་ལྡོག་པ་ཡོད་ན་ནམ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་ཏེ། ཐོབ་པ་བུལ་བའི་ཕྱིར་ཕྱིར་མི་ལྡོག་པ་ཞེས་བྱའོ། །བྱང་ཆུབ་ཀྱི་སེམས་དེ་ནི་ཡང་དག་པར་ན་སངས་རྒྱས་ཀྱི་རང་བཞིན་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལོག་སྲེད་ཅན་དག་དགེ་བའི་རྩ་བ་བཅད་པས་སེམས་ཅན་དམྱལ་བར་ལྟུང་བའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཀྱི་རང་བཞིན་ཡིན་ན་ནི་ལོག་སྲེད་ཅན་དག་ལོག་སྲེད་ཅན་ཞེས་བྱ་བར་མི་འགྱུར་རོ། །བྱང་ཆུབ་ཀྱི་སེམས་ཀྱང་མི་རྟག་པ་ཞེས་བྱར་མི་རུང་སྟེ། དེ་བས་ན་ངེས་པར་བྱང་ཆུབ་ཀྱི་སེམས་ནི་ཡང་དག་པར་སངས་རྒྱས་ཀྱི་རང་བཞིན་མ་ཡིན་པར་ཤེས་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་འདི་སྐད་དུ་གལ་ཏེ་སངས་རྒྱས་ཀྱི་རང་བཞིན་ཡོད་ན་ཇི་ལྟར་འོ་མ་ལས་ཞོར་འགྱུར་བ་ལྟར་རྐྱེན་ལ་རག་ལུས་སོ་ཞེས་བྱ་བ་དེའང་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་རྣམ་པ་ལྔས་མར་དུ་འགྱུར་བ་ལྟར་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། དཔེར་ན། རྡོ་ལ་ནི་གསེར་ཡང་ཡོད། དངུལ་ཡང་ཡོད། ཟངས་ཀྱང་ཡོད། ལྕགས་ཀྱང་ཡོད་དེ། དེ་དག་ཆེན་པོ་བཞི་ལ་
Kha172b
གནས་པར་འདྲའང་མིང་གཅིག་སྙིང་པོ་གཅིག་ལས་འབྱུང་བ་སོ་སོ་སྟེ། རྒྱུ་དང་རྐྱེན་མང་པོ་དགོས་སོ། །དེའང་སེམས་ཅན་གྱི་བསོད་ནམས་དང ། མིས་ལས་སུ་བྱས་པ་ལས་གདོད་འབྱུང་བར་འགྱུར་ཏེ། དེ་བས་ན་ཐོག་མ་ནས་གསེར་གྱི་རང་བཞིན་མེད་པར་རིག་པར་བྱའོ། །སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་སངས་རྒྱས་ཞེས་མི་བྱ་སྟེ། བསོད་ནམས་མང་པོའི་རྒྱུ་དང་རྐྱེན་འདུས་པས་སངས་རྒྱས་ཀྱི་རང་བཞིན་མཐོང་བར་གྱུར་ན་གདོད་སངས་རྒྱས་ཐོབ་པར་འགྱུར་རོ། །ཁྱོད་ཀྱིས་འདི་སྐད་དུ་སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ན་ཅིའི་ཕྱིར་མི་མཐོང་ཅེས་བྱ་བའི་དོན་དེའང་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་དང་རྐྱེན་མ་འདུས་པའི་ཕྱིར་རོ། །རིགས་ཀྱི་བུ། དོན་དེ་ལྟ་བས་ན་ངས་བདེན་པའི་རྒྱུ་དང་རྐྱེན་གྱི་རྒྱུ་རྣམ་པ་གཉིས་སུ་གསུངས་ཏེ། དེ་ལ་བདེན་པའི་རྒྱུ་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །རྐྱེན་གྱི་རྒྱུ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟེ། རྒྱུ་དང་རྐྱེན་དེ་གཉིས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ནི་ཇི་ལྟར་རྡོ་ལ་གསེར་འབྱུང་བ་བཞིན་ནོ། །རིགས་ཀྱི་བུ་ཁྱོད་ཀྱིས་འདི་སྐད་དུ་དགེ་འདུན་ནི་རྟག་པས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མེད་དོ་ཞེས་བྱ་བ་ནི། རིགས་ཀྱི་བུ། དགེ་འདུན་ཞེས་བྱ་བ་ནི་འདུམ་པ་སྟེ། འདུམ་པ་ལ་རྣམ་པ་གཉིས་སོ། །འདི་ལྟར་
Kha173a
༄#། །ཀུན་རྫོབ་ཏུ་འདུམ་པ་དང ། དོན་དམ་པ་ལ་འདུམ་པའོ། །དེ་ལ་ཀུན་རྫོབ་ཏུ་འདུམ་པ་ནི། ཉན་ཐོས་ཀྱི་དགེ་འདུན་ནོ། །དོན་དམ་པ་ལ་འདུམ་པ་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་ནོ། །ཀུན་རྫོབ་ཀྱི་དགེ་འདུན་ནི་མི་རྟག་པ་སྟེ། སངས་རྒྱས་ཀྱི་རང་བཞིན་ནི་རྟག་པའོ། །ཇི་ལྟར་སངས་རྒྱས་ཀྱི་རང་བཞིན་རྟག་པ་ལྟར་དོན་དམ་པའི་དགེ་འདུན་ཡང་དེ་དང་འདྲའོ། །གཞན་ཡང་དགེ་འདུན་ལ་འདི་ལྟ་སྟེ། ཆོས་དང་འདུམ་པའོ། །ཆོས་དང་འདུམ་པ་ནི་འདི་ལྟ་སྟེ། མདོ་སྡེ་སྡེ་བཅུ་གཉིས་སོ། ། མདོ་སྡེ་སྡེ་བཅུ་གཉིས་རྟག་པས་ན་དེའི་ཕྱིར་ངས་ཆོས་དང་དགེ་འདུན་ནི་རྟག་པའོ་ཞེས་གསུངས་སོ། །རིགས་ཀྱི་བུ། དགེ་འདུན་ནི་འདུམ་པ་ཞེས་བྱ་སྟེ། གང་འདུམ་པ་དེ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་སོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་རྟག་པ་ལྟར་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། དེ་བས་ན་ངས་དགེ་འདུན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ཅེས་གསུངས་སོ། །ཡང་དགེ་འདུན་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་འདུམ་པ་སྟེ། དེ་བས་ན་ངས་དགེ་འདུན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ཅེས་གསུངས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་འདི་སྐད་དུ་སེམས་ཅན་ལ་གལ་ཏེ་སངས་རྒྱས་
Kha173b
ཀྱི་རང་བཞིན་ཡོད་ན། ཅི་སྟེ་ཕྱིར་ལྡོག་པ་དང ། ཕྱིར་མི་ལྡོག་པ་ཡོད་ཅེས་དྲིས་པ་ཤིན་ཏུ་ཡིད་ལ་བྱས་ཏེ་རྟག་པར་ཉོན་ཅིག་དང ། ངས་རྣམ་པར་དགྲོལ་ཞིང་བསྟན་པར་བྱའོ། །རིགས་ཀྱི་བུ།་བྱང་ཆུབ་སེམས་དཔའི་སེམས་དཔའ་ཆེན་པོ་ཆོས་རྣམ་པ་བཅུ་གསུམ་གྱིས་ཕྱིར་ལྡོག་པར་འགྱུར་རོ། །བཅུ་གསུམ་པོ་གང་ཞེ་ན། འདི་ལྟ་སྟེ། མ་དད་པའི་སེམས་དང ། ནན་ཏན་མི་བྱེད་པའི་སེམས་དང ། ཐེ་ཚོམ་གྱི་སེམས་དང ། ལུས་དང་ཟང་ཟིང་ལ་ཆགས་ཤིང་སེར་སྣ་བྱེད་པ་དང ། མྱ་ངན་ལས་འདས་པ་ཆེན་པོ་ལ་འཇིགས་པ་ཆེན་པོ་སྐྱེད་དེ་ཇི་ལྟར་སེམས་ཅན་དག་ཡོངས་སུ་མྱ་ངན་ལས་བཟླ་སྙམ་པ་དང ། བཟོད་པའི་སེམས་མེད་པ་དང ། མ་དུལ་བའི་སེམས་དང ། མྱ་ངན་གྱིས་གདུངས་པའི་སེམས་དང ། མི་བདེན་པ་དང ། བག་མེད་པ་དང ། བདག་གི་ལུས་ལ་བརྙས་པ་དང ། ཉོན་མོངས་པ་གཞིག་མི་ནུས་པར་ལྟ་བ་དང ། བྱང་ཆུབ་ཀྱི་ཆོས་ལ་འཇུག་པར་མི་མོས་པ་སྟེ། རིགས་ཀྱི་བུ། ཆོས་རྣམ་པ་བཅུ་གསུམ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ལས་ཕྱིར་ལྡོག་པར་བྱེད་དོ། །ཡང་ཆོས་རྣམ་པ་དྲུག་པོ་འདིས་བྱང་ཆུབ་ཀྱི་སེམས་འཇིག་པར་བྱེད་དོ། །དྲུག་གང་ཞེ་ན། འདི་ལྟ་སྟེ། ཆོས་ལ་སེར་སྣ་བྱེད་པ་དང ། སེམས་ཅན་རྣམས་ལ་མི་དགེ་བའི་སེམས་སྐྱེད་པ་དང ། མི་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང ། བརྩོན་འགྲུས་མི་
Kha174a
༄#། །རྩོམ་པ་དང ། བདག་བསྟོད་ཅིང་ང་རྒྱལ་བྱེད་པ་དང ། འཇིག་རྟེན་གྱི་ལས་བྱེད་པ་སྟེ། ཆོས་དྲུག་པོ་དེ་དག་ནི་བྱང་ཆུབ་ཀྱི་སེམས་འཇིག་པར་བྱེད་པའོ། ། རིགས་ཀྱི་བུ། ལ་ལ་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་ནི་ལྷ་དང་མིའི་སྟོན་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་ནང་ན་གཙོ་བོར་གྱུར་པ། བསྒྲུན་དུ་མེད་པ། ཉན་ཐོས་དང་རང་སངས་རྒྱས་ལས་འཕགས་པ། ཆོས་ཀྱི་སྤྱན་རབ་ཏུ་གསལ་བས་ཆོས་ལ་ཐོགས་པ་མེད་པར་གཟིགས་པ། སེམས་ཅན་ཐམས་ཅད་ཉོན་མོངས་པའི་རྒྱ་མཚོ་ལས་སྒྲོལ་བའོ་ཞེས་ཐོས་ནས། སྨོན་ལམ་དང་ཡི་དམ་ཆེན་པོ་བསྐྱེད་དེ། དེ་ལྟར་འཇིག་རྟེན་ན་དེ་ལྟ་བུའི་སྐྱེས་བུ་ཡོད་ན་བདག་ཀྱང་ཐོབ་པར་འགྱུར་རོ་སྙམ་དུ་བསམས་ཏེ། དེའི་རྒྱུ་དེའི་རྐྱེན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང ། ཡང་ན་གཞན་གྱིས་བསྟན་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང ། ཡང་ན་བྱང་ཆུབ་སེམས་དཔའ་བསྐལ་པ་གྲངས་མེད་པའི་བར་དུ་དཀའ་བ་སྤྱད་ནས་གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་ཞེས་ཐོས་ཏེ། ཐོས་ནས་འདི་སྙམ་དུ་བདག་ནི་དེ་ལྟར་དཀའ་བ་སྤྱོད་མི་ནུས་ན། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་སྙམ་སྟེ། དེའི་ཕྱིར་ལྡོག་པར་འགྱུར་རོ།། །།འཕགས་པ་
Kha174b
ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་སུམ་ཅུ་བརྒྱད་པ། རིགས་ཀྱི་བུ། གཞན་ཡང་ཆོས་རྣམ་པ་འདི་ལྔས་བྱང་ཆུབ་ཀྱི་སེམས་ལས་ཕྱིར་ལྡོག་པར་འགྱུར་རོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། མུ་སྟེགས་ཅན་གྱི་ཆོས་ལ་རབ་ཏུ་འབྱུང་བར་དགའ་བ་དང ། བྱམས་པ་ཆེན་པོའི་སེམས་མི་སྒོམ་པ་དང ། ཆོས་སྨྲ་བ་ལ་སྐྱོན་ཚོལ་བར་དགའ་བ་དང ། རྟག་ཏུ་འཁོར་བ་ལ་དགའ་བ་དང ། མདོ་སྡེ་སྡེ་བཅུ་གཉིས་འཛིན་པ་དང ། ཀློག་པ་དང ། འདོན་པ་དང ། ཡི་གེར་འདྲི་བ་དང ། དགྲོལ་ཞིང་འཆད་པར་མི་མོས་པ་སྟེ། དེ་ནི་བྱང་ཆུབ་ཀྱི་སེམས་ལས་ཕྱིར་ལྡོག་པའི་ཆོས་ལྔའོ། །ཡང་ཆོས་རྣམ་པ་འདི་གཉིས་ཀྱིས་བྱང་ཆུབ་ཀྱི་སེམས་ལས་ཕྱིར་ལྡོག་པར་བྱེད་དོ། །གཉིས་གང་ཞེ་ན། འདི་ལྟ་སྟེ། འདོད་པ་ལྔ་ལ་ཆགས་ཤིང་ཞེན་པ་དང ། དཀོན་མཆོག་གསུམ་ལ་བསྟི་སྟང་དང་རིམ་གྲོ་དང་བཀུར་སྟི་མི་བྱེད་པ་སྟེ། དེ་ལྟ་བུ་ལ་སོགས་པའི་རྒྱུ་རྐྱེན་མང་པོས་བྱང་ཆུབ་ཀྱི་སེམས་ལས་ཕྱིར་ལྡོག་པར་འགྱུར་རོ། །ཡང་ཇི་ལྟར་ན་ཕྱིར་མི་ལྡོག་པའི་སེམས་ཞེས་བྱ་ཞེ་ན། ལ་ལ་ཞིག་དེ་བཞིན་གཤེགས་པས་སེམས་ཅན་རྣམས་སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་ལས་སྒྲོལ་བར་མཛད་དེ། གཞན་ལ་རག་མ་ལུས་པར་ནན་ཏན་བྱས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་ཞེས་ཐོས་ནས། གལ་ཏེ་བྱང་ཆུབ་ཀྱི་ལམ་
Kha175a
༄#། །ཐོབ་པ་ཞིག་ཡིན་ན། བདག་ཀྱང་ཤིན་ཏུ་ནན་ཏན་བྱས་ཏེ་གདོན་མི་ཟ་བར་ཐོབ་པར་བྱའོ་སྙམ་དུ་བསམས་ནས། དེའི་རྒྱུ་དེའི་རྐྱེན་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བསོད་ནམས་མང་དུ་བྱས་ཀྱང་རུང ། ཉུང་ཡང་རུང ། ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ནས་ཡི་དམ་འདི་སྐད་བཅས་ཏེ།་བདག་རྟག་ཏུ་སངས་རྒྱས་དང་སངས་རྒྱས་ཀྱི་ཉེ་གནས་ལ་བསྙེན་བཀུར་བྱེད་པར་གྱུར་ནས་རྟག་ཏུ་ཆོས་ཟབ་མོ་ཐོས་ཤིང་དབང་པོ་ལྔ་དང་ལྡན་པར་གྱུར་ཏེ། གལ་ཏེ་སྡུག་བསྔལ་གྱིས་རབ་ཏུ་གདུངས་ཀྱང་སེམས་དེ་མ་སྟོར་བར་ཤོག་ཅིག་ཅེས་སྨོན་ལམ་འདེབས་པ་དང ། ཡང་སངས་རྒྱས་དང་སངས་རྒྱས་ཀྱི་ཉེ་གནས་ཀྱིས་རྟག་ཏུ་བདག་ལ་དགོངས་པའི་ཐུགས་བསྐྱེད་དེ། དགེ་བའི་རྩ་བ་རྣམ་པ་ལྔ་དང་ལྡན་པར་གྱུར་ནས་གལ་ཏེ་སེམས་ཅན་དག་བདག་གི་ལུས་བཅད་དམ། རྐང་ལག་དང ། མགོ་དང ། མིག་དང ། ཡན་ལག་ཐམས་ཅད་གཏུབས་ཀྱང་དེ་དག་ལ་བྱམས་པ་ཆེན་པོའི་སེམས་བསྐྱེད་ཅིང་བདག་རབ་ཏུ་དགའ་སྟེ། སྐྱེས་བུ་དེས་ནི་བདག་གི་བྱང་ཆུབ་ཀྱི་རྒྱུ་སྐྱེ་ཞིང་འཕེལ་བར་བྱས་སོ། །གལ་ཏེ་བདག་མེད་ན་བདག་ཅིའི་རྐྱེན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་སྙམ་སྟེ་སྨོན་ལམ་ཆེན་པོ་འདེབས་པ་དང ། ཡང་
Kha175b
འདི་སྐད་དུ་བདག་མཚན་མེད་པ་དང ། མཚན་གཉིས་པ་དང ། བུད་མེད་ཀྱི་ལུས་སུ་མ་གྱུར་ཅིག་།གཞན་གྱིས་དབང་བྱེད་པར་མ་གྱུར་ཅིག་།རྗེ་བོ་ངན་པ་དང་མ་ཕྲད་ཅིག་།རྒྱལ་པོ་ངན་པས་དབང་བར་མ་གྱུར་ཅིག་།ཡུལ་ངན་པར་མ་སྐྱེ་ཞིག་།གལ་ཏེ་ལུས་བྱད་བཟང་པོ་ཐོབ་ནའང་ཆོ་རིགས་བཙུན་པ་དང ། ནོར་དང་རིན་པོ་ཆེ་མང་པོ་བདོག་པ་དང ། བདོག་ནས་ཀྱང་དྲེགས་པར་མ་གྱུར་ཅིག་།བདག་གིས་རྟག་ཏུ་མདོ་སྡེ་སྡེ་བཅུ་གཉིས་ཐོས་ནས་གཟུངས་སུ་འཛིན་པ་དང ། ཀློག་པ་དང ། འདོན་པ་དང ། ཡི་གེར་འདྲི་བ་དང ། དགྲོལ་ཞིང་འཆད་པར་གྱུར་ཅིག་།གལ་ཏེ་སེམས་ཅན་ལ་དགྲོལ་ཞིང་འཆད་ན་ཕ་རོལ་པོས་ཡིད་ཆེས་ཤིང་འཛིན་པ་དང ། རབ་ཏུ་དད་ནས་ཐེ་ཚོམ་མེད་པར་གྱུར་ཏེ། རྟག་ཏུ་བདག་ལ་ངན་སེམས་མི་སྐྱེ་བར་གྱུར་ཅིག་།ཉུང་དུ་ཐོས་པ་ལ་མང་དུ་ཤེས་པར་གྱུར་ཅིག་།མང་དུ་ཐོས་ལ་དོན་མི་ཤེས་པར་མ་གྱུར་ཅིག་།སེམས་ཀྱིས་སྟོན་པར་གྱུར་ཏེ། མི་སྟོན་པའི་སེམས་སུ་མ་གྱུར་ཅིག་།ལུས་དང་ངག་དང་ཡིད་ཀྱི་ལས་སྡིག་པ་མི་དགེ་བ་དང་འདྲེས་པར་མ་གྱུར་ཅིག་།སེམས་ཅན་ཐམས་ཅད་ལ་བདེ་བ་བྱིན་པར་གྱུར་ཅིག་།ལུས་ཀྱི་ཚུལ་ཁྲིམས་དང ། སེམས་ཀྱི་ཤེས་རབ་རི་དང་འདྲ་བར་མི་གཡོ་བར་གྱུར་ཅིག་།བླ་ན་མེད་པའི་དམ་པའི་ཆོས་ཡོངས་སུ་འཛིན་པའི་ཕྱིར་ལུས་དང་སོག་དང་ཟང་ཟིང་ལ་འཇུངས་པར་མ་གྱུར་ཅིག་།མ་བརྟགས་པའི་རྫས་ཀྱིས་བསོད་ནམས་
Kha176a
༄#། །ཀྱི་ལས་བྱེད་པར་མ་གྱུར་ཅིག་།ཡང་དག་པའི་འཚོ་བས་འཚོ་ཞིང་གཡོ་སྒྱུའི་སེམས་མེད་པར་གྱུར་ཅིག་།རྟག་ཏུ་དྲིན་དྲན་ཞིང་དྲིན་ཆུང་ངུའང་ཆེར་ལན་ལོན་པར་གྱུར་ཅིག་།འཇིག་རྟེན་གྱི་རྩལ་གྱི་དངོས་པོ་ལ་མཁས་པར་གྱུར་ཅིག་།སེམས་ཅན་གྱི་ཕྱོགས་ཀུན་གྱི་སྐད་ལ་མཁས་པར་གྱུར་ཅིག་།མདོ་སྡེ་སྡེ་བཅུ་གཉིས་ཀློག་གམ། འདོན་ཏམ།་ཡི་གེར་འདྲི་ན་ལེ་ལོ་དང་སྙོམ་ལས་བྱེད་པར་མ་གྱུར་ཅིག་།གལ་ཏེ་སེམས་ཅན་གང་ཐོས་པར་མི་དགའ་ན་ཐམས་ཅད་ཀྱིས་ཐོས་པར་དགའ་བར་བྱེད་པར་གྱུར་ཅིག་།སྨྲ་བ་མཉན་ལ་ངེས་ཤིང་མི་དགེ་བའི་ངག་བརྗོད་པར་མ་གྱུར་ཅིག་།མི་འདུམ་པའི་སྡུམས་བྱེད་པར་གྱུར་ཅིག་།མྱ་ངན་དང་འཇིགས་པར་གྱུར་པ། མྱ་ངན་དང་འཇིགས་པ་སྤོང་བར་གྱུར་ཅིག་།མུ་གེ་བྱུང་བའི་དུས་སུ་ཆོག་ཅིང་འགྲངས་པར་གྱུར་ཅིག་།ནད་དང་གོར་བྱུང་བའི་དུས་སུ་སྨན་པའི་རྒྱལ་པོར་གྱུར་ཏེ། ནད་ཀྱི་རྐྱེན་སྨན་དང ། ནོར་དང ། རིན་པོ་ཆེ་ཅི་དང་ཅི་དགོས་པ་ཡིད་བཞིན་དུ་སྦྱིན་པར་གྱུར་ཏེ་ནད་རྣམས་བསལ་བར་གྱུར་ཅིག། མཚོན་གྱི་བསྐལ་པའི་ཚེ་མཐུ་སྟོབས་ཆེན་པོ་ཡོད་པར་གྱུར་ཏེ། གནོད་པ་དང ། འཚེ་བ་མ་ལུས་པར་ཆོད་པར་གྱུར་ཅིག་།སེམས་ཅན་གྱི་འཇིགས་པ་རྣམ་པ་སྣ་ཚོགས་གཅོད་པར་གྱུར་པ་ནི་འདི་ལྟ་སྟེ། འཆི་བ་དང ། འཆིང་བའམ། རྡོག་པའམ། ཆུའམ་
Kha176b
མེའམ། རྒྱལ་པོའམ། རྐུན་པོའམ། དབུལ་པོའམ། ཁྲིམས་འཇིག་པའམ། མི་སྙན་པའམ། ངན་སོང་ངམ། དེ་ལྟ་བུ་ལ་སོགས་པའི་འཇིགས་པ་ཀུན་ཡོངས་སུ་གཅོད་པར་གྱུར་ཅིག་།ཕ་མ་དང ། མཁན་པོ་དང ། བླ་མ་ལ་ཤིན་ཏུ་བཀུར་སྟི་བྱེད་པར་གྱུར་ཅིག་།འཁོན་པ་དང་སྡང་བ་ལ་བྱམས་པ་ཆེན་པོའི་སེམས་སྐྱེ་བར་གྱུར་ཅིག་།རྟག་ཏུ་དྲན་པ་ཉེ་བར་བཞག་པ་དྲུག་དང ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་རྣམ་གྲངས་དང ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་དང ། སྐྱེ་ཞིང་འགོག་པ་ལ་སོགས་པའི་ལྷག་མཐོང་དང ། དབུགས་ཕྱི་ནང་བགྲང་བ་དང ། ལྷའི་སྤྱོད་པ་དང ། ཚངས་པའི་སྤྱོད་པ་དང ། འཕགས་པའི་སྤྱོད་པ་དང ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་སྒོམ་པར་གྱུར་ཅིག་།དཀོན་མཆོག་གསུམ་མེད་པའི་གནས་སུ་བདག་ཉིད་ཀྱིས་རབ་ཏུ་ཞི་བའི་སེམས་ཐོབ་ཅིང་གལ་ཏེ་ལུས་དང་སེམས་ཉོན་མོངས་པ་ཆེན་པོ་མྱོང་ནའང་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་སྟོར་བར་མ་གྱུར་ཅིག་།ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་ཀྱིས་ཆོག་པར་མ་གྱུར་ཅིག་།དཀོན་མཆོག་གསུམ་མེད་པའི་གནས་སུ་རྟག་ཏུ་མུ་སྟེགས་ཅན་གྱི་ཆོས་ལ་རབ་ཏུ་བྱུང་སྟེ་ངན་པར་ལྟ་བ་འཇིག་ཅིང་དེའི་ཆོས་ལ་གོམས་པར་མི་བྱེད་པར་ཆོས་ཀྱི་དབང་དང་སེམས་ཀྱི་དབང་ཐོབ་པར་གྱུར་ཅིག་།འདུས་བྱས་ཀྱི་ཆོས་ཀྱི་སྐྱོན་བསལ་བར་མཐོང་བར་
Kha177a
༄#། །གྱུར་ཅིག་།ཇི་ལྟར་སྲོག་ཕངས་པ་ལུས་གཏོང་བ་ལ་འཇིགས་པ་ལྟར་བདག་ཀྱང་ཐེག་པ་གཉིས་ཀྱི་ལམ་གྱི་འབྲས་བུ་ལ་འཇིགས་པར་གྱུར་ཅིག་།ཇི་ལྟར་སེམས་ཅན་རྣམས་སུམ་ཅུ་རྩ་གསུམ་གནམ་གྱི་བདེ་ལ་མོས་པ་ལྟར་སེམས་ཅན་གྱི་ཕྱིར་ངན་སོང་གསུམ་ལ་མོས་པར་གྱུར་ཅིག་།སེམས་ཅན་གཅིག་གི་ཕྱིར་ཡང་བསྐལ་པ་ཚད་མེད་པའི་བར་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་མྱོང་ཡང་འགྱོད་པའི་སེམས་མི་སྐྱེ་བར་གྱུར་ཅིག་།གཞན་གྱིས་རྙེད་པ་མཐོང་ན་ཕྲག་དོག་མི་སྐྱེད་ཅིང་ཇི་ལྟར་བདག་བདེ་བ་ཐོབ་པ་ལྟར་རྟག་ཏུ་དགའ་བར་གྱུར་ཅིག་།གལ་ཏེ་དཀོན་མཆོག་གསུམ་དང་ཕྲད་ན་ན་བཟའ་དང ། བཤོས་དང ། གཟིམས་ཆ་དང ། གནས་ཁང་དང ། སྙུན་གྱི་རྐྱེན་སྨན་དང ། མར་མེ་དང ། མེ་ཏོག་དང ། སྤོས་དང ། རོལ་མོ་དང ། གདུགས་དང ། བ་དན་དང ། རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་མཆོད་པར་གྱུར་ཅིག་།གལ་ཏེ་སངས་རྒྱས་ཀྱི་ཚུལ་ཁྲིམས་མནོས་ན་ཤིན་ཏུ་བརྟེན་པར་བསྲུངས་ཏེ། ནམ་ཡང་འཇིག་པའི་མཚན་ཉིད་མ་སྐྱེད་ཅིག་།གལ་ཏེ་བྱང་ཆུབ་སེམས་དཔའི་དཀའ་བ་སྤྱོད་པ་ཐོས་ན་རབ་ཏུ་དགའ་མོས་ཏེ་འགྱོད་པའི་སེམས་མ་སྐྱེད་ཅིག་།བདག་གི་སྔོན་གྱི་གནས་ཀྱི་དངོས་པོ་དྲན་ཞིང་ནམ་ཡང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ལས་བྱེད་པར་མ་གྱུར་ཅིག་།འབྲས་བུ་སྨིན་པ་ལ་རེ་བའི་ཕྱིར་རྒྱུ་རྐྱེན་
Kha177b
ཚོགས་པར་མ་གྱུར་ཅིག་།ད་ལྟར་གྱི་བདེ་བ་ལ་ཆགས་ཤིང་ཞེན་པར་མ་གྱུར་ཅིག་ཅེས་ཡི་དམ་འཆའོ། །རིགས་ཀྱི་བུ། གང་འདི་ལྟ་བུའི་ཡི་དམ་འཆའ་བ་ནི་བྱང་ཆུབ་སེམས་དཔའ་ནམ་ཡང་བྱང་ཆུབ་ཀྱི་སེམས་ལས་མི་ལྡོག་མི་སྟོར་བ་ཞེས་ཀྱང་བྱ། སྦྱིན་པའི་བདག་པོ་དེ་བཞིན་གཤེགས་པ་དང་སངས་རྒྱས་ཀྱི་རང་བཞིན་མངོན་པར་མཐོང་བས་སེམས་ཅན་གདུལ་མཁས་པ། འཁོར་བ་ལས་སྒྲོལ་བ། བླ་ན་མེད་པའི་ཆོས་ཤིན་ཏུ་འཛིན་ཅིང་སྲུང་བ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་ཞེས་ཀྱང་བྱའོ། །རིགས་ཀྱི་བུ། དོན་དེ་ལྟ་བས་ན་ཕྱིར་མི་ལྡོག་པའི་སེམས་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་མི་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་ཕྱིར་མི་ལྡོག་པའི་སེམས་ཡོད་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མེད་དོ་ཞེས་བྱར་མི་རུང་སྟེ། དཔེར་ན། མི་གཉིས་ཤིག་འདི་སྐད་དུ་ཕྱོགས་གཞན་ཞིག་ན་རིན་པོ་ཆེ་སྣ་བདུན་གྱི་རི་ཡོད་དེ། རི་དེ་ལ་ཆུ་མིག་བཟང་པོ་རོ་དང་ལྡན་པའང་ཡོད་དོ། ། གང་གིས་དེར་ཕྱིན་ན་དབུལ་ཞིང་ཕོངས་པ་མེད་པར་འགྱུར་ལ། ཆུ་དེ་འཐུངས་ན་ཚེ་རིང་ཞིང་ལོ་བརྒྱ་ཕྲག་སྟོང་ཐུབ་པར་འགྱུར་ཏེ། ཉེན་དུ་ལམ་རིང་ཞིང་ཉམ་ང་བ་དང་བགེགས་མང་ངོ་ཞེས་ཐོས་ནས། དེ་ནས་མི་དེ་གཉིས་ཀ་འགྲོ་བར་གཟས་ནས་གཅིག་གིས་ནི་ལམ་དུ་འགྲོ་བའི་ཡོ་བྱད་ཐམས་ཅད་བཤམས་ནས་ཆས་སོ། །གཅིག་ནི་སྟོང་པ་ཅིའང་མེད་པར་
Kha178a
༄#། །ཆས་ཏེ།་འགྲོགས་ཤིང་ལམ་དུ་སོང་སོང་བ་ལས་རིན་པོ་ཆེ་སྣ་བདུན་མང་པོ་ཐོགས་པའི་མི་ཞིག་དང་ཕྲད་དོ། །དེ་ནས་མི་དེ་གཉིས་ཀྱིས་དྲིས་པ། ཀྱེ་སྐྱེས་བུ་ཆེན་པོ་ཡུལ་དེ་ན་ཡང་དག་པར་རིན་པོ་ཆེ་སྣ་བདུན་གྱི་རི་ཡོད་དམ། དེས་སྨྲས་པ། ཡང་དག་པར་ཡོད་དེ། མི་རྫུན་པས་ན་བདག་གིས་ནི་རིན་པོ་ཆེའང་ཐོབ་ལ་ཆུའང་འཐུངས་ཏེ།་ཉེན་དུ་ལམ་ཉམ་ང་ཞིང་རིང་ལ་རྐུན་པོ་དང་ཆོམ་པོ་རྒོད་དེ། མྱ་ངན་དང་ཚེར་མ་ནི་མང་གི། ཆུ་དང་རྩཝ་ནི་མེད་པས་བརྒྱ་ཕྲག་སྟོང་ཙམ་སོང་ཡང་ཕྱིན་པ་ནི་ཤིན་ཏུ་ཉུང་ངོ ། ། དེས་དེ་སྐད་ཅེས་སྨྲས་པ་ཐོས་ནས་གཅིག་ནི་འགྱོད་པ་སྐྱེས་ཏེ་འདི་སྐད་དུ་ལམ་རིང་ལ་བགེགས་ཤིན་ཏུ་མང་བས་སོང་བ་གྲངས་མེད་ཀྱང་ཕྱིན་པ་ནི་གཅིག་གམ་གཉིས་ལས་མེད་ན།་བདག་གིས་ཇི་ལྟར་དེར་ཕྱིན་པར་འགྱུར། བདག་གི་འཚོ་བ་ནི་ད་ལྟར་བདག་སྤྱོད་པ་ཙམ་ཆོག་ན། གལ་ཏེ་ལམ་དུ་ཞུགས་ཏེ་སོང་བ་ལས་མ་སྟེས་ན། ལུས་དང་སྲོག་ཡལ་བར་འགྱུར་རོ། །ལུས་དང་སྲོག་མེད་པར་གྱུར་ན་ཚེ་རིང་ཞིང་བདེ་བ་དེ་ག་ལ་ཡོད་ཅེས་སྨྲས་སོ། །གཅིག་ནི་འདི་སྐད་དུ་གཞན་དག་ཕྱིན་པར་གྱུར་པ་ཡོད་ན་བདག་ཀྱང་ཕྱིན་པར་བྱའོ། །གལ་ཏེ་ཕ་རོལ་ཏུ་ཕྱིན་པར་གྱུར་ན་ཡིད་བཞིན་དུ་རིན་པོ་ཆེ་བླང་ཞིང་ཆུ་མིག་བཟང་པོའང་བཏུང་ངོ ། ཇི་སྟེ་མ་ཐར་ན་སྲོག་གིས་འཇལ་ལོ་ཞེས་སྨྲས་སོ། །དེ་ནས་མི་གཉིས་
Kha178b
གཅིག་ནི་འགྱོད་དེ་ཕྱིར་ལོག་གོ། གཅིག་ནི་ཆས་ཏེ་སོང་ངོ ། །ཆས་པ་དེ་རི་དེར་ཕྱིན་ནས་རིན་པོ་ཆེ་མང་པོ་བླངས་ཏེ་ཡིད་བཞིན་དུ་ཆུའང་འཐུངས་ནས་རིན་པོ་ཆེ་མང་པོ་དང་ཕྱིར་ལོག་ནས། ཕ་མ་ལ་དབུལ་ཞིང་གཉེན་བཤེས་ཐམས་ཅད་ལའང་ཆོག་པར་བྱིན་ནོ། །དེའི་ཚེ་འགྱོད་དེ་ཕྱིར་ལོག་པ་དེས་དེ་ལྟ་བུའི་དངོས་པོ་དག་མཐོང་ནས་སེམས་ལ་རབ་ཏུ་གདུང་བ་སྐྱེས་ཏེ། དེས་སོང་བ་ལས་ཀྱང་ཕྱིར་ལོག་ན། བདག་ད་ཅིའི་ཕྱིར་འདུག་ཅེས་སྨྲས་ནས་ཆས་ཏེ་སོང་ངོ ། །དེ་ལ་རིན་པོ་ཆེ་སྣ་བདུན་གྱི་རི་ནི་མྱ་ངན་ལས་འདས་པ་ཆེན་པོ་ལྟ་བུའོ། །ཆུ་ཞིམ་པོ་ནི་སངས་རྒྱས་ཀྱི་རང་བཞིན་ལྟ་བུའོ། །མི་གཉིས་པོ་ནི་ཐོག་མ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་གཉིས་ལྟ་བུའོ། །ལམ་ཉམ་ང་བ་ནི་འཁོར་བ་ལྟ་བུའོ། །ལམ་དུ་ཕྲད་པའི་མི་ནི་སངས་རྒྱས་བཅོམ་ལྡན་འདས་ལྟ་བུའོ། །ཆོམ་ཤོད་རྒོད་པ་ནི་བདུད་བཞི་ལྟ་བུའོ། །མྱ་ངན་དང་ཚེར་མ་ནི་ཉོན་མོངས་པ་རྣམས་ལྟ་བུའོ། །ཆུ་དང་རྩཝ་མེད་པ་ནི་བྱང་ཆུབ་ཀྱི་ལམ་མི་སྒོམ་པ་ལྟ་བུའོ། །གཅིག་ཕྱིར་ལྡོག་པ་ནི་བྱང་ཆུབ་སེམས་དཔའི་ཕྱིར་ལྡོག་པ་ལྟ་བུའོ། །ཆས་ཏེ་སོང་བ་ནི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ལྟ་བུའི་དཔེར་རིག་པར་བྱའོ། །རིགས་ཀྱི་བུ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་རྟག་ཏུ་གནས་ཤིང་མི་འགྱུར་བ་སྟེ། ལམ་ཉམ་ང་བའི་ཕྱིར་འགྱོད་དེ་ཕྱིར་ལྡོག་པས་ལམ་མི་རྟག་
Kha179a
༄#། །གོ་ཞེས་བྱར་མི་རུང་བ་ལྟར། སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། རིགས་ཀྱི་བུ། བྱང་ཆུབ་ཀྱི་ལམ་ལ་ནི་ཕྱིར་ལྡོག་པ་མེད་དོ། །རིགས་ཀྱི་བུ། ཇི་ལྟར་འགྱོད་པ་དེ། གྲོགས་པོས་རིན་པོ་ཆེ་མང་པོ་ཐོབ་པས་མཐུ་དང་སྟོབས་ཀྱི་དབང་ཐོབ་ཅིང་ཕ་མ་གསོས་ཏེ་གཉེན་བཤེས་ལ་ཆོག་པར་བྱིན་ཞིང་བདེ་བ་མང་པོ་མྱོང་བར་གྱུར་པ་མཐོང་བས་སེམས་ལ་གདུང་བ་སྐྱེས་ཏེ། ཆས་ནས་ལམ་དུ་འཇུག་པ་ལས་ལུས་དང་སྲོག་མི་ཕངས་ཤིང་དཀའ་བ་དང་བགེགས་མང་པོ་ལ་བཟོད་དེ། རིན་པོ་ཆེ་སྣ་བདུན་གྱི་རིར་ཕྱིན་པ་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡང་དེ་དང་འདྲའོ། །རིགས་ཀྱི་བུ། སེམས་ཅན་ཐམས་ཅད་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བས་དོན་དེའི་ཕྱིར་ངས་མདོ་སྡེ་ཀུན་ལས་མཚམས་མེད་པ་ལྔ་བྱས་པ་དང ། ཕས་ཕམ་པ་བཞི་ཉམས་པ་དང ། ལོག་སྲེད་ཅན་གྱི་བར་དུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ཅེས་གསུངས་སོ། །སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཕྱིར་ལྡོག་པ་དང ། ཕྱིར་མི་ལྡོག་པ་ལགས། བཀའ་སྩལ་པ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་གང་དེ་བཞིན་གཤེགས་པའི་མཚན་སུམ་ཅུ་རྩ་གཉིས་ཀྱི་ལས་ཀྱི་རྒྱུ་རྐྱེན་སྒྲུབ་
Kha179b
པ་ནི་ཕྱིར་མི་ལྡོག་པ་ཞེས་ཀྱང་བྱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་ཀྱང་བྱ། མི་གཡོ་མི་འགྱུར་བ་ཞེས་ཀྱང་བྱ། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་ཞེས་ཀྱང་བྱ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལས་འཕགས་པ་ཞེས་ཀྱང་བྱ། ཕྱིར་མི་ལྡོག་པ་ཞེས་ཀྱང་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཚུལ་ཁྲིམས་སྡོམ་པ་ལ་མི་གཡོ་ཞིང་སྦྱིན་པའི་སེམས་བརྟན་པ་དང ། རི་རབ་ལྟར་བདེན་པའི་ཚིག་ལ་གནས་ན། ལས་དེའི་རྒྱུ་དེའི་རྐྱེན་གྱིས་རྐང་པའི་མཐིལ་མཉམ་པ་པོག་པོར་གྱི་སྒྲོམ་འདྲ་བའི་མཚན་ཐོབ་བོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཕ་མ་དང ། མཁན་པོ་དང ། སློབ་དཔོན་དང ། བླ་མ་དང ། ཆུང་ངུ་ན་བྱོལ་སོང་གི་སྐྱེ་གནས་ལའང་ཆོས་བཞིན་དུ་རྙེད་པའི་ཟང་ཟིང་གིས་མཆོད་ཅིང་སྦྱིན་པར་བྱེད་ན་ལས་དེའི་རྐྱེན་གྱིས་རྐང་པའི་འོག་ན་འཁོར་ལོ་རྩིབ་མ་སྟོང་དང་ལྡན་པའི་མཚན་ཐོབ་བོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སྲོག་མི་གཅོད་པ་དང ། མ་བྱིན་པར་མི་ལེན་པ་དང ། ཕ་མ་དང ། མཁན་པོ་དང ། བླ་མ་ལ་རྟག་ཏུ་དགའ་བ་སྐྱེད་ན། ལས་དེའི་རྐྱེན་གྱིས་མཚན་རྣམ་པ་གསུམ་ཐོབ་སྟེ། ལག་པའི་སོར་མོ་ཕྲ་ཞིང་རིང་བ་དང ། རྐང་པའི་རྟིང་པ་རིང་བ་དང ། ལུས་དྲང་ཞིང་ཟུར་བཞི་པའི་མཚན་གསུམ་ཐོབ་སྟེ། མཚན་གསུམ་པོ་ནི་ལས་ཀྱི་
Kha180a
༄#། །རྒྱུ་གཅིག་གོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསྡུ་བའི་ཆོས་རྣམ་པ་བཞིས་སེམས་ཅན་སྡུད་ན། ལས་དེའི་རྐྱེན་གྱིས་ལག་པའི་སོར་མོའི་བར་འབྲེལ་བ་ངང་པའི་རྒྱལ་པོ་དང་འདྲ་བའི་མཚན་ཐོབ་བོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཕ་མ་དང ། མཁན་པོ་དང ། བླ་མ་དག་ནད་ཀྱིས་གཟིར་བ་ལས་བདག་གིས་ལག་དར་ཏེ་བཀྲུས་ནས་ལུས་ཀྱི་ཡན་ལག་མཉེས་ན། ལས་དེའི་རྐྱེན་གྱིས་ལག་པ་དང ། རྐང་པ་མཉེན་པའི་མཚན་ཐོབ་བོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཚུལ་ཁྲིམས་སྡོམ་ཞིང་ཆོས་ཉན་པ་དང ། སྦྱིན་པ་བྱིན་པ་ལ་མི་སྐྱོན། ལས་དེའི་རྐྱེན་གྱིས་ཚིགས་དང་ལོང་བུ་ཤས་མཉམ་ཞིང་གང་ལ་ལུས་ཀྱི་བ་སྤུ་གྱེན་དུ་ཉལ་བའི་མཚན་ཐོབ་བོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་རྩེ་གཅིག་ཏུ་ཆོས་ཉན་ཞིང་དམ་པའི་ཆོས་སྟོན་ན། ལས་དེའི་རྐྱེན་གྱིས་ཤ་བའི་རྒྱལ་པོའི་བྱིན་པ་ལྟ་བུའི་མཚན་ཐོབ་བོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་ཐམས་ཅན་ལ་འཚེ་བའི་སེམས་མི་སྐྱེད་དེ། ཟ་བ་དང་འཐུང་བ་ལ་ཆོག་ཤེས་ཤིང་རྟག་ཏུ་སྦྱིན་པ་བྱིན་པར་དགའ་བ་དང ། ནད་གཡོག་བྱེད་ཅིང་སྨན་བྱིན་ན། ལས་དེའི་རྐྱེན་གྱིས་ལུས་ཕུན་སུམ་ཚོགས་པ་ཤིང་ནྱ་གྲོ་དྷ་དང་འདྲ་བ། འགྲེང་ན་ལག་པ་པུས་མོ་འདས་
Kha180b
པ།་ཤའི་གཙུག་ཏོར་དང ། གཙུག་ཏོར་བལྟར་མི་སྣང་བའི་མཚན་ཐོབ་བོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འཇིགས་པ་མཐོང་ན་མགོན་དང་སྐྱབས་བྱེད་ལ། གཅེར་བུ་མཐོང་ན་གོས་སྦྱིན་པར་བྱེད་ན། ལས་དེའི་རྐྱེན་གྱིས་ཕོ་མཚན་གསང་བའི་མཛོད་ཀྱི་མཚན་ཐོབ་བོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཅན་དང་བསྙེན་ཅིང་གཏི་མུག་ཅན་སྤོང་ལ་འདྲི་བ་དང་ལན་ལྡོན་པ་ལ་མཁས་པ་དང ། འགྲོ་བའི་ལམ་འཆོས་ཤིང་ཕྱགས་ན་ལས་དེའི་རྐྱེན་གྱིས་པགས་པ་སྲབ་ཅིང་མཉེན་ལ་ལུས་ཀྱི་བ་སྤུ་གཡས་སུ་འཁྱིལ་བའི་མཚན་ཐོབ་བོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་རྟག་ཏུ་གོས་དང ། ཟས་དང ། མལ་ཆ་དང ། ནད་ཀྱི་རྐྱེན་སྨན་དང ། སྤོས་དང ། མེ་ཏོག་དང ། མར་མེ་དག་སྦྱིན་པ་བྱིན་ན། ལས་དེའི་རྐྱེན་གྱིས་ལུས་གསེར་གྱི་ཁ་དོག་ལྟ་བུ་རྟག་ཏུ་ལྷམ་མེ་ལྷང་ངེ་བའི་མཚན་ཐོབ་བོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སྦྱིན་པ་བྱིན་ན། ནོར་གྱི་དབྱིག་གཏོང་ནུས་ཤིང་ཕངས་པ་མེད་དེ། བསོད་ནམས་ཀྱི་ཞིང་དང་བསོད་ནམས་ཀྱི་ཞིང་མ་ཡིན་པ་མི་རྟོག་ན། ལས་དེའི་རྐྱེན་གྱིས་གནས་བདུན་གང་བའི་མཚན་ཐོབ་བོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སྦྱིན་པ་བྱིན་པ་ན་ཐེ་ཚོམ་གྱི་སེམས་མི་སྐྱེ་ན། ལས་དེའི་རྐྱེན་གྱིས་སྒྲ་དབྱངས་སྙན་པའི་མཚན་ཐོབ་བོ། །བྱང་ཆུབ་སེམས་
Kha181a
༄#། །དཔའ་སེམས་དཔའ་ཆེན་པོ་གང་ཆོས་བཞིན་དུ་ཚོལ་ཞིང་སྦྱིན་པ་བྱིན་པ་ན། ལས་དེའི་རྐྱེན་གྱིས་སྒྲོག་རུས་གང་ཞིང་མཉམ་པ་དང ། སེངྒེའི་རོ་སྟོད་ལྟ་བུ་དང ། ལག་ངར་དང་གྲུ་མོ་ཤས་མཉམ་ཞིང་རིང་བའི་མཚན་ཐོབ་བོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཕྲ་མ་དང ། ཚིག་མཐུན་ཚགས་དང ། ཞེ་སྡང་གི་སེམས་ཡོངས་སུ་སྤངས་ན། ལས་དེའི་རྐྱེན་གྱིས་སོ་བཞི་བཅུ་དཀར་ཞིང་མཉམ་ལ་ཐགས་བཟང་པོའི་མཚན་ཐོབ་བོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་ཆེན་པོ་བསྐྱེད་ན། ལས་དེའི་རྐྱེན་གྱིས་མཆེ་བ་གཉིས་དང་ལྡན་པའི་མཚན་ཐོབ་བོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་རྟག་ཏུ་འདི་ལྟར་གང་སློང་ཞིང་འོང་བ་ལ་ཡིད་བཞིན་དུ་སྦྱིན་པ་བྱིན་ནོ་ཞེས་སྨོན་ལམ་བཏབ་ན། ལས་དེའི་རྐྱེན་གྱིས་སེང་གེའི་འགྲམ་པ་ལྟ་བུའི་མཚན་ཐོབ་བོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་རྣམས་ཀྱི་ཟས་ཅི་དང་ཅི་འདོད་པ་དེ་དང་དེ་སྦྱིན་པར་བྱེད་ན། ལས་དེའི་རྐྱེན་གྱིས་རོའི་ནང་ན་རོའི་མཆོག་དང་ལྡན་པའི་མཚན་ཐོབ་བོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བདག་ཉིད་དགེ་བ་བཅུ་སྤྱོད་ཅིང་གཞན་ལའང་སྟོན་ན། ལས་དེའི་རྐྱེན་གྱིས་ལྕེ་རིང་ཞིང་ཡངས་པའི་མཚན་ཐོབ་བོ། །བྱང་
Kha181b
ཆུབ་སེམས་དཔ་སེམས་དཔའ་ཆེན་པོ་གང་གཞན་གྱི་སྐྱོན་མི་བརྗོད་ཅིང་དམ་པའི་ཆོས་ལ་མི་སྐུར་ན། ལས་དེའི་རྐྱེན་གྱིས་ཚངས་པའི་སྒྲ་དབྱངས་ཀྱི་མཚན་ཐོབ་བོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དགྲ་དང་སྡང་བ་རྣམས་མཐོང་ན་དགའ་བའི་སེམས་བསྐྱེད་ན། ལས་དེའི་རྐྱེན་གྱིས་རྫི་མ་མཐིང་ག་ལྟ་བུའི་མཚན་ཐོབ་བོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གཞན་གྱི་ཡོན་ཏན་མི་འཆབ་ཅིང་ཀུན་ཏུ་སྒྲོགས་ན། ལས་དེའི་རྐྱེན་གྱིས་མཛོད་སྤུ་དཀར་པོའི་མཚན་ཐོབ་བོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་མཚན་སུམ་ཅུ་རྩ་གཉིས་ཀྱི་ལས་ཀྱི་རྒྱུ་རྐྱེན་སྒྲུབ་པ་ན། བྱང་ཆུབ་ཀྱི་སེམས་ཕྱིར་མི་ལྡོག་པར་འགྱུར་རོ། །རིགས་ཀྱི་བུ། སེམས་ཅན་ཐམས་ཅད་བསམ་གྱིས་མི་ཁྱབ་སྟེ། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་དང ། ལས་ཀྱི་འབྲས་བུ་དང ། སངས་རྒྱས་ཀྱི་རང་བཞིན་ཡང་བསམ་གྱིས་མི་ཁྱབ་བོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་བཞི་པོ་དེ་དག་ནི་རྟག་པ་ཡིན་ཏེ། དེ་ལྟར་རྟག་པའི་ཕྱིར་བསམ་གྱིས་མི་ཁྱབ་བོ། །སེམས་ཅན་ཐམས་ཅད་ནི་ཉོན་མོངས་པས་བསྒྲིབས་པའི་ཕྱིར་རྟག་པ་ཞེས་བྱ་སྟེ། རྟག་པའི་ཉོན་མོངས་པ་བཅད་པས་མི་རྟག་པ་ཞེས་བྱའོ། །གལ་ཏེ་སེམས་ཅན་ཐམས་ཅད་རྟག་ནི། ཅིའི་ཕྱིར་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་བསྒོམ་དགོས་པར་འགྱུར་ཞེ་ན། དེ་ནི་སྡུག་བསྔལ་མང་པོ་བཅད་
Kha182a
༄#། །པའི་ཕྱིར་ཏེ། གལ་ཏེ་སྡུག་བསྔལ་མང་པོ་ཆོད་ན་དེ་ནི་མི་རྟག་པ་ཞེས་བྱའོ། །གང་བདེ་བ་མྱོང་བ་དེ་ནི་རྟག་པ་ཞེས་བྱ་སྟེ། དེ་བས་ན་ངས་སེམས་ཅན་ཐམས་ཅད་ནི་ཉོན་མོངས་པས་ཡོངས་སུ་བསྒྲིབས་པའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་མི་མཐོང་སྟེ། དེ་ལྟར་མི་མཐོང་བའི་ཕྱིར་མྱ་ངན་ལས་མི་འདའོ་ཞེས་ངས་གསུངས་སོ། །སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ། ཆོས་ཐམས་ཅད་ལ་རྒྱུ་རྣམ་པ་གཉིས་ཏེ། བདེན་པའི་རྒྱུ་དང ། རྐྱེན་གྱི་རྒྱུའོ་ཞེས་གསུངས་སོ། །རྒྱུ་རྣམ་པ་གཉིས་ཀྱིས་དེ་ནི་འཆིང་བ་དང་གྲོལ་བ་མ་མཆིས་སོ། །ཕུང་པོ་ལྔ་ནི་སྐད་ཅིག་སྐད་ཅིག་མར་སྐྱེ་ཞིང་འགོག་སྟེ། དེ་ལྟར་སྐྱེ་ཞིང་འགོག་ན་སུ་ཞིག་འཆིང་བ་དང ། གྲོལ་བར་འགྱུར། བཅོམ་ལྡན་འདས། ཕུང་པོ་ལྔ་འདིའི་རྒྱུས་ཕྱི་མའི་ཕུང་པོ་ལྔ་སྐྱེ་སྟེ། ཕུང་པོ་འདི་ནི་རང་འགོག་པས་ཕུང་པོ་ཕ་རོལ་པོར་འགྲོ་བ་མ་ལགས་སོ། །དེར་མི་འགྲོ་མོད་ཀྱི་ཕུང་པོ་ཕ་རོལ་པོ་སྐྱེ་བར་ནུས་པ་ནི་ཇི་ལྟར་ས་བོན་གྱི་རྒྱུས་མྱུ་གུ་སྐྱེ་བ་བཞིན་ཏེ། ས་བོན་ནི་མྱུ་གུའི་ནང་དུ་མཆི་བ་མ་ལགས་སོ། །མྱུ་གུའི་ནང་དུ་མི་མཆི་མོད་ཀྱི། འོན་ཀྱང་སྐྱེ་བར་འགྱུར་ཏེ། སེམས་ཅན་ཡང་དེ་དང་འདྲ་ན་ཇི་ལྟར་འཆིང་བ་དང་གྲོལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། རབ་ཏུ་ཡིད་ལ་བྱས་ཏེ་བརྟགས་
Kha182b
དང་ཉོན་ཅིག་དང ། ངས་དགྲོལ་ཞིང་བསྟན་པར་བྱའོ། །རིགས་ཀྱི་བུ། དཔེར་ན། མི་དག་ཚེའི་དུས་བྱེད་པའི་སྡུག་བསྔལ་མྱོང་བ་ན། གཉེན་བཤེས་ཀྱིས་བསྐོར་ཞིང་ཆོ་ངེ་འདོན་ཏེ། མི་དེ་འཇིག་སྐྲག་པས་སྐྱབས་དང་རྟེན་གང་ཡིན་པ་མི་ཤེས་སོ། །རྣམ་པར་ཤེས་པ་ལྔ་ཡོད་མོད་ཀྱི་ཅིའང་མི་ཚོར་ཏེ། ཡན་ལག་དང་ཚིགས་ཐམས་ཅད་འདར་ཞིང་འགུལ་ཡང་རྩོལ་མི་ནུས་སོ། །ལུས་ཐམས་ཅད་གྲང་ཞིང་དྲོད་ཟད་དུ་ཉེ་བ་ན། སྔོན་སྤྱོད་སྤྱོད་པའི་དགེ་བ་དང་མི་དགེ་བ་རྣམ་པར་སྨིན་པའི་མཚན་ཉིད་མཐོང་བར་འགྱུར་རོ། །རིགས་ཀྱི་བུ། དཔེར་ན། ཉི་མ་ནུབ་ཏུ་ཉེ་བ་ན་རི་དང་འབར་འབུར་གྱི་གྲིབ་མ་ཐམས་ཅད་ཤར་ཕྱོགས་སུ་སྣང་སྟེ། ནུབ་ཕྱོགས་སུ་འགྲོ་བའི་ཆོས་མེད་དོ། །དེ་བཞིན་དུ་སེམས་ཅན་གྱི་ལས་ཀྱི་འབྲས་བུའང་དེ་དང་འདྲ་སྟེ། ཕུང་པོ་འདི་འགགས་ན། ཕུང་པོ་ཕ་རོལ་པོ་གཅིག་གི་རྒྱུན་སྐྱེ་བར་འགྱུར་ཏེ། ཇི་ལྟར་སྒྲོན་མ་བྱུང་བ་ན་མུན་པ་འགོག་ལ། སྒྲོན་མ་འགགས་པ་ན་མུན་པ་སྐྱེ་བ་བཞིན་ནོ། །རིགས་ཀྱི་བུ། དཔེར་ན།་སྤྲ་ཚིལ་ལས་རྒྱ་བྱས་ཏེ་འཇི་བ་ལ་བཏབ་ན། རྒྱ་དང་འཇི་བ་ཕྲད་པ་ལས་རི་མོ་འབྱུང་སྟེ། དེ་ལྟར་སྤྲ་ཚིལ་གྱི་རྒྱལ་འཇི་བ་ལ་འཕོས་པའང་མེད་ལ། རི་མོ་འཇི་བ་ལས་བྱུང་བའང་མ་ཡིན། གཞན་ནས་འོངས་པའང་མ་ཡིན་ཏེ། སྤྲ་ཚིལ་གྱི་རྐྱེན་གྱིས་རི་མོ་བྱུང་ངོ ། །དེ་ལྟར་གྱི་ཕུང་པོ་འགགས་ནས་ལྔ་ཕུང་བར་མ་སྐྱེས་ཏེ། ད་ལྟར་གྱི་ཕུང་པོ་དེ་ཉིད་ལྔ་ཕུང་བར་མར་
Kha183a
༄#། །འགྱུར་བ་མ་ཡིན་ལ། ལྔ་ཕུང་བར་མའང་རང་སྐྱེ་བ་མ་ཡིན་ཏེ། གཞན་ནས་འོངས་པའང་མ་ཡིན་གྱི། ད་ལྟར་གྱི་ཕུང་པོའི་རྒྱུ་ལས་ལྔ་ཕུང་བར་མ་སྐྱེས་ཏེ། ཇི་ལྟར་འཇི་བ་ལས་རྒྱས་བཏབ་ན་རྒྱ་མེད་མ་ཐག་ཏུ་རི་མོ་མངོན་པར་སྣང་སྟེ། མིང་ལ་ཁྱད་པར་མེད་ཀྱང་དུས་ནི་ཐ་དད་དོ། །དེ་བས་ན་ལྔ་ཕུང་བར་མ་ནི་ཤའི་མིག་གིས་མཐོང་བ་མ་ཡིན་གྱི་འཕྲུལ་གྱི་མིག་གིས་མཐོང་ངོ་ཞེས་ངས་གསུངས་སོ། །ལྔ་ཕུང་བར་མ་ལ་ཟས་རྣམ་པ་གསུམ་སྟེ། བསམ་པའི་ཟས་དང ། རེག་པའི་ཟས་དང ། རྣམ་པར་ཤེས་པའི་ཟས་སོ། །ལྔ་ཕུང་བར་མ་ལ་རྣམ་པ་གཉིས་ཏེ། དགེ་བའི་ལས་ཀྱི་འབྲས་བུ་དང ། མི་དགེ་བའི་ལས་ཀྱི་འབྲས་བུའོ། །དེ་ལ་དགེ་བའི་ལས་ཀྱི་རྒྱུ་དང་ལྡན་པ་ནི་དགེ་བ་ལ་རྟོག་གོ་།མི་དགེ་བའི་ལས་ཀྱི་རྒྱུ་དང་ལྡན་པ་ནི་མི་དགེ་བ་ལ་རྟོག་གོ་།ཕ་མ་གཉིས་ཕྲད་དེ་འཁྲིག་པའི་ལས་བྱེད་པ་ན་ལས་ཅི་དང་ཅི་བྱས་པའི་རྒྱུ་བཞིན་དུ་སྐྱེ་བའི་གནས་སུ་འགྲོ་སྟེ། མ་ལ་ནི་འདོད་པ་སྐྱེ། ཕ་ལ་ནི་སྡང་བ་སྐྱེ་སྟེ། ཕའི་ཁུ་བ་འབྱུང་བ་ན་བདག་གིར་འཛིན་ཏེ་མཐོང་ནས་སེམས་རངས་ཤིང་རབ་ཏུ་དགའ་བ་སྐྱེད་དོ། །དེ་ལྟར་ཉོན་མོངས་པའི་རྒྱུ་དང་རྐྱེན་རྣམ་པ་གསུམ་གྱིས་ན། ལྔ་ཕུང་བར་མ་འཇིག་མ་ཐག་ཏུ་ལྔ་ཕུང་ཕྱི་མ་སྐྱེས་སྟེ། ཇི་ལར་འཇི་བ་ལ་རྒྱས་བཏབ་ན་རྒྱ་མེད་མ་ཐག་ཏུ་རི་མོར་འགྱུར་བ་
Kha183b
བཞིན་ནོ། །སྐྱེ་བའི་ཚེ་དབང་པོ་རྣམས་ཚང་བ་དང་མ་ཚང་བ་ཡོད་དེ། གང་དབང་པོ་ཚང་བ་ནི་གཟུགས་མཐོང་ནས་ཆགས་པ་སྐྱེའོ། །ཆགས་པ་སྐྱེས་པས་སྲེད་པ་ཞེས་བྱ་སྟེ། བསླད་པའི་ཕྱིར་ཆགས་པ་བསྐྱེད་པ་ནི་མ་རིག་པ་ཞེས་བྱའོ། །འདོད་ཆགས་དང་མ་རིག་པའི་རྒྱུ་རྐྱེན་གཉིས་ཀྱིས་ཡུལ་ཐམས་ཅད་ལ་ཕྱིན་ཅི་ལོག་པར་མཐོང་སྟེ། མི་རྟག་པ་ལ་ནི་རྟག་པར་ལྟ། བདག་མེད་པ་ལ་བདག་ཏུ་ལྟ། མི་བདེ་བ་ལ་བདེ་བར་ལྟ། ཡོངས་སུ་མ་དག་པ་ལ་ཡོངས་སུ་དག་པར་ལྟ་སྟེ། ཕྱིན་ཅི་ལོག་བཞི་པོ་དེའི་ཕྱིར་དགེ་བ་དང ། མི་དགེ་བ་བྱེད་དེ།་ཉོན་མོངས་པའང་ལས་སུ་འགྱུར་ལ། ལས་ཀྱང་ཉོན་མོངས་པར་འགྱུར་ཏེ། དེ་ནི་བཅིངས་པ་ཞེས་བྱའོ། །དོན་དེ་ལྟ་བས་ན་ལྔ་ཕུང་སྐྱེ་བ་ཞེས་བྱའོ། །གལ་ཏེ་གང་ཟག་དེས་སངས་རྒྱས་སམ། སངས་རྒྱས་ཀྱི་ཉེ་གནས་སམ། དགེ་བའི་བཤེས་གཉེན་རྣམས་ལ་བསྙེན་བཀུར་བྱས་ན། མདོ་སྡེ་སྡེ་བཅུ་གཉིས་ཐོས་པར་འགྱུར་རོ། །དེ་ལྟར་ཆོས་ཐོས་པའི་ཕྱིར་དགེ་བའི་སྤྱོད་ཡུལ་ལ་རྟོག་གོ་།དགེ་བའི་སྤྱོད་ཡུལ་ལ་རྟོག་པའི་ཕྱིར་ཤེས་རབ་ཆེན་པོ་ཐོབ་པར་འགྱུར་རོ། །ཤེས་རབ་ཆེན་པོ་ཞེས་བྱ་བ་ནི་ཡང་དག་པའི་ཤེས་པ་དང་མཐོང་བ་ཞེས་བྱ་སྟེ། ཤེས་པ་དང་མཐོང་བ་ཐོབ་པས་འཁོར་བ་ལ་རབ་ཏུ་འགྱོད་པའི་སེམས་སྐྱེའོ། །འགྱོད་པའི་སེམས་སྐྱེས་པས་དགའ་བ་དང་མོས་བ་མི་སྐྱེའོ། །དགའ་བ་དང་མོས་པ་
Kha184a
༄#། །མི་སྐྱེ་བས་འདོད་ཆགས་ཀྱི་སེམས་འཇིག་པར་འགྱུར་རོ། །འདོད་ཆགས་ཀྱི་སེམས་ཞིག་པས་འཕགས་པའི་ལམ་ཡན་ལག་བརྒྱད་སྒོམ་པར་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་བསྒོམས་པས་འཁོར་བ་མེད་པར་འགྱུར་རོ། །འཁོར་བ་མེད་པས་རྣམ་པར་གྲོལ་བ་ཐོབ་པ་ཞེས་བྱ་སྟེ། ཇི་ལྟར་མེ་ནི་ཤིང་དང་མ་ཕྲད་ན་འགོག་པ་ཞེས་བྱ་སྟེ། འཁོར་བ་འགགས་པས་མྱ་ངན་ལས་འདས་པ་ཞེས་བྱའོ། །དོན་དེ་ལྟ་བས་ན་ལྔ་ཕུང་འགོག་པ་ཞེས་བྱའོ། །སེངྒེ་སྒྲས་གསོལ་པ། ནམ་མཁའ་ལ་ཚེར་མ་མ་མཆིས་པར་དབྱུང་དུ་ཅི་མཆིས། ཕུང་པོ་ལ་འཆིང་བ་མ་མཆིས་པར་ཅིས་བཅིངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཉོན་མོངས་པའི་ལྕགས་སྒྲོག་གིས་ལྔ་ཕུང་བཅིངས་ཏེ། ལྔ་ཕུང་གི་ཕ་རོལ་ན་ཉོན་མོངས་པ་གཞན་མེད་ལ། ཉོན་མོངས་པའི་ཕ་རོལ་ན་ལྔ་ཕུང་ཞེས་བྱ་བ་གཞན་མེད་དོ། །རིགས་ཀྱི་བུ། ཀ་བས་ཁང་པ་འཛིན་ཏེ། ཁང་པའི་ཕ་རོལ་ན་ཀ་བ་མེད་ལ། ཀ་བའི་ཕ་རོལ་ན་ཁང་པ་མེད་པ་ལྟར་སེམས་ཅན་གྱི་ལྔ་ཕུང་ཡང་དེ་དང་འདྲ་སྟེ། ཉོན་མོངས་པ་ཡོད་པའི་ཕྱིར་བཅིངས་པ་ཞེས་བྱ་སྟེ། ཉོན་མོངས་པ་མེད་པས་རྣམ་པར་གྲོལ་བ་ཞེས་བྱའོ། །རིགས་ཀྱི་བུ། ཁུ་ཚུར་དང ། ཐལ་མོ་དང ། མདུད་པ་ལ་སོགས་པ་གསུམ་ནི་འདུས་བ་དང་བྲལ་བ་ལས་སྐྱེ་ཞིང་འགོག་སྟེ། དེ་ལས་ཆོས་
Kha184b
གཞན་མེད་དོ། །སེམས་ཅན་གྱི་ལྔ་ཕུང་ཡང་དེ་དང་འདྲ་སྟེ། ཉོན་མོངས་པ་དང་བཅས་པ་ན་བཅིངས་པ་ཞེས་བྱའོ། །ཉོན་མོངས་པ་མེད་པ་ན་རྣམ་པར་གྲོལ་བ་ཞེས་བྱའོ། །རིགས་ཀྱི་བུ། ཇི་ལྟར་མིང་དང་གཟུགས་ཀྱིས་སེམས་ཅན་འཆིང་ངོ་ཞེས་གསུངས་ཏེ། གལ་ཏེ་མིང་དང་གཟུགས་འགགས་ན་སེམས་ཅན་ཞེས་བྱ་བ་མེད་དོ། །མིང་དང་གཟུགས་ཀྱི་ཕ་རོལ་ན་སེམས་ཅན་གཞན་མེད་ལ། སེམས་ཅན་གྱི་ཕ་རོལ་ན་མིང་དང་གཟུགས་ཞེས་བྱ་བ་གཞན་མེད་དེ། མིང་དང་གཟུགས་ཀྱིས་སེམས་ཅན་བཅིངས་ལ། སེམས་ཅན་གྱིས་ཀྱང་མིང་དང་གཟུགས་བཅིངས་པ་ཞེས་བྱའོ། །སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། དཔེར་ན། མིག་གིས་མིག་མི་མཐོང ། མཛུབ་མོས་མཛུབ་མོ་མི་མཚོན། རལ་གྲིས་རལ་གྲི་མི་ཆོད། ཚོར་བས་ཚོར་བ་མི་ཚོར་ན་ཅིའི་སླད་དུ། བཅོམ་ལྡན་འདས་ཀྱིས་མིང་དང་གཟུགས་ཀྱིས་མིང་དང་གཟུགས་འཆིང་ངོ་ཞེས་གསུངས། དེ་ཅིའི་སླད་དུ་ཞེ་ན། མིང་དང་གཟུགས་ཞེས་བགྱི་བ་ཉིད་སེམས་ཅན་ནོ། །སེམས་ཅན་ཉིད་མིང་དང་གཟུགས་ལགས་ཏེ། གལ་ཏེ་མིང་དང་གཟུགས་ཀྱིས་སེམས་ཅན་བཅིངས་ན། མིང་དང་གཟུགས་ཀྱིས་མིང་དང་གཟུགས་བཅིངས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཇི་ལྟར་ལག་པ་གཉིས་སྦྱར་བ་ན། དེ་མ་ཡིན་པ་ཆོས་གཞན་སྦྱོར་དུ་འོངས་
Kha185a
༄#། །པ་མེད་དེ། མིང་དང་གཟུགས་ཀྱང་དེ་དང་འདྲའོ། །དོན་དེ་ལྟ་བས་ན་མིང་དང་གཟུགས་ཀྱིས་སེམས་ཅན་བཅིངས་སོ། །གལ་ཏེ་མིང་དང་གཟུགས་སྤངས་ན་རྣམ་པར་གྲོལ་ལོ་ཞེས་ངས་གསུངས་ཏེ། དེ་བས་ན་སེམས་ཅན་རྣམ་པར་གྲོལ་ཞེས་ངས་གསུངས་སོ། །སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་མིང་དང་གཟུགས་མཆིས་པས་བཅིངས་པ་ཞེས་བགྱི་ན། དགྲ་བཅོམ་པ་རྣམས་ཀྱང་མིང་དང་གཟུགས་མ་སྤངས་ན། བཅིངས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་རིགས་ཀྱི་བུ། རྣམ་པར་གྲོལ་བ་ལ་རྣམ་པ་གཉིས་ཏེ། ས་བོན་བཅད་པ་དང ། འབྲས་བུ་བཅད་པའོ། །དེ་ལ་ས་བོན་བཅད་པ་ཞེས་བྱ་བ་ནི་ཉོན་མོངས་པ་བཅད་པའོ། །དགྲ་བཅོམ་པ་དག་ཉོན་མོངས་པ་བཅད་ནས་ཀུན་ནས་ཉོན་མོངས་པ་ཞིག་ཅིང་ཟད་པས་དེ་བས་ན་ས་བོན་གྱི་ཀུན་ནས་ཉོན་མོངས་པས་འཆིང་བར་མི་ནུས་སོ། །འབྲས་བུ་མ་བཅད་པའི་ཕྱིར་འབྲས་བུས་བཅིངས་པ་ཞེས་བྱའོ། །དགྲ་བཅོམ་པ་རྣམས་ཀྱིས་སངས་རྒྱས་ཀྱི་རང་བཞིན་མི་མཐོང་སྟེ། དེ་ལྟར་མི་མཐོང་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་ཐོབ་བོ། །དོན་དེ་ལྟ་བས་ན་འབྲས་བུས་བཅིངས་པ་ཞེས་བྱར་རུང་གི་།མིང་དང་གཟུགས་ཀྱིས་བཅིངས་པ་ཞེས་བྱར་མི་རུང་ངོ ། །རིགས་ཀྱི་བུ། དཔེར་
Kha185b
ན།་མེ་མར་ནི་མར་མ་ཟད་ན་སྣང་བ་མེད་པར་མི་འགྱུར་གྱི། གལ་ཏེ་མར་ཟད་ན་གདོན་མི་ཟ་བར་འཆི་བར་འགྱུར་རོ། །རིགས་ཀྱི་བུ། མར་ཞེས་བྱ་བ་ནི་ཉོན་མོངས་པ་རྣམས་ཀྱི་དཔེའོ། ། མེ་མར་ནི་སེམས་ཅན་རྣམས་ཀྱི་དཔེ་སྟེ། སེམས་ཅན་ཐམས་ཅད་ནི་ཉོན་མོངས་པའི་མར་གྱིས་ཡོངས་སུ་མྱ་ངན་ལས་མི་འདའོ། །གལ་ཏེ་ཟད་ན་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། མར་མེ་དང་མར་གཉིས་མཚན་ཉིད་སོ་སོ་སྟེ། སེམས་ཅན་དང་ཉོན་མོངས་པ་ནི་དེ་ལྟ་མ་ལགས་སོ། །སེམས་ཅན་ཉིད་ཉོན་མོངས་པ་ལགས་ལ། ཉོན་མོངས་པ་ཉིད་ཀྱང་སེམས་ཅན་ནོ། །སེམས་ཅན་ནི་ལྔ་ཕུང་ལགས་ཏེ། ལྔ་ཕུང་ཡང་སེམས་ཅན་ལགས་སོ། །ལྔ་ཕུང་ཉིད་ཀྱང་ཉོན་མོངས་པ་ལགས་ཏེ། ཉོན་མོངས་པ་ཉིད་ཀྱང་ལྔ་ཕུང་ཞེས་བགྱི་ན་ཅིའི་སླད་དུ། བཅོམ་ལྡན་འདས་ཀྱིས་མར་མེ་ལས་དཔེར་ལེན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དཔེ་ལ་རྣམ་པ་བརྒྱད་དེ། གཞོལ་བའི་དཔེ་དང ། བཟློག་པའི་དཔེ་དང ། མངོན་སུམ་གྱི་དཔེ་དང ། མ་ཡིན་པའི་དཔེ་དང ། སྔ་མའི་དཔེ་དང ། ཕྱི་མའི་དཔེ་དང ། སྔ་ཕྱིའི་དཔེ་དང ། ཀུན་ཁྱབ་པའི་དཔེའོ། །དེ་ལ་ཇི་ལྟར་ན་གཞོལ་བའི་དཔེ་ཞེ་ན། ཇི་ལྟར་མདོ་སྡེ་ལས་གསུངས་པ་ལྟར་ཆར་ཆེན་པོ་བབ་ན་ཤང་ཤོང་ཐམས་ཅད་གང་ངོ ། །ཤང་ཤོང་གང་བས་
Kha186a
༄#། །གྲག་གྲོག་ཆུང་ངུ་གང་ངོ ། །གྲག་གྲོག་ཆུང་ངུ་གང་བས་གྲོག་པོ་ཆེན་པོ་གང་ངོ ། །གྲོག་པོ་ཆེན་པོ་གང་བས་ཆུ་མིག་ཆུང་ངུ་གང་ངོ ། །ཆུ་མིག་ཆུང་ངུ་གང་བས་ཆུ་མིག་ཆེན་པོ་གང་ངོ ། །ཆུ་མིག་ཆེན་པོ་གང་བས་རྫིང་བུ་གང་ངོ ། །རྫིང་བུ་གང་བས་རྫིང་ཆེན་པོ་གང་ངོ ། །རྫིང་ཆེན་པོ་གང་བས་ཀླུང་ཆུང་ངུ་གང་ངོ ། །ཀླུང་ཆུང་ངུ་གང་བས་ཀླུང་ཆེན་པོ་གང་ངོ ། །ཀླུང་ཆེན་པོ་གང་བས་རྒྱ་མཚོ་ཆེན་པོ་གང་སྟེ། དེ་བཞིན་གཤེགས་པའི་ཆོས་ཀྱི་ཆར་ཡང་དེ་དང་འདྲ་བར་སེམས་ཅན་གྱི་ཚུལ་ཁྲིམས་ཡོངས་སུ་གང་བར་བྱེད་དོ། །ཚུལ་ཁྲིམས་ཡོངས་སུ་གང་བས་མི་འགྱོད་པའི་སེམས་ཡོངས་སུ་གང་ངོ ། །མི་འགྱོད་པའི་སེམས་ཡོངས་སུ་གང་བས་རབ་ཏུ་དགའ་བ་གང་ངོ ། །རབ་ཏུ་དགའ་བ་གང་བས་རིང་དུ་སྤོང་བ་གང་ངོ ། །རིང་དུ་སྤོང་བ་གང་བས་བདེ་བ་གང་ངོ ། །བདེ་བ་ཡོངས་སུ་གང་བས་ཏིང་ངེ་འཛིན་ཡོངས་སུ་གང་ངོ ། །ཏིང་ངེ་འཛིན་ཡོངས་སུ་གང་བས་ཡང་དག་པའི་ཤེས་པ་དང་མཐོང་བ་གང་ངོ ། །ཡང་དག་པའི་ཤེས་པ་དང་མཐོང་བ་ཡོངས་སུ་གང་བས་སྐྱོ་བ་གང་ངོ ། །སྐྱོ་བ་ཡོངས་སུ་གང་བས་ཡོངས་སུ་སྨོད་པ་གང་ངོ ། །ཡོངས་སུ་སྨོད་པ་ཡོངས་སུ་གང་བས་རྣམ་པར་གྲོལ་བ་གང་ངོ ། །རྣམ་པར་གྲོལ་བ་ཡོངས་སུ་གང་བས་མྱ་ངན་ལས་འདས་པ་གང་སྟེ། དེ་ནི་གཞོལ་བའི་དཔེའོ། །དེ་
Kha186b
ལ་ཇི་ལྟར་ན་བཟློག་པའི་དཔེ་ཞེ་ན། རྒྱ་མཚོའི་ཕྱི་མོ་ནི་འདི་ལྟ་སྟེ། ཀླུང་ཆེན་པོའོ། །ཀླུང་ཆེན་པོའི་ཕྱི་མོ་ནི་འདི་ལྟ་སྟེ། ཀླུང་ཆུང་ངུའོ། །ཀླུང་ཆུང་ངུའི་ཕྱི་མོ་ནི་འདི་ལྟ་སྟེ། མཚོ་ཆེན་པོའི། །མཚོ་ཆེན་པོའི་ཕྱི་མོ་འདི་ལྟ་སྟེ། མཚོ་ཆུང་ངུའོ། །མཚོ་ཆུང་ངུའི་ཕྱི་མོ་ནི་འདི་ལྟ་སྟེ། ཆུ་མིག་ཆེན་པོའོ། །ཆུ་མིག་ཆེན་པོའི་ཕྱི་མོ་ནི་འདི་ལྟ་སྟེ། ཆུ་མིག་ཆུང་ངུའོ། །ཆུ་མིག་ཆུང་ངུའི་ཕྱི་མོ་ནི་འདི་ལྟ་སྟེ། གྲོག་པོ་ཆེན་པོའོ། །གྲོག་པོ་ཆེན་པོའི་ཕྱི་མོ་ནི་འདི་ལྟ་སྟེ། གྲོག་པོ་ཆུང་ངུའོ། །གྲོག་པོ་ཆུང་ངུའི་ཕྱི་མོ་ནི་འདི་ལྟ་སྟེ། ཤང་ཤོང་ཆེན་པོའོ། །ཤང་ཤོང་ཆེན་པོའོ་ཕྱི་མོ་ནི་འདི་ལྟ་སྟེ་།ཆར་ཆེན་པོའོ། །མྱ་ངན་ལས་འདས་པའི་ཕྱི་མོ་ནི་འདི་ལྟ་སྟེ། རྣམ་པར་གྲོལ་བའོ། །རྣམ་པར་གྲོལ་བའི་ཕྱི་མོ་ནི་འདི་ལྟ་སྟེ། ཡོངས་སུ་སྨོད་པའོ། །ཡོངས་སུ་སྨོད་པའི་ཕྱི་མོ་ནི་འདི་ལྟ་སྟེ། སྐྱོ་བའོ། །སྐྱོ་བའི་ཕྱི་མོ་ནི་འདི་ལྟ་སྟེ། ཡང་དག་པའི་ཤེས་པ་དང་མཐོང་བའོ། །ཡང་དག་པའི་ཤེས་པ་དང་མཐོང་བའི་ཕྱི་མོ་ནི་འདི་ལྟ་སྟེ། ཏིང་ངེ་འཛིན་ནོ། །ཏིང་ངེ་འཛིན་གྱི་ཕྱི་མོ་ནི་འདི་ལྟ་སྟེ། བདེ་བའོ། །བདེ་བའི་ཕྱི་མོ་ནི་འདི་ལྟ་སྟེ། རབ་ཏུ་སྤོང་བའོ། །རབ་ཏུ་སྤོང་བའི་ཕྱི་མོ་ནི་འདི་ལྟ་སྟེ། དགའ་བའི་སེམས་སོ། །དགའ་བའི་སེམས་ཀྱི་ཕྱི་མོ་ནི་འདི་ལྟ་སྟེ། མི་འགྱོད་པའོ། །མི་འགྱོད་པའི་ཕྱི་མོ་ནི་འདྲི་ལྟ་སྟེ། ཚུལ་ཁྲིམས་འཛིན་པའོ། །ཚུལ་ཁྲིམས་འཛིན་པའི་ཕྱི་མོ་ནི་འདི་ལྟར་ཆོས་ཀྱི་ཆར་པ་སྟེ། དེ་ནི་བཟློག་པའི་དཔེའོ། །དེ་ལ་ཇི་ལྟར་ན་
Kha187a
༄#། །མངོན་སུམ་གྱི་དཔེ་ཞེ་ན། ཇི་ལྟར་མདོ་སྡེ་ལས་སེམས་ཅན་གྱི་སེམས་ཀྱི་རང་བཞིན་ནི་སྤྲེའུ་དང་མཚུངས་སོ། །སྤྲེའུའི་རང་བཞིན་ནི་གཅིག་བཏང་ནས་གཅིག་ལེན་པ་སྟེ། སེམས་ཅན་གྱི་རང་བཞིན་ཡང་དེ་དང་འདྲ་སྟེ། གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་དང ། ཆོས་ལ་ཆགས་པས་སྐད་ཅིག་སྡོད་པའི་དུས་མེད་དོ་ཞེས་གསུངས་ཏེ། དེ་ནི་མངོན་སུམ་གྱི་དཔེའོ། །དེ་ལ་ཇི་ལྟར་ན་མ་ཡིན་པའི་དཔེ་ཞེ་ན། འདི་ལྟར་ངས་སྔོན་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏེ། རྒྱལ་པོ་ཆེན་པོ་རབ་ཏུ་ཉེ་ཞིང་ཡིད་ཆེས་པའི་མི་ཕྱོགས་བཞི་ནས་འོང་སྟེ། འདི་སྐད་དུ་རྒྱལ་པོ་ཆེན་པོ་ཕྱོགས་བཞི་ནས་རི་ཆེན་པོ་བཞི་འོངས་ཏེ། རྒྱལ་པོའི་མི་དག་ལ་གནོད་པར་འཚེ་བར་འོང་ངོ་ཞེས་སྨྲས་ཏེ། རྒྱལ་པོ། དེ་ལྟ་བུ་ཞིག་འོངས་ན། བློ་གྲོས་ཅི་ཡོད་ཅེས་བཀའ་སྩལ་ནས། རྒྱལ་པོས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་དེ་ལྟ་བུ་ཞིག་མཆིས་ན། འབྲོས་པའི་གནས་མ་མཆིས་ཏེ། སེམས་རྩེ་གཅིག་ཏུ་ཚུལ་ཁྲིམས་འཛིན་ཞིང་སྦྱིན་པ་འབའ་ཞིག་བགྱིའོ། །ཞེས་གསོལ་ནས། ངས་ལེགས་སོ། །ཞེས་བྱ་བ་བྱིན་ནོ། །རྒྱལ་པོ་ཆེན་པོ། ངས་རི་ཆེན་པོ་ཞེས་སྨྲས་པ་ནི་དེ་ཉིད་སེམས་ཅན་གྱི་སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་ལ་བྱ་སྟེ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བས་རྟག་ཏུ་སེམས་ཅན་ལ་གནོད་
Kha187b
པར་འཚེ་ཞིང་འོང་ན། རྒྱལ་པོ་ཆེན་པོས་ཅིའི་ཕྱིར་ཚུལ་ཁྲིམས་དང་སྦྱིན་པ་མི་མཛད། རྒྱལ་པོས་གསོལ་པ། བཅོམ་ལྡན་འདས། ཚུལ་ཁྲིམས་འཛིན་ཞིང་སྦྱིན་པ་བགྱིས་ན་འབྲས་བུ་ཅི་ཐོབ། ངས་དེ་ལ། རྒྱལ་པོ་ཆེན་པོ། ལྷ་དང་མིའི་ནང་ན་བདེ་བའི་ལོངས་སྤྱོད་མང་དུ་མྱོང་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །རྒྱལ་པོས་གསོལ་པ། བཅོམ་ལྡན་འདས། ཤིང་ནྱ་གྲོ་དྷས་ཚུལ་ཁྲིམས་འཛིན་ཞིང་སྦྱིན་པ་བགྱིས་ན། དེའང་ལྷ་དང་མིའི་བདེ་བའི་ལོངས་སྤྱོད་མྱོང་བར་འགྱུར་རམ། ངས་དེ་ལ། རྒྱལ་པོ་ཆེན་པོ། ཤིང་ནྱ་གྲོ་དྷ་ནི་ཚུལ་ཁྲིམས་འཛིན་པ་དང་སྦྱིན་པ་སྤྱོད་མི་ནུས་སོ། །ཇི་སྟེ་ནུས་ན་བདེ་བ་མྱོང་བ་ཡང་ཐ་མི་དད་དོ། །ཞེས་བཀའ་སྩལ་པ་དེ་ནི་མ་ཡིན་པའི་དཔེའོ། །དེ་ལ་ཇི་ལྟར་ན་སྔ་མའི་དཔེ་ཞེ་ན། ངས་མདོ་སྡེ་ཀུན་ལས་དཔེར་ན། གང་ཟག་ལ་ལ་ཞིག་མེ་ཏོག་བཟང་པོ་ལ་ཆགས་པས་ལེན་པའི་ཚེ་ཆུས་ཁྱེར་རོ། །སེམས་ཅན་ཡང་དེ་དང་འདྲ་སྟེ། འདོད་པ་ལྔ་ལ་ཆགས་པས་སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བའི་ཆུས་ཁྱེར་རོ་ཞེས་གསུངས་པ་དེ་ནི་སྔ་མའི་དཔེའོ། །ཇི་ལྟར་ཕྱི་མའི་དཔེ་ཞེ་ན། ཆོས་ཀྱི་ཚིག་གི་མདོ་ལས་ཚིགས་སུ་བཅད་པ་འདི་དག་གསུངས་པ་ཡིན་ཏེ། སྡིག་པ་ཕྲ་མོ་ཆུང་ངུ་ལ། །མི་གནོད་སྙམ་དུ་བརྙེས་མི་བྱ། །ཆུ་ཡི་ཐིགས་པ་ཟགས་པ་ཡང ། །སྣོད་ཆེན་ཁད་ཀྱིས་གང་བར་འགྱུར། །ཞེས་བྱ་བ་དེ་ནི་ཕྱི་མའི་དཔེའོ། །དེ་ལ་ཇི་ལྟར་ན་སྔ་ཕྱིའི་
Kha188a
༄#། །དཔེ་ཞེ་ན། དཔེར་ན་ཆུ་ཤིང་འབྲས་བུ་སྐྱེས་མ་ཐག་ཏུ་འཆི་བ་དང ། གླེན་པ་དག་གསོ་བའི་གནས་རྙེད་པའང་དེ་དང་འདྲ་སྟེ། ཇི་ལྟར་ན་དྲེའུ་སྦྲུམས་ན་ཚེ་རིང་པོ་མི་ཐོགས་པ་དེ་ནི་སྔ་ཕྱིའི་དཔེའོ། །དེ་ལ་ཇི་ལྟར་ན་ཀུན་ཏུ་ཁྱབ་པའི་དཔེ་ཞེ་ན། ངས་མདོ་སྡེ་ལས་འདི་སྐད་དུ་སུམ་ཅུ་རྩ་གསུམ་གནམ་ན་ཤིང་པ་རི་ཙི་ཏྲ་ཞེས་བྱ་བ་ཡོད་དེ་དེའི་རྩ་བ་ས་ལ་དཔག་ཚད་ལྔ་བཅུ་སྙེད་ཟུག་གོ་།མཐོ་ཁྱད་ནི་དཔག་ཚད་བརྒྱའོ། །ཡལ་ག་དང་ལོ་མས་ཕྱོགས་བཞིར་དཔག་ཚད་ལྔ་བཅུ་སྙེད་ཁེབས་སོ། །ལོ་མ་སྨིན་པ་ནི་སེར་པོར་འགྱུར་ཏེ། ལྷ་རྣམས་ཀྱིས་མཐོང་ནས་དགའ་བའི་སེམས་སྐྱེའོ། །ལོ་མ་དེ་རིང་པོར་མི་ཐོགས་པར་ལྷགས་པར་འགྱུར་ཏེ། ལོ་མ་དེ་ལྷགས་པ་ནའང་རབ་ཏུ་དགའ་བ་སྐྱེའོ། ། ཡལ་གའང་རིང་པོར་མི་ཐོགས་པར་མདོག་འགྱུར་ཏེ། ཡལ་ག་མདོག་འགྱུར་བ་ནའང་དགའ་བ་སྐྱེའོ། །མདོག་འགྱུར་བ་དེ་ལས་རིང་པོར་མི་ཐོགས་པར་ཁ་འབུ་བར་འགྱུར་ཏེ། ཁ་འབུས་པར་གྱུར་བ་ནའང་དགའ་བ་སྐྱེའོ། །ཁ་འབུས་པ་དེ་ལས་རིང་པོར་མི་ཐོགས་པར་མྱུ་གུ་སྐྱེ་སྟེ། དེ་མཐོང་བ་ནའང་རབ་ཏུ་དགའོ། །མྱུ་གུ་དེ་རིང་པོར་མི་ཐོགས་པར་ཁ་འབྱེ་བར་འགྱུར་ཏེ། ཁ་བྱེ་ནས་དེའི་དྲི་བསུང་དཔག་ཚད་ལྔ་བཅུ་སྙེད་དུ་བྲོའོ། །དེའི་འོད་ནི་དཔག་ཚད་བརྒྱད་ཅུ་སྙེད་དུ་སྣང་སྟེ། དེའི་ཚེ་དེའི་དུས་ན་ལྷ་རྣམས་དབྱར་ཟླ་བ་གསུམ་གྱི་བར་
Kha188b
དུ་བདེ་བ་ལ་ལོངས་སྤྱོད་དོ། །རིགས་ཀྱི་བུ། ངའི་ཉེ་གནས་རྣམས་ཀྱང་དེ་དང་འདྲ་སྟེ། ལོ་མའི་ཁ་དོག་སེར་པོར་གྱུར་པ་ནི་ངའི་ཉེ་གནས་རབ་ཏུ་འབྱུང་བར་འདོད་པ་ལྟ་བུའོ། །ལོ་མ་ལྷགས་པ་ནི་ངའི་ཉེ་གནས་སྐྲ་དང་ཁ་སྤུ་བྲེགས་པ་ལྟ་བུའོ། །མདོག་འགྱུར་བ་ནི་ངའི་ཉེ་གནས་གསོལ་པ་དང་བཞིའི་ལས་བྱས་ནས་བསྙེན་པར་རྫོགས་པ་ལྟ་བུའོ། །ཁ་འབུ་བ་ནི་ངའི་ཉེ་གནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྟ་བུའོ། །མྱུ་གུར་གྱུར་པ་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་རང་བཞིན་མཐོང་བ་ལྟ་བུའོ།། ཁ་བྱེ་བ་ནི་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ལྟ་བུའོ། །དྲི་བསུང་བྲོ་བ་ནི་ཕྱོགས་བཅུའི་སེམས་ཅན་ཚད་མེད་པ་རྣམས་ཚུལ་ཁྲིམས་སྡོམ་པ་ལྟ་བུའོ། །འོད་སྣང་བ་ནི་དེ་བཞིན་གཤེགས་པའི་མཚན་ཐོགས་པ་མེད་པ་ཕྱོགས་བཅུར་ཁྱབ་པ་ལྟ་བུའོ། །དབྱར་ཟླ་བ་གསུམ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གསུམ་ལྟ་བུའོ། །སུམ་ཅུ་རྩ་གསུམ་གྱི་ལྷ་བདེ་བ་ལ་ལོངས་སྤྱོད་པ་ནི་དེ་བཞིན་གཤེགས་པ་རྣམས་མྱ་ངན་ལས་འདས་པ་ཆེན་པོའི་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཐོབ་པ་ལྟ་བུ་སྟེ།་དེ་ནི་ཀུན་ཏུ་ཁྱབ་པའི་དཔེའོ། །རིགས་ཀྱི་བུ། དཔེར་བསྟན་ཏོ་ཅོག་ནི་ཟད་པར་ལེན་པ་མ་ཡིན་གྱི། ཅུང་ཟད་གཅིག་གམ། མང་པོའམ། གལ་ཏེ་ཀུན་ལེན་ཏོ། །དེ་ལ་དེ་བཞིན་
Kha189a
༄#། །གཤེགས་པའི་ཞལ་ནི་ཟླ་བ་ཉ་བ་ལྟ་བུའོ་ཞེས་བྱ་བ་ནི་ཆུང་ཟད་ཅིག་ལེན་པའི་དཔེའོ། །རིགས་ཀྱི་བུ། དཔེར་ན། མི་ཞིག་སྔོན་འོ་མ་མ་མཐོང་སྟེ། གཞན་ཞིག་ལ་འོ་མ་ཅི་འདྲ་ཞེས་དྲིས་པ་དང ། དེས་ཆུ་དང ། སྦྲང་རྩི་དང ། དུང་དང་འདྲའོ་ཞེས་སྨྲས་ཏེ། ཆུ་ནི་གཤེར་བའི་མཚན་ཉིད། སྦྲང་རྩི་ནི་མངར་བའི་མཚན་ཉིད། དུང་ནི་ཁ་དོག་གི་མཚན་ཉིད་དེ། དེ་ལྟར་དཔེ་གསུམ་བསྟན་ཀྱང་འོ་མ་ངོ་མི་ཤེས་སོ། །རིགས་ཀྱི་བུ། ངས་ཇི་ལྟར་མེ་མར་གྱིས་སེམས་ཅན་གྱི་དཔེར་བསྟན་པའང་དེ་དང་འདྲ་སྟེ། རིགས་ཀྱི་བུ།་ཆུའི་ཕ་རོལ་ན་ཀླུང་མེད་དེ། སེམས་ཅན་ཡང་དེ་དང་འདྲའོ། །ལྔ་ཕུང་སྤངས་པའི་ཕ་རོལ་ན་སེམས་ཅན་གཞན་མེད་དོ། །རིགས་ཀྱི་བུ། སྒྲོམ་དང ། ཕང་ལོ་དང ། སྲོག་ཤིང་དང ། མུ་ཁྱུད་དང ། རྩིབ་མ་སྤངས་པའི་ཕ་རོལ་ན་ཤིང་རྟ་གཞན་མེད་པ་ལྟར། སེམས་ཅན་ཡང་དེ་དང་འདྲའོ། །རིགས་ཀྱི་བུ། དེ་སྟེ་མེ་མར་གྱི་དཔེ་དང་མཐུན་པར་འདོད་ན་རབ་ཏུ་བརྟགས་པར་ཉོན་ཅིག་དང ། ངས་ཁྱོད་ལ་བཤད་པར་བྱའོ། །དེ་ལ་སྙིང་པོ་ནི་སྲིད་པ་ཉི་ཤུ་རྩ་ལྔའི་དཔེའོ། །མར་ནི་སྲེད་པའི་དཔེའོ། །སྣང་བ་ནི་ཤེས་རབ་ཀྱི་དཔེའོ།། མུན་པ་བསལ་བ་ནི་མ་རིག་པ་གཞོམ་པའི་དཔེའོ། །དྲོ་བ་ནི་འཕགས་པའི་ལམ་གྱི་དཔེ་སྟེ། མར་ཟད་པ་ན་སྣང་བ་དང ། མེ་ལྕེ་མེད་པར་འགྱུར་ཏེ། སེམས་ཅན་གྱི་སྲིད་པ་
Kha189b
ཟད་ན་སངས་རྒྱས་ཀྱི་རང་བཞིན་མཐོང་བར་འགྱུར་རོ། །དེ་ལ་མིང་དང་གཟུགས་ཡོད་མོད་ཀྱི། འཆིང་བར་མི་འགྱུར་ལ། སྲིད་པ་ཉི་ཤུ་རྩ་ལྔར་གནས་མོད་ཀྱི། སྲིད་པ་རྣམས་ཀྱིས་མི་གོས་སོ། །སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། སེམས་ཅན་གྱི་ཕུང་པོ་ལྔ་ནི་སྟོང་པ་ཅིའང་མ་མཆིས་པ་ལགས་ན། སུས་ལུང་ནོད་ཅིང་བྱང་ཆུབ་ཀྱི་ཚོགས་གསོག་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ལ་དྲན་པའི་སེམས་དང ། ཤེས་རབ་ཀྱི་སེམས་དང ། བསྐྱེད་པའི་སེམས་དང ། བརྩོན་འགྲུས་རྩོམ་པའི་སེམས་དང ། དད་པའི་སེམས་དང ། ཏིང་ངེ་འཛིན་གྱི་སེམས་ཡོད་དེ། དེ་ལྟ་བུ་ལ་སོགས་པའི་སེམས་ནི་སྐད་ཅིག་སྐད་ཅིག་མར་སྐྱེ་ཞིང་འགོག་མོད་ཀྱི། དེ་དང་འདྲ་བ་གཅིག་གིས་གཅིག་བསབས་ཏེ་རྒྱུན་མི་ཆད་པས་བྱང་ཆུབ་ཀྱི་ཚོགས་བསགས་པ་ཞེས་བྱའོ། །སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། དེ་ལྟ་བུ་ལ་སོགས་པའི་ཆོས་ནི་སྐད་ཅིག་སྐད་ཅིག་མར་འགོག་སྟེ། དེ་ལྟར་སྐད་ཅིག་སྐད་ཅིག་མར་འགོག་པ་དེ་ལས་ཀྱང་འདྲ་བའི་རྒྱུན་གཅིག་གིས་གཅིག་བསབས་པས་རྒྱུན་མི་ཆད་པ་ལགས་ན། ཇི་ལྟ་བུར་ཚོགས་གསོག་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཇི་ལྟར་མེ་མར་དེ་སྐད་ཅིག་སྐད་ཅིག་མར་འགོག་མོད་ཀྱི། འོན་ཀྱང་སྣང་བས་མུན་པ་བསལ་བ་ཡོད་པ་
Kha190a
༄#། །ལྟར་དྲན་པ་ལ་སོགས་པའི་ཆོས་རྣམས་ཀྱང་དེ་དང་འདྲའོ། །རིགས་ཀྱི་བུ། ཇི་ལྟར་སེམས་ཅན་གྱི་ཟས་ཀྱང་སྐད་ཅིག་སྐད་ཅིག་མར་འགོག་མོད་ཀྱི། འོན་ཀྱང་བཀྲེས་པ་དག་འགྲངས་པར་འགྱུར་རོ། །དཔེར་ན། སྨན་དམ་པའང་སྐད་ཅིག་སྐད་ཅིག་མར་འགོག་མོད་ཀྱི། ནད་སོས་པར་བྱེད་དོ། །ཉི་མ་དང་ཟླ་བའི་འོད་སྣང་བའང་སྐད་ཅིག་སྐད་ཅིག་མར་འགོག་མོད་ཀྱི། རྩི་ཤིང་དང་ནགས་ཚལ་ཐམས་ཅད་སྐྱེད་ནུས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་འདི་སྐད་དུ་སྐད་ཅིག་སྐད་ཅིག་མར་འགོག་ན། ཇི་ལྟར་སྐྱེ་བར་འགྱུར་ཞེས་བྱ་བ་ནི་སེམས་ཅན་མ་ཆད་པའི་ཕྱིར་སྐྱེ་བ་ཞེས་བྱའོ། །རིགས་ཀྱི་བུ། ཇི་ལྟར་ཁ་ཏོན་བྱེད་པ་དག་ཁ་ཏོན་བྱེད་པའི་ཚིག་འབྲུ་ཅིག་ཅར་བརྗོད་དུ་མི་རུང་སྟེ། སྔ་མ་ནི་བར་དུ་འགྲོར་མི་རུང ། བར་མའང་ཐ་མར་འགྲོར་མི་རུང་སྟེ། མིང་དང ། ཡི་གེ་དང ། སེམས་དང ། འདུ་ཤེས་ཀྱང་སྐད་ཅིག་སྐད་ཅིག་མར་འགོག་མོད་ཀྱི། ཡུན་རིང་པོར་གོམས་པ་ལས་ཀུན་ཤེས་པར་འགྱུར་རོ། །རིགས་ཀྱི་བུ། དཔེར་ན། གསེར་མགར་ནི་ཐོག་མ་བསླབས་ནས་རྒས་ཀྱི་བར་དུ་བྱས་པའང་སྐད་ཅིག་སྐད་ཅིག་མར་འགོག་སྟེ། སྔ་ཕྱིར་འཁྲུགས་པར་མ་གྱུར་མོད་ཀྱི། ཡུན་རིང་དུ་སྦྱངས་པས་བྱ་བའི་རྣམས་ཕྱི་ཕྱིར་མཁས་པར་འགྱུར་ཏེ། དེ་བས་ན་གསེར་མགར་མཁས་པ་ཞེས་བྱ་བ་ལྟར་ཀློག་པ་དང་ཁ་ཏོན་བྱེད་པའང་དེ་
Kha190b
འདྲའོ། །རིགས་ཀྱི་བུ། དཔེར་ན། ས་བོན་ལ་སས་ཀྱང་ཁྱོད་མྱུ་གུ་སྐྱེད་ཅིག་ཅེས་མ་བྱས་མོད་ཀྱི། ཆོས་ཉིད་ཀྱིས་མྱུ་གུ་རང་སྐྱེའོ། །མེ་ཏོག་གི་བར་དུའང་ཁྱོད་ཀྱིས་འབྲས་བུ་སྐྱེད་ཅིག་ཅེས་མ་བྱས་མོད་ཀྱི། ཆོས་ཉིད་ཀྱིས་འབྲས་བུ་རང་སྐྱེ་བ་ལྟར། སེམས་ཅན་དག་བྱང་ཆུབ་ཀྱི་ཚོགས་གསོག་པའང་དེ་དང་འདྲའོ། །རིགས་ཀྱི་བུ། དཔེར་ན། བགྲང་བའི་ཐབས་ནི་གཅིག་ཀྱང་གཉིས་སུ་མི་འགྲོ་།གཉིས་ཀྱང་གསུམ་དུ་མི་འགྲོ་སྟེ། སྐད་ཅིག་སྐད་ཅིག་མར་འགོག་མོད་ཀྱི། སྟོང་དང་ཁྲིའི་བར་དུའང་ཕྱིན་པ་ལྟར་སེམས་ཅན་དག་བྱང་ཆུབ་ཀྱི་ཚོགས་གསོག་པའང་དེ་དང་འདྲའོ། །རིགས་ཀྱི་བུ། དཔེར་ན། མེ་མར་སྐད་ཅིག་སྐད་ཅིག་མར་འགོག་པ་སྔར་འགོག་པའི་མེ་ལྕེས་མེ་ལྕེ་ཕྱི་མ་ལ་ང་ནི་འགགས་ཀྱི། ཁྱོད་སྐྱེས་ལ་མུན་པ་མེད་པར་གྱིས་ཤིག་ཅེས་མ་བྱས་སོ། །རིགས་ཀྱི་བུ། དཔེར་ན། བེའུ་བྱུང་མ་ཐག་ཏུ་ནུ་མ་ནུ་སྟེ། ནུ་མ་ནུ་བའི་བློ་སུས་ཀྱང་མ་བསྟན་ཏེ། སྐད་ཅིག་སྐད་ཅིག་མར་འགོག་མོད་ཀྱི། ཐོག་མ་བཀྲེས་པ་ནས་ཕྱིས་འགྲངས་པའི་བར་དུ་འགྱུར་ཏེ། དེ་བས་ན་འདྲ་བའི་མི་རིགས་པར་རིག་པར་བྱའོ། །གལ་ཏེ་འདྲ་ན་ཐ་དད་པར་སྐྱེ་བའི་མི་རིགས་པ་བཞིན་དུ་སེམས་ཅན་དག་བྱང་ཆུབ་ཀྱི་ཚོགས་གསོག་པར་ཡང་དེ་དང་འདྲའོ། །ཐོག་མ་ནས་གོང་ནས་གོང་དུ་འཕར་བ་མ་ཡིན་མོད་ཀྱི། ཡུན་རིང་དུ་བསྒོམས་པའི་ཕྱིར་ཉོན་མོངས་པ་ཐམས་ཅད་གཞོམ་པར་འགྱུར་རོ། །སེངྒེ་སྒྲས་གསོལ་པ། བཅོམ་ལྡན་
Kha191a
༄#། །འདས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་པར་ཐོབ་པ་དག་ཡུལ་ངན་པར་སྐྱེས་ཀྱང་ཚུལ་ཁྲིམས་འཛིན་ཏེ། མི་གསོད། མི་རྐུ། འཕྱོ་གཡེམ་མི་བྱེད། ཕྲ་མ་དང་ཚིག་ཐུན་ཚགས་མི་སྨྲ། ཆང་མི་འཐུང་ངོ ། །རྒྱུན་དུ་ཞུགས་པའི་ཕུང་པོ་ནི་གནས་འདིར་འགགས་ནས་ཡུལ་ངན་པར་མི་མཆི་བ་ལྟར་བྱང་ཆུབ་ཀྱི་ཚོགས་གསོག་པའང་དེ་དང་འདྲ་སྟེ། ཡུལ་ངན་པར་མི་མཆིའོ། །གལ་ཏེ་འདྲ་བ་ཞིག་ལགས་ན། ཅིའི་སླད་དུ་ཡོངས་སུ་དག་པའི་ཞིང་དུ་མི་སྐྱེ། གལ་ཏེ་ཡུལ་ངན་པའི་ཕུང་པོ་རྒྱུན་དུ་ཞུགས་པའི་ཕུང་པོ་མ་ལགས་ན། ཅིའི་སླད་དུ་ལས་ངན་པ་དག་མི་བགྱིད་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། རྒྱུན་དུ་ཞུགས་པ་ཡུལ་ངན་པར་སྐྱེས་ཀྱང་རྒྱུན་དུ་ཞུགས་པའི་མིང་མི་སྟོར་ཏེ། ཕུང་པོ་མི་འདྲ་བའི་ཕྱིར་ངས་བེའུའི་དཔེ་བསྟན་པ་ཡིན་ནོ། །རྒྱུན་དུ་ཞུགས་པ་ཡུལ་ངན་པར་སྐྱེས་མོད་ཀྱི།་བྱང་ཆུབ་ཀྱི་སྟོབས་ཀྱི་ལས་ངན་པ་མི་བྱེད་དོ། །རིགས་ཀྱི་བུ། དཔེར་ན། རི་སྤོས་ཀྱི་ངད་ཅན་ལ་སེང་གེའི་རྒྱལ་པོ་གནས་པས་བྱ་འཕུར་པ་ཐམས་ཅད་དང ། ས་ལ་རྒྱུག་པའི་གཅན་གཟན་ཐམས་ཅད་ནི་རི་དེར་མི་རྒྱུག་སྟེ། ཉེ་བའི་ཐུགས་མི་ཐུབ་བོ། །གལ་ཏེ་སེངྒེའི་རྒྱལ་པོ་དེ་རི་ཁ་བ་ཅན་ལ་སོང་ནའང ། བྱ་འཕུར་བ་ཐམས་ཅད་དང ། གཅན་གཟན་ཐམས་
Kha191b
ཅད་འགྲོ་ཞིང་གནས་པའི་ཐུགས་མི་ཐུབ་བོ། །རྒྱུན་དུ་ཞུགས་པའང་དེ་དང་འདྲ་སྟེ། བྱང་ཆུབ་ལ་ནན་ཏན་མི་བྱེད་མོད་ཀྱི། བྱང་ཆུབ་ཀྱི་མཐུས་མི་དགེ་བ་ཐམས་ཅད་མི་བྱེད་དོ། །རིགས་ཀྱི་བུ། དཔེར་ན། མི་ལ་ལ་ཞིག་བདུད་རྩི་འཐུངས་ན། བདུད་རྩི་དེ་སྐད་ཅིག་སྐད་ཅིག་མར་འགོག་མོད་ཀྱི། དེའི་མཐུས་མི་དེ་རིང་དུ་འཚོ་ཞིང་སྐྱེ་ཤི་མེད་པར་འགྱུར་རོ། །རིགས་ཀྱི་བུ། དཔེར་ན།་རི་རབ་རིའི་རྒྱལ་པོ་ལ་སྨན་དམ་པ་ལང་ཀ་ལི་ཞེས་བྱ་བ་ཡོད་དེ། ལ་ལ་ཞིག་གིས་ཟོས་ན་དེ་སྐད་ཅིག་སྐད་ཅིག་མར་འགོག་མོད་ཀྱི། སྨན་དེའི་མཐུས་ནད་ཀྱི་སྡུག་བསྔལ་དང་མི་ཕྲད་དོ། །རིགས་ཀྱི་བུ། དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་འདུག་པའི་གནས་ན། རྒྱལ་པོ་མེད་དུ་ཟིན་ཀྱང་སུས་ཀྱང་དེར་ཉེ་བའི་ཐུགས་མི་ཐུབ་བོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོའི་མཐུ་དང་བྱིན་གྱི་ཕྱིར་ཏེ། རྒྱུན་དུ་ཞུགས་པའང་དེ་དང་འདྲ་བར་ཡུལ་ངན་པར་སྐྱེས་ཏེ། བྱང་ཆུབ་ལ་ནན་ཏན་མི་བྱེད་མོད་ཀྱི། བྱང་ཆུབ་ཀྱི་མཐུས་མི་དགེ་བའི་ལས་མི་བྱེད་དོ། །རིགས་ཀྱི་བུ། རྒྱུན་དུ་ཞུགས་པའི་ཕུང་པོ་འདིར་འགགས་ཏེ། ཕུང་པོ་གཞན་དུ་སྐྱེས་མོད་ཀྱི། འོན་ཀྱང་རྒྱུན་དུ་ཞུགས་པའི་ཕུང་པོ་མི་སྟོར་རོ། །རིགས་ཀྱི་བུ། དཔེར་ན། སྐྱེ་བོ་དག་ཤིང་ཏོག་དང་འབྲས་བུའི་ཕྱིར་ས་བོན་དེ་ལ་རྨེད་ཀྱིས་འདེབས་ཤིང་ཆུ་བཅུ་པ་ལ་སོགས་པ་ལས་མང་པོ་བྱེད་དེ། ཤིང་ཏོག་དང་འབྲས་བུ་མ་ཐོབ་པར་ས་བོན་རུལ་མོད་ཀྱི། འོན་ཀྱང་ས་བོན་གྱི་
Kha192a
༄#། །རྒྱུས་ཤིང་ཏོག་ཐོབ་པར་འགྱུར་རོ། །ཞེས་བྱ་བ་བཞིན་དུ་རྒྱུན་དུ་ཞུགས་པའི་ཕུང་པོའང་དེ་དང་འདྲའོ། །རིགས་ཀྱི་བུ། དཔེར་ན། མི་ཤིན་ཏུ་ཕྱུག་པ་ཞིག་ལ་བུ་གཅིག་འབའ་ཞིག་ཡོད་དེ། དེའང་སྔར་ཚེ་འཕོས་ནས་བུ་དེ་ལ་བུ་གཅིག་ཡོད་པའང་ཡུལ་གཞན་ན་གནས་པ་ལས། མི་དེ་ཤི་བར་གྱུར་ནས་ཚ་བོས་དེ་ཐོས་པ་དང་ཕྱིར་ལོག་ནས་ནོར་རྫས་ཐམས་ཅད་བསྡུས་སོ། །ནོར་རྫས་དེ་དག་དེས་མ་བྱས་མོད་ཀྱི། ལེན་ཞིང་སྡུད་པ་ལས་སུས་ཀྱང་མི་སྟེར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རུས་གཅིག་པའི་ཕྱིར་ཏེ། རྒྱུན་དུ་ཞུགས་པའི་ཕུང་པོའང་དེ་དང་འདྲའོ། །སེངྒེ་སྒྲས་གསོལ་པ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་དེ་གསུངས་པ་ལས། དགེ་སློང་གང་ཞིག་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་བསྒོམས་ན། ཕྱིར་མི་ལྡོག་པར་རིག་པར་བྱ་སྟེ། མྱ་ངན་ལས་འདས་པར་ཉེ་བར་འགྲོ་ཞེས་བགྱི་བ། བཅོམ་ལྡན་འདས། ཚུལ་ཁྲིམས་ཇི་ལྟར་བསྒོམ། ཏིང་ངེ་འཛིན་ཇི་ལྟར་བསྒོམ། ཤེས་རབ་ཇི་ལྟར་བསྒོམ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གལ་ཏེ་གང་ལ་ལ་ཞིག་ཚུལ་ཁྲིམས་མནོས་ནས་བདག་ལ་ཕན་པ་དང ། ལྷ་དང་མིའི་ལོངས་སྤྱོད་འདོད་པའི་ཕྱིར་ཚུལ་ཁྲིམས་སྲུང་གི་།སེམས་ཅན་ཐམས་ཅད་སྒྲོལ་བ་དང ། བླ་ན་མེད་པའི་དམ་
Kha192b
པའི་ཆོས་བསྲུང་བའི་ཕྱིར་ཡང་མ་ཡིན་ཏེ། གཞན་ཡང་རྙེད་པ་དང་གྲགས་པ་འབའ་ཞིག་གི་ཕྱིར་རམ། ངན་སོང་གསུམ་གྱིས་འཇིགས་པ་དང ། ཚེ་དང ། མདོག་དང ། སྟོབས་འདོད་པ་དང ། བདེ་བ་དང ། ཐོགས་པ་མེད་པའི་སྤོབས་པ་འདོད་པ་དང ། རྒྱལ་པོས་འཇིགས་པ་དང ། མི་སྙན་པས་འཇིགས་པ་དང ། འཇིག་རྟེན་གྱི་ལས་ཀྱི་དངོས་པོའི་ཕྱིར་ཚུལ་ཁྲིམས་སྲུང་བ་ནི་ཚུལ་ཁྲིམས་སྒོམ་པ་ཞེས་མི་བྱའོ། །རིགས་ཀྱི་བུ། ཇི་ལྟར་ན་ཡང་དག་པར་ཚུལ་ཁྲིམས་སྒོམ་པ་ཞེ་ན། ཚུལ་ཁྲིམས་མནོས་ནས་སེམས་ཅན་ཐམས་ཅད་སྒྲོལ་བའི་ཕྱིར་རམ། དམ་པའི་ཆོས་བསྲུང་བའི་ཕྱིར་རམ། མ་རྒལ་བ་སྒྲོལ་བ་དང ། མ་གྲོལ་བ་དགྲོལ་བ་དང ། སྐྱབས་མེད་པའི་སྐྱབས་སམ། མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་བསྲུང་སྟེ། དེ་ལྟར་སྲུང་བ་ན་ཚུལ་ཁྲིམས་སུ་མི་ལྟ། ཚུལ་ཁྲིམས་ཀྱི་མཚན་ཉིད་དུ་མི་ལྟ། འཛིན་པར་མི་ལྟ། འབྲས་བུ་རྣམ་པར་སྨིན་པར་མི་ལྟ། འཇིགས་པ་དང ། ཉམས་པ་མི་རྟོག་པའོ། །རིགས་ཀྱི་བུ། གང་དེ་ལྟ་བུའི་ཚུལ་དུ་སྲུང་བ་ནི་ཚུལ་ཁྲིམས་བསྒོམ་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་ཏིང་ངེ་འཛིན་སྒོམ་པ་ཞེ་ན། ཏིང་ངེ་འཛིན་སྒོམ་པའི་ཚེ། བདག་སྒྲོལ་བ་དང ། རྙེད་པ་དང ། གྲགས་པའི་ཕྱིར་ཡིན་གྱི། སེམས་ཅན་གྱི་ཕྱིར་མ་ཡིན། ཆོས་བསྲུང་བའི་ཕྱིར་མ་ཡིན། འདོད་ཆགས་དང ། ཟས་མི་གཙང་བ་ལ་
Kha193a
༄#། །སོགས་པའི་སྐྱོན་དུ་ལྟ་བ་དང ། སྐྱེས་པ་དང ། བུད་མེད་ལ་སོགས་པའི་དབང་པོ་དང ། བུ་ག་དགུ་ནས་མི་གཙང་བ་ཟག་པ་དང ། འཐབ་ཅིང་རྩོད་པ་དང ། རྡེག་ཅིང་འཚོགས་པ་དང ། གཅིག་ལ་གཅིག་འཚོ་ཞིང་གསོད་པ་དང ། དངོས་པོ་དེ་དག་གི་ཕྱིར་ཏིང་ངེ་འཛིན་སྒོམ་པ་ནི་ཏིང་ངེ་འཛིན་ཡོངས་སུ་སྒོམ་པ་ཞེས་མི་བྱའོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་ཡང་དག་པར་ཏིང་ངེ་འཛིན་སྒོམ་པ་ཞེ་ན། གལ་ཏེ་སེམས་ཅན་གྱི་ཕྱིར་ཏིང་ངེ་འཛིན་ཡོངས་སུ་སྒོམ་སྟེ། སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཐོབ་པའམ། སེམས་ཅན་དག་ཕྱིར་མི་ལྡོག་པའི་ཆོས་ཐོབ་པར་བྱ་བའི་ཕྱིར་རམ། སེམས་ཅན་དག་འཕགས་པའི་ཆོས་ཐོབ་པར་བྱ་བའི་ཕྱིར་རམ། སེམས་ཅན་དག་ཐེག་པ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་རམ། བླ་ན་མེད་པའི་ཆོས་བསྲུང་ཞིང་འཛིན་པའི་ཕྱིར་རམ། སེམས་ཅན་དག་བྱང་ཆུབ་ཀྱི་སེམས་ལས་ཕྱིར་མི་ལྡོག་པར་བྱ་བའི་ཕྱིར་རམ། སེམས་ཅན་དག་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པར་བྱ་བའི་ཕྱིར་རམ། སེམས་ཅན་དག་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པར་བྱ་བའི་ཕྱིར་རམ། སེམས་ཅན་དག་གཟུངས་ཐོབ་པར་བྱ་བའི་ཕྱིར་རམ། སེམས་ཅན་དག་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པར་བྱ་བའི་ཕྱིར་རམ། སེམས་ཅན་དག་སངས་རྒྱས་ཀྱི་རང་བཞིན་མཐོང་བར་བྱ་བའི་ཕྱིར་སྒོམ་
Kha193b
སྟེ། དེ་ལྟར་སྤྱད་པ་སྤྱོད་པ་ན་ཏིང་ངེ་འཛིན་དུ་མི་ལྟ། ཏིང་ངེ་འཛིན་གྱི་མཚན་ཉིད་དུ་མི་ལྟ། སྒོམ་པར་མི་ལྟ། འབྲས་བུ་རྣམ་པར་སྨིན་པར་མི་ལྟ་སྟེ། རིགས་ཀྱི་བུ། གང་དེ་ལྟར་སྒོམ་པ་ནི་ཏིང་ངེ་འཛིན་ཡོངས་སུ་སྒོམ་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་ཤེས་རབ་སྒོམ་པ་ཞེ་ན། གལ་ཏེ་སྒོམ་པ་གང་འདི་སྙམ་དུ་བདག་གིས་གལ་ཏེ་ཤེས་རབ་བསྒོམས་ན། རྣམ་པར་གྲོལ་བར་འགྱུར་ཞིང་ངན་སོང་གསུམ་ལས་ཐར་པར་འགྱུར་ན། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་བྱེད་ཀྱང་སུས་ཕོད། སྐྱེ་བོ་དག་འཁོར་བ་ལས་སྒྲོལ་ཡང་སུས་ནུས། སངས་རྒྱས་འཇིག་རྟེན་དུ་བྱུང་བ་ནི་ཨུ་དུམྦ་རའི་མེ་ཏོག་ལྟར་དཀའ་ན། བདག་གིས་ད་ཀུན་ནས་ཉོན་མོངས་པ་རྣམས་བཅད་ཅིང ། རྣམ་པར་གྲོལ་བའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་བདག་གིས་ཤེས་རབ་བརྩོན་པར་བསྒོམས་ཏེ་ཉོན་མོངས་པ་མྱུར་དུ་བཅད་ལ། མྱུར་དུ་རྣམ་བར་གྲོལ་བར་བྱའོ་སྙམ་དུ་དེ་ལྟར་བསྒོམས་པ་ནི་ཤེས་རབ་སྒོམ་པ་ཞེས་མི་བྱའོ། །དེ་ལ་ཇི་ལྟར་ན་ཡང་དག་པའི་སྒོམ་པ་ཞེ་ན། ཤེས་རབ་ཅན་དེ་སྐྱེ་བ་དང ། འཆི་བ་དང ། རྒས་པའི་སྡུག་བསྔལ་གྱིས་ཉོན་མོངས་པའི་སེམས་ཅན་མ་རིག་པས་ཁེབས་པས། བླ་ན་མེད་པའི་ཡང་དག་པའི་ལམ་ཇི་ལྟར་བསྒོམ་མི་ཤེས་པ་དེ་ལ་རབ་ཏུ་བརྟགས་ཤིང ། བདག་གིས་ལུས་འདིས་སེམས་ཅན་དེ་དག་གིས་སྡུག་བསྔལ་ཆེན་པོ་མྱོང་
Kha194a
༄#། །བ་དེའི་སྐྱིན་པར་བདག་གྱུར་ཅིག་།སེམས་ཅན་གྱི་དབུལ་ཕོངས་པ་དང ། ཀུན་གྱི་ཐ་མར་གྱུར་པ་དང ། ཚུལ་ཁྲིམས་འཇིག་པའི་སེམས་ཀྱིས་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་ལས་ཅི་བྱས་པ་ཐམས་ཅད་བདག་གི་ལུས་ལ་འདུས་པར་ཤོག་ཅིག་ཅེས་སྨོན་ལམ་འདེབས་པ་དང ། སེམས་ཅན་ཐམས་ཅད་འདོད་པའི་རྒྱུད་དུ་མི་སྐྱེ་ཞིང་མིང་དང་གཟུགས་ཀྱིས་བཅིངས་ཤིང་གླགས་པར་མ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དང ། སེམས་ཅན་ཐམས་ཅད་མྱུར་དུ་འཁོར་བ་ལས་རྣམ་པར་གྲོལ་ཏེ། བདག་གཅིག་པུ་གནས་པ་ལ་སྐྱོ་བ་མེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དང ། སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ཅིང་དེ་ལྟར་བསྒོམ་པ་ན། ཤེས་རབ་ཏུ་མི་ལྟ། ཤེས་རབ་ཀྱི་མཚན་ཉིད་དུ་མི་ལྟ། སྒོམ་པར་མི་ལྟ། འབྲས་བུ་རྣམ་པར་སྨིན་པར་མི་ལྟ་སྟེ། དེ་ལྟར་སྒོམ་པ་ནི་ཤེས་རབ་ཡོངས་སུ་སྒོམ་པ་ཞེས་བྱའོ། །རིགས་ཀྱི་བུ། དེ་ལྟར་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་སྒོམ་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ལྟར་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་སྒོམ་མི་ནུས་པ་ནི་ཉན་ཐོས་ཞེས་བྱའོ།། །།འཕགས་པ་ཡོངས་སུ་མྱ་
Kha194b
ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་སུམ་ཅུ་དགུ་པ། གཞན་ཡང ། རིགས་ཀྱི་བུ། ཇི་ལྟར་ན་ཚུལ་ཁྲིམས་སྒོམ་པ་ཞེ་ན། གང་སེམས་ཅན་ཐམས་ཅད་ཀྱི་སྤྱོད་ལམ་ངན་པ་བཅུ་དྲུག་པོ་གཞིག་ནུས་པ་ནི་ཚུལ་ཁྲིམས་སྒོམ་པ་ཞེས་བྱ་སྟེ། བཅུ་དྲུག་པོ་གང་ཞེ་ན། འདི་ལྟ་སྟེ། རྙེད་པའི་ཕྱིར་ལུ་གུ་གསོ་ཞིང་སོས་ནས་གཞན་དུ་འཚོང་བ་དང ། རྙེད་པའི་ཕྱིར་ཉོས་ནས་གསོད་པ་དང ། རྙེད་པའི་ཕྱིར་ཕག་ཕྲུག་གསོ་ཞིང་སོས་ནས་གཞན་དུ་འཚོང་པ་དང ། རྙེད་པའི་ཕྱིར་ཉོས་ནས་གསོད་པ་དང ། རྙེད་པའི་ཕྱིར་བེའུ་གསོ་ཞིང་སོས་ནས་འཚོང་བ་དང ། རྙེད་པའི་ཕྱིར་ཉོས་ནས་གསོད་པ་དང ། རྙེད་པའི་ཕྱིར་བྱ་གསོ་ཞིང་སོས་ནས་འཚོང་བ་དང ། རྙེད་པའི་ཕྱིར་ཉོས་ནས་གསོད་པ་དང ། ཉ་གཟུང་བ་དང ། རྔོན་པ་དང ། ཆོམ་པོ་དང ། བཤན་པ་དང ། བྱ་གཟུང་བ་དང ། ཕྲ་མ་དང ། ཁྲི་མུན་གྱི་སྲུང་མ་དང ། ཀླུ་ལ་སྔགས་ཀྱིས་འདེབས་པ་སྟེ། སེམས་ཅན་གྱི་ལས་ངན་པ་རྣམ་པ་བཅུ་དྲུག་པོ་དེ་དག་གཏན་གཅོད་པ་ནི་ཚུལ་ཁྲིམས་སྒོམ་པ་ཞེས་བྱའོ། །ཡང་ཇི་ལྟར་ན་ཏིང་ངེ་འཛིན་སྒོམ་པ་ཞེ་ན། འཇིག་རྟེན་ཀྱི་ཏིང་ངེ་འཛིན་ཐམས་ཅད་གཅོད་པ་སྟེ། འདི་ལྟར་ལུས་མེད་པའི་ཏིང་ངེ་འཛིན་ཏེ། སེམས་ཅན་དག་མྱ་ངན་ལས་འདས་པ་ཡིན་པར་ཕྱིན་ཅི་ལོག་གི་སེམས་སྐྱེད་པར་བྱེད་པ་དང ། སྲིད་པ་མཐའ་ཡས་པའི་སེམས་ཀྱི་ཏིང་ངེ་འཛིན་དང ། གཙང་མའི་ཕུང་པོའི་ཏིང་ངེ་འཛིན་དང ། འཇིག་རྟེན་གྱི་མཐའི་ཏིང་
Kha195a
༄#། །ངེ་འཛིན་དང ། འཇིག་རྟེན་ཆད་པའི་ཏིང་ངེ་འཛིན་དང ། འཇིག་རྟེན་གྱི་རང་བཞིན་གྱི་ཏིང་ངེ་འཛིན་དང ། འཇིག་རྟེན་གྱི་སྐྱེས་བུའི་ཏིང་ངེ་འཛིན་དང ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ཏིང་ངེ་འཛིན་ཏེ། དེ་ལྟ་བུ་ལ་སོགས་པའི་ཏིང་ངེ་འཛིན་ནི་སེམས་ཅན་དག་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བྱ་བར་ཕྱིན་ཅི་ལོག་གི་སེམས་སྐྱེད་པར་བྱེད་པའི་ཏིང་ངེ་འཛིན་དེ་དག་གཏན་གཅོད་པ་ནི་ཏིང་ངེ་འཛིན་ཡོངས་སུ་སྒོམ་པ་ཞེས་བྱའོ། །ཡང་ཇི་ལྟར་ན་ཤེས་རབ་སྒོམ་པ་ཞེ་ན། འཇིག་རྟེན་གྱི་ངན་པར་ལྟ་བ་ཐམས་ཅད་གཞོམ་པ་སྟེ། སེམས་ཅན་ཐམས་ཅད་ལ་ངན་པར་ལྟ་བ་ཡོད་དོ། །འདི་ལྟ་སྟེ། གཟུགས་ནི་བདག་ཡིན། བདག་གི་བའང་ཡིན། གཟུགས་ཀྱི་ནང་ན་བདག་ཡོད། བདག་གི་ནང་ན་གཟུགས་ཡོད་པ་ནས། རྣམ་པར་ཤེས་པའི་བར་དུའང་དེ་བཞིན་དུ་སྨྲ་སྟེ། རྟག་པ་ནི་བདག་ཡིན། གཟུགས་འགགས་ཀྱང་བདག་ཡོད་དོ། །གཟུགས་ཉིད་བདག་ཡིན་ཏེ། གཟུགས་འགགས་ན་བདག་ཀྱང་འགོག་གོ་ཞེས་སྨྲ་བ་དང ། ཡང་ལ་ལ་ན་རེ། བྱེད་པ་ནི་བདག་ཡིན། ཚོར་བ་ནི་གཟུགས་སོ་ཞེས་སྨྲ་བ་དང ། ཡང་ལ་ལ་འདི་སྐད་དུ་བྱེད་པ་ནི་གཟུགས་ཡིན། ཚོར་བ་ནི་བདག་གོ་ཞེས་སྨྲ་བ་དང ། ཡང་ལ་ལ་ན་རེ། བྱེད་པའང་མེད། ཚོར་བའང་མེད་དེ། རང་སྐྱེ་ལ་རང་འགོག་སྟེ། རྒྱུ་རྐྱེན་མ་ཡིན་ནོ་ཞེས་སྨྲ་བ་དང ། ལ་ལ་ནི་འདི་སྐད་དུ་བྱེད་
Kha195b
པའང་མེད། ཚོར་བའང་མེད་དེ། ཐམས་ཅད་དབང་སྒྱུར་ཞེས་བྱ་བས་བྱས་སོ་ཞེས་སྨྲ་བ་དང ། ལ་ལ་འདི་སྐད་དུ་བྱེད་དང་མེད་ལ་ཚོར་བ་མེད་དེ་ཐམས་ཅད་དུས་ཀྱིས་བྱས་སོ་ཞེས་སྨྲ་བ་དང ། ལ་ལ་ནི་འདི་སྐད་དུ་བྱེད་པ་དང་ཚོར་བ་ཅིའང་མེད་དེ། ས་ལ་སོགས་པ་ཆེན་པོ་ལྔ་ལ་སེམས་ཅན་ཞེས་བྱའོ་ཞེས་སྨྲ་སྟེ། རིགས་ཀྱི་བུ། གང་སེམས་ཅན་ཐམས་ཅད་ཀྱི་ངན་པར་ལྟ་པ་དེ་དག་གཞོམ་པ་ནི་ཤེས་རབ་སྒོམ་པ་ཞེས་བྱའོ། །རིགས་ཀྱི་བུ། ཚུལ་ཁྲིམས་བསྒོམས་པས་ལུས་ཞི་བར་འགྱུར་རོ། །ཏིང་ངེ་འཛིན་བསྒོམ་པས་སེམས་ཞི་བར་འགྱུར་རོ། །ཤེས་རབ་བསྒོམས་པས་ཐེ་ཚོམ་གྱི་སེམས་ཆོམས་པར་འགྱུར་རོ། །དེ་ལ་ཐེ་ཚོམ་གྱི་སེམས་བཅོམ་པས་བྱང་ཆུབ་ཡོངས་སུ་སྒོམ་པར་འགྱུར་རོ། །བྱང་ཆུབ་བསྒོམས་པས་སངས་རྒྱས་ཀྱི་རང་བཞིན་མཐོང་བར་འགྱུར་རོ། །སངས་རྒྱས་ཀྱི་རང་བཞིན་མཐོང་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པས་བླ་ན་མེད་པའི་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པར་འགྱུར་རོ། །མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པས་སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་ཉོན་མོངས་པ་དང ། སྲིད་པ་ཐམས་ཅད་དང ། ཁམས་ཐམས་ཅད་དང ། བདེ་བ་ཐམས་ཅད་གཅོད་པར་འགྱུར་རོ། །འཁོར་བ་བཅད་པ་ནས་བདེ་བའི་བར་དུ་བཅད་པས་རྟག་པ་དང ། བདེ་བ་དང ། བདག་
Kha196a
༄#། །དང ། ཡོངས་སུ་དག་པའི་ཆོས་ཐོབ་པར་འགྱུར་རོ། །སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར། གལ་ཏེ་མི་སྐྱེ་མི་འགོག་པ་ལ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བགྱི་ན། སྐྱེ་བའང་དེ་དང་འདྲ་བར་མི་སྐྱེ་མི་འགོག་ན། ཅིའི་སླད་དུ་མྱ་ངན་ལས་འདས་པ་ཞེས་མི་བགྱི། རིགས་ཀྱི་བུ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་སྨྲས་པ་བཞིན་ཏེ། སྐྱེ་བ་དེ་མི་སྐྱེ་མི་འགོག་མོད་ཀྱི། ཐོག་མ་དང་ཐ་མ་མེད་དོ། །གསོལ་པ། བཅོམ་ལྡན་འདས། འཁོར་བའི་ཆོས་ཀྱང་ཐོག་མ་དང་ཐ་མ་མ་མཆིས་སོ། །གལ་ཏེ་ཐོག་མ་དང་ཐ་མ་མ་མཆིས་ན་རྟག་པར་འགྱུར་རོ། །གང་རྟག་པ་ནི་མྱ་ངན་ལས་འདས་པ་ལགས་ན། ཅིའི་སླད་དུ་འཁོར་བ་ལ་མྱ་ངན་ལས་འདས་པ་ཞེས་མི་གདགས། རིགས་ཀྱི་བུ། འཁོར་བའི་ཆོས་དེ་ནི་རྒྱུ་དང་འབྲས་བུ་ཡོད་དེ། རྒྱུ་དང་འབྲས་བུར་བཅས་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་མི་གདགས་སོ། །དེ་ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པའི་ངོ་བོ་ཉིད་ལ་རྒྱུ་དང་འབྲས་བུ་མེད་པའི་ཕྱིར་རོ། །སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས་མྱ་ངན་ལས་འདས་པའང་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་གསུངས་པ་ལྟར་ན་རྒྱུ་དང་འབྲས་བུ་མཆིས་སོ། །འདི་ལྟ་སྟེ། རྒྱུ་ལས་མཐོ་རིས་ལྷར་སྐྱེས་འགྱུར། །
Kha196b
རྒྱུ་ལས་ངན་སོང་ལྟུང་བར་འགྱུར། །རྒྱུ་ལས་མྱ་ངན་འདས་ཐོབ་སྟེ། །དེ་བས་ཀུན་ལ་རྒྱུ་མཆིས་སོ། །ཞེས་ཀྱང་གསུངས་པ། ཡང་བཅོམ་ལྡན་འདས་ཀྱིས་སྔོན་དགེ་སློང་རྣམས་ལ་བཀའ་སྩལ་པ། ངས་དགེ་སྦྱོང་གི་ལམ་དང་འབྲས་བུ་བཤད་པར་བྱའོ། །དགེ་སྦྱོང་ཞེས་བྱ་བ་ནི་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་ཡོངས་སུ་རྫོགས་པར་སྤྱོད་པའོ། ། ལམ་ནི་འདི་ལྟ་སྟེ། འཕགས་པའི་ལམ་བརྒྱད་དོ། །དགེ་སྦྱོང་གི་འབྲས་བུ་ནི་འདི་ལྟ་སྟེ། མྱ་ངན་ལས་འདས་པའོ་ཞེས་གསུངས་ན། བཅོམ་ལྡན་འདས། མྱ་ངན་ལས་འདས་བདེ་ཅི་འབྲས་བུ་མ་ལགས་སམ། དེ་ཅིའི་སླད་དུ་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ལ་རྒྱུ་དང་འབྲས་བུ་མ་མཆིས་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ངས་མྱ་ངན་ལས་འདས་པའི་རྒྱུ་གསུངས་པ་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་རང་བཞིན་ཏེ། སངས་རྒྱས་ཀྱི་རང་བཞིན་གྱིས་མྱ་ངན་ལས་འདས་པ་སྐྱེད་པར་མི་འགྱུར་ཏེ། དེ་བས་ན་མྱ་ངན་ལས་འདས་པ་རྒྱུ་མེད་དོ་ཞེས་ངས་གསུངས་སོ། །ཉོན་མོངས་པ་གཞོམ་པའི་ཕྱིར་འབྲས་བུ་ཆེན་པོ་ཞེས་བྱའོ། །ལམ་ལས་མ་སྐྱེས་པའི་ཕྱིར་འབྲས་བུ་མེད་པ་ཞེས་བྱ་སྟེ། དེ་བས་ན་མྱ་ངན་ལས་འདས་པ་ནི་རྒྱུ་མེད་འབྲས་བུ་མེད་དོ། །སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཞེས་བགྱི་བ་ཐམས་ཅད་ཐུན་མོང་ངམ།
Kha197a
༄#། །འོན་ཏེ་སོ་སོ་ན་མཆིས། གལ་ཏེ་ཐུན་མོང་བ་ལགས་ན། གཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ན་སེམས་ཅན་ཐམས་ཅད་ཀྱང་མཐུན་པར་ཐོབ་པའི་རིགས་སོ། །བཅོམ་ལྡན་འདས། ཇི་ལྟར་མི་ཉི་ཤུ་ལ་དགྲ་གཅིག་མཆིས་པ་ལས། གལ་ཏེ་མི་གཅིག་གིས་དགྲ་དེ་མ་མཆིས་པར་བགྱིས་ན་ལྷག་མ་བཅུ་དགུ་པོ་ལའང་མཐུན་པར་མ་མཆིས་པར་འགྱུར་བ་ལྟར། སངས་རྒྱས་ཀྱི་རང་བཞིན་ཡང་དེ་ལྟ་ན་གཅིག་གིས་ཐོབ་པའི་ཚེ། གཞན་ཀུན་གྱིས་ཀྱང་ཐོབ་པའི་རིགས་སོ། །དེ་སྟེ་སོ་སོ་ན་མཆིས་ན་མི་རྟག་པར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བརྩི་ཞིང་བགྲང་དུ་མཆིས་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་མི་གཅིག་མི་གཉིས་སོ་ཞེས་གསུངས་སོ། །གལ་ཏེ་སོ་སོ་ན་མཆིས་ན་དེ་བཞིན་གཤེགས་པ་རྣམས་ནི་མཉམ་པའོ་ཞེས་བགྱིར་ཡང་མི་རུང ། སངས་རྒྱས་ཀྱི་རང་བཞིན་ནམ་མཁའ་དང་འདྲའོ་ཞེས་བགྱིར་ཡང་མི་རུང་ངོ ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་མི་གཅིག་མི་གཉིས་ལ། སངས་རྒྱས་རྣམས་ཀྱང་མཉམ་ཞིང་ནམ་མཁའ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ལ་མཐུན་པར་ཡོད་དོ། །གལ་ཏེ་གང་ཞིག་འཕགས་
Kha197b
བའི་ལམ་བརྒྱད་བསྒོམས་ན། དེས་གསལ་བར་མཐོང་བར་འགྱུར་རོ། །རིགས་ཀྱི་བུ། རི་ཁ་བ་ཅན་ལ་རྩཝ་བཟོད་པ་ཞེས་བྱ་བ་ཡོད་དེ། གལ་ཏེ་བས་ཟོས་ན་མར་གྱི་སྙིང་པོར་འགྱུར་རོ། །སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲའོ། །སེདྒེ་སྒྲས་གསོལ་པ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་རྩཝ་བཟོད་པ་ཞེས་བགྱི་བ་དེ་གཅིག་ཏུ་བས་སམ། མང་དུ་མཆིས། གལ་ཏེ་གཅིག་ཏུ་བས་ན་བས་འཚལ་བས་བས་པར་གྱུར་ཏོ། །ཇི་སྟེ་མང་ན་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲའོ་ཞེས་གསུངས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར། གང་འཕགས་པའི་ལམ་བརྒྱད་བསྒོམས་ན། སངས་རྒྱས་ཀྱི་རང་བཞིན་མཐོང་ངོ་ཞེས་གསུངས་པ་དེ་མི་རུང་ངོ ། ། དེ་ཅིའི་སླད་དུ་ཞེ་ན། གལ་ཏེ་ལམ་ཡང་གཅིག་ཏུ་བས་ན། རྩཝ་བཟོད་པ་དང་འདྲ་བར་བས་བའི་རིགས། གལ་ཏེ་བས་པར་གྱུར་ན་མི་གཅིག་གིས་བསྒོམས་ནས། གཞན་ལ་སྐལ་བ་མ་མཆིས་པར་འགྱུར་རོ། །གལ་ཏེ་ལམ་དེ་མང་པོ་ཞིག་མཆིས་ན། ཇི་ལྟར་ཡོངས་སུ་རྫོགས་པར་བསྒོམས་ཤིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བགྱི་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དཔེར་ན། ལམ་མཉམ་ཞིང་བདེ་བར་ནི་སེམས་ཅན་ཐམས་ཅད་ཐོགས་པ་མེད་པར་འགྲོའོ། །ལམ་གྱི་བར་ན་ཤིང་བསིལ་
Kha198a
༄#། །གྲིབ་ཅན་ཤིན་ཏུ་བསིལ་བ་ཡོད་དེ། འགྲོན་པོ་དག་དེར་བསྟི་ཞིང་ངལ་གསོའང་ཤིང་གི་བསིལ་གྲིབ་དེ་ནི་རྟག་ཏུ་གནས་ཏེ། འགྱུར་ཞིང་འཇིག་པའང་མེད་ལ། སུས་ཀྱང་ཁྱེར་བ་མེད་དོ། །དེ་ལ་ལམ་ཞེས་བྱ་བ་ནི་འཕགས་པའི་ལམ་གྱི་དཔེའོ། །བསིལ་གྲིབ་ཅེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་གྱི་དཔེའོ། །རིགས་ཀྱི་བུ། དཔེར་ན་གྲོང་ཁྱེར་ཆེན་པོ་ཞིག་ལ་སྒོ་གཅིག་བུ་ཡོད་ན། འགྲོ་བ་མང་པོ་ཕྱི་ནང་དུ་རྒྱུའང་སུས་ཀྱང་བར་དུ་གཅོད་ནུས་པ་མེད་དེ། གཤིག་ཅིང་ཁྱེར་ནུས་པའང་མེད་དོ། །རིགས་ཀྱི་བུ། དཔེར་ན། ཟམ་པ་ཆེན་པོ་ལ་མི་མང་པོ་རྒྱུའང་སུས་ཀྱང་བར་དུ་གཅོད་ནུས་པའམ། སྔོད་པར་བྱེད་པའམ། འཇིག་ཅིང་ཁྱེར་བ་མེད་དོ། །རིགས་ཀྱི་བུ། དཔེར་ན། སྨན་པ་མཁས་པ་ཀུན་ཏུ་ནད་རྣམས་གསོ་བར་བྱེད་པ་དེ་ལ་སུས་ཀྱང་བཀག་སྟེ། འདི་ནི་གསོ་ལ་ཕ་བི་ནི་སྤོངས་ཤིག་ཅེས་དགག་ནུས་པ་མེད་པ་བཞིན་དུ་འཕགས་པའི་ལམ་དང ། སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲའོ། །སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་དཔེ་བསྟན་པ་རྣམས་ནི་དོན་དེ་ལྟ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། སྔར་ལམ་དུ་རྒྱུ་བ་མ་མཆིས་ན་ཕྱི་མ་ལ་ཉམ་ང་བར་འགྱུར་ན། ཅིའི་སླད་དུ་ཐོགས་པ་མ་མཆིས་ཞེས་གསུངས། དེ་དང་འདྲ་བར་གཞན་ལའང་ཉམ་ང་བ་མཆིས་སོ། །འཕགས་པའི་ལམ་དང །
Kha198b
སངས་རྒྱས་ཀྱི་རང་བཞིན་གལ་ཏེ་དེ་ལྟ་བུ་ཞིག་ལགས་ན། གཅིག་བསྒོམས་པའི་ཚེ་གཞན་ལ་ཉམ་ང་བའི་རིགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རིགས་ཀྱི་བུ་ཁྱོད་ཀྱིས་འདི་སྐད་དུ་དོན་དང་མི་ལྡན་ནོ་ཞེས་སྨྲས་པ་དེ་ནི་ངས་ལམ་གྱི་དཔེར་བྱ་བ་ཕྱོགས་ཙམ་གྱི་དཔེ་སྟེ་ཐམས་ཅད་ཀྱི་དཔེ་མ་ཡིན་ནོ། །རིགས་ཀྱི་བུ། འཇིག་རྟེན་པའི་ལམ་ནི་བར་དུ་གཅོད་པ་དང་ཐོགས་པ་ཡོད་དེ། འདི་དང་ཕ་བི་ཐ་དད་པས་འདྲ་བ་མ་ཡིན་ནོ། །ཟག་པ་མེད་པའི་ལམ་ནི་དེ་ལྟ་མ་ཡིན་ཏེ། སེམས་ཅན་དེ་དག་བར་དུ་མི་གཅོད་པ་དང ། མཉམ་ཞིང་གཉིས་སུ་མེད་པ་དང ། ཉམ་ང་བའི་གནས་མེད་དེ། འདི་དང་ཕ་བི་ཐ་དད་དོ། །ཡང་དག་པའི་ལམ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་སངས་རྒྱས་ཀྱི་རང་བཞིན་གྱི་གསལ་བའི་རྒྱུར་འགྱུར་གྱི། སྐྱེ་བའི་རྒྱུར་ནི་མི་འགྱུར་རོ། །དེའང་ཇི་ལྟར་སྒྲོན་མའི་སྣང་བས་རྫས་གསལ་བར་བྱེད་པ་བཞིན་ནོ། །རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ལ་འདྲ་བར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཡོད་དེ། གཅིག་གི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་བཀག་ནས་གཞན་ཡང་མེད་ཅེས་བྱར་མི་རུང་སྟེ། སེམས་ཅན་ཐམས་ཅད་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཡོད་དོ། །དེ་བས་ན་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ནི་ཐམས་ཅད་ལ་མཉམ་པར་ཡོད་དོ་ཞེས་བཤད་དོ། །དེ་བཞིན་དུ་སེམས་ཅན་གྱིས་
Kha199a
༄#། །ཟག་པ་མེད་པའི་ལམ་བསྒོམས་པའང་དེ་དང་འདྲ་སྟེ། མཉམ་པར་སེམས་ཅན་གྱི་ཉོན་མོངས་པ་དང ། སྐྱེ་བའི་གནས་བཞི་དང ། ཁམས་རྣམས་དང ། སྲིད་པའི་ལམ་ཐམས་ཅད་གཅོད་དོ། །དོན་དེ་ལྟ་བས་ན་མཉམ་པ་ཞེས་བྱ་སྟེ། གང་གིས་དེ་ཆུད་ན་འདི་དང་ཕ་བི་ཤེས་ཤིང་མཐོང་སྟེ་སྒྲིབ་པ་མེད་དོ། །དེ་བས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱའོ། །སེདྒེ་སྒྲས་གསོལ་པ། སེམས་ཅན་ཐམས་ཅད་ལུས་རྣམ་པ་གཅིག་ཏུ་མ་བས་ཏེ། ལ་ལ་ནི་ལྷའི་ལུས། ལ་ལ་ནི་མིའི་ལུས། ལ་ལ་ནི་བྱོལ་སོང་དང ། ཡི་དྭགས་དང ། སེམས་ཅན་དམྱལ་བའི་ལུས་ཏེ། ལུས་དེ་དག་སོ་སོ་སྟེ་གཅིག་པ་མ་ལགས་ན། ཅིའི་སླད་དུ་སངས་རྒྱས་ཀྱི་རང་བཞིན་གཅིག་ཅེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དཔེར་ན། ལ་ལ་ཞིག་གིས་འོ་མའི་ནང་དུ་དུག་བཅུག་ན། མར་གྱི་སྙིང་པོའི་བར་དུ་དུག་ཡོད་པར་འགྱུར་ཏེ། འོ་མ་འང་ཞོ་ཞེས་མི་བྱ་ལ། ཞོའང་འོ་མ་ཞེས་མི་བྱ་བ་ནས། མར་གྱི་སྙིང་པོའི་བར་དུའང་དེ་དང་འདྲ་བར་མིང་དང་མཚན་ཉིད་སོ་སོ་མོད་ཀྱི། དུག་གི་རང་བཞིན་མི་སྟོར་ཏེ། རོ་རྣམ་པ་ལྔ་པོ་ཀུན་ཏུ་འགྲོའོ། །མར་གྱི་སྙིང་པོར་དུག་མ་བཅུག་ཀྱང་གལ་ཏེ་མར་གྱི་སྙིང་པོ་འཐུངས་ན་དེའང་འཆི་བར་འགྱུར་རོ། །སེམས་ཅན་གྱི་སངས་རྒྱས་ཀྱི་རང་
Kha199b
བཞིན་ཡང་དེ་དང་འདྲ་བར་ལམ་རྒྱུད་ལྔར་འཁོར་ཞིང་ལུས་ཐ་དད་པ་ལེན་ཀྱང་སངས་རྒྱས་ཀྱི་རང་བཞིན་ནི་གཅིག་བརྟག་པ་མི་འགྱུར་བའོ། །སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས་ཡུལ་ཆེན་པོ་བཅུ་དྲུག་གི་ནང་ན་གྲོང་ཁྱེར་ཆེན་པོ་དྲུག་མཆིས་ཏེ། འདི་ལྟར་གྲོང་ཁྱེར་མཉན་དུ་ཡོད་པ་དང ། གྲོང་ཁྱེར་བ་ཙི་ཏ་དང ། གྲོང་ཁྱེར་ཙཝམྤ་ཀ་དང ། གྲོང་ཁྱེར་ཡངས་པ་ཅན་དང ། གྲོང་ཁྱེར་སེར་སྐྱ་དང ། གྲོང་ཁྱེར་རྒྱལ་པོའི་ཁབ་སྟེ། གྲོང་ཁྱེར་དྲུག་པོ་དེ་དག་འཇིག་རྟེན་གྱི་ནང་ན་མཆོག་ཏུ་ཆེ་བ་ལགས་ན་ཅིའི་སླད་དུ་དེ་བཞིན་གཤེགས་པས་དེ་དག་སྤངས་ཏེ། ཡུལ་གྱི་མཐའ་ཤིན་ཏུ་ངན་ཞིང་རབ་ཏུ་མི་མཛེས་ལ། དོག་ཅིང་ཉམ་ང་བའི་གྲོང་ཁྱེར་རྩཝ་མཆོག་འདིར་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོང་ཁྱེར་རྩཝ་མཆོག་འདི་ལ་ཡུལ་གྱི་མཐའ་ཤིན་ཏུ་ངན་ཞིང་དོག་གོ་ཞེས་སྨྲ་བའི་མི་རིགས་ཀྱི། གྲོང་ཁྱེར་འདི་ནི་ཡོན་ཏན་མཆོག་དམ་པ་རྣམས་ཀྱིས་ཤིན་ཏུ་བརྒྱན་པའོ་ཞེས་བྱ་བའི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བཞུགས་པའི་གནས་ཡིན་པའི་ཕྱིར་རོ། །རིགས་ཀྱི་བུ། ཇི་ལྟར་མི་ངན་པའི་ཁྱིམ་དུ་གལ་ཏེ་རྒྱལ་པོ་གཤེགས་ན་ཁྱིམ་དེ་ལ་ནི་ཤིན་ཏུ་རྒྱན་གྱིས་མཛེས་པའོ། །བསོད་ནམས་དང་ལྡན་པ་སྟེ། འདི་ལྟར་རྒྱལ་པོ་འདིར་གཤེགས་པར་གྱུར་ཏོ་ཞེས་བསྟོད་
Kha200a
༄#། །དགོས་སོ། །རིགས་ཀྱི་བུ། ཇི་ལྟར་མི་ཞིག་ནད་ཚབས་ཆེས་བཏབ་པ་དེས་སྨན་ངན་པ་བཏང་སྟེ་སྨན་དེས་ནད་སོས་པར་གྱུར་ན། སྨན་དེ་ལ་དགའ་བ་སྐྱེད་ཅིང་མཆོག་གོ་།དམ་པའོ། །བདག་གི་ནད་གསོས་ཞེས་བསྟོད་པའི་རིགས་སོ། །རིགས་ཀྱི་བུ། ཇི་ལྟར་གྲུར་ཞུགས་ཏེ་རྒྱ་མཚོར་ཞུགས་པ་ལས་གྲུ་ཞིག་ནས་སྐྱབས་དང་རྟེན་མེད་པ་ལས་མི་རོ་ལ་འཇུས་ཏེ་མཐར་ཕྱིན་ན། མི་རོ་དེ་ལ་རབ་ཏུ་དགའ་ཞིང་བདག་ཁྱོད་དང་ཕྲད་པས་བདེ་བར་གྱུར་ཏོ། །ཞེས་བསྟོད་ཅིང་བསྔགས་པ་བཞིན་དུ་གྲོང་ཁྱེར་རྩཝ་མཆོག་ཀྱང་དེ་དང་འདྲ་སྟེ། དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆག་ཅིང་གཤེགས་པའི་གནས་ཡིན་ན། ཅིའི་ཕྱིར་ཡུལ་མཐའ་འཁོབ་ངན་པ་མི་སྡུག་པ་དོག་ཅིང་ཉམ་ང་བའོ་ཞེས་སྨྲ། རིགས་ཀྱི་བུ། ངས་མངོན་དུ་དྲན་པ་སྔོན་འདས་པའི་བསྐལ་པ་ཀླུང་གདྒཱའི་བྱེ་མ་སྙེད་འདས་པ་ན། བསྐལ་པའི་མིང་ནི་ལེགས་པའི་བློ་གྲོས་ཞེས་བྱ་སྟེ། དེའི་ཚེ་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཀཽ་ཤི་ཀའི་རིགས་ལས་བྱུང་བ། རིན་པོ་ཆེ་བདུན་དང་ལྡན་ཞིང་བུ་སྟོང་ཚང་བའི་རྒྱལ་པོ་དེས་ཐོག་མ་གྲོང་ཁྱེར་འདི་བྱས་ཏེ་ཁོ་ར་ཁོར་ཡུག་ཏུ་ཆུ་ཞེང་གབ་པར་དཔག་ཚད་བཅུ་གཉིས་ཏེ། རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་བརྒྱན་ཏོ། །དེའི་ཚེ་ཡུལ་དེ་ན་ཀླུང་ཤིན་ཏུ་མང་སྟེ། ཆུ་
Kha200b
ཐམས་ཅད་ཤིན་ཏུ་དང་པ་དང ། འཇམ་པ་དང ། མངར་བའོ། །འདི་ལྟ་སྟེ། ཀླུང་འཇིལ་ན་ཤན་ཞེས་བྱ་བ་དང ། ི་ལ་བ་ཏི་ཞེས་བྱ་བ་དང ། ཧི་ལེན་ཤན་ཞེས་བྱ་བ་དང ། ི་ཤོ་མ་ཏེ་ཞེས་བྱ་བ་དང ། པི་པ་ཤན་ཞེས་བྱ་བ་ལ་སོགས་པ་ཀླུང་ལྔ་བརྒྱ་སྙེད་ཡོད་དེ། ཀླུང་དེའི་ཚུ་རོལ་དང་ཕ་རོལ་གྱི་འགྲམ་ན་ཤིང་རབ་ཏུ་མང་ཞིང་མེ་ཏོག་དང་འབྲས་བུ་རབ་ཏུ་རྒྱས་པས་གང་ངོ ། །དེའི་ཚེ་དེའི་དུས་ན་མི་ཚེའི་ཚད་དཔག་ཏུ་མེད་དོ། །དེའི་ཚེ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་ལོ་བརྒྱ་འདས་ན་འདི་སྐད་ཅེས་བརྗོད་པ་སྨྲས་སོ། ། དེའང་ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་བཞིན་ཏེ། ཆོས་ཐམས་ཅད་ནི་མི་རྟག་གོ། །གང་གིས་དགེ་བ་བཅུའི་ཆོས་སྤྱོད་ན་མི་རྟག་པའི་སྡུག་བསྔལ་ཆེན་པོ་གཅོད་པར་འགྱུར་རོ། །དེ་ནས་སྐྱེ་བོ་ཐམས་ཅད་ཀྱིས་དེ་སྐད་དུ་སྨྲས་པ་ཐོས་ནས་ཀུན་གྱིས་དགེ་བ་བཅུའི་ཆོས་ཉམས་སུ་བླངས་སོ། །ངས་དེའི་ཚེ་སངས་རྒྱས་ཀྱི་མཚན་ཐོས་ཏེ། དགེ་བ་བཅུ་གཟུངས་སུ་འཛིན་ཅིང་རབ་ཏུ་ཡིད་ལ་བྱས་ཏེ་བསྒོམས་ནས་ཐོག་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་དེར་སྐྱེས་སོ། །དེ་ལྟར་སེམས་སྐྱེས་ནས་ཆོས་དེ་ཉིད་ཀྱིས་སེམས་ཅན་ཚད་མེད་གྲངས་མེད་པ་སྙེད་ལ་ཆོས་ཐམས་ཅད་ནི་མི་རྟག་པ་འཇིག་ཅིང་འཕོ་བའོ་ཞེས་བསྟན་ཏེ། དེ་བས་ན་ངས་ད་ཡང་གནས་འདིར་ཆོས་ཐམས་
Kha201a
༄#། །ཅད་ནི་མི་རྟག་པར་འགྱུར་ཞིང་འཕོ་བའོ། །སངས་རྒྱས་ཀྱི་སྐུ་འབའ་ཞིག་ནི་རྟག་པའི་ཆོས་ཅན་ནོ་ཞེས་རྗེས་ནས་བཟུང་སྟེ་གསུང་བརྗོད་པ་དང ། སྔོན་སྤྱོད་སྤྱོད་པའི་རྒྱུ་དང་རྐྱེན་དགོངས་ནས་དེའི་ཕྱིར་ས་འདི་ལ་ལན་གླན་པའི་ཕྱིར་ཡང་དེང་འདིར་མྱ་ངན་ལས་འདའ་བར་གཤེགས་སོ། །དོན་དེ་ལྟ་བས་ན་ངས་མདོ་སྡེ་ཀུན་ལས་ངའི་འཁོར་དུ་གཏོགས་པ་དྲིན་ལ་ལན་གློན་ནོ་ཞེས་གསུངས་སོ། །གཞན་ཡང ། རིགས་ཀྱི་བུ། སྔོན་འདས་པ་ན་སེམས་ཅན་གྱི་ཚེ་བསྐལ་པ་ཚད་མེད་པ་སྙེད་ཐུབ་པ་ན། དེའི་ཚེ་གྲོང་ཁྱེར་དེའི་མིང་ཀོ་ཤ་བར་ཏེ་ཞེས་བྱ་སྟེ། ཁོ་ར་ཁོར་ཡུག་ཏུ་ཆུ་ཞེང་གབ་པར་དཔག་ཚད་ལྔ་བཅུ་སྙེད་དེ། དེའི་ཚེ་ཛམྦུའི་གླིང་འདིར་གྲོང་ཁྱེར་འདབ་ཆགས་སུ་གནས་ཏེ་ཁྱིམ་བྱས་འཕུར་ནས་གཅིག་ནས་གཅིག་ཏུ་སླེབས་པ་ཙམ་མོ། །དེའི་ཚེ་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་གྱ་ནོམ་སྣང་ཞེས་བྱ་བ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་བུ་སྟོང་ཚང་བ་གླིང་བཞི་ལ་དབང་བ་ཞིག་ཡོད་དེ། དེའི་རྒྱལ་ཚབ་དམ་པའི་ཆོས་ཡིད་ལ་བྱས་ནས། རང་སངས་རྒྱས་མངོན་པར་གྲུབ་བོ། །དེ་ནས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་རྒྱལ་བུ་རྒྱལ་ཚབ་རང་སངས་རྒྱས་སུ་གྲུབ་ཅིང་ཚུལ་ཤིན་ཏུ་མཛེས་ལ། རྫུ་འཕྲུལ་ངོ་མཚར་ཆེ་བ་མཐོང་སྟེ། དེ་ལྟ་བུའི་དངོས་པོ་དག་མཐོང་ནས་
Kha201b
རྒྱལ་པོའི་ཐབས་མཆིལ་མ་བོར་བ་ལྟར་སྤངས་ཏེ་རབ་ཏུ་བྱུང་ནས་སཱ་ལའི་ཤིང་དྲུང་འདིར་ལོ་བརྒྱད་ཁྲིའི་བར་དུ་བྱམས་པའི་སེམས་བསྒོམས་སོ། །སྙིང་རྗེ་དང ། དགའ་བ་དང་བཏང་སྙོམས་ཀྱི་སེམས་ཀྱང་ལོ་བརྒྱད་ཁྲི་བརྒྱད་ཁྲིའི་བར་དུ་བསྒོམས་སོ། །རིགས་ཀྱི་བུ། དེའི་ཚེ་དེའི་དུས་ན་རྒྱལ་པོ་གྱ་ནོམ་སྣང་ཞེས་བྱ་བ་དེ་གཞན་ཡིན་པར་སེམས་སམ། དེ་ནི་ང་ཡིན་ནོ། །དེའི་ཕྱིར་ང་ད་ལྟར་ཡང་རྟག་ཏུ་ཆོས་བཞི་པོ་དེ་དག་ལ་ལོངས་སྤྱོད་པར་དགའོ། །ཆོས་བཞི་པོ་དེ་ཉིད་ནི་ཏིང་ངེ་འཛིན་ཅེས་བྱའོ། །རིགས་ཀྱི་བུ། དོན་དེ་ལྟ་བས་ན་དེ་བཞིན་གཤེགས་པའི་སྐུ་ནི་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པའོ། །རིགས་ཀྱི་བུ། དེའི་རྒྱུ་དེའི་རྐྱེན་གྱིས་ང་ཡང་གྲོང་ཁྱེར་རྩ་མཆོག་སཱ་ལའི་ཤིང་དྲུང་དུ་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ་།རིགས་ཀྱི་བུ། ངས་མངོན་དུ་དྲན་པ་བསྐལ་པ་ཚད་མེད་པ་འདས་པ་དེའི་ཚེ་དེའི་དུས་ན་གྲོང་ཁྱེར་འདིའི་མིང་སེར་སྐྱ་ཞེས་བྱ་སྟེ། དེ་ན་རྒྱལ་པོ་ནི་ཟས་གཙང་མ་ཞེས་བྱའོ། །རྒྱལ་པོ་དེའི་བཙུན་མོ་ནི་ལྷ་མཛེས་ཞེས་བྱའོ། །རྒྱལ་པོ་དེའི་རྒྱལ་བུ་ནི་དོན་གྲུབ་ཅེས་བྱའོ། །དེའི་ཚེ་རྒྱལ་བུ་དེ་སློབ་དཔོན་གྱིས་མ་བསྟན་པར་རང་གིས་ཡིད་ལ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ། །ཉེ་གནས་ནི་གཉིས་ཡོད་དོ། །གཅིག་ནི་ཤཱ་རིའི་བུ།
Kha202a
༄#། །གཅིག་ནི་མཽངྒལ་གྱི་བུ་ཆེན་པོའོ། །གཡོག་བྱེད་པའི་ཉེ་གནས་ནི་དགའ་བོ་ཞེས་བྱའོ། །དེའི་ཚེ་བཅོམ་ལྡན་འདས་སཱ་ལའི་ཤིང་དྲུང་དུ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་བསྟན་ཏེ། ང་དེའི་ཚེ་ན་འཁོར་དེར་འདུས་པར་གྱུར་ཏོ། །དེའི་ཚེ་ན་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་ཐོས་པར་གྱུར་ཏོ། །དེ་ལྟ་བུའི་དངོས་པོ་དག་ཐོས་ནས་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏེ། སྨོན་ལམ་འདི་སྐད་ཅེས་བཏབ་བོ། །བདག་མ་འོངས་པའི་དུས་ན་མངོན་པར་སངས་རྒྱས་པའི་ཚེ་ཕ་མ་དང ། ཡུལ་གྱི་མིང་དང ། ཉེ་གནས་དང ། གཡོག་དང ། ཆོས་སྟོན་པའང་དེ་ལྟར་གྱི་བཅོམ་ལྡན་འདས་འདི་དང་འདྲ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། དེའི་རྒྱུ་དེའི་རྐྱེན་གྱིས་ང་ཡང་འདིར་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་འཆད་ཅིང་སྟོན་པར་གྱུར་ཏོ། །རིགས་ཀྱི་བུ། ང་སྔོན་རབ་ཏུ་བྱུང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཐོབ་པ་ན། རྒྱལ་པོ་གཟུགས་ཅན་སྙིང་པོས་ཕོ་ཉ་བཏང་སྟེ། འདི་སྐད་དུ་རྒྱལ་བུ་དོན་གྲུབ་གལ་ཏེ་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ན། བདག་གིས་བློན་པོ་བགྱིའོ། །གལ་ཏེ་ཁྱིམ་ལ་མི་དགའ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ན། སྔར་རྒྱལ་པོའི་ཁབ་འདིར་གཤེགས་ཤིང་ཆོས་བཤད་དེ། སེམས་ཅན་ཐམས་ཅད་བསྒྲལ་ལ། བདག་གི་མཆོད་པ་བཞེས་པར་ཅི་གནང་
Kha202b
ཞེས་གསོལ་ཏོ། །ང་དེའི་ཚེ་ཅང་མི་གསུང་བར་དེའི་གསོལ་བ་གནང་ངོ ། །རིགས་ཀྱི་བུ། ང་ཐོག་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས་ཡུལ་ཀར་ཀ་ཞེས་བྱ་བར་འགྲོ་བ་ལས། དེའི་ཚེ་ཀླུང་འཇིགས་ལེན་ཞེས་བྱ་བའི་འགྲམ་ན་བྲམ་ཟེ་འོད་སྲུང་གི་རིགས་འཁོར་སློབ་མ་ལྔ་བརྒྱ་དང་བཅས་ཏེ། ཀླུང་དེའི་འགྲམ་ན་བླ་ན་མེད་པའི་ལམ་སྒྲུབ་བོ། །ངས་དེ་དག་གི་ཕྱིར་ཆེད་དུ་ཆོས་སྟོན་དུ་གཤེགས་ནས་འོད་སྲུང་གིས་ང་ལ་འདི་སྐད་སྨྲས་སོ། །གཽ་ཏ་མ། ང་ནི་རྒས་ཏེ་ལོའང་བརྒྱ་ཉི་ཤུ་ལོན་ནོ། །ཡུལ་དབུས་འགྱུར་འཆང་གི་སྐྱེ་བོ་ཐམས་ཅད་དང ། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་ཀུན་གྱིས་བདག་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ཡིན་སྙམ་སེམས་སོ། །བདག་གིས་ཁྱོད་ལ་ཆོས་མཉན་ན་སྐྱེ་བོ་ཐམས་ཅད་ལོག་པའི་སེམས་སྐྱེ་སྟེ། བཙུན་པ་འོད་སྲུང་ནི་དགྲ་བཅོམ་པ་མ་ཡིན་ནོ་ཞེས་སྨྲ་བར་འགྱུར་གྱི། གཽ་ཏ་མ་ཁྱོད་མྱུར་དུ་གུད་དུ་གཤེགས་སུ་གསོལ་ལོ། །གལ་ཏེ་སྐྱེ་པོ་འདི་དག་གཽ་ཏ་མའི་ཡོན་ཏན་བདག་ལས་འཕགས་པར་ཤེས་ན། བདག་ཅག་ལ་སོགས་པས་སླན་ཆང་འཚོ་བ་ཐོབ་པར་མི་འགྱུར་རོ། །ངས་དེའི་ཚེ་ན་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །འོད་སྲུང ། གལ་ཏེ་ཁྱོད་ཀྱིས་བདག་ལ་བཀུར་སྟི་མི་བྱེད་པ་དང ། ཞེ་སྡང་གི་སེམས་མེད་ན་ནུབ་གཅིག་འདུག་པར་གནོང་ཞིག་དང་སང་ནི་སྔར་འགྲོའོ། །འོད་སྲུང་
Kha203a
༄#། །གིས་སྨྲས་པ། གཽ་ཏ་མ། བདག་གི་སེམས་ལ་ནི་སྒྱུ་བག་གཞན་མེད་དེ། ཁྱོད་ལ་དགའ་མོད་ཀྱི། བདག་གི་གནས་འདི་ན་ཀླུ་གདུག་པ་ཤིན་ཏུ་ཁྲོ་ཞིང་གཏུམ་པ་ཞིག་ཡོད་དེ། གནོད་པ་བྱེད་ཀྱིས་དོགས་སོ། །ངས་སྨྲས་པ། འོད་སྲུང ། དུག་གི་ནང་ན་གདུག་པ་ནི་དུག་གསུམ་ལས་འདའ་བ་མེད་དེ། ངས་དེ་དག་ཀྱང་བཅད་ན། འཇིག་རྟེན་གྱི་དུག་གིས་ང་མི་འཇིགས་སོ། །འོད་སྲུང་གིས་ཡང་སྨྲས་པ། དེ་ལྟར་མི་འཇིགས་ཡང་དག་ན་ལྟ་ལེགས་ཀྱི་འདུག་ལ་རག་གོ་།རིགས་ཀྱི་བུ། ང་དེའི་ཚེ་འོད་སྲུང་གི་ཕྱིར་ཆེད་དུ་ཆོ་འཕྲུལ་བཅོ་བརྒྱད་བསྟན་ཏེ། ཇི་ལྟར་མདོ་སྡེ་ལས་བཤད་པ་བཞིན་ནོ། །དེའི་ཚེ་འོད་སྲུང་འཁོར་ལྔ་བརྒྱ་དང་བཅས་ཏེ། དེ་ལྟ་བུ་དག་མཐོང་ཞིང་ཐོས་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འོད་སྲུང ། དེ་ལ་ནུ་བོ་གཉིས་ཡོད་དེ། གཅིག་ནི་ཆུ་བོ་འོད་སྲུང ། གཅིག་ནི་ལྟེང་རྒྱས་འོད་སྲུང་ཞེས་བྱ་སྟེ། དེ་དག་ལའང་འཁོར་ལྔ་བརྒྱ་སྙེད་ཡོད་དེ། དེ་དག་ཀྱང་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །དེའི་ཚེ་རྒྱལ་པོའི་ཁབ་ན་མུ་སྟེགས་ཅན་གྱི་སྟོན་པ་དྲུག་འཁོར་དང་བཅས་པ་དངོས་པོ་དེ་དག་ཐོས་ནས་ང་ལ་ངན་སེམས་ཆེན་པོ་སྐྱེས་སོ། །ང་དེའི་ཚེ་དམ་བཅས་པ་དང་མི་འགལ་བར་བྱ་བའི་ཕྱིར་རྒྱལ་པོའི་གསོལ་བ་བཞིན་དུ་རྒྱལ་པོའི་ཁབ་
Kha203b
ཏུ་སོང་ནས། དེར་མ་ཕྱིན་པའི་བར་དུ་རྒྱལ་པོས་འཁོར་ཚད་མེད་པ་བརྒྱ་སྟོང་དང་བཅས་ཏེ་བསུ་ནས་ངས་ཆོས་བསྟན་ཏོ། །དེའི་ཚེ་ཆོས་ཐོས་མ་ཐག་ཏུ་འདོད་པའི་ཁམས་ཀྱི་ལྷ་བརྒྱད་ཁྲི་དྲུག་སྟོང་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །རྒྱལ་པོ་གཟུགས་ཅན་སྙིང་པོའི་གཡོག་དང་འཁོར་དུ་སོང་བ་ཁྲི་ཕྲག་བཅུ་གཉིས་སྙེད་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །གཞན་ཡང་སེམས་ཅན་ཚད་མེད་པ་སྙེད་བཟོད་པའི་སེམས་དང་ལྡན་པར་གྱུར་ཏོ། །གྲོང་ཁྱེར་གྱི་ནང་དུ་བཞུགས་ནས་ཤཱ་རིའི་བུ་དང ། མོངྒལ་གྱི་བུ་འཁོར་དང་བཅས་པའི་ཉིས་བརྒྱ་ལྔ་བཅུའང་རབ་ཏུ་ཕྱུང་སྟེ། སེམས་སྔ་མ་བཏང་ནས་ལམ་སློབ་པར་གྱུར་ཏོ། །ང་དེའི་ཚེ་དེར་གནས་ནས་རྒྱལ་པོའི་མཆོད་པ་བཞེས་སོ། །མུ་སྟེགས་ཅན་གྱི་སྟོན་པ་དྲུག་ནི་འཁོར་རྣམས་བསྡུས་ནས་ཡུལ་མཉན་དུ་ཡོད་པར་སོང་ངོ ། །དེའི་ཚེ་ཡུལ་དེ་ན་ཁྱིམ་བདག་སྐྱབས་མེད་ཟས་སྦྱིན་ཞེས་བྱ་བ་མནའ་མ་ལེན་པའི་ཕྱིར་རྒྱལ་པོའི་ཁབ་ཏུ་འོངས་སོ། །རྒྱལ་པོའི་ཁབ་ཏུ་ཕྱིན་ནས་དེར་ཁྱིམ་བདག་སན་ཤ་ཡ་ཞེས་བྱ་བ་ལ་གནས་སོ། །དེ་ནས་ཁྱིམ་བདག་དེ་ནམ་གྱི་གུང་ཐན་ལ་ལངས་ནས། འཁོར་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སྐྱེས་བུ་དག་།ལོངས་ལ་མྱུར་དུ་ཁང་ཁྱིམ་བ་རྒྱན་ཅིང་ཕྱག་དར་གྱིས་ལ་བ་ཤོས་བཟང་པོ་རབ་ཏུ་སྦྱོར་ཅིག་།དེ་
Kha204a
༄#། །ནས་སྐྱབས་མེད་ཟས་སྦྱིན་གྱིས་དེ་སྐད་དུ་སྨྲ་བ་ཐོས་ནས་འདི་སྙམ་དུ་བག་མ་ལེན་པའི་སྟོན་མོའམ། རོལ་མོ་བྱ་བའི་ཕྱིར་རམ། ཡུལ་དབུས་འགྱུར་འཆང་གི་རྒྱལ་པོ་གཟུགས་ཅན་སྙིང་པོ་སྤྱན་འདྲེན་ཏམ་སྙམ་སེམས་སོ། །དེ་སྙམ་དུ་བསམས་ནས་གན་དུ་སོང་སྟེ་འདི་སྐད་ཅེས་དྲིས་སོ། །ཁྱིམ་བདག་ཆེན་པོ། བག་མ་ལེན་པའི་སྟོན་མོའམ། རོལ་མོའི་ཕྱིར་རམ། འོན་ཏེ་ཡུལ་དབུས་འགྱུར་འཆང་གི་རྒྱལ་པོ་གཟུགས་ཅན་སྙིང་པོ་སྤྱན་འདྲེན་ཏམ་ཅི་ན། དེ་ལྟར་བྲེལ་ཞིང་ལས་སྐྱེན་དུ་བྱེད། ཁྱིམ་བདག་དེས་སྨྲས་པ། དེ་མ་ཡིན་ནོ། །ཁྱིམ་བདག་།བདག་སང་སངས་རྒྱས་བླ་ན་མེད་པ་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་སྤྱན་འདྲེན་ནོ། །ཁྱིམ་བདག་སྐྱབས་མེད་ཟས་སྦྱིན་གྱིས་དེར་ཐོག་མ་སངས་རྒྱས་ཀྱི་མཚན་ཐོས་ནས་ལུས་ཐམས་ཅད་ཀྱི་གཡའ་བར་གྱུར་ཏེ། ཡང་འདི་སྐད་དུ་སངས་རྒྱས་ཞེས་བྱ་བ་ཇི་ལྟ་བུ་ཞེས་དྲིས་སོ། ། ཁྱིམ་བདག་དེས་སྨྲས་པ། ཁྱེད་ཀྱིས་མ་ཐོས་སམ། ཡུལ་སེར་སྐྱ་ན་ཤཱཀྱའི་རིགས་ལ་དོན་གྲུབ་ཅེས་བྱ་བ། རུས་ནི་གཽ་ཏ་མ། ཡབ་ནི་ཟས་གཙང་མ་ཞེས་བྱ་སྟེ། བཙས་ནས་རིང་པོ་མ་ལོན་པར་ལྟས་མཁན་གྱིས་བལྟས་ན། གདོན་མི་ཟ་བར་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་ཏེ། ཇི་ལྟར་ཨ་མྲའི་འབྲས་བུ་ལག་ན་འདུག་པ་དང་
Kha204b
མཚུངས་ཀྱང་དེ་ལ་སེམས་མི་མོས་ཏེ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་མཁན་པོ་མེད་པར་རང་གིས་རིག་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ།། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ཟད་པ། རྟག་ཏུ་གནས་ཤིང་མི་འགྱུར། མི་འཕོ་མི་སྐྱེ་མི་འགོག་པ། མྱ་ངན་དང་འཇིགས་པ་མེད་པ། སེམས་ཅན་ཐམས་ཅད་ལ་ཐུགས་མཉམ་ཞིང་ཇི་ལྟར་ཕ་མས་བུ་གཅིག་པ་ལ་ལྟ་བ་དང་མཚུངས་པ། སྐུ་དང་ཐུགས་མང་པོ་ཀུན་གྱི་མཆོག་ཏུ་གྱུར་པ། ཐམས་ཅད་པས་འཕགས་ཀྱང་རྒྱགས་ཤིང་དྲེགས་པ་མེད་པ། བྱུག་པ་དང་སྡུག་པ་ལས་སེམས་གཉིས་སུ་མེད་པ། ཤེས་རབ་ཀྱིས་ཀུན་རྟོགས་པ། ཆོས་ལ་ཐོགས་པ་མེད་པ། སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། ཡེ་ཤེས་ལྔ་དང ། ཏིང་ངེ་འཛིན་དང ། བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོ་དང ། དྲན་པ་ཉེ་བར་བཞག་པ་གསུམ་དང་ལྡན་པའི་ཕྱིར་སངས་རྒྱས་ཞེས་བྱ་སྟེ། དེ་སང་གཤེགས་སུ་གནང་བས་དེའི་ཕྱིར་བྲེལ་ཏེ་གཏམ་བྱར་ཡང་མི་ཁོམ་མོ། །ཁྱིམ་བདག་སྐྱབས་མེད་ཟས་སྦྱིན་གྱིས་སྨྲས་པ། ལེགས་སོ། །སྐྱེས་བུ་ཆེན་པོ་སངས་རྒྱས་ཞེས་བྱ་བ་ཡོན་ཏན་བླ་ན་མེད་པ་མངའ་བ་དེ་ད་ལྟར་གང་ན་བཞུགས། ཁྱིམ་བདག་དེས་སྨྲས་པ། ད་ལྟར་རྒྱལ་པོའི་ཁབ་འདིར་ཀ་ལན་ད་ཀའི་འོད་མའི་ཚལ་གྱི་གཞལ་མེད་ཁང་ན་བཞུགས་
Kha205a
༄#། །སོ། །དེ་ནས་སྐྱབས་མེད་ཟས་སྦྱིན་གྱིས་སེམས་རྩེ་གཅིག་ཏུ་སངས་རྒྱས་ཀྱི་སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། ཡེ་ཤེས་ལྔ་དང ། ཏིང་ངེ་འཛིན་དང ། བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོ་དང ། དྲན་པ་ཉེ་བར་བཞག་པ་གསུམ་དང ། ཡོན་ཏན་ཐམས་ཅད་རྗེས་སུ་དྲན་ཏེ་ཡིད་ལ་བྱས་སོ། །དེ་ལྟར་རྗེས་སུ་དྲན་པ་ན་སྣང་བ་ཆེན་པོའི་འོད་ཉི་མ་བཞིན་དུ་རབ་ཏུ་ལྷང་ངེ་ལྷམ་མེར་གྱུར་ནས། འོད་གང་ནས་བྱུང་བའི་ཕྱོགས་སུ་སོང་སྟེ་གྲོང་ཁྱེར་གྱི་སྒོར་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་ཀྱིས་སྒོའང་རང་བྱེ་བར་གྱུར་ཏོ། །སྒོར་བྱུང་ནས་ལམ་དུ་འཇིག་རྟེན་གྱི་ལྷའི་རྟེན་ཞིག་ཡོད་པ་ལ་སྐྱབས་མེད་ཟས་སྦྱིན་བསྟི་སྟང་དང་བཅས་པས་ཕྱག་བྱས་པ་དང ། མོད་ལ་ཕྱིར་ནུབ་པར་གྱུར་ཏེ། འཇིགས་སྐྲག་པའི་སེམས་སྐྱེས་ནས་ཕྱིར་གནས་སུ་ལྡོག་པར་བྱས་ཏེ། གྲོང་ཁྱེར་གྱི་སྒོར་ཕྱིན་པ་དང ། ལྷ་ཞིག་གིས་སྐྱབས་མེད་ཟས་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སྐྱེས་བུ་ཁྱོད་གལ་ཏེ་དེ་བཞིན་གཤེགས་པའི་སྦྱན་སྔར་ཕྱིན་ན། ཕན་པ་དང་བདེ་བའི་དོན་མང་དུ་ཐོབ་པར་འགྱུར་རོ། །སྐྱབས་མེད་ཟས་སྦྱིན་གྱིས་སྨྲས་པ། ཕན་པ་དང་བདེ་བའི་དོན་ཅེས་བྱ་བ་ཇི་ལྟ་བུ། ལྷས་སྨྲས་པ། ཁྱིམ་བདག། གལ་ཏེ་ལ་ལ་ཞིག་གིས་རིན་པོ་ཆེ་ཡང་དག་པས་
Kha205b
བརྒྱན་པའི་རྟ་བཟང་པོ་བརྒྱ་དང ། སྤོས་ཀྱི་བལ་གླང་བརྒྱ་དང ། རིན་པོ་ཆེའི་ཤིང་རྟ་བརྒྱ་དང ། གསེར་ལས་བླུགས་པའི་མི་བརྒྱ་དང ། བུ་མོ་བཟང་མོ་ལུས་ལ་ཕྲེང་བ་ཐོགས་ཤིང་རིན་པོ་ཆེས་བརྒྱན་པ་བརྒྱ་དང ། ཁང་པ་དང་གཞལ་མེད་ཁང་མཆོག་དམ་པ་རི་མོའི་འབུར་དུ་བརྐོས་པ་དང ། གསེར་གྱི་གཞོང་བར་དངུལ་གྱི་ཉེའུས་བཀང་བ་དང ། དངུལ་གྱི་གཞོང་པར་གསེར་གྱི་ཉེའུས་བཀང་བ་བརྒྱ་བརྒྱ་མི་གཅིག་ལ་བྱིན་ཏེ། དེ་བཞིན་དུ་མཐར་གྱིས་ཛམྦུའི་གླིང་གི་མི་ཐམས་ཅད་ལ་སྦྱིན་པ་བྱིན་པའི་བསོད་ནམས་ཇི་སྙེད་ཐོབ་པ་བས་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པའི་སྤྱན་སྔར་མཆི་བར་ཆས་ནས་གོམ་པ་གཅིག་བོར་བ་ཙམ་མི་ཕོད་དོ། །སྐྱབས་མེད་ཟས་སྦྱིན་གྱིས་སྨྲས་པ། རིགས་ཀྱི་བུ། འདི་སྐད་དུ་སྨྲ་བ་ཁྱོད་སུ་ཡིན། ལྷས་སྨྲས་པ། ཁྱིམ་བདག་།བདག་ནི་བྲམ་ཟེ་རྒྱལ་མཚན་ཞེས་བྱ་བའི་བུ་སྟེ། སྔོན་འདས་པ་ནའང་ཁྱོད་ཀྱི་དགེ་བའི་བཤེས་གཉེན་དུ་གྱུར་པ་ཡིན་ནོ། །བདག་སྔོན་ཤཱ་རིའི་བུ་དང ། མཽངྒལ་གྱི་བུ་མཐོང་ནས་དགའ་བའི་སེམས་སྐྱེས་པས་ལུས་བརྗེས་ནས་བྱང་ཕྱོགས་ཀྱི་མགོན་པོ་ངལ་བསོས་པོའི་བུར་གྱུར་ཏེ། རྟག་ཏུ་རྒྱལ་པོའི་ཁབ་འདིའི་སྲུང་མ་བྱེད་དོ། །ངས་ཤཱ་རིའི་བུ་ལ་སོགས་པ་ལ་དགའ་བའི་སེམས་སྐྱེས་ཏེ་ཕྱག་བྱས་པས། ་རྒྱུ་དེའི་རྐྱེན་གྱིས་འདི་ལྟ་བུའི་ལུས་བཟང་
Kha206a
༄#། །པོ་དམ་པ་ཐོབ་པར་གྱུར་ན། དེ་བཞིན་གཤེགས་པ་སྟོན་པ་ཆེན་པོ་མཐོང་ནས་མཆོད་ཅིང་ཕྱག་བྱས་པ་ལྟ་ཅི་སྨོས། ཁྱིམ་བདག་སྐྱབས་མེད་ཟས་སྦྱིན་གྱིས་འདི་སྐད་ཅེས་སྨྲས་པ་ཐོས་ནས་ཕྱིར་ལམ་དུ་ཞུགས་ཏེ། ང་གང་ན་བར་འོངས་ནས་ངའི་ཞབས་ལ་སྤྱི་བོས་ཕྱག་བཙལ་ཏོ། །ངས་དེའི་ཚེ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་ཏེ། ཁྱིམ་བདག་གིས་ཐོས་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །དེ་ལྟར་འབྲས་བུ་ཐོབ་ནས་ཀྱང་འདི་སྐད་དུ་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོ་ཡུལ་མཉན་དུ་ཡོད་པར་བདག་གི་མཆོད་པ་ཅུང་ཟད་ཅིག་བཞེས་ཤིང་གཤེགས་སུ་ཅི་གནང་ཞེས་གསོལ་ཏོ། །དེའི་ཚེ་ངས་ཁྱིམ་བདག་དེ་ལ་ཁྱོད་ཀྱི་ཡུལ་མཉན་དུ་ཡོད་པ་ན། གཞལ་མེད་ཁང་ང་ཤོང་བ་ཡོད་དམ་ཞེས་དྲིས་ནས། སྐྱབས་མེད་ཟས་སྦྱིན་གྱིས་གསོལ་པ། གལ་ཏེ་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་ངེས་པར་གཤེགས་སུ་གནང་ན་ལྟ། བདག་ལ་ཅི་མཆིས་པ་གཏུགས་ཏེ་གནས་སྦྱར་བར་འཚལ་ལོ་ཞེས་གསོལ་ཏོ། །རིགས་ཀྱི་བུ། ང་དེའི་ཚེ་ཅང་མི་གསུང་བར་གཤེགས་སུ་གནང་ངོ ། །ཁྱིམ་བདག་སྐྱབས་མེད་ཟས་སྦྱིན་གྱིས་ཀྱང་གཤེགས་སུ་གནང་བར་ཤེས་ནས་ང་ལ་འདི་སྐད་ཅེས་གསོལ་ཏོ། །བདག་སྔོན་ཆད་དེ་ལྟ་བུའི་དངོས་པོ་བགྱིད་མ་མྱོང་ན། དེ་བཞིན་
Kha206b
གཤེགས་པས་ཇི་ལྟར་བགྱི་བའི་ཆོ་ག་བསྟན་པར་ཤཱ་རིའི་བུ་གཏང་དུ་མིག་ནང་ཞེས་གསོལ་ཏོ། །ངས་ཀྱང་གསོལ་པ་བཞིན་དུ་གནང་ནས་ཤཱ་རིའི་བུ་དང ། སྐྱབས་མེད་ཟས་སྦྱིན་གཉིས་ཤིང་རྟ་གཅིག་གི་ནང་དུ་ཞུགས་ཏེ་མཉན་དུ་ཡོད་པར་སོང་ངོ ། །ངའི་བྱིན་གྱི་རླབས་ཀྱིས་ཞག་གཅིག་གིས་གནས་སུ་ཕྱིན་ཏོ། །དེ་ནས་སྐྱབས་མེད་ཟས་སྦྱིན་གྱིས་ཤཱ་རིའི་བུ་ལ་ཞུས་པ། བཙུན་པ། གྲོང་འདིའི་ཕྱི་རོལ་གྲོང་ཁྱེར་དང་ཧ་ཅང་ཡང་མི་རིང ། ཧ་ཅང་ཡང་མི་ཉེ་ལ། ཆུ་མིག་དང ། མཚེའུ་དང ། བཟའ་ཤིང་བཟང་པོ་དང ། ཚལ་དང ། མེ་ཏོག་དང ། འབྲས་བུའི་ཤིང་མང་ཞིང་རྒྱས་པ་དང ། ཡོངས་སུ་དག་ཅིང་དབེན་པའི་གནས་ཅི་མཆིས་པ་བརྟག་ཏུ་གསོལ། བདག་གིས་དེར་སངས་རྒྱས་བཅོམ་ལྡན་འདས་དང ། དགེ་སློང་གི་དགེ་འདུན་གྱི་ཕྱིར་གཞལ་མེད་ཁང་བརྩིག་གོ་།ཤཱ་རིའི་བུས་སྨྲས་པ། ཛེ་ཏའི་ཚལ་འདི་ནི་ཧ་ཅང་ཡང་མི་ཉེ། ཧ་ཅང་ཡང་མི་རིང་ལ། ཡོངས་སུ་དག་ཅིང་དབེན་ཏེ། ཆུ་མིག་དང ། འབབ་ཆུ་དང ། མེ་ཏོག་དང ། འབྲས་བུའི་ཤིང་མང་སྟེ། འཕྲལ་དུ་ཅི་དང་ཅི་དགོས་པའང་ཡོད་དོ། །གནས་འདི་བརྟགས་ཀྱི། གཞལ་མེད་ཁང་སློང་ཞིག་།དེ་ནས་སྐྱབས་མེད་ཟས་སྦྱིན་གྱིས་དེ་སྐད་ཅེས་སྨྲས་པ་ཐོས་ནས། ཁྱིམ་བདག་ཆེན་པོ་ཛེ་ཏ་གང་ན་བར་སོང་སྟེ། ཛེ་ཏ་ལ་འདི་སྐད་ཅེས་སྨྲས་སོ། །བདག་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོའི་ཕྱིར་གནས་ཁང་བརྩིག་པར་བྱས་
Kha207a
༄#། །པ་ལས། ཁྱོད་ཀྱི་རབ་བརྟགས་ཏེ། བདག་གིས་ཉོ་སྙམས་སེམས་ན་ཉོར་གནང་ངམ། ཛེ་ཏས་སྨྲས་པ། གལ་ཏེ་གསེར་འབའ་ཞིག་གིས་ས་གཞི་ཐམས་ཅད་ཁྱབ་པར་བཀང་ནའང་མི་སྦྱིན་ནོ། །སྐྱབས་མེད་ཟས་སྦྱིན་གྱིས་སྨྲས་པ། ལེགས་སོ། །ཛེ་ཏ་ཁྱོད་ཀྱི་ར་བ་ནི་ཁོ་བོ་དབང་བར་གྱུར་གྱི། གསེར་ལོང་ཞིག། ཛེ་ཏས་སྨྲས་པ། ངའི་རང་མི་འཚོང་ན་ཅིའི་ཕྱིར་གསེར་ལོང་ཞིག་ཅེས་སྨྲས། སྐྱབས་མེད་ཟས་སྦྱིན་གྱིས་སྨྲས་པ། དེ་ལྟར་མ་རངས་ན་བདག་ཅག་ཞལ་ཆེ་གཅོད་པའི་གན་དུ་འདོང་ངོ ། །དེ་ནས་ཁྱིམ་བདག་གཉིས་ཞལ་ཆེ་གཅོད་པའི་གན་དུ་དོང་ནས། ཞལ་ཆེ་གཅོད་པས་ར་བ་ནི་སྐྱབས་མེད་ཟས་སྦྱིན་དབང་གི་།ཛེ་ཏ་ནི་གསེར་ལོང་ཞིང་ཅེས་བཅད་དོ། །དེ་ནས་ཤིང་རྟ་དང ། རྟས་གསེར་བསྐྱས་ཏེ་ས་གཞི་བཀྲམ་མོ། །ཉིན་གཅིག་གིས་གོམ་པ་ལྔ་བརྒྱ་འབའ་ཞིག་གསེར་གྱིས་མ་ཁེབས་པ་ལས། ཛེ་ཏས་སྨྲས་པ། ཁྱིམ་བདག་ཁྱོད་གལ་ཏེ་འགྱོད་ན་ཕྱིར་བཏང་དུའང་རུང་ངོ ། །སྐྱབས་མེད་ཟས་སྦྱིན་གྱིས་སྨྲས་པ། བདག་གསེར་གྱི་མཛོད་གང་ཕྱུང་ན་ཆོག་སྙམ་སེམས་ཀྱི་འགྱོད་པ་མེད་དོ། །ཛེ་ཏས་བསམས་པ། དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོ་ནི་ཡང་དག་པར་བླ་ན་མེད་པ་ལྟ། དམ་པའི་ཆོས་གསུངས་པའང་ཡོངས་སུ་དག་ཅིང་ཆགས་པ་མེད་པ་ལྟ་ཞིག་།མི་འདི་འདི་ལྟར་རིན་པོ་
Kha207b
ཆེ་འདི་ལས་མི་ཕངས་པར་གྱུར་ཏོ་སྙམ་བསམས་ནས་སྐྱབས་མེད་ཟས་སྦྱིན་ལ་སྨྲས་པ། ལྷག་མ་མ་ཡོག་པ་འདི་གསེར་མི་དགོས་ཀྱི། བདག་གིས་བཅོམ་ལྡན་འདས་ཀྱི་ཕྱིར་སྒོ་ཁང་བརྩིགས་ཏེ་རྟག་ཏུ་དེ་བཞིན་གཤེགས་པ་ཡན་མན་འཆག་ཅིང་གཤེགས་པར་བྱའོ། །དེ་ནས་ཁྱིམ་བདག་ཛེ་ཏས་སྒོ་ཁང་བརྩིགས་སོ། །ཁྱིམ་བདག་སྐྱབས་མེད་ཟས་སྦྱིན་གྱིས་ཞག་བདུན་གྱི་བར་དུ་གནས་ཁང་ཆེན་པོ་སུམ་བརྒྱ་དང ། བསྒོམ་པའི་ཁང་བུ་དྲུག་ཅུ་རྩ་གསུམ་དང ། དགུན་གྱི་ཁང་པ་དྲོན་པོ་དང ། དབྱར་གྱི་ཁང་པ་བསིལ་བའང་སོ་སོར་ཚང་མང་དང ། ཁྲུས་ཁང་དང ། རྐང་པ་བཀྲུ་བའི་གནས་ཁང་དང ། བཤང་གཅི་ཆེ་ཆུང་གི་སྣམ་ཕྱི་ས་ཆེ་ཆུང་ལ་སོགས་པ་བརྩིགས་ཏེ་ཐམས་ཅད་མི་ལྡན་པ་མེད་དོ། །བྱ་བ་ཐམས་ཅད་བྱས་ནས་ཕོག་སྣོད་ཐོགས་ཏེ། རྒྱལ་པོའི་ཁབ་ཀྱི་ལོགས་སུ་རྒྱང་ནས་འདི་སྐད་ཅེས་སྨྲས་སོ། །མཆོད་པ་ཐམས་ཅད་བཤམས་ལགས་ཀྱི། དེ་བཞིན་གཤེགས་པ་ཐུགས་བརྩེ་བ་ཅན་སེམས་ཅན་ཐམས་ཅད་ཀྱི་སླད་དུ་གནས་འདི་བཞེས་སུ་གསོལ་ཞེས་སྨྲས་སོ། །ངས་དེའི་ཚེ་ཁྱིམ་བདག་དེའི་བསམ་པ་ཐུགས་ཀྱིས་མཁྱེན་ནས། འཁོར་དང་བཅས་ཏེ་རྒྱལ་པོའི་ཁབ་ནས་སྟོབས་པོ་ཆེ་ལག་པ་བརྐྱང་བ་ལས་བསྐུམ་པ་ཙམ་གྱིས་མཉན་དུ་ཡོད་པར་ཛེ་ཏའི་ཚལ་སྐྱབས་མེད་ཟས་སྦྱིན་གྱི་གཞལ་མེད་ཁང་དུ་ཕྱིན་ཏོ། །དེར་ཕྱིན་
Kha208a
༄#། །ནས་ཁྱིམ་བདག་སྐྱབས་མེད་ཟས་སྦྱིན་གྱིས་མཆོད་པ་བཤམས་པ་རྣམས་ང་ལ་ཕུལ་ལོ། །ངས་དེའི་ཚེ་བཞེས་ནས་དེ་ཉིད་ན་བཞུགས་སོ། །དེ་ནས་མུ་སྟེགས་ཅན་གྱི་སྟོན་པ་དྲུག་ཕྲག་དོག་གི་སེམས་སྐྱེས་ཏེ། ཀུན་འདུས་ནས་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ཀྱི་གན་དུ་སོང་སྟེ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ། འདི་ལྟར་མཁྱེན་པར་མཛོད་ཅིག་།རྒྱལ་པོའི་ཡུལ་ཁམས་རབ་ཏུ་ཞི་ཞིང་བདེ་བ་འདི་ཡང་དག་པར་རབ་ཏུ་བྱུང་བའི་གནས་ཡིན་ཏེ། དེའི་ཕྱིར་བདག་ཅག་ཀྱང་ད་ལྟར་འདི་ན་གནས་སོ། །རྒྱལ་པོ་ཆེན་པོ་ནི་ཡང་དག་པའི་ཆོས་ཀྱིས་སྲིད་འཛིན་ཅིང་འབངས་ལ་གནོད་པ་སེལ་བ་ཡིན་ན། དགེ་སྦྱོང་གཽ་ཏ་མ་འདི་ན་སོ་གཞོན་ལ་བསླབ་པའི་ཡུན་ཡང་ཐུང་སྟེ་ཤེས་པ་ཅིའང་མེད་དོ། །རྒྱལ་རིགས་སྙེམས་པས་ཡུལ་འདི་ན་སྔར་གནས་པའི་རྒན་རབས་དང་ཡོན་ཏན་ཅན་ལའང་བཀུར་སྟི་མི་བྱེད་དོ། །གལ་ཏེ་རྒྱལ་རིགས་ཡིན་ན་འབངས་ཀྱི་སྲིད་བགྱི་བའི་རིགས་ལ། ཅི་སྟེ་རབ་ཏུ་བྱུང་ནའང་རྒན་རབས་ལ་བཀུར་སྟི་བགྱིད་པའི་རིགས་སོ། །རྒྱལ་པོ་ཆེན་པོ། ལེགས་པར་གསན་དུ་གསོལ། དགེ་སྦྱོང་གཽ་ཏ་མ་ནི་ཡང་དག་པར་རྒྱལ་པོའི་རིགས་ལས་མ་སྐྱེས་སོ། །དགེ་སྦྱོང་གཽ་ཏ་མ་ལ་གལ་ཏེ་ཕ་མ་མཆིས་ན། ཅིའི་ཕྱིར་གཞན་གྱི་ཕ་མ་འཕྲོགས་པར་གྱུར། རྒྱལ་པོ་ཆེན་པོ། བདག་ཅག་གི་གཞུང་ལས་འདི་སྐད་དུ་འབྱུང་སྟེ། ལོ་
Kha208b
སྟོང་འདས་ནས་ལྟས་ངན་སྒྱུ་ཅན་ཞིག་འབྱུང་ངོ་ཞེས་གསུངས་ཏེ། དེ་ནི་དགེ་སྦྱོང་གཽ་ཏ་མ་འདི་ཁོ་ན་ལགས་སོ། །དགེ་སྦྱོང་གཽ་ཏ་མ་ལ་ནི་ཕ་ཡང་མེད། མ་ཡང་མེད་དོ། །གལ་ཏེ་ཕ་མ་ཡོད་ན་ཅིའི་ཕྱིར་ཆོས་ཐམས་ཅད་མི་རྟག་པ་དང ། སྡུག་བསྔལ་བ་དང ། བདག་མེད་པ་དང ། སྟོང་པ་དང ། བྱེད་པ་མེད་པ་དང ། ལེན་པ་མེད་པའོ་ཞེས་འཆད། དེ་ནི་སྒྱུ་དང་གཡོས་སེམས་ཅན་སླུ་བར་བྱེད་པ་སྟེ། གང་གཏི་མུག་ཅན་ནི་ཡིད་ཆེས་ཀྱི། །ཤེས་རབ་ཅན་ནི་སྤོང་བར་བྱེད་དོ། །རྒྱལ་པོ་ཆེན་པོ། རྒྱལ་པོ་ཞེས་བྱ་བ་ནི་འགྲོ་བ་ཐམས་ཅད་ཀྱི་ཕ་མ་སྟེ། སྲང་དང་འདྲ་བ། ས་གཞི་དང་འདྲ་བ། རླུང་དང་འདྲ་བ། མེ་དང་འདྲ་བ། ལམ་དང་འདྲ་བ། ཆུ་ཀླུང་དང་འདྲ་བ། ཟམ་པ་དང་འདྲ་བ། སྒྲོན་མེ་དང་འདྲ་བ། ཉི་མ་དང་འདྲ་བ། ཟླ་བ་དང་འདྲ་བ་སྟེ། ཆོས་བཞིན་དུ་ཞལ་ཆེ་གཅོད་ཀྱི། བྱམས་སྡང་མེད་པའོ། །དགེ་སྦྱོང་གཽ་ཏ་མ་འདི་ནི་བདག་ཅག་འཚོར་མི་སྟེར་ཏེ། བདག་ཅག་གར་འགྲོ་བའི་གནས་སུ་སླད་བཞིན་མཆི་སྟེ་མི་གཏོང་ངོ ། །རྒྱལ་པོ་ཆེན་པོ། བདག་ཅག་གིས་གཽ་ཏ་མ་དང་རྫུ་འཕྲུལ་གྱི་སྟོབས་འགྲན་ཏེ། གལ་ཏེ་ཁོ་རྒྱལ་ན་བདག་ཅག་ཁོའི་དབང་དུ་མཆི་ལ། གལ་ཏེ་བདག་ཅག་རྒྱལ་ན་བདག་ཅག་དབང་བར་མཛད་དུ་གསོལ། རྒྱལ་པོས་སྨྲས་པ། བཙུན་པ་ཁྱོད་ཀྱང་སོ་སོ་ནས་སྤྱོད་པའི་ཆོས་ཡོད་ལ། གནས་ཀྱང་སོ་སོ་སྟེ། བདག་ནི་ངེས་པར་དེ་བཞིན་གཤེགས་པ་ཁྱེད་ཅག་ལ་མི་གནོད་པར་
Kha209a
༄#། །ཤེས་སོ། །སྟོན་པ་དྲུག་གིས་གསོལ་པ། ཇི་ལྟར་མི་གནོད། དགེ་སྦྱོང་གཽ་ཏ་མ་འདི་ཆོས་སྒྱུ་མས་མི་རྣམས་བྲིད་དེ། བྲམ་ཟེ་ལ་སོགས་པ་ཀུན་སྐྱབས་སུ་སོང་ནས་ཐམས་ཅད་ཟད་དོ། །གལ་ཏེ་རྒྱལ་པོས་བདག་ཅག་དང་རྫུ་འཕྲུལ་གྱི་སྟོབས་འགྲན་པར་གནང་ན། རྒྱལ་པོའི་མིང་སྙན་པ་ཕྱོགས་བརྒྱད་དུ་གྲགས་པར་འགྱུར་གྱི། དེ་ལྟར་མ་གནང་ན་མིང་མི་སྙན་པས་ཀུན་ཏུ་གང་བར་འགྱུར་རོ། །རྒྱལ་པོས་སྨྲས་པ། བཙུན་པ་ཁྱོད་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་སྟོབས་ཤིན་ཏུ་ཆེ་བ་མི་ཤེས་པས་འགྲན་འདོད་ཀྱི། གལ་ཏེ་ཡང་དག་པར་ཤེས་ན་དེ་ལྟར་མི་ཕོད་ཀྱིས་དོགས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱང་དགེ་སྦྱོང་གིས་བསླུས་ཟིན་ཏམ། རྒྱལ་པོ་ཆེན་པོ། རེ་ཞིག་གཞེས་ལ་བདག་ཅག་ལ་མ་སྨོད་ཅིག་།དོན་མེད་པར་ཚིག་གིས་བརྗོད་པ་བས་བསྒྲུན་ན་མངོན་པར་འགྱུར་རོ། །རྒྱལ་པོས་འོ་ན་ལེགས་སོ། །ལེགས་སོ་ཞེས་སྨྲས་ནས། སྟོན་པ་དྲུག་འཁོར་དང་བཅས་ཏེ་རབ་ཏུ་དགའ་ནས་སོང་ངོ ། །དེའི་ཚེ་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་འཁོར་དང་བཅས་ཏེ་ངའི་སྤྱན་སྔར་ལྷགས་ནས་བསྟི་སྟང་དང་བཅས་པས་མགོ་བོས་ཕྱག་བྱས་ཏེ། གཡས་ཕྱོགས་ནས་ལན་གསུམ་བསྐོར་ནས་ཕྱོགས་གཅིག་ཏུ་འཁོད་དེ། ང་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། མུ་སྟེགས་ཅན་གྱི་སྟོན་པ་དྲུག་བདག་གི་ཐད་དུ་མཆིས་ནས།
Kha209b
རྫུ་འཕྲུལ་འགྲན་པར་གསོལ་བ་ལས། བདག་གིས་རྗེས་སུ་མ་དཔགས་པས་གནང་བ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། ལེགས་སོ། ལེགས་སོ། འདི་མ་ཡིན་པ་གཞན་དག་ཏུའང་གནས་ཁང་རྩིགས་ཤིག་།དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ང་དང་རྫུ་འཕྲུལ་འགྲན་པར་གྱུར་ན། འཁོར་དེ་དག་ལས་ཚུར་དད་པ་མང་པར་འགྱུར་ཏེ། གནས་འདི་དོག་པས་ཤོད་པར་མི་འགྱུར་རོ། །རིགས་ཀྱི་བུ། ངས་དེའི་ཚེ་མུ་སྟེགས་ཅན་གྱི་སྟོན་པ་དྲུག་གི་ཕྱིར་ཐོག་མ་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་དུ་ངོ་མཚར་རྨད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་བསྟན་ཏོ། །དེའི་ཚེ་དེའི་དུས་ན་སེམས་ཅན་ཚད་མེད་པ་སྙེད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །སེམས་ཅན་ཚད་མེད་པ་སྙེད་ནི་དཀོན་མཆོག་གསུམ་ལ་ཐེ་ཚོམ་མེད་པར་ཡིད་ཆེས་པར་གྱུར་ཏོ། །སྟོན་པ་དྲུག་གི་འཁོར་ཚད་མེད་པ་སྙེད་ནི་ངན་པར་ལྟ་བའི་སེམས་བཅོམ་ནས་ཡང་དག་པའི་ཆོས་ལ་རབ་ཏུ་བྱུང་ངོ ། ། སེམས་ཅན་ཚད་མེད་པ་སྙེད་ནི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་སེམས་ཐོབ་པར་གྱུར་ཏོ། །སེམས་ཅན་ཚད་མེད་པ་སྙེད་ནི་གཟུངས་ཀྱི་ཏིང་ངེ་འཛིན་གྱི་རྣམ་གྲངས་ཐོབ་པར་གྱུར་ཏོ། །སེམས་ཅན་ཚད་མེད་པ་སྙེད་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ནས་དགྲ་བཅོམ་པའི་འབྲས་བུའི་བར་དུ་ཐོབ་པར་གྱུར་ཏོ། །དེའི་ཚེ་མུ་སྟེགས་ཅན་གྱི་སྟོན་པ་དྲུག་པོ་ཤིན་ཏུ་ངོ་ཚ་སྟེ་
Kha210a
༄#། །སྐྱེངས་ནས་ཐམས་ཅད་འགྲོགས་ཏེ། གྲོང་ཁྱེར་བ་ཙི་ཏ་ཞེས་བྱ་བར་སོང་ངོ ། །དེར་ཕྱིན་ནས་དེ་ན་གནས་པའི་མི་ཐམས་ཅད་ལོག་པའི་ཆོས་བསྟན་ནས་ཡིད་ཆེས་པར་བྱས་ཏེ། དགེ་སྦྱོང་གཽ་ཏ་མ་ནི་སྟོང་པ་འབའ་ཞིག་སྟོན་ཏོ་ཞེས་བསྒྲགས་སོ། །རིགས་ཀྱི་བུ། དེའི་ཚེ་ན་ང་ནི་ཡུམ་གྱི་ཕྱིར་སུམ་ཅུ་རྩ་གསུམ་གནམ་དུ་གཤེགས་ནས།་ཤིང་བའི་རི་ཙི་ཏའི་དྲུང་ན་ཚུལ་དུ་ཞུགས་ཏེ་ཆོས་སྟོན་ཏོ། །དེའི་ཚེ་སྟོན་པ་དྲུག་རབ་ཏུ་དགའ་བའི་སེམས་སྐྱེས་ནས། འདི་སྐད་དུ་ཤིན་ཏུ་ལེགས་སོ། །གཽ་ཏ་མ་སྒྱུ་ཅན་དེ་དེང་མེད་པར་གྱུར་ཏོ་ཞེས་བསྒྲགས་ཏེ། གཞན་ཡང་སེམས་ཅན་ཚད་མེད་གྲངས་མེད་པ་སྙེད་ངན་པར་ལྟ་བ་ལ་བཙུད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་དང ། རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་དང ། འཁོར་རྣམ་བཞི་ལ་སོགས་པས་མཽངྒལ་གྱི་བུ་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། ཛམྦུའི་གླིང་འདིར་ངན་པར་ལྟ་བ་སྐྱེ་ཞིང་འཕེལ་ཏེ། སེམས་ཅན་རབ་ཏུ་བརྩེ་བའི་གནས་སུ་གྱུར་པའང་མུན་པ་ཆེན་པོ་ཐོབ་པར་གྱུར་གྱི། བཙུན་པ་ཁྱོད་གནམ་གྱི་སྟེང་དུ་བཞུད་ལ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཞིག་།བཅོམ་ལྡན་འདས། བདག་ཅག་གུས་པར་ཕྱག་འཚལ་ཏེ། འདི་སྐད་མཆིའོ། །དཔེར་ན། བེའུ་བྱུང་ནས་རིང་པོ་མ་ལོན་པར་གལ་ཏེ་འོ་མ་མ་འཐུངས་ན་གདོན་མི་
Kha210b
འཚལ་བར་འགུམ་པ་ལྟར། བདག་ཅག་དང་སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་ན། དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བའི་སླད་དུ་སླར་འདིར་གཤེགས་སུ་ཅི་གནང་ཞེས་གསོལ་ཞིག་།དེ་ནས་མཽངྒལ་གྱིས་ཅང་མི་སྨྲ་བར་གནང་ནས་ཇི་ལྟར་སྟོབས་པོ་ཆེ་ལག་པ་བསྐུམ་པ་ལས་བརྐྱང་བཅོམ་གྱིས་གནམ་གྱི་སྟེང་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཛམྦུའི་གླིང་ན་འཁོར་རྣམ་བཞི་མཆིས་པ་དག་དེ་བཞིན་གཤེགས་པ་ལ་སྐོམ་པས་གདུངས་པ་བཞིན་དུ་ཆོས་ཐོས་པར་མོས་སོ། །རྒྱལ་པོ་གཟུགས་ཅན་སྙིང་པོ་དང ། རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་དང ། འཁོར་རྣམ་བཞི་ལ་སོགས་པས་ཞབས་ལ་ཕྱག་འཚལ་ཏེ་འདི་སྐད་མཆིའོ། །ཛམྦུའི་གླིང་འདི་ན་སེམས་ཅན་ཇི་སྙེད་མཆིས་པ་ངན་པར་ལྟ་བ་སྐྱེ་ཞིང་མཆེད་པར་གྱུར་ཏེ། མུན་ནག་གི་ནང་དུ་འཐོབ་པས་ཤིན་ཏུ་ཐུགས་བརྩེ་བར་རུང་སྟེ། དཔེར་ན། བེའུ་བཙས་ནས་རིང་པོར་མ་ལགས་པར་གལ་ཏེ་ནུ་མ་མ་འཐུངས་ན་གདོན་མི་འཚལ་བར་འགུམ་པ་ལྟར། བདག་ཅག་ལ་སོགས་པའང་དེ་དང་འདྲ་སྟེ། དེ་བཞིན་གཤེགས་པ་སེམས་ཅན་གྱི་དོན་གྱི་སླད་དུ་སླར་ཛམྦུའི་གླིང་དུ་གཤེགས་སུ་གསོལ་ལོ་ཞེས་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽངྒལ་གྱི་བུ་ཁྱོད་མྱུར་དུ་ཕྱིར་ཛམྦུའི་གླིང་དུ་སོང་ལ། རྒྱལ་པོ་རྣམས་དང ། འཁོར་རྣམ་བཞི་
Kha211a
༄#། །ལ་འདི་སྐད་གྱིས་ཤིག་།ང་ད་ནས་ཞག་བདུན་ན་ཕྱིར་ལོག་སྟེ། སྟོན་པ་དྲུག་གི་ཕྱིར་ཡུལ་པ་ཙི་ཏར་གཤེགས་སོ་ཞེས་གྱིས་ཤིག་།དེ་ནས་ཞག་བདུན་འདས་ནས་བརྒྱ་བྱིན་ལྷའི་དབང་པོ་དང ། ཚངས་པ་དང ། བདུད་ཀྱི་ལྷ་དང ། ལྷའི་བུ་ཚད་མེད་པ་སྙེད་དང ། ཤུ་ཏའི་འཁོར་ལ་སོགས་པ་ལྷ་ཐམས་ཅད་ཀྱིས་བསྐོར་ཞིང་ཡུལ་བཙི་ཏར་ལྷགས་ཏེ། སེངྒེའི་སྒྲ་ཆེན་པོ་འདི་སྐད་བསྒྲགས་སོ། །ངའི་ཆོས་འབའ་ཞིག་ལ་དགེ་སྦྱོང་དང ། བྲམ་ཟེ་དང ། ཆོས་ཐམས་ཅད་མི་རྟག་པ་དང ། བདག་མེད་པ་དང ། མྱ་ངན་ལས་འདས་པ་དང ། ཞི་བ་སྟེ། ཉེས་པའི་སྐྱོན་ཐམས་ཅད་དང་བྲལ་བ་ཡོད་ཀྱི། དེ་མ་ཡིན་པ་གཞན་གྱི་ཆོས་ལ་དགེ་སྦྱོང་དང ། བྲམ་ཟེ་དང ། རྟག་པ་དང ། བདག་དང ། མྱ་ངན་ལས་འདས་པ་ཡོད་ཅེས་བྱ་བའི་གནས་མེད་དོ། །དེའི་ཚེ་ན་སེམས་ཅན་ཚད་མེད་མཐའ་ཡས་པ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །དེ་ནས་མུ་སྟེགས་ཅན་གྱི་སྟོན་པ་དྲུག་གཅིག་ལ་གཅིག་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་བདག་ཅག་གི་ཆོས་ལ་དགེ་སྦྱོང་དང ། བྲམ་ཟེ་ལ་སོགས་པ་མེད་ན། ཇི་ལྟར་འཇིག་རྟེན་དུ་བཅས་པས་མཆོད་པར་འགྱུར་ཞེས་སྨྲས་ནས། སྟོན་པ་དྲུག་འགྲོགས་ཏེ་ཡུལ་ཡངས་པ་ཅན་དུ་སོང་ངོ ། །རིགས་ཀྱི་བུ། ང་དུས་གཅིག་ཅིག་ན་གྲོང་ཁྱེར་ཡངས་པ་ཅན་ཨ་མྲའི་ཚལ་དུ་བཞུགས་པ་ལས། བུ་མོ་ཨ་མྲ་ཞེས་
Kha211b
བྱ་བ་ང་དེར་འདུག་པར་ཤེས་ནས་ངའི་སྤྱན་སྔར་འགྲོ་སྙམ་བསམས་སོ། །ངས་དེའི་ཚེ་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་ཁྱེད་དྲན་པ་ཉེ་བར་བཞག་པ་ལ་བརྟགས་ཏེ་ཤེས་རབ་སྒོམས་ཤིག་།ཅི་དང་ཅི་སྒོམ་པ་ལ་ལེ་ལོ་མ་བྱེད་ཅིག་།དེ་ལ་ཇི་ལྟར་ན་དྲན་པ་ཉེ་བར་བཞག་པ་ལ་བརྟག་པ་ཞེ་ན། གལ་ཏེ་དགེ་སློང་གང་ནང་གི་ལུས་ལ་ཡོངས་སུ་བརྟགས་ཀྱང་བདག་དང་བདག་གི་བར་མི་མཐོང ། ཕྱི་རོལ་གྱི་ལུས་དང་ཕྱི་ནང་གི་ལུས་ལ་ཡོངས་སུ་བརྟགས་ཀྱང་བདག་དང་བདག་གི་བར་མི་མཐོང ། ཚོར་བ་དང ། སེམས་དང ། ཆོས་ལའང་དེ་ལྟར་རྟོག་པ་ནི་དྲན་པ་ཉེ་བར་བཞག་པ་ཞེས་བྱའོ། །ཇི་ལྟར་ན་ཤེས་རབ་སྒོམ་པ་ཞེ་ན། གལ་ཏེ་དགེ་སློང་གང་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་དང ། ཀུན་འབྱུང་དང ། འགོག་པ་དང ། ལམ་མཐོང་བ་ནི་ཤེས་རབ་སྒོམ་པ་ཞེས་བྱའོ། །ལེ་ལོའི་སེམས་མེད་པ་གང་ཞེ་ན། གལ་ཏེ་དགེ་སློང་གང་སངས་རྒྱས་རྗེས་སུ་དྲན་པ་དང ། ཆོས་རྗེས་སུ་དྲན་པ་དང ། དགེ་འདུན་རྗེས་སུ་དྲན་པ་དང ། ཚུལ་ཁྲིམས་རྗེས་སུ་དྲན་པ་དང ། སྦྱིན་པ་རྗེས་སུ་དྲན་པ་དང ། ལྷ་རྗེས་སུ་དྲན་པ་ནི་དགེ་སློང་ལེ་ལོའི་སེམས་མེད་པ་ཞེས་བྱའོ། །དེའི་ཚེ་བུ་མོ་ཨ་མྲ་ང་གང་ན་བར་འོངས་ནས་སྤྱི་བོས་ཕྱག་འཚལ་ཏེ། གཡས་སུ་ལན་གསུམ་བསྐོར་ཏེ་མཆོད་པ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་།རིགས་ཀྱི་བུ། ངས་དེའི་ཚེ་བུ་མོ་ཨ་མྲ་ལ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་
Kha212a
༄#། །ཏེ། བུ་མོ་དེ་ཆོས་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་དེའི་ཚེ་གྲོང་ཁྱེར་དེ་ན་ལི་ཙ་བཱི་གཞོན་ནུ་ལྔ་བརྒྱ་སྙེད་ངའི་སྤྱན་སྔར་ལྷགས་ནས་སྤྱི་བོས་ཕྱག་བཙལ་ཏེ། གཡས་ཕྱོགས་ནས་ལན་གསུམ་བསྐོར་ཏེ་མཆོད་པ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ངས་དེའི་ཚེ་ལི་ཙ་བའི་གཞོན་ནུ་རྣམས་ལ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་ཏོ། །རིགས་ཀྱི་བུ་དག། འདི་ལྟ་སྟེ། བག་མེད་པ་ལས་འབྲས་བུ་རྣམ་པ་ལྔ་སྨིན་པར་འགྱུར་རོ། །ལྔ་གང་ཞེ་ན། བདོག་པའི་ནོར་ལ་དབང་མེད་པ་དང ། མིང་མི་སྙན་པར་གྲགས་པ་དང ། དབུལ་ཕོངས་པ་ལ་སྦྱིན་པར་མི་དགའ་བ་དང ། འཁོར་རྣམ་བཞི་མཐོང་བར་མི་འདོད་པ་དང ། ལྷ་རྣམས་ཀྱི་ལུས་མི་ཐོབ་པའོ། །རིགས་ཀྱི་བུ་དག།་བག་བྱས་པའི་རྒྱུ་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྐྱེ་བར་འགྱུར་ཏེ། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའང་བག་ཡོད་པའི་ཆོས་ལ་བརྩོན་པར་བྱའོ། །བག་མེད་པ་ལ་གཞན་ཡང་འབྲས་བུ་རྣམ་པ་བཅུ་གསུམ་སྨིན་པར་འགྱུར་རོ། །བཅུ་གསུམ་གང་ཞེ་ན། འཇིག་རྟེན་གྱི་ལས་བྱེད་པར་མོས་པ་དང ། དོན་མེད་པའི་ཚིག་སྨྲ་བར་མོས་པ་དང ། གཉིད་ལ་ཡུན་རིང་དུ་མོས་པ་དང ། འཇིག་རྟེན་གྱི་དངོས་པོ་བརྗོད་པར་མོས་པ་དང ། རྟག་ཏུ་མི་དགེ་བའི་བཤེས་གཉེན་ལ་བསྙེན་
Kha212b
པར་མེས་པ་དང ། ལེ་ལོ་དང་སྙོམས་ལས་བྱེད་པ་དང ། རྟག་ཏུ་གཞན་གྱིས་བརྙས་པ་དང ། ཅི་དང་ཅི་ཐོས་སུ་ཟིན་ཀྱང་དེ་ཉིད་དུ་བརྗོད་པ་དང ། མཐའ་འཁོབ་ཏུ་གནས་པར་དགའ་བ་དང ། དབང་པོ་རྣམས་གདུལ་མི་ནུས་པ་དང ། ཟས་ལ་ཆོག་མི་ཤེས་པ་དང ། བདེན་པ་ལ་མི་མོས་པ་དང ། ལྟ་བ་ཡང་དག་པ་མ་ཡིན་པ་དང་བཅུ་གསུམ་མོ། །རིགས་ཀྱི་བུ། བག་མེད་པ་ནི་སངས་རྒྱས་དང ། སངས་རྒྱས་ཀྱི་ཉེ་གནས་དང་ཉེ་བར་གྱུར་ཀྱང་ཤིན་ཏུ་རིང་བ་ཞེས་བྱའོ། །ལི་ཙ་བའི་རྣམས་ཀྱིས་གསོལ་པ། བདག་ཅག་ནི་བག་མ་མཆིས་པ་ལགས་པར་འཚལ་ལོ། ། དེ་ཅིའི་སླད་དུ་ཞེ་ན། ཅི་སྟེ་བདག་ཅག་བག་མ་མཆིས་པ་མ་ལགས་ན། དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོ་བདག་ཅག་གི་ཡུལ་དུ་གཤེགས་པའི་རིགས་སོ། །དེའི་ཚེ་འཁོར་མང་པོའི་ནང་ན་བྲམ་ཟེའི་བུ་མི་ཕམ་པ་ཞེས་བྱ་བས་ལི་ཙ་བཱི་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ལེགས་སོ། །ལེགས་སོ། །ཁྱོད་ཀྱིས་ཇི་སྐད་སྨྲས་པ་བཞིན་ཏེ། རྒྱལ་པོ་གཟུགས་ཅན་སྙིང་པོ་ནི་ཕན་པ་དང ། བདེ་བའི་དོན་ཆེན་པོ་ཐོབ་པས་སངས་རྒྱས་བཅོམ་ལྡན་འདས་ཡུལ་དེར་གཤེགས་ཏེ། ཇི་ལྟར་པདྨོ་དམ་པ་མཚོ་ཆེན་པོ་ལས་སྐྱེས་པ་ཆུའི་ནང་ནས་སྐྱེས་ཀྱང་ཆུས་མི་གོས་སོ། །ལི་ཙ་བཱི་གཞོན་ནུ་དག་།སངས་རྒྱས་ཀྱང་དེ་དང་འདྲ་བར་ཡུལ་དེར་བྱུང་མོད་ཀྱི། འཇིག་རྟེན་གྱི་ཆོས་ཀྱིས་གོས་པར་འགྱུར་བ་མེད་དེ། སངས་རྒྱས་བཅོམ་ལྡན་འདས་
Kha213a
༄#། །རྣམས་ནི་བྱུང་བའང་མེད། འཇུག་པའང་མེད་མོད་ཀྱི་སེམས་ཅན་གྱི་ཕྱིར་འཇིག་རྟེན་དུ་མངོན་པར་གཤེགས་ཏེ། འཇིག་རྟེན་གྱི་ཆོས་ཀྱིས་བསྒྲིབས་པར་མ་གྱུར་ཏོ། །སྐྱེས་བུ་དག་རང་གིས་རང་བསླུས་ཏེ། འདོད་པ་ལྔ་ལ་ཆགས་ཤིང་ཞེན་ནས་དེ་བཞིན་གཤེགས་པ་ལ་སྐྱབས་སུ་འགྲོ་བར་མི་ཤེས་པས་ན་བག་མེད་པ་ཞེས་བྱའི། སངས་རྒྱས་དབུས་འགྱུར་འཆང་དུ་བྱུང་བས་བག་མེད་པ་ཞེས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ནི་ཉི་ཟླ་དང་འདྲ་སྟེ། །གཅིག་གམ་གཉིས་ཀྱི་ཕྱིར་འཇིག་རྟེན་དུ་བྱུང་བ་མ་ཡིན་ནོ། །དེ་ནས་ལི་ཙ་བཱི་དེ་དག་དེ་སྐད་དུ་སྨྲས་པ་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། འདི་སྐད་དུ་ལེགས་སོ།། ལེགས་སོ། །གཞོན་ནུ་མི་ཕམ་པ་ཤིན་ཏུ་མི་ཕམ་པའི་ཆོས་དམ་པ་སྨྲས་པ་ལེགས་སོ། །དེ་ནས་ལི་ཙ་བཱི་དེ་དག་སོ་སོ་ནས་གོས་ཡ་རེ་ཕུད་དེ་མི་ཕམ་པ་ལ་ཕུལ་ལོ། །མི་ཕམ་པས་བླངས་ནས། ང་ལ་ཕུལ་ཏེ་འདི་སྐད་དུ་བཅོམ་ལྡན་འདས་བདག་གིས་ལི་ཙ་བཱི་དག་ལས་གོས་འདི་དག་རྙེད་ཀྱི། དེ་བཞིན་གཤེགས་པས་སེམས་ཅན་ལ་ཐུགས་བརྩེ་བའི་སླད་དུ་བདག་གིས་ཕུལ་བ་འདི་བཞེས་སུ་གསོལ་ཞེས་སྨྲས་སོ། །ངས་དེའི་ཚེ་གཞོན་ནུ་མི་ཕམ་པ་ལ་ཐུགས་བརྩེ་བའི་ཕྱིར་བཞེས་སོ། །དེ་ནས་ལི་ཙ་བཱི་རྣམས་དུས་
Kha213b
གཅིག་ཏུ་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པས་ཡུལ་འདིར་དུས་གཅིག་ཏུ་ཚུལ་དུ་ཞུགས་ཏེ། བདག་ཅག་གི་མཆོད་པ་ཅུང་ཟད་བཞེས་སུ་ཅི་གནང་ཞེས་གསོལ་ཏོ།། ང་དེའི་ཚེ་ཅང་མི་གསུང་བས་ལི་ཙ་བཱིས་གསོལ་བ་བཞིན་དུ་གནང་ངོ ། །དེ་ནས་དེའི་ཚེ་སྟོན་པ་དྲུག་དེ་ལྟ་བུར་གྱུར་པ་ཐོས་ནས་སྟོན་པ་དང་འཁོར་དུ་བཅས་ཏེ་ཡུལ་སེར་སྐྱར་སོང་ངོ ། །དེ་ནས་ངས་ཀྱང་སེར་སྐྱར་སོང་སྟེ། ཀླུང་པ་ལ་ཞེས་བྱ་བའི་འགྲམ་དུ་འདུག་གོ་།དེ་ནས་སེར་སྐྱ་ན་ཁྱིམ་བདག་རིན་ཆེན་གྲགས་ཞེས་བྱ་བ་འདོད་པ་ལྔ་ལ་ཤིན་ཏུ་ཆགས་ཤིང་ཞེན་པ། མི་རྟག་པར་མི་ཤེས་པ་ཞིག་ཡོད་དེ། ང་དེར་ཕྱིན་པས་ཀེང་རུས་ལ་རྟོག་པའི་ཆོས་རང་ཐོབ་སྟེ། ཁང་ཁྱིམ་དང ། གནས་པ་དང ། ཆུང་མ་དང ། སླས་ཀུན་ཀེང་རུས་སུ་མཐོང་ནས་རབ་ཏུ་འཇིགས་པའི་སེམས་སྐྱེས་ཏེ། ཇི་ལྟར་རལ་གྲིའམ། སྤྲུལ་གདུག་པའམ། རྐུན་པོའམ། མེ་ལྟ་བུར་གྱུར་ནས་ངའི་སྤྱན་སྔར་ཆས་པ་ལས། ལམ་ཐོག་ཐག་འདི་སྐད་ཅེས་དགེ་སྦྱོང་གཽ་ཏ་མ་བདག་ནི་ད་ལྟར་དགྲས་དེད་པ་བཞིན་ཤིན་ཏུ་འཇིགས་སྐྲག་ན་སྐྱབས་མཛད་པར་སྨོན་ཏོ་ཞེས་སྨྲའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། སངས་རྒྱས་དང ། ཆོས་དང།་དགེ་འདུན་ནི་བདེ་བ་ཡིན་ཏེ། འཇིགས་པ་མེད་དོ། །ཁྱིམ་བདག་དེས་གསོལ་པ། གལ་ཏེ་དཀོན་མཆོག་གསུམ་ལ་འཇིགས་པ་མ་མཆིས་ན། བདག་ཀྱང་མི་འཇིགས་པ་ཐོབ་
Kha214a
༄#། །པར་གྱུར་ཅིག་ཅེས་གསོལ་ནས་ངས་རབ་ཏུ་བྱུང་བར་གནང་ངོ ། །དེའི་ཚེ་ཁྱིམ་བདག་དེ་ལ་གྲོགས་པོ་ལྔ་བཅུ་ཞིག་ཡོད་པ་དེའང་རིན་ཆེན་གྲགས་འདོད་པ་ལ་ཤིན་ཏུ་སྐྱོ་ནས་རབ་ཏུ་བྱུང་ངོ་ཞེས་ཐོས་ནས། དེ་དག་ཀྱང་ཁ་དུམ་སྟེ་རབ་ཏུ་བྱུང་ངོ ། །སྟོན་པ་དྲུག་གིས་དེ་སྐད་ཐོས་ནས་མཐར་གྱིས་གྲོང་ཁྱེར་ཆེན་པོ་ཙམ་པ་ཀར་སོང་ངོ ། །དེ་ནས་ཙམ་པ་ཀའི་མི་ཐམས་ཅད་སྟོན་པ་དྲུག་དང་དེའི་འཁོར་ལ་མཆོད་ཅིང་བསྟི་སྟང་བྱེད་ཀྱི། སངས་རྒྱས་དང ། ཆོས་དང ། དགེ་འདུན་གྱི་མིང་ཡང་མ་ཐོས་སོ། །སྐྱེ་བོ་མང་པོ་དག་ཤིན་ཏུ་མི་དགེ་བའི་ལས་བྱེད་པར་གྱུར་ཏེ། ང་དེའི་ཚེ་སེམས་ཅན་གྱི་ཕྱིར་གྲོང་ཁྱེར་ཙམ་པ་ཀར་གཤེགས་སོ། །དེའི་ཚེ་གྲོང་ཁྱེར་དེ་ན་ཁྱིམ་བདག་རབས་ཆད་དུ་ཉེ་བ་ཞིག་ཡོད་དེ། པུ་འདོད་པའི་ཕྱིར་སྟོན་པ་དྲུག་ལ་མཆོད་པ་བྱེད་དོ། །ཕྱིས་དེའི་ཆུང་མ་སྦྲུམ་པར་གྱུར་ཏེ། ཁྱིམ་བདག་གིས་ཤེས་ནས་སྟོན་པ་དྲུག་གི་གན་དུ་སོང་སྟེ་དགའ་བའི་སེམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །བདག་གི་ཆུང་མ་ལྟོ་ན་སྦྲུམ་པ་འདི་བུ་ཕོ་ཡིན་ནམ། བུ་མོ་ཡིན་ཞེས་དྲིས་པ་ལས། དེ་དག་གིས་གདོན་མི་ཟ་བར་བུ་མོ་ཞིག་འབྱུང་ངོ་ཞེས་སྨྲས་སོ། ། ཁྱིམ་བདག་དེས་དེ་སྐད་ཅེས་སྨྲས་པ་ཐོས་ནས་མྱ་ངན་གྱིས་གདུངས་ཏེ་མི་དགའ་བ་ལས། དེའི་གྲོགས་པོ་ཞིག་ཁྱིམ་བདག་དེའི་ཐད་དུ་འོངས་ནས། ཁྱིམ་བདག་དེ་ལ་ཅིའི་
Kha214b
ཕྱིར་དེ་ལྟར་མྱ་ངན་གྱིས་གདུངས་པར་གྱུར་ཅེས་དྲིས་སོ། །ཁྱིམ་བདག་དེས་སྨྲས་པ། ཁོ་བོའི་ཆུང་མ་སྦྲུམ་པ་ལས་བུ་ཕོའམ་བུ་མོར་མི་ཤེས་ཏེ། སྟོན་པ་དྲུག་ལ་དྲིས་སོ། །སྟོན་པ་དྲུག་གིས་བལྟས་ནས། འདི་སྐད་དུ་བདག་ཅག་གི་མཚན་ལྟ་བ་དང་སྦྱར་ན་གདོན་མི་ཟ་བར་བུ་མོ་འབྱུང་ངོ་ཞེས་ཟེར་ཏེ། ཁོ་བོས་དེ་ཐོས་ནས་ཁོ་བོ་རྒན་པོ་རྒས་ཏེ་ནོར་གྲངས་མེད་པ་སྙེད་ཡོད་པ་ལ་གལ་ཏེ་བུ་མོ་ཕོ་མ་ཡིན་ན་གཏད་པའི་གནད་མེད་པས་དེའི་ཕྱིར་ཁོ་བོ་མི་དགའོ། །གྲོགས་པོ་དེས་སྨྲས་པ། ཁྱོད་ནི་མི་ཤེས་པའོ། །སྔན་ཆད་མ་ཐོས་སམ། ཆུ་བོ་འོད་སྲུང་སྤུན་གཉིས་སངས་རྒྱས་སམ། སྟོན་པ་དྲུག་གང་གི་ཉེ་གནས་སུ་སོང ། གལ་ཏེ་སྟོན་པ་དྲུག་ཐམས་ཅད་མཁྱེན་པ་ཡིན་ན། འོད་སྲུང་གིས་ཇི་སྟེ་སྟོན་པ་དྲུག་སྤངས་ནས་སངས་རྒྱས་ཀྱི་ཉེ་གནས་སུ་འགྱུར། ཡང་ཤཱ་རིའི་བུ་དང ། གཽངྒལ་ལ་སོགས་པ་དང ། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་རྒྱལ་པོ་རྣམས་དང ། རྒྱལ་པོའི་བཙུན་མོ་ལ་སོགས་པ་དང ། ཡུལ་ཐམས་ཅད་ཀྱི་ཁྱིམ་བདག་སྐྱབས་མེད་ཟས་སྦྱིན་ལ་སོགས་པ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཉེ་གནས་མ་ཡིན་ནམ། འབྲོག་དགོན་པའི་ཡི་དྭགས་དང ། རྒྱལ་པོ་མ་སྐྱེས་དགྲ་དང ། ནོར་སྲུང་བའི་བ་གླང་སྨྱོས་པ་དང ། སོར་མོ་རྒྱན་མི་དགེ་བའི་སེམས་རབ་ཏུ་མཆེད་ནས་མ་བསད་པར་གཟས་པ་དེ་དག་ལ་སོགས་པ་ཀུན་དེ་བཞིན་གཤེགས་པས་མ་བཏུལ་
Kha215a
༄#། །ཏམ།་ཁྱིམ་བདག་།སངས་རྒྱས་བཅོམ་ལྡན་འདས་ནི་ཆོས་ཐམས་ཅད་ལ་ཐོགས་པ་མེད་པ་མཁྱེན་ཅིང་གཟིགས་པས་སངས་རྒྱས་ཞེས་བྱའོ། །གསུངས་སོ་ཅོག་གཉིས་སུ་མེད་པས་དེ་བཞིན་གཤེགས་པ་ཞེས་བྱའོ། །ཉོན་མོངས་པ་བཅོམ་པས་དགྲ་བཅོམ་པ་ཞེས་བྱ་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་གཉིས་སུ་མེད་པ་ཡིན་གྱི། སྟོན་པ་དྲུག་པོ་དེ་ལྟ་མ་ཡིན་ན་ཇི་སྟེ་ཡིད་ཆེས་པར་བྱེད། དེ་བཞིན་གཤེགས་པ་ནི་ད་ལྟར་འདི་ན་བཞུགས་སོ། །གལ་ཏེ་ཡང་དག་པར་ཤེས་པར་འདོད་ན་སངས་རྒྱས་ཀྱི་སྤྱན་སྔར་སོང་ཞིག་ཅེས་སྨྲས་སོ། །དེ་ནས་ཁྱིམ་བདག་མི་དེ་དང་འགྲོགས་ཏེ། ངའི་སྤྱན་སྔར་འོངས་ནས་སྤྱི་བོས་ཕྱག་བཙལ་ཏེ། གཡས་སུ་ལན་གསུམ་བསྐོར་ཏེ་ཐལ་མོ་སྦྱར་ནས་པུས་མོའི་ལྷ་ང་ས་ལ་བཙུགས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནི་སེམས་ཅན་ཐམས་ཅད་ལ་མཉམ་ཞིང་གཉིས་སུ་མ་མཆིས་ཏེ། དགྲ་དང་གཉེན་ལ་མཚན་ཉིད་གཅིག་ཏུ་གཟིགས་པ་ལགས་ན། བདག་ནི་སྲེད་པའི་ཀུན་ནས་ཉོན་མོངས་པས་བཅིངས་པར་གྱུར་ཏེ། ངག་དང་གཉེན་ལ་གཉིས་སུ་མེད་པར་མ་གྱུར་ན། བདག་དེང་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ལ་ཞུ་སྙམ་བསམས་པ་ལས། རབ་ཏུ་ངོ་ཚ་ཞིང་འཇིགས་པས་དྲིར་མ་སྤོབས་སོ། །བཅོམ་ལྡན་འདས། བདག་གི་མཆིས་བྲང་སྦྲུམ་པ་
Kha215b
ལས།་སྟོན་པ་དྲུག་གིས་བལྟས་ནས་གདོན་མི་འཚལ་བར་བུ་མོ་འབྱུང་ངོ་ཞེས་མཆི་ན་དངོས་པོ་དེ་ཇི་ལྟ་བུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ཁྱོད་ཀྱི་ཆུང་མའི་ལྟོ་ན་སྦྲུམ་པ་ནི་བུ་ཕོར་གདོན་མི་ཟ་སྟེ། སྐྱེས་ནས་ཀྱང་བསོད་ནམས་དཔག་ཏུ་མེད་པ་དང་ལྡན་ནོ། །དེ་ནས་ཁྱིམ་བདག་དེས་ངས་དེ་སྐད་དུ་སྨྲས་པ་ཐོས་ནས་རབ་ཏུ་དགའ་བ་སྐྱེས་ནས་ཕྱིར་ཁྱིམ་དུ་སོང་ངོ ། །དེའི་ཚེ་སྟོན་པ་དྲུག་གིས་གདོན་མི་ཟ་བར་བུ་ཕོར་སྐྱེས་ཏེ་བསོད་ནམས་དང་ལྡན་ནོ་ཞེས་ངས་ལུང་བསྟན་པ་ཐོས་ནས་ཕྲག་དོག་གི་སེམས་སྐྱེས་ཏེ། ཨ་མྲའི་འབྲས་བུ་བདག་དེ་ལ་འདི་སྐད་དུ་གཽ་ཏ་མས་མཚན་རབ་ཏུ་ལེགས་པར་སྨྲས་བདག་དེ་ལ་འདི་སྐད་དུ་གཽ་ཏ་མས་མཚན་རབ་ཏུ་ལེགས་པར་སྨྲས་སོ། །ཁྱོད་ཀྱི་ཆུང་མ་བུ་འབྱུང་དུ་ཉེའི་སྨན་འདི་འཐུང་ཞིག་།སྨན་འདི་བཏང་ན་བུ་རབ་ཏུ་བཟང་བ་སྡུག་ཅིང་ནད་མེད་པར་འགྱུར་རོ་ཞེས་སྨྲས་སོ། །ཁྱིམ་བདག་དགའ་ནས་དུག་བླངས་ཏེ་ཆུང་མ་ལ་བླུད་ནས་འཐུངས་མ་ཐག་ཏུ་ཤི་བར་གྱུར་ཏོ།་དེ་ནས་སྟོན་པ་དྲུག་དགའ་སྟེ། གྲོང་ཁྱེར་དང་ཚོང་འདུས་ཐམས་ཅད་དུ་སྐད་ཆེན་པོས་འདི་སྐད་དུ། དགེ་སྦྱོང་གཽ་ཏ་མས་ཁྱིམ་བདག་དེའི་ཆུང་མ་གདོན་མི་ཟ་བར་བུ་ཁྱེའུ་བཙས་ཏེ་བསོད་ནམས་ཀྱང་དཔེ་ཟླ་མེད་དོ་ཞེས་ལུང་བ་སྟན་པ་ལས། བུའང་མ་བྱུང་བར་མ་ཤིའོ་ཞེས་བསྒྲགས་སོ། །དེ་ནས་ཁྱིམ་བདག་དེ་ང་ལ་མ་དད་པའི་སེམས་སྐྱེས་ཏེ། འཇིག་རྟེན་
Kha216a
༄#། །གྱི་ཆོས་བཞིན་དུ་སྒྲོམ་གྱི་ནང་དུ་བཅུག་ནས་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་བསྐྱལ་ཏེ། ཤིང་སྐམ་པོ་སྤུངས་ནས་བསྲེག་པར་བྱས་སོ། །ངས་ལྷའི་སྤྱན་གྱིས་དེ་ལྟ་བུའི་དངོས་པོ་དག་གཟིགས་ནས་དགའ་བོ་ལ་ངའི་ན་བཟའ་ལོང་ཞིག་།ངན་པར་ལྟ་བ་འཇོམས་སུ་འགྲོའོ་ཞེས་བཀའ་སྩལ་ཏོ། །དེ་ནས་ངལ་བསོས་པོས་ཡི་དྭགས་ཀྱི་བདག་པོ་རིན་ཆེན་པཱ་ཏ་ལ་ཞེས་བྱ་བ་ལ་འདི་སྐད་བསྒོའོ། །དེ་བཞིན་གཤེགས་པ་དེང་དུར་ཁྲོད་དུ་གཤེགས་ཀྱི། ཁྱེད་མྱུར་དུ་ས་མཉམ་ཞིང་ཆག་ཆག་དང་ཕྱག་དར་གྱིས་ལ་སེང་གེའི་ཁྲི་བཙུགས་ཏེ། མེ་ཏོག་དང་སྤོས་དམ་པས་ས་གཞི་ཆལ་པར་ཁོད་ཅིག་།དེ་ནས་སྟོན་པ་དྲུག་གིས་རྒྱང་ནས་ང་འོང་བ་མཐོང་ནས་གཅིག་ལ་གཅིག་འདི་སྐད་དུ་དགེ་སྦྱོང་གཽ་ཏ་མ་དུར་ཁྲོད་དུ་ཤ་ཟ་བར་འགྲོའམ་ཅི་ཞེས་སྨྲའོ། །དེའི་ཚེ་དགེ་བསྙེན་ཆོས་ཀྱི་མིག་མ་ཐོབ་པ་རྣམས་སོ་སོ་ནས་ངོ་ཚ་ཞིང་འཛེམ་པར་གྱུར་ཏེ། ང་ལ་འདི་སྐད་དུ་ཁྱིམ་བདག་དེའི་མཆིས་བྲང་གུམ་ལགས་ཀྱི། །དེར་མི་གཤེགས་སུ་གསོལ་ལོ། །ཞེས་སྨྲས་སོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་བཞི་བཅུ་པ། དེ་ནས་དགའ་བོས་དེ་དག་ལ་ཁྱེད་རེ་ཞིག་སྡོད་ཅིག་དང ། དེ་བཞིན་གཤེགས་པས་རིང་པོ་མི་ཐོགས་པར་སངས་རྒྱས་ཀྱི་སྤྱོད་ཡུལ་རྒྱ་ཆེན་པོ་འབྱེད་ཅིང་སྟོན་པར་འགྱུར་
Kha216b
རོ་ཞེས་སྨྲས་སོ། །ང་དེའི་ཚེ་དེར་ཕྱིན་ནས་སེངྒེའི་གདན་ལ་བཞུགས་པ་དང ། ཁྱིམ་བདག་དེས་འདི་སྐད་ཅེས་གསོལ་ཏོ། །གསུངས་སོ་ཅོག་གཉིས་སུ་མེད་པས་བཅོམ་ལྡན་འདས་ཞེས་བྱ་ཞེ་ན། མ་ཡང་ཤི་ན་ཇི་ལྟར་བུ་སྐྱེ་བར་འགྱུར། ངས་ཁྱིམ་བདག་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་ཀྱིས་དེའི་ཚེ་མའི་ཚེ་རིང་ཐུང་ནི་མ་དྲིས་ཀྱི། ལྟོ་ན་སྦྲུམ་པ་དེ་བུ་ཕོའམ་བུ་མོ་ཞེས་འབའ་ཞིག་དྲིས་སོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཅོག་གཉིས་སུ་མེད་དེ། དེ་བས་ན་གདོན་མི་ཟ་བར་བུ་ཐོབ་པར་འགྱུར་རོ། །དེའི་ཚེ་རོ་དེ་ལ་མེ་འབར་ཏེ་ལྟོ་བ་གས་ནས་དེའི་ནང་ནས་བུ་ཅིག་བྱུང་བ་ནི་ཇི་ལྟར་དུར་པ་པདྨོའི་སྟེང་ན་འདུག་པ་བཞིན་དུ་མེའི་ནང་ན་བུ་ཅིག་ཡོད་པར་གྱུར་ཏོ། །སྟོན་པ་དྲུག་གིས་མཐོང་ནས་ཀྱང་འདི་སྐད་དུ། གཽ་ཏ་མ་སྒྱུ་ཅན་སྒྱུ་རེ་མཁས་ཞེས་སྨྲས་སོ། །ཁྱིམ་བདག་གིས་མཐོང་ནས་དགའ་བའི་སེམས་སྐྱེས་ཏེ། སྟོན་པ་དྲུག་ལ་འདི་སྒྱུ་ཡིན་ནོ་ཞེས་ཟེར་ན། ཁྱེད་ཀྱང་ཅི་སྟེ་མི་བྱེད་ཅེས་སྤྱོས་སོ། །དེ་ནས་ངས་འཚོ་བྱེད་ལ་མེའི་ནང་དུ་སོང་ལ་བུ་དེ་ལོང་ཞིག་ཅེས་བཀའ་སྩལ་ཏོ། །འཚོ་བྱེད་མེའི་ནང་དུ་འགྲོ་བ་ལས་སྟོན་པ་དྲུག་གིས་བཟུང་སྟེ་འཚོ་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སྦྱོང་གཽ་ཏ་མ་འདི་སྒྱུ་བྱེད་པ་རྣམས་རྟག་ཏུ་རུང་བ་མ་ཡིན་གྱི། བར་འགའ་ནི་ནུས། བར་འགའ་ནི་མི་ནུས་ཏེ། གལ་ཏེ་ན་ཁྱོད་འཆི་བར་འགྱུར་གྱི། ཚིག་
Kha217a
༄#། །དེ་ལ་ཡིད་ཆེས་པར་མ་བྱེད་ཅིག་།འཚོ་བྱེད་ཀྱིས་སྨྲས་པ། དེ་བཞིན་གཤེགས་པས་གལ་ཏེ་སེམས་ཅན་དམྱལ་པའི་མེ་མུར་གྱི་ནང་དུ་སོང་ཞིག་ཅེས་བཀའ་སྩལ་ནའང་འཚིག་བར་མི་འགྱུར་ན། འཇིག་རྟེན་གྱི་མེ་ལྟ་ཅི་སྨོས་ཞེས་སྨྲས་ནས་མེའི་ཕུང་པོའི་ནང་དུ་ཞུགས་སོ། །དེར་ཞུགས་པ་ན་ཆུ་བསིལ་བའི་ནང་དུ་འཇུག་པ་ལྟ་བུར་བུ་དེ་པང་དུ་ཐོགས་ནས་ངའི་གན་དུ་འོངས་ཏེ་ང་ལ་བྱིན་ནོ། །ངས་བུ་དེ་བླངས་ནས་ཁྱིམ་བདག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཅན་ཐམས་ཅད་ལ་ཚེའི་ཚད་ངེས་པ་མེད་དེ། ཆུའི་ཆུ་བུར་དང་འདྲའོ། །གལ་ཏེ་སེམས་ཅན་ལ་ཤིན་ཏུ་ཆགས་པའི་ལས་ཀྱི་འབྲས་བུ་ཡོད་ན་མེས་མི་འཚིག་།དུག་གིས་མི་འཆི་སྟེ། འདིའང་བུ་ཉིད་ཀྱི་ལས་ཀྱི་འབྲས་བུ་ཡིན་གྱི། ངས་བྱས་པ་མ་ཡིན་ནོ། །དེ་ནས་ཁྱིམ་བདག་གིས་གསོལ་པ། ལེགས་སོ། །བཅོམ་ལྡན་འདས། བུ་འདི་གལ་ཏེ་ཚེའི་ཚད་ཐུབ་ན་དེ་བཞིན་གཤེགས་པས་མིང་ཞིག་གདགས་པར་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་བུ་འདི་མེ་མུར་གྱི་ནང་ནས་སྐྱེས་པས་མིང་ནི་ཤུ་ཏེ་ཞེས་བྱ་སྟེ། ཤུ་ཏེ་ཞེས་བདགས་སོ། །དེ་ནས་དེའི་ཚེ་འཁོར་གྱི་དཀྱིལ་འཁོར་དེ་དག་གིས་ངས་རྫུ་འཕྲུལ་སྤྲུལ་པ་མཐོང་ནས་སེམས་ཅན་ཚད་མེད་པ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
Kha217b
བྱང་ཆུབ་དུ་སེམས་སྐྱེས་སོ། །དེའི་ཚེ་སྟོན་པ་དྲུག་གྲོང་ཁྱེར་དྲུག་པོ་ཀུན་ཏུ་གནས་མ་རྙེད་ནས་ཤིན་ཏུ་ངོ་ཚ་སྟེ་མགོ་སྨད་ནས་གྲོང་ཁྱེར་རྩཝ་མཆོག་འདིར་འོངས་སོ། །འདིར་ཕྱིན་ནས་འདི་སྐད་དུ། ཀྱེ་སྐྱེ་བོ་རྣམས་འདི་ལྟར་ཤེས་པར་གྱིས་ཤིག་།དགེ་སྦྱོང་གཽ་ཏ་མ་ནི་སྒྱུ་མའི་མཁན་པོ་ཆེན་པོ་སྟེ། ཐམས་ཅད་བསླུས་ནས་གྲོང་ཁྱེར་ཆེན་པོ་དྲུག་ཏུ་ཁྱབ་སྟེ། དཔེར་ན། སྒྱུ་མ་མཁན་གྱིས་འདི་ལྟར་ཤིང་རྟའི་ཚོགས་དང ། རྟའི་ཚོགས་དང ། བ་ལང་གི་ཚོགས་དང ། རྐང་ཐང་གི་ཚོགས་སྤྲུལ་པ་དང་མཚུངས་སོ། །གཞན་ཡང་སེ་མོ་དོ་དང ། གྲོང་ཁྱེར་དང ། ཁང་པ་དང ། ཀླུང་དང ། མཚོ་དང ། ཤིང་ལ་སོགས་པ་བྱེད་པ་ལྟར་དགེ་སྦྱོང་གཽ་ཏ་མའང་དེ་དང་འདྲ་སྟེ། སྒྱུ་མས་རྒྱལ་པོའི་ལུས་སུ་སྤྲུལ་ཏོ། །ཆོས་བཤད་པའི་ཕྱིར་རེས་འགའ་ནི་བྲམ་ཟེའི་ལུས། རེས་འགའ་ནི་དགེ་སྦྱོང་གི་ལུས། རེས་འགའ་ནི་སྐྱེས་པ་དང་བུད་མེད་ཀྱི་ལུས། རེས་འགའ་ནི་ལུས་ཆེན་པོ་དང ། ལུས་ཆུང་ངུ་དང ། རེས་འགའ་ནི་བྱོལ་སོང་དང ། ཡི་དྭགས་ཀྱི་ལུས་སུ་སྟོན་ཅིང ། ཆེད་འགའ་ནི་རྟག་པ་མེད་པར་འཆད། ཆེད་འགའ་ནི་རྟག་པ་མེད་པར་འཆད། ཆེད་འགའ་ནི་སྡུག་བསྔལ་བར་འཆད། ཆེད་འགའ་ནི་བདེ་བར་འཆད། ཆེད་འགའ་ནི་བདག་ཡོད་པར་འཆད། ཆེད་འགའ་ནི་བདག་མེད་པར་འཆད། ཆེད་འགའ་ནི་ཡོངས་སུ་དག་པ་ཡོད་པར་འཆད། ཆེད་འགའ་ནི་ཡོངས་སུ་དག་པ་མེད་པར་འཆད། ཆེང་འགའ་ནི་ཡོད་པར་
Kha218a
༄#། །འཆད། ཆེད་འགའ་ནི་མེད་པར་འཆད་དེ། དེ་དག་ཀྱང་བདེན་པ་མ་ཡིན་པས་སྒྱུ་མ་ཞེས་བྱའོ། །ཇི་ལྟར་ས་བོན་གྱི་རྒྱུ་ལས་འབྲས་བུ་ཐོབ་པ་ལྟར་དགེ་སྦྱོང་གཽ་ཏ་མའང་དེ་དང་འདྲ་སྟེ། ལྷ་མཛེས་ལས་བཙས་སོ། །མ་ཉིད་ཀྱང་སྒྱུ་མ་ཡིན་ན། བུའང་དེ་ལྟར་ག་ལ་མི་འགྱུར། དགེ་སྦྱོང་གཽ་ཏ་མས་ནི་ཡང་དག་པར་ཤེས་པ་དང་མཐོང་བ་མེད་དོ། །བྲམ་ཟེ་རྣམས་ལོ་དུ་མར་དཀའ་བ་སྤྱོད་ཅིང་ཚུལ་ཁྲིམས་བསྲུངས་ཀྱང་ཡང་དག་པའི་ཤེས་པ་དང་མཐོང་བ་མེད་ན། གཽ་ཏ་མ་ནི་ན་གཞོན་ལ་བསླབས་པའི་ཡུན་ཐུང་སྟེ་དཀའ་བའང་མ་སྤྱད་ན་དེ་ལ་ཅིའི་ཕྱིར་ཡང་དག་པའི་ཤེས་པ་དང་མཐོང་བ་དག་ཡོད་པར་འགྱུར། གལ་ཏེ་ལོ་བདུན་གྱི་བར་དུ་དཀའ་བ་སྤྱོད་ཀྱང་མཐོང་བ་མང་པོ་མེད་ན། ལོ་དྲུག་ཀྱང་མ་ཚང་བ་ལྟ་ཅི་སྨོས། མི་བླུན་པོ་མི་ཤེས་པ་ནི་དེས་བཤད་པ་ཡིད་ཆེས་སོ། །ཇི་ལྟར་སྒྱུ་མ་མཁན་ཆེན་པོས་མི་གླེན་པ་སླུ་བ་བཞིན་དུ་དགེ་སྦྱོང་གཽ་ཏ་མའང་དེ་དང་འདྲའོ། །རིགས་ཀྱི་བུ། དེ་ལྟར་སྟོན་པ་དྲུག་པོ་དེ་དག་གྲོང་ཁྱེར་འདིར་སེམས་ཅན་རྣམས་ངན་པར་ལྟ་བ་རབ་ཏུ་བསྐྱེད་དོ། །རིགས་ཀྱི་བུ། ངས་དེ་ལྟ་བུ་དག་གཟིགས་ནས་རབ་ཏུ་ཐུགས་བརྩེ་བས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བསྡུས་ཏེ། ཚལ་འདིར་དཔག་ཚད་བཞི་བཅུར་ཡོངས་སུ་གང་བར་བྱས་ནས་དེང་འདིར་སེདྒེའི་སྒྲ་ཆེན་པོ་སྒྲོགས་སོ། །རིགས་ཀྱི་བུ། གནས་སྟོང་པར་མང་དུ་བཤད་ཀྱང་སེདྒེའི་སྒྲ་བསྒྲགས་
Kha218b
པ་ཞེས་མི་བྱ་སྟེ། མཁས་པ་ཤེས་རབ་ཅན་གྱི་འཁོར་མང་པོའི་ནང་དུ་བསྒྲགས་པ་ནི་སེདྒེའི་སྒྲ་ཆེན་པོ་སྒྲོགས་པ་ཞེས་བྱའོ། །དེ་ལ་སེདྒེའི་སྒྲ་སྒྲོགས་པ་ནི་ཆོས་ཐམས་ཅད་མི་རྟག་པ། སྡུག་བསྔལ་བ། བདག་མེད་པ། ཡོངས་སུ་མ་དག་པ་ཞེས་མི་འཆད་དེ། དེ་བཞིན་གཤེགས་པ་རྟག་པ། བདེ་བ། བདག་དང ། ཡོངས་སུ་དག་པ་འབའ་ཞིག་འཆད་དོ། །དེ་ནས་སྟོན་པ་དྲུག་གིས་ཀྱང་འདི་སྐད་དུ་གཽ་ཏ་མ་ལ་བདག་ཡོད་ན་བདག་ཅག་ལའང་བདག་ཡོད་དེ། བདག་ཅེས་བྱ་བ་དེ་ནི་མཐོང་བ་དེ་ལ་བདག་ཅེས་བྱའོ། །གཽ་ཏ་མ། དཔེར་ན། གང་གིས་མཐོངས་ནས་རྫས་མཐོང་བ་བཞིན་དུ་བདག་ཀྱང་དེ་དང་འདྲ་སྟེ། མཐོང་ནི་མིག་ལྟ་བུའོ། །མཐོང་བ་ནི་བདག་ལྟ་བུའོ་ཞེས་སྨྲས་པ་དང ། བཅོམ་ལྡན་འདས་ཀྱིས་སྟོན་པ་དྲུག་ལ་བཀའ་སྩལ་པ། གང་མཐོང་བ་དེ་ལ་བདག་ཅེས་བྱ་བ་ནི་དོན་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཁྱེད་ཀྱིས་དཔེ་བཤད་པ་ལས་མཐོངས་ཀྱིས་མཐོང་བར་འགྱུར་ཞེས་བྱ་བ་དེ། མི་ཞིག་མཐོང་ཤིག་ན་ལྟ་བ་ན་དབང་པོ་དྲུག་ཅར་སྤྱོད་པར་འགྱུར་རོ། །གལ་ཏེ་ངེས་པར་བདག་ཡོད་ལ་མིག་གི་རྐྱེན་གྱིས་མཐོང་བ་ཞིག་ཡིན་ན། ཅི་སྟེ་མཐོངས་དང་འདྲ་བར་དབང་པོ་གཅིག་ལས་ཡུལ་དྲུག་ཅར་རྟོགས་པར་མ་གྱུར། གལ་ཏེ་དབང་པོ་གཅིག་གིས་དུས་གཅིག་ཏུ་ཡུལ་དྲུག་མཐོང་བར་མི་ནུས་པས་ན་བདག་མེད་པར་མཐོང་སྟེ། མཐོངས་ཀྱི་དཔེ་ནི་ལོ་བརྒྱའི་བར་དུ་བལྟས་ཀྱང་མཐོང་བ་ནི་
Kha219a
༄#། །ཐ་མི་དད་དོ། །གལ་ཏེ་མིག་གི་དབང་པོའང་དེ་ལྟ་ན་རྒས་ཏེ་དབང་པོ་ཉམས་པར་གྱུར་ཀྱང་ཐ་མི་དད་པའི་རིགས་སོ། །མིག་དང་མཐོངས་ཐ་དད་པའི་ཕྱིར་ནང་དང་ཕྱི་རོལ་མཐོང་ངོ ། །མིག་གི་དབང་པོ་གལ་ཏེ་དེ་ལྟ་ན་ནང་དང་ཕྱི་རོལ་དུས་གཅིག་ཏུ་ཅིག་ཅར་མཐོང་བའི་རིགས་སོ། །གལ་ཏེ་མི་མཐོང་ན་བདག་ཡོད་ཅེས་བྱར་རུང་ངམ། སྟོན་པ་དྲུག་གིས་སྨྲས་པ། གཽ་ཏ་མ། གལ་ཏེ་བདག་མེད་ན་སུས་མཐོང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་དང ། སྣང་བ་དང ། སེམས་དང ། མིག་ལ་སོགས་པ་བཞི་འདུས་པ་ལ་མཐོང་བ་ཞེས་བྱ་སྟེ། དེ་ལ་ཡང་དག་པར་ན་མཐོང་བ་དང་ལེན་པ་མེད་དོ། །སེམས་ཅན་ཕྱིན་ཅི་ལོག་པས་མཐོང་བ་དང་ལེན་པ་ཞེས་སྨྲ་སྟེ། དོན་དེ་ལྟ་བུས་ན་སེམས་ཅན་ཐམས་ཅད་ནི་ཕྱིན་ཅི་ལོག་ཏུ་མཐོང་ངོ ། །སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ནི་ཡང་དག་པར་གཟིགས་སོ། །སྟོན་པ་དྲུག་།གལ་ཏེ་གཟུགས་ལ་བདག་ཅེས་སྨྲ་ན་དེའང་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་ཡང་དག་པར་བདག་མ་ཡིན་ནོ། །གལ་ཏེ་གཟུགས་བདག་ཡིན་ན་བྱད་གཟུགས་མི་སྡུག་པ་མེད་པའི་ཕྱིར་ན། ཅི་སྟེ་རིགས་བཞི་ཁྱད་པར་དུ་གྱུར་ཏེ། བྲམ་ཟེའི་རིགས་གཅིག་ཏུ་མ་གྱུར། ཅིའི་ཕྱིར་གཞན་དབང་ཞིང་དབང་མེད་ལ། དབང་པོ་ཉམས་ཤིང་མ་ཚང་བར་གྱུར། ཅི་སྟེ་ལྷའི་
Kha219b
ལུས་མི་ལེན་ཅིང ། སེམས་ཅན་དམྱལ་བ་དང ། བྱོལ་སོང་དང ། ཡི་དྭགས་ལ་སོགས་པའི་ལུས་རྣམ་པ་སྣ་ཚོགས་ལེན། དེ་ལྟར་ཡིད་བཞིན་དུ་མི་འགྱུར་བ་ལ་བལྟས་ན་གདོན་མི་ཟ་བར་བདག་མེད་པར་རིག་གོ་།དེ་ལྟར་བདག་མེད་པའི་ཕྱིར་མི་རྟག་པ་ཞེས་བྱའོ། །མི་རྟག་པའི་ཕྱིར་སྡུག་བསྔལ་བའོ། །སྡུག་བསྔལ་བའི་ཕྱིར་སྟོང་བའོ། །སྟོང་བའི་ཕྱིར་ཕྱིན་ཅི་ལོག་གོ་།ཕྱིན་ཅི་ལོག་གི་ཕྱིར་སེམས་ཅན་ཐམས་ཅད་འཁོར་བར་རབ་ཏུ་འཁོར་ཏེ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའང་དེ་དང་འདྲའོ། །སྟོན་པ་དྲུག། སངས་རྒྱས་བཅོམ་ལྡན་འདས་ནི་གཟུགས་ཀྱི་འཆིང་བ་ཡོངས་སུ་བཅད་པ་ནས། རྣམ་པར་ཤེས་པའི་འཆིང་བའི་བར་དུ་ཡོངས་སུ་བཅད་པས་དེའི་ཕྱིར་རྟག་པ། བདེ་བ། བདག་དང ། ཡོངས་སུ་དག་པ་ཞེས་བྱའོ། །གཞན་ཡང་གཟུགས་ཀྱི་རྟེན་ཅིང་འབྲེལ་བ་སྟེ། གང་རྟེན་ཅིང་འབྲེལ་བ་ནི་བདག་མེད་པ་ཞེས་བྱའོ། །གང་བདག་མེད་པ་ནི་སྟོང་པ་སྡུག་བསྔལ་བ་ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་སྐུ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་མ་ཡིན། རྟེན་ཅིང་འབྲེལ་པ་མ་ཡིན་པས་བདག་ཡོད་པ་ཞེས་བྱའོ། །གང་བདག་ཡོད་པ་ནི་རྟག་པ། བདེ་བ། བདག་དང ། ཡོངས་སུ་དག་པ་ཞེས་བྱའོ། །སྟོན་པ་དྲུག་གིས་ཡང་གསོལ་པ། གཽ་ཏ་མ། གཟུགས་བདག་མ་ཡིན་པ་ནས་རྣམ་པར་ཤེས་པའི་བར་དུའང་བདག་མ་ཡིན་ཏེ། བདག་ཅེས་བྱ་
Kha220a
༄#། །བ་ནི་ཀུན་ཏུ་ཁྱབ་པས་ནམ་མཁའ་སྟོང་པ་དང་མཚུངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ཀུན་ཏུ་ཁྱབ་པར་ཡོད་པ་ཞིག་ཡིན་ན་བདག་སྔོན་མ་མཐོང་ངོ ། །ཞེས་བྱ་བའི་མི་རིགས་སོ། །གལ་ཏེ་སྔོན་མ་མཐོང་ན་མཐོང་བ་དེ་སྔར་ནི་མེད་ལ། ཕྱིས་ནི་ཡོད་པར་མངོན་ནོ། །གལ་ཏེ་སྔར་མེད་ལ་ཕྱིས་ཡོད་ན་དེ་ནི་མི་རྟག་པ་ཞེས་བྱའོ། །གལ་ཏེ་མི་རྟག་ན་ཅིའི་ཕྱིར་ཀུན་ཏུ་ཁྱབ་པ་ཞེས་བྱ། ཅི་སྟེ་ཀུན་ཏུ་ཁྱབ་ན་ལམ་རྒྱུད་ལྔ་ཀུན་ཏུ་ལུས་ཚང་བར་ཡོད་པའི་རིགས་སོ། །གལ་ཏེ་དེ་ལྟར་ལུས་ཡོད་ན་སོ་སོ་ནས་རྣམ་པར་སྨིན་པ་མྱོང་བའི་རིགས་སོ། །གལ་ཏེ་རྣམ་པར་སྨིན་པ་སོ་སོར་མྱོང་ན་ཅིའི་ཕྱིར་ལྷ་དང་མིར་འགྱུར་རོ་ཞེས་སྨྲ། ཁྱོད་ཀྱི་ཀུན་ཏུ་ཁྱབ་པོ་ཞེས་བྱ་བ་དེ་གཅིག་གམ། མང་བ་ཡིན། བདག་དེ་གལ་ཏེ་གཅིག་ན་ཕ་དང ། བུ་དང ། གཉེན་དང ། དགྲ་ཞེས་བྱ་བའི་མིང་ཡང་མེད་དོ། །བདག་དེ་གལ་ཏེ་མང་བ་ཞིག་ཡིན་ན་སེམས་ཅན་ཐམས་ཅད་ཀྱི་དབང་པོ་ལྔ་ཀུན་མཉམ་ལ། ལས་དང་འབྲས་བུའང་མཉམ་པའི་རིགས་སོ། །གལ་ཏེ་དེ་ལྟ་བུ་ཡིན་ན། ཅི་སྟེ་དབང་པོ་ཚང་བ་དང ། མ་ཚང་བ་དང ། དགེ་བའི་ལས་དང ། མི་དགེ་བའི་ལས་དང ། གཏི་མུག་དང ། ཤེས་རབ་ཅན་ཁྱད་པར་དུ་བཤད། སྟོན་པ་དྲུག་གིས་གསོལ་པ། གཽ་ཏ་མ། སེམས་ཅན་གྱི་བདག་ནི་མཐའ་དང་མུ་མེད་ཀྱི། ཆོས་དང ། ཆོས་མ་
Kha220b
ཡིན་པ་ནི་ཕྱོགས་ཆ་ཡོད་དོ། །སེམས་ཅན་ཆོས་སྤྱོད་པ་ནི་ལུས་བཟང་པོ་ཐོབ་ལ། ཆོས་མ་ཡིན་པ་སྤྱོད་པ་ནི་ལུས་ངན་པ་ཐོབ་སྟེ། དོན་དེ་ལྟ་བས་ན་སེམས་ཅན་གྱི་ལས་ཀྱི་འབྲས་བུ་ཁྱད་པར་མེད་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་སྟོན་པ་དྲུག་ལ་བཀའ་སྩལ་པ། ཆོས་དང་ཆོས་མ་ཡིན་པ་གལ་ཏེ་ལྟར་ན་བདག་དེ་ཀུན་ཏུ་ཁྱབ་པ་མ་ཡིན་ནོ། །བདག་དེ་གལ་ཏེ་ཁྱད་པ་ཞིག་ན་ཀུན་ཏུ་ཕྱིན་པའི་རིགས་སོ། །དེ་ལྟར་ཀུན་ཏུ་ཕྱིན་ན་དགེ་བ་སྤྱོད་པའི་མིའང་སྡིག་པ་སྤྱོད་ལ། སྡིག་པ་བྱེད་པའི་མིའང་དགེ་སྤྱོད་པའི་རིགས་སོ། །གལ་ཏེ་དེ་ལྟར་མ་ཡིན་ན་ཅི་སྟེ་ཀུན་ཏུ་ཁྱབ་པ་ཞེས་བྱ། སྟོན་པ་དྲུག་གིས་གསོལ་པ། གཽ་ཏ་མ། དཔེར་ན། ཁང་པ་གཅིག་གི་ནང་ན་མེ་མར་བརྒྱ་སྟོང་བཙུགས་ཀྱང་སོ་སོ་ནས་སྣང་སྟེ། གཅིག་གིས་གཅིག་ལ་ཐོགས་པ་མེད་པ་ལྟར་སེམས་ཅན་གྱི་བདག་ཀྱང་དེ་དང་འདྲ་སྟེ། དགེ་བ་སྤྱོད་པ་དང ། སྡིག་པ་བྱེད་པ་དག་གཅིག་དང་གཅིག་མི་འདྲེས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་ཀྱིས་ཇི་ལྟར་བདག་ནི་མེ་མར་དང་འདྲའོ་ཞེས་བྱ་བའི་དོན་དེ་ལྟམ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མེ་མར་གྱི་སྣང་བ་ནི་རྐྱེན་ལས་བྱུང་བ་ཡིན་ཏེ། མེ་མར་སྐྱེས་ན་སྣང་བའང་སྐྱེའི། སེམས་ཅན་གྱི་བདག་ནི་དེ་ལྟ་མ་ཡིན་ནོ། །སྣང་བ་ནི་མེ་མར་ལས་བྱུང་སྟེ། གནས་ཐ་དད་དོ། །སེམས་ཅན་གྱི་བདག་ནི་ལུས་ལས་བྱུང་ཡང་གནས་ཐ་དད་པ་མ་ཡིན་ནོ། །མེ་མར་གྱི་སྣང་བ་ནི་མུན་པ་དང་ལྷན་
Kha221a
༄#། །ཅིག་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་མུན་ཁང་གི་ནང་དུ་མེ་མར་གཅིག་བཙུགས་ན་གསལ་བར་མི་འགྱུར་ཏེ། མེ་མར་མང་དུ་བཙུགས་ན་གསལ་བར་འགྱུར་རོ། །གལ་ཏེ་མེ་མར་སྔ་མས་མུན་པ་བསལ་ན། མེ་མར་ཕྱི་མ་མི་དགོས་པའི་རིགས་སོ། །ཅི་སྟེ་མེ་མར་ཕྱི་མ་དགོས་ན་ནི་སྣང་བ་སྔ་མ་དེ་མུན་པ་དང་ལྷན་ཅིག་གནས་པར་མངོན་ནོ། །སྟོན་པ་དྲུག་གིས་གསོལ་པ། གཽ་ཏ་མ། གལ་ཏེ་བདག་མེད་ན་སུས་དགེ་བ་དང ། མི་དགེ་བ་བྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་བདག་ཅེས་བྱ་བ་དེས་བྱེད་ན་རྟག་པ་ཞེས་བྱ་བར་རུང་ངམ། དེ་སྟེ་རྟག་པ་ཡིན་ན། ཅི་སྟེ་རེས་འགའ་ནི་དགེ་བ་བྱེད་ལ། རེས་འགའ་ནི་མི་དགེ་བ་བྱེད། གལ་ཏེ་དགེ་བ་དང ། མི་དགེ་བ་བྱེད་པའི་དུས་ཡོད་ན། ཅི་སྟེ་བདག་ནི་མཐའ་ཡས་ཞེས་སྨྲ། གལ་ཏེ་བདག་གིས་བྱེད་པ་ཞིག་ཡིན་ན། ཅིའི་ཕྱིར་མི་དགེ་བའི་ཆོས་སྤྱོད། དེ་ལྟར་བདག་དེ་བྱེད་པ་ཡིན། ཤེས་པ་ཡིན་ན་ཅིའི་ཕྱིར་སེམས་ཅན་ལ་བདག་མེད་པར་ཐེ་ཚོམ་སྐྱེ་བར་འགྱུར། དེ་ལྟ་བས་ན་མུ་སྟེགས་ཅན་གྱི་ཆོས་ལ་ནི་ངེས་པར་བདག་མེད་དོ། །གང་བདག་ཅེས་བྱ་བ་དེ་ནི་དེ་བཞིན་གཤེགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྐུ་མཐའ་ཡས་པ་ཐེ་ཚོམ་གྱི་དྲ་བ་མེད་པ། མི་བྱེད་མི་ལེན་པའི་ཕྱིར་རྟག་པ་ཞེས་བྱ། མི་སྐྱེ་མི་འགོག་པའི་ཕྱིར་བདེ་བ་ཞེས་བྱ།
Kha221b
ཉོན་མོངས་པའི་དྲི་མ་མེད་པའི་ཕྱིར་ཡོངས་སུ་དག་པ་ཞེས་བྱ། མཚན་ཉིད་བཅུ་མེད་པའི་ཕྱིར་སྟོང་པ་ཞེས་བྱ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ། སྟོང་པ། མཚན་མ་མེད་པའོ། །མུ་སྟེགས་ཅན་གྱིས་གསོལ་པ། གལ་ཏེ་དེ་བཞིན་གཤེགས་པ་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་དང ། མཚན་མ་མེད་པའི་ཕྱིར་སྟོང་ན་ལྟ། གཽ་ཏ་མས་གསུངས་པའི་ཆོས་ཀྱང་སྟོང་པ་མ་ཡིན་པར་རིག་སྟེ། དེ་བས་ན་བདག་ཅག་གིས་སྤྱི་བོས་བླངས་ཏེ་གཟུངས་སུ་གཟུང་ངོ་ཞེས་གསོལ་ནས། དེའི་ཚེ་མུ་སྟེགས་ཅན་ཚད་མེད་པ་རྣམས་སངས་རྒྱས་ཀྱིས་བསྟན་པ་ལ་དད་པའི་སེམས་ཀྱིས་རབ་ཏུ་བྱུང་ངོ ། །རིགས་ཀྱི་བུ། དེའི་རྒྱུ་དེའི་རྐྱེན་གྱིས་ངས་སཱ་ལའི་ཤིང་དྲུང་འདིར་སེངྒེའི་སྒྲ་ཆེན་པོ་བསྒྲགས་སོ། །སེངྒེ་སྒྲ་བསྒྲགས་པ་དེ་ཉིད་མྱ་ངན་ལས་འདས་པ་ཞེས་བྱའོ། །རིགས་ཀྱི་བུ། ཤར་ཕྱོགས་ཀྱི་སཱ་ལའི་ཤིང་ཟུང་གཅིག་ནི་མི་རྟག་པ་བཅོམ་ལྡན་ནས་རྟག་པ་ཐོབ་པར་བྱེད་པ་ནས། བྱང་ཕྱོགས་ཀྱི་བར་གྱི་ཤིང་ཟུང་གཅིག་ནི་ཡོངས་སུ་མ་དག་པ་བཅོམ་ནས་ཡོངས་སུ་དག་པ་ཐོབ་པར་བྱེད་པའོ། །རིགས་ཀྱི་བུ། འདི་ན་གནས་པའི་སེམས་ཅན་དག་སཱ་ལའི་ཤིང་གི་ཕྱིར་སཱ་ལའི་ཚལ་བསྲུངས་ཏེ། ཕྱི་རོལ་གྱི་མི་རྣམས་ཡལ་ག་དང་ལོ་མ་ལ་སོགས་པ་གཅོག་ཅིང་གཅོད་དུ་མི་སྟེར་བ་ལྟར་ངའང་དེ་དང་འདྲ་སྟེ། ཆོས་རྣམ་པ་
Kha222a
༄#། །བཞིའི་ཕྱིར་ངའི་ཉེ་གནས་རྣམས་སངས་རྒྱས་ཀྱི་ཆོས་སྲུང་དུ་བཅུག་གོ་།བཞི་གང་ཞེ་ན། རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པའོ། །ཤིང་ཟུང་བཞི་པོ་འདི་ནི་རྒྱལ་པོ་བཞིས་བསྲུང་བ་ཡིན་ཏེ། རྒྱལ་པོ་བཞིས་ངའི་ཆོས་བསྲུང་ཞིང་འཛིན་པར་བྱ་བའི་ཕྱིར་ང་འདིར་ཡོངས་སུ་མྱ་ངན་ལས་འདའོ། །རིགས་ཀྱི་བུ། སཱ་ལའི་ཤིང་གི་མེ་ཏོག་དང་འབྲས་བུ་རྟག་ཏུ་རྒྱས་ཏེ། རྟག་ཏུ་སེམས་ཅན་ཚད་མེད་པ་སྙེད་ལ་ཕན་པར་བྱེད་དོ། །ངའང་དེ་དང་འདྲ་བར་རྟག་ཏུ་ཉན་ཐོས་དང ། རང་སངས་རྒྱས་ལ་ཕན་པ་མཛད་དོ། །དེ་ལ་མེ་ཏོག་ནི་བདག་གི་དཔེའོ། །འབྲས་བུ་ནི་བདེ་བའི་དཔེ་སྟེ། དོན་དེ་ལྟ་བས་ན་ངས་སཱ་ལའི་ཤིང་བར་འདིར་ཡོངས་སུ་ཞི་བའི་ཏིང་ངེ་འཛིན་དུ་ཞུགས་སོ། །ཡོངས་སུ་ཞི་བའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཆེན་པོའོ། །སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་ཅིའི་སླད་དུ་དཔྱིད་ཟླ་འབྲིང་བོ་ལ་མྱ་ངན་ལས་འདའ། རིགས་ཀྱི་བུ། དཔྱིད་ཟླ་འབྲིང་པོ་ནི་དཔྱིད་ཅེས་བྱ་སྟེ། དཔྱིད་ཀྱི་ཟླ་བ་ལ་དངོས་པོ་ཐམས་ཅད་སྐྱེ་ཞིང་རྨོ་བ་ཐམས་ཅད་རྩ་བ་བཙུགས་ཏེ། མེ་ཏོག་དང་འབྲས་བུ་ཡོངས་སུ་རྒྱས་ལ། ཆུ་བོ་ཐམས་ཅད་འབྲུབ་ཅིང་བྱོལ་སོང་ཐམས་ཅད་ནུ་མ་རྒྱས་ཏེ། དེའི་ཚེ་ན་སེམས་ཅན་དག་རྟག་པའི་འདུ་ཤེས་མང་དུ་སྐྱེ་སྟེ། སེམས་ཅན་གྱི་རྟག་པའི་སེམས་གཞིག་
Kha222b
པའི་ཕྱིར་ཆོས་ཐམས་ཅད་མི་རྟག་པར་བསྟན་ཏེ། དེ་བཞིན་གཤེགས་པ་འབའ་ཞིག་ནི་རྟག་པ་མི་འགྱུར་བ་གནས་པར་བསྟན་ཏོ། །རིགས་ཀྱི་བུ། དུས་དྲུག་གི་ནང་ན། དགུན་སྟོད་ནི་ཐམས་ཅད་བསྐམས་ཏེ་ཀུན་མི་དགའོ། །དབྱར་ནི་སྣུམ་པས་ཀུན་དགའ་ཞིང་ཆགས་ཏེ། སེམས་ཅན་གྱི་འཇིག་རྟེན་གྱི་བདེ་བ་གཞིག་པའི་ཕྱིར་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པར་བཤད་དོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། འཇིག་རྟེན་གྱི་བདག་དང ། འཇིག་རྟེན་གྱི་བདེ་བ་གཞིག་པའི་ཕྱིར། དེ་བཞིན་གཤེགས་པ་ཡང་དག་པའི་བདག་དང ། ཡོངས་སུ་དག་པ་བཤད་དོ། །དེ་ལ་དཔྱིད་ཟླ་འབྲིང་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་རྣམ་པ་གཉིས་ཀྱི་དཔེའོ། །དགུན་མི་དགའ་བ་ཞེས་བྱ་བ་ནི་མཁས་པ་ཤེས་རབ་ཅན་དག་དེ་བཞིན་གཤེགས་པ་མི་རྟག་ཅིང་ཡོངས་སུ་མྱ་ངན་ལས་འདའ་བར་མི་དགའ་བའི་དཔེའོ། །དབྱར་དགའ་བ་ཞེས་བྱ་བ་ནི་མཁས་པ་ཤེས་རབ་ཅན་དག་དེ་བཞིན་གཤེགས་པ་རྟག་པ། བདེ་བ། བདག་དང ། ཡོངས་སུ་དག་པ་ལ་མོས་པའི་དཔེའོ། །རྨོ་བ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཆོས་ཐོས་ནས་དགའ་བར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ཀྱི་དགེ་བའི་རྩ་བ་རྣམས་བསྐྲུན་པའི་དཔེའོ། །ཆུ་བོ་ཞེས་བྱ་བ་ནི་ཕྱོགས་བཅུ་ན་བྱང་ཆུབ་སེམས་དཔའ་ཆེན་
Kha223a
༄#། །པོ་རྣམས་ངའི་སྤྱན་སྔར་ལྷགས་ནས་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་འདྲི་ཞིང་འཛིན་པའི་དཔེའོ། །བྱོལ་སོང་ཐམས་ཅད་ནུ་མ་རྒྱས་པ་ཞེས་བྱ་བ་ནི་ངའི་ཉེ་གནས་རྣམས་དགེ་བའི་རྩ་བ་རྣམས་བསྐྱེད་པའི་དཔེའོ། །མེ་ཏོག་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་དཔེའོ། །འབྲས་བུ་ནི་འབྲས་བུ་བཞིའི་དཔེ་སྟེ། དོན་དེ་ལྟ་བས་ན་ང་དཔྱིད་ཟླ་འབྲིང་པོ་ལ་ཡོངས་སུ་མྱ་ངན་ལས་འདའོ། །སེངྒེ་སྒྲས་གསོལ་པ། དེ་བཞིན་གཤེགས་པ་ཐོག་མ་བལྟམས་ནས་རབ་ཏུ་བྱུང་བ་དང ། མངོན་པར་བྱང་ཆུབ་པ་དང ། ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དུ་ཀུན་ཀྱང་ཚེས་བརྒྱད་དང་སྦྱར་ན། ཅིའི་སླད་དུ་མྱ་ངན་ལས་འདས་པ་འབའ་ཞིག་ཚེས་བཅོ་ལྔ་དང་སྦྱར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །རིགས་ཀྱི་བུ། ཇི་ལྟར་ཚེས་བཅོ་ལྔ་ལ་ཟླ་བ་སྐྱེ་བྲི་མེད་པ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱང་དེ་དང་འདྲ་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ལ་སྐྱེ་བྲི་མེད་དོ། །དེ་ལྟ་བས་ན་ཚེས་བཅོ་ལྔ་ལ་ཡོངས་སུ་མྱ་ངན་ལས་འདའོ། །རིགས་ཀྱི་བུ། ཚེས་བཅོ་ལྔའི་ནུབ་མོ་ཟླ་བ་རྒྱས་པ་ན་དངོས་པོ་རྣམ་པ་བཅུ་གཅིག་གི་དོན་དུ་འགྱུར་རོ། །བཅུ་གཅིག་གང་ཞེ་ན། མུན་པ་བསལ་བ་ཡིན། སེམས་ཅན་དག་ལམ་དང་ལམ་མ་ཡིན་པ་མཐོང་བར་བྱེད་པ་ཡིན། སེམས་ཅན་དག་ལམ་
Kha223b
ལོག་པ་དང་མ་ལོག་པ་མཐོང་བར་བྱེད་པ་ཡིན། ཚ་བའི་གདུང་བ་བསལ་ཞིང་བསིལ་བའི་བདེ་བ་ཐོབ་པར་བྱེད་པ་ཡིན། སྲིན་བུ་མེ་ཁྱེར་གྱི་ང་རྒྱལ་གྱི་སེམས་བཅོམ་པ་ཡིན། ཀུན་ཤོང་ཐམས་ཅད་ཀྱི་འདུ་ཤེས་ཀྱི་སེམས་ཞི་བར་བྱེད་པ་ཡིན། །སེམས་ཅན་དག་གཅན་གཟན་ཁྲོ་བོས་འཇིགས་པའི་སེམས་བསལ་བ་ཡིན། །མེ་ཏོག་ཨུཏྤ་ལའི་ཁ་འབྱེད་པ་ཡིན། པདྨོའི་ཁ་འབྲུབ་པ་ཡིན། མགྲོན་པོ་དག་ལམ་དུ་འཇུག་པའི་སེམས་སྐྱེད་པར་བྱེད་པ་ཡིན། སེམས་ཅན་རྣམས་འདོད་པ་ལྔ་ལ་ལོངས་སྤྱོད་ཅིང་བདེ་བ་མང་པོ་ལ་རེག་པ་ཡིན། རིགས་ཀྱི་བུ། དེ་བཞིན་གཤེགས་པའི་ཟླ་བ་ཉ་བའང་དེ་དང་འདྲ་སྟེ། མ་རིག་པའི་མུན་པ་ཆེན་པོ་བཅོམ་པ་དང ། ཡང་དག་པའི་ལམ་དང་ལོག་པའི་ལམ་སྟོན་པ་དང ། འཁོར་བའི་ལམ་ཉམ་ང་བ་མཐོང་བ་དང།་མྱ་ངན་ལས་འདས་པའི་བདེ་བ་འབྱེད་ཅིང་སྟོན་པ་དང ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གིས་གདུངས་པ་སྤོང་བ་དང ། མུ་སྟེགས་ཅན་གྱི་མ་རིག་པ་གཞོམ་པ་དང ། ཀུན་ནས་ཉོན་མོངས་པའི་རྐུན་པོ་གཞོམ་པ་དང ། འཇིགས་པ་ལྔས་བསྒྲིབས་པའི་སེམས་བསལ་བ་དང ། སེམས་ཅན་གྱི་དགེ་བའི་རྩ་བ་བསྐྱེད་པའི་སེམས་འབྱེད་པ་དང ། སེམས་ཅན་གྱི་འདོད་པ་ལྔའི་སེམས་འགེབས་པ་དང ། སེམས་ཅན་རྣམས་མྱ་ངན་ལས་འདས་པ་ཆེན་པོ་ལ་འཇུག་པར་བསྐུལ་བ་དང ། སེམས་ཅན་རྣམ་པར་གྲོལ་བ་
Kha224a
༄#། །སྤྱོད་པ་ལ་མོས་པར་བྱེད་པ་སྟེ། དོན་དེ་ལྟ་བས་ན་ཚེས་བཅོ་ལྔ་ལ་ཡོངས་སུ་མྱ་ངན་ལས་འདས་ཏེ་ཡང་དག་པར་ན་མྱ་ངན་ལས་མ་འདས་སོ། །ངའི་ཉེ་གནས་བླུན་པོ་ངན་པ་དག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་སོ་སྙམ་སེམས་ཏེ། དཔེར་ན། བུད་མེད་གཅིག་བུ་མང་དུ་ཡོད་པ་ལས་མ་དེ་བུ་དང་བྲལ་ཏེ། ཡུལ་གཞན་དུ་སོང་བ་ལས་མ་ལོག་པའི་བར་དུ་བུ་རྣམས་སོ་སོ་ནས། ངའི་མ་ཤི་ཟིན་ནོ་ཞེས་ཟེར་ཏེ། མ་ནི་ཡང་དག་པར་ན་མ་ཤིའོ། །བྱང་ཆུབ་སེམས་དཔའ་སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། དགེ་སློང་ཇི་ལྟ་བུ་དག་གིས་སཱ་ལའི་ཤིང་འདི་བརྒྱན་པར་འགྱུར། རིགས་ཀྱི་བུ། གལ་ཏེ་དགེ་སློང་གང་མདོ་སྡེ་བཅུ་གཉིས་གཟུངས་སུ་འཛིན་ཅིང་ཀློག་གམ། འདོན་ཏམ། ཡི་གེའི་འབྲུ་བཅོས་སམ། དོན་ཟབ་མོ་རྟོགས་པར་གྱུར་ཏེ། གཞན་ལ་སྟོན་པ་ལ་ཐོག་མར་ཡང་དགེ། བར་དུའང་དགེ། ཐ་མར་ཡང་དགེ་ཞིང་སེམས་ཅན་ཚད་མེད་པ་སྙེད་ལ་ཕན་འདོགས་པའི་ཕྱིར་ཚངས་པའི་སྤྱོད་པ་སྟོན་པའི་དགེ་སློང་དེ་ལྟ་བུ་ནི་སཱ་ལའི་ཤིང་རབ་ཏུ་བརྒྱན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། དགེ་སློང་དགའ་བོ་ནི་དེ་ཁོ་ན་ལགས་
Kha224b
སོ། །དེ་ཅིའི་སླད་དུ་ཞེ་ན། དགེ་སློང་དགའ་བོ་ནི་མདོ་སྡེ་བཅུ་གཉིས་གཟུངས་སུ་འཛིན་ཅིང་འདོན་ནོ། །ཀློག་གོ་།གཞན་ལའང་ཚིག་དམ་པ་དང ། དོན་དམ་པའི་བྱེད་ཅིང་སྟོན་ཏོ། །ཇི་ལྟར་སྣོད་གཅིག་ནས་གཅིག་ཏུ་ཆུ་བླུགས་པ་ལྟར་དགེ་སློང་དགའ་བོའང་དེ་དང་འདྲ་སྟེ། སངས་རྒྱས་ལ་ཇི་ལྟར་ཐོས་པ་ལྟར་གཞན་ལ་ཡང་སྟོན་ཏོ། །རིགས་ཀྱི་བུ། གལ་ཏེ་དགེ་སློང་གང་ལྷའི་མིག་རྣམ་པར་དག་པ་ཐོབ་པས་ཕྱོགས་བཅུའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ལག་མཐིལ་དུ་ཨ་མྲའི་འབྲས་བུ་བཞག་པ་ལྟར་མཐོང་བའི་དགེ་སློང་དེ་ལྟ་བུའང་སཱ་ལའི་ཤིང་རབ་ཏུ་བརྒྱན་པར་འགྱུར་རོ། །སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་དེ་ལྟ་ན་དགེ་སློང་མ་འགགས་པ་དེ་ཁོ་ན་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མ་འགགས་པའི་ལྷའི་མིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ལྔ་ཕུང་བར་མའི་བར་དུ་ཅི་མཆིས་པ་ཐམས་ཅད་ཐོགས་པ་མ་མཆིས་པར་གསལ་བར་མཐོང་ངོ ། །རིགས་ཀྱི་བུ། གལ་ཏེ་དགེ་སློང་གང་འདོད་པ་ཉུང་ཞིང་ཆོག་ཤེས་ལ་བདེན་པ་ལ་མོས་ཤིང་བརྩོན་འགྲུས་རབ་ཏུ་རྩོམ་སྟེ། དྲན་པ་དང ། ཏིང་ངེ་འཛིན་དང ། ཤེས་རབ་སྒོམ་པ་དེ་ལྟ་བུའི་དགེ་སློང་ཡང་སཱ་ལའི་ཤིང་རབ་ཏུ་བརྒྱན་པར་འགྱུར་རོ། །སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་དེ་ལྟ་ན་དགེ་སློང་འོད་སྲུང་ཉིད་དེ་ཁོ་ན་ལགས་སོ། །དེ་
Kha225a
༄#། །ཅིའི་སླད་དུ་ཞེ་ན། དགེ་སློང་འོད་སྲུང་ནི་འདོད་པ་ཉུང་བ་དང ། ཆོག་ཤེས་པ་ལ་སོགས་པའི་ཆོས་ཤིན་ཏུ་སྒོམ་མོ། །རིགས་ཀྱི་བུ། གལ་ཏེ་དགེ་སློང་གང་སེམས་ཅན་ལ་ཕན་པའི་དོན་དུ་རྙེད་པ་དང ། གྲགས་པའི་ཕྱིར་མ་ཡིན་པར་རྩོད་པ་མེད་པའི་ཏིང་ངེ་འཛིན་དང ། འཕགས་པའི་སྤྱོད་པ་དང ། སྟོང་པའི་སྤྱད་པ་སྤྱོད་པ་དེ་ལྟ་བུའི་དགེ་སློང་ཡང་སཱ་ལའི་ཤིང་རབ་ཏུ་བརྒྱན་པར་འགྱུར་རོ། །སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་དེ་ལྟ་ན་དགེ་སློང་རབ་འབྱོར་ཉིད་དེ་ཁོ་ན་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། རབ་འབྱོར་ནི་རྩོད་པ་མེད་པའི་ཏིང་ངེ་འཛིན་དང ། འཕགས་པའི་སྤྱོད་པ་དང ། སྟོང་པའི་སྤྱོད་པ་སྤྱོད་པའོ། །རིགས་ཀྱི་བུ། གལ་ཏེ་དགེ་སློང་གང་རྫུ་འཕྲུལ་སྒོམ་ཞིང་ཡུད་ཙམ་ཐང་ཅིག་གིས་རྫུ་འཕྲུལ་དང ། ཆོ་འཕྲུལ་རྣམ་པ་སྣ་ཚོགས་སྟོན་ཏེ། སེམས་གཅིག་དང་ཏིང་ངེ་འཛིན་གཅིག་ལས་ཆུ་དང་མེའི་འབྲས་བུ་རྣམ་པ་གཉིས་སྟོན་པའི་དགེ་སློང་དེ་ལྟ་བུ་ནི་སཱ་ལའི་ཤིང་རབ་ཏུ་བརྒྱན་པར་འགྱུར་རོ། །སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་དེ་ལྟ་ན་དགེ་སློང་མཽངྒལ་གྱི་བུ་དེ་ཁོ་ན་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མཽངྒལ་གྱི་བུ་རྫུ་འཕྲུལ་དང ། ཆོ་འཕྲུལ་ཚད་མེད་པ་སྙེད་སྟོན་པ་ལ་མཁས་སོ། །རིགས་ཀྱི་བུ། དགེ་སློང་གང་ཆེ་བའི་ཤེས་རབ་དང ། རྣོ་བའི་
Kha225b
ཤེས་རབ་དང ། མྱུར་བའི་ཤེས་རབ་དང ། རྣམ་པར་གྲོལ་བའི་ཤེས་རབ་དང ། ཤིན་ཏུ་ཟབ་པའི་ཤེས་རབ་དང ། རྒྱ་ཆེ་བའི་ཤེས་རབ་དང ། མཐའ་ཡས་པའི་ཤེས་རབ་དང ། ཕམ་པ་མེད་པའི་ཤེས་རབ་དང ། ཡང་དག་པའི་ཤེས་རབ་སྒོམ་ཞིང་ཤེས་རབ་ཀྱི་དབང་པོ་དེ་ལྟ་བུ་དང་ལྡན་ཞིང ། དགྲ་དང་གཉེན་ལ་ཁྱད་པར་གྱི་སེམས་མེད་ཅིང་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ཏེ། མི་རྟག་གོ་ཞེས་ཐོས་ནའང་མྱ་ངན་མེད་ལ། རྟག་ཏུ་གནས་ཤིང་མྱ་ངན་ལས་མི་འདའོ་ཞེས་ཐོས་ནའང་དགའ་བ་མི་སྐྱེད་པ་དེ་ལྟ་བུའི་དགེ་སློང་ནི་སཱ་ལའི་ཤིང་རབ་ཏུ་བརྒྱ་པར་འགྱུར་རོ། །སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་དེ་ལྟར་ན་དགེ་སློང་ཤཱ་རིའི་བུ་ཉིད་དེ་ཁོ་ན་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཤཱ་རིའི་བུ་ནི་ཤེས་རབ་ཆེན་པོ་དག་དང་ལྡན་པ་ལེགས་སོ། །རིགས་ཀྱི་བུ། གལ་ཏེ་དགེ་སློང་གང་སེམས་ཅན་ཀུན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དེ། རྡོ་རྗེ་ལྟ་བུའི་སྐུ་མཐའ་དང་མུ་མེད་པ། རྟག་པ། བདེ་བ།་བདག་དང ། ཡོངས་སུ་དག་པ་ཐོབ་ཅིང ། ལུས་དང་སེམས་ཐོགས་པ་མེད་དེ། དབང་བརྒྱད་ཐོབ་བོ་ཞེས་བཤད་པ་དེ་ལྟ་བུའི་དགེ་སློང་ནི་སཱ་ལའི་ཤིང་རབ་ཏུ་བརྒྱན་པར་འགྱུར་རོ། །སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་དེ་ལྟ་ན་དེ་བཞིན་གཤེགས་པ་འབའ་ཞིག་ནི་དེ་ཁོ་ན་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པའི་སྐུ་ནི་
Kha226a
༄#། །རྡོ་རྗེ་ལྟ་བུ་མཐའ་ཡས་མུ་མེད། རྟག་པ། བདེ་བ། བདག་དང ། ཡོངས་སུ་དག་པའི་སྐུ་སྟེ། སྐུ་དང་ཐུགས་ཐོགས་པ་མ་མཆིས་ཤིང་དབང་བརྒྱད་དང་ལྡན་པ་སྟེ། བཅོམ་ལྡན་འདས་འབའ་ཞིག་གིས་སཱ་ལའི་ཤིང་རབ་ཏུ་བརྒྱན་པར་འགྱུར་རོ། །གལ་ཏེ་མི་བཞུགས་ན་མཛེས་པར་མི་འགྱུར་གྱི། ཐུགས་རྗེ་ཆེན་པོར་དགོངས་ཏེ་རབ་ཏུ་བརྒྱན་པའི་ཕྱིར་རྟག་ཏུ་སཱ་ལའི་ཚལ་འདིར་བཞུགས་པར་སྨོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་གནས་པའི་གནས་མེད་ན། ཁྱོད་ཅིའི་ཕྱིར་དེ་བཞིན་གཤེགས་པ་གནས་པར་སྨོན་ཞེས་སྨྲ། རིགས་ཀྱི་བུ། གནས་པ་ཞེས་བྱ་བ་ནི་གཟུགས་ཀྱི་ཆོས་སོ། །རྒྱུ་ལས་སྐྱེས་པའི་ཕྱིར་གནས་པ་ཞེས་བྱ་སྟེ། རྒྱུ་དང་རྐྱེན་མེད་པ་ནི་མི་གནས་པའི་གནས་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ནི་གཟུགས་ཀྱི་བཅིངས་པ་ཐམས་ཅད་བཅད་ན་ཅིའི་ཕྱིར་དེ་བཞིན་གཤེགས་པ་གནས་པར་སྨོན་ཞེས་སྨྲ། དེ་དང་འདྲ་བར་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །རིགས་ཀྱི་བུ། གནས་པ་ཞེས་བྱ་བ་ནི་ང་རྒྱལ་ཞེས་བྱ་སྟེ། ང་རྒྱལ་གྱི་ཕྱིར་རྣམ་པར་མ་གྲོལ་ལོ། །རྣམ་པར་མ་གྲོལ་བའི་ཕྱིར་གནས་པ་ཞེས་བྱ་ན། ང་རྒྱལ་སུ་ལ་ཡོད། གང་ནས་འོངས་པར་གྱུར། དེ་ལྟ་བས་ན་མི་གནས་
Kha226b
པའི་གནས་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པས་ང་རྒྱལ་ཐམས་ཅད་ཡོངས་སུ་བཅད་པ་ན་ཅིའི་ཕྱིར་དེ་བཞིན་གཤེགས་པ་ལ་གནས་པར་སྨོན་ཞེས་སྨྲ། གནས་པ་ནི་འདུས་བྱས་ཀྱི་ཆོས་ཏེ། དེ་བཞིན་གཤེགས་པ་ནི་འདུས་བྱས་ཀྱི་ཆོས་ཡོངས་སུ་བཅད་པས་མི་གནས་པའོ། །གནས་པ་ནི་སྟོང་པའི་ཆོས་ཏེ། དེ་བཞིན་གཤེགས་པ་ནི་སྟོང་པའི་ཆོས་དེ་ལྟ་བུ་ཡོངས་སུ་བཅད་པས་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཐོབ་པ་ཡིན་ན། ཅིའི་ཕྱིར་དེ་བཞིན་གཤེགས་པ་གནས་པར་སྨོན་ཞེས་སྨྲ། གནས་པ་ནི་སྲིད་པ་ཉི་ཤུ་རྩ་ལྔ་སྟེ། དེ་བཞིན་གཤེགས་པས་སྲིད་པ་ཉི་ཤུ་རྩ་ལྔ་ཡོངས་སུ་བཅད་ན། ཅིའི་ཕྱིར་གནས་ཞེས་སྨྲ། གནས་པ་ནི་བུས་པ་མ་རབས་སོ་སོའི་སྐྱེ་བོ་ཐམས་ཅད་དོ། །འཕགས་པ་ནི་སོང་བའང་མེད། འོངས་པའང་མེད། གནས་པའང་མེད་དེ། དེ་བཞིན་གཤེགས་པས་སོང་བ་དང ། འོངས་པ་དང ། གནས་པའི་མཚན་ཉིད་ཀྱང་ཡོངས་སུ་བཅད་ན། ཅིའི་ཕྱིར་གནས་ཞེས་སྨྲ། དེ་ལ་མི་གནས་པ་ནི་སྐུ་མཐའ་ཡས་པ་སྟེ། དེ་ལྟར་སྐུ་མཐའ་ཡས་པ་ལ་ཅིའི་ཕྱིར་དེ་བཞིན་གཤེགས་པ་སཱ་ལའི་ཚལ་དུ་གནས་པར་སྨོན་ཏོ་ཞེས་སྨྲ། གལ་ཏེ་ཚལ་འདིར་གནས་ན་མཐའ་ཡོད་པའི་སྐུར་འགྱུར་ཏེ། ཅི་སྟེ་མཐའ་ཡོད་ན་མི་རྟག་པར་འགྱུར་རོ། །དེ་བཞིན་གཤེགས་པ་ནི་རྟག་པ་ཡིན་ན། ཅིའི་ཕྱིར་གནས་ཞེས་
Kha227a
༄#། །སྨྲ།་དེ་ལ་མི་གནས་པ་ནི་ནམ་མཁའ་སྟོང་པ་སྟེ། དེ་བཞིན་གཤེགས་པའི་རང་བཞིན་ནི་ནམ་མཁའ་སྟོང་པ་དང་མཚུངས་ན། ཅིའི་ཕྱིར་གནས་ཞེས་སྨྲ། ཡང་མི་གནས་པ་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི་གནས་ཐམས་ཅད་འཇིག་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཉིད་དེ་བཞིན་གཤེགས་པ་ནི་ཅིའི་ཕྱིར་གནས་ཞེས་སྨྲ། ཡང་མི་གནས་པ་ནི་སྒྱུ་མ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་སྒྱུ་མ་དང་མཚུངས་ན། ཅིའི་ཕྱིར་གནས་ཞེས་སྨྲ། ཡང་མི་གནས་པ་ནི་ཐོག་མ་དང་ཐ་མ་མེད་པ་སྟེ། དེ་བཞིན་གཤེགས་པའི་རང་བཞིན་ཡང་ཐོག་མ་དང་ཐ་མ་མེད་ན། ཅིའི་ཕྱིར་གནས་ཞེས་སྨྲ། ཡང་མི་གནས་པ་ནི་ཆོས་ཀྱི་དབྱིངས་མཐའ་ཡས་པ་སྟེ། ཆོས་ཀྱི་དབྱིངས་མཐའ་ཡས་པ་ཉིད་དེ་བཞིན་གཤེགས་པ་ནི་ཅིའི་ཕྱིར་གནས་ཞེས་སྨྲ། ཡང་མི་གནས་པ་ཞེས་བྱ་བ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཏེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱིས་ཆོས་ཐམས་ཅད་ཆགས་པ་མེད་པར་ཤེས་སོ། །ཆགས་པ་མེད་པའི་ཕྱིར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཅེས་བྱ་སྟེ། དེ་བཞིན་གཤེགས་པའང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་ལྡན་ན། ཅིའི་ཕྱིར་གནས་ཞེས་སྨྲ། ཡང་མི་གནས་པ་ནི་གནས་དང་གནས་མ་ཡིན་པའི་སྟོབས་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ནི་
Kha227b
གནས་དང་གནས་མ་ཡིན་པའི་སྟོབས་དང་ལྡན་ན། ཅིའི་ཕྱིར་གནས་ཞེས་སྨྲ། ཡང་མི་གནས་པ་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གལ་ཏེ་གནས་ཡོད་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཕྱིན་པར་མི་ནུས་ཏེ། དེ་ལྟ་བས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མི་གནས་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་མི་གནས་ན། ཅི་སྟེ་དེ་བཞིན་གཤེགས་པས་རྟག་ཏུ་སཱ་ལའི་ཚལ་ན་བཞུགས་པར་གསོལ་ཞེས་སྨྲ། ཡང་མི་གནས་པ་ནི་དྲན་པ་ཉེ་བར་བཞག་པ་བཞི་སྒོམ་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པས་གལ་ཏེ་དྲན་པ་ཉེ་བར་བཞག་པ་བཞི་ལ་གནས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་ནུས་པས་མི་གནས་པའི་གནས་པ་ཞེས་བྱའོ། །ཡང་མི་གནས་པ་ནི་སེམས་ཅན་གྱི་ཁམས་མཐའ་ཡས་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་ཁམས་མཐའ་ཡས་པར་ཕྱིན་ཀྱང་མི་གནས་སོ། །ཡང་མི་གནས་པ་ཞེས་བྱ་བ་ནི་རྟེན་དང་གནས་མེད་པ་ནི་ཅིའང་མེད་པ་ཞེས་བྱ། ཅིའང་མེད་པ་ནི་མི་སྐྱེ་བ་ཞེས་བྱ། མི་སྐྱེ་བ་ནི་འཆི་བ་མེད་པ་ཞེས་བྱ། འཆི་བ་མེད་པ་ནི་མཚན་མ་མེད་པ་ཞེས་བྱ། མཚན་མ་མེད་པ་ནི་བཅིངས་པ་མེད་པ་ཞེས་བྱ། བཅིངས་པ་མེད་པ་ནི་ཆགས་པ་མེད་པ་ཞེས་བྱ།
Kha228a
༄#། །ཆགས་པ་མེད་པ་ནི་ཟག་པ་མེད་པ་ཞེས་བྱ། ཟག་པ་མེད་པ་ནི་དགེ་བའོ། །དགེ་བ་ནི་འདུས་མ་བྱས་སོ། །འདུས་མ་བྱས་པ་ནི་མྱ་ངན་ལས་འདས་པ་ཆེན་པོ། རྟག་པ་མྱ་ངན་ལས་འདས་པའོ། །རྟག་པ་ནི་བདག་གོ། བདག་ནི་ཡོངས་སུ་དག་པའོ། །ཡོངས་སུ་དག་པ་ནི་བདེ་བ་ཞེས་བྱ་སྟེ། རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ། དཔེར་ན། ནམ་མཁའ་ནི་ཤར་དང ། ལྷོ་དང ། ནུབ་དང ། བྱང་དང ། ཕྱོགས་མཚམས་བཞི་དང ། སྟེང་དང ། འོག་ན་མི་གནས་ཏེ།་དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཤར་དང ། ལྷོ་དང ། ནུབ་དང ། བྱང་དང ། ཕྱོགས་མཚམས་བཞི་དང ། སྟེང་དང ། འོག་ན་མི་གནས་སོ། །རིགས་ཀྱི་བུ། གལ་ཏེ་གང་ལུས་དང ། ངག་དང ། ཡིད་མི་དགེ་བས་དགེ་བའི་འབྲས་བུ་ཐོབ་ཅེས་བྱ་བའི་གནས་མེད་དོ། །ལུས་དང ། ངག་དང ། ཡིད་དགེ་བས་མི་དགེ་བའི་འབྲས་བུ་ཐོབ་ཅེས་བྱ་བ་ནི་གནས་ཀྱང་མེད་དོ། །གང་ཟག་མ་རབས་ཀྱིས་སངས་རྒྱས་ཀྱི་རང་བཞིན་མཐོང་ལ། བྱང་ཆུབ་སེམས་དཔའ་ས་བཅུ་པས་མི་མཐོང་ཞེས་བྱ་བའི་གནས་ཀྱང་མེད་དོ། །ལོག་སྲེད་ཅན་དང ། མཚམས་མེད་པ་ལྔ་བྱས་པ་དང ། ཤིན་ཏུ་རྒྱས་པའི་མདོ་ལ་སྐུར་བ་དང ། རྩ་བ་བཞི་བཤིག་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ཅེས་
Kha228b
བྱ་བའི་གནས་མེད་དོ། །བྱང་ཆུབ་སེམས་དཔའ་ས་དྲུག་པ་ཉོན་མོངས་པའི་རྒྱུ་རྐྱེན་གྱིས་ངན་སོང་གསུམ་དུ་ལྷུང་ཞེས་བྱ་བའི་གནས་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་པར་བུད་མེད་ཀྱི་ལུས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ཅེས་བྱ་བའི་གནས་མེད་དོ། །ལོག་སྲེད་ཅན་ནི་རྟག་ལ་དཀོན་མཆོག་གསུམ་ནི་མི་རྟག་གོ་།ཞེས་བྱ་བའི་གནས་མེད་དེ། དེ་བཞིན་གཤེགས་པ་གྲོང་ཁྱེར་རྩཝ་མཆོག་ན་གནས་ཞེས་བྱ་བའི་གནས་ཀྱང་མེད་དོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པས་དེང་གྲོང་ཁྱེར་རྩཝ་མཆོག་འདིར་ཏིང་ངེ་འཛིན་ཆེན་པོའི་ཕུག་ཟབ་མོར་ཞུགས་ཏེ། སེམས་ཅན་དག་གིས་མི་མཐོང་བའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་ཟེར་རོ། །སེངྒེ་སྒྲས་གསོལ་པ། དེ་བཞིན་གཤེགས་པ་ཅིའི་སླད་དུ་ཏིང་ངེ་འཛིན་གྱི་ཕུག་ཟབ་མོར་ཞུགས། བཀའ་སྩལ་པ། རིགས་ཀྱི་བུ། སེམས་ཅན་ཐམས་ཅད་སྒྲོལ་བའི་ཕྱིར། དགེ་བའི་རྩ་བ་མ་བསྐྱེད་པ་བསྐྱེད་པའི་ཕྱིར། དགེ་བའི་རྩ་བ་སྐྱེས་པ་འཕེལ་ཞིང་འབོགས་པར་བྱ་བའི་ཕྱིར། འབྲས་བུ་དགེ་བ་མ་སྨིན་པ་སྨིན་པར་བྱ་བའི་ཕྱིར། སྨིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇུག་པར་བྱ་བའི་ཕྱིར། དགེ་བའི་ཆོས་སྨིན་པ་ལ་བཀུར་སྟི་སྐྱེ་བར་བྱ་བའི་ཕྱིར། བག་མེད་པ་རྣམས་བག་མེད་པ་དང་བྲལ་བར་བྱ་བའི་ཕྱིར། འཇམ་དཔལ་གཞོན་ནུ་ལ་སོགས་པ་སྤོས་ཀྱི་བལ་གླང་ཆེན་པོ་ལྟ་བུ་དང་ཆོས་ཀྱི་གཏམ་སྨྲ་བའི་ཕྱིར།
Kha229a
༄#། །ཀློག་པ་དང ། འདོན་པ་ལ་དགའ་བ་དག་ཏིང་ངེ་འཛིན་ལ་རབ་ཏུ་མོས་པར་བྱ་བའི་ཕྱིར། འཕགས་པའི་སྤྱོད་པ་དང ། ཚངས་པའི་སྤྱོད་པ་དང ། ལྷའི་སྤྱོད་པས་སེམས་ཅན་གདུལ་བའི་ཕྱིར། མ་འདྲེས་པའི་ཆོས་ཀྱི་སྙིང་པོ་ཟབ་མོ་ལ་བརྟགས་པའི་ཕྱིར། ཉེ་གནས་བག་མེད་པ་རྣམས་སྤྱོད་པའི་ཕྱིར། དེ་བཞིན་གཤེགས་པ་ཡང་རྟག་ཏུ་ཞི་ཞིང་ཏིང་ངེ་འཛིན་ལ་དགའ་ན། ཁྱེད་ཉོན་མོངས་པ་མ་ཟད་པར་བག་མེད་པ་སྐྱེད་དམ། དགེ་སློང་མ་རུངས་པ་རྣམས་མ་བརྟགས་པའི་རྫས་རྣམ་པ་བརྒྱད་འཆང་བ་དང ། འདོད་པ་མང་བ་དང ། ཆོག་མི་ཤེས་པ་ལ་སྤྱོ་པའི་ཕྱིར། སེམས་ཅན་དག་ཏིང་ངེ་འཛིན་ལ་སོགས་པའི་ཆོས་ཐོས་པ་རྣམས་ལ་བཀུར་སྟི་བསྐྱེད་པར་བྱ་བའི་ཕྱིར། དེ་ལྟ་བུའི་རྐྱེན་གྱིས་ཏིང་ངེ་འཛིན་གྱི་ཕུག་ཟབ་མོར་ཞུགས་སོ། །སེངྒེ་སྒྲས་གསོལ་པ།་བཅོམ་ལྡན་འདས། མཚན་ཉིད་མེད་པའི་ཏིང་ངེ་འཛིན་ནི་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བགྱི། དེའི་སླད་དུ་མྱ་ངན་ལས་འདས་པ་མཚན་ཉིད་མེད་པ་ཞེས་བགྱིའམ། ཅི་ན་མཚན་ཉིད་མེད་པ་ཞེས་གདགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། མཚན་ཉིད་རྣམ་པ་བཅུ་མེད་པའི་ཕྱིར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། གཟུགས་ཀྱི་མཚན་ཉིད་དང ། སྒྲའི་མཚན་ཉིད་དང ། རོའི་མཚན་ཉིད་དང ། དྲིའི་མཚན་ཉིད་དང ། རེག་བྱའི་མཚན་ཉིད་དང ། སྐྱེ་བ་དང ། གནས་པ་དང ། འཇིགས་པའི་མཚན་ཉིད་དང ། སྐྱེས་པའི་མཚན་ཉིད་དང ། བུད་མེད་
Kha229b
ཀྱི་མཚན་ཉིད་དང་བཅུ་སྟེ། དེ་ལྟ་བུའི་མཚན་ཉིད་མེད་པ་ནི་མཚན་ཉིད་མེད་པ་ཞེས་བྱའོ། །རིགས་ཀྱི་བུ། གང་མཚན་ཉིད་ལ་ཆགས་པ་ནི་གཏི་མུག་སྐྱེ་བར་འགྱུར་ཏེ། གཏི་མུག་པའི་ཕྱིར་སྲེད་པ་སྐྱེའོ། །སྲེད་པའི་ཕྱིར་འཆིང་བ་སྐྱེའོ། །འཆིང་བའི་ཕྱིར་སྐྱེ་བ་ལེན་ཏོ། །སྐྱེ་བའི་ཕྱིར་འཆི་བར་འགྱུར་རོ། །འཆི་བའི་ཕྱིར་མི་རྟག་པའོ། །མཚན་ཉིད་ལ་མི་ཆགས་པ་ནི་གཏི་མུག་མི་སྐྱེ། གཏི་མུག་མི་སྐྱེ་བའི་ཕྱིར་སྲེད་པ་མེད། སྲེད་པ་མེད་པའི་ཕྱིར་བཅིངས་པ་མེད། བཅིངས་པ་མེད་པའི་ཕྱིར་སྐྱེ་བ་མི་ལེན། སྐྱེ་བ་མི་ལེན་པའི་ཕྱིར་འཆི་བ་མེད། འཆི་བ་མེད་པའི་ཕྱིར་རྟག་པ་ཞེས་བྱའོ། །དོན་དེ་ལྟ་བས་ན་མྱ་ངན་ལས་འདས་པ་ནི་རྟག་པའོ། །སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། དགེ་སློང་ཇི་ལྟ་བུ་དག་མཚན་ཉིད་རྣམ་པ་བཅུ་པོ་དེ་དག་གཅོད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གལ་ཏེ་དགེ་སློང་གང ། ཡང་དང་ཡང་མཚན་ཉིད་རྣམ་པ་གསུམ་སྒོམ་པ་ནི་མཚན་ཉིད་རྣམ་པ་བཅུ་གཅོད་པར་འགྱུར་རོ། །འདི་ལྟ་སྟེ། ཡང་དང་ཡང་ཏིང་ངེ་འཛིན་གྱི་མཚན་ཉིད་སྒོམ་པ་དང ། ཡང་དང་ཡང་ཤེས་རབ་རབ་ཀྱི་མཚན་ཉིད་སྒོམ་པ་དང ། སྐབས་སྐབས་སུ་ཡང་དང་ཡང་བཏང་སྙོམས་ཀྱི་མཚན་ཉིད་སྒོམ་པ་སྟེ། མཚན་ཉིད་གསུམ་ཞེས་བྱའོ། །སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། ཏིང་ངེ་འཛིན་དང ། ཤེས་རབ་དང ། བཏང་སྙོམས་ཀྱི་མཚན་ཉིད་ཇི་ལྟ་བུ་ལགས། གལ་ཏེ་ཏིང་ངེ་འཛིན་གྱི་
Kha230a
༄#། །མཚན་ཉིད་ལ་ཏིང་ངེ་འཛིན་ཞེས་བགྱི་ན་ལྟ་སེམས་ཅན་ཐམས་ཅད་ལའང་ཏིང་ངེ་འཛིན་མཆིས་ན། ཏིང་ངེ་འཛིན་བསྒོམ་པར་བྱའོ་ཞེས་གསུངས་པའང་ཅི་འཚལ། གལ་ཏེ་སེམས་ཡུལ་གཅིག་ལ་དམིགས་པ་ཉིད་ཏིང་ངེ་འཛིན་ཞེས་བགྱི་སྟེ། གལ་ཏེ་གཞན་ལ་དམིགས་པ་ལ་ཏིང་ངེ་འཛིན་ཞེས་བགྱི་ན་ལྟ། ཏིང་ངེ་འཛིན་དུ་མ་ཞུགས་ན་ཐམས་ཅད་མཁྱེན་པ་མ་ལགས་སམ། ཐམས་ཅད་མཁྱེན་པ་མ་ལགས་ན། ཅིའི་སླད་དུ་ཏིང་ངེ་འཛིན་ཞེས་བགྱི། གལ་ཏེ་སྤྱོད་པ་གཅིག་གིས་ཏིང་ངེ་འཛིན་ཐོབ་ན་སྤྱོད་པ་གཞན་ཏིང་ངེ་འཛིན་མ་ལགས་སོ། །གལ་ཏེ་ཏིང་ངེ་འཛིན་མ་ལགས་ན། ཐམས་ཅད་མཁྱེན་པ་མ་ལགས་ཏེ། གལ་ཏེ་ཐམས་ཅད་མཁྱེན་པ་མ་ལགས་ན། ཅིའི་སླད་དུ་ཏིང་ངེ་འཛིན་ཞེས་བགྱི། དེ་བཞིན་དུ་ཤེས་རབ་དང ། བཏང་སྙོམས་ཀྱི་མཚན་ཉིད་གཉིས་ཀྱང་དེ་དང་མཚུངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་སྨྲ་བ་ལྟར་ཡུལ་གཅིག་ལ་དམིགས་པ་ལ་ཏིང་ངེ་འཛིན་ཞེས་བྱའི། དམིགས་པ་གཞན་ལ་ནི་ཏིང་ངེ་འཛིན་མ་ཡིན་ནོ་ཞེས་བྱ་བའི་དོན་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དམིགས་པ་གཞན་ཡང་ཡུལ་གཅིག་ཅེས་བྱ་སྟེ། འདུ་བྱེད་ཀྱང་དེ་དང་འདྲའོ། །ཡང་འདི་སྐད་དུ་སེམས་ཅན་དག་ལ་ཐོག་མ་ནས་ཏིང་ངེ་འཛིན་ཡོད་དེ། བསྒོམ་མི་དགོས་སོ་ཞེས་བྱ་བ་དེའང་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་
Kha230b
འཛིན་ཞེས་བྱ་བ་ནི་དགེ་བའི་ཏིང་ངེ་འཛིན་ལ་བྱ་སྟེ། སེམས་ཅན་ཐམས་ཅད་ལ་ཡང་དག་པར་མེད་ན། ཅིའི་ཕྱིར་བསྒོམ་མི་དགོས་པར་འགྱུར་རོ་ཞེས་སྨྲ། དེ་ལྟར་དགེ་བའི་ཏིང་ངེ་འཛིན་ལ་གནས་ཏེ། ཆོས་ཐམས་ཅད་ལ་རྟོག་པ་ནི་དགེ་བའི་ཤེས་རབ་ཀྱི་མཚན་ཉིད་ཅེས་བྱ། ཏིང་ངེ་འཛིན་དང ། ཤེས་རབ་ཀྱི་མཚན་ཉིད་ཐ་དད་པར་མི་མཐོང་བ་ནི་བཏང་སྙོམས་ཀྱི་མཚན་ཉིད་ཅེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། གལ་ཏེ་གཟུགས་ཀྱི་མཚན་ཉིད་དུ་འཛིན་ཏེ། གཟུགས་རྟག་པ་དང ། མི་རྟག་པའི་མཚན་ཉིད་དུ་མི་རྟོག་པ་ནི་ཏིང་ངེ་འཛིན་ཞེས་བྱའོ། །གཟུགས་ལ་རྟག་པ་དང ། མི་རྟག་པའི་མཚན་ཉིད་དུ་རྟོག་པ་ནི་ཤེས་རབ་ཀྱི་མཚན་ཉིད་ཅེས་བྱའོ། །ཏིང་ངེ་འཛིན་དང ། ཤེས་རབ་མཉམ་པར་ཆོས་ཐམས་ཅད་ལ་རྟོག་པ་ནི་བཏང་སྙོམས་ཀྱི་མཚན་ཉིད་ཅེས་བྱའོ། །རིགས་ཀྱི་བུ། དཔེར་ན། ཤིང་རྟ་བཀྲི་ལེགས་པ་ནི་མགྱོགས་བུལ་རན་པར་འགྲོའོ། །མགྱོགས་བུལ་རན་པ་ནི་བཏང་སྙོམས་ཀྱི་མཚན་ཉིད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཡང་དེ་དང་འདྲ་བར་གལ་ཏེ་ཏིང་ངེ་འཛིན་གྱི་ཤས་ཆེ་ན་ཤེས་རབ་བསྒོམ་མོ། །གལ་ཏེ་ཤེས་རབ་ཀྱི་ཤས་ཆེ་ན་ཏིང་ངེ་འཛིན་བསྒོམ་པར་བྱའོ། །ཏིང་ངེ་འཛིན་དང ། ཤེས་རབ་ཀྱི་ཤས་མཉམ་པ་ནི་བཏང་སྙོམས་ཞེས་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ས་བཅུ་པ་ནི་ཤེས་རབ་ཀྱི་མཐུ་ཤས་ཆེ་ལ། ཏིང་ངེ་འཛིན་གྱི་མཐུ་ཤས་ཆུང་བས་སངས་རྒྱས་ཀྱི་རང་བཞིན་གསལ་བར་མི་མཐོང་
Kha231a
༄#། །ངོ། །ཉན་ཐོས་དང་རང་སངས་རྒྱས་ནི་ཏིང་ངེ་འཛིན་གྱི་མཐུ་ཤས་ཆེ་ལ་ཤེས་རབ་ཀྱི་མཐུ་ཤས་ཆུང་བས་སངས་རྒྱས་ཀྱི་རང་བཞིན་མི་མཐོང་ངོ ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཏིང་ངེ་འཛིན་དང ། ཤེས་རབ་ཀྱི་ཤས་ཆ་མཉམ་པས་སངས་རྒྱས་ཀྱི་རང་བཞིན་གསལ་བར་གཟིགས་ཏེ། ཇི་ལྟར་ལག་མཐིལ་དུ་ཨ་མྲའི་འབྲས་བུ་བཞག་པ་བཞིན་ནོ། །སངས་རྒྱས་ཀྱི་རང་བཞིན་མཐོང་བ་ནི་བཏང་སྙོམས་ཀྱི་མཚན་ཉིད་ཅེས་བྱའོ། །ཞི་གནས་ཞེས་བྱ་བ་ནི་བཀག་པ་སྟེ། ཀུན་ནས་ཉོན་མོངས་པ་ཐམས་ཅད་བཀག་པའི་ཕྱིར་རོ། །ཡང་ཞི་གནས་ནི་འདུལ་བ་ཞེས་བྱ་བ་སྟེ། དབང་པོ་མི་དགེ་བ་འདུལ་བའི་ཕྱིར་རོ། །ཡང་ཞི་གནས་ནི་ཞི་བ་ཞེས་བྱ་སྟེ། སྒོ་གསུམ་ཞི་བར་བྱེད་པའི་ཕྱིར་རོ། །ཡང་ཞི་གནས་ནི་རབ་ཏུ་སྤོང་བ་ཞེས་བྱ་སྟེ། སེམས་ཅན་དག་འདོད་པ་ལྔ་རབ་ཏུ་སྤོང་བར་བྱེད་པའི་ཕྱིར་རོ། །ཡང་ཞི་གནས་ནི་སྦྱོང་བ་ཞེས་བྱ་སྟེ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་སྦྱོང་བའི་ཕྱིར་རོ། །དོན་དེ་ལྟ་བས་ན་ཏིང་ངེ་འཛིན་གྱི་མཚན་ཉིད་ཅེས་བྱའོ། །ལྷག་མཐོང་ཞེས་བྱ་བ་ནི་ཡང་དག་པར་མཐོང་བ་ཞེས་ཀྱང་བྱ། མངོན་སུམ་དུ་མཐོང་བ་ཞེས་ཀྱང་བྱ། མཐོང་བར་ནུས་པ་ཞེས་ཀྱང་བྱ། ཁྱབ་པར་མཐོང་བ་ཞེས་ཀྱང་བྱ། རིམ་གྱིས་མཐོང་བ་ཞེས་ཀྱང་བྱ། མཚན་ཉིད་ཐ་དད་པར་མཐོང་བ་ཞེས་
Kha231b
བྱ་སྟེ། དེ་ནི་ཤེས་རབ་ཅེས་བྱའོ། །བཏང་སྙོམས་ནི་མཉམ་པ་ཞེས་ཀྱང་བྱ། མི་རྩོད་པ་ཞེས་ཀྱང་བྱ། མི་རྟོག་པ་ཞེས་ཀྱང་བྱ། མི་སྤྱོད་པ་ཞེས་ཀྱང་བྱ་སྟེ། དེ་ནི་བཏང་སྙོམས་ཞེས་བྱའོ། ། རིགས་ཀྱི་བུ། ཞི་གནས་ལ་རྣམ་པ་གཉིས་ཏེ། འཇིག་རྟེན་གྱི་དང ། འཇིག་རྟེན་ལས་འདས་པའོ། །ཡང་རྣམ་པ་གཉིས་ཏེ། གྲུབ་པ་དང ། མ་གྲུབ་པའོ། །དེ་ལ་གྲུབ་པ་ནི་སངས་རྒྱས་དང ། བྱང་ཆུབ་སེམས་དཔའོ། །མ་གྲུབ་པ་ནི་ཉན་ཐོས་དང ། རང་སངས་རྒྱས་ལ་སོགས་པའོ། །ཡང་རྣམ་པ་གསུམ་སྟེ། ཐ་མ་དང ། འབྲིང་དང ། རབ་བོ། །དེ་ལ་ཐ་མ་ནི་བུས་པ་མ་རབས་རྣམས་སོ། །འབྲིང་ནི་ཉན་ཐོས་དང ། རང་སངས་རྒྱས་རྣམས་སོ། །རབ་ནི་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་སོ། །ཡང་རྣམ་པ་བཞི་སྟེ། ལྡོག་པ་དང ། གནས་པ་དང ། གོང་ནས་གོང་དུ་འཕར་བ་དང ། ཕན་པའི་དོན་བྱེད་ནུས་པའོ། །ཡང་རྣམ་པ་ལྔ་སྟེ། འདི་ལྟར་ཡེ་ཤེས་ལྔའི་ཏིང་ངེ་འཛིན་ཏོ། །ལྔ་གང་ཞེ་ན། ཟས་མེད་པའི་ཏིང་ངེ་འཛིན་དང ། སྐྱོན་མེད་པའི་ཏིང་ངེ་འཛིན་དང ། ལུས་དང ། ཡིད་རྣམ་པར་དག་པའི་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དང ། རྒྱུ་དང་འབྲས་བུ་གཉིས་ཀ་བདེ་བའི་ཏིང་ངེ་འཛིན་དང ། རྟག་ཏུ་དྲན་པའི་ཏིང་ངེ་འཛིན་ཏོ། །ཡང་རྣམ་པ་དྲུག་སྟེ། ཀེང་རུས་ལ་རྟོག་པའི་ཏིང་ངེ་འཛིན་དང ། བྱམས་པའི་ཏིང་ངེ་འཛིན་དང ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ལ་རྟོག་པའི་ཏིང་ངེ་འཛིན་དང ། དབུགས་བགྲང་
Kha232a
༄#། །བའི་ཏིང་ངེ་འཛིན་དང ། བློས་རྟོག་པ་ལ་རྗེས་སུ་དྲན་པའི་ཏིང་ངེ་འཛིན་དང ། སྐྱེ་བ་དང ། འགོག་པ་ལ་རྟོག་པའི་ཏིང་ངེ་འཛིན་ཏོ། །ཡང་རྣམ་པ་བདུན་ལ།་འདི་ལྟར་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། དྲན་པ་བྱང་ཆུབ་ཀྱི་ཡན་ལག་དང ། ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་དང ། བརྩོན་འགྲུས་བྱང་ཆུབ་ཀྱི་ཡན་ལག་དང།་དགའ་བ་བྱང་ཆུབ་ཀྱི་ཡན་ལག་དང ། ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་དང ། ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག་དང ། བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་གོ་།ཡང་རྣམ་པ་བདུན་ཏེ། རྒྱུན་དུ་ཞུགས་པའི་ཏིང་ངེ་འཛིན་དང ། ལན་གཅིག་ཕྱིར་འོང་བའི་ཏིང་ངེ་འཛིན་དང ། ཕྱིར་མི་ལྡོག་པའི་ཏིང་ངེ་འཛིན་དང ། དགྲ་བཅོམ་པའི་ཏིང་ངེ་འཛིན་དང ། རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་དང ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དང ། དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པའི་ཏིང་ངེ་འཛིན་ཏོ། །ཡང་རྣམ་པ་བརྒྱད་དེ། འདི་ལྟར་རྣམ་པར་གྲོལ་བ་བརྒྱད་དོ། །འདི་ལྟར་གཟུགས་ཀྱིས་གཟུགས་རྟོག་པའི་རྣམ་པར་གྲོལ་བའི་ཏིང་ངེ་འཛིན་དང ། ནང་གཟུགས་ཀྱི་མཚན་ཉིད་མེད་པར་ཕྱི་རོལ་གྱི་གཟུགས་ལ་རྟོག་པའི་རྣམ་པར་གྲོལ་བའི་ཏིང་ངེ་འཛིན་དང ། ལུས་ཀྱིས་ཆུད་པའི་ཏིང་ངེ་འཛིན་དང ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་གྲོལ་བའི་ཏིང་ངེ་
Kha232b
འཛིན་དང ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་གྲོལ་བའི་ཏིང་ངེ་འཛིན་དང ། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་རྣམ་པར་གྲོལ་བའི་ཏིང་ངེ་འཛིན་དང ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་རྣམ་པར་གྲོལ་བའི་ཏིང་ངེ་འཛིན་དང ། འགོག་པ་ཟད་པའི་རྣམ་པར་གྲོལ་བའི་ཏིང་ངེ་འཛིན་ཏོ། །ཡང་རྣམ་པ་དགུ་ལ་མཐར་གྱིས་འཇུག་པ་དགུ་སྟེ།་འདི་ལྟར་བསམ་གཏན་བཞི་དང ། སྟོང་པ་བཞི་དང ། འགོག་པ་ཟད་པའི་ཏིང་ངེ་འཛིན་ཏོ། །ཡང་རྣམ་པ་བཅུ་ལ། འདི་ལྟར་རྣམ་པ་བཅུ་སྟེ། ཐམས་ཅད་སའི་ཏིང་ངེ་འཛིན་དང ། ཐམས་ཅད་ཆུའི་ཏིང་ངེ་འཛིན་དང ། ཐམས་ཅད་མེའི་ཏིང་ངེ་འཛིན་དང ། ཐམས་ཅད་རླུང་གི་ཏིང་ངེ་འཛིན་དང ། ཐམས་ཅད་སྔོན་པོའི་ཏིང་ངེ་འཛིན་དང ། ཐམས་ཅད་སེར་པོའི་ཏིང་ངེ་འཛིན་དང ། ཐམས་ཅད་དམར་པོའི་ཏིང་ངེ་འཛིན་དང ། ཐམས་ཅད་དཀར་པོའི་ཏིང་ངེ་འཛིན་དང ། ནམ་མཁའ་མཐའ་ཡས་ཀྱི་ཏིང་ངེ་འཛིན་དང ། རྣམ་ཤེས་མཐའ་ཡས་ཀྱི་ཏིང་ངེ་འཛིན་དང ། ཅུང་ཟད་མེད་པའི་ཏིང་ངེ་འཛིན་ཏོ། །གཞན་ཡང་གྲངས་མེད་པ་ལ་འདི་ལྟ་སྟེ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་སོ། །རིགས་ཀྱི་བུ། དེ་དག་ནི་ཏིང་ངེ་འཛིན་གྱི་མཚན་ཉིད་ཅེས་བྱའོ། །རིགས་ཀྱི་བུ། ཤེས་རབ་ལ་རྣམ་པ་གཉིས་ཏེ། འཇིག་རྟེན་དང ། འཇིག་རྟེན་ལས་འདས་པའོ། །ཡང་རྣམ་པ་གསུམ་སྟེ། ཤེས་རབ་དང ། ལྷག་མཐོང་དང །
Kha233a
༄#། །ཡེ་ཤེས་སོ། །ཤེས་རབ་ཅེས་བྱ་བ་ནི་སེམས་ཅན་ཐམས་ཅད་དོ། །ལྷག་མཐོང་ཞེས་བྱ་བ་ནི་འཕགས་པ་ཐམས་ཅད་དོ། །ཡེ་ཤེས་ཞེས་བྱ་བ་ནི་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་སོ། །གཞན་ཡང་ཤེས་རབ་ནི་ཐ་དད་པའི་མཚན་ཉིད་དོ། །ལྷག་མཐོང་ནི་སྤྱིའི་མཚན་ཉིད་དོ། །ཡེ་ཤེས་ནི་མཚན་ཉིད་རྣམ་བར་བཅོམ་པའོ། །ཡང་རྣམ་པ་བཞི་སྟེ། འདི་ལྟར་ཡང་དག་པའི་བདེན་པ་བཞིའོ། །རིགས་ཀྱི་བུ། དངོས་པོ་རྣམ་པ་གསུམ་གྱི་ཕྱིར་ཞི་གནས་སྒོམ་མོ། །གསུམ་གང་ཞེ་ན། བག་མེད་པ་མེད་པར་བྱ་བ་དང ། ཡེ་ཤེས་ཆེན་པོས་བཀོད་པ་དང ། དབང་པོ་ཐོབ་པར་བྱ་བའི་ཕྱིར་རོ། །གཞན་ཡང་དངོས་པོ་གསུམ་གྱི་ཕྱིར་ལྷག་མཐོང་སྒོམ་སྟེ། གསུམ་གང་ཞེ་ན། འཁོར་བའི་མི་དགེ་བའི་འབྲས་བུ་རྣམ་པར་སྨིན་པ་ལ་རྟོག་པ་དང ། དགེ་བའི་རྩ་བ་རྣམས་སྐྱེ་ཞིང་འཕེལ་བར་བྱ་བ་དང ། ཀུན་ནས་ཉོན་མོངས་པ་ཐམས་ཅད་གཞོམ་པའི་ཕྱིར་རོ།། སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་མདོ་སྡེ་ལས་གསུངས་པ་ལྟར་ལྷག་མཐོང་གིས་ཉོན་མོངས་པ་ཆོམས་པར་འགྱུར་ན་ཞི་གནས་ལ་སྒོམ་ཡང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ལྷག་མཐོང་གིས་ཉོན་མོངས་པ་ཆོམས་པར་འགྱུར་རོ་ཞེས་བྱ་བ་དོན་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན།
Kha233b
ཤེས་རབ་ཡོད་པའི་ཚེ་ན་ཉོན་མོངས་པ་མེད། ཉོན་མོངས་པ་ཡོད་པའི་ཚེ་ཤེས་རབ་མེད་ན། ཅིའི་ཕྱིར་ལྷག་མཐོང་གིས་ཉོན་མོངས་པ་ཆོམས་པར་འགྱུར་ཞེས་སྨྲ། རིགས་ཀྱི་བུ། དཔེར་ན།་སྣང་བའི་ཚེ་ན་མུན་པ་མེད་ལ། མུན་པའི་ཚེ་ནི་སྣང་བ་མེད་དེ། གང་གིས་འདི་སྐད་དུ་སྣང་བས་མུན་པ་སེལ་བར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུའི་གནས་མེད་དོ། །རིགས་ཀྱི་བུ། ཤེས་རབ་ནི་གང་ཡིན། ཉོན་མོངས་པ་ནི་གང་ཡིན་ན། ཤེས་རབ་ཀྱིས་ཉོན་མོངས་པ་སེལ་བར་འགྱུར་རོ་ཞེས་སྨྲ། དེ་ལྟར་མེད་པས་ན་གཞོམ་དུའང་མེད་དོ། །རིགས་ཀྱི་བུ། ཤེས་རབ་ཀྱིས་ཉོན་མོངས་པ་གཞོམ་པར་འགྱུར་རོ་ཞེས་བྱ་བ་ཕྱིན་ནས་བཅོམ་མམ། མ་ཕྱིན་པར་བཅོམ། གལ་ཏེ་མ་ཕྱིན་པར་བཅོམ་ན་བུས་པ་མ་རབས་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཀྱང་བཅོམ་པའི་རིགས་སོ། ། འོན་ཏེ་ཕྱིན་ནས་བཅོམ་ན་སྐད་ཅིག་མ་སྔ་མས་བཅོམ་པར་རིགས་སོ། །གལ་ཏེ་སྐད་ཅིག་མ་སྔ་མས་མི་ཆོམས་ན། ཕྱི་མས་ཀྱང་མི་ཆོམས་སོ། །གལ་ཏེ་སྔ་མ་ཕྱིན་མ་ཐག་ཏུ་ཆོམས་ན། དེ་ཉིད་མ་ཕྱིན་པ་ཡིན་ན། ཅིའི་ཕྱིར་ཤེས་རབ་ཀྱིས་གཞོམ་པར་འགྱུར་ཞེས་སྨྲ། གལ་ཏེ་ཕྱིན་པ་དང་མ་ཕྱིན་པས་བཅོམ་ཞེས་སྨྲ་ན། དོན་དེའང་དེ་ལྟ་མ་ཡིན་ནོ། །གཞན་ཡང་ལྷག་མཐོང་གིས་ཉོན་མོངས་པ་གཞོམ་པར་འགྱུར་རོ་ཞེས་བྱ་བ། འོན་ཏེ་གཅིག་པུས་གཞོམ་ནུས་སམ། འོན་ཏེ་གྲོགས་ཀྱིས་གཞོམ་པར་འགྱུར། གལ་ཏེ་གཅིག་པུས་གཞོམ་ནུས་པ་ཞིག་
Kha234a
༄#། །ཡིན་ན། བྱང་ཆུབ་སེམས་དཔའ་ཅིའི་ཕྱིར་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་སྒོམ་པར་འགྱུར། གལ་ཏེ་གྲོགས་ཀྱིས་གཞོམ་པར་གྱུར་པ་ཞིག་ཡིན་ན། གཅིག་པུས་གཞོམ་པ་མ་ཡིན་པར་རིག་གོ་།གལ་ཏེ་གཅིག་པུས་མི་ནུས་ན་གྲོགས་ཀྱིས་ཀྱང་མི་ནུས་པ་ནི། ཇི་ལྟར་ལོང་པ་གཅིག་གིས་གཟུགས་མི་མཐོང་ན། ལོང་བ་མང་པོས་གྲོགས་བྱས་ཀྱང་གཟུགས་མི་མཐོང་བ་ལྟར་ལྷག་མཐོང་ཡང་དེ་དང་འདྲའོ། །རིགས་ཀྱི་བུ། ཇི་ལྟར་སའི་རང་བཞིན་སྲ་བ་དང ། ཆུའི་རང་བཞིན་གཤེར་བ་དང ། མེའི་རང་བཞིན་དྲོ་བ་དང ། རླུང་གི་རང་བཞིན་གཡོ་བའོ། །དེ་ལྟར་སའི་རང་བཞིན་སྲ་བ་ནས་རླུང་གི་རང་བཞིན་གཡོ་བའི་བར་དུ་རྒྱུ་དང་རྐྱེན་གྱིས་བྱས་པ་མ་ཡིན་ཏེ། རང་བཞིན་གྱིས་དེ་ལྟའོ། །ཇི་ལྟར་ཆེན་པོ་བཞིའི་ཉོན་མོངས་པའང་དེ་དང་འདྲ་སྟེ། རང་བཞིན་གྱིས་བཅད་པའོ། །དེ་ལྟར་བཅད་པ་ཡིན་ན་ཅིའི་ཕྱིར་ཤེས་རབ་ཀྱིས་གཅོད་པར་འགྱུར་རོ་ཞེས་སྨྲ། དོན་དེ་ལྟ་བས་ན་ལྷག་མཐོང་གིས་ངེས་པར་ཉོན་མོངས་པ་རྣམས་གཞོམ་མི་ནུས་སོ། །རིགས་ཀྱི་བུ། དཔེར་ན། ལན་ཚཝའི་རང་བཞིན་ཁ་བས་དེ་ལས་ཐ་དད་པ་གཞན་ཡང་ཁ་བར་བྱེད་པ་དང ། སྦྲང་རྩིའི་རང་བཞིན་མངར་བས་དེ་ལས་ཐ་དད་པ་གཞན་ཡང་མངར་བར་བྱེད་པ་དང ། ཆུའི་རང་བཞིན་གཤེར་བས་དེ་ལས་ཐ་དད་པ་གཞན་ཡང་གཤེར་བར་
Kha234b
བྱེད་པ་ལྟར། ཤེས་རབ་ཀྱི་མཚན་ཉིད་འགོག་པ་ཡིན་པས་ཆོས་འགོག་པར་བྱེད་དོ་ཞེས་བྱ་བ་དོན་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཆོས་ལ་འགོག་པ་མེད་ན་ཇི་ལྟར་ཤེས་རབ་ཀྱི་ནན་གྱིས་འགོག་པར་བྱ། ལན་ཚཝ་ཁ་བས་དེ་ལས་ཐ་དད་པ་གཞན་ཁ་བར་བྱེད་པ་ལྟར་ཤེས་རབ་ཀྱིས་འགོག་པའང་དེ་དང་འདྲ་སྟེ། ཆོས་ཐ་དད་པ་འགོག་པ་བྱེད་དོ་ཞེས་བྱ་བའང་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་རང་བཞིན་ནི་སྐད་ཅིག་སྐད་ཅིག་མར་འགོག་པའོ། །གལ་ཏེ་སྐད་ཅིག་སྐད་ཅིག་མར་འགོག་ན། ཅིའི་ཕྱིར་ཆོས་ཐ་དད་པ་འགོག་བ་བྱེད་དོ་ཞེས་སྨྲ། དོན་དེ་ལྟ་བས་ན་ཤེས་རབ་ཀྱི་རང་བཞིན་གྱིས་ཉོན་མོངས་པ་གཞོམ་པར་མི་འགྱུར་རོ། །རིགས་ཀྱི་བུ། ཆོས་ཐམས་ཅད་ལ་འགོག་པ་རྣམ་པ་གཉིས་ཏེ། རང་བཞིན་གྱིས་འགོག་པ་དང ། མཐར་འགོག་པའོ། །དེ་ལྟར་རང་བཞིན་གྱིས་འགོག་པ་ཡིན་ན། ཅིའི་ཕྱིར་ཤེས་རབ་ཀྱིས་འགོག་པར་བྱེད་ཅེས་སྨྲ། གལ་ཏེ་ཤེས་རབ་ཀྱིས་ཉོན་མོངས་པ་སྲེག་ནུས་ཏེ། ཇི་ལྟར་མེས་རྫས་བསྲེགས་པ་བཞིན་ནོ་ཞེས་སྨྲ་ནའང ། དེའང་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མེས་རྫས་བསྲེགས་པ་ནི་ཐལ་བ་ཙམ་དུའང་ལུས་སོ། །ཤེས་རབ་ཀྱང་དེ་དང་འདྲན་ཐལ་བ་དང་འདྲ་བ་ལུས་པའི་རིགས་སོ། །སྟ་རེས་ཤིང་བཅད་པའང་བཅད་པའི་འཕྲོ་སྣང་ངོ ། །ཤེས་རབ་ཀྱང་དེ་དང་འདྲ་ན་བལྟར་མངོན་པ་ཅི་ཞིག་ཡོད། གལ་ཏེ་ཤེས་རབ་ཀྱིས་ཉོན་མོངས་པ་
Kha235a
༄#། །སྤོང་བར་ནུས་ན་ལྟ། ཉོན་མོངས་པ་དེ་དག་ཇི་ལྟར་མུ་སྟེགས་ཅན་རྣམས་གྲོང་ཁྱེར་ཆེན་པོ་དྲུག་པོ་རྣམས་ན་མེད་ཀྱང་གྲོང་ཁྱེར་རྩཝ་མཆོག་ན་སྣང་བ་བཞིན་དུ་གཞན་དུ་སྣང་བའི་རིགས་ཏེ། དེ་ལྟར་ཉོན་མོངས་པ་དེ་གཞན་ན་མི་སྣང་བ་དེས་ན་ཤེས་རབ་ཀྱིས་སྤོང་མི་ནུས་པར་རིག་གོ་།རིགས་ཀྱི་བུ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་སོ་སོར་སྟོང་པ་སྟེ། སུས་ཀྱང་སྐྱེད་མི་ནུས་ལ་སུས་ཀྱང་དགག་མི་ནུས་སོ། །སྐྱེ་བའང་ཐ་དད་ལ་འགག་པའང་ཐ་དད་དེ། སུས་ཀྱང་མ་བྱས་སོ། །རིགས་ཀྱི་བུ། གང་ཞིག་ཏིང་ངེ་འཛིན་བསྒོམས་ན་ཡང་དག་པར་ཤེས་པ་དང ། ཡང་དག་པར་མཐོང་བ་འདི་ལྟ་བུ་ཐོབ་སྟེ། དོན་དེ་ལྟ་བས་ན་ངས་མདོ་སྡེ་ལས། གལ་ཏེ་དགེ་སློང་གང་ཏིང་ངེ་འཛིན་སྒོམ་པ་ནི་ཕུང་པོ་ལྔ་སྐྱེ་བ་དང ། འགོག་པའི་མཚན་ཉིད་མཐོང་ངོ ། །ཞེས་གསུངས་སོ། །རིགས་ཀྱི་བུ། གལ་ཏེ་ཏིང་ངེ་འཛིན་མ་བསྒོམས་ན་འཇིག་རྟེན་གྱི་དངོས་པོའང་མི་ཤེས་ན། འཇིག་རྟེན་ལས་འདས་པ་ལྟ་ཅི་སྨོས། གལ་ཏེ་ཏིང་ངེ་འཛིན་མེད་ན། ལམ་བདེ་བར་སོང་ན་གཡང་དུ་ལྟུང་ངོ ། །སེམས་ཀྱིས་ཆོས་གཞན་ལ་དམིགས་ཀྱང་ངག་ཐ་དད་པ་སྨྲ་ཞིང་རྣ་བས་ཐ་དད་པ་ཐོས་ཏེ། སེམས་ཐ་དད་པའི་དོན་གོའོ། །ཡི་གེ་གཞན་ཞིག་བྲི་བར་བསམས་ཀྱང་ལག་པས་ཐ་དད་འདྲི་ལ། ལམ་གཞན་དུ་འགྲོ་བ་ལས་གོམ་པ་
Kha235b
གཞན་དུ་འགྲོའོ། །གལ་ཏེ་གང་གིས་ཏིང་ངེ་འཛིན་བསྒོམས་ན་ཕན་པའི་དོན་ཆེན་པོར་འགྱུར་བ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་འགྲུབ་པར་འགྱུར་རོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཉིས་དང་ལྡན་པས་ཕན་པའི་དོན་ཆེན་པོ་བྱེད་ནུས་སོ། །གཉིས་གང་ཞེ་ན། ཏིང་ངེ་འཛིན་དང ། ཤེས་རབ་བོ། །རིགས་ཀྱི་བུ། འདི་ལྟ་སྟེ། སྲ་བ་ནི་དྲག་ཏུ་དྲངས་ན་ཆད་པ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དེ་གཉིས་སྒོམ་པའང་དེ་དང་འདྲའོ། །རིགས་ཀྱི་བུ། ཇི་ལྟར་ཤིང་སྲ་བ་རྩ་བ་ནས་འདོན་ན། སྔར་བསྒུལ་ཏེ་ཕྱིས་དབྱུང་ན་སླ་བ་ལྟར་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དང་ཤེས་རབ་ཀྱང་དེ་དང་འདྲ་སྟེ། སྔར་ཏིང་ངེ་འཛིན་གྱིས་བསྒུལ་ལ། ཕྱིས་ཤེས་རབ་ཀྱིས་དབྱུང་ངོ ། །ཇི་ལྟར་གོས་འཁྲུ་བ་དག་སྔར་ཐལ་བས་བཀྲུས་ལ། ཕྱིས་ཆུ་དྭངས་མས་བཀྲུས་ན་དག་པར་འགྱུར་བ་ལྟར། བྱང་ཆུབ་སེམས་དཔའི་ཤེས་རབ་དང ། ཏིང་ངེ་འཛིན་ཡང་དེ་དང་འདྲའོ། །རིགས་ཀྱི་བུ། ཇི་ལྟར་ཀློག་ཅིང་ཁ་ཏོན་བྱས་ན། ཕྱིས་དོན་གོ་བ་ལྟར། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དང་ཤེས་རབ་ཀྱང་དེ་དང་འདྲའོ། ། རིགས་ཀྱི་བུ། དཔེར་ན། མི་དཔའ་བོ་གོ་སྔར་བགོས་ལ་མཚོན་དང་ཆས་ཏེ། གདོད་གཡུལ་ངོར་བྱུང་ན་དགྲ་ཐུལ་པ་བཞིན་དུ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དང་ཤེས་རབ་ཀྱང་དེ་
Kha236a
༄#། །དང་འདྲའོ། །རིགས་ཀྱི་བུ། དཔེར་ན། མགར་བས་ཞི་གའི་ནང་དུ་གསེར་བླུགས་ན་ཡིད་བཞིན་དུ་བཞུ་བ་ལྟར། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དང་ཤེས་རབ་ཀྱང་དེ་དང་འདྲའོ། །རིགས་ཀྱི་བུ། དཔེར་ན། མེ་ལོང་གསལ་བའི་ནང་དུ་ངོའི་གཟུགས་བརྙན་བལྟ་བ་ལྟར། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དང་ཤེས་རབ་ཀྱང་དེ་དང་འདྲའོ། །རིགས་ཀྱི་བུ། ཇི་ལྟར་སྔར་ས་གཞི་བསྙམས་ཏེ་གདོད་ས་བོན་འདེབས་པ་དང ། སྔར་མཁན་པོ་ལས་ལུང་མནོས་ཏེ་གདོད་དོན་ཡིད་ལ་བྱེད་པ་བཞིན་དུ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དང་ཤེས་རབ་ཀྱང་དེ་དང་འདྲ་སྟེ། དོན་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་དེ་གཉིས་བསྒོམས་ན་ཕན་པ་ཆེན་པོ་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་དེ་གཉིས་བསྒོམས་ན་དབང་པོ་ལྔ་ལས་སུ་རུང་བར་འགྱུར་ཏེ། སྡུག་བསྔལ་མང་པོ་ལ་བཟོད་པ་འདི་ལྟ་སྟེ། བཀྲེས་པ་དང ། སྐོམ་པ་དང ། གྲང་བ་དང ། ཚ་བ་དང ། བརྡེག་པ་དང ། འཚོག་པ་དང ། སྦྱོ་བ་དང ། གཅན་གཟན་ཁྲོ་བོས་བཟའ་བ་དང ། སྦྲང་བུ་མཆུ་སྨྱུང་ལ་སོགས་པས་བཟའ་བའི་སྡུག་བསྔལ་ཐམས་ཅད་བཟོད་ནུས་ཏེ། རྟག་ཏུ་སེམས་སྡུད་ཅིང་བག་བྱེད་པ་དང ། རྙེད་པ་དང ། གྲགས་པའི་ཕྱིར་ཆོས་མ་ཡིན་པ་མི་སྤྱོད་པ་དང ། གློ་
Kha236b
བུར་གྱི་ཉོན་མོངས་པས་མི་གོས་པ་དང ། ངན་པར་ལྟ་བ་ཐམས་ཅད་ཀྱིས་མི་བསླུས་པ་དང ། རྟག་ཏུ་མི་དགེ་བའི་རྟོག་པ་རྣམས་ཡོངས་སུ་སྤོང་བ་དང ། རིང་པོར་མི་ཐོགས་པར་སེམས་ཅན་ལ་ཕན་བའི་དོན་བསྒྲུབ་པའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་བཞི་བཅུ་གཅིག་པ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་དེ་གཉིས་བསྒོམས་ན་ཕྱིན་ཅི་ལོག་གི་རླུང་དྲག་པོ་བཞིས་བསྐུལ་མི་ནུས་ཏེ། ཇི་ལྟར་རི་རབ་རིའི་རྒྱལ་པོ་ལ་རླུང་རྣམ་པ་བཞིས་བུས་ཀྱང་བསྐྱོད་མི་ནུས་པ་བཞིན་ནོ། །ཇི་ལྟར་བརྒྱ་བྱིན་གྱི་རྒྱལ་མཚན་བསྐྱོད་དུ་མེད་པ་ལྟར་མུ་སྟེགས་ཅན་གྱི་སྟོན་པས་བསྐྱོད་དུ་མེད་དོ། །ལོག་པའི་སྒྱུ་རྩལ་ཐ་དད་པ་རྣམས་ཀྱིས་བསླུ་མི་ནུས་ཤིང་རྟག་ཏུ་བདེ་བ་མཆོག་དམ་པ་ལ་ལོངས་སྤྱོད་པ་དང ། དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་དོན་ཟབ་མོ་རྟོགས་པ་དང ། བདེ་བ་ལའང་དགའ་བ་མེད་ལ། སྡུག་བསྔལ་ལའང་མྱ་ངན་མི་བྱེད་པ་དང ། ལྷ་དང་མི་ཐམས་ཅད་ཀྱིས་བསྟི་སྟང་དང་བཀུར་སྟི་བྱེད་ཅིང་བསྟོད་པ་དང ། འཁོར་བ་དང ། འཁོར་བ་མ་ཡིན་པ་གསལ་བར་མཐོང་བ་དང ། ཆོས་ཀྱི་དབྱིངས་དང ། ཆོས་ཀྱི་མཚན་ཉིད་ལ་མཁས་ཤིང་ལུས་ལ་རྟག་པ་དང ། བདེ་བ་དང ། བདག་
Kha237a
༄#། །དང ། ཡོངས་སུ་དག་པའི་ཆོས་ཡོད་པར་ཤེས་པར་འགྱུར་ཏེ། དེ་ནི་ཡོངས་སུ་མྱ་ངན་ལས་འདས་པའི་བདེ་བ་ཞེས་བྱའོ། །རིགས་ཀྱི་བུ། ཏིང་ངེ་འཛིན་གྱི་མཚན་ཉིད་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱའོ། །ཤེས་རབ་ཀྱི་མཚན་ཉིད་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །བཏང་སྙོམས་ཀྱི་མཚན་ཉིད་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཞེས་བྱ་སྟེ། རིགས་ཀྱི་བུ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཏིང་ངེ་འཛིན་གྱི་དུས་དང ། ཤེས་རབ་ཀྱི་དུས་དང ། བཏང་སྙོམས་ཀྱི་དུས་དང་དུས་མ་ཡིན་པ་ལ་མཁས་ཤིང་ཤེས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་སྤྱོད་པ་ཞེས་བྱའོ། །སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དུས་དང་དུས་མ་ཡིན་པ་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདེ་བ་མྱོང་བའི་རྐྱེན་གྱིས་ང་རྒྱལ་ཆེན་པོ་སྐྱེས་སམ། འོན་ཏེ་ཆོས་བཤད་པའི་རྐྱེན་གྱིས་ང་རྒྱལ་སྐྱེས་སམ། བརྩོན་འགྲུས་རྩོམ་པའི་རྐྱེན་གྱིས་ང་རྒྱལ་སྐྱེས་སམ། དོན་ཤེས་ཤིང་འདྲི་བ་དང་ལན་འདེབས་པ་ལ་མཁས་པའི་རྐྱེན་གྱིས་ང་རྒྱལ་སྐྱེས་སམ། མི་དགེ་བའི་བཤེས་གཉེན་དང་བསྙེན་པའི་རྐྱེན་གྱིས་ང་རྒྱལ་སྐྱེས་
Kha237b
སམ། ནོར་དམ་པ་སྦྱིན་པ་བྱས་པའི་རྐྱེན་གྱིས་ང་རྒྱལ་སྐྱེས་སམ། འཇིག་རྟེན་ན་རིགས་ཆེན་པོ་དང ། བཙུན་པའི་མི་དག་གིས་བཀུར་སྟི་བྱས་པའི་རྐྱེན་གྱིས་ང་རྒྱལ་སྐྱེས་ན། དེའི་ཚེ་ཤེས་རབ་མི་བསྒོམ་གྱི། ཏིང་ངེ་འཛིན་བསྒོམ་པར་རིག་པར་བྱ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་དུས་དང་དུས་མ་ཡིན་པ་ཤེས་པ་ཞེས་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་གང་བརྩོན་འགྲུས་རྩོམ་པ་ལས་ཕན་པ་དང ། བདེ་བའི་མྱ་ངན་ལས་འདས་པ་མ་ཐོབ་པས་དེ་ལྟར་མ་ཐོབ་པའི་ཕྱིར་འགྱོད་པའི་སེམས་སྐྱེས་སམ། དབང་པོ་རྟུལ་བའི་ཕྱིར་དབང་པོ་ལྔ་གདུལ་མི་ནུས་སམ། ཉོན་མོངས་པའི་དྲི་མ་རྣམས་ཀྱི་ལྷུན་སྟུག་པོར་གྱུར་ནས་ཚུལ་ཁྲིམས་དང ། འདུལ་བ་ལ་ཐེ་ཚོམ་ཟ་ཞིང་ཉམས་པ་ན་དེའི་ཚེའི་ཏིང་ངེ་འཛིན་མི་བསྒོམ་གྱི་ཤེས་རབ་བསྒོམ་པར་བྱ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་དུས་དང་དུས་མ་ཡིན་པ་ཤེས་པ་ཞེས་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་གང་ཏིང་ངེ་འཛིན་དང ། ཤེས་རབ་ཀྱི་ཤས་མི་མཉམ་པ་དེའི་ཚེ་བཏང་སྙོམས་མི་བསྒོམ་པར་རིག་པར་བྱའོ། །གལ་ཏེ་མཉམ་ན་བསྒོམ་པ་ཞེས་བྱ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་དུས་དང་དུས་མ་ཡིན་པ་ཤེས་པ་ཞེས་བྱའོ། ། རིགས་ཀྱི་བུ། གལ་ཏེ་བྱང་ཆུབ་སེམས་དཔའ་གང་ཏིང་ངེ་འཛིན་དང་ཤེས་རབ་བསྒོམ་པའི་ཚེ་ན་ཉོན་མོངས་པ་སྐྱེ་ན་དེའི་ཚེ་བཏང་སྙོམས་བསྒོམ་པར་མི་བྱ་སྟེ། མདོ་སྡེ་སྡེ་བཅུ་གཉིས་
Kha238a
༄#། །ཀློག་པ་དང ། འདོན་པ་དང ། ཡི་གེར་བྲིས་ཏེ་གཞན་ལ་བསྟན་ཞིང ། སངས་རྒྱས་རྗེས་སུ་དྲན་པ་དང ། ཆོས་རྗེས་སུ་དྲན་པ་དང ། དགེ་འདུན་རྗེས་སུ་དྲན་པ་དང ། ཚུལ་ཁྲིམས་རྗེས་སུ་དྲན་པ་དང ། ལྷ་རྗེས་སུ་དྲན་པ་དང ། སྦྱིན་པ་རྗེས་སུ་དྲན་པར་རིག་པར་བྱ་སྟེ། དེ་ནི་བཏང་སྙོམས་སྒོམ་པ་ཞེས་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ཆོས་ཀྱི་མཚན་ཉིད་གསུམ་པོ་དེ་དག་བསྒོམས་ན། དེའི་རྒྱུ་དང་རྐྱེན་གྱིས་མཚན་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་བོ། །སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས། མཚན་ཉིད་བཅུ་མ་མཆིས་པའི་སླད་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་མཚན་ཉིད་མ་མཆིས་པ་ཞེས་བགྱི་ནའང་དེའི་རྐྱེན་གྱིས་མ་སྐྱེས་པ་དང ། མ་བྱུང་བ་དང ། འདུས་མ་བྱས་པ་དང ། རྟེན་དང ། གླིང་དང ། མགོན་དང ། སྐྱབས་དང ། རབ་ཏུ་བདེ་བ་དང ། འགོག་པ་དང ། མྱ་ངན་ལས་འདས་པ་དང ། ཞི་བ་དང ། ནད་ཀྱི་སྡུག་བསྔལ་རྣམས་མ་མཆིས་པ་དང ། སྲིད་པ་མ་མཆིས་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། རྒྱུ་དང་རྐྱེན་མེད་པའི་ཕྱིར་མ་སྐྱེས་པ་ཞེས་བྱ། མ་སྐྱེས་པའི་ཕྱིར་མ་བྱུང་བ་ཞེས་བྱ། ལས་བྱས་པ་གང་ཡང་མེད་པའི་ཕྱིར་འདུས་མ་བྱས་པ་ཞེས་ཀྱང་བྱ། ལྟ་བ་ལྔ་ལ་མི་འཇུག་པའི་ཕྱིར་གནས་དང་རྟེན་ཞེས་བྱ། འདོད་པ་བཞི་དང་བྲལ་བའི་ཕྱིར་གླིང་ཞེས་བྱ། སེམས་ཅན་གདུལ་
Kha238b
བའི་ཕྱིར་མགོན་དང་སྐྱབས་ཞེས་བྱ། ཉོན་མོངས་པའི་དགྲ་བཅོམ་པའི་ཕྱིར་བདེ་བ་ཞེས་བྱ། ཉོན་མོངས་པའི་མི་འགགས་པའི་ཕྱིར་འགོག་པ་ཞེས་བྱ། རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱ། འདུ་འཛི་སྤངས་པའི་ཕྱིར་ཞི་བ་ཞེས་བྱ། འཆི་བ་ཡོངས་སུ་བཅད་པའི་ཕྱིར་ནད་མེད་པ་ཞེས་བྱ། ཐམས་ཅད་མེད་པའི་ཕྱིར་སྲིད་པ་མེད་པ་ཞེས་བྱའོ། །རིགས་ཀྱི་བུ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་ལྟར་རྟོག་པ་ན་སངས་རྒྱས་ཀྱི་རང་བཞིན་གསལ་བར་མཐོང་བར་འགྱུར་རོ། །སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་དུ་དང་ལྡན་ན་དེ་ལྟར་མཚན་མ་མེད་པའི་མྱ་ངན་ལས་འདས་པ་ནས། སྲིད་པ་མེད་པའི་བར་མཐོང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཅུ་དང་ལྡན་ན་མཚན་མ་མེད་པའི་མྱ་ངན་ལས་འདས་པ་ནས། སྲིད་པ་མེད་པའི་བར་དུ་མཐོང་བར་འགྱུར་རོ། །བཅུ་གང་ཞེ་ན། དད་པའི་སེམས་དང་ལྡན་པ་ཡིན། ཇི་ལྟར་ན་དད་པའི་སེམས་དང་ལྡན་པ་ཡིན་ཞེ་ན། སངས་རྒྱས་དང ། ཆོས་དང ། དགེ་འདུན་རྟག་པ་ཡིན་པར་ཡིད་ཆེས་ཤིང་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱང་ཐབས་ཀྱིས་མངོན་པར་སྟོན་པ་དང ། ལོག་སྲེད་ཅན་གྱི་བར་དུ་སེམས་ཅན་ཐམས་ཅད་ལ་
Kha239a
༄#། །སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཡིད་ཆེས་ཀྱི། དེ་བཞིན་གཤེགས་པ་ལ་སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། དཀའ་བ་སྤྱོད་པ་དང ། ལྷ་སྦྱིན་གྱིས་ཡང་དག་པར་དགེ་འདུན་གྱི་དབྱེན་བྱས་པ་དང ། དེ་བཞིན་གཤེགས་པའི་སྐུ་ལ་ཁྲག་ཕྱུང་བ་དང ། དེ་བཞིན་གཤེགས་པ་མཐའ་ཡུན་དུ་མྱ་ངན་ལས་འདས་པ་དང ། དམ་པའི་ཆོས་མ་ལུས་པར་ཟད་པར་འགྱུར་རོ་ཞེས་བྱ་བ་ལ་ཡིད་ཆེས་པ་མ་ཡིན་པ་ནི། བྱང་ཆུབ་སེམས་དཔའ་དད་པའི་སེམས་དང་ལྡན་པ་ཞེས་བྱའོ། །ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པ་ཡིན། དེ་ལ་ཇི་ལྟར་ན་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པ་ཞེ་ན། རིགས་ཀྱི་བུ། གལ་ཏེ་བྱང་ཆུབ་སེམས་དཔའ་གང་བདག་ཉིད་ཚུལ་ཁྲིམས་རྣམ་པར་དག་གོ་ཞེས་ཁས་འཆེས་ཏེ། བུད་མེད་ལ་མི་རེག་མོད་ཀྱི་བུད་མེད་མཐོང་བ་ན་སྟེག་གམ། རྩེད་མོའི་ཚིག་སྨྲ་བ་ན་བྱང་ཆུབ་སེམས་དཔའ་དེ་ནི་འདོད་ཆགས་ཀྱི་ཆོས་དང་ལྡན་པ་ཡིན་ཏེ། དེ་ནི་ཚུལ་ཁྲིམས་རྣམ་པར་དག་པ་ཉམས་ཤིང་ཚངས་པར་སྤྱོད་པའི་རིགས་སུན་འབྱིན་པར་བྱེད་པས་ཚུལ་ཁྲིམས་མེད་པར་བྱེད་པ་སྟེ། དེ་ནི་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པ་ཞེས་མི་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་གང་ཚུལ་ཁྲིམས་རྣམ་པར་དག་གོ་ཞེས་ཁས་འཆེས་ཏེ། བུད་མེད་ཀྱི་ལུས་ལ་མི་རེག་ཅིང་སྟེག་པ་དང་
Kha239b
རྩེད་མོའི་ཚིག་མི་སྨྲ་མོད་ཀྱི། དབེན་པ་སྐྱབས་ཡོད་པའི་ཕྱི་རོལ་ན་བུད་མེད་ཀྱི་རྒྱན་དང ། ཕྲེང་བ་དང ། དོ་ཤལ་གྱི་སྒྲ་དང ། སྐད་རྣམ་པ་སྣ་ཚོགས་ཐོས་པ་ལས་ཆགས་པའི་སེམས་བསྐྱེད་ན། བྱང་ཆུབ་སེམས་དཔའ་དེའང་འདོད་ཆགས་ཀྱི་ཆོས་དང་ལྡན་པ་ཡིན་ཏེ། ཚུལ་ཁྲིམས་རྣམ་པར་དག་པ་ཉམས་ཤིང་ཆངས་པར་སྤྱོད་པའི་རིགས་སུན་འབྱིན་པར་བྱེད་པས་ཚུལ་ཁྲིམས་དམེ་བར་བྱེད་པ་སྟེ། དེའང་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པ་ཞེས་མི་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་གང་ཚུལ་ཁྲིམས་རྣམ་པར་དག་གོ་ཞེས་ཁས་འཆེས་ཏེ། བུ་མེད་ལ་རེག་ཅིང་སྟེག་པ་དང་རྩེད་མོའི་ཚིག་ཀྱང་མི་སྨྲ་ལ། སྒྲ་སྐད་མི་ཉན་མོད་ཀྱི། སྐྱེས་པ་དག་བུད་མེད་ཀྱི་ཕྱིར་འབྲང་བའམ། བུད་མེད་དག་སྐྱེས་པའི་ཕྱིར་འབྲང་བ་མཐོང་ན་འདོད་ཆགས་སྐྱེད་ན་བྱང་ཆུབ་སེམས་དཔའ་དེའང་འདོད་ཆགས་ཀྱི་ཆོས་དང་ལྡན་པ་ཡིན་ཏེ། ཚུལ་ཁྲིམས་རྣམ་པར་དག་པ་ཉམས་ཤིང་ཚངས་པར་སྤྱོད་པའི་རིགས་སུན་འབྱིན་པར་བྱེད་པས་ཚུལ་ཁྲིམས་དམེ་བར་བྱེད་པ་སྟེ། དེའང་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པ་ཞེས་མི་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་གང་ཚུལ་ཁྲིམས་རྣམ་པར་དག་གོ་ཞེས་ཁས་འཆེས་ཏེ། བུད་མེད་ལའང་མི་རེག་།སྟེག་པ་དང་རྩེད་མོའི་ཚིག་ཀྱང་མི་སྨྲ། སྒྲ་སྐད་ཀྱང་མི་ཉན། སྐྱེས་པ་དང་བུད་མེད་འགྲོགས་
Kha240a
༄#། །པ་ལ་མི་ལྟ་མོད་ཀྱི། མཐོ་རིས་ཀྱི་ལྷའི་འདོད་པ་ལྔ་ལ་ཆགས་ཤིང་དགའ་ན་བྱང་ཆུབ་སེམས་དཔའ་དེའང་འདོད་ཆགས་ཀྱི་ཆོས་དང་ལྡན་པ་ཡིན་ཏེ། ཚུལ་ཁྲིམས་རྣམ་པར་དག་པ་ཉམས་ཤིང་ཚངས་པར་སྤྱོད་པའི་རིགས་སུན་འབྱིན་པར་བྱེད་པས་ཚུལ་ཁྲིམས་དམེ་བར་བྱེད་པ་སྟེ། དེའང་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པ་ཞེས་མི་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་གང་རྣམ་པར་དག་པའི་ཚུལ་ཁྲིམས་འཛིན་པ་ནི་ཚུལ་ཁྲིམས་ཀྱི་ཕྱིར་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་མ་ཡིན། སེམས་ཅན་གྱི་ཕྱིར་མ་ཡིན། ཕན་པ་དང་བདེ་བའི་དོན་གྱི་ཕྱིར་མ་ཡིན། བྱང་ཆུབ་སེམས་དཔའི་ཕྱིར་མ་ཡིན། མྱ་ངན་ལས་འདས་པའི་ཕྱིར་མ་ཡིན། ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཕྱིར་མ་ཡིན་གྱི། བླ་ན་མེད་པའི་དོན་དམ་པ་འབའ་ཞིག་གི་ཕྱིར་ཚུལ་ཁྲིམས་སྲུང་བ་ནི་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པ་ཞེས་བྱའོ། །དགེ་བའི་བཤེས་གཉེན་ལ་བསྟེན་པ་ཡིན། དེ་ལ་དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་གང་དག་དད་པ་དང ། ཚུལ་ཁྲིམས་དང ། མང་དུ་ཐོས་པ་དང ། སྦྱིན་པ་དང ། ཤེས་རབ་སྟོན་ཅིང་ཕ་རོལ་པོས་སྤྱོད་པར་འགྱུར་བ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ཞེས་བྱའོ། །ཞི་བ་ལ་དགའ་བ་ཡིན། དེ་ལ་ཞི་བ་ཞེས་བྱ་
Kha240b
བ་ནི་འདི་ལྟ་སྟེ། ལུས་དང་སེམས་ཞི་བས་ཆོས་རྣམས་ཀྱི་ཆོས་ཀྱི་དབྱིངས་ཟབ་མོ་རྟོགས་པ་ནི་ཞི་བ་ཞེས་བྱའོ། །བརྩོན་འགྲུས་དང་ལྡན་པ་ཡིན། དེ་ལ་བརྩོན་འགྲུས་ཞེས་བྱ་བ་ནི་འདི་ལྟ་སྟེ། སེམས་རྩེ་གཅིག་ཏུ་འཕགས་པའི་བདེན་པ་བཞི་ལ་རྟོག་པ་ནི། གལ་ཏེ་མགོའི་ཐོད་ལ་མེ་འབར་ཡང་མི་གཏོང་བ་ནི་བརྩོན་འགྲུས་ཞེས་བྱའོ། །དྲན་པ་ཉེ་བར་བཞག་པ་དང་ལྡན་པ་ཡིན། དེ་ལ་དྲན་པ་ཉེ་བར་བཞག་པ་ནི་འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པ་དང ། ཆོས་རྗེས་སུ་དྲན་པ་དང ། དགེ་འདུན་རྗེས་སུ་དྲན་པ་དང ། ལྷ་རྗེས་སུ་དྲན་པ་དང ། ཚུལ་ཁྲིམས་རྗེས་སུ་དྲན་པ་དང ། སྦྱིན་པ་རྗེས་སུ་དྲན་པ་ནི་དྲན་པ་ཉེ་བར་བཞག་པ་ཞེས་བྱའོ། །ངག་འཇམ་པར་སྨྲ་བ་ཡིན། དེ་ལ་ངག་འཇམ་པོ་ནི་འདི་ལྟ་སྟེ། ཚིག་བདེན་པ་དང་ཚིག་དམ་པ་དང ། སྔར་གསོང་བོས་སྨྲ་བ་དང ། དུས་ཀྱི་ཚིག་དང ། ཡང་དག་པའི་ཚིག་སྨྲ་བ་ནི་ངག་འཇམ་པོ་ཞེས་བྱའོ། །ཆོས་སྲུང་བ་དང་ལྡན་པ་ཡིན། དེ་ལ་ཆོས་སྲུང་བ་ནི་འདི་ལྟ་སྟེ། དམ་པའི་ཆོས་རྟག་ཏུ་བཤད་པ་དང ། ཀློག་པ་དང ། འདོན་པ་དང ། ཡི་གེར་བྲི་བ་ལ་དག་ཞིང་མོས་པ་དང ། དོན་ཡིད་ལ་བྱེད་པ་དང ། རྒྱལ་པར་འབྱེད་ཅིང་སྟོན་ཏེ་ཁོང་དུ་ཆུད་པར་བྱེད་པ་དང ། གཞན་ཡང་ཡི་གེར་འདྲི་བ་དང ། འབྱེད་ཅིང་འཆད་པ་དང ། ཀློག་ཅིང་འདོན་པ་དང ། བསྔགས་ཤིང་བསྟོད་པ་དང ། དོན་ཡིད་ལ་བྱེད་པ་མཐོང་
Kha241a
༄#། །ན།་འདི་ལྟར་འཚོ་བའི་ཡོ་བྱད་སྦྱོར་བ་ནི་གོས་དང ། ཟས་དང ། མལ་ཆ་དང ། ནད་ཀྱི་རྐྱེན་སྨན་ལ་སོགས་པ་འབུལ་བ་དང ། ཆོས་བསྲུང་བའི་ཕྱིར་ལུས་དང་སྲོག་མི་འདས་པ་ནི་ཆོས་སྲུང་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པ་གཅིག་པ་དང ། ཚུལ་ཁྲིམས་གཅིག་པ་དག་བྲེལ་ཅིང་ཕོངས་པ་མཐོང་ན་གཞན་ལས་ལྷུང་བཟེད་དང ། གོས་ཁ་དོག་བསྒྱུར་བ་དང ། ནད་གཡོག་བྱེད་པ་དང ། གོས་དང ། ཟས་དང ། མལ་ཆ་དང ། གནས་ཁང་ལ་སོགས་པ་བསླངས་ཏེ་སྦྱིན་པ་བྱིན་ན་ཤེས་རབ་དང་ལྡན་པ་ཡིན། དེ་ལ་ཤེས་རབ་ཅེས་བྱ་བ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པར་ལྟ་བ་དང ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ལྟ་བ་དང ། ཆོས་ཀྱི་མཚན་ཉིད་གཉིས་སུ་ལྟ་སྟེ། འདི་ལྟར་སྟོང་པ་དང ། སྟོང་པ་མ་ཡིན་པ་དང ། རྟག་པ་དང ། མི་རྟག་པ་དང ། བདེ་བ་དང ། བདེ་བ་མེད་པ་དང ། བདག་དང ། བདག་མེད་པ་དང ། ཡོངས་སུ་དག་པ་དང ། ཡོངས་སུ་མི་དག་པ་དང ། ཆོས་ཐ་དད་པ་གཅད་དུ་རུང་བ་དང ། ཆོས་ཐ་དད་པ་གཅོད་མི་རུང་བ་དང ། ཆོས་ཐ་དད་པ་རྐྱེན་ལས་སྐྱེ་བ་དང ། ཆོས་ཐ་དད་པ་རྐྱེན་ལས་མཐོང་བ་དང ། ཆོས་ཐ་དད་པ་རྐྱེན་ལས་འབྲས་བུར་གྱུར་པ་དང ། ཆོས་ཐ་དད་པ་རྐྱེན་ལས་འབྲས་བུར་
Kha241b
གྱུར་པ་མ་ཡིན་པར་རྟོག་པ་ནི་ཤེས་རབ་ལྡན་པ་ཞེས་བྱ་སྟེ། རིགས་ཀྱི་བུ། དེ་ནི་བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན། མཚན་མ་མེད་པའི་མྱ་ངན་ལས་འདས་པ་གསལ་བར་མཐོང་བ་ཞེས་བྱའོ། །སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་སྔར་ཙུནད་ལ་བཀའ་སྩལ་པ། ཁྱོད་ནི་སངས་རྒྱས་ཀྱི་རང་བཞིན་མཐོང་ངོ ། ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའང་ཐོབ་བོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ་ཞེས་བགྱི་བའི་དོན་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། མདོ་སྡེ་ལས་གལ་ཏེ་བྱོལ་སོང་ལ་སྦྱིན་པ་བྱས་ན་རྣམ་པར་སྨིན་པ་བརྒྱ་འགྱུར་ཐོབ་བོ། །ལོག་སྲེད་ཅན་ལ་སྦྱིན་པ་བྱས་ན་རྣམ་པར་སྨིན་པ་སྟོང་འགྱུར་ཐོབ་བོ། །ཚུལ་ཁྲིམས་སྲུང་བ་ལ་སྦྱིན་པ་བྱས་ན་རྣམ་པར་སྨིན་པ་བརྒྱ་སྟོང་སྙེད་ཐོབ་བོ། །གལ་ཏེ་མུ་སྟེགས་ཅན་ཉོན་མོངས་པ་ཚད་མེད་པ་སྙེད་བཅད་པ་ལ་སྦྱིན་པ་བྱས་ན་རྣམ་པར་སྨིན་པ་ཚད་མེད་པ་སྙེད་ཐོབ་བོ། །ཕྱོགས་བཞི་པ་དང ། འབྲས་བུ་བཞི་ཐོབ་པ་དང ། རང་སངས་རྒྱས་ལ་སྦྱིན་པ་བྱས་ན་རྣམ་པར་སྨིན་པ་ཚད་མེད་པ་སྙེད་ཐོབ་བོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང ། ཚེ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང ། སངས་རྒྱས་བཅོམ་ལྡན་འདས་ལ་སྦྱིན་པ་བྱས་པའི་བསོད་ནམས་རྣམ་པར་
Kha242a
༄#། །སྨིན་པ་ཐོབ་པ་ནི་ཚད་མེད་མཐའ་ཡས་བརྗོད་དུ་མེད། བསམ་གྱིས་མི་ཁྱབ་བོ་ཞེས་གསུངས་ཏེ། སྐྱེས་བུ་ཙུནྡས་དེ་ལྟར་བསོད་ནམས་རྣམ་པར་སྨིན་པ་མྱོང་བར་འགྱུར་ན་རྣམ་པར་སྨིན་པ་དེ་བས་མི་འཚལ་ཏེ། ནམ་ཞིག་གི་དུས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར། བཅོམ་ལྡན་འདས། ཡང་མདོ་སྡེ་ལས་གལ་ཏེ་གང་ཞིག་གིས་བསམ་པ་དག་པས་དགེ་བ་དང ། མི་དགེ་བའི་ལས་བྱས་ན་གདོན་མི་འཚལ་བར་འབྲས་བུ་རྣམ་པ་སྨིན་པར་འགྱུར་ཏེ། ད་ལྟར་གྱི་དུས་སམ། སྐྱེ་བ་སླད་མ་འམ། སྐྱེ་བ་འདི་ཉིད་ཀྱིས་མྱོང་བར་འགྱུར་རོ། །ཞེས་གསུངས་ན། ཙུནདའང་བསམ་པ་དག་པས་ལས་དགེ་བ་བགྱིས་པས་ལས་དེ་ནི་གདོན་མི་འཚལ་བར་འབྲས་བུ་མྱོང་བར་འགྱུར་རོ། །གལ་ཏེ་ངེས་པར་འབྲས་བུ་མྱོང་བར་འགྱུར་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟར་ཐོབ། ཡང་ཇི་ལྟར་ན་སངས་རྒྱས་ཀྱི་རང་བཞིན་མཐོང་བར་འགྱུར། བཅོམ་ལྡན་འདས། ཡང་མདོ་སྡེ་ལས། ནད་པ་དང ། ཕ་མ་དང ། སངས་རྒྱས་བཅོམ་ལྡན་འདས་དང་རྣམ་པ་འདི་གསུམ་ལ་སྦྱིན་པ་བྱས་ན་ཟད་མི་ཤེས་པའི་འབྲས་བུ་མྱོང་ངོ ། །ཞེས་གསུངས་སོ། །ཡང་མདོ་སྡེ་ལས། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ་ལས་སེམས་ཅན་ཐམས་
Kha242b
ཅད་འདོད་པའི་ཁམས་དང ། གཟུགས་དང ། གཟུགས་མེད་པའི་ཁམས་ཀྱི་ལས་མེད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཞེས་གསུངས་སོ། ། ཡང་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཚིག་གི་མདོ་ལས་ཚིགས་སུ་བཅད་པ་འདི་སྐད་ཅེས་གསུངས་སོ། །ནམ་མཁའི་ཁམས་དང་རྒྱ་མཚོ་དང ། །རི་དང་བྲག་ཏུ་སོང་བ་དང ། ས་ཕྱོགས་གང་དང་གར་སོང་ཡང ། །བྱས་པའི་ལས་ལས་ཐར་མི་འགྱུར། །ཡང་མ་འགགས་པས་གསོལ་པ་ལས། བཅོམ་ལྡན་འདས། བདག་མངོན་དུ་དྲན་པ་སྔོན་ཟ་མ་གཅིག་གི་ཟས་ཀྱི་སྦྱིན་པ་བྱིན་པས། བསྐལ་པ་བརྒྱད་ཁྲིའི་བར་དུ་ངན་སོང་གསུམ་དུ་ལྟུང་བར་མ་གྱུར་ཏོ། །བཅོམ་ལྡན་འདས། ཟ་མ་གཅིག་གི་ཟས་སྦྱིན་པ་བྱས་པས་ཀྱང ། རྣམ་པར་སྨིན་པའི་འབྲས་བུ་དེ་ལྟ་བུ་ཐོབ་པར་གྱུར་ན། ཙུནད་འདིས་དད་པའི་སེམས་ཀྱིས་སངས་རྒྱས་ལ་སྦྱིན་པ་བགྱིས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་འགྱུར་བ་ལྟ་ཅི་སྨོས། བཅོམ་ལྡན་འདས། གལ་ཏེ་དགེ་བའི་འབྲས་བུ་རྣམ་པར་སྨིན་པ་བས་པར་མི་འཚལ་ན། ཤིན་ཏུ་རྒྱས་པའི་མདོ་ལ་སྐུར་པ་དང ། མཚམས་མེད་ལྔའི་ཁ་ན་མ་ཐོ་བ་བགྱིས་པ་དང ། རྩ་བ་བཞི་ཉམས་པ་དང ། ལོག་སྲེད་ཅན་གྱི་ཁ་ན་མ་ཐོ་བ་ཇི་ལྟར་བས་པར་འགྱུར། གལ་ཏེ་བས་པར་མི་འགྱུར་ན་ཇི་ལྟར་སངས་རྒྱས་ཀྱི་རང་བཞིན་མཐོང་ཞིང་བླ་ན་མེད་པ་ཡང་དག་
Kha243a
༄#། །པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །རིགས་ཀྱི་བུ།་སྐྱེས་བུ་རྣམ་པ་གཉིས་ཀྱིས་ཚད་མེད་པ་མཐའ་ཡས་པའི་ཡོན་ཏན་ཐོབ་སྟེ། དཔག་ཏུ་མེད་ལ་བརྗོད་དུ་མེད་དེ། འཁོར་བའི་འོད་པའང་སྐེམས་ཤིང་བདུད་དང་ཕྱིར་རྒོལ་བའང་ཐུལ་ཏེ། བདུད་ཀྱི་རྒྱལ་མཚན་བསྙལ་བ་དང ། དེ་བཞིན་གཤེགས་པའི་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ། །གཉིས་གང་ཞེ་ན། འདྲི་བ་ལ་མཁས་པ་དང ། ལན་འདེབས་པ་ལ་མཁས་པའོ། །རིགས་ཀྱི་བུ། སངས་རྒྱས་ཀྱི་སྟོབས་བཅུའི་ནང་ན་ལས་ཀྱི་སྟོབས་མཆོག་གོ་།རིགས་ཀྱི་བུ། སེམས་ཅན་གང་ལས་ཀྱི་རྒྱུ་ཁྱད་དུ་གསོད་ཅིང་ཡིད་མི་ཆེས་པ་དག་གདུལ་བའི་ཕྱིར་དེ་སྐད་ཅེས་གསུངས་པ་ཡིན་ནོ། །རིགས་ཀྱི་བུ། བྱས་པའི་ལས་ཐམས་ཅད་ནི་ཡང་བའང་ཡོད་ལ་ལྕི་བའང་ཡོད་དོ། ། ཡང་བ་དང་ལྕི་བའི་ལས་གཉིས་ལའང་གཉིས་གཉིས་ཡོད་དེ། གང་ཞེ་ན། ངེས་པ་དང ། མ་ངེས་པའོ། །རིགས་ཀྱི་བུ། ཁ་ཅིག་འདི་སྐད་དུ་མི་དགེ་བའི་ལས་ཀྱི་འབྲས་བུ་མེད་དོ། །གལ་ཏེ་མི་དགེ་བའི་ལས་ཀྱི་འབྲས་བུ་ངེས་པར་ཡོད་ན། ཅིའི་ཕྱིར་རིགས་ངན་དབུགས་འཕྲོག་ཅེས་པ་མཐོ་རིས་ཀྱི་ལྷར་སྐྱེས་ལ་སོར་མོའི་རྒྱན་གྱིས་རྣམ་པར་གྲོལ་བའི་
Kha243b
འབྲས་བུ་ཐོབ་པར་གྱུར་ཏོ། །དོན་དེ་ལྟ་བས་ན་ལས་བྱས་པ་ལ་ངེས་པར་འབྲས་བུ་ཐོབ་པ་དང ། ངེས་པར་འབྲས་བུ་མི་ཐོབ་པ་ཡོད་དོ་ཞེས་སྨྲ་བ་ཡོད་དེ། ངན་པར་ལྟ་བ་གཅད་པའི་ཕྱིར་མདོ་སྡེ་ལས། ལས་བྱས་པ་ཐམས་ཅད་འབྲས་བུ་མི་ཐོབ་པ་མེད་དོ། །ཞེས་གསུངས་སོ། །རིགས་ཀྱི་བུ། ལས་ལྕི་བ་ལས་ཡང་བར་ཡང་འགྱུར་ལ། ལས་ཡང་བ་ལས་ལྕི་བར་ཡང་འགྱུར་ཏེ། དེའང་འགྲོ་བ་ཐམས་ཅད་ལ་བྱ་བ་མ་ཡིན་གྱི། གླེན་པ་དང ། ཤེས་རབ་ཅན་དུ་བྱེ་བྲག་དབྱེའོ། །དེ་བས་ན་ལས་ཐམས་ཅད་ངེས་པར་འབྲས་བུ་ཐོབ་པ་མ་ཡིན་ཏེ། ངེས་པ་མ་ཡིན་མོད་ཀྱི། མི་ཐོབ་པའང་མ་ཡིན་ནོ། །རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ལ་རྣམ་པ་གཉིས་ཏེ། ཤེས་རབ་ཅན་དང ། གཏི་མུག་ཅན་ནོ། །དེ་ལ་ཤེས་རབ་ཅན་ནི་ཤེས་རབ་ཀྱི་སྟོབས་ཀྱིས་སེམས་ཅན་དམྱལ་བའི་ལས་ཤིན་ཏུ་ལྕི་བ་བྱས་པའང་ཚེ་འདི་ལ་ཡང་བ་ཙམ་མྱོང་ནས་ཐར་བར་འགྱུར་རོ། །གཏི་མུག་ཅན་ནི་ཚེ་འདིའི་ལས་ཡང་བས་སེམས་ཅན་དམྱལ་བའི་ལས་ལྕི་བ་མྱོང་བར་འགྱུར་རོ། །སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་དེ་ལྟ་ན་ཚངས་པར་སྤྱོད་པ་རྣམ་པར་དག་པ་དང ། རྣམ་པར་གྲོལ་བའི་འབྲས་བུའང་མི་འཆལ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གལ་ཏེ་ལས་ཐམས་ཅད་ངེས་པར་འབྲས་བུ་ཐོབ་ན་ཚངས་པར་སྤྱོད་པ་དང ། རྣམ་པར་གྲོལ་བ་
Kha244a
༄#། །མི་དགོས་སོ་ཞེས་བྱར་རུང་ན་མ་ངེས་པའི་ཕྱིར་ཚངས་པར་སྤྱོད་པ་དང ། རྣམ་པར་གྲོལ་བའི་ཕྱིར་འབྲས་བུ་བསྒོམ་དགོས་སོ། །རིགས་ཀྱི་བུ། གལ་ཏེ་མི་དགེ་བའི་ལས་ཐམས་ཅད་སྤངས་ན་དགེ་བའི་འབྲས་བུ་ཐོབ་བོ། །དགེ་བའི་ལས་སྤངས་ན་མི་དགེ་བའི་འབྲས་བུར་འགྱུར་རོ། །གལ་ཏེ་ལས་ཐམས་ཅད་ངེས་པར་འབྲས་བུ་ཐོབ་ན་འཕགས་པའི་ལམ་བསྒོམ་མི་དགོས་པའི་རིགས་སོ། །གལ་ཏེ་འཕགས་པའི་ལམ་མ་བསྒོམས་ན་རྣམ་པར་གྲོལ་བར་མི་འགྱུར་ཏེ། དེ་བས་ན་འཕགས་པ་རྣམས་ཀྱིས་ངེས་པའི་ལས་གཞིག་ཅིང་རྣམ་པར་སྨིན་པ་ཡང་བར་བྱ་བ་དང ། མ་ངེས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་པ་བྱ་བའི་ཕྱིར་ལམ་བསྒོམ་མོ། །གལ་ཏེ་ལས་ཐམས་ཅད་ངེས་པར་འབྲས་བུ་ཐོབ་ན་འཕགས་པའི་ལམ་མི་དགོས་པར་འགྱུར་ཏེ། འཕགས་པའི་ལམ་སྒོམ་པ་སྤངས་པའི་ཕ་རོལ་ན་རྣམ་པར་གྲོལ་བ་ཐོབ་པའི་གནས་གཞན་མེད་དོ། །རྣམ་པར་གྲོལ་བ་མ་ཐོབ་པར་མྱ་ངན་ལས་འདས་པ་ཐོབ་བོ་ཞེས་བྱ་བའང་གནས་མེད་དོ། །རིགས་ཀྱི་བུ། གལ་ཏེ་ལས་ཐམས་ཅད་ངེས་པར་འབྲས་བུ་ཐོབ་ན་ཚེ་གཅིག་ཏུ་དགེ་བའི་ལས་ཤ་སྟག་བྱས་པས་རྟག་ཏུ་བདེ་བ་མྱོང་བར་འགྱུར་ལ། ཚེ་གཅིག་ཏུ་མི་དགེ་བའི་ལས་ལྕི་བ་བྱས་པའང་རྟག་ཏུ་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་རོ། །གལ་ཏེ་ལས་ཀྱི་འབྲས་བུ་དེ་
Kha244b
ལྟ་ཡིན་ན་ལམ་སྒོམ་པའང་མེད། རྣམ་པར་གྲོལ་བ་དང ། མྱ་ངན་ལས་འདས་པའང་མེད་དེ། མི་ཡང་རྟག་ཏུ་མི་བྱེད་པའི་རིགས། བྲམ་ཟེའང་རྟག་ཏུ་བྲམ་ཟེ་བྱེད་པའི་རིགས་སོ། །གལ་ཏེ་དེ་ལྟར་ན་རིགས་ངན་པ་དང ། མི་ངན་པ་མེད་པའི་རིགས་ཏེ། མི་ཡང་རྟག་ཏུ་མི་བྱེད་པར་འགྱུར་ལ། བྲམ་ཟེའང་རྟག་ཏུ་བྲམ་ཟེ་བྱེད་པར་འགྱུར་ཏེ། ཆུང་ངུའི་ཚེ་ན་ལས་བྱས་པའང་ཆུང་དུ་ནས་མྱོང་བའི་རིགས་ཏེ། ཚོད་ལ་བབ་པ་དང ། རྒས་པའི་ཚེ་མྱོང་བའི་མི་རིགས་སོ། །རྒས་པའི་ཚེ་མི་དགེ་བ་བྱས་པ་དག་སེམས་ཅན་དམྱལ་བར་ལྟུང་བའང་སེམས་ཅན་དམྱལ་བར་སྐྱེས་མ་ཐག་གི་ལུས་ཀྱིས་མྱོང་བ་མི་རིགས་ཀྱི། རྒས་ནས་གདོད་མྱོང་བའི་རིགས་སོ། །གལ་ཏེ་རྒས་པའི་ཚེ་སྲོག་མ་བཅད་པ་དག་དར་ལ་བབ་པའི་ཚེ་མི་མྱོང་བའི་རིགས་ཏེ། གལ་ཏེ་དར་ལ་བབ་པའི་ཚེ་མི་མྱོང་ན་རྒས་པར་ཡང་ཇི་ལྟར་འགྱུར་ཏེ། དེ་ནི་ལས་མེད་པར་མ་གྱུར་པའི་ཕྱིར་རོ། །གལ་ཏེ་ལས་མེད་པར་མ་གྱུར་ན་ལམ་སྒོམ་པ་དང ། མྱ་ངན་ལས་འདས་པ་ཡོད་པར་མི་འགྱུར་རོ། །རིགས་ཀྱི་བུ། ལས་ལ་རྣམ་པ་གཉིས་ཏེ། ངེས་པ་དང ། མ་ངེས་པའོ། །ངེས་པའི་ལས་ལའང་རྣམ་པ་གཉིས་ཏེ། རྣམ་པར་སྨིན་པ་ངེས་པ་དང ། དུས་ངེས་པའོ། །དེ་ལ་ཁ་ཅིག་ནི་རྣམ་པར་སྨིན་པ་ངེས་ལ་དུས་མ་ངེས་པའང་ཡོད་དེ། རྐྱེན་དང་ཕྲད་པ་ན་མྱོང་བར་འགྱུར་རོ། །ཁ་ཅིག་ནི་དུས་གསུམ་དུ་མྱོང་སྟེ། འདི་ལྟར་ད་ལྟར་མྱོང་བ་དང ། མ་
Kha245a
༄#། །འོངས་པ་ན་མྱོང་བ་དང ། ཕྱིས་མྱོང་བའོ། །རིགས་ཀྱི་བུ། གལ་ཏེ་ངེས་པའི་སེམས་ཀྱིས་དགེ་བ་དང ། མི་དགེ་བའི་ལས་བྱས་ཏེ། བྱས་ནས་ཤིན་ཏུ་དད་པའི་སེམས་བསྐྱེད་དེ་རབ་ཏུ་དགའ་ལ། དཀོན་མཆོག་གསུམ་ལ་རྟག་ཏུ་མཆོད་པར་ཤོག་ཅིག་ཅེས་ཡི་དམ་འཆའ་བ་ནི་ལས་ངེས་པའོ། །རིགས་ཀྱི་བུ། ཤེས་རབ་ཅན་གྱི་དགེ་བའི་རྩ་བ་ནི་ཟབ་ཅིང་བརྟན་ཏེ་བསྒུལ་དཀའ་བས་ལས་ལྕི་བ་དག་ཀྱང་ཡང་བར་འགྱུར་རོ། །གཏི་མུག་ཅན་ནི་མི་དགེ་བ་ཟབ་ཅིང་ལྷུན་སྟུག་པས་ལས་ཡང་བའང་རྣམ་པར་སྨིན་པ་ལྕི་བར་འགྱུར་རོ། །དོན་དེ་ལྟ་བས་ན་ལས་ཐམས་ཅད་ནི་ངེས་པ་ཞེས་མི་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སེམས་ཅན་དམྱལ་བའི་ལས་མེད་མོད་ཀྱི། སེམས་ཅན་གྱི་ཕྱིར་སེམས་ཅན་དམྱལ་བར་སྐྱེ་བར་སྨོན་ལམ་འདེབས་སོ། །རིགས་ཀྱི་བུ། སྔོན་སེམས་ཅན་ཚེ་ལོ་བརྒྱ་ཐུབ་པ་ན་སེམས་ཅན་གངྒཱའི་ཀླུང་གི་བྱེ་མ་སྙེད་སེམས་ཅན་དམྱལ་བར་སྡུག་བསྔལ་མྱོང་བ་ལས་ངས་དེ་དག་མཐོང་ནས་ཡི་དམ་ཆེན་པོ་བསྐྱེད་དེ། སེམས་ཅན་དམྱལ་བའི་ལུས་བླངས་སོ། །བྱང་ཆུབ་སེམས་དཔའ་ལ་དེའི་ཚེ་ན་ལས་དེ་ལྟ་བུ་དག་ཡང་དག་པར་མེད་མོད་ཀྱི། སེམས་ཅན་གྱི་ཕྱིར་སེམས་ཅན་དམྱལ་བའི་རྣམ་པར་སྨིན་པ་ལེན་ཏོ། །ང་དེའི་ཚེ་སེམས་ཅན་དམྱལ་བར་
Kha245b
ལོ་ཚད་མེད་པ་སྐྱེད་ཀྱི་བར་དུ་སྡིག་པ་ཅན་རྣམས་ལ་མདོ་སྡེ་སྡེ་བཅུ་གཉིས་རྒྱས་པར་འབྱེད་ཅིང་སྟོན་ཏེ། དེ་དག་གིས་ཐོས་ནས་མི་དགེ་བའི་རྣམ་པར་སྨིན་པ་བཅོམ་པས་སེམས་ཅན་དམྱལ་བ་ཡང་སྟོངས་པར་བྱས་ཏེ། ལོག་སྲེད་ཅན་ནི་མ་གཏོགས་སོ། །དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་དང ། མ་འོངས་པ་དང ། ཕྱིས་མི་དགེ་བའི་ལས་མྱོང་བ་མ་ཡིན་པ་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། བསྐལ་པ་བཟང་པོ་འདིར་སེམས་ཅན་ཚད་མེད་པ་སྙེད་བྱོལ་སོང་གི་སྐྱེ་གནས་སུ་སྐྱེས་ཏེ། མི་དགེ་བའི་ལས་ཀྱི་འབྲས་བུ་མྱོང་བ་ལས་ངས་དེ་དག་མཐོང་ནས་ཡང་ཡི་དམ་ཆེན་པོ་བསྐྱེད་དེ། སེམས་ཅན་དེ་དག་ལ་ཆོས་བསྟན་ཅིང་བསྒྲལ་བའི་ཕྱིར་བར་བར་ནི་ཁ་ཤ་དང ། ཤ་བ་དང ། དྲེད་མོ་དང ། ཕུག་རོན་དང ། སྤྲེའུ་དང ། ཀླུ་དང ། སྦྲུལ་དང ། ནམ་མཁའ་ལྡིང་དང ། ཉ་དང ། རུས་སྦལ་དང ། ཝ་དང ། རི་བོང་དང ། བ་ལང་དང ། རྟ་ལ་སོགས་པའི་ལུས་མྱོང་ངོ ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་དེ་ལྟ་བུའི་བྱོལ་སོང་གི་ལས་ངན་པ་མེད་མོད་ཀྱི། ཡི་དམ་ཆེན་པོའི་སྟོབས་ཀྱིས་སེམས་ཅན་གྱི་ཕྱིར་ལུས་དེ་དག་ཀྱང་ལེན་ཏོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་དང ། མ་འོངས་པ་དང ། ཕྱིས་མྱོང་\?\་བའི་མི་དགེ་བའི་ལས་མ་ཡིན་པ་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། བསྐལ་པ་བཟང་པོ་
Kha246a
༄#། །འདིར་སེམས་ཅན་ཚད་མེད་མཐའ་ཡས་པ་སྙེད་ཡི་དྭགས་སུ་སྐྱེས་ཏེ། ཟས་སུ་སྐྱུགས་པ་དང ། ཚིལ་དང ། ཤ་དང ། རྣག་དང ། ཁྲག་དང ། བཤང་གཅི་དང ། མཆིལ་མ་དང ། སྣབས་ཟ་ཞིང ། ཚེའི་ཚད་ལོ་ཁྲི་ཕྲག་ཚད་མེད་པ་བརྒྱ་སྟོང་སྙེད་ཀྱི་བར་དུ་སྐོམ་གྱི་མིང་ཡང་མ་ཐོས་ན། མིག་གིས་མཐོང་ཞིང་བཏུང་བ་ལྟ་ཅི་སྨོས། གལ་ཏེ་རྒྱང་ནས་ཆུ་མཐོང་སྟེ། དྲུང་དུ་འགྲོ་བར་གཟས་ནའང་ཕྱིན་མ་ཐག་ཏུ་མེ་མུར་དང ། རྣག་ཁྲག་ཏུ་འགྱུར་རོ། །ཅི་སྟེ་མ་གྱུར་ནའང་མི་མང་པོ་རལ་གྲི་དང་མདུང་ཐོགས་ཤིང་སྲུང་སྟེ་ཉེར་མི་སྟེར་རོ། །གལ་ཏེ་ཆར་པས་ལུས་ལ་ཕོག་ན་མེར་འགྱུར་ཏེ། དེ་ནི་མི་དགེ་བའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཡང་དག་པར་མི་དགེ་བའི་ལས་ཀྱི་འབྲས་བུ་དེ་ལྟ་བུ་མེད་མོད་ཀྱི། སེམས་ཅན་དག་རྣམ་པར་གྲོལ་བ་ཐོབ་པར་བྱ་བའི་དོན་གྱི་ཕྱིར་ཡིད་དམ་ཆེན་པོ་བསྐྱེད་ཅིང་ལུས་དེ་ལྟ་བུ་དག་ལེན་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་དང ། མ་འོངས་པ་དང ། ཕྱིས་མི་དགེ་བའི་ལས་མྱོང་བ་མ་ཡིན་པ་ཞེས་བྱའོ། །རིགས་ཀྱི་བུ། ང་བསྐལ་པ་བཟང་པོ་འདིར་བཤན་པའི་ཁྱིམ་དུ་སྐྱེས་ཏེ། བྱ་དང ། ཕག་དང ། བ་ལང་དང ། ལུག་གསོད་ཅིང་སྟོན་གྱི་ཡོ་བྱད་གཏོར་བ་དང་ཉ་རྒྱ་ལ་སོགས་པ་འཆང་སྟེ། རིགས་ངན་དག་གི་
Kha246b
ཁྱིམ་དུ་སྐྱེས་ནས། རྐུན་པོ་དང ། ཆོམ་པོ་བྱས་སོ། །བྱང་ཆུབ་སེམས་དཔའ་ལ་ཡང་དག་པར་དེ་ལྟ་བུའི་ལས་མེད་མོད་ཀྱི། སེམས་ཅན་སྒྲོལ་ཞིང་རྣམ་པར་གྲོལ་བ་ཐོབ་པར་བྱ་བའི་ཕྱིར་སྨོན་ལམ་ཆེན་པོའི་སྟོབས་ཀྱིས་དེ་ལྟ་བུའི་ལུས་ལེན་ཏོ། །དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་དང ། མ་འོངས་པ་དང ། ཕྱིས་མི་དགེ་བའི་ལས་མྱོང་པ་མ་ཡིན་པ་ཞེས་བྱའོ། །རིགས་ཀྱི་བུ། ང་བསྐལ་པ་བཟང་པོ་འདིར་ཡང་ཡུལ་གྱི་མཐའ་འཁོབ་ཏུ་སྐྱེས་ཏེ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་ལས་མང་པོ་བྱས་ནས་ཆོས་མ་ཡིན་པ་སྤྱོད་དེ། དཀོན་མཆོག་གསུམ་དང ། ཚེ་ཕྱི་མའི་འབྲས་བུ་རྣམ་པར་སྨིན་པ་ལ་ཡིད་མི་ཆེས་ཤིང་ཕ་མ་དང ། གཉེན་བཤེས་དང ། རྒན་རབས་དང ། བླ་མ་ལ་བཀུར་སྟི་མི་བྱེད་དོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ལ་དེའི་ཚེ་ཡང་དག་པར་དེ་ལྟ་བུའི་ལས་མེད་མོད་ཀྱི། སེམས་ཅན་རྣམ་པར་གྲོལ་བར་བྱ་བའི་ཕྱིར་སྨོན་ལམ་ཆེན་པོའི་སྟོབས་ཀྱིས་དེར་སྐྱེ་བར་བྱེད་དེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་དང ། མ་འོངས་པ་དང ། ཕྱིས་མི་དགེ་བའི་ལས་མྱོང་བ་མ་ཡིན་ཞེས་བྱའོ། །རིགས་ཀྱི་བུ། ང་བསྐལ་པ་བཟང་པོ་འདིར་ཡང་བུད་མེད་ཀྱི་ལུས་དང ། ལུས་ངན་པ་དང ། འདོད་ཆགས་ཀྱི་ལུས་དང ། ཞེ་སྡང་གི་ལུས་དང ། གཏི་མུག་གི་ལུས་དང ། ཕྲག་དོག་གི་ལུས་དང །
Kha247a
༄#། །འཇུངས་པའི་ལུས་དང ། སྒྱུ་མའི་ལུས་དང ། སླུ་བའི་ལུས་དང ། གླགས་པ་དང ། བཅངས་པའི་ལུས་བླངས་སོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ལ་དེའི་ཚེ་ན་ལས་ངན་པ་དེ་ལྟ་བུ་མེད་མོད་ཀྱི། སེམས་ཅན་དག་རྣམ་པར་གྲོལ་བ་ཐོབ་པར་བྱ་བའི་ཕྱིར་སྨོན་ལམ་ཆེན་པོའི་སྟོབས་ཀྱིས་དེར་སྐྱེ་བར་བྱེད་དེ། །དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་དང ། མ་འོངས་པ་དང ། ཕྱིས་མི་དགེ་བའི་ལས་མྱོང་བ་མ་ཡིན་པ་ཞེས་བྱའོ། །རིགས་ཀྱི་བུ། ང་བསྐལ་པ་བཟང་པོ་འདིར་ཉུང་རུམ་དང ། མ་ནིང་དང ། མཚན་གཉིས་དང ། མཚན་གཅིག་ཏུ་མ་ངེས་པའི་ལུས་མྱོང་སྟེ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཡང་དག་པར་ན་ལུས་ཀྱི་མི་དགེ་བའི་ལས་དེ་ལྟ་བུ་མེད་མོད་ཀྱི། སེམས་ཅན་དགྲོལ་བའི་ཕྱིར་སྨོན་ལམ་ཆེན་པོའི་སྟོབས་ཀྱིས་དེར་སྐྱེ་བར་བྱེད་དེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་དང ། མ་འོངས་པ་དང ། ཕྱིས་མི་དགེ་བའི་ལས་མྱོང་བ་མ་ཡིན་པ་ཞེས་བྱའོ། །རིགས་ཀྱི་བུ། ང་བསྐལ་པ་བཟང་པོ་འདིར་མུ་སྟེགས་ཅན་གཅེར་བུ་བའི་ཆོས་ལ་ཡིད་ཆེས་ཏེ། སྦྱིན་པའང་མེད། མཆོད་སྦྱིན་ཡང་མེད། སྦྱིན་པ་དང ། མཆོད་སྦྱིན་གྱི་འབྲས་བུའང་མེད། དགེ་བ་དང ། མི་དགེ་བའི་ལས་ཀྱང་མེད། དགེ་བ་དང ། མི་དགེ་བའི་
Kha247b
ལས་ཀྱི་འབྲས་བུ་རྣམ་པར་སྨིན་པའང་མེད། ད་ལྟར་གྱི་དུས་དང ། མ་འོངས་པའི་དུས་ཀྱང་མེད། ཚུ་རོལ་དང ། ཕ་རོལ་ཡང་མེད། འཕགས་པའང་མེད། སྤྲུལ་པའི་སྐུ་ཡང་མེད། ལམ་དང་མྱ་ངན་ལས་འདས་པ་མེད་པའི་ཆོས་ལ་གནས་པར་གྱུར་ཏོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ལ་ཡང་དག་པར་མི་དགེ་བའི་ལས་དེ་ལྟ་བུ་མེད་མོད་ཀྱི། སེམས་ཅན་རྣམ་པར་གྲོལ་བར་བྱ་བའི་ཕྱིར་སྨོན་ལམ་ཆེན་པོའི་སྟོབས་ཀྱིས་ངན་པར་ལྟ་བའི་ཆོས་དེ་ལ་ཞུགས་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་དང ། མ་འོངས་པ་དང ། ཕྱིས་མི་དགེ་བའི་ལས་མྱོང་བ་མ་ཡིན་པ་ཞེས་བྱའོ། །རིགས་ཀྱི་བུ། ངས་མངོན་དུ་དྲན་པ་སྔོན་འདས་པ་ན་ལྷ་སྦྱིན་དང ། ང་གཉིས་ཚོང་དཔོན་བྱེད་པ་ན། སོ་སོ་ནས་ཚོང་པ་ལྔ་བརྒྱ་ལྔ་བརྒྱ་སྙེད་ཡོད་དོ། །དེ་དག་རྙེད་པ་འདོད་པའི་ཕྱིར་རྒྱ་མཚོར་ཞུགས་ཏེ། ནོར་བུ་རིན་པོ་ཆེ་ལེན་དུ་སོང་བ་ལས་མི་དགེ་བའི་ལས་ཀྱི་རྒྱུས་བར་དུ་གློ་བུར་གྱི་རླུང་དྲག་པོ་དང་ཕྲད་དེ། གྲུ་ཞིག་ནས་གྲོགས་པོ་ཐམས་ཅད་ཤིའོ། །དེའི་ཚེ་ང་དང་ལྷ་སྦྱིན་གཉིས་སྲོག་མི་གཅོད་པའི་འབྲས་བུ་ཚེ་རིང་བར་གྱུར་པས་རླུང་གིས་བུས་ནས་སྐམ་སར་ཕྱིན་ཏོ། །དེའི་ཚེ་ལྷ་སྦྱིན་ནི། ནོར་དང་རིན་པོ་ཆེ་ལ་ཕངས་ཤིང་ཆགས་པས་མྱ་ངན་ཆེན་པོའི་སྡུག་བསྔལ་གྱིས་གདུངས་ཏེ། སྐད་ཆེན་པོ་ཕྱུང་ནས་ངུས་པ་ལས་ངས་དེའི་ཚེ་ན་ལྷ་སྦྱིན་ལ་མ་ངུ་ཞིག་ཅེས་སྨྲས་པ་དང ། ལྷ་སྦྱིན་གྱིས་
Kha248a
༄#། །ཕྱིར་ང་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ།་བརྟག་པར་ཉོན་ཅིག་།དཔེར་ན། མི་དབུལ་པོ་ཕོངས་པ་ཞིག་དུར་ཁྲོད་དུ་སོང་སྟེ། ལག་པས་རོ་ལ་བཟུང་ནས་འདི་སྐད་དུ་ཁྱོད་ཀྱིས་འཆི་བའི་བདེ་བ་ང་ལ་བྱིན་ཅིག་།ངས་ཁྱོད་ལ་དབུལ་ཕོངས་པའི་འཚོ་བ་འདི་སྦྱིན་ནོ་ཞེས་སྨྲས་པ་ལས། དེ་ནས་རོ་དེ་ལངས་ཏེ་འདུག་ནས་མི་དབུལ་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། དབུལ་ཕོངས་པའི་འཚོ་བའང་མི་འདོད་ལ། བདག་ནི་ད་ལྟར་རབ་ཏུ་བདེ་བས་ན་འཆི་བའི་བདེ་བ་ལས་དབུལ་ཕོངས་པའི་འཚོ་བ་ལ་དགའ་བ་མེད་དོ་ཞེས་སྨྲས་སོ། །བདག་ཀྱང་དེ་དང་འདྲ་སྟེ། འཆི་བའི་བདེ་བའང་མེད་ལ། དབུལ་ཡང་དབུལ་ན་ཇི་ལྟ་མི་ངུར་རུང ། ངས་ཡང་སྤྲོ་བ་བསྐྱེད་དེ། ཁྱོད་མྱ་ངན་མ་བྱེད་ཅིག་།བདག་ལ་ནོར་བུ་གཉིས་ཡོད་དེ། རིན་དཔག་ཏུ་མེད་ཀྱི། གཅིག་ཁྱོད་ལ་སྦྱིན་ནོ་ཞེས་སྨྲས་ནས་གཅིག་བྱིན་ཏེ། ཡང་འདི་སྐད་དུ་གང་དབང་ཐང་ཡོད་པ་ནི་རིན་པོ་ཆེའང་ཐོབ་པར་རུང་གི། གལ་ཏེ་དབང་ཐང་མེད་ན་ཐོབ་པར་མི་འགྱུར་རོ་ཞེས་སྨྲས་སོ། །ང་དེའི་ཚེ་ན་ཆད་ངལ་ཏེ་ཤིང་གཅིག་གི་དྲུང་ན་ངལ་གསོ་ཞིང་གཉིད་ལོག་པ་ལས། ལྷ་སྦྱིན་འདོད་པའི་སེམས་མཆེད་དེ། ནོར་བུ་གཅིག་གི་ཕྱིར་ངན་སེམས་བསྐྱེད་ནས་ངའི་མིག་བཅར་ཏེ་ནོར་བུ་ཕྲོགས་ནས་བྲོས་སོ། །ང་དེའི་ཚེ་མིག་ན་བས་སྐད་ཕྱུང་ནས་འཁུན་པ་ལས། བུ་མོ་གཅིག་ངའི་
Kha248b
གན་དུ་འོངས་ཏེ་འདི་སྐད་དུ་སྐྱེས་བུ་ཁྱོད་ཅི་སྟེ་འདི་ལྟར་འཁུན་ཅེས་དྲིས་སོ། །ངས་དེ་ལ་རྒྱུས་ནས་རྒྱས་པར་བཤད་དོ། །བུ་མོས་དེ་སྐད་སྨྲས་པ་ཐོས་ནས་ང་ལ་ཁྱོད་ཀྱི་མིང་ཅི་ཞེས་དྲིས་སོ། །དེ་ལ་ངའི་མིང་ནི་བདེན་པར་སྨྲ་བའོ་ཞེས་བྱས་སོ། །བུ་མོས་སྨྲས་པ། ཁྱོད་ཀྱི་མིང་བདེན་པར་སྨྲ་བ་ཡིན་ནམ་མ་ཡིན་ཇི་ལྟར་རྟོག་པར་འགྱུར། ངས་འདི་སྐད་དུ་ཡི་དམ་བཅས་ཏེ། གལ་ཏེ་བདག་ལྷ་སྦྱིན་ལ་ངན་སེམས་ཡོད་ན། མིག་ཀྱང་ད་ལྟར་འདི་འདྲ་བར་རྟག་ཏུ་ལོང་བར་གྱུར་ཅིག་།གལ་ཏེ་མེད་ན་མིག་ཀྱང་སླར་ཐོབ་པར་ཤོག་ཅིག་ཅེས་སྨྲས་མ་ཐག་ཏུ་མིག་ཀྱང་སྡ་མ་ཁོ་ན་བཞིན་དུ་གྱུར་ཏོ། །རིགས་ཀྱི་བུ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་གྱི་དུས་ཀྱི་འཕྲལ་དུ་རྣམ་པར་སྨིན་པ་བསྟན་པའོ། །རིགས་ཀྱི་བུ། ངས་མངོན་དུ་དྲན་པ་སྔོན་འདས་པའི་དུས་ན། ལྷོ་ཕྱོགས་བེ་ཏ་ལའི་ཡུལ་དུ་གྲོང་ཁྱེར་བུ་ཏ་ན་ཞེས་བྱ་བར་བྲམ་ཟེའི་ཁྱིམ་དུ་སྐྱེས་ཏེ། དེའི་ཚེ་ན་རྒྱལ་པོ་ཀ་ལ་བུ་ཞེས་བྱ་བ་ཁྲོ་ཞིང་གཏུམ་པ་ང་རྒྱལ་གྱིས་མངོན་པར་ཟིན་པ་ལང་ཚོ་ཞིང་མདངས་བཟང་བ་འདོད་པ་ལྔ་ལ་ཆགས་ཤིང་ཞེན་ཏེ། ང་དེའི་ཚེ་ན་སེམས་ཅན་བསྒྲལ་བའི་ཕྱིར་གྲོང་ཁྱེར་དེའི་ཕྱི་རོལ་ན་རྣལ་འབྱོར་སྤྱོད་ཅིང་འདུག་པ་ལས།་དེའི་ཆེ་ན་རྒྱལ་པོ་དེ་དབྱར་གྱི་དུས་མེ་ཏོག་རྒྱས་པ་ན་འཁོར་བཙུན་མོ་དང་སླས་དང་བཅས་ཏེ། གྲོང་ཁྱེར་གྱི་ཕྱི་རོལ་ཏུ་བསྲུང་ཞིང་ཤིང་དྲུང་དུ་འདོད་པ་ལྔས་རྩེ་ཞིང་འདུག་པ་དང །
Kha249a
༄#། །བུ་མོ་སླས་རྣམས་རྒྱལ་པོ་བཞག་སྟེ་རྩེ་ཞིང་སོང་བ་ལས་ངའི་གན་དུ་ཕྱིན་ཏེ། ང་དེའི་ཚེ་དེ་དག་གི་འདོད་པ་གཅད་པའི་ཕྱིར་ཆོས་བཤད་ཅིང་འདུག་པ་ལས་རྒྱལ་པོ་ཕྱི་བཞིན་དུ་འོངས་ཏེ། ང་མཐོང་བས་ངན་སེམས་སྐྱེས་ཏེ། དེ་ལ་འདི་སྐད་ཅེས་དྲིས་སོ། །ཁྱོད་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་མ། ངས་སྨྲས་པ། མ་ཐོབ་བོ། །ཡང་དྲིས་པ། ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་བམ། ངས་སྨྲས་པ། མ་ཐོབ་བོ། །ཡང་དྲིས་པ་ཁྱོད་འབྲས་བུ་རྣམ་པ་དེ་གཉིས་མ་ཐོབ་ན། འདོད་ཆགས་དང ། ཉོན་མོངས་པ་དང་ལྡན་པ་ཡིན་ན་ཅི་སྟེ་བག་མེད་པར་ངའི་སླས་རྣམས་ལ་རྟོག་།ངས་སྨྲས་པ། རྒྱལ་པོ་ཆེན་པོ། འདི་ལྟར་ཤེས་པར་གྱིས་ཤིག་།བདག་ད་ལྟར་འདོད་པའི་ཀུན་ནས་ཉོན་མོངས་པ་མ་བཅད་མོད་ཀྱི། ནང་གི་སེམས་ནི་ཡང་དག་པར་འདོད་ཆགས་མེད་དོ། །རྒྱལ་པོས་སྨྲས་པ། གླེན་པ། འཇིག་རྟེན་ན་དྲང་སྲོང་དབུགས་རྡུབ་ཅིང་ཤིང་ཏོག་ཟ་བ་རྣམས་ཀྱང་གཟུགས་བཟང་པོ་མང་པོ་མཐོང་ན་འདོད་ཆགས་སྐྱེ་ན། ཁྱོད་དར་ལ་བབ་སྟེ། འདོད་ཆགས་མ་བཅད་པས་གཟུགས་མང་པོ་མཐོང་ན་མི་ཆགས་པ་ལྟ་ཅི་སྨོས། ངས་སྨྲས་པ། རྒྱལ་པོ་ཆེན་པོ། གཟུགས་མཐོང་སྟེ་མི་ཆགས་པ་ནི་དབུགས་དང་འབྲས་བུ་ཟ་བ་ལ་རག་ལུས་པ་མ་ཡིན་ཏེ། མི་རྟག་པ་དང ། མི་གཙང་བ་ལ་སེམས་རྩེ་གཅིག་ཏུ་དམིགས་པའི་དབང་གིས་འགྱུར་རོ། །རྒྱལ་པོས་སྨྲས་
Kha249b
པ།་གཞན་ལ་སྨོད་ཅིང་སྐུར་པ་བཏབ་ན་ཚུལ་ཁྲིམས་གཙང་བ་ཞེས་བྱར་རུང་ངམ། ངས་སྨྲས་པ། རྒྱལ་པོ་ཆེན་པོ། གང་ཕྲག་དོག་གི་སེམས་དང་བཅས་པ་ནི་སྐུར་པ་འདེབས་པའོ། །བདག་ལ་ཕྲག་དོག་གི་སེམས་མེད་ན་ཅིའི་ཕྱིར་སྐུར་པ་འདེབས་ཞེས་བྱ། རྒྱལ་པོས་སྨྲས་པ། བཙུན་པ། ཚུལ་ཁྲིམས་ཞེས་བྱ་བ་ནི་ཇི་ལྟ་བུ། རྒྱལ་པོ་ཆེན་པོ་བཟོད་པ་ནི་ཚུལ་ཁྲིམས་ཞེས་བྱའོ། ། རྒྱལ་པོས་སྨྲས་པ། གལ་ཏེ་བཟོད་པ་ཚུལ་ཁྲིམས་ཡིན་ན། ཁྱོད་ཀྱི་རྣ་བ་བཅད་ཀྱི། གཟོད་ན་ཁྱོད་ཚུལ་ཁྲིམས་བསྲུང་བར་རིག་པར་འགྱུར་རོ་ཞེས་སྨྲས་ནས་ངའི་རྣ་བ་བཅད་དོ། །དེའི་ཚེ་ན་ངའི་མདངས་ཀྱང་མ་གྱུར་ཏོ། །རྒྱལ་པོའི་བློན་པོ་དག་དེ་ལྟ་བུའི་དངོས་པོ་མཐོང་ནས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ། སྐྱེས་བུ་དམ་པ་འདི་ལ་ནི་གཙེ་བའི་མི་རིགས་སོ། །རྒྱལ་པོས་བློན་པོ་དག་ལ་སྨྲས་པ། འདི་སྐྱེས་བུ་དམ་པ་ཡིན་པར་ཁྱེད་ཀྱིས་ཇི་ལྟར་ཤེས། བློན་པོ་རྣམས་ཀྱིས་གསོལ་པ། སྡུག་བསྔལ་མྱོང་བ་ན་མདངས་མ་གྱུར་པས་རིག་གོ་།རྒྱལ་པོས་ཡང་སྨྲས་པ།་མདངས་འགྱུར་རམ་མི་འགྱུར་བ་སད་དགོས་སོ་ཞེས་སྨྲས་ནས་སྣ་དང ། རྐང་ལག་ཐམས་ཅད་བཅད་དོ། །དེའི་ཚེ་ན་བྱང་ཆུབ་སེམས་དཔའ་ཚེ་རབས་ཚད་མེད་གྲངས་མེད་པའི་བར་དུ་བྱམས་པ་དང་སྙིང་རྗེ་བསྒོམས་ཤིང ། སེམས་ཅན་སྡུག་བསྔལ་བ་ལ་སྙིང་བརྩེ་བའི་སེམས་བསྐྱེད་པས། དེའི་ཚེ་ན་མགོན་པོ་བཞི་ཁྲོས་ནས་རྡོ་དང ། གསེག་མ་ཆར་བཞིན་དུ་ཕབ་
Kha250a
༄#། །བོ། །རྒྱལ་པོ་དེ་ལྟ་བུ་མཐོང་ནས་སྐྲག་པའི་སེམས་སྐྱེས་ཏེ། པུས་མོ་ས་ལ་བཙུགས་ནས་འདི་སྐད་ཅེས་ཐུགས་བརྩེ་བའི་སླད་དུ་འགྱོད་ཚངས་གནང་བར་སྨོན་ཏོ་ཞེས་གསོལ་ཏོ། །ངས་སྨྲས་པ། རྒྱལ་པོ་ཆེན་པོ། བདག་གི་སེམས་ལ་ཁྲོ་བའང་མེད་ལ། འདོད་ཆགས་ཀྱང་མེད་དོ། །རྒྱལ་པོས་སྨྲས་པ། སེམས་ལ་ཁྲོ་བ་མེད་པར་ཅིས་རིག་པར་བགྱི། དེ་ནས་ངས་འདི་སྐད་དུ་གལ་ཏེ་བདག་ཡང་དག་པར་ཁྲོ་བ་མེད་ན་བདག་གི་ལུས་འདི་སྔ་མཁོ་བཞིན་དུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས་དེ་མ་ཐག་ཏུ་ལུས་སྔ་མཁོ་བཞིན་དུ་གྱུར་ཏོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚེ་འདི་ཉིད་ལ་འབྲས་བུ་མངོན་དུ་གྱུར་པ་བསྟན་པའོ། །རིགས་ཀྱི་བུ། དགེ་བའི་ལས་ཀྱི་འབྲས་བུ་མ་འོངས་པ་ན་རྣམ་པར་སྨིན་པ་ཕྱི་མའི་དུས་ན་རྣམ་པར་སྨིན་པ་ལྟར་མི་དགེ་བའི་ལས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ན་ལས་ཐམས་ཅད་ཀྱི་འབྲས་བུ་མངོན་སུམ་དུ་སྨིན་པར་འགྱུར་རོ། །མི་དགེ་བའི་ལས་ངན་པ་མངོན་སུམ་དུ་སྨིན་པ་ནི་རྒྱལ་པོ་མི་དགེ་བ་བྱས་པས་གནམ་ལས་རྡོ་དང་གསེག་མ་བབ་པའམ། རྔོན་པ་ལ་དྲེད་མོའི་ལག་བརྡས་སྟོན་པ་དང ། རྔོན་པ་ལ་རིན་པོ་ཆེའི་ཁ་དོག་ལྟ་བུའི་ཤ་བ་ལག་བརྡས་སྟོན་པ་ལས་ལག་པ་ཆད་ནས་ལྷུང་བ་བཞིན་
Kha250b
ཏེ། དེ་ནི་མི་དགེ་བའི་ལས་ཀྱི་འབྲས་བུ་མངོན་སུམ་དུ་སྨིན་པ་ཞེས་བྱའོ། །མ་འོངས་པ་ན་རྣམ་པར་སྨིན་པ་ནི་ཇི་ལྟར་ལོག་སྲེད་ཅན་གྱིས་ཕས་ཕམ་པ་བཞི་ཉམས་པ་དང ། མཚམས་མེད་པ་ལྔ་བྱས་པའོ། །ཕྱིས་རྣམ་པར་སྨིན་པ་ནི་ཇི་ལྟར་ཚུལ་ཁྲིམས་ཅན་དག་མ་འོངས་པའི་དུས་ན་འདི་ལྟ་བུའི་ཚུལ་ཁྲིམས་ཡོངས་སུ་དག་པའི་ལུས་ཐོབ་པར་གྱུར་ཅིག་།གལ་ཏེ་སེམས་ཅན་ཚེ་ལོ་བརྒྱ་དང་བརྒྱད་ཅུ་ཐུབ་པ་ན། དེའི་ཚེ་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ཏེ་སེམས་ཅན་གྱི་དོན་བྱེད་པར་ཤོག་ཅིག་ཅེས་སྨོན་པའོ། །རིགས་ཀྱི་བུ། གལ་ཏེ་ལས་ཐམས་ཅད་ངེས་པར་ད་ལྟར་མངོན་སུམ་དུ་སྨིན་པར་འགྱུར་ན། མ་འོངས་པའི་རྣམ་པར་སྨིན་པ་དང ། ཕྱི་མའི་རྣམ་པར་སྨིན་པ་མེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སྒོམ་པའི་ལས་ནི་ད་ལྟར་མངོན་སུམ་དུ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་གང་དག་རྣམ་པར་སྨིན་པ་རྣམ་པ་གསུམ་དུ་མི་འགྱུར་བ་ནི་མ་ངེས་པ་ཞེས་བྱའོ། །རིགས་ཀྱི་བུ། གལ་ཏེ་གང་ཞིག་ལས་ཐམས་ཅད་ངེས་པར་སྨིན་པར་ཡོད་དོ་ཞེས་སྨྲ་ན། ཚངས་པར་སྤྱོད་པ་དང ། རྣམ་པར་གྲོལ་བ་དང ། མྱ་ངན་ལས་འདས་པའང་མེད་པར་འགྱུར་ཏེ། དེ་ནི་ངའི་ཉེ་གནས་མ་ཡིན་གྱི། བདུད་ཀྱི་འཁོར་ཡིན་པར་རིག་པར་བྱའོ། །དེ་ལ་གང་ཞིག་ལས་ཐམས་ཅད་ངེས་པ་དང ། མ་ངེས་པ་ཡོད་དེ། ངེས་པ་ཞེས་བྱ་བ་ནི་ད་
Kha251a
༄#། །ལྟར་གྱི་རྣམ་པར་སྨིན་པ་དང ། མ་འོངས་པའི་རྣམ་པར་སྨིན་པ་དང ། ཕྱི་མའི་རྣམ་པར་སྨིན་པའོ། །མ་ངེས་པ་ནི་རྐྱེན་དང་ཕྲད་པ་ན་མྱོང་བར་འགྱུར་ཞིང ། རྐྱེན་དང་མ་ཕྲད་ན་མི་མྱོང་ངོ་ཞེས་སྨྲ་བ་ནི་ཚངས་པར་སྤྱོད་པ་དང ། རྣམ་པར་གྲོལ་བ་དང ། མྱ་ངན་ལས་འདས་པ་ཡོད་དེ། དེ་བས་ན་དེ་ནི་ངའི་ཉེ་གནས་ཡང་དག་པ་ཡིན་ཏེ། བདུད་ཀྱི་འཁོར་མ་ཡིན་ནོ། །རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ལ་མ་ངེས་པའི་ལས་ནི་མང ། གཅིག་ཏུ་ངེས་པའི་ལས་ནི་ཉུང་བས་དེའི་ཕྱིར་ལམ་ལ་ནན་ཏན་བྱེད་པ་ཡོད་དོ། །ལམ་ལ་ནན་ཏན་བྱེད་པ་ཡོད་པས་ངེས་པར་ལྕི་བའི་ལས་ཀྱང་ཡང་བར་འགྱུར་ཏེ། མ་ངེས་པའི་ལས་ནི་མ་འོངས་པའི་དུས་སུ་མྱོང་བ་མ་ཡིན་ནོ། །རིགས་ཀྱི་བུ། གང་ཟག་ལ་རྣམ་པ་གཉིས་ཏེ། གང་ཞེ་ན། མ་ངེས་པ་ངེས་པར་རྣམ་པར་སྨིན་པར་བྱེད་པ་དང ། ད་ལྟར་གྱི་རྣམ་པར་སྨིན་པ་མ་འོངས་པ་ན་རྣམ་པར་སྨིན་པར་བྱེད་པ་དང ། རྣམ་པར་སྨིན་པ་ཡང་པ་རྣམ་པར་སྨིན་པ་ལྕི་བར་བྱེད་པ་དང ། མིའི་སྐྱེ་གནས་སུ་མྱོང་བའི་རིགས་པ་སེམས་ཅན་དམྱལ་བར་མྱོང་བར་བྱེད་པ་ཡིན། གཅིག་ཏུ་ངེས་པ་མ་ངེས་པར་བྱེད་པ་དང ། མ་འོངས་པ་ན་མྱོང་བའི་རིགས་པ་བཟློག་སྟེ་ད་ལྟར་མྱོང་བར་བྱེད་པ་དང ། རྣམ་པར་སྨིན་པ་ལྕི་བ་རྣམ་པར་སྨིན་པ་ཡང་བར་བྱེད་པ་དང ། སེམས་ཅན་དམྱལ་བ་མྱོང་བའི་རིགས་པ་མིའི་སྐྱེ་གནས་སུ་མྱོང་བར་བྱེད་པ་ཡིན་ནོ། །གང་
Kha251b
ཟག་རྣམ་པ་དེ་གཉིས་ལ་གཅིག་ནི་གཏི་མུག་ཅན། གཅིག་ནི་ཤེས་རབ་ཅན་ཏེ། ཤེས་རབ་ཅན་ནི་ཡང་བར་བྱེད། གཏི་མུག་ཅན་ནི་ལྕི་བར་བྱེད་དོ། །རིགས་ཀྱི་བུ། དཔེར་ན། མི་གཉིས་ཤིག་རྒྱལ་པོའི་ཁྲིམས་དང་འགལ་བ་བྱས་ན། གང་རྩ་ལག་ཆེ་བ་ནི་ཉེས་ཕ་ཆེར་བྱས་ཀྱང་ཆུང་བར་འགྱུར་ལ། གང་རྩ་ལག་ཆུང་བ་ནི་ཆུང་བའི་རིགས་པ་ཡང་ཆེ་བར་འགྱུར་ཏེ། གཏི་མུག་ཅན་དང་ཤེས་རབ་ཅན་ཡང་དེ་དང་འདྲ་པར་ཤེས་རབ་ཅན་ལ་དགེ་བའི་ལས་མང་བས་ལྕི་བའང་ཡང་བར་འགྱུར་གྱི། གཏི་མུག་ཅན་ནི་ལས་དགེ་བ་ཉུང་བས་ཡང་བའང་ལྕི་བར་འགྱུར་རོ། །རིགས་ཀྱི་བུ། དཔེར་ན། མི་གཉིས་ཤིག་གཅིག་ནི་ཚོ་ལ་ཉམ་རྩལ་ཆེའོ། །གཅིག་ནི་རིང་ལ་ཉམ་རྩལ་ཆུང་སྟེ། གཉིས་ཀ་འདམ་དུ་ལྷུང་ན། གང་ཉམ་རྩལ་ཆེ་བ་ནི་ཕྱིར་འབྱུང་གི་།གང་ཉམ་རྩལ་ཆུང་བ་ནི་ནུབ་བོ། །རིགས་ཀྱི་བུ། དཔེར་ན། དུག་འཐུངས་པའི་མི་གཉིས་ཤིག་གཅིག་ལ་ནི་སྔགས་ཀྱི་མཐུ་དང་སྨན་ཨ་གས་ཋ་ཡོད་དོ། །གཅིག་ལ་ནི་མེད་དེ། གང་སྔགས་དང་སྨན་ཡོད་པ་ལ་ནི་དུག་གིས་མི་ཚུགས་སོ། །གང་སྔགས་དང་སྨན་མེད་པ་ནི་འཐུངས་མ་ཐག་ཏུ་ཤིའོ། །རིགས་ཀྱི་བུ། དཔེར་ན། མི་གཉིས་ཤིག་སྐོམ་མང་དུ་འཐུངས་ན། གཅིག་ལ་ནི་མེའི་མཐུ་ཆེའོ།། གཅིག་ལ་ནི་མེའི་མཐུ་ཆུང་སྟེ། མེའི་མཐུ་ཆེ་བ་ནི་ཞུ་བར་ནུས་སོ། །མེའི་མཐུ་ཆུང་བ་ནི་ནང་དུ་གྱུར་ཏོ། །རིགས་ཀྱི་བུ། དཔེར་ན། མི་གཉིས་ཤིག་རྒྱལ་པོས་བཙོན་དུ་བཟུང་ན། གཅིག་ནི་ཐབས་མཁས་པའི་ཤེས་
Kha252a
༄#། །རབ་དང་ལྡན། གཅིག་ནི་གླེན་ཞིང་ངན་ནོ། །གང་ཐབས་མཁས་པའི་ཤེས་རབ་དང་ལྡན་པ་ནི་དེ་མ་ཐག་ཏུ་ཐར་བར་འགྱུར་རོ། །གླེན་ཞིང་ངན་པ་ནི་ཐར་པའི་དུས་མེད་དོ། །རིགས་ཀྱི་བུ། དཔེར་ན། ལམ་ཉམ་ང་བར་འགྲོ་བའི་མི་གཉིས་ཤིག་གཅིག་ནི་མིག་དང་ལྡན་ནོ། །གཅིག་ནི་དམུས་ལོང་སྟེ། མིག་དང་ལྡན་པས་ནི་བདེ་བར་ཐར་གྱི། དམུས་ལོང་ནི་གཡང་སར་ལྷུང་ངོ ། །རིགས་ཀྱི་བུ། དཔེར་ན། ཆང་འཐུངས་པའི་མི་གཉིས་ཤིག་གཅིག་ནི་ཁ་ཟས་མང་དུ་ཟོས་སོ། །གཅིག་ནི་ཁ་ཟས་ཉུང་དུ་ཟོས་ཏེ། གང་ཉུང་དུ་ཟོས་པ་ནི་འཐུངས་ཀྱང་གནོད་པ་མེད་ཀྱི། གང་ཁ་ཟས་མང་དུ་ཟོས་པ་ནི་འཐུངས་ནས་ནད་དུ་གྱུར་ཏོ། །རིགས་ཀྱི་བུ། དཔེར་ན། གཡུལ་ངོར་ཕྱིན་པའི་མི་གཉིས་ཤིག་གཅིག་ནི་གོ་མཚོན་དང་ལྡན་ནོ། །གཅིག་ལ་ནི་ཅིའང་མེད་དེ། གང་གོ་མཚོན་དང་ལྡན་པ་ནི་དགྲ་ཐུལ་བར་འགྱུར་གྱི། ཅིའང་མེད་པ་ནི་བདག་ཀྱང་མི་ཐར་ཏོ། །ཡང་མི་གཉིས་ཤིག་མི་གཙང་བས་གོས་ལ་རེག་པ་ལས། གཅིག་གིས་ནི་ཚོར་མ་ཐག་ཏུ་བཀྲུས་སོ། །གཅིག་གིས་ནི་ཚོར་ཡང་མ་བཀྲུས་ན། གང་བཀྲུས་པ་ནི་གོས་གཙང་ངོ ། །མ་བཀྲུས་པ་ནི་མི་གཙང་བ་ཕྱི་ཕྱིར་ཆེ་བར་གྱུར་ཏོ། །ཡང་མི་གཉིས་ཤིག་གཉིས་ཀ་ཤིང་རྟ་ལ་ཞོན་ན། གཅིག་ལ་ནི་སྲོག་ཤིང་ཡོད་དོ། །གཅིག་ལ་ནི་སྲོག་ཤིང་མེད་དེ། གང་སྲོག་ཤིང་ཡོད་པ་ནི་ཡིད་བཞིན་དུ་འགྲོའོ། །གང་སྲོག་ཤིང་མེད་པ་ནི་གནས་ནས་ཕྱིར་མི་
Kha252b
འཕོའོ། །ཡང་མི་གཉིས་ཤིག་དབྱེ་དགོན་པར་སོང་ན། གཅིག་ལ་ནི་རྒྱགས་ཚོགས་ཡོད་དོ། །གཅིག་ལ་ནི་རྒྱགས་ཚོགས་མེད་དེ། གང་རྒྱགས་དང་ལྡན་པ་ནི་དབྱེ་ལས་བརྒལ་ཏོ། །སྟོང་པར་སོང་བ་ནི་བརྒལ་མི་ནུས་སོ། །ཡང་མི་གཉིས་ཤིག་ཆོམ་པོས་བཅོམ་ན། གཅིག་ལ་ནི་རིན་པོ་ཆེའི་གཏེར་ཡོད་དོ། །གཅིག་ལ་ནི་གཏེར་མེད་དེ། གང་རིན་པོ་ཆེའི་གཏེར་ཡོད་པ་ནི་བཅོམ་ཡང་མྱ་ངན་གྱི་སེམས་མེད་ཀྱི། གང་གཏེར་མེད་པ་ནི་མྱ་ངན་གྱིས་གདུངས་པར་གྱུར་ཏོ། །གཏི་མུག་ཅན་དང ། ཤེས་རབ་ཅན་ཡང་དེ་དང་འདྲ་སྟེ། གང་དགེ་བའི་གཏེར་ཡོད་པ་ནི་ལས་ལྕི་བའང་ཡང་བ་ཙམ་གྱིས་མྱོང་བར་བྱེད་ཀྱི། གང་དགེ་བའི་གཏེར་མེད་པ་ནི་ལས་ཡང་བའང་ལྕི་བར་མྱོང་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར། ལས་ཐམས་ཅད་ངེས་པར་འབྲས་བུ་ཐོབ་པར་འགྱུར་བའང་མ་ལགས་ལ། སེམས་ཅན་ཐམས་ཅད་ཀྱིས་ངེས་པར་མྱོང་བར་འགྱུར་བའང་མ་ལགས་སོ་ཞེས་གསུངས་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་ད་ལྟར་གྱི་རྣམ་པར་སྨིན་པ་ཡང་བ་དག་སེམས་ཅན་དམྱལ་བའི་ལྕི་བ་མྱོང་ཞིང་སེམས་ཅན་དམྱལ་བའི་རྣམ་པར་སྨིན་པ་ལྕི་བ་དག་ཀྱང་ད་ལྟར་གྱི་ཚེ་ལ་ཡང་བར་མྱོང་བར་འགྱུར་རོ་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་ཐམས་ཅད་ལ་རྣམ་པ་
Kha253a
༄#། །གཉིས་ཏེ། མཁས་པ་ཤེས་རབ་ཅན་དང ། གླེན་པ་གཏི་མུག་ཅན་ནོ། །གང་ལུས་དང ། ཚུལ་ཁྲིམས་དང ། སེམས་དང ། ཤེས་རབ་སྒོམ་པ་ནི་ཤེས་རབ་ཅན་ནོ། །གང་ལུས་དང ། ཚུལ་ཁྲིམས་དང ། སེམས་དང ། ཤེས་རབ་མི་སྒོམ་པ་ནི་གཏི་མུག་ཅན་ཞེས་བྱའོ། །དེ་ལ་ཇི་ལྟར་ན་ལུས་མི་སྒོམ་ཞེ་ན། གང་དབང་པོ་ལྔ་མི་སྡུད་པ་ནི་ལུས་མི་སྒོམ་པའོ། །ཚུལ་ཁྲིམས་ཡོངས་སུ་དག་པ་བདུན་མི་འཛིན་པ་ནི་ཚུལ་ཁྲིམས་མི་སྒོམ་པའོ། །སེམས་མ་དུལ་བ་ནི་སེམས་མི་སྒོམ་པའོ། །འཕགས་པའི་སྤྱད་པ་མི་སྤྱོད་པ་ནི་ཤེས་རབ་མི་སྒོམ་པའོ། །གཞན་ཡང་ལུས་མི་སྒོམ་པ་ནི་རྣམ་པར་དག་པའི་ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་དང་མི་ལྡན་པའོ། །ཚུལ་ཁྲིམས་མི་སྒོམ་པ་ནི་མ་བརྟགས་པའི་རྫས་རྣམ་པ་བརྒྱད་འཆང་པའོ། །སེམས་མི་སྒོམ་པ་ནི་མཚན་ཉིད་རྣམ་པ་གསུམ་སྒོམ་མི་ནུས་པའོ། །ཤེས་རབ་མི་སྒོམ་པ་ནི་ཚངས་པར་སྤྱད་པ་མི་སྤྱོད་པའོ། །གཞན་ཡང་ལུས་མི་སྒོམ་པ་ནི་ལུས་ལ་མི་རྟོག་གཟུགས་ལ་མི་རྟོག་།གཟུགས་ཀྱི་མཚན་ཉིད་ལ་མི་རྟོག་།ལུས་ཀྱི་མཚན་ཉིད་ལ་མི་རྟོག་།ལུས་ལས་བྱུང་བ་མི་ཤེས། ལུས་འདི་ནས་ཕ་རོལ་ཏུ་འགྲོ་བར་མི་ཤེས། ལུས་མ་ཡིན་པ་ལ་ལུས་ཀྱི་མཚན་མར་འཛིན་ཅིང ། གཟུགས་མ་ཡིན་པ་ལ་གཟུགས་ཀྱི་མཚན་མར་བཟུང་ནས་བདག་དང ། ལུས་དང ། ལུས་ལས་བྱུང་བ་ལ་ཆགས་པ་ནི་ལུས་མི་སྒོམ་པ་ཞེས་
Kha253b
བྱའོ། །ཚུལ་ཁྲིམས་མི་སྒོམ་པ་ནི་གང་ཚུལ་ཁྲིམས་ངན་པ་ལེན་པ་ནི་ཚུལ་ཁྲིམས་སྒོམ་པ་ཞེས་མི་བྱ། མཐའ་འཁོབ་ཀྱི་ཚུལ་ཁྲིམས་དང ། བདག་ལ་ཕན་པའི་ཚུལ་ཁྲིམས་དང ། བདག་འདུལ་བའི་ཚུལ་ཁྲིམས་འཛིན་ཅིང ། སེམས་ཅན་ཐམས་ཅད་ལ་བདེ་བར་བྱེད་པ་མ་ཡིན། བླ་ན་མེད་པའི་དམ་པའི་ཆོས་བསྲུང་བའི་ཕྱིར་ནི་མ་ཡིན་གྱི། མཐོ་རིས་ཀྱི་ལྷར་སྐྱེ་ཞིང་འདོད་པ་ལྔའི་བདེ་བ་མྱོང་བར་འདོད་པའི་ཕྱིར་འཛིན་པ་ནི་ཚུལ་ཁྲིམས་སྒོམ་པ་ཞེས་མི་བྱའོ། །སེམས་མི་སྒོམ་པ་ནི་སེམས་འཁྲུགས་ཤིང་གཡེངས་པ་ན་རྩེ་གཅིག་ཏུ་བདག་གི་སྤྱོད་ཡུལ་སྲུང་མི་ནུས་པའོ། །བདག་གི་སྤྱོད་ཡུལ་ཞེས་བྱ་བ་ནི་འདི་ལྟར་དྲན་པ་ཉེ་བར་བཞག་པ་བཞིའོ། །བདག་གི་སྤྱོད་ཡུལ་མ་ཡིན་པ་ནི་འདི་ལྟར་འདོད་པ་ལྔའོ། །གང་དྲན་པ་ཉེ་བར་བཞག་པ་བཞི་བསྒོམ་མི་ནུས་པ་ནི་སེམས་བསྒོམ་པ་ཞེས་མི་བྱའོ། །གང་མི་དགེ་བའི་ལས་ལ་སེམས་མི་སྲུང་བ་ནི་ཤེས་རབ་སྒོམ་པ་ཞེས་མི་བྱའོ། །གཞན་ཡང་ལུས་མི་སྒོམ་པ་ནི་ལུས་འདི་མི་རྟག་པ། མི་གནས་པ། མི་བརྟན་པ། སྐད་ཅིག་སྐད་ཅིག་མར་ཞིག་ཅིང་འགོག་པ་བདུད་ཀྱི་སྤྱོད་ཡུལ་ཡིན་པར་རབ་ཏུ་རྟོག་མི་ནུས་པའོ། །ཚུལ་ཁྲིམས་མི་སྒོམ་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་ལྡན་པའོ། །སེམས་མི་སྒོམ་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་མི་ལྡན་པའོ། །ཤེས་རབ་མི་སྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་ལྡན་པའོ། །གཞན་
Kha254a
༄#། །ཡང་ལུས་མི་སྒོམ་པ་ནི་བདག་གི་ལུས་དང ། བདག་གི་ཕའི་ལུས་དང ། བདག་གི་ལུས་རྟག་པ་མི་འགྱུར་བའོ་ཞེས་ཆགས་པའོ། །ཚུལ་ཁྲིམས་མི་སྒོམ་པ་ནི་བདག་གི་ལུས་ཀྱི་ཕྱིར་མི་དགེ་བ་བཅུའི་ལས་བྱེད་པའོ། །སེམས་མི་སྒོམ་པ་ནི་མི་དགེ་བའི་ལས་ལས་སེམས་སྡུད་མི་ནུས་པའོ། །ཤེས་རབ་མི་སྒོམ་པ་ནི་སེམས་མི་སྡུད་པས་དགེ་བ་དང ། མི་དགེ་བའི་ཆོས་རྣམ་པར་འབྱེད་མི་ནུས་པའོ། །གཞན་ཡང་ལུས་མི་སྒོམ་པ་ནི་བདག་ཏུ་ལྟ་བ་མི་གཅོད་པའོ། །ཚུལ་ཁྲིམས་མི་སྒོམ་པ་ནི་ཚུལ་ཁྲིམས་སྙེམས་པ་མི་གཅོད་པའོ། །སེམས་མི་སྒོམ་པ་ནི་འདོད་ཆགས་དང་ཞེ་སྡང་གི་ལས་བྱེད་ཅིང་སེམས་ཅན་དམྱལ་བར་འགྲོ་བའོ། །གཞན་ཡང་ལུས་མི་སྒོམ་པ་ནི་ཡུལ་རྟོག་པར་མི་ནུས་ཏེ། ཉེས་པ་མེད་ཀྱང་རྟག་ཏུ་དགྲར་འཛིན་པའོ། །རིགས་ཀྱི་བུ། དཔེར་ན། སྐྱེས་བུ་ཞིག་ལ་དགྲ་ཞིག་རྟག་ཏུ་འབྲང་ཞིང་སྐབས་ཚོལ་ན། ཤེས་རབ་ཅན་གྱིས་ཚོར་ནས་སེམས་རྩེ་གཅིག་ཏུ་རྟག་ཏུ་བག་བྱེད་དོ། །གལ་ཏེ་བག་མ་བྱས་ན་དགྲས་འཚེ་བར་འགྱུར་བ་ལྟར་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱང་དེ་དང་འདྲ་བར་རྟག་ཏུ་སྐོམ་དང་ཟས་གྲང་དྲོ་མཉམ་པར་རིམ་གྲོ་བྱེད་དོ། །གལ་ཏེ་དེ་ལྟར་རིམ་གྲོ་དང་བག་མ་བྱས་ན་ཞིག་ཅིང་འགྱེས་པར་འགྱུར་རོ། །རིགས་ཀྱི་བུ། ཇི་ལྟར་མེ་ལྷ་བརྗེད་པའི་བྲམ་ཟེ་རྟག་ཏུ་སྦོས་དང་མེ་ཏོག་འབུལ་ཞིང་བསྔགས་
Kha254b
བསྟོད་དེ། ཕྱག་འཚལ་པ་དང ། མཆོད་པ་དང ། རིམ་གྲོ་ལོ་བརྒྱའི་བར་དུ་བྱས་ཀྱང ། གལ་ཏེ་ཐང་ཅིག་རེག་ན་ལག་པ་འཚིག་པར་འགྱུར་རོ། །མེ་དེ་ལ་དེ་ལྟར་མཆོད་པ་བྱས་མོད་ཀྱི། སྐད་ཅིག་ཡུད་ཙམ་ཡང་མཆོད་པའི་དྲིན་ལ་ལན་གླན་པ་མེད་པ་ལྟར་སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། ལོ་མང་པོའི་བར་དུ་སྤོས་དང ། མེ་ཏོག་དང ། ཕྲེང་བ་དང ། གོས་དང ། ཟས་དང ། མལ་ཆ་དང ། ནང་ཀྱི་རྐྱེན་སྨན་གྱིས་རབ་ཏུ་གསོས་མོད་ཀྱི། གལ་ཏེ་ནང་དང་ཕྱི་རོལ་གྱི་མི་དགེ་བའི་རྒྱུ་རྣམས་དང་ཕྲད་ན་འཇིག་ཅིང་འགོག་པར་འགྱུར་ཏེ། སྔོན་གོས་དང་ཟས་ཀྱི་གསོ་བའི་དྲིན་ཅུང་ཟད་ཀྱང་མི་སེམས་སོ། །རིགས་ཀྱི་བུ། དཔེར་ན། རྒྱལ་པོ་ཞིག་སྦྲུལ་གདུག་པ་བཞི་གསོ་སྟེ། སྣོད་གཅིག་གི་ནང་དུ་བཅུག་ནས་མི་གཅིག་འཚོར་འཇུག་གོ་།སྤྲུལ་གདུག་པ་དེ་བཞི་ལས་གང་ཡང་རུང་བ་གཅིག་ཞེ་སྔར་སྐྱེས་ན་མི་གསོད་པར་འགྱུར་ཏེ། མི་དེས་འཇིགས་ནས་རྟག་ཏུ་ཟས་ཚོལ་ཞིང་དུས་སུ་སྙོད་དོ། །སེམས་ཅན་ཐམས་ཅད་ཀྱི་ཆེན་པོ་བཞིའི་སྦྲུལ་གདུག་པའང་དེ་དང་འདྲ་སྟེ། གལ་ཏེ་ཆེན་པོ་བཞི་ལས་གཅིག་ཞེ་སྡང་སྐྱེས་ན་ལུས་འཇིག་པར་འགྱུར་རོ། །རིགས་ཀྱི་བུ། དཔེར་ན། མི་ཞིག་ནང་ཀྱིས་བཏབ་ན། སེམས་ཐག་པ་ནས་སྨན་དང་སྨན་པ་ཚོལ་ཏེ། ནང་གསོ་བའི་ཆོ་ག་བྱེད་དོ། །གལ་ཏེ་འགྲུས་བར་མ་གསོས་ན་གདོན་མི་ཟ་བར་འཆིའོ། །སེམས་ཅན་ཐམས་ཅད་
Kha255a
༄#། །ཀྱི་ལུས་ཀྱང་དེ་དང་འདྲ་སྟེ། རྟག་ཏུ་སེམས་སྡུད་པ་ལ་བག་མེད་པར་མི་བྱའོ། །གལ་ཏེ་བག་མེད་པར་བྱས་ན་འཇིག་ཅིང་འགོག་པར་འགྱུར་རོ། །རིགས་ཀྱི་བུ། དཔེར་ན། རྫ་མ་སོ་མ་བཏང་བ་ནི་རླུང་དང ། ཆར་པ་དང ། བརྡེག་པ་དང ། འདོར་བ་དང ། མནན་པ་མི་བཟོད་དེ། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱང་དེ་དང་འདྲ་བར་བཀྲེས་པ་དང ། སྐོམ་པ་དང ། གྲང་བ་དང ། ཚ་བ་དང ། རླུང་དང ། ཆར་པ་དང ། བརྡེག་པ་དང ། འཆིང་བ་དང ། སྤྱོ་མི་བཟོད་དོ། །རིགས་ཀྱི་བུ། དཔེར་ན། ཐོར་བུ་སྐྲངས་ན་རྟག་ཏུ་བག་བྱེད་དེ། རེག་ཏུ་མི་སྟེར་རོ། །གལ་ཏེ་རེག་པ་ཞིག་ཏུ་གྱུར་ན་ན་བའི་སྡུག་བསྔལ་ཆེན་པོར་འགྱུར་ཏེ། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱང་དེ་དང་འདྲའོ། །རིགས་ཀྱི་བུ། དཔེར་ན། དྲེའུ་སྦྲུམས་ན་བདག་གི་ལུས་མེད་པར་བྱེད་དེ། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱང་དེ་འདྲ་བར་ཁོང་ན་རླུང་ནད་དང་བད་ཀན་གྱི་ནད་ཡོད་ན་སྡུག་བསྔལ་མྱོང་བར་འགྱུར་རོ། །རིགས་ཀྱི་བུ། དཔེར་ན། ཆུ་ཤིང་ལ་འབྲས་བུ་ཆགས་ན་དེ་མ་ཐག་ཏུ་བསྐམ་སྟེ། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱང་དེ་དང་འདྲའོ། །རིགས་ཀྱི་བུ། དཔེར་ན། ཆུ་ཤིང་སྙིང་པོ་མེད་པ་ལྟར་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱང་དེ་དང་འདྲའོ། །རིགས་ཀྱི་བུ། དཔེར་ན། སྤྲུལ་དང ། སྲེ་མོ་ནི་རྟག་ཏུ་གཅིག་ལ་གཅིག་གནོད་སེམས་སྐྱེད་པ་ལྟར་སེམས་ཅན་གྱི་ཆེན་པོ་བཞིའང་
Kha255b
དེ་དང་འདྲའོ། །རིགས་ཀྱི་བུ། དཔེར་ན། ངང་པའི་རྒྱལ་པོ་ནི་དུར་ཁྲོད་ལ་མི་དགའ་བ་ལྟར་བྱང་ཆུབ་སེམས་དཔའ་ཡང་དེ་དང་འདྲ་སྟེ། ལུས་ཀྱི་དུར་ཁྲོད་ལ་མི་ཆགས་མི་མོས་སོ། །རིགས་ཀྱི་བུ། དཔེར་ན། རིགས་ངན་དག་རབས་བདུན་གྱི་བར་དུ་རིགས་ངན་གྱི་ལས་བྱེད་ན་ཐམས་ཅད་ཀྱིས་སྨད་པར་འགྱུར་བ་ལྟར་ལུས་ཀྱི་ས་བོན་ཡང་དེ་དང་འདྲ་སྟེ། ས་བོན་ཁུ་བ་དང་ཁྲག་ལས་གྱུར་པས་མཐར་མི་གཙང་ངོ ། །དེ་ལྟར་མི་གཙང་བའི་ཕྱིར་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་སྨོད་དོ། །རིགས་ཀྱི་བུ། ལུས་འདི་ནི་རི་མ་ལ་ཡ་དང་མི་མཚུངས་ཏེ། ཙནྡན་དང ། མེ་ཏོག་ཨུཏྤལ་དང ། པུཎྜ་རི་ཀ་དང ། ཙམ་པ་ཀ་དང ། མ་ལི་ཀ་དང ། པ་རི་ཤ་ཀ་མི་སྐྱེ་སྟེ། བུ་ག་དགུ་ནས་རྟག་ཏུ་ཁྲག་དང ། རྣག་དང ། མི་གཙང་བ་ཟག་སྟེ། མནམ་པ་དམེ་བའི་གནས་སུ་སྐྱེས་ཏེ། མི་སྡུག་པ་སྐྱོ་བར་རུང་བ་རྟག་ཏུ་སྲིན་བུ་རྣམས་དང་ལྷན་ཅིག་གནས་པའོ། །རིགས་ཀྱི་བུ། དཔེར་ན། འཇིག་རྟེན་ན་སྐྱེད་མོས་ཚལ་གྱི་ར་བ་དམ་པ་གཙང་མར་མི་རོ་བཞག་ན་དེ་གཙང་བར་མི་འགྱུར་ཏེ། མང་པོ་ཀུན་གྱིས་སྤངས་ནས་ཆགས་པའི་སེམས་མི་སྐྱེ་བ་ལྟར། གཟུགས་ཀྱི་ཁམས་ཀྱང་དེ་དང་འདྲ་སྟེ། གཙང་ལ་བཟང་མོད་ཀྱི་ལུས་ཡོད་པའི་ཕྱིར་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་སྤོང་ངོ ། །རིགས་ཀྱི་བུ། གང་དེ་ལྟར་རྟོག་མི་ནུས་པ་ནི་ལུས་སྒོམ་པ་
Kha256a
༄#། །ཞེས་མི་བྱའོ། །དེ་ལ་ཚུལ་ཁྲིམས་མི་སྒོམ་པ་ནི། རིགས་ཀྱི་བུ། གང་གིས་ཚུལ་ཁྲིམས་འདི་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་སྐས་ཀྱི་ཐེམ་པའོ། །དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བ་སྟེ། ཇི་ལྟར་ས་ཆེན་པོ་ནི་ཤིང་དང་ནགས་ཚལ་ཐམས་ཅད་ཀྱི་སྐྱེ་བའི་གནས་དང་མཚུངས་སོ། །དགེ་བའི་རྩ་བ་ཐམས་ཅད་ཀྱི་ཐོག་མར་འགྲོ་བ་སྟེ། ཇི་ལྟར་ཚོང་དཔོན་ཚོང་པ་ཐམས་ཅད་ཀྱི་ཐོག་མར་འགྲོ་བ་དང་མཚུངས་སོ། །ཚུལ་ཁྲིམས་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་རྒྱལ་མཚན་ཡིན་ཏེ། ཇི་ལྟར་བརྒྱ་བྱིན་གྱི་རྒྱལ་མཚན་བསྒྲེང་བ་བཞིན་ནོ། །ཚུལ་ཁྲིམས་ཀྱིས་མི་དགེ་བའི་ལས་ཐམས་ཅད་དང ། ངན་སོང་གསུམ་གྱི་ལས་ཡུན་དུ་གཅོད་པའོ། །མི་དགེ་བའི་ནད་གསོ་བ་སྟེ། ཇི་ལྟར་སྨན་གྱི་སྡོང་པོ་བཞིན་ནོ། །ཚུལ་ཁྲིམས་ནི་འཁོར་བའི་ལམ་ཉམ་ང་བའི་རྒྱགས་ཚོགས་ལྟ་བུའོ། །ཚུལ་ཁྲིམས་ནི་ཉོན་མོངས་པའི་དགྲ་གཞོམ་པའི་གོ་མཚོན་ནོ། །ཚུལ་ཁྲིམས་ནི་ཉོན་མོངས་པའི་སྦྲུལ་གདུག་པ་མེད་པར་བྱེད་པའི་རིག་སྔགས་སོ། །ཚུལ་ཁྲིམས་ནི་མི་དགེ་བའི་ལས་སྤྱོད་པ་ལས་སྒྲོལ་བའི་ཟམ་པ་ལྟ་བུར་རྟོག་མི་ནུས་པ་ནི་ཚུལ་ཁྲིམས་སྒོམ་པ་ཞེས་མི་བྱའོ། །དེ་ལ་སེམས་མི་སྒོམ་བ་ནི་སེམས་གཡེང་བ་དང ། འཕྱར་བ་དང ། འགྱུར་བ་དང ། གཟུང་དཀའ་བ་དང ། གདུལ་དཀའ་བ་སྟེ། ཀུན་ཏུ་རྒྱུ་ལ་ཇི་ལྟར་བལ་གླང་མ་རུངས་པ་བཞིན་ནོ། །སྐད་ཅིག་སྐད་ཅིག་
Kha256b
མར་མྱུར་ཏེ། གློག་གི་འོད་དང་མཚུངས་སོ། །སེམས་ནི་རྒོད་ཅིང་མི་གནས་ཏེ། སྤྲེའུ་དང་མཚུངས་སོ། །སེམས་ནི་སྒྱུ་མ་སྨིག་རྒྱུ་དང་མཚུངས་ཏེ། མི་དགེ་བ་ཐམས་ཅད་ཀྱི་རྩ་བའོ། །འདོད་པ་ལྔ་ནི་ཆོག་དཀའ་སྟེ། མེ་དང་ཤིང་བུ་ཕྲད་པ་དང་མཚུངས་སོ། །སེམས་ནི་རྒྱ་མཚོ་དང་མཚུངས་ཏེ། འབབ་ཆུ་ཐམས་ཅད་ཤོང་པའོ། །སེམས་ནི་རི་མ་དང་མཚུངས་ཏེ། རྩཝ་ཤིང་མང་པོ་སྐྱེ་བའི་གནས་ལྟ་བུར་རྟོག་མི་ནུས་ཤིང་འཁོར་བ་ཡང་དག་པ་མ་ཡིན་པ་སླུ་བ་ལ་ཆགས་པས་གནོད་པར་འགྱུར་ཏེ། ཇི་ལྟར་ཉ་དག་མཆིལ་པས་ཟིན་པ་བཞིན་ནོ། །རྟག་ཏུ་ཐོག་མར་འགྲོ་བའི་རྗེས་སུ་ལས་འབྲང་བ་ནི་ཇི་ལྟར་ཉ་མོ་ཐོག་མར་སོང་ན་བུ་རྣམས་ཕྱི་བཞིན་དུ་འབྲང་བ་བཞིན་ནོ། །འདོད་པ་ལྔ་ལ་ཆགས་ནས་མྱ་ངན་ལས་འདས་པ་ལ་མི་མོས་པ་ནི་ཇི་ལྟར་རྔ་མོས་སྦྲང་རྩི་ཟོས་ན་ཤི་བ་ལ་ཐུག་གི་བར་དུའང་རྩཝ་ལ་མི་ལྟའོ། །ད་ལྟར་བདེ་བ་ལ་ཆགས་ཤིང་ཕྱི་མའི་ཉེས་པ་ལ་མི་རྟོག་སྟེ། ཇི་ལྟར་བ་ལང་ལྗང་བུ་ལ་ཆགས་པ་དབྱུག་པས་བརྡེགས་ཀྱང་མི་འཇིགས་པ་དང ། སྲིད་པ་ཉི་ཤུ་རྩ་ལྔར་ཀུན་ཏུ་འཁོར་ཞིང་རྒྱུག་པ་ནི་ཇི་ལྟར་རླུང་དྲག་པོས་ཤིང་བལ་འབུད་པ་བཞིན་ནོ། །ཚོལ་བར་མི་རིགས་པ་ཚོལ་བ་ལ་ཆོག་མི་ཤེས་པ་ནི་ཇི་ལྟར་བླུན་པོ་གླེན་པ་དག་མི་ཚ་བའི་མེ་ཚོལ་བ་བཞིན་ནོ། །རྟག་ཏུ་འཁོར་བ་ལ་དགའ་ཞིང་རྣམ་པར་གྲོལ་བ་ལ་མི་དགའ་བ་ནི་ཇི་ལྟར་སྲིན་བུ་འཇི་བ་ཞེས་བྱ་བ་ཤིང་འཇི་བ་ལ་ཆགས་
Kha257a
༄#། །པ་བཞིན་ནོ། །བསླད་ཅིང་འཁོར་བའི་མནམ་པོ་ལ་སྲེད་ཅིང་ཆགས་པ་ནི་ཇི་ལྟར་བཙོན་དག་བཙོན་དཔོན་གྱི་བུ་མོ་ལ་དགའ་བའམ་ཕག་མི་གཙང་བ་ལ་ཆགས་པ་བཞིན་ཏེ། གང་གིས་དེ་ལྟར་རྟོག་མི་ནུས་པ་ནི་སེམས་མི་སྒོམ་པ་ཞེས་བྱའོ། །དེ་ལ་ཤེས་རབ་མི་སྒོམ་པ་ནི་བྱ་ནམ་མཁའ་ལྡིང་ལྟ་བུའི་མཐུ་སྟོབས་ཆེན་པོས་ལས་ངན་པ་ཐམས་ཅད་འཇོམས་པ་དང ། ཉི་མའི་འོད་ལྟར་མ་རིག་པའི་མུན་པ་གཞོམ་པ་དང ། ཕུང་པོའི་ཤིང་གི་རྩ་བ་རྩེ་ནས་འདོན་པ་ནི་ཇི་ལྟར་ཀླུང་དྲག་པོས་གཡེང་བ་ལྟ་བུ་དང ། ལོག་པར་ལྟ་བ་སྲེག་པ་ནི་མེ་མར་མུར་དང་འདྲ་བའི་མཐུ་སྟོབས་ཡོད་པར་མི་རྟོག་པ་དང ། ཤེས་རབ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུམ་དང་ས་པོན་ཡིན་པར་རྟོག་མི་ནུས་པ་ནི་ཤེས་རབ་སྒོམ་པ་ཞེས་མི་བྱའོ། །རིགས་ཀྱི་བུ། དོན་དམ་པ་ལ་གལ་ཏེ་ལུས་དང ། ལུས་ཀྱི་མཚན་ཉིད་དང ། ལུས་ཀྱི་རྒྱུ་དང ། ལུས་ཀྱི་འབྲས་བུ་དང ། ལུས་ཀྱི་ཕུང་པོ་དང ། ལུས་གཅིག་པ་དང ། ལུས་གཉིས་པ་དང ། ལུས་འདི་དང ། ལུས་ཕ་རོལ་དང ། ལུས་འགོག་པ་དང ། ལུས་མཉམ་པ་དང ། ལུས་ཀྱིས་ལུས་བསྒོམ་པར་ལྟ་བ་ནི་ལུས་སྒོམ་པ་ཞེས་མི་བྱའོ། །རིགས་ཀྱི་བུ། གང་ཚུལ་ཁྲིམས་དང ། ཚུལ་ཁྲིམས་ཀྱི་མཚན་ཉིད་དང ། ཚུལ་ཁྲིམས་ཀྱི་རྒྱུ་དང ། ཚུལ་
Kha257b
ཁྲིམས་ཀྱི་འབྲས་བུ་དང ། ཚུལ་ཁྲིམས་རབ་དང ། འབྲིང་དང ། ཚུལ་ཁྲིམས་ཐ་མ་དང ། ཚུལ་ཁྲིམས་ཀྱི་ཚོགས་དང ། ཚུལ་ཁྲིམས་གཅིག་པ་དང ། ཚུལ་ཁྲིམས་གཉིས་པ་དང ། ཚུལ་ཁྲིམས་འདི་དང ། ཚུལ་ཁྲིམས་ཕ་རོལ་དང ། ཚུལ་ཁྲིམས་འགོག་པ་དང ། ཚུལ་ཁྲིམས་མཉམ་པ་དང ། ཚུལ་ཁྲིམས་ཀྱིས་ཚུལ་ཁྲིམས་སྒོམ་པ་དང ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་ལྟ་བ་ནི་ཚུལ་ཁྲིམས་སྒོམ་པ་ཞེས་མི་བྱའོ། །གང་གིས་སེམས་དང ། སེམས་ཀྱི་མཚན་ཉིད་དང ། སེམས་ཀྱི་རྒྱུ་དང ། སེམས་ཀྱི་འབྲས་བུ་དང ། སེམས་ཀྱི་ཚོགས་དང ། སེམས་དང ། སེམས་ལས་བྱུང་བ་དང ། སེམས་གཅིག་པ་དང ། སེམས་གཉིས་པ་དང ། སེམས་འདི་དང ། སེམས་ཕ་རོལ་དང ། སེམས་འགོག་པ་དང ། སེམས་མཉམ་པ་དང ། སེམས་ཀྱིས་སེམས་སྒོམ་པ་དང ། སེམས་རབ་དང ། སེམས་འབྲིང་དང ། ཐ་མ་དང ། མི་དགེ་བའི་སེམས་དང ། མི་དགེ་བའི་སེམས་སུ་ལྟ་ན་དེ་ནི་སེམས་སྒོམ་པ་ཞེས་མི་བྱའོ།། །། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་བཞི་བཅུ་གཉིས་པ། རིགས་ཀྱི་བུ། གང་ཤེས་རབ་དང ། ཤེས་རབ་ཀྱི་མཚན་ཉིད་དང ། ཤེས་རབ་ཀྱི་རྒྱུ་དང ། ཤེས་རབ་ཀྱི་འབྲས་བུ་དང ། ཤེས་རབ་ཀྱི་ཚོགས་དང ། ཤེས་རབ་གཅིག་པ་དང ། ཤེས་རབ་གཉིས་པ་དང ། ཤེས་རབ་འདི་དང ། ཤེས་རབ་ཕ་རོལ་དང ། ཤེས་རབ་འགོག་
Kha258a
༄#། །པ་དང ། ཤེས་རབ་མཉམ་པ་དང ། ཤེས་རབ་རབ་དང ། འབྲིང་དང ། ཐ་མ་དང ། ཤེས་རབ་རྟུལ་བ་དང ། ཤེས་རབ་རྣོ་བ་དང ། ཤེས་རབ་ཀྱིས་ཤེས་རབ་བསྒོམ་པར་ལྟ་བ་ནི་ཤེས་རབ་བསྒོམ་པ་ཞེས་མི་བྱའོ། །རིགས་ཀྱི་བུ། གང་གིས་ལུས་དང ། ཚུལ་ཁྲིམས་དང ། སེམས་དང ། ཤེས་རབ་མི་སྒོམ་པ་དེ་ནི་མི་དགེ་བའི་ལས་ཆུང་དུས་ཀྱང་མི་དགེ་བའི་རྣམ་པར་སྨིན་པ་ཆེན་པོར་འགྱུར་ཏེ། འདི་ལྟར་འཇིགས་པའི་ཕྱིར་རྟག་ཏུ་འདི་སྙམ་དུ་བདག་སེམས་ཅན་དམྱལ་བར་གཏོགས་པས་སེམས་ཅན་དམྱལ་བའི་སྤྱད་པ་སྤྱོད་དོ་སྙམ་སེམས་ཏེ། མཁས་པ་ཤེས་རབ་ཅན་གྱིས་སེམས་ཅན་དམྱལ་བའི་སྡུག་བསྔལ་བསྟན་པ་ཐོས་ཀྱང་རྟག་པར་འདི་སྙམ་དུ་ཇི་ལྟར་ལྕགས་ཀྱིས་ལྕགས་བརྡུང་བ་དང ། རྡོས་རྡོ་བརྡེག་པ་དང ། ཤིང་གིས་ཤིང་བརྡེག་པ་དང ། མེའི་སྲིན་བུ་མེ་ལ་དགའ་བ་བཞིན་དུ་སེམས་ཅན་དམྱལ་བའི་ལུས་ཀྱང་སེམས་ཅན་དམྱལ་བ་དང་མཚུངས་ཏེ། དེ་ལྟར་སེམས་ཅན་དམྱལ་བ་དང་མཚུངས་ན་སྡུག་བསྔལ་གྱིས་དངོས་པོ་ཅི་ཞིག་ཡོད་ཅེས་སེམས་སོ། །དཔེར་ན། སྦྲང་བུ་ངར་སྣབས་ལ་འབྱར་ཏེ་འབྱུང་མི་ནུས་པ་ལྟར་དེའང་དེ་དང་འདྲ་སྟེ། ཁ་ན་མ་ཐོ་བ་ཆུང་ངུ་ལས་འབྱུང་མི་ནུས་ཤིང་ཐོག་མ་ནས་འགྱོད་པའི་སེམས་མེད་དེ། དགེ་བ་སྤྱོད་མི་ནུས་ཤིང་སྐྱོན་བཅབས་པས་
Kha258b
སྔོན་གྱི་དགེ་བའི་ལས་ཡོད་པ་རྣམས་ཀྱང་ཁ་ན་མ་ཐོ་བས་དམེ་བར་བྱས་ཏེ། དེ་ལ་ད་ལྟར་གྱི་དུས་སུ་མྱོང་བར་རིགས་པའི་རྣམ་པར་སྨིན་པ་ཡང་བ་བསྒྱུར་ཏེ། སེམས་ཅན་དམྱལ་བའི་མི་དགེ་བའི་འབྲས་བུ་ཤིན་ཏུ་ལྕི་བར་འགྱུར་རོ། །རིགས་ཀྱི་བུ། ཇི་ལྟར་སྣོད་ཆུང་ངུའི་ཆུ་ཉུང་ཟད་ཀྱི་ནང་དུ་ལན་ཚ་ཕུལ་གང་བཏབ་ན་རོ་ཤིན་ཏུ་ཁ་བས་བཏུང་རབ་ཏུ་དཀའ་བ་ལྟར་དེའི་ཁ་ན་མ་ཐོ་བའི་ལས་ཀྱང་དེ་དང་འདྲའོ། །རིགས་ཀྱི་བུ། དཔེར་ན། མི་ཞིག་གཞན་ལ་དོང་ཙེ་གཅིག་ཆག་པ་ལས་སྐྱིན་པ་འཇལ་མི་ཕོད་པའི་ཕྱིར་བཅིངས་དྲགས་ཏེ། སྡུག་བསྔལ་མང་དུ་མྱོང་བ་ལྟར་དེའི་ཁ་ན་མ་ཐོ་བའི་ལས་ཀྱང་དེ་དང་འདྲའོ། །བྱང་ཆུབ་སེམས་དཔའ་སེམས་གེ་སྒྲས་གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ་ད་ལྟར་མྱོང་བར་རིགས་པའི་རྣམ་པར་སྨིན་པ་ཡང་བ་སེམས་ཅན་དམྱལ་བར་མྱོང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ཀྱིས་དངོས་པོ་འདི་ལྔ་དང་ལྡན་ན་ད་ལྟར་གྱི་རྣམ་པར་སྨིན་པ་ཡང་བ་སེམས་ཅན་དམྱལ་བར་མྱོང་བར་འགྱུར་རོ། །ལྔ་གང་ཞེ་ན། གཏི་མུག་ཅན་དང ། དགེ་བའི་རྩ་བ་ཉུང་བ་དང ། མི་དགེ་བའི་ལས་ལྕི་བ་དང ། འགྱོད་ཚངས་མ་བྱས་པ་དང ། ཐོག་མའི་དགེ་བའི་ལས་མི་སྤྱོད་པའོ། །ཡང་རྣམ་པ་ལྔ་སྟེ། མི་དགེ་བའི་ལས་སྤྱོད་པ་དང ། ཚུལ་ཁྲིམས་ཀྱི་ནོར་མེད་པ་དང ། དགེ་བའི་རྩ་བ་སྤོང་བ་དང ། ལུས་དང །
Kha259a
༄#། །ཚུལ་ཁྲིམས་དང ། སེམས་དང ། ཤེས་རབ་མི་སྒོམ་པ་དང ། མི་དགེ་བའི་བཤེས་གཉེན་ལ་བསྟེན་པ་སྟེ། རིགས་ཀྱི་བུ། དེ་བས་ན་ད་ལྟར་གྱི་འབྲས་བུ་རྣམ་པར་སྨིན་པ་ཡང་བ་སེམས་ཅན་དམྱལ་བའི་ལྕི་བ་མྱོང་བར་འགྱུར་རོ། །སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས། སྐྱེས་བུ་གང་དག་ནི་སེམས་ཅན་དམྱལ་བའི་རྣམ་པར་སྨིན་པ་ལྕི་བ་བསྒྱུར་ཏེ། ད་ལྟར་གྱི་ཆེ་ན་ཡང་བ་མྱོང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གང་གིས་ལུས་དང ། ཚུལ་ཁྲིམས་དང ། སེམས་དང ། ཤེས་རབ་སྒོམ་ཞིང་གོང་དུ་བཤད་པ་ལྟར་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་རྟོགས་ཏེ། ཤེས་རབ་ཏུ་མི་ལྟ། ཤེས་རབ་ཅན་དུ་མི་ལྟ། གཏི་མུག་ཏུ་མི་ལྟ། གཏི་མུག་ཅན་དུ་མི་ལྟ། བསྒོམ་པར་མི་ལྟ། བསྒོམ་པ་ཅན་དུ་མི་ལྟ་བ་དེ་ནི་ཤེས་རབ་ཅན་ཞེས་བྱ་སྟེ། དེས་ནི་ལུས་དང ། ཚུལ་ཁྲིམས་དང ། སེམས་དང ། ཤེས་རབ་སྒོམ་ཞིང་དེས་ནི་སེམས་ཅན་དམྱལ་བའི་འབྲས་བུ་རྣམ་པར་སྨིན་པ་ལྕི་བ་ད་ལྟར་གྱི་ཚེ་ན་ཡང་བ་མྱོང་བ་སྟེ། དེས་གལ་ཏེ་མི་དགེ་བའི་ལས་རབ་ཏུ་ལྕི་བ་བྱས་ཀྱང་འདི་སྙམ་དུ་བདག་གི་ལས་འདི་ཤིན་ཏུ་ལྕི་མོད་ཀྱི་དགེ་བའི་ལས་ཙམ་མི་ཕོད་དོ་སྙམ་དུ་སེམས་པ་ནི་འདི་ལྟ་སྟེ། དཔེར་ན། རས་ཀྱི་བལ་ནི་ཕོ་རེ་བརྒྱའང་གསེར་ཡང་དག་པ་སྲང་གཅིག་གི་དོར་མེད་པའམ། ཇི་ལྟར་
Kha259b
གངྒཱ་ཀླུང་གི་ནང་དུ་ལན་ཚཝ་ཕུལ་གང་བཏབ་ན་ལན་ཚཝ་མི་བྲོ་སྟེ། འཐུང་བ་དག་མི་ཚོར་བའམ། དཔེར་ན། ཤིན་ཏུ་ཕྱུག་པོས་རིན་པོ་ཆེ་བརྒྱ་སྟོང་གཞན་ལ་ཆགས་ཀྱང་སུས་ཀྱང་བཅིངས་དྲགས་ཏེ་སྡུག་བསྔལ་བར་བྱེད་མི་ནུས་པའམ། ཇི་ལྟར་སྤོས་ཀྱི་བལ་གླང་ཆེན་པོ་ལྕགས་ཀྱོ་བཅག་ནས་རང་ཉམ་དུ་འགྲོ་ནུས་པ་ལྟར་ཤེས་རབ་ཅན་ཡང་དེ་དང་འདྲ་སྟེ། རྟག་ཏུ་འདི་སྙམ་དུ་བདག་གི་དགེ་བའི་སྟོབས་ཆེ་ལ། མི་དགེ་བའི་ལས་ནི་ཞན་པས་བདག་གིས་མཐོལ་ཞིང་བཤགས་ན་སྡིག་པ་བྱང་བར་འགྱུར་ཏེ། ཤེས་རབ་བསྒོམས་ན་ཤེས་རབ་ཀྱི་སྟོབས་ཆེ་ཞིང་མ་རིག་པའི་སྟོབས་ཆུང་བར་འགྱུར་རོ་སྙམ་བསམས་ནས་དགེ་བའི་བཤེས་གཉེན་ལ་བསྙེན་ཏེ། ཡང་དག་པའི་ལྟ་བ་ལ་གོམས་པར་བྱེད་ཅིང་མདོ་སྡེ་སྡེ་བཅུ་གཉིས་གཟུངས་སུ་འཛིན་ཏེ། ཀློག་པ་དང ། འདོན་པ་དང ། ཡི་གེར་བྲིས་ཤིང་གཞན་ལ་སྟོན་པ་དང ། གཞན་དག་གཟུངས་སུ་འཛིན་ཅིང་ཀློག་གམ། འདོན་ཏམ། ཡི་གེར་འདྲིའམ། གཞན་ལའང་སྟོན་པ་དག་མཐོང་ན་བཀུར་སྟིའི་སེམས་བསྐྱེད་དོ། །གོས་དང ། ཟས་དང ། གནས་ཁང་དང ། མལ་ཆ་དང ། ནད་ཀྱི་རྐྱེན་སྨན་དང ། མེ་ཏོག་དང ། སྤོས་ཀྱིས་མཆོད་དེ། བསྟི་སྟང་དང ། རིམ་གྲོ་བྱེད་དོ། །གང་ནས་གང་དུ་ཕྱིན་པའི་གནས་སུ་ལེགས་པ་བརྗོད་ཀྱི། ཉེས་པ་མི་བརྗོད་དེ། དཀོན་མཆོག་གསུམ་ལ་མཆོད་ཅིང་ཤིན་ཏུ་རྒྱས་པའི་མདོ་མྱ་ངན་ལས་འདས་པ་ལས་དེ་བཞིན་གཤེགས་པ་རྟག་
Kha260a
༄#། །པ་དང ། མི་འགྱུར་མི་འཕོ་བ་དང ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ལྷག་པར་ཡིད་ཆེས་པ་དེ་ནི། སེམས་ཅན་དམྱལ་བའི་རྣམ་པར་སྨིན་པ་ལྕི་བ་ད་ལྟར་གྱི་དུས་ན་ཡང་བ་མྱོང་བར་བྱེད་པའོ། །རིགས་ཀྱི་བུ། དོན་དེ་ལྟ་བས་ན་ལས་ཐམས་ཅད་ངེས་པར་འབྲས་བུ་ཡོད་པ་མ་ཡིན་ལ། སེམས་ཅན་ཐམས་ཅད་ཀྱིས་ངེས་པར་མྱོང་བ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ལས་ཐམས་ཅད་ལ་ངེས་པར་འབྲས་བུ་ཡང་བ་མཆིས་ལ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་པས་འཕགས་པའི་ལམ་ཡན་ལག་བརྒྱད་སྒོམ་པར་འགྱུར་ན། ཅིའི་རྒྱུ་ཅིའི་རྐྱེན་གྱིས་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པ་ཡོངས་སུ་མ་ཐོབ། བཅོམ་ལྡན་འདས། གལ་ཏེ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་ན། གདོན་མི་འཚལ་བར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་ན། འཕགས་པའི་ལམ་བརྒྱད་བསྒོམ་ཡང་ཅི་འཚལ། བཅོམ་ལྡན་འདས། མདོ་སྡེ་འདི་ལས་ནད་པ་དག་གལ་ཏེ་སྨན་དང ། སྨན་པ་དང ། ནད་གཡོག་དང ། ནད་ཇི་ལྟ་བ་བཞིན་དུ་གསོས་ན་ནད་བྱང་བར་འགྱུར་བ་ལྟར་སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། ཉན་ཐོས་དང ། རང་སངས་རྒྱས་དང ། དེ་བཞིན་གཤེགས་པ་དང་
Kha260b
བྱང་ཆུབ་སེམས་དཔའ་རྣམས་དང ། དགེ་བའི་བཤེས་གཉེན་རྣམས་ལས་ཆོས་ཐོས་ཏེ། འཕགས་པའི་ལམ་བསྒོམས་སམ། གལ་ཏེ་མ་ཕྲད་དམ། མ་ཐོས་སམ། ལམ་མ་བསྒོམས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། སངས་རྒྱས་ཀྱི་རང་བཞིན་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས། དཔེར་ན། ཉི་མ་དང་ཟླ་བ་ནི་རི་ཨན་ཏར་དུ་མ་ཕྱིན་པར་བར་དུ་གཅོད་ནུས་པའམ། ཀླུང་ཆེན་པོ་བཞིའང་རྒྱ་མཚོར་མ་ཕྱིན་པར་དགག་ནུས་པའམ། ལོག་སྲེད་ཅན་དག་སེམས་ཅན་དམྱལ་བར་མི་འགྲོ་བར་དགག་ནུས་པ་མ་མཆིས་པ་ལྟར་སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། སུས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བའི་བར་དུ་གཅོད་ནུས་པ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། སངས་རྒྱས་ཀྱི་རང་བཞིན་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས། དོན་དེ་ལྟ་བས་ན་སེམས་ཅན་ཐམས་ཅད་ལམ་བསྒོམ་མི་འཚལ་བར་སངས་རྒྱས་ཀྱི་རང་བཞིན་གྱི་མཐུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་རིགས་ཀྱི། འཕགས་པའི་ལམ་བསྒོམ་པའི་མཐུ་ལ་རབ་མ་ལུས་སོ། །བཅོམ་ལྡན་འདས་གལ་ཏེ་ལོག་\?\་སྲེད་ཅན་དང ། ཕས་ཕམ་པ་བཞི་ཉམས་པ་དང ། མཚམས་མེད་པ་ལྔ་བགྱིས་པ་ལ་སོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་ཐོབ་པ་ནི་བསྒོམ་
Kha261a
༄#། །འཚལ་ན། སངས་རྒྱས་ཀྱི་རང་བཞིན་གྱི་རྒྱུས་ངེས་པར་ཐོབ་པར་འགྱུར་བས་བསྒོམ་པའི་ཕྱིར་ཐོབ་པར་འགྱུར་བ་ནི་མ་ལགས་སོ། །བཅོམ་ལྡན་འདས། དཔེར་ན། རྡོ་ཁབ་ལེན་ལྟ་བུ་ལྕགས་དང་མི་ཉེ་མོད་ཀྱི། དེའི་མཐུས་ལྕགས་འཛིན་ཏོ། །སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། །དེ་བས་ན་འཕགས་པའི་ལམ་ལ་བརྩོན་མི་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །རིགས་ཀྱི་བུ། དཔེར་ན། གངྒཱའི་ཀླུང་གི་འགྲམ་ན་མི་རྣམ་པ་བདུན་ཞིག་ཁྲུས་བྱེད་དམ། དགྲས་འཇིགས་པའི་ཕྱིར་རམ། མེ་ཏོག་བརྔ་བའི་ཕྱིར་ཆུའི་ནང་དུ་ཞུགས་ན། དེ་ལ་གཅིག་ནི་ཆུར་ཞུགས་མ་ཐག་ཏུ་ནུབ་པར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཞན་ལ་མཐུ་རྩལ་མེད་དེ། རྐྱལ་མ་བསླབས་པའི་ཕྱིར་རོ། །དེ་ལ་གཅིག་ནི་ཞུགས་ནས་ནུབ་མོད་ཀྱི་ནུབ་ནས་ཕྱིར་ཡང་འབྱུང་སྟེ། བྱུང་ནས་ཕྱིར་ནུབ་བོ། དེ་ཅིའི་ཕྱིར་ཞེ་ན། མཐུ་རྩལ་ཆེ་བས་ནུབ་ནས་ཕྱིར་འབྱུང་ངོ ། །རྐྱལ་མ་བསླབས་པས་ཕྱིར་ཡང་ནུབ་བོ། །དེ་ལ་གཅིག་ནི་ནུབ་ནས་ཕྱིར་བྱུང་སྟེ། བྱུང་ནས་ཕྱིར་མི་ནུབ་བོ། །དེ་ཅིའི་ཕྱིར་ཞེ་ན། ལུས་ལྕི་བས་ནུབ་ཀྱང་མཐུ་རྩལ་ཆེ་བས་སླར་བྱུང་ངོ ། །རྐྱང་བསླབས་བས་བྱུང་ནས་ཀྱང་མ་ནུབ་བོ། །དེ་ལ་གཅིག་ནི་ཞུགས་ནས་ནུབ་སྟེ། ནུབ་ནས་ཕྱིར་བྱུང་ངོ ། །བྱུང་ནས་ཆགས་ཏེ་ཕྱོགས་
Kha261b
བཞི་ཀུན་ཏུ་ལྟའོ། །དེ་ཅིའི་ཕྱིར་ཞེ་ན། ལུས་ལྕི་བས་ནུབ་ཀྱང་མཐུ་རྩལ་ཆེ་བས་བྱུང་ངོ ། །རྐྱལ་བསླབས་པས་ཆགས་ཏེ་འབྱུང་བའི་གནས་མི་ཤེས་པས་ཕྱོགས་བཅུར་ལྟ་བའོ། །དེ་ལ་གཅིག་ནི་ཞུགས་ནས་ནུབ་སྟེ། ནུབ་ནས་ཕྱིར་ཡང་བྱུང ། བྱུང་ནས་ཆགས་སོ། །ཆགས་ནས་ཕྱོགས་བཞིར་བལྟས་སོ། །བལྟས་ནས་སོང་ངོ ། །དེ་ཅིའི་ཕྱིར་ཞེ་ན། འཇིགས་པའི་ཕྱིར་རོ། །དེ་ལ་གཅིག་ནི་ཞུགས་ནས་སོང་ངོ ། །གཏིང་ཚུགས་པ་ན་སྡོད་དོ། །དེ་ཅིའི་ཕྱིར་ཞེ་ན། དགྲ་ཉེ་རིང་ལྟ་བའི་ཕྱིར་རོ། །དེ་ལ་གཅིག་ནི་ཕ་རོལ་གྱི་འགྲམ་དུ་ཕྱིན་ནས་རི་མཐོན་པོར་འཛེགས་ཏེ། དགྲ་དང་བྲལ་ནས་འཇིགས་པ་མེད་ཅིང་རབ་ཏུ་བདེ་བར་གྱུར་ཏོ། །རིགས་ཀྱི་བུ། དེ་བཞིན་དུ་འཁོར་བའི་ཀླུང་ཆེན་པོའང་དེ་དང་འདྲ་སྟེ། མི་རྣམ་པ་བདུན་ཡོད་དོ། ། དེ་དག་ཀྱང་ཉོན་མོངས་པའི་དགྲས་འཇིགས་པའི་ཕྱིར་འཁོར་བའི་ཀླུང་ཆེན་པོ་རྒལ་སྙམ་བསམས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། སྐྲ་དང ། ཁ་སྤུ་བྲེགས་ནས་ལུས་ལ་ཆོས་གོས་གྱོན་ཏོ། །དེ་ལྟར་རབ་ཏུ་བྱུང་ནས་མི་དགེ་བའི་གྲོགས་དང་བསྟེན་ཏེ། དེའི་ངག་ཉན་ཞིང་ལོགས་པའི་ཆོས་འདི་དག་འཛིན་ཏོ། །སེམས་ཅན་གྱི་ལུས་ལྗང་ཕུང་སྟེ། ལྔ་ཕུང་དེ་ནི་ཆེན་པོ་ལྔའོ། །གལ་ཏེ་སེམས་ཅན་ཤིན་ཏུ་ཆེན་པོ་ལྔ་ཡུན་དུ་བཅད་པ་ཡིན་ནོ། །ཆེན་པོ་ལྔ་ཡུན་དུ་བཅད་ན་དགེ་བ་དང ། མི་དགེ་བའི་ལས་རྣམས་བསྒོམ་ཅི་དགོས་ཞེས་ཟེར་ཏེ།
Kha262a
༄#། །དེ་བས་ན་དགེ་བ་དང ། མི་དགེ་བ་དང ། དགེ་བ་དང ། མི་དགེ་བ་རྣམ་པར་སྨིན་པ་མེད་པར་རིག་གོ་ཞེས་ཟེར་ཏེ། དེ་ལྟ་བུ་ནི་ལོག་སྲེད་ཅན་ཞེས་བྱའོ། །ལོག་སྲེད་ཅན་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཐམས་ཅད་གཅོད་པ་ཞེས་བྱའོ། །དགེ་བའི་རྩ་བ་བཅད་པའི་ཕྱིར་འཁོར་བའི་ཀླུང་དུ་ནུབ་སྟེ་འབྱུང་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན།་མི་དགེ་བའི་ལས་ལྕི་བའི་ཕྱིར་དད་པའི་སྟོབས་མེད་པའི་ཕྱིར་ཏེ། གངྒཱའི་ཀླུང་གི་མི་དང་པོ་དང་མཚུངས་སོ། །རིགས་ཀྱི་བུ། ལོག་སྲེད་ཅན་དག་ནི་རྒྱུ་རྐྱེན་རྣམ་པ་དྲུག་གི་ས་ངན་སོང་གསུམ་དུ་ནུབ་སྟེ་འབྱུང་མི་ནུས་སོ། །དྲུག་གང་ཞེ་ན། འདི་ལྟ་སྟེ། མི་དགེ་བའི་སེམས་འབར་བ་དང ། འཇིག་རྟེན་ཕྱི་མ་མི་མཐོང་བ་དང ། ཉོན་མོངས་པ་སྤྱོད་པར་དགའ་བ་དང ། དགེ་བའི་རྩ་བ་སྤོང་བ་དང ། མི་དགེ་བའི་ལས་ཀྱིས་བསྒྲིབས་ཤིང་ཆོད་པ་དང ། མི་དགེ་བའི་བཤེས་གཉེན་ལ་བསྟེན་པའོ། །ཡང་དངོས་པོ་རྣམ་པ་ལྔས་ངན་སོང་གསུམ་དུ་ནུབ་བོ། །ལྔ་གང་ཞེ་ན། དགེ་སློང་ལ་ཆོས་མ་ཡིན་པར་བྱེད་པ་དང ། དགེ་སློང་མ་ལ་ཆོས་མ་ཡིན་པར་བྱེད་པ་དང ། དབང་དུ་བྱས་ཏེ་དགེ་འདུན་གྱི་རྫས་ལ་སྤྱོད་པ་དང ། མ་ལ་ཆོས་མ་ཡིན་པ་སྤྱོད་པ་དང ། དགེ་འདུན་སྡེ་མི་མཐུན་པ་ལྔ་ལ་ཡིན་པ་དང་མ་ཡིན་པ་བསྐྱེད་པའོ། །ཡང་དངོས་པོ་རྣམ་ལྔས་ངན་སོང་གསུམ་དུ་ལྟུང་ངོ ། །ལྔ་གང་ཞེ་ན། རྟག་
Kha262b
ཏུ་དགེ་བ་དང ། མི་དགེ་བའི་འབྲས་བུ་མེད་དོ་ཞེས་འཆད་པ་དང ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་སེམས་ཅན་གྱི་སྲོག་གཅོད་པ་དང ། ཆོས་སྨྲ་བའི་སྐྱོན་འབྲུ་བ་དང ། ཆོས་ལ་ཆོས་མ་ཡིན་པར་བཤད་ཅིང་ཆོས་མ་ཡིན་པ་ལ་ཆོས་སུ་བཤད་པ་དང ། ཆོས་སྐྱོན་ཚོལ་བའི་ཕྱིར་ཉན་པའོ། །ཡང་དངོས་པོ་རྣམ་པ་གསུམ་གྱིས་ངན་སོང་གསུམ་དུ་ནུབ་བོ། །གསུམ་གང་ཞེ་ན། དེ་བཞིན་གཤེགས་པ་མི་རྟག་པ་སྟེ། འགོག་པའོ་ཞེས་སྨྲ་བ་དང ། དམ་པའི་ཆོས་ཀྱང་མི་རྟག་པ་སྟེ། འགྱུར་ཞིང་འཕོ་བའོ་ཞེས་སྨྲ་བ་དང ། དགེ་འདུན་དཀོན་ཆོག་འགོག་བར་འགྱུར་རོ་ཞེས་སྨྲ་བ་སྟེ། དེ་བས་ན་རྟག་ཏུ་ངན་སོང་གསུམ་དུ་ནུབ་བོ། །དེའི་འོག་མས་འཁོར་བའི་ཀླུང་ལས་བརྒལ་བར་འདོད་པའི་ཕྱིར་དགེ་བའི་རྩ་བ་བཅད་པས་ནུབ་ནས་འབྱུང་མི་ནུས་སོ། །དེ་ལ་འབྱུང་བ་ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་ལ་བསྙེན་ནས་དད་པའི་སེམས་ཐོབ་བའོ། །དེ་ལ་དད་པའི་སེམས་ནི་སྦྱིན་པ་དང་སྦྱིན་པའི་འབྲས་བུ་ལ་ཡིད་ཆེས་པ་དང ། དགེ་བ་དང་དགེ་བའི་འབྲས་བུ་ལ་ཡིད་ཆེས་པ་དང ། མི་དགེ་བ་དང་མི་དགེ་བའི་འབྲས་བུ་ལ་ཡིད་ཆེས་པ་དང ། འཁོར་བ་ལ་སྡུག་བསྔལ་བ་དང ། མི་རྟག་པ་དང ། འཇིག་པར་ཡིད་ཆེས་པ་སྟེ། དེ་ནི་དད་པ་ཞེས་བྱའོ། །དད་པའི་སེམས་དང་ལྡན་པའི་ཕྱིར་ཚུལ་ཁྲིམས་གཙང་བ་སྤྱོད་ཅིང་གཟུངས་སུ་འཛིན་ཏེ། ཀློག་གམ། འདོན་ཏམ། ཡི་གེར་བྲིས་སམ། དགྲོལ་ཞིང་
Kha263a
༄#། །བཤད་དེ། རྟག་ཏུ་སྦྱིན་པ་བྱེད་ཅིང་ཤེས་རབ་སྒོམ་ཡང་དབང་པོ་རྟུལ་པའི་ཕྱིར་མི་དགེ་བའི་བཤེས་གཉེན་དང་ཕྲད་ན་ལུས་དང ། ཚུལ་ཁྲིམས་དང ། སེམས་དང ། ཤེས་རབ་མི་སྒོམ་ཞིང་ལོག་པའི་ཆོས་འཛིན་ཏོ། །ཡང་དུས་ངན་པའི་ཚེ་ཡུལ་ངན་པར་སྐྱེ་ན་དགེ་བའི་རྩ་བ་རྣམས་གཅོད་དོ། །དགེ་བའི་རྩ་བ་བཅད་པའི་ཕྱིར་རྟག་ཏུ་འཁོར་བ་ནུབ་སྟེ། དེ་ནི་གངྒཱའི་ཀླུང་གི་མི་གཉིས་པ་དང་མཚུངས་སོ། །དེ་ལ་གཅིག་ནི་འཁོར་བའི་ཀླུང་ཆེན་པོ་ལས་བརྒལ་བར་འདོད་པ་ལས་དགེ་བའི་རྩ་བ་བཅད་པའི་ཕྱིར་ནུབ་པར་གྱུར་ཀྱང་དགེ་བའི་བཤེས་གཉེན་ལ་བསྟེན་པས་ན་བྱུང་བ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ་ཡིན། རྟག་པར་མི་འགྱུར་བ་སྟེ། སེམས་ཅན་གྱི་ཕྱིར་བླ་ན་མེད་པའི་ཆོས་སྟོན་ཏོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ། །དེ་བཞིན་གཤེགས་པ་དང ། ཆོས་དང ། དགེ་འདུན་ལ་འགོག་པ་མ་ཡིན་ནོ་ཞེས་ཡིད་ཆེས་ཤིང་དད་དེ། ལོག་སྲེད་ཅན་ནི་ཆོས་དེ་དག་མ་བཅད་ན་ནམ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་ཐོབ་སྟེ། རྣམ་པར་སྤངས་ན་གདོང་ཐོབ་བོ་སྙམ་ཡིད་ཆེས་ཤིང་དད་པའི་སེམས་ཀྱིས་ཚུལ་ཁྲིམས་གཙང་བ་བསྒོམ་སྟེ། ཚུལ་ཁྲིམས་གཙང་བ་བསྒོམས་ནས་མདོ་སྡེ་སྔ་བཅུ་གཉིས་གཟུངས་སུ་འཛིན་ཅིང་
Kha263b
ཀློག་པ་དང ། འདོན་པ་དང ། ཡི་གེར་བྲིས་ཤིང་རྣམ་པར་འབྱེད་དེ། སེམས་ཅན་ཐམས་ཅད་ལ་རྒྱས་པར་སྟོན་ཏོ། །སྦྱིན་པ་ལ་དགའ་ཞིང་ཤེས་རབ་སྒོམ་པར་བྱེད་དོ། །དེ་ལྟར་དབང་པོ་རྣོ་བས་དད་པ་དང ། ཤེས་རབ་བརྟན་པར་གྱུར་ནས་ཕྱིར་ལྡོག་པའི་སེམས་མེད་པ་དེ་ནི་གངྒཱའི་ཀླུང་གི་མི་གསུམ་པ་དང་མཚུངས་སོ། །དེ་ལ་གཅིག་ནི་འཁོར་བའི་ཀླུང་ཆེན་པོ་ལ་བརྒལ་འདོད་པ་ལས་དགེ་བའི་རྩ་བ་བཅད་པའི་ཕྱིར་དེར་ནུབ་པར་གྱུར་ཀྱང་དགེ་བའི་བཤེས་གཉེན་ལ་བསྟེན་པས་དད་པའི་སེམས་དང་ལྡན་པ་ནི་འབྱུང་བ་ཞེས་བྱ་སྟེ། དད་པའི་སེམས་དང་ལྡན་པའི་ཕྱིར་མདོ་སྡེ་སྡེ་བཅུ་གཉིས་གཟུངས་སུ་འཛིན་ཅིང་ཀློག་པ་དང ། འདོན་པ་དང ། ཡི་གེར་བྲིས་ཤིང་རྣམ་པར་འབྱེད་དེ། སེམས་ཅན་ཐམས་ཅད་ལ་རྒྱས་པར་སྟོན་ཏོ། །སྦྱིན་པ་ལ་དགའ་ཞིང་ཤེས་རབ་སྒོམ་པར་བྱེད་དོ། །དེ་ལྟར་དབང་པོ་རྣོ་བའི་ཕྱིར་དད་པ་དང ། ཤེས་རབ་ལ་བརྟེན་པར་གྱུར་ནས་ཕྱིར་ལྡོག་པའི་སེམས་མེད་པས་ཕྱོགས་བཞིར་ལྟའོ། །དེ་ལ་ཕྱོགས་བཞིར་ལྟ་བ་ཞེས་བྱ་བ་ནི་དགེ་སྦྱོང་གི་འབྲས་བུ་རྣམ་པ་བཞི་སྟེ། ཇི་ལྟར་གངྒཱའི་ཀླུང་གི་མི་བཞི་པ་དང་མཚུངས་སོ། །དེ་ལ་གཅིག་ནི་འཁོར་བའི་ཀླུང་ཆེན་པོ་དེ་བརྒལ་འདོད་པ་ལས་དགེ་བའི་རྩ་བ་ཅད་པའི་ཕྱིར་དེར་ནུབ་པར་གྱུར་ཀྱང་དགེ་བའི་བཤེས་གཉེན་དང་བསྙེན་པའི་ཕྱིར་དད་པའི་སེམས་དང་ལྡན་པས་ན་དེ་ནི་
Kha264a
༄#། །འབྱུང་བ་ཞེས་བྱའོ། །དེ་ལྟར་དད་པའི་སེམས་དང་ལྡན་པའི་ཕྱིར་མདོ་སྡེ་སྡེ་བཅུ་གཉིས་གཟུངས་སུ་འཛིན་ཅིང་ཀློག་པ་དང ། འདོན་པ་དང ། ཡི་གེར་བྲིས་ཤིང་རྣམ་པར་འབྱེད་དེ། སེམས་ཅན་ཐམས་ཅད་ལ་རྒྱས་པར་སྟོན་ཏོ། །སྦྱིན་པ་ལ་དགའ་ཞིང་ཤེས་རབ་སྒོམ་པར་བྱེད་དོ། །དེ་ལྟར་དབང་པོ་རྣོ་བར་གྱུར་བའི་ཕྱིར་དད་པ་དང་ཤེས་རབ་བརྟན་པར་གྱུར་ནས་ཕྱིར་ལྡོག་པའི་སེམས་མེད་པར་གྱུར་ཏོ། །དེ་ལྟར་ཕྱིར་ལྡོག་པ་མེད་པས་གོང་ནས་གོང་དུ་འཕར་རོ། །དེ་ལ་གོང་ནས་གོང་དུ་འཕར་བ་ནི་རང་སངས་རྒྱས་ཏེ། དེ་ལྟར་བདག་གྲོལ་མེད་ཀྱི། སེམས་ཅན་ཐམས་ཅད་ལ་མ་ཡིན་པས་དེ་ནི་སོང་བ་ཞེས་བྱ་སྟེ། ཇི་ལྟར་གངྒཱའི་ཀླུང་གི་མི་ལྔ་པ་དང་མཚུངས་སོ། །དེ་ལ་གཅིག་ནི་འཁོར་བའི་ཀླུང་ཆེན་པོ་བརྒལ་འདོད་པ་ལས་དགེ་བའི་རྩ་བ་བཅད་པས་དེར་ནུབ་ཀྱང་དགེ་བའི་བཤེས་གཉེན་བསྟེན་པས་དད་པའི་སེམས་དང་ལྡན་པར་གྱུར་ཏོ། ། དད་པའི་སེམས་དང་ལྡན་པའི་ཕྱིར་འབྱུང་བ་ཞེས་བྱའོ། །དེ་ལྟར་དད་པའི་སེམས་དང་ལྡན་པའི་ཕྱིར་མདོ་སྡེ་སྡེ་བཅུ་གཉིས་གཟུངས་སུ་འཛིན་ཅིང་ཀློག་པ་དང ། འདོན་པ་དང ། ཡི་གེར་བྲིས་ཤིང་རྣམ་པར་ཕྱེ་སྟེ། སེམས་ཅན་ཐམས་ཅད་ལ་རྒྱས་པར་སྟོན་ཏོ། །སྦྱིན་པ་ལ་དགའ་ཞིང་ཤེས་རབ་སྒོམ་པར་བྱེད་དོ། །དེ་ལྷར་དབང་པོ་རྣོན་པོར་གྱུར་པའི་
Kha264b
ཕྱིར་དད་པ་དང་ཤེས་རབ་བརྟན་པར་གྱུར་ནས་ཕྱིར་ལྡོག་པའི་སེམས་མེད་དོ། །དེ་ལྟར་ཕྱིར་ལྡོག་པ་མེད་པས་གོང་ནས་གོང་དུ་འཕར་ཏེ་གཏིང་ཚུགས་པར་ཕྱིན་ཏོ། །གཏིང་ཚུགས་པར་ཕྱིན་ནས་དེར་སྡོད་དེ་མི་འགྲོའོ། །དེར་སྡོད་ཅིང་མི་འགྲོ་ཞེས་བྱ་བ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་སྒྲོལ་བའི་ཕྱིར་ཉོན་མོངས་པ་ལ་རྟོག་པའོ། །དེ་ནི་ཇི་ལྟར་གངྒཱའི་ཀླུང་གི་མི་དྲུག་པ་དང་མཚུངས་སོ། །དེ་ལ་གཅིག་ནི་འཁོར་བའི་ཀླུང་ཆེན་པོ་བརྒལ་འདོད་པ་ལས་དགེ་བའི་རྩ་བ་བཅད་དེ་དེར་ནུབ་པར་གྱུར་ཀྱང་དགེ་བའི་བཤེས་གཉེན་བསྟེན་པས་ན་དད་པའི་སེམས་དནྕན་ལྡན་པར་གྱུར་ཏོ། །ད་པའི་སེམས་དང་ལྡན་པར་ན་བྱུང་བ་ཞེས་བྱ་སྟེ། དད་པའི་སེམས་ཀྱིས་མདོ་སྡེ་བཅུ་གཉིས་གཟུངས་སུ་འཛིན་ཅིང་ཀློག་པ་དང ། འདོན་པ་དང ། ཡི་གེར་བྲིས་ཤིང་རྣམ་པར་འབྱེད་དེ། སེམས་ཅན་ཐམས་ཅད་ལ་རྒྱས་པར་སྟོན་ཏོ། །སྦྱིན་པ་ལ་དགའ་ཞིང་ཤེས་རབ་སྒོམ་པར་བྱེད་དོ། །དེ་ལྟར་དབང་པོ་རྣོན་པོར་གྱུར་པའི་ཕྱིར་དད་པ་དང ། ཤེས་རབ་བརྟན་པར་གྱུར་ནས་ཕྱིར་ལྡོག་པའི་སེམས་མེད་པར་གྱུར་ཏོ། །ཕྱིར་ལྡོག་པའི་སེམས་དང་མེད་པས་གོང་ནས་གོང་དུ་འཕར་རོ། །གོང་ནས་གོང་དུ་འཕར་བས་ཕ་རོལ་གྱི་འགྲམ་དུ་ཕྱིན་ཏེ། རི་མཐོང་པོར་འཇིགས་ནས་འཇིགས་པའི་དགྲ་རྣམས་སྤོངས་ཏེ་བདེ་བ་མང་པོ་མྱོང་བར་གྱུར་ཏོ། །རིགས་ཀྱི་
Kha265a
༄#། །བུ།་ཕ་རོལ་གྱི་འགྲམ་དུ་ཕྱིན་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །བདེ་བ་མྱོང་བ་ཞེས་བྱ་བ་ནི་སངས་རྒྱས་རྟག་པའོ། །རི་མཐོན་པོར་གནས་པ་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་དཔེའོ། །རིགས་ཀྱི་བུ། གངྒཱའི་ཀླུང་གི་མི་དེ་དག་ཀུན་ལ་རྐང་ལག་དང་ལྡན་མོད་ཀྱི། རྒལ་མི་ནུས་པ་ལྟར་སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། ཡང་དག་པར་སངས་རྒྱས་དཀོན་མཆོག་དང ། ཆོས་དཀོན་མཆོག་དང ། དགེ་འདུན་དཀོན་མཆོག་ཡོད་ལ། དེ་བཞིན་གཤེགས་པས་ཀྱང་ཆོས་རྣམས་ཀྱི་མདོ་འཕགས་པའི་ལམ་ཡན་ལག་བརྒྱད་དང ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་བསྟན་མོད་ཀྱི། སེམས་ཅན་རྣམས་ཀྱིས་ཐོབ་པར་མི་ནུས་ཏེ། འདི་ནི་ངས་ཀྱང་མ་ཉེས་ལ་འཕགས་པའི་ལམ་གྱིས་ཀྱང་མ་ཉེས་ཏེ། སེམས་ཅན་རྣམས་ཀྱི་སྐྱོན་དང་ཉོན་མོངས་པ་རྣམས་ཀྱིས་ཉེས་པར་གྱུར་པར་རིག་པར་བྱའོ། །དོན་དེ་ལྟ་བས་ན་སེམས་ཅན་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པ་མ་ཐོབ་བོ། །རིགས་ཀྱི་བུ། དཔེར་ན། སྨན་པ་མཁས་པས་ནད་ཀྱི་དངོས་པོ་རིག་ནས་སྨན་སྟོན་ཏེ། ནད་པས་མ་འཐུངས་ན་སྨན་པས་ཉེས་པ་མ་ཡིན་ནོ། །རིགས་ཀྱི་བུ། གལ་ཏེ་སྦྱིན་བདག་གཅིག་གིས་ནོར་ཅི་བདོག་པ་ཐམས་ཅད་མི་ཐམས་ཅད་ལ་བྱིན་པ་ལས་ཁ་ཅིག་གིས་མ་བླངས་
Kha265b
ན་སྦྱིན་བདག་གིས་ཉེས་པ་མ་ཡིན་ནོ། །རིགས་ཀྱི་བུ། དཔེར་ན། ཉི་མ་ཤར་བ་ན་གྲག་གྲོགས་ཟབ་མོ་ཐམས་ཅད་ཀྱང་སྣང་བར་གྱུར་ལ། དམུས་ལོང་གིས་ལམ་མི་མཐོང་བ་ནི་ཉི་མས་མ་ཉེས་སོ། །རིགས་ཀྱི་བུ། དཔེར་ན། གངྒཱའི་ཀླུང་གི་ཆུས་སྐོམ་པ་མང་པོ་ངོམས་པར་ནུས་སོ། །སྐོམ་པ་དག་གིས་མ་འཐུངས་ན་ཆུས་མ་ཉེས་སོ། །རིགས་ཀྱི་བུ། དཔེར་ན། ས་ཆེན་པོས་ནི་འབྲས་བུ་ཐམས་ཅད་མཉམ་པར་སྐྱེད་དེ་གཉིས་སུ་མེད་ན། ཞིང་པས་མ་རྨོས་པ་ནི་སས་མ་ཉེས་སོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་མདོ་སྡེ་སྡེ་བཅུ་གཉིས་རྒྱས་པར་འབྱེད་ཅིང་བསྟན་ཏེ། སེམས་ཅན་གྱིས་མ་བཟུང་ན་དེ་བཞིན་གཤེགས་པས་མཉེས་སོ། །རིགས་ཀྱི་བུ། གང་ལ་ལ་ལམ་སྒོམ་པ་ནི། བླ་ན་མེད་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ། །རིགས་ཀྱི་བུ་ཁྱོད་ཀྱིས་སེམས་ཅན་ཀུན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པས་བླ་ན་མེད་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་སྟེ། ཇི་ལྟར་རྡོ་ཁབ་ལེན་བཞིན་ནོ་ཞེས་བྱ་བ་ནི་ལེགས་སོ། །ལེགས་སོ། །སངས་རྒྱས་ཀྱི་རང་བཞིན་ཡོད་པའི་རྒྱུའི་སྟོབས་ཀྱིས་བླ་ན་མེད་པ་ཡང་དག་པར་སོགས་པའི་བྱང་ཆུབ་ཐོབ་ཀྱི། འཕགས་པའི་ལམ་བསྒོམ་མི་དགོས་སོ་ཞེས་བྱ་བ་ནི་དོན་དེ་ལྟ་མ་ཡིན་ནོ། །རིགས་ཀྱི་བུ། དཔེར་ན། མི་ལ་ལ་ཞིག་གིས་དབྱེ་དགོན་
Kha266a
༄#། །པར་སོང་བ་ལས་སྐོམ་པས་གདུངས་ཏེ་ཁྲོན་པ་ཞིག་དང་ཕྲད་དོ། །ཁྲོན་པ་དེ་ཤིན་ཏུ་ཟབ་སྟེ། ཆུ་མི་མཐོང་མོད་ཀྱི་ངེས་པར་ཡོད་པར་ཤེས་སོ། ། མི་དེས་ཐབས་ཀྱིས་ཟོ་བ་དང་ཐག་པ་བཙལ་ཏེ་བཅུས་ནས་གཟོད་མཐོང་བ་ལྟར་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ལ་ཡོད་མོད་ཀྱི། ཟག་པ་མེད་པའི་འཕགས་པའི་ལམ་བསྒོམས་པས་གདོད་མཐོང་བར་འགྱུར་རོ། །རིགས་ཀྱི་བུ། ཇི་ལྟར་ཏིལ་ཡོད་ན་མར་ཡང་མཐོང་བར་འགྱུར་རོ། །ཐབས་རྣམས་སྤངས་ན་མི་མཐོང་བ་བཞིན་དུ་བུ་རམ་གྱི་ཤིང་ཡང་དེ་དང་འདྲའོ། །རིགས་ཀྱི་བུ། དཔེར་ན། སུམ་ཅུ་རྩ་གསུམ་གནམ་གྱི་ལྷ་དང ། བྱང་སྒྲ་མི་སྙན་ཡོད་པའི་ཆོས་ཡིན་མོད་ཀྱི། དགེ་བའི་ལས་སམ་རྫུ་འཕྲུལ་གྱི་མཐུ་མེད་ན་མི་མཐོང་ངོ ། །སའི་འོག་ན་རྩཝའི་རྩ་བ་དང ། སའི་འོག་གི་ཆུ་ནི་སས་ཁེབས་པས་ན་མི་མཐོང་བ་ལྟར་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། འཕགས་པའི་ལམ་མ་བསྒོམས་ན་ནི་མཐོང་བར་མི་འགྱུར་རོ། །རིགས་ཀྱི་བུ་ཁྱོད་ཀྱིས་ཇི་ལྟར་འཇིག་རྟེན་ན་ནད་པས་གལ་ཏེ་ནད་གཡོག་དང ། སྨན་བཟང་པོ་དང ། སྨན་པ་མཁས་པ་དང་ཕྲད་དེ། ནད་ཇི་ལྟ་བ་བཞིན་དུ་སྨན་བཏང་ངམ། གལ་ཏེ་མ་ཕྲད་ཀྱང་རུང་སྟེ་འཚོའོ་ཞེས་བྱ་བ་ནི། རིགས་ཀྱི་བུ། ངས་བྱང་ཆུབ་སེམས་དཔའ་ས་
Kha266b
དྲུག་པ་རྣམས་ལ་དོན་དེ་དག་བསྟན་ཏོ། །རིགས་ཀྱི་བུ། དཔེར་ན། ནམ་མཁའ་ནི་སེམས་ཅན་ཐམས་ཅད་ཀྱི་ནང་ཡང་མ་ཡིན། ཕྱི་རོལ་ཡང་མ་ཡིན། ཕྱི་ནང་གཉིས་ཀའང་མ་ཡིན་པའི་ཕྱིར་ཐོགས་པ་མེད་དེ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲའོ། །རིགས་ཀྱི་བུ། དཔེར་ན། མི་ཞིག་ལ་ནོར་གནས་གཞན་ཞིག་ན་ཡོད་ལ། དྲུང་ན་མེད་མོད་ཀྱི།་ཡིད་བཞིན་དུ་སྤྱོད་པ་ལ་དབང་ངོ ། །གལ་ཏེ་ལ་ལ་ཞིག་གིས་དྲིས་ན་ཡང་བདག་དབང་ངོ་ཞེས་ཟེར་རོ། །དེ་ཅིའི་ཕྱིར་ཞེ་ན། ངེས་པར་དབང་བའི་ཕྱིར་ཏེ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། འདིའང་མ་ཡིན། ཕ་རོལ་ཡང་མ་ཡིན་ཏེ། ངེས་པར་ཐོབ་པའི་ཕྱིར་ཐམས་ཅད་ལ་ཡོད་ཅེས་སྨྲས་སོ། །རིགས་ཀྱི་བུ། དཔེར་ན། སེམས་ཅན་གྱི་ལས་དགེ་བ་དང ། མི་དགེ་བ་བྱས་པའང་ནང་ན་མ་ཡིན། ཕྱི་རོལ་ན་མ་ཡིན་ཏེ། དེ་ལྟར་ལས་ཀྱི་རང་བཞིན་དེ་ཡོད་པའང་མ་ཡིན། མེད་པའང་མ་ཡིན། ཐོག་མ་མེད་པ་ད་ལྟར་ཡོད་པའང་མ་ཡིན། རྒྱུ་མེད་པ་ལས་བྱུང་བའང་མ་ཡིན། འདིས་བྱས་པས་འདིས་མྱོང་བའང་མ་ཡིན། འདིས་བྱས་པས་གཞན་མྱོང་བའང་མ་ཡིན། གཞན་བྱས་པས་གཞན་མྱོང་བའང་མ་ཡིན། བྱས་པའང་མེད། མྱོང་བའང་མེད་པ་མ་ཡིན་གྱི། དུས་དང་རྐྱེན་འདུས་པས་འབྲས་བུ་རྣམ་པར་སྨིན་པར་འགྱུར་བ་ལྟར། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་
Kha267a
༄#། །ཡང་དེ་དང་འདྲ་བར་ཐོག་མ་མེད་ལ་ད་ལྟར་ཡོད་པའང་མ་ཡིན། ནང་ན་མ་ཡིན། ཕྱི་རོལ་ན་མ་ཡིན། ཡོད་པ་མ་ཡིན། མེད་པ་མ་ཡིན། འདི་ན་མ་ཡིན། ཕ་རོལ་ན་མ་ཡིན། གཞན་ནས་འོངས་པ་མ་ཡིན། རྒྱུ་མེད་པའང་མ་ཡིན། སེམས་ཅན་ཐམས་ཅད་ཀྱིས་མཐོང་བའང་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་དུས་དང་རྐྱེན་འདུས་པས་མཐོང་བར་འགྱུར་རོ། །དེ་ལ་དུས་ཞེས་བྱ་བ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཅུ་པ་འཕགས་པའི་ལམ་བརྒྱད་སྒོམ་ཞིང་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཐོབ་པ་དེའི་ཚེ་ན་མཐོང་སྟེ། དེ་ནི་བྱིས་པ་ཞེས་མི་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་རྡོ་ཁབ་ལེན་དང་འདྲའོ་ཞེས་བྱ་བའི་དོན་ནི་དེ་ལྟ་མ་ཡིན་གྱི།་དེ་ཅིའི་ཕྱིར་ཞེ་ན། རྡོས་ལྕགས་འཛིན་པ་མ་ཡིན་ནོ། །དེའང་ཅིའི་ཕྱིར་ཞེ་ན། སེམས་དང་ལས་མེད་པའི་ཕྱིར་རོ། །རིགས་ཀྱི་བུ། ཆོས་ཐ་དད་པ་ཡོད་པས་ཆོས་ཐ་དད་པར་འབྱུང་ངོ ། །ཆོས་ཐ་དད་པ་མེད་པས་ཆོས་ཐ་དད་པ་འགོག་སྟེ། བྱེད་པའང་མེད། འཇིག་པའང་མེད་དོ། །རིགས་ཀྱི་བུ། དཔེར་ན། མེ་མུར་གྱིས་ཤིང་འཚིག་པར་མི་ནུས་མོད་ཀྱི། མེ་བྱུང་ནས་ཤིང་འཇིགས་པས་འཚིག་པ་ཞེས་བྱའོ། །རིགས་ཀྱི་བུ། དཔེར་ན། ལྕམ་པ་ནི་ཉི་མ་ཇི་ལྟ་བ་ལྟར་འགྱུར་རོ། །ལྕམ་པ་དེ་ལ་འདུད་པའི་སེམས་ཀྱང་མེད།
Kha267b
རྣམ་པར་ཤེས་པའང་མེད་ལ། ལས་ཀྱང་མེད་མོད་ཀྱི། ཆོས་ཐ་དད་པའི་མཚན་ཉིད་ཀྱིས་རང་འཁོར་ཞིང་འགྱུར་རོ། །རིགས་ཀྱི་བུ། དཔེར་ན་ཆུ་ཤིང་གི་སྡོང་པོ་ནི་འབྲུག་གི་སྒྲ་བསྒྲགས་པ་ན་སྐྱེ་སྟེ། སྡོང་པོ་དེ་ལ་རྣ་བ་མེད། སེམས་མེད། ཡིད་ཀྱི་རྣམ་པར་ཤེས་པ་མེད་ཀྱང་ཆོས་ཐ་དད་པ་ཡོད་པས་ཆོས་ཐ་དད་པ་སྐྱེས་སོ། །ཆོས་ཐ་དད་པ་མེད་ན་ཆོས་ཐ་དད་པ་འགོག་གོ་།རིགས་ཀྱི་བུ། དཔེར་ན། ཤིང་ཨ་ཤོ་ཀ་ལ་བུད་མེད་ཀྱིས་རེག་ན་མེ་ཏོག་འབྱུང་སྟེ། ཤིང་དེ་ལ་སེམས་ཀྱང་མེད། རེག་པའི་ཚོར་བའང་མེད་ཀྱང ། ཆོས་ཐ་དད་པ་ཡོད་པས་ཆོས་ཐ་དད་པ་འབྱུང་ངོ ། །ཆོས་ཐ་དད་པ་མེད་ན་ཆོས་ཐ་དད་པ་འགོག་གོ་།རིགས་ཀྱི་བུ། དཔེར་ན། སྐྱུར་རྩིའི་ཤིང་ནི་རོ་དང་འབགས་ན་ཤིང་ཏོག་ལེགས་ཤིང་མང་པ་འགྱུར་ཏོ། །སྐྱུར་རྩིའི་ཤིང་དེ་ལ་སེམས་ཀྱང་མེད། རེག་པ་མེད་མོད་ཀྱི། ཆོས་ཐ་དད་པ་ཡོད་པས་ཆོས་ཐ་དད་པ་འབྱུང་ངོ ། །ཆོས་ཐ་དད་པ་མེད་ན་ཆོས་ཐ་དད་པ་འགོག་གོ། །རིགས་ཀྱི་བུ། དཔེར་ན། བལ་པོ་སེའུའི་ཤིང་འཛུགས་པ་སོ་ཕག་དང ། རུས་པ་དང ། ལུས་ཀྱིས་རྨེད་བྱས་ན་འབྲས་བུ་ལེགས་པར་འགྱུར་ཏེ། བལ་པོ་སེའུའི་ཤིང་དེ་ལ་སེམས་དང་རེག་པ་མེད་མོད་ཀྱི། ཆོས་ཐ་དད་པ་མོད་པས་ཆོས་ཐ་དད་པ་འབྱུང་ངོ ། །ཆོས་ཐ་དད་པ་མེད་ན་ཆོས་ཐ་དད་པ་འགོག་སྟེ། རིགས་ཀྱི་བུ། རྡོ་ཁབ་ལེན་གྱིས་ལྕགས་ལེན་པའང་དེ་དང་འདྲ་བར་
Kha268a
༄#། །ཆོས་ཐ་དད་པ་ཡོད་པས་ཆོས་ཐ་དད་པ་འབྱུང་ངོ ། །ཆོས་ཐ་དད་པ་མེད་ན་ཆོས་ཐ་དད་པ་འགོག་སྟེ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལེན་མི་ནུས་སོ། །རིགས་ཀྱི་བུ། མ་རིག་པའང་འདུ་བྱེད་རྣམས་ལེན་མི་ནུས་ཤིང ། འདུ་བྱེད་ཀྱིས་ཀྱང་རྣམ་པར་ཤེས་པ་ལེན་མི་ནུས་མོད་ཀྱི། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་སྟེ། སངས་རྒྱས་བཞུགས་ཀྱང་རུང ། མི་བཞུགས་ཀྱང་རུང ། ཆོས་ཀྱི་དབྱིངས་ནི་རྟག་ཏུ་གནས་སོ། །རིགས་ཀྱི་བུ། གལ་ཏེ་སངས་རྒྱས་ཀྱི་རང་བཞིན་སེམས་ཅན་གྱི་ནང་ན་གནས་ཞེས་བྱ་བ་ནི། རིགས་ཀྱི་བུ། རྟག་པའི་ཆོས་ནི་གནས་མེད་དེ། གལ་ཏེ་གནས་ཡོད་ན་མི་རྟག་པར་འགྱུར་རོ། །རིགས་ཀྱི་བུ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ནི་ངེས་པར་གནས་པའི་གནས་མེད་དོ། །གལ་ཏེ་གནས་པའི་གནས་ཡོད་ན་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་རྟག་པ་ཞེས་མི་བྱའོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའང་གནས་པའི་གནས་མེད། ཆོས་ཀྱི་ཁམས་དང ། ཆོས་ཀྱི་སྐྱེ་མཆེད་དང ། ཆོས་ཀྱི་ཕུང་པོ་དང ། ནམ་མཁའ་ཡང་གནས་པའི་གནས་མེད་དེ། སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་བར་གནས་པའི་གནས་མེད་དོ། །རིགས་ཀྱི་བུ། དཔེར་ན། ཆེན་
Kha268b
པོ་བཞི་ནི་སྟོབས་མཉམ་སྟེ། ཀུན་ལ་སྲ་བ་དང ། དྲོ་བ་དང ། གཤེར་བ་དང ། གཡོ་བ་དང ། ཡང་བ་དང ། ལྕི་བ་དང ། དམར་པོ་དང ། དཀར་པོ་དང ། སེར་པོ་དང ། ནག་པོའི་མཚན་ཉིད་འདྲ་བར་ཡོད་མོད་ཀྱི། ཆེན་པོ་བཞི་ལ་ལས་མེད་དོ། །ཆོས་ཐ་དད་པའི་དབྱིངས་ཀྱིས་སོ་སོར་མི་མཚུངས་པ་ལྟར་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་བ་སྟེ། ཆོས་ཐ་དད་པའི་དབྱིངས་ཀྱི་ཕྱིར་དུས་དང་ཕྲད་ན་གདོད་མཐོང་ངོ ། །རིགས་ཀྱི་བུ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ལས་ཕྱིར་མི་ལྡོག་པའི་ཕྱིར་ཡོད་པ་ཞེས་བྱའོ། །དེ་ལྟར་ཕྱིར་མི་ལྡོག་པའི་ཕྱིར། ཡོད་པར་འགྱུར་བའི་ཕྱིར། ངེས་པར་ཐོབ་པའི་ཕྱིར། ངེས་པར་མཐོང་བར་འགྱུར་བའི་ཕྱིར། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ཅེས་བྱའོ། །རིགས་ཀྱི་བུ། དཔེར་ན། རྒྱལ་པོ་ཞིག་གིས་བློན་པོ་ཆེན་པོ་གཅིག་ལ་ཁྱོད་ཀྱིས་བལ་གླང་གཅིག་ཁྲིད་ལ་དམུས་ལོང་ལ་སྟོན་ཅེས་བཀའ་སྩལ་པ་དང ། དེ་ནས་བློན་པོ་ཆེན་པོ་དེས་རྒྱལ་པོའི་བཀའ་བཞིན་དུ་དམུས་ལོང་རྣམས་བསྡུས་ཏེ་བལ་གླང་བསྟན་པ་དང ། དམུས་ལོང་དེ་དག་སོ་སོ་ནས་ལགས་པས་མནམས་སོ། །དེ་ནས་བློན་པོས་སླར་རྒྱལ་པོ་ལ་བདག་གིས་བསྟན་ལགས་སོ། །ཞེས་གསོལ་ནས། དེ་ནས་རྒྱལ་པོས་དམུས་ལོང་རྣམས་བཀུག་ནས་སོ་སོར་ཁྱེད་ཅག་གིས་བལ་གླང་མཐོང་ངམ་ཞེས་སྨྲས་བ་དང ། དམུས་ལོང་རྣམས་ཀྱིས་སོ་སོ་ནས་བདག་གིས་མཐོང་
Kha269a
༄#། །ངོ། །ཞེས་གསོལ་ཏོ། །རྒྱལ་པོས་སྨྲས་པ། བལ་གླང་ཇི་ལྟ་བུར་འདུག་།དེ་ལ་དམུས་ལོང་གང་མཆེ་བ་ལ་རེག་པས་ནི་བལ་གླང་ཡུངས་མ་དང་འདྲའོ་ཞེས་ཟེར་རོ། །རྣ་བ་ལ་རེག་པས་ནི་བལ་གླང་ནི་ཞིབ་མ་དང་འདྲའོ་ཞེས་ཟེར་རོ། །མགོ་ལ་རེག་པས་ནི་བལ་གླང་རྡོ་དང་འདྲའོ་ཞེས་ཟེར་རོ། །སྣ་ལ་རེག་པས་ནི་བལ་གླང་གཉའ་ཤིང་དང་འདྲའོ་ཞེས་ཟེར་རོ། །རྐང་པ་ལ་རེག་པས་ནི་བལ་གླང་གི་གཟུགས་གཏུན་དང་འདྲའོ་ཞེས་ཟེར་རོ། །རྒྱབ་ལ་རེག་པས་ནི་བལ་གླང་ཁྲི་དང་འདྲའོ་ཞེས་ཟེར་རོ། །ལྟོ་བ་ལ་རེག་པས་ནི་བལ་གླང་རྫ་མ་དང་འདྲའོ་ཞེས་ཟེར་རོ། །མཇུག་མ་ལ་རེག་པས་ནི་བལ་གླང་གི་གཟུགས་ཐག་པ་དང་འདྲའོ་ཞེས་ཟེར་རོ། །རིགས་ཀྱི་བུ། དམུས་ལོང་དེ་དག་བལ་གླང་གི་དངོས་པོ་ཉིད་མི་སྨྲ་མོད་ཀྱི། མི་སྨྲ་བའང་མ་ཡིན་ནོ། །གལ་ཏེ་དངོས་པོ་དེ་དག་བལ་གླང་མ་ཡིན་ན་དེ་དག་སྤངས་པའི་ཕ་རོལ་ན་བལ་གླང་གཞན་མེད་དོ། །རིགས་ཀྱི་བུ། རྒྱལ་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པའི་དཔེའོ། །བློན་པོ་ནི་ཤིན་ཏུ་རྒྱས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་དཔེའོ། །བལ་གླང་ནི་སངས་རྒྱས་ཀྱི་རང་བཞིན་གྱི་དཔེའོ། །དམུས་ལོང་ནི་སེམས་ཅན་མ་རིག་པ་རྣམས་ཀྱི་དཔེའོ། །སེམས་ཅན་དེ་དག་སངས་རྒྱས་ཀྱིས་གསུངས་པ་ཐོས་ནས། ཁ་ཅིག་ནི་འདི་སྐད་དུ་གཟུགས་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །དེ་ཅིའི་
Kha269b
ཕྱིར་ཞེ་ན། གཟུགས་དེ་འགོག་མོད་ཀྱི། གཅིག་གིས་གཅིག་བསབས་ཤིང་རྒྱུན་མི་འཆད་པས་དེ་བཞིན་གཤེགས་པའི་བླ་ན་མེད་པའི་མཚན་སུམ་ཅུ་རྩ་གཉིས་དང ། དེ་བཞིན་གཤེགས་པའི་གཟུགས་རྟག་པ་ཐོབ་པའི་ཕྱིར་ཏེ། དེ་བཞིན་གཤེགས་པའི་གཟུགས་ནི་རྟག་པ་མི་འཆད་པའི་ཕྱིར་དེ་བས་ན་གཟུགས་ནི་སངས་རྒྱས་ཀྱི་རང་བཞིན་ནོ་ཞེས་ཟེར་ཏེ། དཔེར་ན། གསེར་ཡང་དག་པ་ཇི་ལྟར་བསྒྱུར་བའང་ཁ་དོག་རྟག་ཅིང་མི་འགྱུར་ཏེ། གདུ་བུ་བྱས་སམ། སྤྲུལ་དུ་བྱས་སམ། གཞོང་པར་བྱས་ཀྱང་རུང་སྟེ། ཁ་དོག་སེར་པོ་ཐོག་མ་ནས་མ་གྱུར་ཏོ། །སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་བར་དབྱིངས་མི་རྟག་མོད་ཀྱི། གཟུགས་ནི་རྟག་པ་སྟེ། དེའི་ཕྱིར་གཟུགས་ནི་སངས་རྒྱས་ཀྱི་རང་བཞིན་ནོ་ཞེས་སྨྲའོ། །ཁ་ཅིག་ནི་འདི་སྐད་དུ་ཚོར་བ་ནི་སངས་རྒྱས་ཀྱི་རང་བཞིན་ནོ་ཞེས་ཟེར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚོར་བའི་རྒྱུ་དང་རྐྱེན་གྱིས་དེ་བཞིན་གཤེགས་པའི་ཡང་དག་པའི་བདེ་བ་ཐོབ་སྟེ།་དེ་བཞིན་གཤེགས་པའི་ཚོར་བ་ནི་མཐར་ཚོར་བ་དོན་དམ་པའི་ཚོར་བ་སྟེ། སེམས་ཅན་གྱི་ཚོར་བའི་རང་བཞིན་མི་རྟག་མོད་ཀྱི། འོན་ཀྱང་གཅིག་གིས་གཅིག་བསབས་ཏེ་རྒྱུན་མི་འཆད་པས་དེ་བཞིན་གཤེགས་པའི་ཚོར་བ་རྟག་པ་ཐོབ་སྟེ། དཔེར་ན། མིའི་རུས་ཀོའུ་ཤི་ཀ་ཞེས་བྱ་བ་མི་ཉིད་མི་རྟག་མོད་ཀྱི། རུས་རྟག་པ་ཡིན་ཏེ། རབས་སྟོང་ཕྲག་བརྒྱར་ཡང་མི་འགྱུར་བ་ལྟར་
Kha270a
༄#། །སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། དེ་བས་ན་ཚོར་བ་ནི་སངས་རྒྱས་ཀྱི་རང་བཞིན་ནོ་ཞེས་སྨྲའོ། །དེ་ལ་ཁ་ཅིག་ནི་འདི་སྐད་དུ་འདུ་ཤེས་ནི་སངས་རྒྱས་ཀྱི་རང་བཞིན་ནོ་ཞེས་ཟེར་རོ། །དེ་ཅིའི་ཕྱིར་ཞེ་ན། འདུ་ཤེས་ཀྱི་རྒྱུ་དང་རྐྱེན་གྱིས་དེ་བཞིན་གཤེགས་པའི་འདུ་ཤེས་ཡང་དག་པར་ཐོབ་བོ། །དེ་ལ་དེ་བཞིན་གཤེགས་པའི་འདུ་ཤེས་ནི་འདུ་ཤེས་མེད་པའི་འདུ་ཤེས་སོ། །འདུ་ཤེས་མེད་པའི་འདུ་ཤེས་ནི་སེམས་ཅན་དུ་འདུ་ཤེས་པ་མ་ཡིན། བུད་མེད་དང ། སྐྱེས་པར་འདུ་ཤེས་པ་མ་ཡིན། གཟུགས་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པར་འདུ་ཤེས་པ་མ་ཡིན། འདུ་ཤེས་མ་ཡིན། འདུ་ཤེས་ཆད་པའོ། །སེམས་ཅན་གྱི་འདུ་ཤེས་མི་རྟག་མོད་ཀྱི། འདུ་ཤེས་རིམ་གྱིས་གཅིག་གིས་གཅིག་བསབས་ཏེ་རྒྱུན་མི་འཆད་པས་དེ་བཞིན་གཤེགས་པའི་འདུ་ཤེས་ཐེར་ཟུག་རྟག་པ་ཐོབ་བོ། །རིགས་ཀྱི་བུ། དཔེར་ན། སེམས་ཅན་གྱི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་དང་མཚུངས་ཏེ། སེམས་ཅན་ནི་འགོག་མོད་ཀྱི། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ནི་རྟག་པ་ལྟར་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། དེ་བས་ན་འདུ་ཤེས་ནི་སངས་རྒྱས་ཀྱི་རང་བཞིན་ནོ་ཞེས་སྨྲའོ། །དེ་ལ་ཁ་ཅིག་ནི་འདི་སྐད་དུ་འདུ་བྱེད་ནི་སངས་རྒྱས་
Kha270b
ཀྱི་རང་བཞིན་ནོ་ཞེས་ཟེར་རོ། །དེ་ཅིའི་ཕྱིར་ཞེ་ན། འདུ་བྱེད་ནི་འཚོ་བའི་སྲོག་ཅེས་བྱ་སྟེ། སྲོག་གི་རྒྱུ་དང་རྐྱེན་གྱིས་དེ་བཞིན་གཤེགས་པའི་སྐུ་ཚེ་རྟག་ཏུ་གནས་པ་ཐོབ་པར་འགྱུར་རོ། ། སེམས་ཅན་གྱི་སྲོག་མི་རྟག་མོད་ཀྱི། འཚོ་བའི་སྲོག་རིམ་གྱིས་གཅིག་གིས་གཅིག་བསབས་ཤིང་རྒྱུན་མི་འཆད་པས་དེ་བཞིན་གཤེགས་པའི་ཡང་དག་པའི་སྐུ་ཚེ་རྟག་པ་ཐོབ་པ་སྟེ། རིགས་ཀྱི་བུ། དཔེར་ན། མདོ་སྡེ་སྡེ་བཅུ་གཉིས་ལ་མཉན་པ་དང ། འཆད་པ་དང ། གཉིས་ཀ་ནི་མི་རྟག་མོད་ཀྱི། མདོ་སྡེ་ཉིད་རྟག་ཏུ་གནས་ཤིང་མི་འགྱུར་བ་ལྟར་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་བས་ན། དེའི་ཕྱིར་འདུ་བྱེད་ནི་སངས་རྒྱས་ཀྱི་རང་བཞིན་ནོ་ཞེས་སྨྲའོ། །དེ་ལ་ཁ་ཅིག་ནི་འདི་སྐད་དུ་རྣམ་པར་ཤེས་པ་ནི་སངས་རྒྱས་ཀྱི་རང་བཞིན་ནོ་ཞེས་ཟེར་རོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པའི་རྒྱུ་དང་རྐྱེན་གྱིས་དེ་བཞིན་གཤེགས་པའི་ཐུགས་མཉམ་པ་ཐོབ་སྟེ། སེམས་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་མི་རྟག་མོད་ཀྱི། རྣམ་པར་ཤེས་པ་དེ་གཅིག་གིས་གཅིག་བསབས་ཤིང་རྒྱུན་མི་འཆད་པས་དེ་བཞིན་གཤེགས་པའི་ཡང་དག་པའི་ཐུགས་རྟག་པ་ཐོབ་པར་འགྱུར་རོ། །དཔེར་ན། མེས་ཚོས་པར་བྱེད་པ་དང་འདྲ་སྟེ། མེ་མི་རྟག་པ་ཡིན་ཡང་ཚོས་པ་ནི་མི་རྟག་པ་མ་ཡིན་པ་ལྟར་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། དོན་དེ་ལྟ་བས་ན་རྣམ་པར་ཤེས་པ་ནི་སངས་རྒྱས་
Kha271a
༄#། །ཀྱི་རང་བཞིན་ནོ་ཞེས་སྨྲའོ། །དེ་ལ་ཁ་ཅིག་ནི་འདི་སྐད་དུ་ཕུང་པོ་མ་གཏོགས་པར་བདག་ཅེས་བྱ་བ་ཡོད་དེ། བདག་ཅེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་ནོ་ཞེས་ཟེར་རོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཅེས་བྱ་བའི་རྒྱུ་དང་རྐྱེན་གྱིས་དེ་བཞིན་གཤེགས་པའི་དབང་སྒྱུར་བ་བརྒྱད་ཐོབ་པར་འགྱུར་རོ། །མུ་སྟེགས་ཅན་དག་ཁ་ཅིག་ནི་སོང་བ་དང ། འོང་བ་དང ། མཐོང་བ་དང ། ཐོས་པ་དང ། མྱ་ངན་དང ། དགའ་བ་དང ། སྨྲ་བ་ལ་བདག་གོ་ཞེས་ཟེར་ཏེ། བདག་ཅེས་བྱ་བའི་མཚན་ཉིད་དེ་དག་མི་རྟག་མོད་ཀྱི། དེ་བཞིན་གཤེགས་པའི་བདག་ཡང་དག་པ་ནི་རྟག་པའོ། །རིགས་ཀྱི་བུ། དཔེར་ན། ཕུང་པོ་དང་སྐྱེ་མཆེད་དང་ཁམས་མི་རྟག་མོད་ཀྱི། མིང་དུ་བཏགས་པ་རྟག་པ་ཡིན་པ་ལྟར་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲའོ། །རིགས་ཀྱི་བུ། ཇི་ལྟར་དམུས་ལོང་དེ་དག་སོ་སོ་ནས་བལ་གླང་གི་གཟུགས་སྨྲ་བ་དེ་དག་ཐོག་ཏུ་བབ་པར་མ་སྨྲས་མོད་ཀྱི། བལ་གླང་ལས་གཞན་སྨྲས་པ་མ་ཡིན་པ་ལྟར་སངས་རྒྱས་ཀྱི་རང་བཞིན་སྨྲ་བའང་དེ་དང་འདྲ་སྟེ། ཆོས་དྲུག་པོ་མ་ཡིན་མོད་ཀྱི། ཆོས་དྲུག་ལས་གཞན་པའང་མ་ཡིན་ནོ། །རིགས་ཀྱི་བུ། དེ་བས་ན་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་གཟུགས་མ་ཡིན། གཟུགས་ལས་གཞན་པའང་མ་ཡིན་པ་ནས་བདག་མ་ཡིན། བདག་ལས་གཞན་པའི་
Kha271b
བར་དུའང་མ་ཡིན་ནོ་ཞེས་གསུངས་སོ། །རིགས་ཀྱི་བུ། མུ་སྟེགས་ཅན་དག་ནི་བདག་ཡོད་ཅེས་སྨྲ་མོད་ཀྱི། ཡང་དག་པར་བདག་ཅེས་བྱ་བ་མེད་དོ། །སེམས་ཅན་གྱི་བདག་ཅེས་བྱ་བ་ནི་ཕུང་པོ་ལྔ་ཉིད་ལ་བྱ་སྟེ། ཕུང་པོའི་ཕ་རོལ་ན་བདག་ཅེས་བྱ་བ་ལོགས་ཤིག་ན་མེད་དོ། །རིགས་ཀྱི་བུ། དཔེར་ན། ལྕུག་མ་དང ། ལོ་མ་དང ། གེ་སར་དང ། སྡོང་བུ་འདུས་པ་ལས་པདྨོར་འགྱུར་ཏེ། དེ་དག་སྤངས་པའི་ཕ་རོལ་ན་པདྨོ་ཞེས་བྱ་བ་གཞན་མེད་པ་ལྟར་སེམས་ཅན་གྱི་བདག་ཀྱང་དེ་དང་འདྲའོ། །རིགས་ཀྱི་བུ། དཔེར་ན། རྩིག་པ་དང ། རྩ་བ་དང ། ཤིང་འདུས་པ་ལས་ཁང་པ་ཞེས་བྱ་སྟེ། དེ་དག་སྤངས་པའི་ཕ་རོལ་ན་ཁང་པ་ཞེས་བྱ་བ་གཞན་མེད་དོ། །དཔེར་ན། ཤིང་སེང་ལྡང་དང ། ཤིང་བཱ་ལ་ཤ་དང ། ཤིང་ནྱ་གྲོ་དྷ་དང ། ཤིང་ཨུ་དུམྦ་ར་ལ་སོགས་པ་འདུས་པ་ལ་ཚལ་ཞེས་བྱ་སྟེ། དེ་དག་སྤངས་པའི་ཕ་རོལ་ན་ཚལ་ཞེས་བྱ་བ་གཞན་མེད་དོ། །དཔེར་ན། ཤིང་རྟའི་ཚོགས་དང ། བལ་གླང་གི་ཚོགས་དང ། རྟའི་ཚོགས་དང ། རྐང་ཐང་གི་ཚོགས་འདུས་པ་ལས་དམག་ཅེས་བྱ་སྟེ། དེ་དག་སྤངས་པའི་ཕ་རོལ་ན་དམག་ཅེས་བྱ་བ་གཞན་མེད་དོ། །དཔེར་ན། ཁ་ཆེ་དང་གྱི་ཚོན་རྣམ་པ་ལྔ་འདུས་པ་ལས་ཟ་འུག་ཅེས་བྱ་སྟེ། དེ་དག་སླངས་པའི་ཕ་རོལ་ན་ཟ་འུག་ཅེས་བྱ་བ་གཞན་མེད་དོ། །དཔེར་ན། རིགས་རྣམ་པ་བཞི་འདུས་པ་ལ་ཚོགས་ཆེན་པོ་ཞེས་བྱ་སྟེ། དེ་དག་སྤངས་པའི་ཕ་རོལ་ན་ཚོགས་ཆེན་པོ་ཞེས་བྱ་བ་
Kha272a
༄#། །གཞན་མེད་པ་ལྟར་སེམས་ཅན་གྱི་བདག་ཅེས་བྱ་བའང་དེ་དང་འདྲ་སྟེ། ཕུང་པོ་ལྔ་སྤངས་པའི་ཕ་རོལ་ན་བདག་ཅེས་བྱ་བ་གཞན་མེད་དོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི་རྟག་ཏུ་གནས་པས་བདག་ཅེས་བྱའོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་མཐའ་ཡས་ཐོགས་པ་མེད། མི་སྐྱེ་མི་འགོག་ཅིང་དབང་བརྒྱད་ཐོབ་པས་བདག་ཅེས་བྱ་སྟེ། སེམས་ཅན་ལ་ནི་ཡང་དག་པར་དེ་ལྟ་བུའི་བདག་དང་བདག་གི་བ་མེད་དེ། མཐར་གདོན་མི་ཟ་བར་དོན་དམ་པའི་སྟོང་པ་ཐོབ་པར་འགྱུར་བའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་ཞེས་བྱའོ། །རིགས་ཀྱི་བུ། བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོ་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོ་ནི་རྟག་ཏུ་གྲིབ་མ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་འཁོར་ཏེ། སེམས་ཅན་ཐམས་ཅད་ཀྱང་གདོན་མི་ཟ་བར་བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོ་ཐོབ་པར་འགྱུར་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་གསུངས་སོ། །བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོ་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་སྟེ། སངས་རྒྱས་ཀྱི་རང་བཞིན་ནི་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་ལ་དགའ་བ་ཆེན་པོ་དང ། བཏང་སྙོམས་ཆེན་པོ་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་
Kha272b
དཔའ་ཆེན་པོས་སྲིད་པ་ཉི་ཤུ་རྩ་ལྔ་མ་སྤངས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་ནུས་ཏེ། སེམས་ཅན་ཐམས་ཅད་མཐར་ཐོབ་པར་འགྱུར་བའི་ཕྱིར། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ཅེས་གསུངས་སོ། །དེ་ལ་དགའ་བ་ཆེན་པོ་དང ། བཏང་སྙོམས་ཆེན་པོ་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་སྟེ། སངས་རྒྱས་ཀྱི་རང་བཞིན་ཉིད་དེ་བཞིན་གཤེགས་པ་ཞེས་བྱའོ། །ཡང་སངས་རྒྱས་ཀྱི་རང་བཞིན་ནི་དད་པའི་སེམས་ཆེན་པོ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དད་པའི་སེམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱང་མཐར་གདོན་མི་ཟ་བར་དད་པའི་སེམས་ཆེན་པོ་ཐོབ་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ཅེས་གསུངས་སོ། །དེ་ལ་དད་པའི་སེམས་ནི་སངས་རྒྱས་ཀྱི་རང་བཞིན་ཏེ། སངས་རྒྱས་ཀྱི་རང་བཞིན་ཉིད་དེ་བཞིན་གཤེགས་པའོ། །ཡང་སངས་རྒྱས་ཀྱི་རང་བཞིན་ནི་བུ་གཅིག་པའི་ས་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བུ་གཅིག་པའི་སའི་རྒྱུ་དང་རྐྱེན་གྱིས་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཐོབ་སྟེ། སེམས་ཅན་ཐམས་ཅད་ཀྱང་མཐར་གདོན་མི་ཟ་བར་བུ་གཅིག་པའི་ས་ཐོབ་པར་འགྱུར་བས་ན་སེམས་ཅན་ཐམས་ཅད་ལ་
Kha273a
༄#། །སངས་རྒྱས་ཀྱི་རང་བཞིན་ཡོད་དེ། བུ་གཅིག་པའི་ས་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །སངས་རྒྱས་ཀྱི་རང་བཞིན་ཉིད་ནི་དེ་བཞིན་གཤེགས་པའོ། ། ཞེས་གསུངས་སོ། །ཡང་སངས་རྒྱས་ཀྱི་རང་བཞིན་ནི་ས་བཞི་པའི་སྟོབས་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ས་བཞི་པའི་སྟོབས་ཀྱི་རྒྱུ་དང་རྐྱེན་གྱིས་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་འགྱུར་ཏེ། སེམས་ཅན་ཐམས་ཅད་ཀྱང་མཐར་གདོན་མི་ཟ་བར་ས་བཞི་པའི་སྟོབས་ཐོབ་པར་འགྱུར་བས་ན་དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དེ། ས་བཞི་པའི་སྟོབས་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །སངས་རྒྱས་ཀྱི་རང་བཞིན་ཉིད་ནི་དེ་བཞིན་གཤེགས་པའོ་ཞེས་གསུངས་སོ། །ཡང་སངས་རྒྱས་ཀྱི་རང་བཞིན་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་སོ། །དེ་ཅིའི་ཕྱིར་ཞེ་ན། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ཀྱི་ཕྱིར་དེ་བཞིན་གཤེགས་པ་རྟག་ཏུ་གནས་ཏེ། སེམས་ཅན་ཐམས་ཅད་ཀྱང་དོན་མི་ཟ་བར་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་པོ་དེ་དག་ཐོབ་པར་འགྱུར་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དེ། རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །སངས་རྒྱས་ཀྱི་རང་བཞིན་ཉིད་ནི་དེ་བཞིན་གཤེགས་པའོ་ཞེས་གསུངས་སོ། །ཡང་སངས་རྒྱས་ཀྱི་རང་
Kha273b
བཞིན་ནི་སོ་སོ་ཡང་དག་པར་ཤེས་པ་རྣམ་པ་བཞིའོ། །དེ་ཅིའི་ཕྱིར་ཞེ་ན། སོ་སོ་ཡང་དག་པར་ཤེས་པ་བཞིའི་རྒྱུ་དང་རྐྱེན་གྱིས་ཚིག་དང་དོན་བཤད་པ་ལ་ཐོགས་པ་མེད་དོ། །ཚིག་དང་དོན་ལ་ཐོགས་པ་མེད་པའི་ཕྱིར་སེམས་ཅན་གྱི་དོན་བྱེད་པར་འགྱུར་ཏེ། དེ་བས་ན་སོ་སོ་ཡང་དག་པར་ཤེས་པ་བཞི་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །སངས་རྒྱས་ཀྱི་རང་བཞིན་ཉིད་ནི་དེ་བཞིན་གཤེགས་པའོ་ཞེས་གསུངས་སོ། །ཡང་སངས་རྒྱས་ཀྱི་རང་བཞིན་ནི་སྤྱི་བོའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་བསྒོམས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྡུད་པར་གྱུར་ཏེ། དེ་ལྟ་བས་ན་སྤྱི་བོའི་ཏིང་ངེ་འཛིན་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །བྱང་ཆུབ་སེམས་དཔའ་ས་བཅུ་པས་ཏིང་ངེ་འཛིན་བསྒོམས་ཀྱང་ཡོངས་སུ་རྫོགས་པར་མ་གྱུར་ཏེ། སངས་རྒྱས་ཀྱི་རང་བཞིན་མཐོང་མོད་ཀྱི། གསལ་བར་མ་གྱུར་ཏོ། །སེམས་ཅན་ཐམས་ཅད་ཀྱང་མཐར་གདོན་མི་ཟ་བར་ཐོབ་པར་འགྱུར་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ཅེས་གསུངས་སོ། །རིགས་ཀྱི་བུ། ཇི་ལྟར་གོང་དུ་སྨོས་པའི་ཆོས་རྣམ་པ་སྣ་ཚོགས་ཀྱང་སེམས་ཅན་ཐམས་ཅད་ཀྱིས་གདོན་མི་ཟ་བར་ཐོབ་པར་འགྱུར་བས་ན་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་གསུངས་སོ། །རིགས་ཀྱི་བུ། གལ་ཏེ་ངས་གཟུགས་ལ་སངས་རྒྱས་ཀྱི་རང་བཞིན་ནོ་ཞེས་བཤད་ན་སེམས་
Kha274a
༄#། །ཅན་གྱིས་ཐོས་མ་ཐག་ཏུ་ཕྱིན་ཅི་ལོག་པ་བསྐྱེད་དོ། །ཕྱིན་ཅི་ལོག་པའི་ཕྱིར་ཚེའི་དུས་བྱས་ནས་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་ངོ ། ། དེ་བཞིན་གཤེགས་པས་ཆོས་བསྟན་པས་ནི་སེམས་ཅན་དམྱལ་བ་བཅད་པའི་ཕྱིར་ཏེ། ད་བས་ན་གཟུགས་ནི་སངས་རྒྱས་ཀྱི་རང་བཞིན་ནོ་ཞེས་མི་གསུངས་པ་ནས་རྣམ་པར་ཤེས་པའི་བར་དུ་མ་གསུངས་སོ། །རིགས་ཀྱི་བུ། གལ་ཏེ་སེམས་ཅན་གྱིས་སངས་རྒྱས་ཀྱི་རང་བཞིན་གསལ་བར་རྟོགས་ན་ལམ་སྒོམ་མི་དགོས་ཏེ། བྱང་ཆུབ་སེམས་དཔའ་ས་བཅུ་པས་འཕགས་པའི་ལམ་བརྒྱད་བསྒོམས་པའང་སངས་རྒྱས་ཀྱི་རང་བཞིན་ཅུང་ཟད་ཅིག་མཐོང་ན། མ་བསྒོམས་པས་མཐོང་བར་འགྱུར་བ་ལྟ་ཅི་སྨོས། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་སོགས་པས་བསྐལ་པ་ཚད་མེ་དཔའི་བར་དུ་འཕགས་པའི་ལམ་བསྒོམས་པས་གདོད་སངས་རྒྱས་ཀྱི་རང་བཞིན་མཐོང་ན་ཉན་ཐོས་དང ། རང་སངས་རྒྱས་དག་གིས་ལྟ་ག་ལ་མཐོང ། གལ་ཏེ་སེམས་ཅན་དག་སངས་རྒྱས་ཀྱི་རང་བཞིན་གསལ་བར་མཐོང་བར་འདོད་ན་སེམས་རྩེ་གཅིག་ཏུ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་གཟུངས་སུ་འཛིན་ཅིང་ཀློག་པ་དང ། འདོན་པ་དང ། ཡི་གེར་བྲིས་ཤིང་དགྲོལ་ཞིང་བཤད་པ་དང ། མཆོད་པ་དང ། རིམ་གྲོ་དང ། བཀུར་སྟིར་བྱའོ། །གཞན་གྱིས་གཟུངས་སུ་འཛིན་པ་ནས་བཀུར་
Kha274b
སྟི་ལ་སོགས་པའི་བར་དུ་བྱེད་པ་མཐོང་ན། གནས་ཁང་བཟང་པོ་དང ། གོས་དང ། ཟས་དང ། མལ་ཆ་དང ། ནད་ཀྱི་རྐྱེན་སྨན་གྱིས་མཆོད་ཅིང་བསྡགས་པ་དང ། ཕྱག་འཚལ་བ་དང ། གསོང་པོར་སྨྲ་བའང་བྱའོ། །རིགས་ཀྱི་བུ། གང་གིས་འདས་པའི་དུས་ན། སངས་རྒྱས་ཚད་མེད་མཐའ་ཡས་པ་སྙེད་ལ་བསྙེན་བཀུར་དང་མཆོད་པ་བྱས་ཏེ། དགེ་བའི་རྩ་བ་རབ་ཏུ་བསྐྲུན་པས་གདོད་མདོ་སྡེ་འདིའི་མིང་ཙམ་ཐོས་པར་འགྱུར་རོ། །རིགས་ཀྱི་བུ། སངས་རྒྱས་ཀྱི་རང་བཞིན་བསམ་གྱིས་མི་ཁྱབ་སྟེ། སངས་རྒྱས་དང ། ཆོས་དང ། དགེ་འདུན་དཀོན་མཆོག་ཀྱང་བསམ་གྱིས་མི་ཁྱབ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ལ། ཤེས་པར་མི་ནུས་པའང་བསམ་གྱིས་མི་ཁྱབ། དེ་བཞིན་གཤེགས་པའི་རྟག་པ་དང ། བདེ་བ་དང།་བདག་དང ། ཡོངས་སུ་དག་པའི་ཆོས་ཀྱང་བསམ་གྱིས་མི་ཁྱབ། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་ལ་དད་པའང་བསམ་གྱིས་མི་ཁྱབ་བོ། །བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་ལ་དད་པར་ནི་བསམ་གྱིས་མི་ཁྱབ་བོ་ཞེས་གསུངས་ན། བཅོམ་ལྡན་འདས། འཁོར་ཀྱི་དཀྱིལ་འཁོར་འདིའི་ནང་ན་སེམས་ཅན་བྱེ་བ་ཕྲག་བརྒྱད་ཁྲི་ལྔ་སྟོང་སྙེད་མདོ་སྡེ་འདི་ལ་དད་པའི་
Kha275a
༄#། །སེམས་མི་སྐྱེ་བས་གང་མདོ་སྡེ་འདི་ལ་དད་པ་ནི་བསམ་གྱིས་མི་ཁྱབ་པའོ་ཞེས་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། སེམས་ཅན་དེ་དག་ཀྱང་མ་འོངས་པའི་དུས་ན་མདོ་སྡེ་འདི་ལ་ཡིད་ཆེས་པར་འགྱུར་ཞིང་སངས་རྒྱས་ཀྱི་རང་བཞིན་མཐོང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་བཞི་བཅུ་གསུམ་པ། སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དག་ཇི་ལྟར་བདག་ལ་གདོན་མི་ཟ་བར་ཕྱིར་མི་ལྡོག་པའི་སེམས་དང་ལྡན་པར་རྟོགས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དཀའ་ཐུབ་སྤྱད་པའི་སེམས་ཀྱིས་བདག་ལ་བདག་བརྟགས་ན་རྟོགས་པར་འགྱུར་རོ། །འདི་ལྟ་སྟེ།་ཉིན་རེ་ཞིང་ཏིལ་འབྲུ་རེ་ལས་མི་ཟ་བར་དེ་བཞིན་དུ་ཞག་བདུན་གྱི་བར་དུ་འབྲས་ནས་སྲན་མའམ། གསོ་མའམ། ཁྲེའམ། སྲན་མ་དཀར་པོའི་བར་དུ་དེ་དང་འདྲ་བར་ཞག་བདུན་བདུན་གྱི་བར་དུ་འབྲུམ་བུ་རེ་ལས་མི་ཟ་སྟེ། ཉིན་རེ་ཞིང་འབྲུམ་བུ་རེ་ཟ་བ་ན་འདི་སྙམ་དུ་དཀའ་བ་སྤྱོད་པ་འདི་ནི་ཕན་པའི་དོན་དུ་འགྱུར་བ་མེད་དེ།
Kha275b
ཕན་པའི་དོན་དུ་མི་འགྱུར་ཡང་དེ་ལྟར་སྤྱོད་ན་ཕན་པའི་དོན་དུ་འགྱུར་བ་མི་བྱེད་པ་ལྟ་ཅི་སྨོས་སྙམ་སེམས་ཏེ། ཕན་པའི་དོན་དུ་མི་འགྱུར་བའང་ཉམས་སུ་ལེན་ཞིང་བཟོད་པ་བྱེད་དེ། ཕྱིར་མི་ལྡོག་པར་འགྱུར་བས་ན་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ད་ལྟར་ཞག་དེ་སྙེད་ཀྱི་བར་དུ་དཀའ་བ་སྤྱོད་པ་ན་ལུས་ཀྱི་ཤ་དང་པགས་པ་ཉམས་ཤིང་རིད་པ་ནི་ཀུ་བ་བརྔས་མ་ཐག་པ་ཉི་མ་ལ་བཞག་པ་དང་མཚུངས་སོ། །མིག་རྐོང་བ་ནི་ཁྲོན་པའི་སྐར་མ་དང་མཚུངས་སོ། །ཤ་ཀུན་ཟད་དེ་རྩ་དང་ཆུ་བ་འབའ་ཞིག་སྣང་བ་ནི་རྩཝ་ཁྱིམ་ཞིག་པ་དང་མཚུངས་སོ། །སྒལ་ཚིགས་མངོན་པར་སྣང་བ་ནི་ཐག་གུ་མདུད་པ་བོར་བ་དང་མཚུངས་སོ། །འདུག་འདུག་པའི་གནས་ནི་རྟའི་རྨིག་རྗེས་དང་མཚུངས་ཏེ།་འདུག་པའི་ཚེ་ནི་ཁ་བུབ་ཏུ་འགྱེལ། ལངས་པའི་ཚེ་ནི་གན་རྐྱལ་དུ་འགྱེལ་ཏེ། དེ་ལྟར་ཕན་པའི་དོན་མེད་པའི་སྡུག་བསྔལ་མྱོང་ཡང་བྱང་ཆུབ་ཀྱི་སེམས་ལས་ཕྱིར་ལྡོག་པར་མི་བྱེད་དོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྡུག་བསྔལ་གཞོམ་ཞིང་བདེ་བ་སྦྱིན་པའི་ཕྱིར་ཕྱི་ནང་གི་ཟང་ཟིང་ཐམས་ཅད་གཏོང་བ་ནས་ལུས་དང་སྲོག་གི་བར་དུ་རྩཝ་དང་འདྲ་བར་ཡོངས་སུ་གཏོང་བར་བྱེད་དོ། །གང་གདེ་ལྟར་ལུས་དང་སྲོག་ལ་མི་འཕངས་པའི་བྱང་ཆུབ་སེམས་དཔའ་དེ་ནི་བདག་ལ་བདག་ཕྱིར་མི་ལྡོག་པའི་སེམས་གདོན་མི་ཟ་བར་
Kha276a
༄#། །ཡོད་པ་དང ། ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་རྟོགས་སོ། །གཞན་ཡང་བྱང་ཆུབ་སེམས་དཔས་ཆོས་འདོད་པའི་རྐྱེན་གྱིས་ལུས་ཀྱིས་སྣང་བའི་མར་མེ་འཛུགས་པ་ནི་ལུས་ལ་རས་ཀྱིས་དཀྲིས་ནས་མར་གྱིས་བྱུགས་ཏེ་མེ་གཏོང་བར་བྱེད་དོ། །བྱང་ཆུབ་སེམས་དཔས་དེའི་ཚེ་དེ་ལྟར་སྡུག་བསྔལ་ཆེན་པོ་མྱོང་བ་ན་བདག་གི་སེམས་ལ་སྨད་པའི་ཕྱིར་འདི་སྐད་ཅེས་སྨྲའོ། །སྡུག་བསྔལ་འདི་ནི་སེམས་ཅན་དམྱལ་བའི་སྡུག་བསྔལ་བརྒྱ་སྟོང་གི་ཆར་ཡང་མི་ཕོད་ན་ཁྱོད་ཀྱི་བསྐལ་པ་ཚད་མེད་པ་བརྒྱ་སྟོང་གི་བར་དུ་ཕན་པའི་དོན་མེད་པའི་སྡུག་བསྔལ་ཆེན་པོའང་བཟོད་ལ། སྡུག་བསྔལ་ཆུང་ངུ་འདི་ཙམ་ལ་མི་བཟོད་ན་སེམས་ཅན་དམྱལ་བར་སྡུག་བསྔལ་བའི་སེམས་ཅན་སྒྲོལ་བའི་ཕྱིར་ཇི་ལྟར་འགྲོ་བར་བྱ་ཞེས་སྨྲའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཡིད་ལ་བྱེད་པ་ན་ལུས་ཀྱིས་ཀྱང་སྡུག་བསྔལ་བ་མི་ཚོར་ལ། སེམས་ཀྱང་ཕྱིར་མི་ལྡོག་ཅིང་མི་གཡོ་མི་འགྱུར་རོ། །བྱང་ཆུབ་སེམས་དཔས་དེའི་ཚེ་ན་བདག་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་རྟོགས་པར་འགྱུར་རོ། །རིགས་ཀྱི་བུ།་བྱང་ཆུབ་སེམས་དཔའ་དེའི་ཚེ་ན་ཉོན་མོངས་པ་དང་བཅས་ཏེ་ཡོངས་སུ་མ་བཅད་ཀྱང་ཆོས་འདོད་པའི་རྐྱེན་གྱིས་ལུས་ཀྱི་ཡན་ལག་མགོ་བོ་དང ། ལག་པ་དང ། རྐང་པ་དང ། མིག་དང ། རྐང་
Kha276b
དང།་ཤ་དང ། ཁྲག་གིས་སེམས་ཅན་ལ་སྦྱིན་པར་བྱེད་དེ། ལྕགས་ཀྱི་གཟེར་བུས་ལུས་ལ་འཛུགས་པ་དང ། བྲག་ལ་མཆོང་བ་དང ། མེ་ལ་མཆོང་བའང་བྱེད་དོ། །བྱང་ཆུབ་སེམས་དཔའ་དེའི་ཚེ་དེ་ལྟ་བུའི་སྡུག་བསྔལ་ཚད་མེད་པ་མྱོང་ཡང་གལ་ཏེ་སེམས་ཕྱིར་མི་ལྡོག་ཅིང་མི་གཡོ་མི་འགྱུར་ན་བྱང་ཆུབ་སེམས་དཔའ་དེ་ནི་གདོན་མི་ཟ་བར་ཕྱིར་མི་ལྡོག་པའི་སེམས་དང་ལྡན་ཞིང།་ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བདག་ཉིད་ཀྱིས་རྟོགས་པར་འགྱུར་རོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གཞོམ་པའི་ཕྱིར་ཤིན་ཏུ་ཆེ་བའི་བྱོལ་སོང་གི་ལུས་སུ་སྐྱེ་བའི་སྨོན་ལམ་འདེབས་ཏེ། ལུས་ཀྱི་ཤ་དང ། ཁྲག་གིས་སེམས་ཅན་ལ་སྦྱིན་པར་བྱེད་ལ། སེམས་ཅན་དག་གིས་ལེན་པའི་ཚེ་ན་དེ་དག་ལ་བྱམས་ཤིང་སྙིང་རྗེའི་སེམས་བསྐྱེད་པའི་ཕྱིར་བྱང་ཆུབ་སེམས་དཔས་དེའི་ཚེ་དབུགས་ཀྱང་རྒྱུ་བར་མི་བྱེད་དེ། ཤི་བ་ལྟར་བྱས་ནས་གང་ཤ་ལེན་པ་དེ་དག་ལས་བསད་པར་མ་གྱུར་ཏམ་སྙམ་ཐེ་ཚོམ་ཟ་བའི་སེམས་ཀྱང་མེད་པར་བྱེད་དོ། །བྱང་ཆུབ་སེམས་དཔས་དེ་ལྟར་བྱོལ་སོང་གི་སྐྱེ་གནས་སུ་སྐྱེས་ཀྱང་བྱོལ་སོང་གི་སྐྱེ་གནས་ཀྱི་ལས་ནམ་དུའང་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་སེམས་དཔས་ཕྱིར་མི་ལྡོག་པའི་སེམས་ཐོབ་པས་ནམ་དུའང་ངན་སོང་གསུམ་གྱི་ལས་མི་བྱེད་དོ། །བྱང་
Kha277a
༄#། །ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མ་འོངས་པའི་དུས་ན། གནས་ངན་ལེན་གྱི་འབྲས་བུ་རྡུལ་ཕྲ་མོ་ཙམ་ངེས་པར་མྱོང་བར་འགྱུར་བ་མ་ཡིན་པའང་སྨོན་ལམ་ཆེན་པོའི་ཤུགས་ཀྱིས་སེམས་ཅན་གྱི་ཕྱིར་དེ་དག་མྱོང་བར་བྱེད་དོ། །འདི་ལྟ་སྟེ། དཔེར་ན། ནད་པ་ཞིག་ཡི་དྭགས་ཀྱིས་བརླམས་ནས་མངོན་པར་བལྟར་མི་སྣང་ཡང་རིག་སྔགས་ཀྱི་མཐུས་མངོན་པར་སྣང་སྟེ། བར་འགའ་ནི་སྨྲ། བར་འགའ་ནི་དགའ། བར་འགའ་ནི་ཁྲོ། བར་འགའ་ནི་གཤེ་།བར་འགའ་ནི་རྡེག་།བར་འགའ་ནི་དུ། བར་འགའ་ནི་རྒོད་པ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མ་འོངས་པའི་དུས་ཀྱི་ངན་སོང་གསུམ་གྱི་ལས་ཀྱང་དེ་དང་འདྲའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲེད་མོའི་ལུས་སུ་གྱུར་པ་ན་རྟག་ཏུ་སེམས་ཅན་རྣམས་ལ་དམ་པའི་ཆོས་སྟོན་ཏོ། །བར་འགའ་ནི་བྱ་ཀ་བྱི་ཤ་ལའི་ལུས་སུ་གྱུར་ཏེ། སེམས་ཅན་རྣམས་ལ་དམ་པའི་ཆོས་སྟོན་ཏོ། །སེམས་ཅན་རྣམས་ལ་དམ་པའི་ཆོས་བསྟན་པའི་ཕྱིར་ཀུ་ཏ་ལའི་ལུས་དང ། ཤ་བ་དང ། རི་བོང་དང ། བ་གླང་དང ། ལུག་དང ། སྤྲེའུ་དང ། ཕུག་རོན་དཀར་པོ་དང ། བྱ་ནམ་མཁའ་ལྡིང་དང ། ཀླུ་དང ། སྦྲུལ་དུའང་གྱུར་ཏེ། དེ་ལྟར་བྱོལ་སོང་གི་ལུས་མང་པོ་མྱོང་བ་ན་ནམ་དུའང་བྱོལ་སོང་གི་སྐྱེ་གནས་ཀྱི་ལས་མ་བྱས་ཀྱི། རྟག་ཏུ་བྱོལ་སོང་གི་སྐྱེ་གནས་སུ་གྱུར་པ་གཞན་ལ་ཆོས་
Kha277b
སྟོན་ཏེ། དེ་དག་བྱོལ་སོང་གི་ལུས་ལས་མྱུར་དུ་ཐར་པར་བྱ་བའི་ཕྱིར་ཆོས་ཐོས་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་དེའི་ཚེ་དེ་ལྟར་བྱོལ་སོང་གི་ལུས་མྱོང་ཡང་གནས་ངན་ལེན་གྱི་ལས་མི་བྱེད་པས། དེ་བས་ན་གདོན་མི་ཟ་བར་ཕྱིར་མི་ལྡོག་པའི་སེམས་དང་ལྡན་པར་རྟོགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མུ་གེ་བྱུང་བའི་ཚེ་སེམས་ཅན་དག་ཟས་ཀྱིས་ཉེན་པ་མཐོང་ནས། རུས་སྦལ་དང་ཉའི་ལུས་ཆེ་ཁྱད་དཔག་ཚད་གྲངས་མེད་པའི་ལུས་སུ་སྐྱེས་ཏེ། འདི་སྐད་ཅེས་སྨོན་ལམ་འདེབས་སོ། །སེམས་ཅན་ཐམས་ཅད་ཀྱིས་བདག་གི་ལུས་ཀྱི་ཤ་གཅོད་ཅིང་ཟ་བ་དང ། བཅད་པའི་འཕྲོ་ནས་ཕྱིར་ཡང་སྐྱེ་བ་དང ། བདག་གི་ཤ་ཟོས་པའི་རྐྱེན་གྱིས་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་དང་བྲལ་ཏེ། ཐམས་ཅད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་འདི་སྐད་དུ། གང་བདག་གི་ཤ་ཟོས་པའི་རྐྱེན་གྱིས་བཀྲེས་ཤིང་སྐོམ་པ་དང་བྲལ་བར་གྱུར་བ་དེ་དག་ཐམས་ཅད་མ་འོངས་པའི་དུས་སུ་སྲིད་པ་ཉི་ཤུ་རྩ་ལྔར་བཀྲེས་པ་དང་སྐོམ་པའི་སྐྱོན་ཐམས་ཅད་དང་མྱུར་དུ་བྲལ་བར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་སྡུག་བསྔལ་མྱོང་བ་ན། སེམས་ཕྱིར་མི་ལྡོག་པ་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
Kha278a
༄#། །བྱང་ཆུབ་ཐོབ་པར་རིག་པར་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔས་ནད་ཀྱི་བསྐལ་པ་བྱུང་བའི་ཚེ། ནད་ཀྱིས་གཟིར་བ་མཐོང་ན་འདི་སྙམ་དུ་སེམས་སོ། །ཇི་ལྟར་སྨན་གྱི་སྡོང་པོའི་རྒྱལ་པོ་ལ་ནད་པ་གང་རྩ་བའམ། སྡོང་བུའམ། ཡལ་གའམ། ལོ་མའམ། མེ་ཏོག་གམ། འབྲས་བུའམ། ཤུན་པའམ། གང་བླངས་ཀྱང་རུང། །ནད་འཚོ་བར་འགྱུར་བ་ལྟར་བདག་གི་ལུས་ཀྱང་དེ་དང་འདྲ་བར་གྱུར་ཏེ། ནད་པ་གང་གིས་སྐད་ཐོས་སམ། ལུས་ལ་རེག་གམ། ཤ་དང་ཁྲག་ཟོས་པ་ནས། རྐང་དང་ཀླད་པའི་བར་ཟོས་པ་ཐམས་ཅད་ཀྱི་ནད་བྱང་བར་གྱུར་ཅིག་།སེམས་ཅན་གྱིས་བདག་གི་ཤ་ཟོས་ནས་ངན་སེམས་མ་བསྐྱེད་པར་བུའི་ཤ་ལ་ཟ་བ་དང་འདྲ་བར་སེམས་ཤིང་བདག་གི་ནད་སོས་པར་བྱས་ནས་ཆོས་བསྟན་པར་གྱུར་པ་དང ། དེ་དག་གི་ཐོས་ནས་དད་ཅིང་གཟུངས་སུ་བཟུང་སྟེ། གཞན་ལའང་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །རིགས་ཀྱི་བུ།་དེ་ལྟར་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་དང་བཅས་ཏེ། ལུས་ཀྱིས་སྡུག་བསྔལ་མྱོང་ཡང་སེམས་ཕྱིར་མི་ལྡོག་ཅིང་མི་གཡོ་མི་འགྱུར་བ་ནི། ངེས་པར་ཕྱིར་མི་ལྡོག་པའི་སེམས་དང་ལྡན་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་རིག་པར་བྱའོ། །གཞན་ཡང ། རིགས་ཀྱི་བུ། གལ་ཏེ་སེམས་ཅན་དག་ཡི་དྭགས་ཀྱིས་བརླམས་ཏེ་ནད་དུ་
Kha278b
གྱུར་ན། བྱང་ཆུབ་སེམས་དཔས་མཐོང་མ་ཐག་ཏུ་འདི་སྐད་ཅེས་སྨོན་ལམ་འདེབས་སོ། །བདག་ཀྱང་ཡི་དྭགས་ཀྱི་ལུས་སུ་གྱུར་ཏེ། ལུས་ཆེ་བ་དང ། བྱིན་ཡོད་པའི་ལུས་དང ། འཁོར་མང་པོའི་ལུས་སུ་གྱུར་ཏེ། དེ་དག་གི་ཐོས་མ་ཐག་ཏུ་ནད་འཚོ་བར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་གྱི་ཕྱིར་དཀའ་ཐུབ་སྤྱོད་པ་ན། ཉོན་མོངས་པ་དང་བཅས་མོད་ཀྱི་སེམས་ལ་མི་འགོའོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་མོད་ཀྱི། ཕ་རོལ་ཏུ་ཕྱིན་པ་དྲུག་གི་འབྲས་བུ་ལ་མི་རེའོ། །བླ་ན་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ནན་ཏན་བྱེད་པ་ན་འདི་སྐད་ཅེས་སྨོན་ལམ་འདེབས་སོ། །བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སེམས་ཅན་རེ་རེ་ལ་སྦྱིན་པ་བྱའོ། །སེམས་ཅན་རེ་རེས་ཀྱང་བདག་གི་སྦྱིན་པ་བླངས་ནས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག་།བདག་ཉིད་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་གྱུར་ཏེ། དཀའ་བ་སྤྱོད་ཅིང་སྡུག་བསྔལ་མང་པོ་མྱོང་བ་དང ། སྡུག་བསྔལ་མྱོང་བའི་ཚེ་ཡང་བྱང་ཆུབ་ཀྱི་སེམས་ལས་ཕྱིར་ལྡོག་པར་མ་གྱུར་ཅིག་།རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་ཉིད་དེ་ལྟ་བུར་གྱུར་པ་ན་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་མཚན་ཉིད་ཅེས་བྱའོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་
Kha279a
༄#། །བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཁོར་བ་ལ་ཉེས་པའི་སྐྱོན་ཤིན་ཏུ་མང་བ་དང ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་ནི་ཡོན་ཏན་ཆེན་པོ་ཡོད་པར་ཤེས་མོད་ཀྱི་སེམས་ཅན་གྱི་ཕྱིར་འཁོར་བ་ལ་གནས་ཏེ། སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་བ་ལ་སེམས་ཕྱིར་མི་ལྡོག་པས་ན་བྱང་ཆུབ་སེམས་དཔའ་ནི་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྒྱུ་དང་རྐྱེན་གྱིས་བསྐུལ་ནས་སྙིང་རྗེ་བ་དང་བྱམས་པའི་སེམས་སྐྱེད་པ་མ་ཡིན། བྱ་བའི་དྲིན་འདོད་པའང་མ་ཡིན་ཏེ། རྟག་ཏུ་གཞན་ལ་བྱ་བའི་དྲིན་སྦྱིན་པར་བྱེད་དོ། །དེ་ལྟར་བྱ་བའི་དྲིན་བྱིན་ཡང་ལན་ལ་རེ་བའི་སེམས་མེད་པས་ན་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །རིགས་ཀྱི་བུ། སེམས་ཅན་དག་ནི་བདག་ལ་ཕན་པའི་དོན་དུ་དཀའ་བ་སྤྱོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཞན་ལ་ཕན་པའི་དོན་དུ་དཀའ་བ་སྤྱོད་དེ། དེ་ནི་བདག་ལ་ཕན་པའང་ཡིན་ལ། བསམ་གྱིས་མི་ཁྱབ་པ་ཞེས་ཀྱང་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་དང་བཅས་ཀྱང་དགྲ་དང་གཉེན་ཀྱི་སེམས་གཞིག་པའི་ཕྱིར་སྡུག་བསྔལ་མང་པ་མྱོང་བར་མཉམ་པའི་སེམས་ལ་ནན་ཏན་བྱེད་པས། དེ་བས་ན་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །གཞན་ཡང་བྱང་ཆུབ་
Kha279b
སེམས་དཔས་གལ་ཏེ་སྡིག་པ་མི་དགེ་བའི་སེམས་ཅན་དག་མཐོང་ན་སྤྱོ་བའམ། ཚིག་འཇམ་པོ་སྨྲ་བའམ། སྐྲོད་པའམ། གལ་ཏེ་ན་བཏང་སྙོམས་སུ་འཇོག་སྟེ། གང་རང་བཞིན་གྱིས་ཁྲོ་བ་ལ་ནི་ཚིག་འཇམ་པོ་སྨྲ་བའང་སྟོན་ཏོ། །གང་ང་རྒྱལ་ཅན་ལ་ནི་ང་རྒྱལ་ཆེན་པོའང་མངོན་པར་སྟོན་མོད་ཀྱི། ཡང་དག་པར་ན་སེམས་ལ་ནི་ང་རྒྱལ་མེད་དེ། དེ་ནི་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་བསམ་གྱིས་མི་ཁྱབ་ཞེས་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་དང་བཅས་པ་ཟང་ཟིང་དང་ལོངས་སྤྱོད་མེད་པ་ན། སློང་བ་མང་ཡང་ཞེན་པའི་སེམས་མེད་པ་ནི་བྱང་ཆུབ་སེམས་དཔའི་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་འཇིག་རྟེན་དུ་བྱུང་བ་ན་སངས་རྒྱས་ཀྱི་ཡོན་ཏན་ཤེས་པས་སེམས་ཅན་གྱི་ཕྱིར་གང་སངས་རྒྱས་མེད་པའི་གནས་སུ་མཐའ་འཁོབ་ཏུ་སྐྱེ་བའི་ལུས་ལེན་པ་ནི་དམུས་ལོང་ངམ། འོན་པའམ། ལྐུགས་པའམ། ཞ་བོ་ལྟ་བུའི་ལུས་མྱོང་བར་བྱེད་དེ། དེ་ནི་བྱང་ཆུབ་སེམས་དཔའི་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །གཞན་ཡང་བྱང་ཆུབ་སེམས་དཔའི་སེམས་ཅན་གྱི་ཉེས་པའི་སྐྱོན་ཅི་དང་ཅི་ཡོད་པ་ཤིན་ཏུ་རྟོགས་པས་རྣམ་པར་བསྒྲལ་བའི་ཕྱིར་དེ་དག་དང་མཐུན་པར་སྤྱོད་དེ། དེ་ལྟར་ཡིད་མཐུན་པར་སྤྱོད་ཀྱང་ཉེས་པའི་དྲི་མས་མི་གོས་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །གཞན་ཡང་བྱང་
Kha280a
༄#། །ཆུབ་སེམས་དཔས་སེམས་ཅན་གྱི་མཚན་ཉིད་ཀྱང་མེད། ཉོན་མོངས་པའི་འགོ་བའང་མེད། ལམ་ལ་ནན་ཏན་བྱེད་པའང་མེད། ཉོན་མོངས་པ་སྤོང་བའང་མེད།་བྱང་ཆུབ་ལ་ནན་ཏན་བྱེད་པའང་མེད་མོད་ཀྱི། བྱང་ཆུབ་ཀྱི་སྤྱོད་པའང་མེད། བྱང་ཆུབ་ཀྱི་སྤྱོད་པ་ལྷུན་གྱིས་གྲུབ་པའང་མེད། སྡུག་བསྔལ་མྱོང་བའང་མེད། སྡུག་བསྔལ་བཅོམ་པའང་མེད་པར་ཤེས་ཤིང་རྟོག་མོད་ཀྱི་འོན་ཀྱང་སེམས་ཅན་གྱི་ཕྱིར་སྡུག་བསྔལ་ཡང་བཅོམ། བྱང་ཆུབ་ཀྱི་སྤྱད་པའང་སྤྱོད་དེ། དེ་ནི་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། ། གཞན་ཡང ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔས་ལུས་ནང་གི་ཐ་མ་དགའ་ལྡན་གནམ་དུ་སྐྱེས་པའང་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགའ་ལྡན་གནམ་ནི་འདོད་པའི་ཁམས་ཀྱི་གནས་མཆོག་ཡིན་ནོ། །གནམ་གྱི་རིམ་པ་འོག་མའི་ལྷ་ནི་བག་མེད་པར་སྤྱོད་དོ། །གནམ་ཀྱི་རིམ་པ་གོང་མའི་ལྷ་རྣམས་ནི་དབང་པོ་རྟུལ་བས་ན་དགའ་ལྡན་གནམ་གྱི་ལྷ་ནི་མཆོག་ཅེས་བྱའོ། །སྦྱིན་པ་དང ། ཚུལ་ཁྲིམས་སྤྱོད་པས་ནི་གནམ་གོང་མ་དང ། འོག་མར་སྐྱེ་བར་འགྱུར་རོ། །སྦྱིན་པ་དང ། ཚུལ་ཁྲིམས་ཀྱི་ཏིང་ངེ་འཛིན་བསྒོམས་པས་ནི་དགའ་ལྡན་གནམ་གྱི་ལྷར་སྐྱེ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་སྲིད་པ་ལ་ཡོངས་སུ་སྨོད་དེ། སྲིད་པ་བཅོམ་ནས་དགའ་ལྡན་གནམ་གྱི་ལྷའི་ལས་མི་
Kha280b
བྱེད་ཀྱང་དགའ་ལྡན་གནམ་གྱི་ལྷར་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔས་གལ་ཏེ་སྲིད་པ་གཞན་དུ་སྐྱེས་ཀྱང་སེམས་ཅན་གྱི་དོན་བྱེད་པར་འགྱུར་ཏེ། ཡང་དག་པར་འདོད་པའི་ཁམས་སུ་སྐྱེ་བའི་སེམས་མེད་ཀྱང་འདོད་པའི་ཁམས་སུ་སྐྱེ་སྟེ། དེ་བས་ན་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་ལྡན་གནམ་གྱི་ལྷར་སྐྱེས་པ་ནི་དངོས་པོ་འདི་གསུམ་གྱིས་མཆོག་ཏུ་འགྱུར་རོ། །གང་ཞེ་ན། འཚོ་བའི་ཚེ་དང ། གཟུགས་བྱད་དང ། གྲགས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་པར་འཚོ་བའི་ཚེ་དང ། གཟུགས་བྱད་དང ། གྲགས་པ་ལ་རེ་བ་མེད་ཀྱང་གཞན་པས་མཆོག་ཏུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པ་ལ་མོས་པས་དེའི་རྒྱུ་དེའི་རྐྱེན་གྱིས་ཀྱང་མཆོག་ཏུ་འགྱུར་ཏེ། དེ་བས་ན་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་དངོས་པོ་གསུམ་གྱིས་ལྷ་རྣམས་ལས་མཆོག་ཏུ་གྱུར་ཀྱང་ལྷའི་སྲས་པོ་རྣམས་བྱང་ཆུབ་སེམས་དཔའ་དེ་ལ་ཞེ་སྡང་གི་སེམས་དང ། ཕྲག་དོག་གི་སེམས་དང ། ང་རྒྱལ་གྱི་སེམས་མི་སྐྱེའི། རྟག་ཏུ་དགའ་བའི་སེམས་བསྐྱེད་དོ། །བྱང་ཆུབ་སེམས་དཔའ་ཡང་ལྷ་རྣམས་ལ་ང་རྒྱལ་མི་བྱེད་པས་བསམ་གྱིས་ཁྱབ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཚོ་བའི་ཚེ་ལས་མ་བྱས་ཀྱང ། ལྷ་དེ་དག་གི་ནང་ན་
Kha281a
༄#། །ཚེའི་ཚད་མཐར་ཕྱིན་པས་འཚོ་བའི་ཚེ་མཆོག་ཏུ་གྱུར་པ་ཞེས་བྱའོ། །གཟུགས་བྱད་ཀྱི་ལས་མ་བྱས་ཀྱང་གཟུགས་བྱད་དམ་པའི་ལུས་སུ་གྱུར་ཏེ། འོད་ཟེར་ཀུན་ཏུ་གསལ་བས་གཟུགས་མཆོག་ཏུ་གྱུར་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་ཕོ་བྲང་ན་གནས་ཀྱང་འདོད་པ་ལྔ་ལ་མ་ཆགས་ཏེ། ཆོས་ཀྱི་བྱ་བ་འབའ་ཞིག་བྱེད་པས་གྲགས་པ་ཕྱོགས་བཅུར་གྲགས་ཏེ། དེ་བས་ན་གྲགས་པ་མཆོག་ཏུ་གྱུར་པ་ཞེས་བྱ་བ་སྟེ། བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་ལྡན་གནམ་ནས་བབས་པ་ནས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་པས་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་གནམ་ལས། བབས་པ་ན་འདོད་པའི་ཁམས་དང ། གཟུགས་ཡོད་པའི་ཁམས་ཀྱི་ལྷ་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ཏེ་བསྐྱལ་ནས་སྐད་ཆེན་པོ་ཕྱུང་སྟེ། བྱང་ཆུབ་སེམས་དཔའ་ལ་ཤིན་ཏུ་བསྟོད་པས། དེ་དག་གི་ཁའི་དབུགས་ཀྱི་ཤུགས་ཀྱིས་སའང་གཡོས་པར་གྱུར་ཏོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ནི་མིའི་ནང་ན་ཁྱུ་མཆོག་གི་རྒྱལ་པོ་ལྟ་བུའོ། །མིའི་ནང་ན་ཁྱུ་མཆོག་གི་རྒྱལ་པོ་ནི་ཀླུའི་རྒྱལ་པོ་ཞེས་བྱའོ། །ཀླུའི་རྒྱལ་པོ་ཐོག་མ་མངལ་དུ་འཇུག་པ་ན་ཀླུའི་རྒྱལ་པོ་ཁ་ཅིག་སའི་འོག་ན་གནས་པ་ལ་ལ་ནི་འཇིགས། ལ་ལ་ནི་དགའ་བས་ས་ཆེན་པོ་རྣམ་
Kha281b
པ་དྲུག་ཏུ་གཡོས་པར་གྱུར་ཏེ། དེ་བས་ན་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངལ་དུ་འཇུག་པའི་དུས་དང ། གནས་པའི་དུས་དང ། འབྱུང་བའི་དུས་ཀྱང་ཤེས། ཕ་དང་མ་ཡོངས་སུ་གཙང་ཞིང་ཅིས་ཀྱང་མ་གོས་པར་ཤེས་པ་ནི་བརྒྱ་བྱིན་ལྷའི་དབང་ཕྱུག་གི་སྒྲའམ། ནོར་བུ་རིན་པོ་ཆེ་སྔོན་པོ་ལྟ་བུར་ཤེས་ཏེ། དེ་བས་ན་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །རིགས་ཀྱི་བུ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེའང་དེ་དང་འདྲ་སྟེ། བསམ་གྱིས་མི་ཁྱབ་བོ། །རིགས་ཀྱི་བུ། དཔེར་ན། རྒྱ་མཚོ་ཆེན་པོ་ལ་ནི་བསམ་གྱིས་མི་ཁྱབ་པ་བརྒྱད་ཡོད་དོ། །བརྒྱད་གང་ཞེ་ན། རིམ་གྱིས་གཞོལ་བ་དང ། ཟབ་ཅིང་གཏིང་རིང་བ་དང ། གཅིག་ཏུ་ལན་ཚཝའི་རོ་བྲོ་བ་དང ། དཔྲེས་གྱི་མཚམས་ལས་མི་འདའ་བ་དང ། རིན་པོ་ཆེ་མང་བ་དང ། སེམས་ཅན་མང་པོའི་གནས་སུ་གྱུར་པ་དང ། རོ་ཞག་ཏུ་མི་གནས་པ་དང ། འབབ་ཆུ་ཐམས་ཅད་དང་སྤྲིན་ཆེན་པོའི་ཆར་ཡོངས་སུ་འཛིན་ཀྱང་མི་འཕེལ་མི་འགྲིབ་པ་དང་བརྒྱད་དོ། །རིགས་ཀྱི་བུ། །རིམ་གྱིས་གཞོལ་བ་ལ་དངོས་པོ་རྣམ་པ་གསུམ་སྟེ། གསུམ་གང་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཤུགས་དང ། རླུང་ཕྱོགས་སུ་འགྲོ་བ་དང ། ཆུ་ཀླུང་འབབ་པའི་ཕྱིར་རོ། །མི་འཕེལ་མི་འགྲིབ་པའི་བར་ལའང་རྣམ་པ་གསུམ་གསུམ་ཡོད་དོ། །དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ལའང་
Kha282a
༄#། །བསམ་གྱིས་མི་ཁྱབ་པ་རྣམ་པ་བརྒྱད་ཡོད་དོ། །གང་ཞེ་ན། རིམ་གྱིས་གཞོལ་བ་སྟེ། ཚུལ་ཁྲིམས་ལྔ་དང ། ཚུལ་ཁྲིམས་བཅུ་དང ། ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང ། རྒྱུན་དུ་ཞུགས་པའི་འབྲས་བུ་དང ། ལན་གཅིག་ཕྱིར་ལྡོག་པའི་འབྲས་བུ་དང ། ཕྱིར་མི་ལྡོག་པའི་འབྲས་བུ་དང ། དགྲ་བཅོམ་པའི་འབྲས་བུ་དང ། རང་སངས་རྒྱས་ཀྱི་འབྲས་བུ་དང ། བྱང་ཆུབ་སེམས་དཔའི་འབྲས་བུ་དང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུའི་བར་དུ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་ལས་བསྟན་ཅིང་གསུངས་པས། ཆོས་འདི་དག་ནི་རིམ་གྱིས་གཞོལ་བ་ཞེས་བྱ་སྟེ། དེ་བས་ན་མདོ་སྡེ་འདི་ནི་རིམ་གྱིས་གཞོལ་བ་ཞེས་བྱ་བ་ཡིན། ཟབ་ཅིང་གཏིང་རིང་བ་ནི་སངས་རྒྱས་བཅོམ་ལྡན་འདས་ནི་མ་སྐྱེས་པ་མི་འགོག་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྙེས་པའང་མེད། ཆོས་ཀྱི་འཁོར་ལོ་བསྐོར་བའང་མེད། བསོད་སྙོམས་བཞེས་པའང་མེད། སྦྱིན་པ་བྱས་པའང་མེད་དེ། དེ་བས་ན་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་སྟེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པ་ཞེས་བྱའོ། །སངས་རྒྱས་ཀྱི་རང་བཞིན་ནི་གཟུགས་མ་ཡིན། གཟུགས་ལས་གཞན་མ་ཡིན། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་
Kha282b
དང ། རྣམ་པར་ཤེས་པ་མ་ཡིན་པ་ནས། རྣམ་པར་ཤེས་པའི་བར་དུ་གཞན་པ་མ་ཡིན་ཏེ། རྟག་པ་བལྟར་རུང་བ། གསོལ་བའི་རྒྱུ་བྱས་པའི་རྒྱུ་མ་ཡིན་པ། རྒྱུན་དུ་ཞུགས་པ་ནས། རང་སངས་རྒྱས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའང་ཉོན་མོངས་པའང་མེད། གནས་ཀྱང་མེད་དེ། ཉོན་མོངས་པ་མེད་ཀྱང་རྟག་པ་ཞེས་མི་བྱ་སྟེ། དེ་བས་ན་ཟབ་པ་ཞེས་བྱའོ། །གཞན་ཡང་ཤིན་ཏུ་ཟབ་པ་ནི་མདོ་སྡེ་འདི་ལས་བར་ནི་བདག་ཡོད་ཅེས་འཆད། བར་བར་ནི་བདག་མེད་ཅེས་ཀྱང་འཆད། བར་བར་ནི་རྟག་ཅེས་འཆད། བར་བར་ནི་མི་རྟག་ཅེས་འཆད། བར་བར་ནི་ཡོངས་སུ་དག་པའོ་ཞེས་འཆད། བར་བར་ནི་ཡོངས་སུ་མ་དག་བའོ་ཞེས་འཆད། བར་བར་ནི་བདེའོ་ཞེས་འཆད། བར་བར་ནི་སྡུག་བསྔལ་བའོ། ཞེས་འཆད། བར་བར་ནི་སྟོང་བའོ་ཞེས་འཆད། བར་བར་ནི་སྟོང་པ་མ་ཡིན་ནོ་ཞེས་འཆད། བར་བར་ནི་ཐམས་ཅད་ཡོད་དོ་ཞེས་འཆད། བར་བར་ནི་ཐམས་ཅད་མེད་དོ་ཞེས་འཆད། བར་བར་ནི་ཐེག་པ་གསུམ་དུ་འཆད། བར་བར་ནི་ཐེག་པ་གཅིག་ཏུ་འཆད། བར་བར་ནི་ཕུང་པོ་ལྔ་ཉིད་སངས་རྒྱས་ཀྱི་རང་བཞིན་ཡིན་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང ། ལམ་དབུ་མ་དང ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་དང ། དོན་དམ་པའི་སྟོང་པ་ཉིད་དང ། བྱམས་པ་དང ། སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་
Kha283a
༄#། །དང ། སེམས་ཅན་ཐམས་ཅད་ལ་སྤྱི་བོའི་ཡེ་ཤེས་དང ། དད་པའི་སེམས་དང ། དབང་པོ་དང ། སྟོབས་ཤེས་པ་དང ། ཆོས་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་ལ་བྱ་སྟེ། སངས་རྒྱས་ཀྱི་རང་བཞིན་ཡོད་མོད་ཀྱི་ངེས་པར་མ་གསུངས་པས་ན་ཟབ་པ་ཞེས་བྱ་བ་ཡིན། ཐམས་ཅད་རོ་གཅིག་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་མཐུན་པར་སངས་རྒྱས་ཀྱི་རང་བཞིན་ཡོད་དེ། ཐེག་པ་གཅིག་པར་མཐུན་པ་དང ། རྣམ་པར་གྲོལ་བར་གཅིག་པར་མཐུན་པ་དང ། རྒྱུ་གཅིག་པ་དང ། འབྲས་བུ་གཅིག་པ་དང ། ཟིལ་མངར་གཅིག་པར་མཐུན་པ་སྟེ། ཐམས་ཅད་ཀྱིས་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཐོབ་པར་འགྱུར་བས་ན། རོ་གཅིག་པ་ཞེས་བྱ་བ་ཡིན། དབྲེལ་ཀྱི་མཚམས་ལས་མི་འདའ་བ་ནི་མདོ་སྡེ་འདི་ལས་དགེ་སློང་དག་མ་བརྟགས་པའི་དངོས་པོ་བརྒྱད་མི་བཅད་པར་ཁྲིམས་བཅས་པ་ལས། ངའི་ཉེ་གནས་སུ་གྱུར་པ་གང་ཞིག་འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་འཆང་ངམ། འཛིན་ཏམ། ཀློག་གམ། འདོན་ཏམ། ཡི་གེར་བྲིས་སམ། དགྲོལ་ཞིང་བཤད་ན། ལུས་དང་སྲོག་གི་བར་དུ་ཡལ་ཡང་ཚུལ་ཁྲིམས་ཉམས་པར་མི་བྱེད་དེ། དེ་ནི་དབྲེས་ཀྱིས་མཚམས་ལས་མི་འདའ་བ་ཞེས་བྱ་བ་ཡིན། རིན་པོ་ཆེ་རྣམ་པ་མང་པོ་ནི་མདོ་སྡེ་འདི་ཉིད་རིན་པོ་ཆེ་ཚད་མེད་པའི་གཏེར་ཡིན་ནོ། །གཏེར་
Kha283b
ཞེས་བྱ་བ་ནི་དྲན་པ་ཉེ་བར་བཞག་པ་བཞི་དང ། ཡང་དག་པར་སྤོང་བ་བཞི་དང ། རྫུ་འཕྲུལ་གྱི་རྐང་པ་བཞི་དང ། དབང་པོ་ལྔ་དང ། སྟོབས་ལྔ་དང ། བྱང་ཆུབ་ཀྱི་ཡན་ལག་བདུན་དང ། འཕགས་པའི་ལམ་ཡན་ལག་བརྒྱད་དང ། བུས་པ་ཆུང་ངུའི་སྤྱོད་པ་དང ། འཕགས་པའི་སྤྱོད་པ་དང ། ཚངས་པའི་སྤྱོད་པ་དང ། ལྷའི་སྤྱོད་པ་དང ། དགེ་བ་མང་པོའི་ཐབས་དང ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་དང ། བྱང་ཆུབ་སེམས་དཔའི་ཡོན་ཏན་དང ། དེ་བཞིན་གཤེགས་པའི་ཡོན་ཏན་དང ། ཉན་ཐོས་ཀྱི་ཡོན་ཏན་དང ། རང་སངས་རྒྱས་ཀྱི་ཡོན་ཏན་དང ། ཕ་རོལ་ཏུ་ཕྱིན་པ་དྲུག་དང ། ཏིང་ངེ་འཛིན་ཚད་མེད་པ་དང ། ཡེ་ཤེས་དང་ཤེས་རབ་ཚད་མེད་པ་ནི་རིན་པོ་ཆེའི་གཏེར་ཞེས་བྱ་བ་ཡིན། སེམས་ཅན་ཆེན་པོའི་གནས་ཞེས་བྱ་བ་སེམས་ཅན་ཆེན་པོ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྟེ། ཡེ་ཤེས་དང་ཤེས་རབ་ཆེ་བའི་ཕྱིར་སེམས་ཅན་ཆེན་པོ་ཞེས་བྱའོ། །ལུས་ཆེ་བའི་ཕྱིར་སེམས་ཆེ་བའི་ཡིན་ཏེ། སེམས་ཆེ་བའི་ཕྱིར། བཀོད་པ་ཆེ་བའི་ཕྱིར། གདུལ་བ་ཆེ་བའི་ཕྱིར། ཐབས་མཁས་པ་ཆེ་བའི་ཕྱིར། ཆོས་བརྗོད་པ་ཆེ་བའི་ཕྱིར། མཐུ་སྟོབས་ཆེ་བའི་ཕྱིར། འཁོར་གྱི་དཀྱིལ་འཁོར་ཆེ་བའི་ཕྱིར། རྫུ་འཕྲུལ་ཆེ་བའི་ཕྱིར། བྱམས་པ་དང ། སྙིང་རྗེ་ཆེན་པོའི་ཕྱིར། རྟག་ཏུ་མི་འགྱུར་བའི་ཕྱིར། སེམས་ཅན་ཐམས་ཅད་ལ་ཐོགས་པ་མེད་པའི་ཕྱིར། སེམས་ཅན་ཐམས་ཅད་ཤོང་བའི་ཕྱིར། དེ་བས་ན་སེམས་ཅན་
Kha284a
༄#། །ཅན་ཆེན་པོའི་གནས་ཞེས་བྱ་བ་ཡིན། རོ་དང་མི་གནས་པ་ཞེས་བྱ་བ་རོ་ནི་ལོག་སྲེད་ཅན་དང ། ཕས་ཕམ་པ་བཞི་ཉམས་པ་དང ། མཚམས་མེད་པ་ལྔའི་ཁ་ན་མ་ཐོ་བ་བྱས་པ་དང ། ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་སྐུར་བ་དང ། ཆོས་མ་ཡིན་པ་ལ་ཆོས་སུ་བཤད་པ་དང ། ཆོས་ལ་ཆོས་མ་ཡིན་པར་བཤད་པ་དང་མ་བརྟགས་པའི་དངོས་པོ་བརྒྱད་འཆང་བ་དང ། སངས་རྒྱས་ཀྱི་དཀོར་དང ། དགེ་འདུན་གྱི་ནོར་ལ་ཡིད་བཞིན་དུ་ཐུགས་ཐུབ་ཏུ་སྤྱོད་པ་དང ། དགེ་སློང་དང་དགེ་སློང་མ་ལ་ཆོས་མ་ཡིན་པར་སྤྱོད་པ་ནི་ཤི་བའི་རོ་ཞེས་བྱ་བ་ཡིན་ཏེ། ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདིའང་དེ་ལྟ་བུའི་དངོས་པོ་མང་པོ་དང ། ཡོངས་སུ་བྲལ་བས་ཤི་བའི་རོ་དང་མི་འགྲོགས་པ་ཞེས་བྱ་བ་ཡིན། མི་འཕེལ་མི་འགྲིབ་པ་ཞེས་བྱ་བ་ནི་མཐའ་ཡས་པའི་ཕྱིར། ཐོག་མ་དང་ཐ་མ་མེད་པའི་ཕྱིར། གཟུགས་མ་ཡིན་པའི་ཕྱིར། བྱ་བའི་མ་ཡིན་པའི་ཕྱིར། རྟག་ཏུ་གནས་པའི་ཕྱིར། མི་སྐྱེ་མི་འགོག་པའི་ཕྱིར། སེམས་ཅན་ཐམས་ཅད་ལ་མཉམ་སྙོམས་པའི་ཕྱིར། ཐམས་ཅད་ཀྱི་མཚན་ཉིད་མཚན་གཅིག་ཏུ་མཐུན་པའི་ཕྱིར་མི་འཕེལ་མི་འགྲིབ་པ་ཡིན་ཏེ། དེ་བས་ན་མདོ་སྡེ་འདི་ནི་རྒྱ་མཚོ་ཆེན་པོ་ལྟར་བསམ་གྱིས་མི་ཁྱབ་པ་བརྒྱད་དང་ལྡན་ནོ། །སེངྒེ་སྒྲས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་དེ་བཞིན་གཤེགས་པ་ལ་མི་སྐྱེ་མི་འགོག་པའི་ཕྱིར་
Kha284b
ཟབ་པ་ཞེས་བགྱི་ན། སོ་སོའི་སྐྱེ་བོ་ཐམས་ཅད་ལ་སྐྱེ་གནས་རྣམ་པ་བཞི་སྟེ། སྒོ་ང་ལས་སྐྱེས་པ་དང ། དྲོད་གཤེར་ལས་སྐྱེས་པ་དང ། མངལ་ནས་སྐྱེས་པ་དང ། བརྫུས་ཏེ་སྐྱེས་པའོ། །སྐྱེ་གནས་རྣམ་པ་བཞི་ནི་མིའི་ནང་ནའང་རྫོགས་པར་མཆིས་སོ། །དཔེར་ན། དགེ་སློང་ཤིང་སཱ་ལ་དང ། ུ་པ་ཤི་པ་ལ་དང ། ཁྱིམ་བདག་ནི་ཀ་ལའི་མ་དང ། ཁྱིམ་བདག་ནི་ཀུ་ཏའི་མ་དང ། ཁྱིམ་བདག་ཕན་ཤ་ལའི་མ་ལ་སོགས་པ་དེ་དག་ལ་སོ་སོ་ནས་བུ་ལྔ་བརྒྱ་ལྔ་བརྒྱ་མཆིས་ཏེ། ཐམས་ཅད་སྒོ་ང་གཅིག་གི་ནང་ནས་སྐྱེས་ཏེ། དེ་བས་ན་མི་ལའང་སྒོ་ང་ལས་སྐྱེས་པ་མཆིས་སོ། །དྲོད་གཤེར་ལས་སྐྱེས་པ་ནི་ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་སྔོན་བྱང་ཆུབ་སེམས་དཔའ་མཛད་པ་ན། རྒྱལ་པོ་སྤྱི་བོ་སྐྱེས་ཞེས་བགྱི་བར་གྱུར་པ་དང ། རྒྱལ་པོ་ལག་ནས་སྐྱེས་ཞེས་བགྱི་བར་གྱུར་པ་དང ། ད་ལྟར་གསུངས་པ་བུ་མོ་ཨ་མྲའི་ཤིང་དང ། བུ་མོ་ཀ་ཕྱི་ཏའི་ཤིང་ཞེས་བགྱི་བ་མཆིས་པས་ནི་མིའི་ནང་ན་དྲོད་གཤེར་ལས་སྐྱེས་པའང་མཆིས་སོ། །ཐོག་མ་བསྐལ་པ་ཆགས་པ་ན་སེམས་ཅན་ཐམས་ཅད་བརྫུས་ཏེ་སྐྱེས་པ་ན། སངས་རྒྱས་བཅོམ་ལྡན་འདས་ནི་དབང་དུ་གྱུར་པ་བརྒྱད་དང་ལྡན་པ་ལགས་ན། ཅིའི་སླད་དུ་བརྫུས་ཏེ་མ་སྐྱེས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ནི་སྐྱེ་བ་རྣམ་པ་བཞིས་སྐྱེ་སྟེ། འཕགས་པའི་ཆོས་ཐོས་ནས་སྔོན་ལྟར་སྒོང་ལས་སྐྱེ་བ་དང ། དྲོད་གཤེར་ལས་སྐྱེ་བར་
Kha285a
༄#། །མི་འགྱུར་རོ། །རིགས་ཀྱི་བུ། བསྐལ་པ་ཐོག་མ་ཆགས་པ་ན་སེམས་ཅན་ཐམས་ཅད་བརྫུས་ཏེ་སྐྱེས་ཀྱང་དེའི་ཚེ་ན་སངས་རྒྱས་འཇིག་རྟེན་དུ་མ་གཤེགས་སོ། །རིགས་ཀྱི་བུ། གལ་ཏེ་སེམས་ཅན་དག་ནད་ཀྱིས་བཏབ་ན་སྨན་པ་དང་སྨན་དགོས་སོ། །བསྐལ་པ་ཐོག་མ་ཆགས་པ་ན་སེམས་ཅན་ཐམས་ཅད་བརྫུས་ཏེ་སྐྱེས་པས་ཉོན་མོངས་པ་པ་དང་བཅས་མོད་ཀྱི་ཉོན་མོངས་པའི་ནད་མ་ལགས་པས། དེ་བཞིན་གཤེགས་པ་འཇིག་རྟེན་དུ་མ་གཤེགས་སོ། །རིགས་ཀྱི་བུ། བསྐལ་པ་ཐོག་མ་ཆགས་པའི་སེམས་ཅན་ནི་ལུས་དང་སེམས་སྣོད་དུ་མ་གྱུར་པས་དེ་བཞིན་གཤེགས་པ་འཇིག་རྟེན་དུ་མ་གཤེགས་སོ། །རིགས་ཀྱི་བུ། སངས་རྒྱས་བཅོམ་ལྡན་འདས་ཀྱི་གདུང་རིགས་དང ། འཁོར་དང ། ཕ་མ་ནི་མཆོག་ཏུ་གྱུར་པས་ཆོས་གསུང་བ་ཐམས་ཅད་ཀྱིས་ཡིད་ཆེས་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་བརྫུས་ཏེ་མི་སྐྱེའོ། །རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ནི་བུའི་ལས་ཀྱང་ཕ་བྱེད་ལ། ཕའི་ལས་ཀྱང་བུ་བྱེད་དེ། སངས་རྒྱས་བཅོམ་ལྡན་འདས་གལ་ཏེ་བརྫུས་ཏེ་སྐྱེས་ན་ཕ་མ་མེད་པར་འགྱུར་རོ། །གལ་ཏེ་ཕ་མ་མེད་ན་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་དགེ་བའི་ལས་མང་པོའང་ཇི་ལྟར་མཛད་པར་འགྱུར། དེ་བས་ན་དེ་བཞིན་གཤེགས་པ་ནི་བརྫུས་ཏེ་མི་སྐྱེའོ། །རིགས་ཀྱི་བུ། སངས་རྒྱས་ཀྱིས་བསྟན་པའི་དམ་པའི་ཆོས་ལ་སྲུང་བ་
Kha285b
རྣམ་པ་གཉིས་ཏེ། ནང་དང ། ཕྱི་རོལ་ལོ། །ནང་གི་སྲུང་བ་ནི་ཚུལ་ཁྲིམས་སོ། །ཕྱི་རོལ་གྱི་སྲུང་བ་ནི་གཉེན་བཤེས་དང ། འཁོར་རོ། །གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་བརྫུས་ཏེ་སྐྱེས་ན་ཕྱི་རོལ་གྱི་སྲུང་བ་མེད་པར་འགྱུར་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་བརྫུས་ཏེ་སྐྱེ་བའི་སྐུ་ནི་མི་འདོད་དོ། །རིགས་ཀྱི་བུ། སྐྱེ་བོ་ཁ་ཅིག་ནི་ཆོ་རིགས་སྙེམས་པས་ང་རྒྱལ་སྐྱེའོ། །དེ་བཞིན་གཤེགས་པས་དེ་དག་གི་ང་རྒྱལ་གཞོམ་པའི་ཕྱིར་ཆོ་རིགས་བཙུན་པར་སྐྱེས་ཀྱི་བརྫུས་ཏེ་སྐྱེ་བའི་སྐུ་མི་འདོད་དོ། །རིགས་ཀྱི་བུ། སངས་རྒྱས་བཅོམ་ལྡན་འདས་ལ་ཡང་དག་པར་ཕ་དང་མ་ཡོད་དེ། ཕ་ནི་ཟས་གཙང་མ་ཞེས་བྱ། མ་ནི་ལྷ་མཛེས་ཞེས་བྱ་སྟེ། འོན་ཀྱང་སེམས་ཅན་དེ་དག་ནི་སྒྱུ་མ་ཡིན་ནོ་ཞེས་བརྗོད་ན། ཇི་ལྟར་བརྫུས་ཏེ་སྐྱེ་བའི་སྐུ་འདོད་པར་བྱ། གལ་ཏེ་བརྫུས་ཏེ་སྐྱེ་བའི་སྐུ་བླངས་ན་རིང་བསྲེལ་མང་པོ་ཅི་ལས་འབྱུང་བར་འགྱུར། དེ་བཞིན་གཤེགས་པ་ནི་སེམས་ཅན་ལ་ཕན་བའི་དོན་དུ་རིང་བསྲེལ་ཕྲ་མོར་གསེས་ནས་ཐམས་ཅད་ཀྱིས་མཆོད་པར་འགྱུར་བར་བྱེད་དོ། །དེ་བས་ན་དེ་བཞིན་གཤེགས་པས་བརྫུས་ཏེ་སྐྱེ་བའི་སྐུ་མི་འདོད་དོ། །སངས་རྒྱས་ཐམས་ཅད་ཀྱང་བརྫུས་ཏེ་སྐྱེ་བའི་སྐུ་མི་འདོད་ན། ཅིའི་ཕྱིར་ང་འབའ་ཞིག་བརྫུས་ཏེ་སྐྱེ་བའི་སྐུ་བླང་བར་བྱ། དེ་ནས་བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་ཐལ་མོ་སྦྱར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཚིགས་སུ་བཅད་པ་འདི་ ་
Kha286a
༄#། །དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ། དེ་བཞིན་གཤེགས་ནི་ཡོན་ཏན་ཚད་མེད་ཕུང་པོ་སྟེ། བདག་གིས་དེ་དག་རྒྱས་པར་བརྗོད་པར་མི་ནུས་ཀྱང ། སོ་སོའི་སྐྱེ་བོའི་སླད་དུ་ཕྱོགས་ཙམ་བརྗོད་པར་བགྱི། །ཐུགས་བརྩེའི་སླད་དུ་བདག་གིས་བརྗོད་པ་གསན་དུ་གསོལ། །སོ་སོའི་སྐྱེ་བོ་མ་རིག་མུན་པར་འགྲོ་བ་དག ། སྡུག་བསྔལ་མཐའ་ཡས་རྣམ་པ་མང་པོ་མྱོང་བར་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་དང་བྲལ་བར་མཛད་པས་ན། །འཇིག་རྟེན་ཀུན་ཏུ་ཐུགས་རྗེ་ཆེན་པོ་ཞེས་ཀྱང་གྲགས། །སོ་སོའི་སྐྱེ་བོ་འཁོར་བའི་རྒྱུ་ལ་འཁོར་བས་ན། །བག་མེད་ཡོངས་སུ་བསླད་པས་བདེ་བ་མེད་པར་འགྱུར། །དེ་བཞིན་གཤེགས་པས་བདེ་བ་ཡོངས་སུ་བྱིན་པས་ན། །འཁོར་བས་འཁོར་བའི་རྒྱུད་ནི་ཡོངས་སུ་བཅད་པར་གྱུར། །དེ་བཞིན་གཤེགས་ནི་བདེ་བ་ཀུན་ལ་བྱིན་པས་ན། བདག་གིས་བདེ་བ་གང་ལའང་མ་ཆགས་པ་མི་མོས་སོ། །སོ་སོའི་སྐྱེ་བོའི་སླད་དུ་དཀའ་བ་ཀུན་སྤྱད་དེ། །དེ་བས་འཇིག་རྟེན་བཅས་པ་ཀུན་གྱིས་མཆོད་པར་གྱུར། །ཕ་རོལ་སྡུག་བསྔལ་མྱོང་བ་གཟིགས་ན་སྐུ་འདར་ཏེ། སེམས་ཅན་དམྱལ་བར་ཞུགས་ཀྱང་སྡུག་བསྔལ་ཚོར་བ་མེད། སེམས་ཅན་སླད་དུ་སྡུག་བསྔལ་ཆེན་པོ་མྱོང་མཛད་དེ། །དེ་བས་ཀུན་ལས་རྒྱལ་ཏེ་དཔག་པའི་ཚད་མ་མཆིས། །དེ་བཞིན་གཤེགས་པས་སེམས་ཅན་
Kha286b
སླད་དུ་དཀའ་བ་སྤྱད། །ཕ་རོལ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་འགྱུར། །ཐུགས་ནི་ལོག་པའི་རླུང་ལ་གནས་ཀྱང་མི་གཡོ་སྟེ། དེ་བས་ཤིན་ཏུ་རྒྱལ་བའི་འཇིག་རྟེན་སྐྱེས་བུའོ། །སོ་སོའི་སྐྱེ་བོ་དག་ནི་བདེ་བ་ཀུན་འདོད་ཀྱང ། །བདེ་བར་གྱུར་པའི་རྒྱུ་ནི་གང་ལགས་མི་ཤེས་ཏེ། དེ་བཞིན་གཤེགས་པས་བསྟན་ནས་སྒོམ་པར་གྱུར་པས་ན། །ཇི་ལྟར་བུ་གཅིག་པོ་ལ་ཕ་མས་བྱམས་པ་བཞིན། །བཅོམ་ལྡན་འདས་ཀྱིས་སེམས་ཅན་ཉོན་མོངས་ནད་གཟིགས་ནས། །སྡུག་བསྔལ་བ་ནི་ན་བའི་བུ་ལ་མ་བཞིན་ཏེ། །རྟག་ཏུ་ཉོན་མོངས་ནད་སྤོང་བ་ཡི་ཐབས་དགོངས་པས། །དེ་བས་ལུས་འདི་གཞན་གྱི་དབང་དུ་གྱུར་པ་ཡིན། །སེམས་ཅན་ཐམས་ཅད་སྡུག་བསྔལ་མང་པོ་ཀུན་སྤྱོད་ཀྱང ། །ཕྱིན་ཅི་ལོག་གི་སེམས་ཀྱིས་དེ་ལ་བདེ་བར་འཛིན། །དེ་བཞིན་གཤེགས་པས་བདེ་དང་སྡུག་བསྔལ་བདེན་གསུངས་ཏེ། །དེ་བས་ཀུན་ཏུ་ཐུགས་རྗེ་ཆེན་པོ་ཞེས་གྲགས་སོ། །འཇིག་རྟེན་ཐམས་ཅད་མ་རིག་སྒོ་ང་ལ་གནས་ཀྱང ། །བརྟོལ་ཞིང་གཞོམ་པར་གྱུར་པའི་ཡེ་ཤེས་མཆུ་མེད་པས། །དེ་བཞིན་གཤེགས་པའི་ཡེ་ཤེས་མཆུ་ཡིས་ཀུན་བཅོམ་སྟེ། །དེ་བས་མཆོག་ཏུ་འགྱུར་བའི་སྲས་ཀྱི་ཐུ་བོའོ། །འཇིག་རྟེན་གསུམ་གྱིས་ཡོངས་སུ་མ་བཟུང་མ་བསྡུས་པས། །མིང་ཡང་མེད་དེ་བླ་དྭགས་བཏགས་པའི་ཐ་སྙད་མེད། །ཡོངས་སུ་མྱ་ངན་འདས་པའི་དོན་མཛད་རྟོགས་པས་
Kha287a
༄#། །ན། །བཅོམ་ལྡན་འདིས་ནི་བློ་གྲོས་ཆེན་པོ་ཞེས་གྲགས་སོ། །སྲིད་པའི་ཀླུང་གིས་སེམས་ཅན་གཡེངས་ཏེ་ནུབ་གྱུར་ཀྱང ། །མ་རིག་ཡོངས་སུ་ལྡོངས་པས་འབྱུང་བའི་ལམ་མི་ཤེས། །དེ་བཞིན་གཤེགས་ནི་བདག་ཀྱང་གྲོལ་པས་གཞན་སྒྲོལ་ཏེ། །དེ་བས་ན་དེ་བཞིན་གཤེགས་ནི་གྲུ་མཁན་ཞེས་གྲགས་སོ། །རྒྱུ་དང་འབྲས་བུར་འགྱུར་བ་ཐམས་ཅད་མཁྱེན་པས་ན། །དེ་བཞིན་ཟད་དང་འགོག་པའི་ལས་ཀྱང་ཤིན་ཏུ་རྟོགས། །སེམས་ཅན་ནད་ཀྱིས་སྡུག་བསྔལ་བ་ཡི་སྨན་གཏོང་བས། །འཇིག་རྟེན་ཀུན་ཏུ་སྨན་པའི་རྒྱལ་པོ་ཞེས་གྲགས་སོ། །མུ་སྟེགས་ངན་པར་ལྟ་བའི་དཀའ་ཐུབ་སྤྱོད་པ་ཡང ། །དེ་ཡི་རྐྱེན་གྱིས་བླ་མེད་བདེ་བ་ཐོབ་ཅེས་སྨྲ། །དེ་བཞིན་གཤེགས་ཀྱིས་ཡང་དག་བདེ་བ་གསུངས་པ་ནི། །སེམས་ཅན་ཐམས་ཅད་ངེས་པར་བདེ་བ་མྱོང་བར་འགྱུར། །དེ་བཞིན་གཤེགས་ནི་ལོག་པར་འགྲོ་བའི་ལམ་བཅོམ་པས། །སེམས་ཅན་ཀུན་ལ་ཡང་དག་བདེན་པའི་ལམ་རབ་སྟོན། །ལམ་རབ་དེ་ལ་སྤྱོད་པ་དེ་དག་བདེ་བར་འགྱུར། །དེ་བས་བཅོམ་ལྡན་འདས་ནི་དེད་དཔོན་ཞེས་གྲགས་སོ། །བདག་གིས་བྱས་པ་མ་ཡིན་གཞན་གྱིས་བྱས་མ་ཡིན། །ཐུན་མོང་བྱས་པ་མ་ཡིན་རྒྱུ་མེད་བྱས་མ་ཡིན། །དེ་བཞིན་གཤེགས་ཀྱིས་སྡུག་བསྔལ་མྱོང་བ་གསུངས་པ་ནི། །མུ་སྟེགས་ཅན་གྱིས་སྨྲ་བ་ཀུན་ལས་མཆོག་
Kha287b
ཏུ་གྱུར། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཡོངས་སུ་རྫོགས་པས་ན། །ཆོས་དེ་ཉིད་ཀྱིས་སོ་སོའི་སྐྱེ་བོ་ཀུན་ལ་སྟོན། །ཆོས་ཀྱི་སྦྱིན་པ་མཛད་པའི་དུས་ན་སེར་སྣ་མེད། །དེ་བས་བཅོམ་ལྡན་འདས་ནི་མི་དམིགས་བྱམས་པའོ། །བྱམས་པ་མེད་དེ་རྒྱུ་དང་རྐྱེན་ཡང་མེད་པས་ན། །རྒྱུ་མེད་འབྲས་བུ་མེད་པའི་རྣམ་པར་སྨིན་པ་ཐོབ། །དེ་བས་མཁས་པ་ཤེས་རབ་ལྡན་པ་ཐམས་ཅད་ཀྱིས། །དེ་བས་དེ་བཞིན་གཤེགས་ནི་རེ་བ་མེད་ཅེས་བརྗོད། །རྟག་ཏུ་འཇིག་རྟེན་བག་མེད་སྤྱོད་དང་འགྲོགས་གྱུར་ཀྱང ། །སྐུ་ལ་བག་མེད་པས་ནི་ཡོངས་སུ་འགོ་མི་འགྱུར། །དེ་བས་བསམ་གྱིས་མི་ཁྱབ་པའོ་ཞེས་བྱ་སྟེ། །འཇིག་རྟེན་ཆོས་བརྒྱད་ཀྱིས་ཀྱང་རྣམ་པར་འགོ་མི་འགྱུར། །སངས་རྒྱས་བཅོམ་ལྡན་འདས་ལ་བྱམས་དང་སྡང་མེད་དེ། །དེ་བས་དེ་ཡི་ཐུགས་ནི་རྟག་ཏུ་མཉམ་སྙོམས་པའོ། །སེང་གེ་སྒྲ་ཞེས་བགྱི་བས་ཐུགས་རྗེ་ཆེ་ལ་བསྟོད། །ཚད་མེད་པ་ཡི་སེང་གེའི་སྒྲ་ནི་སྒྲོགས་གྱུར་ཅིག་།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་སེང་གེ་སྒྲ་ཞེས་བྱ་བས་ཡོངས་སུ་དྲིས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་ལགས་ཏེ། མ་དུལ་བ་ནི་དུལ་བར་མཛད། །མ་དག་པ་ནི་དག་པར་མཛད། མགོན་
Kha288a
༄#། །སྐྱབས་མ་མཆིས་པ་ལ་ནི་མགོན་སྐྱབས་མཛད་དེ། རྣམ་པར་མ་གྲོལ་བའང་རྣམ་པར་དགྲོལ་བར་མཛད་ནས་དབང་དུ་གྱུར་པ་བརྒྱད་དང་ལྡན་པ་སྨན་པ་ཆེན་པོ་སྨན་གྱི་རྒྱལ་པོ་ལྟ་བུ་ལགས་ན། དགེ་སློང་ལེགས་པའི་སྐར་མ་ཞེས་བགྱི་བ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་མཛད་པའི་དུས་ཀྱི་སྲས་ལགས་ཏེ། རབ་ཏུ་བྱུང་ནས་མདོ་སྡེ་སྡེ་བཅུ་གཉིས་འཆང་བ་དང ། འཛིན་པ་དང ། ཀློག་པ་དང ། འདོན་པ་དང ། རྣམ་པར་ཕྱེ་སྟེ་དགྲོལ་ཞིང་བཤད་པར་ཡང་བགྱི། འདོད་པའི་ཁམས་ཀྱི་ཀུན་ནས་ཉོན་མོངས་པའང་བཅོམ། བསམ་གཏན་བཞིའང་ཐོབ་ན་ཅིའི་སླད་དུ་དེ་བཞིན་གཤེགས་པས་དགེ་སློང་ལེགས་པའི་སྐར་མ་ནི་ལོག་སྲེད་ཅན་ཡིན་ཏེ། ཀུན་གྱི་ཐ་མར་གྱུར་པ་འདི་བསྐལ་བའི་བར་དུ་སེམས་ཅན་དམྱལ་བར་གནས་ཀྱང་གསོར་མི་རུང་ངོ་ཞེས་ལུང་བསྟན། ཅིའི་སླད་དུ་དེ་བཞིན་གཤེགས་པས་སྔར་དམ་པའི་ཆོས་བསྟན་ཏེ། ཕྱིས་བྱང་ཆུབ་སེམས་དཔར་འགྱུར་བར་མི་མཛད། གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པའི་སྐར་མའི་མགོན་དང་སྐྱབས་མཛད་པར་མི་འགྱུར་ན། ཐུགས་རྗེ་ཆེན་པོ་དང་ལྡན་ཞིང་ཐབས་མཁས་པ་ཆེན་པོའོ་ཞེས་ཅི་ལ་གདགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རིགས་ཀྱི་བུ། དཔེར་ན། ཕ་མ་ལ་བུ་གསུམ་ཞིག་ཡོད་དེ། བུ་རབ་ནི་ཕ་མ་ལ་སྲི་ཞུ་དང་
Kha288b
བཀུར་སྟིའང་བྱེད། དབང་པོ་རྣོ་བས་འཇིག་རྟེན་གྱི་བྱ་བ་ཐམས་ཅད་བསླབས་ན་མྱུར་དུ་ལོབས་སོ། །བུ་འབྲིང་པོ་ནི་ཕ་མའི་ཡིད་དང་མཐུན་པར་ཡང་མི་བྱེད། སྲི་ཞུ་དང་བཀུར་སྟིའི་སེམས་ཀྱང་མེད། དབང་པོ་རྣོ་བས་འཇིག་རྟེན་གྱི་བྱ་བ་བསླབས་ན་མྱུར་དུ་སློབས་སོ། །བུ་ཐ་ཆུང་ནི་ཕ་མའི་ཡིད་དང་འགལ་བར་བྱེད་དེ། སྲི་ཞུ་དང་བཀུར་སྟིའི་སེམས་ཀྱང་མེད། དབང་པོའང་རྟུལ་ཏེ་ཤེས་པ་མེད་དོ། །གལ་ཏེ་ཕ་མས་སྦྱང་ཞིང་བསླབ་པར་བྱ་ན་སྔར་གང་བསླབ་ཏུ་གཞུག་ཅིང་གང་ལ་སྡུག་ཅིང་བྱམས་པར་བྱེད། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་བ། བཅོམ་ལྡན་འདས། སྔར་གང་ཕ་མའི་ཡིད་དང་མི་འགལ་བར་བྱེད་ཅིང་སྲི་ཞུ་དང་བཀུར་སྟི་བྱེད་པ་དང ། འཇིག་རྟེན་གྱི་བྱ་བ་བསླབས་ན་མྱུར་དུ་ལྡོབ་པ་དེ་བསླབས་ནས། དེའི་འོག་ཏུ་བུ་འབྲིང་པོ་དང ། ཐ་ཆུང་ཡང་སློབ་བོ། །བུ་འོག་མ་གཉིས་ལ་སྲི་ཞུ་དང་བཀུར་སྟི་བྱ་བའི་སེམས་མེད་མེད་ཀྱི། འོན་ཀྱང་བྱམས་པས་སློབ་པའི་གྲཝར་སློབ་ཏུ་བཅུག་གོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། བུ་གསུམ་ཞེས་པ་ནི་བུའི་ནང་ན་རབ་ནི་བྱང་ཆུབ་སེམས་དཔའ་ལ་བྱ་བའི་དཔེའོ། །འབྲིང་པོ་ནི་ཉན་ཐོས་ལ་བྱ་བའི་དཔེའོ། །བུ་ཐ་ཆུང་ནི་ལོག་སྲེད་ཅན་ལ་བྱ་བའི་དཔེའོ། །མདོ་སྡེ་བཅུ་གཉིས་ལས་དོན་ཤིན་ཏུ་ཕྲ་བ་ཟབ་མོ་ནི་ངས་སྔར་བྱང་ཆུབ་སེམས་དཔའ་རྣམས་ལ་གསུངས་སོ། །དོན་མི་ཟབ་པ་ནི་ཉན་ཐོས་རྣམས་ལ་གསུངས་སོ། །འཇིག་
Kha289a
༄#། །རྟེན་གྱི་དོན་ནི་ལོག་སྲེད་ཅན་དང ། མཚམས་མེད་པ་ལྔའི་ཁ་ན་མ་ཐོབ་བྱེད་པ་ལ་གསུངས་སོ། །ད་ལྟར་གྱི་དུས་སུ་འཕྲལ་དུ་ཕན་པའི་དོན་དུ་མི་འགྱུར་ཡང་བྱམས་པ་བརྩེ་བའི་ཕྱིར་འཇིག་རྟེན་ཕྱི་མའི་དགེ་བའི་འབྲས་བུར་འགྱུར་པ་བྱ་བའི་ཕྱིར་གསུངས་སོ། །རིགས་ཀྱི་བུ། འདི་ལྟ་སྟེ། ཞིང་ལ་རྣམ་པ་གསུམ་མོ། །ཞིང་ཆུ་རྐ་བདེ་ཞིང་རྡོ་དང ། གསེག་མ་དང ། གྱོ་མོ་དང ། ཤིང་གེལ་པ་མེད་ན་བརྒྱ་འགྱུར་སྐྱེ་བ་དང ། བྱེ་མ་དང ། གསེག་མ་དང ། རྡོ་བ་དང ། གྱོ་མོ་དང ། ཤིང་གེལ་པ་མེད་ཀྱང་ཆུ་རྐ་མི་བདེ་སྟེ་ཆུ་མ་བཅུས་ན་འབྲས་བུ་ཕྱེད་འབྲི་བ་དང ། ཆུ་རྐའྔ་མི་བདེ་ལ། རྡོ་དང ། གསེག་མ་དང ། ཤིང་གེལ་པ་མང་བ་ནི་རྩཝ་མང་དུ་སྐྱེ་བས་གཅིག་རྨོས་ན་གཅིག་ལས་མི་སྐྱེའོ། །རིགས་ཀྱི་བུ། ཞིང་པ་དག་དབྱར་རྨོ་བའི་དུས་ལ་བབ་ན་སྔར་ཞིང་གང་རྨོ་བར་བྱེད། གསོལ་བ། བཅོམ་ལྡན་འདས། སྔར་ཞིང་གཤིན་པོ་རྨོས་ནས་དེའི་འོག་ཏུ་རྣམ་པ་གཉིས་ཀྱང་མཐར་གྱིས་རྨོད་དོ། །དེ་ལ་ཐོག་མ་ནི་བྱང་ཆུབ་སེམས་དཔའ་ལ་བྱ་བའི་དཔེའོ། །བར་མ་ནི་ཉན་ཐོས་ལ་བྱ་བའི་དཔེའོ། །ཐ་མ་ནི་ལོག་སྲེད་ཅན་ལ་བྱ་བའི་དཔའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། མི་ཞིག་ལ་སྣོད་མ་ཆག་པ་དང ། ཟག་པ་དང ། ཆགས་པ་དང་གསུམ་ཡོད་དེ། སྣོད་ཀྱི་ནང་དུ་འོ་མའམ། ཞོའམ། ཆུའམ། མར་བླུགས་པར་བྱ་ན། སྔར་གང་གི་ནང་དུ་བླུགས་
Kha289b
བའི་རིགས། །གསོལ་པ། བཅོམ་ལྡན་འདས། སྔར་སྣོད་མ་ཆག་པའི་ནང་དུ་བླུགས་སོ། །དེ་ནས་ཟག་པའི་ནང་དུ་བླུགས་སོ། །དེ་ནས་ཆག་པའི་ནང་དུའང་བླུགས་སོ། །སྣོད་མ་ཆག་པ་དག་པ་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་དཔེའོ། །ཟག་པ་ནི་ཉན་ཐོས་ཀྱི་དགེ་འདུན་གྱི་དཔེའོ། །ཆག་པ་ནི་ལོག་སྲེད་གྱི་དཔེའོ། །རིགས་ཀྱི་བུའོ། །འདི་ལྟ་སྟེ། དཔེར་ན། ནད་གསུམ་པ་སྨན་པའི་དྲུང་དུ་ལྷགས་ན་གཅིག་ནི་གསོ་སླའོ། །གཅིག་ནི་གསོ་དཀའོ། །གཅིག་ནི་གསོར་མི་རུང་ན། རིགས་ཀྱི་བུ། དེ་ལྟར་ནད་པ་གསུམ་ལ་སྨན་པས་ཐོག་མར་གང་གསོ་བར་བྱེད། གསོལ་བ། བཅོམ་ལྡན་འདས། སྔར་གསོ་སླ་བ་གསོས་ནས་དེའི་འོག་ཏུ་གཉིས་པོའང་གསོ་བར་བགྱིད་དོ། །དེ་ཅིའི་ཕྱིར་ཞེ་ན། མཛའ་ཞིང་གཉེན་པ་དག་གི་ཕྱིར་རོ། །གསོ་སླ་བ་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་དཔེའོ། །གསོ་དཀའ་བ་ནི་ཉན་ཐོས་ཀྱི་དགེ་འདུན་གྱི་དཔེའོ། །གསོར་མི་རུང་བ་ནི་ལོག་སྲེད་ཅན་གྱི་དཔེའོ། །ད་ལྟར་གྱི་དུས་སུ་འཕྲལ་དུ་དགེ་བའི་འབྲས་བུར་མི་འགྱུར་ཡང་བྱམས་ཤིང་བརྩེ་བའི་ཕྱིར་འཇིག་རྟེན་ཕྱི་མའི་དགེ་བའི་འབྲས་བུ་བསྐྱེད་པའི་ཕྱིར་རོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། རྒྱལ་པོ་ཆེན་པོ་ལ་རྟ་གསུམ་ཞིག་ཡོད་ན། གཅིག་ནི་ཤིན་ཏུ་དུལ་ལ་སྟོབས་ཀྱང་ཆེའོ། །གཅིག་ནི་མ་དུལ་ཏེ་སྟོབས་ཆེའོ། །གཅིག་ནི་དུལ་ཡང་མ་དུལ་རིད་ཅིང་རྐན་ཏེ་སྟོབས་ཀྱང་མེད་ན། གལ་ཏེ་རྒྱལ་པོས་བཞོན་པར་བསམས་ན། སྔར་གང་
Kha290a
༄#། །ཞོན་པར་བྱེད། གསོལ་པ། བཅོམ་ལྡན་འདས་སྔར་དུལ་ཞིང་སྟོབས་ཆེ་བ་ལ་ཞོན་ཏེ། དེའི་འོག་ཏུ་གཉིས་ཀྱང་ཞོན་པར་བྱེད་དོ། །དུལ་ཞིང་སྟོབས་ཆེ་བ་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་དཔེའོ། །མ་དུལ་བ་ནི་ཉན་ཐོས་ཀྱི་དགེ་འདུན་གྱི་དཔེའོ། །མ་དུལ་བ་རྒས་ཤིང་རིད་པ་ནི་ལོག་སྲེག་ཅན་གྱི་དཔེ་སྟེ། ད་ལྟར་གྱི་ཚེ་འདི་ཉིད་ལ་ཕན་པའི་དོན་དུ་མི་འགྱུར་ཡང་བྱམས་ཤིང་བརྩེ་བས་འཇིག་རྟེན་ཕྱི་མའི་དགེ་བའི་ས་བོན་སྐྱེད་པར་བྱེད་དོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། སྦྱིན་བདག་ཆེན་པོ་ཞིག་གིས་གང་ཟག་རྣམ་པ་གསུམ་ལ་སྦྱིན་པར་བསམས་པ་ལས་གཅིག་ནི་རིགས་བཙུན་ཞིང་དབང་པོའང་རྣོ་བས་ཚུལ་ཁྲིམས་དང་ལྡན་ནོ། །གཅིག་ནི་ཆོ་རིགས་འབྲིང་ལ་དབང་པོ་རྟུལ་ལ་ཚུལ་ཁྲིམས་དང་ལྡན་ནོ། །གཅིག་ནི་ཆོ་རིགས་ཐ་མ་སྟེ། དབང་པོ་རྟུལ་ལ་ཚུལ་ཁྲིམས་དང་མི་ལྡན་ན། རིགས་ཀྱི་བུ། སྦྱིན་བདག་ཆེན་པོ་དེས་སྔར་གང་ལ་སྦྱིན་པ་བྱིན་པར་བྱེད། །གསོལ་པ། བཅོམ་ལྡན་འདས། སྔར་ཆོ་རིགས་བཙུན་པ་དབང་པོ་རྣོ་ཞིང་ཚུལ་ཁྲིམས་དང་ལྡན་པ་ལ་སྦྱིན་པ་བྱིན་ནས། དེའི་འོག་ཏུ་གཉིས་ལའང་སྦྱིན་པར་བྱེད་དོ། །ཐོག་མ་དེ་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་དཔེའོ། །དེའི་འོག་མ་ནི་ཉན་ཐོས་ཀྱི་དགེ་འདུན་གྱི་དཔེའོ། །དེའི་འོག་ཏུ་མ་ནི་ལོག་སྲེད་ཅན་གྱི་དཔེའོ། །རིགས་ཀྱི་བུ། དཔེར་ན། སེང་གེའི་རྒྱལ་པོས་ནི་སྤོས་ཀྱི་བལ་གླང་
Kha290b
གསོད་པ་ན། མཐུ་རྩལ་ཅི་ཡང་ཡོད་གཏུགས་ཏེ་གསོད་པ་བཞིན་དུ་རི་བོང་གསོད་པ་ནའང་དེ་དང་འདྲ་སྟེ། དབུགས་ཀྱི་ཤུགས་ཅུང་ཟད་ཙམ་གྱིས་ནི་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱང་དེ་དང་འདྲ་སྟེ། བྱང་ཆུབ་སེམས་དཔའ་རྣམས་དང ། ལོག་སྲེད་ཅན་ལ་ཆོས་སྟོན་ཅིང་གསུངས་པ་ན་མཛད་པ་ལ་གཉིས་སུ་མེད་དོ། །རིགས་ཀྱི་བུ། ང་སྔོན་དུས་གཅིག་ན་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ་དགེ་སློང་ལེགས་པའི་སྐར་མ་ནི་ངའི་གཡོག་བྱེད་དོ། །ང་དེའི་ཚེ་ན་ནམ་གྱི་ཆ་སྟོད་ལ་བརྒྱ་བྱིན་ལྷའི་དབང་ཕྱུག་ལ་དམ་པའི་ཆོས་སྟོན་ཏོ། །ཉེ་གནས་ཀྱི་ཆོས་ཀྱིས་སློབ་དཔོན་བསྙལ་དགོས་པས་དེའི་ཚེ་ང་རིང་དུ་ཐོགས་པར་གྱུར་ནས་དགེ་སློང་ལེགས་པའི་སྐར་མས་ང་ལ་ངན་སེམས་བསྐྱེད་དོ། །དེའི་ཚེ་རྒྱལ་པོའི་ཁབ་དེ་ན་ཁྱེའུ་དང་བུ་མོ་ཆུང་ངུ་དག་ངུ་སྟེ། ཁ་དོག་ཏུ་མི་བཏུབ་ན་དེའི་ཕམ་མས་བུ་ལ་བསྡིགས་པའི་ཕྱིར་དུ་བ་མ་བཏང་ན་ཡི་དྭགས་བ་ཀུ་ལའི་དྲུང་དུ་བཀྲིའོ་ཞེས་བསྡིགས་པས་ངུ་བ་ཞི་བར་འགྱུར་རོ། །དེའི་ཚེ་ན་དགེ་སློང་ལེགས་པའི་སྐར་མའང་ང་ལ་འདི་སྐད་དུ་མྱུར་དུ་གནས་ཁང་དུ་གཤེགས་སུ་གསོལ། །ཡི་དྭགས་བ་ཀུ་ལ་འོང་ངོ་ཞེས་བསྡིགས་སོ། །ངས་དེ་ལ་ཤིན་ཏུ་གླེན་པ་ཅི། སངས་རྒྱས་བཅོམ་ལྡན་འདས་ལ་འཇིགས་པ་མེད་དོ། །ཞེས་མ་ཐོས་སམ། ཞེས་བཀའ་སྩལ་ནས། དེའི་ཚེ་བརྒྱ་བྱིན་ལྷའི་དབང་ཕྱུག་གིས་ང་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཅི་གང་ཟག་འདི་ལྟ་བུའང་
Kha291a
༄#། །སངས་རྒྱས་ཀྱི་ཆོས་ཀྱི་ནང་དུ་ཆུད་དམ་ཞེས་གསོལ་ནས་ངས་དེ་ལ། ཀཽ་ཤི་ཀ། གང་ཟག་འདིའང་སངས་རྒྱས་ཀྱི་ཆོས་ཀྱི་ནང་དུ་ཆུད་དེ། སངས་རྒྱས་ཀྱི་རང་བཞིན་ཡོད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །ངས་དགེ་སློང་ལེགས་པའི་སྐར་མ་ལ་དམ་པའི་ཆོས་བསྟན་ཀྱང་ཡིད་ཆེས་ཤིང་གཟུངས་སུ་འཛིན་པའི་སེམས་མེད་དོ། །རིགས་ཀྱི་བུ། ངས་སྔོན་དུས་གཅིག་ན་ཡུལ་ཀ་ཤི་ཞེས་བྱ་བར་གྲོང་ཁྱེར་ཤི་བ་པུ་ལ་ཞེས་བྱ་བ་ན་བཞུགས་པའི་ཚེ། དགེ་སློང་ལེགས་པའི་སྐར་མའང་ངའི་གཡོག་བྱེད་དོ། །དེའི་ཚེ་ན་ང་གྲོང་ཁྱེར་དེའི་ནང་དུ་བསོད་སྙོམས་ཀྱི་ཕྱིར་གཤེགས་པར་དགོངས་པ་ལས། དེ་ན་གནས་པའི་སེམས་ཅན་ཚད་མེད་པ་སྙེད་ངའི་རྗེས་མཐོང་བར་མོས་ཏེ་སྐོམ་པས་གདུངས་བ་ལྟར་དད་པ་ལས་དགེ་སློང་ལེགས་པའི་སྐར་མས་ངའི་ཕྱི་བཞིན་རྗེས་ཕྱགས་ནས་མི་སྣང་བར་བྱ་བར་བསམས་ཏེ། མི་སྣང་བར་མ་ནུས་ནས་སེམས་ཅན་མང་དུ་མི་དགེ་བའི་སེམས་བསྐྱེད་པར་གྱུར་ཏོ། །ང་དེའི་ཚེ་གྲོང་ཁྱེར་དུ་གཤེགས་ནས་ཆང་པ་ཞིག་གི་ཁྱིམ་སྒོ་ན་གཅེར་བུ་པ་གཅིག་ཅིག་ལུས་དགུ་བོར་བྱས་ནས་སྦང་མ་ཟ་བ་གཟིགས་སོ། །དགེ་སློང་ལེགས་པའི་སྐར་མས་ཀྱང་མཐོང་ནས་ང་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འཇིག་རྟེན་ན་གལ་ཏེ་དགྲ་བཅོམ་པ་མཆིས་ན་མི་འདི་ནི་མཆོག་ཏུ་འགྱུར་བ་ལགས་སོ། །དེ་ཅིའི་
Kha291b
སླད་དུ་ཞེ་ན། མི་འདི་རྒྱུའང་མེད་ལ་འབྲས་བུའང་མེད་དོ་ཞེས་སྨྲའོ། །ངས་དེ་ལ་གླེན་པ་ཁྱོད་དགྲ་བཅོམ་པ་ནི་ཆང་མི་འཐུང་ལ་མིའང་མི་འཚེ། ཕ་རོལ་སླུ་བར་མི་བྱེད། མ་བྱིན་པར་མི་ལེན།་མི་གཡེམ་མོ་ཞེས་མ་ཐོས་སམ། མི་འདི་ནི་ཕ་མའང་བསད་དེ་སྦང་མའང་ཟ་ན་དགྲ་བཅོམ་པ་ཞེས་བྱར་རུང་ངམ། མི་འདི་ནི་ལུས་དང་བྲལ་མ་ཐག་ཏུ་གདོན་མི་ཟ་བར་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་ངོ ། །དགྲ་བཅོམ་པ་ནི་ངན་སོང་གསུམ་ཡོངས་སུ་བཅད་པ་ཡིན་ན། ཅིའི་ཕྱིར་འདི་ལ་དགྲ་བཅོམ་པ་ཡིན་ནོ་ཞེས་སྨྲ། ལེགས་པའི་སྐར་མས་ཡང་གསོལ་པ། ཆེན་པོ་བཞིའི་རང་བཞིན་ནི་འགྱུར་ཡང་སྲིད་ཀྱི། མི་འདི་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་ངོ་ཞེས་བགྱི་བའི་གནས་མ་མཆིས་སོ། །ངས་དེ་ལ་གླེན་པ་ཁྱོད་ཅི། མ་ཐོས་སམ། སངས་རྒྱས་བཅོམ་ལྡན་འདས་ནི་གཉིས་སུ་མེད་པར་བདེན་པར་གསུང་བ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །ངས་དེ་ལྟར་ལེགས་པའི་སྐར་མ་དེ་ལ་དམ་པའི་ཆོས་བསྟན་ཀྱང་དེ་ལ་དད་ཅིང་གཟུངས་སུ་འཛིན་པའི་སེམས་འདི་ཙམ་ཡང་མེད་དོ། །རིགས་ཀྱི་བུ། ང་ཡང་དུས་གཅིག་ན། དགེ་སློང་ལེགས་པའི་སྐར་མ་དང་རྒྱལ་པོའི་ཁབ་ན་བཞུགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་དེ་ན་གཅེར་བུ་པ་སྡུག་བསྔལ་འགྱུར་ཞེས་བྱ་བ་ཞིག་ཡོད་དེ། རྟག་ཏུ་འདི་སྐད་ཅེས་སྨྲའོ། །སེམས་ཅན་གྱི་ཉོན་མོངས་པ་ནི་རྒྱུའང་མེད། རྐྱེན་ཡང་མེད་དེ། སེམས་ཅན་གྱི་རྣམ་པར་གྲོལ་བའང་རྒྱུ་དང ། རྐྱེན་མེད་དོ་ཞེས་
Kha292a
༄#། །སྨྲའོ། །དེའི་ཚེ་དགེ་སློང་ལེགས་པའི་སྐར་མ་དེའང་ང་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འཇིག་རྟེན་ན་གལ་ཏེ་དགྲ་བཅོམ་པ་མཆིས་ན་གཅེར་བུ་པ་སྡུག་བསྔལ་འགྱུར་ཞེས་བགྱི་བ་འདི་མཆོག་ཏུ་འགྱུར་རོ། །ངས་དེ་ལ་འདི་སྐད་དུ། གླེན་པ། གཅེར་བུ་སྡུག་བསྔལ་འགྱུར་ནི་ཡང་དག་པར་དགྲ་བཅོམ་པ་མ་ཡིན་ཏེ། དགྲ་བཅོམ་པའི་བྱང་ཆུབ་ཀྱིས་རྣམ་པར་གྲོལ་བ་མ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དེ་ནས་ལེགས་པའི་སྐར་མས་ཡང་ང་ལ་འདི་སྐད་གསོལ་ཏོ། །ཅིའི་སླད་དུ་དགྲ་བཅོམ་པས་དགྲ་བཅོམ་པ་ལ་ཕྲག་དོག་མཛད། ངས་དེ་ལ། གླེན་པ། ང་ནི་དགྲ་བཅོམ་པ་ལ་ཕྲག་དོག་མི་བྱེད་ཀྱི་ཁྱོད་ཉིད་ཀྱིས་སྡིག་པར་འགྱུར་བའི་ངན་པར་ལྟ་བ་བསྐྱེད་དོ། །གཅེར་བུ་པ་དགྲ་བཅོམ་པ་ཡིན་ནོ་ཞེས་སྨྲ་བ་ལ་ལྟོས། ད་སྟེ་ཞག་བདུན་ན་ཁ་ཟས་མ་ཞུ་བའི་ནད་ཀྱིས་བཏབ་ནས་ལྟོ་བ་ན་སྟེ་ཤི་བར་འགྱུར་རོ། །ཤི་ནས་ཀྱང་སྐྱུག་པ་ཟ་བའི་ཡི་དྭགས་སུ་སྐྱེའོ། །རོ་ནི་སློབ་པ་གཅིག་པ་རྣམས་ཀྱིས་ཡོང་པོར་བཏེག་ནས་དུར་ཁྲོད་དུ་སྐྱེལ་བར་འགྱུར་རོ། །དེའི་ཚེ་ལེགས་པའི་སྐར་མ་དེ་གཅེར་བུ་པ་སྡུག་བསྔལ་འགྱུར་གང་ན་བ་དེར་སོང་ནས་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཁྱོད་ཤེས་སམ། དགེ་སྦྱོང་གཽ་ཏ་མས་ནི་ཁྱོད་ལས་སྟེ་ཞག་བདུན་ན་ཁ་ཟས་མ་ཞུ་བའི་ནད་ཀྱིས་བཏབ་ནས་ལྟོ་བ་ནས་སྟེ་འཆིའོ། །ཤི་ནས་ཀྱང་སྐྱུགས་པ་ཟ་བའི་ཡི་དྭགས་
Kha292b
སུ་སྐྱེ་སྟེ། སློབ་པ་གཅིག་པ་དང ། སློབ་དཔོན་གཅིག་པ་རྣམས་ཀྱིས་ཁྱོད་ཀྱི་རོ་ཡེང་བོར་བཏེག་སྟེ། དུར་ཁྲོད་དུ་སྐྱེལ་བར་འགྱུར་རོ། །ཞེས་ལུང་བསྟན་གྱི། ཚེ་དང་ལྡན་པ་ཐབས་རྣམ་པ་སྣ་ཚོགས་ཀྱི་བག་བྱ་བ་ཤིན་ཏུ་བསམས་ཏེ། ཅི་ནས་ཀྱང་དགེ་སྦྱོང་གཽ་ཏ་མ་དེ་བརྫུན་དུ་སྨྲ་བར་འགྱུར་བར་བྱའོ། །དེའི་ཚེ་སྡུག་བསྔལ་འགྱུར་གྱིས་དེ་སྐད་ཅེས་སྨྲས་པ་ཐོས་ནས། ཁ་ཟས་མི་ཟ་བར་བྱས་ཏེ། ཐོག་མ་ཞག་གཅིག་ནས་ཞག་དྲུག་གི་བར་དུ་ཅིའང་མ་ཟོས་སོ། །ཞག་བདུན་ཚང་ནས་བུ་རམ་ཟོས་སོ། །བུ་རམ་ཟོས་ནས་ཆུ་གྲང་མོ་འཐུངས་སོ། །ཆུ་གྲང་མོ་འཐུངས་མ་ཐག་ཏུ་ལྟོ་བ་ན་སྟེ་ཤི་བར་གྱུར་ཏོ། །ཤི་ནས་སློབ་པ་གཅིག་པ་རྣམས་ཀྱིས་རོ་ཡེང་པོར་བཏེག་ནས་དུར་ཁྲོད་དུ་བསྐྱལ་ཏེ། སྐྱུགས་པ་ཟ་བའི་ཡི་དྭགས་སུ་གྱུར་ནས་རོའི་དྲུང་དུ་སྡོད་དོ། །དགེ་སློང་ལེགས་པའི་སྐར་མས་དེ་ལྟ་བུར་གྱུར་པ་ཐོས་ནས་དུར་ཁྲོད་དུ་རོ་གང་ན་བ་དེར་སོང་ངོ ། །དེར་ཕྱིན་པ་དང་སྡུག་བསྔལ་འགྱུར་གྱི་ལུས་དེ་ཡི་དྭགས་སྐྱུགས་པ་ཟ་བའི་ལུས་སུ་གྱུར་ནས་རོའི་དྲུང་ན་དགུར་བོར་འདུག་པ་མཐོང་ངོ་།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་བཞི་བཅུ་བཞི་པ། ལེགས་པའི་སྐར་མས་སྨྲས་པ། ཅི་ཁྱོད་ཤིའམ། སྡུག་བསྔལ་འགྱུར་གྱིས་སྨྲས་པ། བདག་ཤིའོ། །ཁྱོད་ཇི་ལྟར་ཤི། སྨྲས་པ། བདག་ལྟོ་བ་ན་སྟེ་ཤིའོ། །འོ་ན་ཁྱོད་ཀྱི་རོ་འདིར་སུས་བསྐྱལ་སྨྲས་པ། སློབ་པ་
Kha293a
༄#། །གཅིག་པ་རྣམས་ཀྱིས་སོ། །འོ་ན་གནས་གར་བསྐྱལ། སྨྲས་པ། ཅི་གླེན་པ་ཁྱོད་དུར་ཁྲོད་ཡིན་པར་མི་ཤེས་སམ། འོ་ན་ཁྱོད་ཀྱི་ལུས་ཇི་ལྟ་བུ་ཞིག་ཐོབ། སྨྲས་པ། བདག་ནི་སྐྱུགས་པ་ཟ་བའི་ལུས་སུ་གྱུར་ཏོ། །ལེགས་པའི་སྐར་མ་ཁྱོད་ལེགས་པར་ཉོན་ཅིག་།དེ་བཞིན་གཤེགས་པ་ནི་དགེ་བར་གསུང་བ། ཡང་དག་པར་གསུང་བ། དུས་ལ་བབ་པར་གསུང་བ། དོན་ཡོད་པར་གསུང་བ། ཆོས་སུ་གསུང་བའོ། ལེགས་པའི་སྐར་མ། དེ་བཞིན་གཤེགས་པའི་ཞལ་ནས་དེ་ལྟར་བདེན་པར་གསུང་བ་ལ་ཁྱོད་ཀྱིས་དེའི་ཚེ་ན་ཅིའི་ཕྱིར་ཡིད་མི་ཆེས། སེམས་ཅན་གང་དེ་བཞིན་གཤེགས་པས་བདེན་པར་གསུང་བ་ལ་ཡིད་མི་ཆེས་ན། དེའང་ཁོ་བོའི་ལུས་འདི་འདྲ་བ་མྱོང་བར་འགྱུར་རོ། །དེའི་ཚེ་ལེགས་པའི་སྐར་མ་དེ། ང་གང་ན་བར་འོངས་ནས་ང་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གཅེར་བུ་པ་སྡུག་བསྔལ་འགྱུར་ཚེ་འཕོས་ནས་སུམ་ཅུ་རྩ་གསུམ་གནམ་གྱི་ལྷར་སྐྱེས་སོ།། ངས་དེ་ལ་གླེན་པ་དགྲ་བཅོམ་པ་ནི་སྐྱེ་བའི་གནས་མེད་ན་ཅིའི་ཕྱིར་སྡུག་བསྔལ་འགྱུར། སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་ཞེས་སྨྲ། གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་བཞིན་ཏེ། གཅེར་བུ་པ་སྡུག་བསྔལ་འགྱུར་པ་ཡང་དག་པར་སུམ་ཅུ་རྩ་གསུམ་གནམ་གྱི་ལྷར་མ་སྐྱེས་གྱི། སྐྱུགས་པ་ཟ་བའི་ཡི་དྭགས་སུ་གྱུར་ཏོ། །ངས་དེ་ལ། གླེན་པ། སངས་རྒྱས་
Kha293b
བཅོམ་ལྡན་འདས་ཀྱིས་གསུངས་སོ་ཅོག་ནི་གཉིས་སུ་མེད་དེ། དེ་བཞིན་གཤེགས་པས་གསུངས་པ་ལ་གཉིས་སུ་ཡོད་དོ་ཞེས་བྱ་བའི་གནས་མེད་དོ་ཞེས་བཀའ་སྩལ་ཏོ། །ལེགས་པའི་སྐར་མས་གསོལ་པ། དེ་བཞིན་གཤེགས་པས་དེའི་ཚེ་ན་དེ་སྐད་ཅེས་གསུངས་མོད་ཀྱི། བདག་ནི་དེ་ལ་ཡིད་ཆེས་པ་མ་མཆིས་སོ་ཞེས་སྨྲས་སོ། །རིགས་ཀྱི་བུ། ང་ནི་རྟག་ཏུ་དགེ་སློང་ལེགས་པའི་སྐར་མ་ལ་དམ་པའི་ཆོས་བསྟན་ན་ཡིད་ཆེས་ཤིང་གཟུངས་སུ་འཛིན་པའི་སེམས་འདི་ཙམ་ཡང་མ་སྐྱེས་སོ། །རིགས་ཀྱི་བུ། དགེ་སློང་ལེགས་པའི་སྐར་མ་མདོ་སྡེ་བཅུ་གཉིས་ཀློག་ཅིང་འདོན་ཏེ། བསམ་གཏན་བཞི་ཐོབ་མོད་ཀྱི། ཆུང་ངུ་ན་ཚིགས་སུ་བཅད་པ་གཅིག་ཙམ་མམ། ཚིག་གཅིག་གམ། འབྲུ་གཅིག་ཙམ་གྱི་དོན་ཡང་མི་ཤེས་སོ། །སྡིག་པ་མི་དགེ་བའི་བཤེས་གཉེན་ལ་བསྟེན་པས་བསམ་གཏན་བཞིའང་ཉམས་པར་གྱུར་ཏོ། །བསམ་གཏན་ཉམས་པས་ངན་པར་ལྟ་བ་བསྐྱེད་དེ། འདི་སྐད་དུ་སངས་རྒྱས་ཀྱང་མེད། ཆོས་ཀྱང་མེད། མྱ་ངན་ལས་འདས་པའང་མེད་མོད་ཀྱི། དགེ་སྦྱོང་གཽ་ཏ་མ་ནི་མཚན་ལྟ་བའི་ཆོ་ག་ལ་ཤིན་ཏུ་མཁས་པས་གཞན་གྱི་སེམས་ཤེས་པར་གྱུར་ཏོ་ཞེས་སྨྲའོ། །ངས་དེའི་ཚེ་ན་ལེགས་པའི་སྐར་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ངས་ཆོས་བསྟན་ཅིང་གསུངས་པ་ནི་ཐོག་མར་ཡང་དགེ་།བར་དུའང་དགེ་།ཐ་མར་ཡང་དགེ། དོན་བཟང་བ། ཚིག་བཟང་བ། མ་འདྲེས་པ།
Kha294a
༄#། །ཕུན་སུམ་ཚོགས་པ། ཚངས་པར་སྤྱོད་པ། རྣམ་པར་དག་པའོ་ཞེས་བསྟན་ཀྱང་དགེ་སློང་ལེགས་པའི་སྐར་མ་དེས། ང་ལ་འདི་སྐད་དུ་དེ་བཞིན་གཤེགས་པས།་བདག་ལ་ཆོས་བསྟན་མོད་ཀྱི། བདག་ནི་ཡང་དག་པར་ན་རྒྱུ་དང་འབྲས་བུ་མེད་དོ་ཞེས་ཟེར་རོ། །རིགས་ཀྱི་བུ་ཁྱོད་ཀྱིས་འདི་ལྟར་དངོས་པོ་འདི་ལ་ཡིད་མི་ཆེས་ན། དགེ་སློང་ལེགས་པའི་སྐར་མ་ཉིད་ད་ལྟར་ཆུ་བོ་དགའ་སྐྱེད་ཀྱི་འགྲམ་ན་འདུག་གི་།དེར་འདྲིར་འདོང་ངོ ། །དེའི་ཚེ་དེ་བཞིན་གཤེགས་པ་འོད་སྲུང་དང་བཅས་ཏེ་ལེགས་པའི་སྐར་མ་གང་ན་བར་གཤེགས་སོ། །དགེ་སློང་ལེགས་པའི་སྐར་མས། བཅོམ་ལྡན་འདས་རྒྱང་ནས་གཤེགས་པ་མཐོང་ནས་སྡིག་པ་མི་དགེ་བའི་སེམས་བསྐྱེད་དོ། །མི་དགེ་བའི་སེམས་བསྐྱེད་པས།་དེ་ཉིད་དུ་མཚམས་མེད་པའི་སེམས་ཅན་དམྱལ་བར་མངོན་པར་ནུབ་པར་གྱུར་ཏོ། །རིགས་ཀྱི་བུ། དགེ་སློང་ལེགས་པའི་སྐར་མ། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ཏེ། རིན་པོ་ཆེའི་ཕུང་པོ་ཚད་མེད་པར་བྱིན་མོད་ཀྱི། ཅིའང་མ་ཐོབ་སྟེ། བག་མེད་པའི་ཕྱིར། མི་དགེ་བའི་བཤེས་གཉེན་ལ་བསྟེན་པའི་ཕྱིར་ཆུང་ངུ་ན་ཆོས་གཅིག་ཙམ་གྱི་ཕན་པའི་དོན་ཡང་མ་ཐོབ་བོ། །འདི་ལྟ་སྟེ། དཔེར་ན། མི་ཞིག་རྒྱ་མཚོར་ཞུགས་ཏེ་རིན་པོ་ཆེའི་ཕུང་པོ་མང་པོ་མཐོང་མོད་ཀྱི། ལེ་ལོའི་དབང་གིས་ལག་ཏུ་མ་ཐོབ་པ་དང་འདྲའོ། །གཞན་
Kha294b
ཡང་རྒྱ་མཚོར་ཞུགས་ནས་རིན་པོ་ཆེའི་ཕུང་པོ་མཐོང་མོད་ཀྱི། ཤི་བའམ་སྲིན་པོ་མ་རུངས་པས་བསད་པ་ལྟར་དགེ་སློང་ལེགས་པའི་སྐར་མའང་དེ་དང་འདྲ་སྟེ། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་མོད་ཀྱི། མི་དགེ་བའི་བཤེས་གཉེན་སྲིན་པོ་མ་རུངས་པ་དང་འདྲ་བས་བསད་པར་གྱུར་ཏོ། །རིགས་ཀྱི་བུ། དེ་བས་ན་དེ་བཞིན་གཤེགས་པས་ཐུགས་བརྩེ་བའི་སླད་དུ་དགེ་སློང་ལེགས་པའི་སྐར་མ་ནི་བག་མེད་པ་ཡིན་ནོ་ཞེས་གསུངས་སོ། །རིགས་ཀྱི་བུ། གང་སྔོན་ཡང་དབུལ་ཕོངས་དེ་ལ་སྙིང་བརྩེ་བའི་སེམས་ཡོད་མོད་ཀྱི། སྙིང་བརྩེ་བའི་བར་དུ་མི་ཆུད་དོ། །གང་སྔོན་ལོངས་སྤྱོད་དང་ལྡན་པ་ཞིག་ཕྱིས་ལོངས་སྤྱོད་མེད་དེ། དབུལ་ཕོངས་པར་གྱུར་ན། དེ་ལ་ནི་རབ་ཏུའང་སྙིང་བརྩེ་བ་ལྟར་དགེ་སློང་ལེགས་པའི་སྐར་མའང་དེ་དང་འདྲ་སྟེ། མདོ་སྡེ་སྡེ་བཅུ་གཉིས་འཆང་ཞིང་འཛིན་པ་དང ། འདོན་པ་དང ། ཀློག་པའང་བྱས། བསམ་གཏན་བཞི་ཐོབ་པ་ལས་ཉམས་པ་ནི་ཤིན་ཏུའང་ཐུགས་བརྩེ་བར་རུང་བས། དགེ་སློང་ལེགས་པའི་སྐར་མ་ནི་ཤིན་ཏུའང་བག་མེད་པར་ངས་གསུངས་སོ། །བག་མེད་པའི་ཕྱིར་དགེ་བའི་རྩ་བ་རྣམས་ཡོངས་སུ་བཅད་པས་ངའི་ཉེ་གནས་སུ་གྱུར་པ་མཐོང་ངམ་ཐོས་པ་གང་ཡང་རུང ། དེ་ལ་ནི་ཤིན་ཏུ་སྙིང་བརྩེ་བའི་སེམས་མ་བསྐྱེད་པ་མེད་དེ། ཇི་ལྟར་སྔོན་ལོངས་སྤྱོད་དང་ལྡན་པ་ལས་ཕྱིས་ལོངས་སྤྱོད་མེད་པར་མཐོང་བ་ལ་སྙིང་རྩེ་བ་དང་འདྲའོ། །ང་ནི་ལོ་དུ་མའི་བར་དུ་ལེགས་པའི་སྐར་མ་དང་
Kha295a
༄#། །འགྲོགས་ཏེ། དེས་ང་ལ་རྟག་ཏུ་མི་དགེ་བའི་སེམས་བསྐྱེད་དོ། །མི་དགེ་བའི་སེམས་བསྐྱེད་པས་ངན་པར་ལྟ་བའི་སེམས་མ་བཏང་ངོ ། །རིགས་ཀྱི་བུ། ངས་ཐོག་མ་ནས་ལེགས་པའི་སྐར་མ་དེ་ལ་དགེ་བའི་རྩ་བ་སྦུའི་ཉག་མ་ཙམ་ཡོད་པར་མ་གཟིགས་ན། དེ་ལ་དགེ་བའི་རྩ་བ་ཡོངས་སུ་བཅད་པའི་ལོག་སྲེད་ཅན་ཡིན་ཏེ། སེམས་ཅན་དམྱལ་བར་བསྐལ་པའི་བར་དུ་གནས་པར་འགྱུར་རོ། །ཞེས་ལུང་མི་སྟོན་ན། དེས་རྒྱུ་མེད་པ་དང ། འབྲས་བུ་མེད་པ་དང ། བྱས་པའི་ལས་ཀྱང་མེད་པར་སྨྲ་བས་དེ་དགེ་བའི་རྩ་བ་ཡོངས་སུ་བཅད་པའི་ལོག་སྲེད་ཅན་ཡིན་ཏེ། བསྐལ་པའི་བར་དུ་སེམས་ཅན་དམྱལ་བར་གནས་སོ་ཞེས་ལུང་བསྟན་ཏོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། མི་ཞིག་ངན་སྐྱུགས་ཀྱི་དོང་དུ་ལྷུང་བ་ལས་བཤེས་གཉེན་གཅིག་གིས་དབྱུང་བར་བསམས་ནས་ལག་པས་བསྙབས་ཏེ། སྐྲ་ལས་ཟིན་ན་ཕྱིས་འབྱིན་ཏོ། །གལ་ཏེ་སྐྲ་ལས་མ་ཟིན་ཏེ་ཅིའང་མི་སྣང་ན་དབྱུང་བའི་སེམས་ཀྱང་ཞི་བར་འགྱུར་བ་ལྟར་ང་ཡང་དེ་དང་འདྲ་སྟེ། ལེགས་པའི་སྐར་མའི་དགེ་བའི་རྩ་བ་ཅུང་ཟད་ཙམ་ཅི་ཡོད་པ་བཙལ་ཏེ་ཡོངས་སུ་བསྒྲལ་བ་བྱས་ན་དུས་ཐམས་ཅད་དུ་དགེ་བའི་རྩ་བ་བསྡུའི་ཉག་མ་ཙམ་ཡང་མེད་པས་སེམས་ཅན་དམྱལ་བ་ལས་བསྒྲལ་བར་མ་གྱུར་ཏོ། །བྱང་ཆུབ་སེམས་དཔའ་འོད་སྲུང་
Kha295b
གིས་གསོལ་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པས་ཅིའི་སླད་དུ་ལེགས་པའི་སྐར་མ་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་ངོ་ཞེས་ལུང་བསྟན། རིགས་ཀྱི་བུ། དགེ་སློང་ལེགས་པའི་སྐར་མ་ལ་བཤེས་གཉེན་དང ། འཁོར་མང་དུ་ཡོད་དེ། དེ་དག་ཐམས་ཅད་ལེགས་པའི་སྐར་མ་ནི་དགྲ་བཅོམ་པ་ཡིན་ཏེ། བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་འཛིན་པས་དེ་དག་གི་ངན་པར་ལྟ་བའི་སེམས་གཞིག་པའི་ཕྱིར་ལེགས་པའི་སྐར་མ་ནི་བག་མེད་པས་སེམས་ཅན་དམྱལ་བར་ལྟུང་ངོ་ཞེས་ལུང་བསྟན་ཏོ། །རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པས་གསུངས་པ་ལ་ཡང་དག་པར་གཉིས་སུ་མེད་པར་ཤེས་པར་གྱིས་ཤིག་།དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་དེ་བཞིན་གཤེགས་པས་སེམས་ཅན་དམྱལ་བར་ལྟུང་བར་ལུང་བསྟན་པ་ལས་སེམས་ཅན་དམྱལ་བར་མི་ལྟུང་བའི་གནས་མེད་དོ། །ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལུང་བསྟན་པ་ལ་གཉིས་སུ་ཡོད་དེ། ཁ་ཅིག་ནི་བདེན། ཁ་ཅིག་ནི་རྫུན་ནོ། །དཔེར་ན་མཽངྒལ་ཡ་ན་ཡུལ་དབུས་འགྱུར་འཆང་ན་འདུག་པའི་ཚེ་ཡུལ་མི་ཐམས་ཅད་ལ་ད་སྟེ་ཞག་བདུན་ན་ཆར་པ་འབབ་པོ་ཞེས་ལུང་བསྟན་པ་ལས་ཕྱིས་ཆར་བ་མ་བབ་བོ། །ཕྱིས་བ་སྦྲུམ་པ་ཞིག་ལ་བེའུ་དཀར་རུ་འབྱུང་ངོ་ཞེས་ལུང་བསྟན་པ་ལས་བེའུ་ཁྲའུ་ཞིག་བྱུང་ངོ ། །བུ་ཁྱེའུ་ཞིག་འབྱུང་ངོ་ཞེས་ལུང་བསྟན་པ་ལས་ཕྱིས་བུ་མོ་ཞིག་བྱུང་ངོ ། །རིགས་ཀྱི་བུ། དགེ་སློང་
Kha296a
༄#། །ལེགས་པའི་སྐར་མ་ནི་རྟག་ཏུ་སེམས་ཅན་ཚད་མེད་པ་སྙེད་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་དགེ་བ་དང་སྡིག་པའི་འབྲས་བུ་མེད་དོ་ཞེས་སྨྲ་སྟེ། དེའི་ཚེ་ན་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བཅད་པས་བ་སྤུའི་ཉག་མ་ཙམ་ཡང་མ་ལུས་སོ། །རིགས་ཀྱི་བུ། ངས་སྔོན་དགེ་སློང་ལེགས་པའི་སྐར་མ་ལ་དགེ་བའི་རྩ་བ་མེད་པར་མཁྱེན་མོད་ཀྱི། འོན་ཀྱང་ལོ་ཉི་ཤུ་ཚང་བར་ལྷན་ཅིག་ཏུ་གནས་ཏེ། ཐུན་མོང་དུ་སྤྱད་པར་གྱུར་ཏོ། །གལ་ཏེ་ངས་ཡོངས་སུ་སྤངས་ཏེ་གཡས་གཡོན་དུ་མ་བསྙེན་ན་ལེགས་པའི་སྐར་མ་དེས་སེམས་ཅན་ཚད་མེད་པ་སྙེད་སྡིག་པ་མི་དགེ་བའི་ལས་ལ་གཟུད་པར་འགྱུར་ཏེ། འདི་ནི་དེ་བཞིན་གཤེགས་པའི་མཁྱེན་པའི་སྟོབས་མངའ་བ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས། ལོག་སྲེད་ཅན་ལ་ཅིའི་སླད་དུ་དགེ་བའི་ཆོས་མ་མཆིས་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ལོག་སྲེད་ཅན་ནི་དགེ་བའི་རྩ་བ་ཡོངས་སུ་བཅད་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ལ་དད་པ་ལ་སོགས་པ་དབང་པོ་ལྔ་ཡོད་ན་ལོག་སྲེད་ཅན་ནི་ཡོངས་སུ་བཅད་དེ། དོན་དེ་ལྟ་བས་ན་གྲོག་སྦུར་ཙམ་བསད་ནའང་ཁ་ན་མ་ཐོ་བ་ཐོབ་པར་འགྱུར་གྱི། ལོག་སྲེད་ཅན་ནི་བསད་ཀྱང་ཁ་ན་མ་ཐོ་བའི་སྡིག་པ་མེད་དོ། །གསོལ་པ། བཅོམ་ལྡན་འདས། ལོག་སྲེད་ཅན་ལ་དགེ་བའི་ཆོས་མ་མཆིས་པའི་སླད་དུ་ལོག་སྲེད་
Kha296b
ཅན་ཞེས་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །གསོལ་པ། བཅོམ་ལྡན་འདས། སེམས་ཅན་ཐམས་ཅད་ཀྱི་དགེ་བ་ལ་རྣམ་པ་གསུམ་སྟེ། འདས་པ་དང ། མ་འོངས་པ་དང ། ད་ལྟར་གྱི་མཆིས་པས་ལོག་སྲེད་ཅན་གྱིས་མ་འོངས་པའི་དགེ་བའི་ཆོས་མ་བཅད་ན། ཅིའི་སླད་དུ་དགེ་བའི་ཆོས་བཅད་དེ་ལོག་སྲེད་ཅན་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། བཅད་པ་ལ་རྣམ་པ་གཉིས་ཏེ། ད་ལྟར་གྱི་བགགས་པ་དང ། ད་ལྟར་གྱི་སྒྲིབ་པས་མ་འོངས་པའི་བསྒྲིབས་པའོ། །ལོག་སྲེད་ཅན་དག་བཅད་པ་གཉིས་དང་ལྡན་པའི་ཕྱིར་དགེ་བའི་རྩ་བ་ཡོངས་སུ་བཅད་པའོ་ཞེས་ངས་གསུངས་སོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། མི་ཞིག་ངན་སྐྱུགས་ཀྱི་དོང་དུ་ལྷུང་ནས་སྐྲ་ཉག་མ་གཅིག་ཙམ་ལས་མི་སྣང་ངོ ། །སྐྲ་ཉག་མ་གཅིག་ཙམ་མ་ནུབ་མོད་ཀྱི་སྐྲ་ཉག་མ་གཅིག་ཙམ་གྱིས་ལུས་མི་ཐེག་གོ། །ལོག་སྲེད་ཅན་དག་ཀྱང་དེ་དང་འདྲ་སྟེ། མ་འོངས་པའི་དུས་ན་དགེ་བའི་རྩ་བ་ཡོད་མོད་ཀྱི། སེམས་ཅན་དམྱལ་བའི་སྡུག་བསྔལ་ལས་ཐར་བར་མི་འགྱུར་ཏེ། མ་འོངས་པའི་དུས་ན་སྒྲོལ་བར་འགྱུར་ཡང་ད་ལྟར་གྱི་དུས་སུ་ཅི་བྱར་ཡང་མེད་པས་སྒྲོལ་དུ་མི་རུང་བ་ཞེས་བྱའོ། །སངས་རྒྱས་ཀྱི་རང་བཞིན་གྱི་རྒྱུ་དང་རྐྱེན་གྱིས་སྒྲོལ་བར་ཡང་འགྱུར་རོ། །སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི་འདས་པ་མ་ཡིན། མ་འོངས་པ་མ་
Kha297a
༄#། །ཡིན།་ད་ལྟར་གྱི་མ་ཡིན་ཏེ། དེ་བས་ན་སངས་རྒྱས་ཀྱི་རང་བཞིན་ནི་བཅད་དུ་མེད་དོ། དཔེར་ན། ས་བོན་རུལ་པ་ལས་མྱུ་དུ་མི་སྐྱེ་བ་ལྟར་ལོག་སྲེད་ཅན་ཡང་དེ་དང་འདྲའོ། །གསོལ་པ། བཅོམ་ལྡན་འདས། ལོག་སྲེད་ཅན་དག་སངས་རྒྱས་ཀྱི་རང་བཞིན་མ་བཅད་དེ། སངས་རྒྱས་ཀྱི་རང་བཞིན་ཉིད་དགེ་བ་ལགས་ན་ཅིའི་སླད་དུ་དགེ་བ་ཐམས་ཅད་བཅད་དོ་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། སེམས་ཅན་གང་ད་ལྟར་གྱི་དུས་སུ་སངས་རྒྱས་ཀྱི་རང་བཞིན་དང་ལྡན་ན་དེ་ལ་ནི་ལོག་སྲེད་ཅན་ཞེས་མི་བྱ་སྟེ། ཇི་ལྟར་འཇིག་རྟེན་ན་སེམས་ཅན་ལ་བདག་ཅེས་བྱ་བ་ཡོད་པ་དང་འདྲའོ། །སངས་རྒྱས་ཀྱི་རང་བཞིན་ཏེ་རྟག་པ་ཡིན་ན་ནི་དུས་གསུམ་ལ་མ་གཏོགས་སོ། །ཇི་སྟེ་དུས་གསུམ་ལ་གཏོགས་ན་མི་རྟག་པ་ཞེས་བྱའོ། །སངས་རྒྱས་ཀྱི་རང་བཞིན་ནི་མ་འོངས་པའི་དུས་སུ་མཐོང་བར་འགྱུར་བས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དེ་ཞེས་གསུངས་ཏེ། དེ་བས་ན་ས་བཅུ་པའི་བྱང་ཆུབ་སེམས་དཔའ་བཀོད་པ་ཕུན་སུམ་ཚོགས་པ་དང་ལྡན་པས་ཅུང་ཟད་ཅིག་མཐོང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། སངས་རྒྱས་ཀྱི་རང་བཞིན་ནི་རྟག་པ་ལགས་ཏེ། ནམ་མཁའ་དང་འདྲ་ན་ཅིའི་སླད་དུ་དེ་བཞིན་གཤེགས་
Kha297b
པས་མ་འོངས་པའོ་ཞེས་གསུངས། དེ་བཞིན་གཤེགས་པས་གལ་ཏེ་ལོག་སྲེད་ཅན་དག་ལ་དགེ་བའི་ཆོས་མ་མཆིས་ཞེས་གསུངས་པ་ནི་ལོག་སྲེད་ཅན་གྱི་སློབ་པ་གཅིག་པ་དང ། སློབ་དཔོན་གཅིག་པ་དང ། ཕ་དང ། མ་དང ། གཉེན་བཤེས་དང ། ཆུང་མ་དང ། བུ་ལ་བྱམས་པ་དང ། སྡུག་པའི་སེམས་མི་སྐྱེའམ། ཇི་སྟེ་སྐྱེ་ན་དེ་ཉིད་དགེ་བ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ལེགས་སོ། །ལེགས་སོ། རིགས་ཀྱི་བུ། ཤིན་ཏུ་ལེགས་པར་དྲིས་སོ། །སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི་ནམ་མཁའ་དང་འདྲ་སྟེ། འདས་པའང་མ་ཡིན། མ་འོངས་པའང་མ་ཡིན། ད་ལྟར་ཡང་མ་ཡིན་ནོ། །སེམས་ཅན་ཐམས་ཅད་ལའང་ལུས་རྣམ་པ་གསུམ་སྟེ། འདས་པ་དང ། མ་འོངས་པ་དང ། ད་ལྟར་གྱིའོ། །སེམས་ཅན་གྱིས་མ་འོངས་པའི་དུས་སུ་བཀོད་པ་ཕུན་སུམ་ཚོགས་པ་རྣམ་པར་དག་པའི་ལས་ཀྱིས་སངས་རྒྱས་ཀྱི་རང་བཞིན་མཐོང་བར་འགྱུར་བས་ན་སངས་རྒྱས་ཀྱི་རང་བཞིན་མ་འོངས་པའོ་ཞེས་ངས་གསུངས་སོ། །རིགས་ཀྱི་བུ། ངས་ནི་སོ་སོའི་སྐྱེ་བོའི་ཕྱིར་དུས་ཁ་ཅིག་ཏུ་ནི་རྒྱུ་འབྲས་བུ་ཡིན་ནོ་ཞེས་ཀྱང་གསུངས། དུས་ཁ་ཅིག་ཏུ་ནི་འབྲས་བུ་རྒྱུ་ཡིན་ནོ་ཞེས་གསུངས་ཏེ། དེ་བས་ན་མདོ་སྡེ་ལས་ཁ་ཟས་ནི་འཚོ་བ་ཡིན་པ་དང ། གཟུགས་མཐོང་བ་ལ་རེག་པ་ཡིན་ནོ་ཞེས་གསུངས་པ་དང་འདྲ་བར་མ་འོངས་པའི་དུས་ན་ལུས་ཡོངས་སུ་དག་པར་
Kha298a
༄#། །འགྱུར་བས་སངས་རྒྱས་ཀྱི་རང་བཞིན་ཞེས་གསུངས་སོ། །གསོལ་པ། བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་དོན་དེ་ལྟ་བུ་ལགས་ན་ཅིའི་སླད་དུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་སོ་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་ད་ལྟར་གྱི་དུས་ན་མེད་ཀྱང་མེད་ཅེས་བྱར་མི་རུང་ངོ ། །དཔེར་ན། ནམ་མཁའ་ཡང་ད་ལྟར་མེད་མོད་ཀྱི། མེད་ཅེས་བྱར་མི་རུང་ངོ ། །སེམས་ཅན་ཐམས་ཅད་ནི་མི་རྟག་པ་ཡིན་མོད་ཀྱི། སངས་རྒྱས་ཀྱི་རང་བཞིན་ནི་རྟག་པ། མི་འགྱུར་མི་འཕོ་བ་ཡིན་ཏེ། དེ་བས་ན་ངས་མདོ་སྡེ་འདི་ལས་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་ནང་ན་མ་ཡིན། ཕྱི་རོལ་ན་མ་ཡིན་ཏེ། ནམ་མཁའ་ལྟར་ནང་ན་མ་ཡིན། ཕྱི་རོལ་ན་མ་ཡིན་ནོ། །གལ་ཏེ་ནམ་མཁའ་ལ་ནང་དང་ཕྱི་རོལ་ཡོད་ན་ནམ་མཁའ་ལ་གཅིག་པའམ། རྟག་པ་ཞེས་བྱར་མི་རུང་སྟེ། གནས་ཐམས་ཅད་ན་ཡོད་དོ་ཞེས་བྱར་ཡང་མི་རུང་ངོ ། །ནམ་མཁའ་ནི་ནང་ན་མ་ཡིན། ཕྱི་རོལ་ནའང་མ་ཡིན་མོད་ཀྱི། འོན་ཀྱང་སེམས་ཅན་ཐམས་ཅད་ལ་ཡོད་དེ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲའོ། །ཁྱོད་སྨྲ་བ་ལྟར་ལོག་སྲེད་ཅན་ལ་དགེ་བའི་ཆོས་ཡོད་དོ་ཞེས་བྱ་བ་དོན་དེ་ལྟ་མ་ཡིན་ནོ། །
Kha298b
དེ་ཅིའི་ཕྱིར་ཞེ་ན། ལོག་སྲེད་ཅན་ལ་ལུས་ཀྱི་ལས་དང ། ངག་གི་ལས་དང ། ཡིད་ཀྱི་ལས་དང ། ལེན་པའི་ལས་དང ། སྦྱིན་པའི་ལས་དང ། ཚོལ་བའི་ལས་དང ། ཤེས་པའི་ལས་ལ་སོགས་པ་ལས་ཐམས་ཅད་ཀྱང་ལོག་པའི་ལས་སོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་དང་འབྲས་བུ་ལ་མི་རེ་བའི་ཕྱིར་རོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཨ་ ་ར་ནི་མྱུ་གུ་དང ། ལོ་མ་དང ། སྡོང་བུ་དང ། ཡལ་ག་དང ། མེ་ཏོག་དང ། འབྲས་བུའི་བར་དུ་ཁ་བ་ལྟར་ལོག་སྲེད་ཅན་གྱི་མི་དགེ་བའི་ལས་ཀྱང་དེ་དང་འདྲའོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི་དབང་པོ་རྣམས་མཁྱེན་པའི་སྟོབས་དང་ལྡན་ཏེ། དེ་བས་ན་སེམས་ཅན་ཐམས་ཅད་ཀྱི་དབང་པོ་རབ་དང ། འབྲིང་དང ། ཐ་མ་ཤིན་ཏུ་རྟོགས་སོ། །སེམས་ཅན་གང་ནི་དབང་པོ་འབྲིང་ལས་ཐ་མར་འགྱུར་བ་དང ། སེམས་ཅན་གང་ནི་འབྲིང་ལས་རབ་ཏུ་འགྱུར་བ་དང ། སེམས་ཅན་གང་ནི་རབ་ལས་འབྲིང་དུ་འགྱུར་བ་དང ། སེམས་ཅན་གང་ནི་འབྲིང་ལས་ཐ་མར་འགྱུར་བ་ཤིན་ཏུ་རྟོགས་ཏེ། དེ་བས་ན་སེམས་ཅན་གྱི་དབང་པོ་ལ་ངེས་པ་མེད་དོ། །ངེས་པ་མེད་པས་ཁ་ཅིག་དགེ་བའི་རྩ་བ་བཅད་ནས་ཕྱིར་སྐྱེ་བར་འགྱུར་རོ། །གལ་ཏེ་སེམས་ཅན་གྱི་དབང་པོ་ངེས་ན་ཐོག་མ་ནས་ཀྱང་བཅད་པ་མེད་ལ། བཅད་ནས་ཀྱང་ཕྱིར་སྐྱེ་བར་མི་འགྱུར་ཏེ། ལོག་སྲེད་ཅན་དག་བསྐལ་པ་གཅིག་གི་བར་དུ་སེམས་ཅན་དམྱལ་བར་ལྟུང་ངོ་ཞེས་གསུང་པར་མི་རིགས་སོ། །རིགས་ཀྱི་
Kha299a
༄#། །བུ།་དེ་བས་ན་དེ་བཞིན་གཤེགས་པས་ནི་ཆོས་ཐམས་ཅད་ལ་ངེས་པའི་མཚན་ཉིད་མེད་དོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་བ། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ནི་དབང་པོ་རྣམས་ལ་མཁྱེན་པའི་སྟོབས་དང་ལྡན་ཏེ། དགེ་སློང་ལེགས་པའི་སྐར་མས་དགེ་བའི་རྩ་བ་ཡོངས་སུ་བཅད་པར་མཁྱེན་ན་ཅིའི་སླད་དུ་རབ་ཏུ་བྱུང་བར་གནང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ང་སྔོན་རབ་ཏུ་བྱུང་བ་ནི་ངའི་ནུ་བོ་དགའ་བོ་དང ། བསྙེན་དགའ་བོ་དང ། ལྷ་སྦྱིན་དང ། སྲས་སྒྲ་གཅན་འཛིན་ལ་སོགས་པ་ཐམས་ཅད་ངའི་རྗེས་སུ་རབ་ཏུ་བྱུང་ཞིང་ལམ་ལ་ནན་ཏན་བྱེད་པར་གནང་ངོ ། །གལ་ཏེ་ངས་ལེགས་པའི་སྐར་མ་རབ་ཏུ་མ་ཕྱུང་ན། རྒྱལ་པོའི་ཐབས་ཐོབ་པར་འགྱུར་ཏེ། མཐུ་དང་དབང་དུ་ལྡན་པས་སངས་རྒྱས་ཀྱི་ཆོས་ཡོངས་སུ་འཇིག་པར་འགྱུར་ཏེ། དེའི་རྒྱུ་དེའི་རྐྱེན་གྱིས་ངས་རབ་ཏུ་ཕྱུང་ནས་ལམ་ལ་ནན་ཏན་བྱེད་པར་གནང་ངོ ། །རིགས་ཀྱི་བུ། དགེ་སློང་ལེགས་པའི་སྐར་མ་གལ་ཏེ་རབ་ཏུ་མ་བྱུང་ནའང་དགེ་བའི་རྩ་བ་གཅོད་པ་འགྱུར་ཏེ། སྐྱེ་བ་ཚད་མེད་པའི་བར་དུ་ཕན་པ་དང་བདེ་བའི་དོན་དུ་མི་འགྱུར་རོ། །ད་རབ་ཏུ་བྱུང་བས་དགེ་བའི་རྩ་བ་བཅད་མོད་ཀྱི། ཚུལ་ཁྲིམས་སྲུངས་ཞིང་རྒན་རབས་དང ། བླ་མ་དང ། ཡོན་ཏན་ཅན་ལ་བསྙེན་བཀུར་བྱེད་ཅིང་
Kha299b
བསམ་གཏན་དང་པོ་སྒོམ་པ་ནས་བསམ་གཏན་བཞི་པའི་བར་དུ་སྒོམ་པར་འགྱུར་ཏེ། དེའང་དགེ་བའི་རྒྱུ་ཞེས་བྱའོ། །དེ་ལྟར་དགེ་བའི་རྒྱུ་དེ་ལས་དགེ་བའི་ཆོས་སྐྱེ་བར་འགྱུར་རོ། །དགེ་བའི་ཆོས་སྐྱེས་པ་ན་བྱང་ཆུབ་ལ་ནན་ཏན་བྱེད་པར་འགྱུར་རོ། །བྱང་ཆུབ་ལ་ནན་ཏན་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་ཏེ། དེ་བས་ན་དགེ་སློང་ལེགས་པའི་སྐར་མ་རབ་ཏུ་བྱུང་བར་གནང་ངོ ། །རིགས་ཀྱི་བུ། གལ་ཏེ་ངས་དགེ་སློང་ལེགས་པའི་སྐར་མ་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་སྲུང་དུ་མ་གནང་ན། དེ་བཞིན་གཤེགས་པ་པ་སྟོབས་བཅུ་བཅུ་དང་ལྡན་ནོ་ཞེས་བྱ་བར་ཡང་མི་འགྱུར་རོ། །རིགས་ཀྱི་བུ། སེམས་ཅན་གང་དགེ་བའི་རྩ་བ་དང་ལྡན་ནམ། མི་དགེ་བའི་ཆོས་དང་ལྡན་ན། གང་ཟག་དེ་ཆོས་གཉིས་པོ་དང་ལྡན་ནའང་རིང་པོ་མི་ཐོགས་པར་དགེ་བའི་རྩ་བ་ཡོངས་སུ་བཅད་དེ། མི་དགེ་བའི་རྩ་བ་དང་ལྡན་པར་ངས་རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་ནི་དགེ་བའི་བཤེས་གཉེན་ལ་མི་བསྟེན། དམ་པའི་ཆོས་ཉན་པར་མི་བྱེད། མི་དགེ་བ་ཡིད་ལ་བྱེད་ཅིང་ཚུལ་བཞིན་དུ་ཡིད་ལ་མི་བྱེད་པས་དེའི་རྒྱུ་དེའི་རྐྱེན་གྱིས་དགེ་བའི་རྩ་བ་གཅོད་ཅིང་མི་དགེ་བའི་རྩ་བ་དང་ལྡན་པར་གྱུར་ཏོ། །རིགས་ཀྱི་བུ། གཞན་ཡང་དེ་བཞིན་གཤེགས་པས་གང་ཟག་དེ་ད་ལྟར་གྱི་དུས་སམ། མ་འོངས་པའི་དུས་ན་གལ་ཏེ་གཞོན་ནུའམ། ལང་ཚོ་འམ། རྒས་པའི་ཚེ་དགེ་བའི་བཤེས་གཉེན་ལ་བསྟེན་ཏེ། དམ་པའི་
Kha300a
༄#། །ཆོས་སྡུག་བསྔལ་དང ། ཀུན་འབྱུང་བ་དང ། འགོག་པ་དང ། ལམ་ཉན་ཅིང་འཛིན་ན། དེའི་དགེ་བའི་རྩ་བ་ཕྱིར་ཡང་སྐྱེ་བར་འགྱུར་རོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། གྲོང་ཁྱེར་དང་མི་རིང་བ་ན་ཆུ་མིག་ཞིམ་པོ་ཡོན་ཏན་བརྒྱད་དང་ལྡན་པ་ཞིག་ཡོད་ན་གང་སྐོམ་ཞིང་ཚ་བས་གདུངས་པ་དག་ཆུ་མིག་གི་དངོར་འགྲོ་བར་གཟས་ན་དེ་ལ་མཁས་པ་ཤེས་རབ་ཅན་གྱིས་ནི་སྐོམ་པས་གདུངས་པ་དེ་ངེས་པར་ཆུ་མིག་གི་དངོར་ཕྱིན་པར་ཐེ་ཚོམ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ལམ་གཞན་མེད་པའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་སོ་སོའི་སྐྱེ་བོ་ལ་གཟིགས་པའང་དེ་དང་འདྲ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་ནི་དབང་པོ་རྣམས་མཁྱེན་པའི་སྟོབས་དང་ལྡན་པ་ཞེས་བྱའོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ས་ལས་ས་ཉུང་ཞིག་བླངས་ནས་ཕྱག་སྡེར་གྱི་སྟེང་དུ་བཞག་སྟེ། འོད་སྲུང་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་ས་མང་ངམ། ཕྱག་སྡེར་གྱི་སྟེང་དུ་བཞག་པའི་ས་མང་ཞེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས་ཕྱག་སྡེར་གྱི་སྟེང་གི་ས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ས་དང་བསྒྲུན་དུ་མི་རུང་ངོ ། །རིགས་ཀྱི་བུ། མིའི་ལུས་ལས་མིའི་ལུས་ཐོབ་པ་དང ། ངན་སོང་གསུམ་གྱི་ལུས་བཏང་ནས་མིའི་ལུས་ཐོབ་ཅིང་དབང་པོ་ཚང་བ་དང ། ཡུལ་གྱི་དབུས་སུ་སྐྱེ་བ་དང ། ཡང་དག་པའི་དད་པས་བྱང་
Kha300b
ཆུབ་ལ་ནན་ཏན་བྱེད་པ་དང ། བྱང་ཆུབ་ལ་ནན་ཏན་བྱས་ནས་ཡང་དག་པའི་ལམ་ལ་ནན་ཏན་བྱེད་པ་དང ། ཡང་དག་པའི་ལམ་ལ་ནན་ཏན་བྱས་ནས་རྣམ་པར་གྲོལ་བ་ཐོབ་པ་དང ། རྣམ་པར་གྲོལ་བ་ཐོབ་ནས་མྱ་ངན་ལས་འདས་པ་ནི་ཕྱག་སྡེར་གྱི་སྟེང་དུ་བཞག་པའི་ས་དང་འདྲའོ། །མིའི་ལུས་ལས་ངན་སོང་གསུམ་དུ་ལྟུང་བ་དང ། ངན་སོང་གསུམ་ལས་ངན་སོང་གསུམ་གྱི་ལུས་སུ་འགྱུར་བ་དང ། དབང་པོ་མ་ཚང་བ་དང ། མཐའ་འཁོབ་ཏུ་སྐྱེ་བ་དང ། ཕྱིན་ཅི་ལོག་ཏུ་ངན་པར་ལྟ་བ་ལ་ཡིད་ཆེས་པ་དང ། ངན་པར་ལྟ་བའི་ལམ་ལ་ནན་ཏན་བྱེད་དེ། རྣམ་པར་གྲོལ་བ་དང ། རྟག་པ་དང ། བདེ་བའི་མྱ་ངན་ལས་འདའ་བ་མི་ཐོབ་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་ས་དང་མཚུངས་སོ། །རིགས་ཀྱི་བུ། ཚུལ་ཁྲིམས་ཡོངས་སུ་དག་པ་སྲུང་ཞིང་བརྩོན་འགྲུས་ཀྱིས་ལེ་ལོ་མེད་པ་དང ། རྩ་བ་བཞི་མི་ཉམས་པ་དང ། མཚམས་མེད་པ་ལྔ་མི་བྱེད་པ་དང ། དགེ་འདུན་གྱི་ནོར་ལ་མི་སྤྱོད་པ་དང ། ལོག་སྲེག་ཅན་གྱི་ལས་མི་བྱེད་པ་དང ། དགེ་བའི་རྩ་བ་མི་གཅོད་པ་དང ། མྱ་ངན་ལས་འདས་པའི་མདོ་སྡེ་ལ་སོགས་པ་ལ་ཡིད་ཆེས་པ་ནི་ཕྱག་སྡེར་གྱི་སྟེང་གི་ས་དང་འདྲའོ། །ཚུལ་ཁྲིམས་ཉམས་ཤིང་ལེ་ལོ་བྱེད་པ་དང ། རྩ་བ་བཞི་ཉམས་པ་དང ། མཚམས་མེད་པ་ལྔའི་ཁ་ན་མ་ཐོ་བ་བྱེད་པ་དང ། དགེ་འདུན་གྱི་ནོར་ལ་ཐུགས་ཐུབ་ཏུ་སྤྱོད་པ་དང ། ལོག་སྲེད་ཅན་གྱི་ལས་བྱེད་པ་དང ། དགེ་བའི་རྩ་བ་གཅོ་
Kha301a
༄#། །པ་དང ། མདོ་སྡེ་འདི་ལ་ཡིད་མི་ཆེས་པ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་ས་དང་འདྲའོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་དབང་པོ་རབ་དང ། འབྲིང་དང ། ཐ་མ་ལ་ཤིན་ཏུ་མཁས་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་དབང་པོ་ལྔ་ལ་མཁས་པའི་སྟོབས་དང་ལྡན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བཅོམ་ལྡན་འདས་ནི་དབང་པོ་ལ་མཁས་པའི་སྟོབས་དང་ལྡན་པས་སེམས་ཅན་ཐམས་ཅད་ཀྱི་དབང་པོ་རབ་དང ། འབྲིང་དང ། ཐ་མ་དང ། རྣོ་རྟུལ་གྱི་ཁྱད་པར་ཀུན་མཁྱེན་ཏོ། །ད་ལྟར་གྱི་དུས་ཀྱི་སེམས་ཅན་རྣམས་ཀྱི་དབང་པོ་དང ། མ་འོངས་པའི་དུས་ཀྱི་སེམས་ཅན་གྱི་དབང་པོ་རྣམས་ཀྱང་མཁྱེན་ཏོ། །སེམས་ཅན་དེ་དག་ནི་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་འདི་སྐད་དུ་འཆད་དོ། །ལ་ལ་ནི་དེ་བཞིན་གཤེགས་པ་མཐའ་ཡུན་དུ་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་འཆད། ལ་ལ་ནི་མཐའ་ཡུན་དུ་ཡོངས་སུ་མྱ་ངན་ལས་མ་འདས་སོ་ཞེས་འཆད། ལ་ལ་ནི་བདག་མཆིས་སོ་ཞེས་འཆད། ལ་ལ་ནི་བདག་མ་མཆིས་སོ་ཞེས་འཆད། ལ་ལ་ནི་ལྔ་ཕུང་བར་མཆིས་པར་འཆད། ལ་ལ་ནི་ལྔ་ཕུང་བར་མ་མཆིས་པར་འཆད། ལ་ལ་ནི་སླར་ལྡོག་པར་མཆིས་པར་འཆད། ལ་ལ་ནི་སླར་ལྡོག་
Kha301b
པར་མ་མཆིས་པར་འཆད། ལ་ལ་ནི་དེ་བཞིན་གཤེགས་པའི་སྐུ་འདུས་བྱས་ལགས་པར་འཆད། ལ་ལ་ནི་དེ་བཞིན་གཤེགས་པའི་སྐུ་འདུས་མ་བྱས་སོ་ཞེས་འཆད། ལ་ལ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ལ་འདུས་བྱས་ཀྱི་ཆོས་སོ་ཞེས་འཆད། ལ་ལ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་འདུས་མ་བྱས་པར་འཆད། ལ་ལ་ནི་སེམས་རྟག་གོ་ཞེས་འཆད། ལ་ལ་ནི་སེམས་མི་རྟག་གོ་ཞེས་འཆད། ལ་ལ་ནི་འདོད་པ་ལྔའི་བདེ་བས་འཕགས་པའི་ལམ་སྒྲིབ་པར་འགྱུར་རོ་ཞེས་འཆད། ལ་ལ་ནི་མ་སྒྲིབ་བོ་ཞེས་འཆད། ལ་ལ་ནི་འཇིག་རྟེན་མཆོག་གི་ཆོས་ནི་འདོད་པའི་ཁམས་འབའ་ཞིག་གོ་ཞེས་འཆད། ལ་ལ་ནི་ཁམས་གསུམ་མོ་ཞེས་འཆད། ལ་ལ་ནི་སྦྱིན་པ་ནི་ཡིད་ཀྱི་ལས་འབའ་ཞིག་གོ་ཞེས་འཆད། ལ་ལ་ནི་ལྔ་ཕུང་ཉིད་དོ་ཞེས་འཆད། ལ་ལ་ནི་འདུས་མ་བྱས་པ་གསུམ་མཆིས་པར་འཆད། ལ་ལ་ནི་འདུས་མ་བྱས་པ་གསུམ་མ་མཆིས་པར་འཆད། ཡང་ལ་ལ་ནི་འདི་སྐད་དུ་གཟུགས་ནི་བྱས་པའོ་ཞེས་འཆད། ལ་ལ་ནི་གཟུགས་བྱས་པ་མ་མཆིས་པར་འཆད། ལ་ལ་ནི་བྱས་པ་མེད་པའི་གཟུགས་མཆིས་པར་འཆད། ལ་ལ་ནི་བྱས་པ་མེད་པའི་གཟུགས་མ་མཆིས་པར་འཆད། ལ་ལ་ནི་སེམས་ལས་བྱུང་བའི་ཆོས་མཆིས་པར་འཆད། ལ་ལ་ནི་སེམས་ལས་བྱུང་བའི་ཆོས་མ་མཆིས་པར་འཆད། ལ་ལ་ནི་སྲིད་པ་རྣམ་པ་ལྔ་མཆིས་པར་འཆད། ལ་ལ་ནི་སྲིད་པ་
Kha302a
༄#། །དྲུག་མཆིས་པ་འཆད། ལ་ལ་ནི་ཁྲིམས་བརྒྱད་དགེ་བསྙེན་གྱིས་ཡོངས་སུ་རྫོགས་པར་ནོད་དུ་རུང་བར་འཆད། ལ་ལ་ནི་ཡོངས་སུ་མ་རྫོགས་ཀྱང་ནོད་དུ་རུང་བར་འཆད། ལ་ལ་ནི་དགེ་སློང་གིས་རྩ་བ་བཞི་བཤིག་ཀྱང་དགེ་སློང་གི་ཁྲིམས་མཆིས་སོ་ཞེས་འཆད། ལ་ལ་ནི་མ་མཆིས་སོ་ཞེས་འཆད། ལ་ལ་ནི་རྒྱུན་དུ་ཞུགས་པ་དང ། ལན་གཅིག་ཕྱིར་ལྡོག་པ་དང ། ཕྱིར་མི་ལྡོག་པ་དང ། དགྲ་བཅོམ་པས་ཀྱང་མངོན་པར་བྱང་ཆུབ་བོ་ཞེས་འཆད། ལ་ལ་ནི་མངོན་པར་བྱང་མི་ཆུབ་བོ་ཞེས་འཆད། ལ་ལ་ནི་སངས་རྒྱས་ཀྱི་རང་བཞིན་སེམས་ཅན་ལ་མཆིས་པར་འཆད། ལ་ལ་ནི་སངས་རྒྱས་ཀྱི་རང་བཞིན་སེམས་ཅན་ལས་གཞན་པར་འཆད། ལ་ལ་ནི་རྩ་བ་བཞི་བཤིག་པ་དང ། མཚམས་མེད་པ་ལྔའི་ཁ་ན་མ་ཐོ་བ་བགྱིས་པ་དང ། ལོག་སྲེད་ཅན་ལ་སོགས་པ་ཀུན་ལའང་སངས་རྒྱས་ཀྱི་རང་བཞིན་མཆིས་སོ་ཞེས་འཆད། ལ་ལ་ནི་མ་མཆིས་སོ་ཞེས་འཆད། ལ་ལ་ནི་ཕྱོགས་བཅུའི་སངས་རྒྱས་མཆིས་སོ་ཞེས་འཆད། ལ་ལ་ནི་ཕྱོགས་བཅུའི་སངས་རྒྱས་མ་མཆིས་སོ་ཞེས་འཆད་ན། གལ་ཏེ་དེ་བཞིན་གཤེགས་པ་དབང་པོ་རྣམས་མཁྱེན་པའི་སྟོབས་དང་ལྡན་ན་ཅིའི་སླད་དུ་ངེས་པར་མ་གསུངས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་སྲུང་ལ་བཀའ་སྩལ་པ། རིགས་ཀྱི་བུ། དོན་འདི་ནི་མིག་
Kha302b
གི་རྣམ་པར་ཤེས་པས་ཤེས་པ་མ་ཡིན་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱིས་ཤེས་པ་མ་ཡིན་ཏེ། དེ་ནི་ཤེས་རབ་ཀྱིས་ཤེས་པར་ནུས་སོ། །གང་མཁས་པ་ཤེས་རབ་ཅན་ལ་ནི་ངས་ཀྱང་གཉིས་སུ་མ་གསུངས། དེས་ཀྱང་ངས་གཉིས་སུ་མ་གསུངས་པར་ཤེས་སོ། །གང་ཤེས་རབ་མེད་པ་ལ་ནི་མ་ངེས་པར་གསུངས་ཏེ། ཤེས་རབ་མེད་པ་དེས་ཀྱང་ངས་མ་ངེས་པར་གསུངས་པར་ཤེས་སོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའི་དགེ་བའི་ཆོས་ཐམས་ཅད་ནི་སེམས་ཅན་རྣམས་གདུལ་བའི་ཕྱིར་གསུངས་ཏེ། དཔེར་ན། སྨན་པ་མཁས་པ་ལ་སྨན་དཔྱད་ཡོད་དོ་ཅོག་ནི་ཀུན་ཀྱང་ནད་ཀྱིས་གདུངས་པ་ཐམས་ཅད་གསོ་བར་བྱེད་དོ། །རིགས་ཀྱི་བུ། སངས་རྒྱས་བཅོམ་ལྡན་འདས་ནི་ཞིང་གི་ཕྱིར། དུས་ཀྱི་ཕྱིར། གཞན་ལ་སྨྲ་བའི་ཕྱིར། ཕྱི་རོལ་པ་ལ་སྟོན་པའི་ཕྱིར། དབང་པོ་རྣམས་ཀྱི་ཕྱིར་ཆོས་རྣམ་པ་གཅིག་ལས་རྣམ་པ་གཉིས་སུ་འཆད། ཆོས་ཀྱི་མིང་གཅིག་ལ་མིང་གྲངས་མེད་པར་འཆད། དོན་གཅིག་ལས་མིང་གྲངས་མེད་པར་འཆད། དོན་གྲངས་མེད་པ་ལས་མིང་ཚད་མེད་པ་སྙེད་འཆད་དོ། །དེ་ལ་ཇི་ལྟར་ན་མིང་གཅིག་ལས་མིང་གྲངས་མེད་པར་འཆད་པ་ཞེ་ན། ཇི་ལྟར་ཡོངས་སུ་མྱ་ངན་ལས་འདས་པ་ལ་མྱ་ངན་ལས་འདས་པ་ཞེས་ཀྱང་བྱ། སྐྱེ་བ་མེད་པ་ཞེས་ཀྱང་བྱ། འབྱུང་བ་མེད་པ་ཞེས་ཀྱང་བྱ། བྱེད་པ་མེད་པ་ཞེས་ཀྱང་བྱ།
Kha303a
༄#། །འདུས་མ་བྱས་པ་ཞེས་ཀྱང་བྱ། སྐྱབས་སུ་འགྲོ་བ་ཞེས་ཀྱང་བྱ། གནས་དང་རྟེན་ཞེས་ཀྱང་བྱ། གནས་དང་རྟེན་ཞེས་ཀྱང་བྱ། རྣམ་པར་གྲོལ་བ་ཞེས་ཀྱང་བྱ། འོད་སྣང་བ་ཞེས་ཀྱང་བྱ།་སྒྲོན་མ་ཞེས་ཀྱང་བྱ། མཐར་ཕྱིན་པ་ཞེས་ཀྱང་བྱ། འཇིག་པ་མེད་པ་ཞེས་ཀྱང་བྱ། ལྡོག་པ་མེད་པ་ཞེས་ཀྱང་བྱ། བདེ་བའི་གནས་ཞེས་ཀྱང་བྱ། ཞི་བ་ཞེས་ཀྱང་བྱ། མཚན་ཉིད་མེད་པ་ཞེས་ཀྱང་བྱ། གཉིས་སུ་མེད་པ་ཞེས་ཀྱང་བྱ། སྤྱོད་པ་གཅིག་པ་ཞེས་ཀྱང་བྱ། ཡོངས་སུ་བསིལ་བ་ཞེས་ཀྱང་བྱ། མུན་པ་མེད་པ་ཞེས་ཀྱང་བྱ། ཐོགས་པ་མེད་པ་ཞེས་ཀྱང་བྱ།་རྩོད་པ་མེད་པ་ཞེས་ཀྱང་བྱ། ཡངས་པ་ཆེན་པོ་ཞེས་ཀྱང་བྱ། ཟིལ་མངར་ཞེས་ཀྱང་བྱ། བཀྲ་ཤིས་པ་ཞེས་ཀྱང་བྱ་སྟེ། དེ་ནི་མིང་གཅིག་ལས་མིང་གྲངས་མེད་པར་འབྱེད་པའོ། །དེ་ལ་ཇི་ལྟར་ན་དོན་གཅིག་ལས་མིང་གྲངས་མེད་པ་འཆད་པ་ཞེ་ན། དཔེར་ན། བརྒྱ་བྱིན་ནི་བརྒྱ་བྱིན་ཞེས་ཀྱང་བྱ། །ཀཽ་ཤི་ཀ་ཞེས་ཀྱང་བྱ། བ་ཙ་པ་ཞེས་ཀྱང་བྱ། བུ་རན་ད་ར་ཞེས་ཀྱང་བྱ། མ་ཀ་བ་པ་ཞེས་ཀྱང་བྱ། ཨིནྡྲ་ཞེས་ཀྱང་བྱ། སྤྱན་སྟོང་པ་ཞེས་ཀྱང་བྱ། ཡིད་འཕྲོག་གི་ཁྱོ་ཞེས་ཀྱང་བྱ། རྡོ་རྗེ་ཞེས་ཀྱང་བྱ། རིན་པོ་ཆེའི་གཙུག་ཅེས་ཀྱང་བྱ།་རིན་པོ་ཆེའི་རྒྱལ་མཚན་ཞེས་ཀྱང་བྱ། དེ་ནི་དོན་གཅིག་ལས་མིང་གྲངས་མེད་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་དོན་གྲངས་མེད་པ་ལས་མིང་གྲངས་མེད་པར་འཆད་པ་ཞེ་ན།
Kha303b
དཔེར་ན། སངས་རྒྱས་བཅོམ་ལྡན་འདས་དང་མཚུངས་ཏེ། དེ་བཞིན་གཤེགས་པ་ཞེས་ཀྱང་བྱ་ལ། དོན་ཐ་དད་ཅིང་མིང་ཡང་ཐ་དད་པ་དང ། དགྲ་བཅོམ་པ་ཞེས་ཀྱང་བྱ། དོན་ཐ་དད་ཅིང་མིང་ཡང་ཐ་དད་པ་དང ། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་ཀྱང་བྱ་སྟེ། དོན་ཐ་དད་ཅིང་མིང་ཡང་ཐ་དད་པ་དང ། གྲུ་མཁན་ཞེས་ཀྱང་བྱ། དེད་དཔོན་ཞེས་ཀྱང་བྱ། སངས་རྒྱས་ཞེས་ཀྱང་བྱ། མཁྱེན་པ་དང་ཞབས་སུ་ལྡན་པ་ཞེས་ཀྱང་བྱ། སེང་གེའི་རྒྱལ་པོ་ཞེས་ཀྱང་བྱ། དགེ་སྦྱོང་ཞེས་ཀྱང་བྱ། བྲམ་ཟེ་ཞེས་ཀྱང་བྱ། ཞི་བ་ཞེས་ཀྱང་བྱ། སྦྱིན་བདག་ཅེས་ཀྱང་བྱ། ཕ་རོལ་ཏུ་ཕྱིན་པ་ཞེས་ཀྱང་བྱ། སྨན་པའི་རྒྱལ་པོ་ཆེན་པོ་ཞེས་ཀྱང་བྱ། བལ་གླང་གི་རྒྱལ་པོ་ཆེན་པོ་ཞེས་ཀྱང་བྱ། ཀླུའི་རྒྱལ་པོ་ཆེན་པོ་ཞེས་ཀྱང་བྱ། མིག་སྦྱིན་པ་ཞེས་ཀྱང་བྱ།་སྟོབས་པོ་ཆེ་ཞེས་ཀྱང་བྱ། མི་འཇིགས་པ་ཆེན་པོ་ཞེས་ཀྱང་བྱ། རིན་པོ་ཆེའི་ཚོགས་ཞེས་ཀྱང་བྱ། ཚོང་དཔོན་ཞེས་ཀྱང་བྱ། རྣམ་པར་གྲོལ་བ་ཐོབ་པ་ཞེས་ཀྱང་བྱ། སྐྱེས་བུ་ཆེན་པོ་ཞེས་ཀྱང་བྱ། ལྷ་དང་མིའི་སྟོན་པ་ཞེས་ཀྱང་བྱ། པུཎྜ་རི་ཀ་ཆེན་པོ་ཞེས་ཀྱང་བྱ། གཅིག་པུ་གྲོགས་མེད་པ་ཞེས་ཀྱང་བྱ། བསོད་ནམས་ཀྱི་ཞིང་ཆེན་པོ་ཞེས་ཀྱང་བྱ། ཤེས་རབ་རྒྱ་མཚོ་ཞེས་ཀྱང་བྱ། མཚན་ཉིད་མེད་པ་ཞེས་ཀྱང་བྱ། ཡེ་ཤེས་བརྒྱད་དང་ལྡན་པ་ཞེས་ཀྱང་བྱ་སྟེ། དེ་དག་ཐམས་ཅད་ཀྱང་དོན་ཐ་དད་ཅིང་མིང་ཐ་དད་དོ། །རིགས་ཀྱི་བུ། འདི་ནི་དོན་གྲངས་
Kha304a
༄#། །མེད་པ་ལས་མིང་གྲངས་མེད་པར་འཆད་པ་ཞེས་བྱའོ། །གཞན་ཡང་དོན་རྣམ་པ་གཅིག་ལས་མིང་གྲངས་མེད་པར་འཆད་པ་ཡོད་དེ། གང་ཞེ་ན། དཔེར་ན། ཕུང་པོ་ལ་ཕུང་པོ་ཞེས་ཀྱང་བྱ། ཕྱིན་ཅི་ལོག་པ་ཞེས་ཀྱང་བྱ། བདེན་པ་ཞེས་ཀྱང་བྱ། དྲན་པ་ཉེ་བར་བཞག་པ་བཞི་ཞེས་ཀྱང་བྱ། ཟས་རྣམ་པ་བཞི་ཞེས་ཀྱང་བྱ།་རྣམ་པར་ཤེས་པ་བཞིའི་གནས་ཞེས་ཀྱང་བྱ། འདུས་བྱས་ཞེས་ཀྱང་བྱ། ལམ་ཞེས་ཀྱང་བྱ། འདུ་ཤེས་ཞེས་ཀྱང་བྱ། སེམས་ཅན་ཞེས་ཀྱང་བྱ། ཀུན་རྫོབ་ཅེས་ཀྱང་བྱ། དོན་དམ་པ་ཞེས་ཀྱང་བྱ། ལུས་དང་ཚུལ་ཁྲིམས་དང་སེམས་སྒོམ་པ་ཞེས་ཀྱང་བྱ། རྒྱུ་དང་འབྲས་བུ་ཞེས་ཀྱང་བྱ། ཉོན་མོངས་པ་ཞེས་ཀྱང་བྱ། རྣམ་པར་གྲོལ་བ་ཞེས་ཀྱང་བྱ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ཞེས་ཀྱང་བྱ། ཉན་ཐོས་དང་རང་སངས་རྒྱས་ཞེས་ཀྱང་བྱ། སེམས་ཅན་དམྱལ་བ་དང ། ཡི་དྭགས་དང ། བྱོལ་སོང་དང ། མི་དང ། ལྷ་ཞེས་ཀྱང་བྱ། འདས་པ་དང ། མ་འོངས་པ་དང ། ད་ལྟར་ཞེས་ཀྱང་བྱ་སྟེ། དེ་ནི་དོན་གཅིག་ལས་མིང་གྲངས་མེད་པར་འཆད་པའོ། །རིགས་ཀྱི་བུ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་ཕྱིར་རྒྱས་པ་ལས་མདོར་བསྡུས་ཏེ་བཤད། མདོར་བསྡུས་པ་ལས་\?\་རྒྱས་པར་འཆད། དོན་དམ་པ་ནི་ཀུན་རྫོབ་ཏུ་འཆད། ཀུན་རྫོབ་ཀྱི་ཆོས་
Kha304b
ནི་དོན་དམ་པར་འཆད་དོ། །དེ་ལ་ཇི་ལྟར་ན་རྒྱས་པ་ལས་མདོར་བསྡུས་ཏེ་བཤད་པ་ཞེ་ན། དཔེར་ན། དགེ་སློང་དག་ལ་ངས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་བཤད་པ་བཞིན་ཏེ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། རྒྱུ་དང་འབྲས་བུའོ་ཞེས་གསུངས་པའོ། །དེ་ལ་ཇི་ལྟར་ན་མདོར་བསྡུས་པ་ལས་རྒྱས་པར་འཆད་པ་ཞེ་ན། དཔེར་ན།་དགེ་སློང་དག་ལ་ངས་དེང་སྡུག་བསྔལ་དང ། ཀུན་འབྱུང་བ་དང ། འགོག་པ་དང ། ལམ་བཤད་པ་བཞིན་ཏེ། དེ་ལ་སྡུག་བསྔལ་ནི་འདི་ལྟ་སྟེ། སྡུག་བསྔལ་ཚད་མེད་པ་རྣམས་སོ། །ཀུན་འབྱུང་བ་ནི་འདི་ལྟ་སྟེ། ཉོན་མོངས་པ་ཚད་མེད་པ་རྣམས་སོ། །འགོག་པ་ནི་འདི་ལྟ་སྟེ། རྣམ་པར་གྲོལ་བ་ཚད་མེད་པ་རྣམས་སོ། །ལམ་ནི་འདི་ལྟ་སྟེ། ཐབས་མཁས་པ་ཚད་མེད་པའོ། །དེ་ལ་ཇི་ལྟར་ན་དོན་དམ་པ་ལ་ཀུན་རྫོབ་ཏུ་འཆད་པ་ཞེ་ན། དཔེར་ན། དགེ་སློང་དག་ལ་ངའི་སྐུ་འདི་རྒས་པ་དང ། ན་བ་དང ། འཆི་བ་ཡོད་དོ་ཞེས་བཀའ་སྩལ་པའོ། ། དེ་ལ་ཇི་ལྟར་ན་ཀུན་རྫོབ་ལ་དོན་དམ་པར་བཤད་པ་ཞེ་ན། དཔེར་ན། ཀཽཎྜི་ཎྱ་ལ་ཁྱོད་ཆོས་ཀྱི་དོན་ཐོབ་པས། ཀཽཎྜི་ཎྱ་ཞེས་གདགས་སོ་ཞེས་བྱ་བ་དང་མཚུངས་ཏེ། གང་ཟག་ཇི་ལྟ་བ་དང ། ཡིད་ཇི་ལྟ་བ་དང ། དུས་ཇི་ལྟ་བ་ཤེས་པའི་ཕྱིར་དེ་བཞིན་གཤེགས་པ་ནི་དབང་པོ་རྣམས་མཁྱེན་པའི་སྟོབས་དང་ལྡན་པ་ཞེས་བྱའོ། །རིགས་ཀྱི་བུ། གལ་ཏེ་ངས་དེ་ལྟ་བུའི་
Kha305a
༄#། །དོན་དེ་དག་ལ་ངེས་པར་བཤད་ན་ང་ལ་དེ་བཞིན་གཤེགས་པ་དབང་པོ་རྣམས་མཁྱེན་པའི་སྟོབས་དང་ལྡན་པ་ཞེས་བྱ་བར་མི་འགྱུར་རོ། །རིགས་ཀྱི་བུ། མཁས་པ་དག་ནི་སྤོས་ཀྱི་བལ་གླང་དག་གི་ཁལ་ནི་བོང་བུས་ཐེག་པ་མ་ཡིན་པར་ཤེས་སོ། །སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་གྲངས་མེད་དེ། དེ་བས་ན་དེ་བཞིན་གཤེགས་པས་ཆོས་གྲངས་མེད་པ་རྣམ་པ་སྣ་ཚོགས་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ལ་ཉོན་མོངས་པ་རྣམ་པ་མང་པོ་ཡོད་པའི་ཕྱིར་རོ། །གལ་ཏེ་དེ་བཞིན་གཤེགས་པས་སྤྱོད་པ་གཅིག་ཏུ་བཤད་ན་དེ་བཞིན་གཤེགས་པ་དབང་པོ་རྣམས་མཁྱེན་པའི་སྟོབས་དང་ལྡན་པ་ཞེས་མི་བྱའོ། །དེ་བས་ན་ངས་མདོ་སྡེ་གཞན་དག་ལས་སེམས་ཅན་རྣམ་པ་ལྔས་པ་ཆོས་རྣམ་པ་ལྔ་སྟོན་པར་མི་རུང་ངོ་ཞེས་བཤད་དེ། དེ་ལ་མ་དད་པ་ལ་ནི་ཡང་དག་པའི་དད་པར་མི་བསྔགས། ཚུལ་ཁྲིམས་ངན་པ་ཅན་ལ་ནི་ཚུལ་ཁྲིམས་སྡོམ་པར་མི་བསྔགས། སེར་སྣ་ཅན་ལ་ནི་སྦྱིན་པར་མི་བསྔགས། ལེ་ལོ་ཅན་ལ་ནི་མང་དུ་ཐོས་པར་མི་བསྔགས། གཏི་མུག་ཅན་ལ་ཤེས་རབ་མི་བསྔགས་སོ། །དེ་ཅིའི་ཕྱིར་ཞེ་ན། མཁས་པ་དག་གིས་གལ་ཏེ་གང་ཟག་རྣམ་པ་དེ་ལྔ་ལ་དངོས་པོ་དེ་ལྔ་བཤད་ན་བཤད་པ་དེ་ཉིད་དབང་པོ་རྣམས་ཤེས་པའི་སྟོབས་དང་ལྡན་པ་ཞེས་ཀྱང་མི་བྱ་ལ། སེམས་ཅན་ལ་སྙིང་བརྩེ་བ་ཞེས་
Kha305b
ཀྱང་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་དེ་ལྔས་དངོས་པོ་དེ་ལྔ་ཐོས་ནས་མ་དད་པའི་སེམས་དང ། ངན་སེམས་དང ། ཁྲོ་སེམས་སྐྱེས་ཏེ། དེའི་རྒྱུ་དེའི་རྐྱེན་གྱིས་ཚེ་རབས་ཚད་མེད་པའི་བར་དུ་སྡུག་བསྔལ་གྱི་འབྲས་བུ་རྣམ་པར་སྨིན་པར་འགྱུར་ཏེ། དེ་བས་ན་སེམས་ཅན་ལ་སྙིང་བརྩེ་བ་དང ། དབང་པོ་རྣམས་ཤེས་པའི་སྟོབས་དང་ལྡན་པ་ཞེས་མི་བྱ་སྟེ། དེའི་ཕྱིར་ངས་སྔར་མདོ་སྡེ་གཞན་ལས་ཤཱ་རིའི་བུ་ལ་འདི་སྐད་དུ་ཁྱོད་དབང་པོ་རྣོན་པོ་ལ་ནི་ཆོས་རྒྱས་པར་མ་འཆད་ཅིག་།དབང་པོ་རྟུལ་པོ་ལ་ནི་ཆོས་མདོར་བསྡུས་ཏེ་མ་འཆད་ཅིག་།ཅེས་བཀའ་སྩལ་ནས་ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། བདག་ནི་སྙིང་བརྩེ་བའི་ཕྱིར་བཤད་པར་བས་ཀྱི། དབང་པོ་ཤེས་པའི་སྟོབས་དང་ལྡན་པས་བཤད་པ་ནི་མ་ལགས་སོ་ཞེས་བྱ་བ་ཡིན་ནོ། །རིགས་ཀྱི་བུ། ཆོས་རྒྱས་པ་དང་མདོར་བསྡུས་ཏེ་བཤད་པ་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་པ་མ་ཡིན་ནོ། །རིགས་ཀྱི་བུ་ཁྱོད་ཀྱིས་སྨྲས་པ་ལྟར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཉེ་གནས་རྣམས་སོ་སོ་ནས་ཐ་དད་པར་འཆད་དོ་ཞེས་བྱ་བ་དེ་དག་ནི་ཕྱིན་ཅི་ལོག་གི་རྒྱུས་ཡང་དག་པའི་ལྟ་བ་མ་ཐོབ་སྟེ། དེ་བས་ན་བདག་དང་གཞན་ལ་ཕན་པར་མི་ནུས་སོ། །རིགས་ཀྱི་བུ། སེམས་ཅན་དེ་དག་ནི་རང་བཞིན་གཅིག་པའམ། སྤྱོད་པ་གཅིག་པའམ། དབང་པོ་གཅིག་པའམ། ཡུལ་
Kha306a
༄#། །གཅིག་པའམ། དགེ་བའི་བཤེས་གཉེན་གཅིག་པ་མ་ཡིན་ཏེ། དེ་བས་ན་དེ་བཞིན་གཤེགས་པས་དེ་དག་ལ་ཆོས་ཀྱི་རྣམ་གྲངས་རྣམ་པ་སྣ་ཚོགས་བསྟན་པ་ཡིན་ཏེ། དེའི་རྒྱུ་དེའི་རྐྱེན་གྱིས་ཕྱོགས་བཅུ་ན་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་སེམས་ཅན་གྱི་ཕྱིར་མདོ་སྡེ་སྡེ་བཅུ་གཉིས་འབྱེད་ཅིང་སྟོན་པ་ཡིན་ནོ། །རིགས་ཀྱི་བུ།་དེ་བཞིན་གཤེགས་པས་མདོ་སྡེ་སྡེ་བཅུ་གཉིས་གསུངས་པ་འདི་བདག་ལ་ཕན་པ་ནི་མ་ཡིན་གྱི། གཞན་ལ་ཕན་པའི་ཕྱིར་ཏེ། དེ་བས་ན་དེ་བཞིན་གཤེགས་པའི་སྟོབས་ལྔ་པོ་ནི་མཁྱེན་པའི་སྟོབས་ཞེས་བྱའོ། །སྟོབས་རྣམ་པ་དེ་གཉིས་ཀྱི་ཕྱིར་དེ་བཞིན་གཤེགས་པས་འདི་ནི་ཚེ་འདི་ལ་དགེ་བའི་རྩ་བ་གཅོད་པ་དང ། འདི་ནི་ཚེ་ཕྱི་མ་ལ་དགེ་བའི་རྩ་བ་གཅོད་པ་དང ། འདི་ནི་ཚེ་འདི་ལ་རྣམ་པར་གྲོལ་བ་ཐོབ་པ་དང ། འདི་ནི་ཚེ་ཕྱི་མ་ལ་རྣམ་པར་གྲོལ་བ་ཐོབ་པར་འགྱུར་བ་རབ་ཏུ་རྟོགས་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་བླ་ན་མེད་པའི་སྟོབས་པོ་ཆེ་ཞེས་བྱའོ། །རིགས་ཀྱི་བུ། གང་གིས་འདི་སྐད་དུ་དེ་བཞིན་གཤེགས་པ་ནི་མཐའ་ཡུན་དུ་མྱ་ངན་ལས་འདས་པ་དང ། མཐའ་ཡུན་དུ་མྱ་ངན་ལས་མི་འདའོ་ཞེས་སྨྲ་བ་དེ་ནི་དེ་བཞིན་གཤེགས་པའི་དགོངས་པ་མི་ཤེས་པའི་ཕྱིར་དེ་སྐད་ཅེས་སྨྲའོ། །རིགས་ཀྱི་བུ། རི་སྤོས་ཀྱི་ངད་ཅན་ལ་དྲང་སྲོང་ལྔ་ཁྲི་སུམ་སྟོང་རྣམས་འཁོད་དོ། །དེ་དག་ཀུན་ཀྱང་
Kha306b
འདས་པའི་དུས་ན་སངས་རྒྱས་འོད་སྲུང་ལས་དགེ་བའི་རྩ་བ་བསྐྱེད་པ་ལས། ཡང་དག་པའི་ལམ་དང ། སངས་རྒྱས་རྣམས་བསྙེན་བཀུར་བ་དང ། དམ་པའི་ཆོས་མཉན་པར་མ་གྱུར་ཏེ། དེ་བཞིན་གཤེགས་པས་དྲང་སྲོང་དེ་དག་གི་ཕྱིར་དགའ་བོ་ལ་ང་ད་སྟེ་ཟླ་བ་གསུམ་འདས་ནས་ཡོངས་སུ་མྱ་ངན་ལས་འདའོ་ཞེས་བཀའ་སྩལ་ཏོ། །ལྷ་རྣམས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་ནས། དེ་སྐད་དུ་གཅིག་ནས་གཅིག་ཏུ་གྲགས་ཏེ། རི་སྤོས་ཀྱི་ངད་ཅན་དུ་གྲགས་པར་གྱུར་ཏོ། །དྲང་སྲོང་རྣམས་ཀྱིས་ཐོས་ནས་རབ་ཏུ་འགྱོད་པའི་སེམས་སྐྱེས་ཏེ་འདི་སྐད་ཅེས་སྨྲས་སོ། །ཅིའི་ཕྱིར་བདག་ཅག་མིར་སྐྱེས་ལ་སངས་རྒྱས་ལ་བསྙེན་བཀུར་མི་བྱ། སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་འབྱུང་བར་རབ་ཏུ་དཀའ་བ་ནི་ཇི་ལྟར་ཨུ་དུམྦ་རའི་མེ་ཏོག་བཞིན་ནོ། །བདག་ཅག་དེང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདོང་ལ། དམ་པའི་ཆོས་མཉན་པར་བྱའོ་ཞེས་སྨྲས་པར་གྱུར་ཏོ། །རིགས་ཀྱི་བུ། དེའི་ཚེ་དྲང་སྲོང་ལྔ་ཁྲི་སུམ་སྟོང་རྣམས་ངའི་སྤྱན་སྔར་ལྷགས་ཏེ། ངས་དེའི་ཚེ་དེ་དག་ལ་ཇི་ལྟ་ཇི་ལྟ་བ་དེ་ལྟ་དེ་ལྟར་ཆོས་བསྟན་ཏོ། །ཀྱེ་སྐྱེས་བུ་ཆེན་པོ་དག་།གཟུགས་ནི་མི་རྟག་པའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་རྒྱུ་དང་རྐྱེན་མི་རྟག་པའི་ཕྱིར་རོ། །མི་རྟག་པའི་རྒྱུ་ལས་གཟུགས་སྐྱེས་ན་གཟུགས་ལ་རྟག་པ་ཞེས་བྱ་བར་རུང་ངམ། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུའང་རྒྱས་པར་རིག་པར་བྱའོ། །
Kha307a
༄#། །དེ་ནས་དྲང་སྲོང་དེ་ཆོས་དེ་དག་ཐོས་ནས་མོད་ལ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །རིགས་ཀྱི་བུ། གྲོང་ཁྱེར་རྩཝ་མཆོག་ན་གྱད་སྟོབས་པོ་ཆེ་སྟོང་ཕྲག་སུམ་ཅུ་སྙེད་ཡོད་པ་གཞན་གྱི་དབང་དུ་མ་གྱུར་ཏེ། གཟུགས་དང ། སྟོབས་དང ། ཆེ་དང ། ནོར་སྙེམས་ཤིང་དྲེགས་པས་རབ་ཏུ་མྱོས་སོ། །རིགས་ཀྱི་བུ། ང་སྟོབས་པོ་ཆེ་དེ་དག་གདུལ་བའི་ཕྱིར་མཽངྒལ་གྱི་བུ་ལ་ཁྱོད་སྟོབས་པོ་ཆེ་དེ་དག་ཐུལ་ཅིག་ཅེས་བཀའ་སྩལ་ཏོ། །དེ་ནས་མཽངྒལ་གྱི་བུས་ངའི་བཀའ་བཞིན་དུ་ལོ་ལྔའི་བར་དུ་ཐབས་རྣམ་པ་སྣ་ཚོགས་ཀྱིས་བཏུལ་ན།་སྟོབས་པོ་ཆེ་གཅིག་ཀྱང་ཆོས་མཉན་པའམ་ཐུལ་བར་མ་གྱུར་ཏོ། །དེ་ནས་ངས་སྟོབས་པོ་ཆེ་དེ་དག་གི་ཕྱིར་དགའ་བོ་ལ་ང་ད་སྟེ་ཟླ་བ་གསུམ་ན་ཡོངས་སུ་མྱ་ངན་ལས་འདའོ་ཞེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། སྟོབས་པོ་ཆེ་དེ་དག་དེ་སྐད་ཅེས་བཀའ་སྩལ་པ་ཐོས་ནས་འདུས་ཏེ་ལམ་འཆོས་སོ། །ཟླ་བ་གསུམ་འདས་ནས་ང་དེའི་ཚེ་ཡུལ་ཡངས་པ་ཅན་ནས་གྲོང་ཁྱེར་རྩཝ་མཆོག་ཏུ་གཤེགས་ཏེ་ལམ་ཕྱེད་ཙམ་དུ་ཕྱིན་པ་དང ། རྒྱང་ནས་སྟོབས་པོ་ཆེ་རྣམས་མཐོང་ནས་དགེ་སློང་གི་གཟུགས་ཤིག་ཏུ་སྤྲུལ་ཏེ། སྟོབས་པོ་ཆེ་ཐམས་ཅད་ཀྱི་ནང་དུ་སོང་ནས་འདི་སྐད་ཅེས་སྨྲས་སོ། །བུས་པ་དག་།ཁྱེད་ཅག་ཅི་ཞིག་བྱེད། སྟོབས་པོ་ཆེ་རྣམས་དེ་སྐད་ཅེས་སྨྲས་པ་ཐོས་ནས། ཐམས་ཅད་ཁྲོས་ཏེ། འདི་སྐད་དུ་དགེ་སློང་ཁྱོད་
Kha307b
ཇི་སྟེ་ངེད་ལ་བུས་པ་ཞེས་ཟེར། ངས་སྨྲས་པ། ཁྱེད་བུས་པ་ཡིན་མོད། སྟོང་ཕྲག་སུམ་ཅུ་སྙེན་འདུས་ཏེ་སྟོབས་ཅི་ཡོད་པ་གཏུགས་ཀྱང་རྡོ་ཆུང་ངུ་འདི་ཙམ་ཞིག་བསྐྱོད་མི་ནུས་ན་བུས་པ་ཞེས་བྱ་མི་རུང་ངམ། སྟོབས་པོ་ཆེ་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱིས་ངེད་ལ་བུས་པ་ཞེས་ཟེར་ན་ཁྱོད་ནི་མི་ཆེན་པོ་ཡིན་པར་ཤེས་སོ། །རིགས་ཀྱི་བུ། ངས་དེའི་ཚེ་ཞབས་ཀྱི་སོར་མོ་གཉིས་ཀྱི་རྡོ་དེ་ཕྱུང་ངོ ། །སྟོབས་པོ་ཆེ་དག་དེ་ལྟ་བུའི་དངོས་པོ་མཐོང་ནས་བདག་ཉིད་ཀྱི་ལུས་ལ་ཞན་པ། དམའ་བ། ཁོ་རེ་ཆུང་བའི་འདུ་ཤེས་བསྐྱེད་ནས་ཡང་འདི་སྐད་ཅེས་སྨྲས་སོ། ། དགེ་སློང་ཁྱོད་རྡོ་འདི་ལམ་གྱི་གཡས་གཡོན་དུ་དོར་ནུས་སམ། ངས་སྨྲས་པ། བུས་པ་དག་།ཅིའི་ཕྱིར་ཁྱེད་རྣམས་ལམ་འདི་འཆོས། སྟོབས་པོ་ཆེ་རྣམས་ཀྱིས་སྨྲས་པ། དགེ་སློང་ཁྱོད་མི་ཤེས་སམ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་ལམ་འདིར་བྱུང་སྟེ། སཱ་ལའི་ཚལ་དུ་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་པས་དེའི་རྒྱུ་དེའི་རྐྱེན་གྱིས་ངེད་ལམ་འཆོས་སོ། །དེ་ནས་ངས་ལེགས་སོ། །ལེགས་སོ་ཞེས་བསྟོད་ནས། བུས་པ་ཁྱེད་དེ་ལྟར་དགེ་བའི་སེམས་བསྐྱེད་ན། ངས་ཁྱེད་ཀྱི་ཕྱིར་རྡོ་འདི་མེད་པར་བྱའོ་ཞེས་སྨྲས་ནས་ལག་པས་བླངས་ཏེ་སྲིད་པའི་རྩེ་མོ་ལ་ཐུག་པར་འཕངས་སོ། །དེ་ནས་སྟོབས་པོ་ཆེ་དེ་དག་རྡོ་བ་ནམ་མཁའ་ལ་ཐུག་པ་མཐོང་ནས་ཐམས་ཅད་འཇིགས་སྐྲག་སྟེ། ཕྱོགས་
Kha308a
༄#། །བཞིར་བྲོས་པ་ལས་ངས་འདི་སྐད་དུ་སྟོབས་པོ་ཆེ་དག་ཁྱེད་འཇིགས་ཤིང་སྐྲག་པའི་སེམས་མ་བསྐྱེད་པར་སོ་སོར་མ་བྲོས་ཤིག་ཅེས་སྨྲས་སོ། །སྟོབས་པོ་ཆེ་རྣམས་ཀྱིས་སྨྲས་པ། དགེ་སློང ། གལ་ཏེ་བདག་ཅག་གི་སྐྱབས་བྱ་ན་བདག་ཅག་བདེ་བར་མཆིས་སོ། །དེ་ནས་ངས་ལག་པས་མེ་ལོང་དུ་བླངས་ནས་ལག་པ་གཡས་པར་བཞག་གོ་།སྟོབས་པོ་ཆེ་རྣམས་ཀྱིས་མཐོང་ནས་དགའ་བའི་སེམས་སྐྱེས་ཏེ། ཡང་འདི་སྐད་ཅེས་སྨྲས་སོ། །དགེ་སློང ། རྡོ་འདི་རྟག་པའམ། མི་རྟག་པ་ལགས། ངས་དེ་ནས་ཁའི་དབུགས་ཀྱིས་བུས་པ་ཙམ་གྱིས་རྡོ་བ་དེ་རྡུལ་བཞིན་དུ་བྱས་སོ། །སྟོབས་པོ་ཆེ་རྣམས་ཀྱིས་དེ་ལྟ་བུ་དག་མཐོང་ནས་དགེ་སློང་དེ་ལ་རྡོ་འདི་ནི་མི་རྟག་པའོ་ཞེས་སྨྲས་ནས། ངོ་ཚ་ཞིང་རབ་ཏུ་འགྱོད་པའི་སེམས་སྐྱེས་ནས་ཅིའི་ཕྱིར་བདག་ཅག་གཟུགས་དང ། སྟོབས་དང ། ཚེ་དང ། ནོར་སྙེམས་ཏེ་རྒྱགས་ཤིང་དྲེགས་པའི་སེམས་བསྐྱེད་ཅེས་གནོང་བར་གྱུར་ཏོ། །ངས་དེ་དག་གི་སེམས་ཤེས་ནས་ལུས་སྤྲུལ་པ་བཏང་སྟེ། གཟུགས་ཐ་མལ་བར་བྱས་ནས་ཆོས་བསྟན་ཏོ། །སྟོབས་པོ་ཆེ་རྣམས་ཀྱིས་མཐོང་ནས་ཐམས་ཅད་ཀྱང་བྱང་ཆུབ་ཏུ་སེམས་སྐྱེས་སོ། །རིགས་ཀྱི་བུ། རྩཝ་མཆོག་གི་གྲོང་ཁྱེར་ན་ལག་བཟོ་ཙུནད་ཞེས་བྱ་བ་ཞིག་སྔོན་སངས་རྒྱས་འོད་སྲུང་ལ་ཡི་དམ་ཆེན་པོ་བཅས་ཏེ། དེ་བཞིན་
Kha308b
གཤེགས་པ་ཤཱཀྱ་ཐུབ་པ་ཡོངས་སུ་མྱ་ངན་ལས་འདའ་བ་ན་བདག་ནང་གི་ཐ་མར་མཆོད་པ་དབུལ་ལོ་ཞེས་སྨོན་ལམ་བཏབ་སྟེ། དེ་བས་ན་ངས་གྲོང་ཁྱེར་ཡངས་པ་ཅན་ན་དགེ་སློང་ཨུ་པ་མ་ན་བོས་ཏེ། རིགས་ཀྱི་བུ། ཟླ་བ་གསུམ་འདས་ནས་ང་གྲོང་ཁྱེར་རྩཝ་མཆོག་སཱ་ལའི་ཤིང་དྲུང་དུ་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་ཀྱི། ཁྱོད་ཙུནད་སྦྲོན་ལ་ཤེས་པར་གྱིས་ཤིག།་རིགས་ཀྱི་བུ། རྒྱལ་པོའི་ཁབ་ན་དྲང་སྲོང་ལྔ་མངོན་པར་ཤེས་པ་སུ་བྷ་དྲ་ཞེས་བྱ་བ་ལོ་བརྒྱ་ཉི་ཤུ་ལོན་པ་ཞིག་རྟག་ཏུ་བདག་ནི་ཐམས་ཅད་མཁྱེན་པའོ་ཞེས་སྒྲོགས་ཤིང་ང་རྒྱལ་ཆེན་པོ་བསྐྱེད་དོ། །དེ་འདས་པའི་དུས་ན་སངས་རྒྱས་ཚད་མེད་པ་ལ་དགེ་བའི་རྩ་བ་རྣམས་བསྐྲུན་པ་ཞིག་ཡིན་ཏེ། ངས་དེ་གདུལ་བའི་ཕྱིར་དགའ་བོ་ལ་ང་ཟླ་བ་གསུམ་འདས་ནས་ཡོངས་སུ་མྱ་ངན་ལས་འདའོ་ཞེས་བཀའ་སྩལ་ཏོ། །སུ་བྷ་དྲས་ཐོས་ནས་ང་གང་ན་བར་འོངས་ཏེ། དད་པ་དང་བཀུར་སྟིའི་སེམས་བསྐྱེད་དོ། །ངས་དེ་ལ་ཆོས་རྣམ་པ་སྣ་ཚོགས་བསྟན་ནས་དེ་ཐོས་པ་དང་ཟག་པ་མེད་པ་ཐོབ་པར་གྱུར་ཏོ། །རིགས་ཀྱི་བུ། རྒྱལ་པོ་གཟུགས་ཅན་སྙིང་པོའི་བུ་མ་སྐྱེས་དགྲ་ལས་ངན་པའི་རྐྱེན་གྱིས་ངན་སེམས་སྐྱེས་ཏེ། རྒྱལ་པོ་ཕབ་བསད་པར་བྱས་པ་ལས་སྐབས་མ་རྙེད་དོ། །ལྷ་སྦྱིན་མ་རུངས་པ་དེའང་སྔོན་གྱི་ལས་ཀྱི་རྐྱེན་གྱིས་ང་ལ་མི་དགེ་བའི་སེམས་སྐྱེས་ནས་ང་ལ་གནོད་པར་བྱ་བའི་ཕྱིར་མངོན་པར་ཤེས་པ་ལྔ་
Kha309a
༄#། །བསྒོམས་ཏེ་རིང་པོར་མ་ཐོགས་པར་ཐོབ་ནས་རྒྱལ་བུ་མ་སྐྱེས་དགྲ་དང་གྲོགས་པོ་མཛའ་བོར་འཐམས་ནས་རྒྱལ་བུའི་ཕྱིར་རྫུ་འཕྲུལ་རྣམ་པ་སྣ་ཚོགས་སྟོན་ཏོ། །འདི་ལྟར་སྒོ་མ་ཡིན་པ་ནས་བྱུང་སྟེ་སྒོ་ནས་འོང་བ་དང ། སྒོ་ནས་བྱུང་སྟེ་སྒོ་མ་ཡིན་པ་ནས་འོང་བ་དང ། རེས་འགའ་ནི་བལ་གླང་དང ། རྟ་དང ། བ་ལང་དང ། ལུག་དང ། སྐྱེས་པ་དང ། བུད་མེད་ཀྱི་གཟུགས་སུ་སྟོན་ཏོ། །རྒྱལ་བུ་མ་སྐྱེས་དགྲས་དེ་དག་མཐོང་ནས། མོས་པ་དང ། དགའ་བ་དང་རབ་ཏུ་དད་པའི་སེམས་སྐྱེས་སོ། །དངོས་པོ་དེ་ལྟ་བུའི་ཕྱིར་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱིས་མཆོད་དེ། དེའང་འདི་སྐད་དུ། སློབ་དཔོན་འཕགས་པ། བདག་གིས་མེ་ཏོག་མནད་ར་བ་བལྟ་འཚལ་ལོ་ཞེས་གསོལ་པ་དང ། དེ་ནས་ལྷ་སྦྱིན་གྱིས་སུམ་ཅུ་རྩ་གསུམ་གནམ་གྱི་སྟེང་དུ་སོང་ནས། ལྷ་དེ་དག་ལ་མེ་ཏོག་བསླངས་སོ། །ལྷ་སྦྱིན་བསོད་ནམས་ཟད་པས་སུས་ཀྱང་མ་བྱིན་ནོ། །དེ་ལྟར་མེ་ཏོག་མ་ཐོབ་ནས་འདི་སྙམ་དུ་མནད་ར་བའི་སྡོང་པོ་ནི་བདག་དང་བདག་གི་ཕ་མེད་ཀྱི། བདག་གིས་བླངས་ན་ཉེས་པ་ཅི་ཡོད་སྙམ་བསམས་ནས་བསྙེན་ཏེ་བླང་བར་གཟས་པ་ལས། མོད་ལ་རྫུ་འཕྲུལ་སྟོར་བར་གྱུར་པས་བདག་གི་ལུས་ཕྱིར་རྒྱལ་པོའི་ཁབ་ན་འདུག་པར་མཐོང་ནས་ངོ་ཚ་བ་དང་འཛེམ་པའི་སེམས་སྐྱེས་ཏེ། རྒྱལ་བུ་མ་སྐྱེས་དགྲ་དང་ཕྲད་མ་ནུས་སོ། །ཡང་འདི་སྙམ་དུ་བདག་
Kha309b
ད་དེ་བཞིན་གཤེགས་པ་གང་ན་བར་སོང་ལ་འཁོར་མང་པོ་དག་བསླང་ངོ ། །གལ་ཏེ་སངས་རྒྱས་ཀྱིས་གནང་ན་ཤཱ་རིའི་བུ་ལ་སོགས་པ་ལ་ཡིད་བཞིན་དུ་ཆོས་བསྟན་ཅིང་བདག་གོ་སྙམ་བསམས་ནས། དེ་ནས་ལྷ་སྦྱིན་ང་གང་ན་བར་འོངས་ཏེ་འདི་སྐད་དུ་དེ་བཞིན་གཤེགས་པ་འཁོར་མང་པོ་འདི་དག་བདག་ལ་གཏོད་ཅིག་།བདག་གིས་རྣམ་པ་སྣ་ཚོགས་ཀྱིས་ཆོས་བསྟན་ཅིང་དུལ་བར་བགྱིའོ་ཞེས་གསོལ་ཏོ། །ངས་བཀའ་སྩལ་པ། ཀྱེ་གླེན་པ། ཤཱ་རིའི་བུ་ལ་སོགས་པ་དབང་པོ་རྣོ་ཞིང་ཤེས་རབ་ཆེན་པོ་དང་ལྡན་ཏེ། འཇིག་རྟེན་ཀུན་གྱིས་མོས་ཀྱང་ངས་འཁོར་མང་པོ་རྣམས་མ་བཏད་ན་གཏི་མུག་ཅན་ངར་སྣབས་ཟ་བ་ཁྱོད་ལ་བཏད་པ་ལྟ་ཅི་སྨོས། དེ་ནས་ལྷ་སྦྱིན་གྱིས་ང་ལ་ཇེ་བས་ཀྱང་ཇེ་ངན་སེམས་སྐྱེས་ནས་འདི་སྐད་དུ་གཽ་ཏ་མ་ཁྱོད་ད་ལྟར་འཁོར་མང་པོ་འདུལ་མོད་ཀྱི། ཆོས་ཉིད་ཀྱིས་རིང་པོར་མི་ཐོགས་པར་མེད་པར་འགྱུར་བ་མཐོང་ངོ་ཞེས་སྨྲས་སོ། །དེ་སྐད་དུ་སྨྲས་ནས་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་ཏེ། ལྷ་སྦྱིན་གྱི་དྲུང་དུ་ས་གས་ནས་རླུང་དྲག་པོ་བྱུང་སྟེ་རྡུལ་ལ་སོགས་པ་བུས་ནས་རྡུལ་གྱིས་གོས་པར་གྱུར་ཏོ། །ལྷ་སྦྱིན་གྱིས་ལྟས་ངན་པ་དེ་ལྟ་བུ་མཐོང་ནས་ཀྱང་འདི་སྐད་དུ་གལ་ཏེ་ངའི་ལུས་འདི་ད་ལྟར་གྱི་ཚེ་འདི་ལ་གདོན་མི་ཟ་བར་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་ན། ངའི་དགྲ་ཆེན་པོ་དེ་ལ་ལན་གླན་དགོས་སོ་ཞེས་སྨྲས་ནས། རྒྱལ་པོ་མ་སྐྱེས་དགྲ་གང་
Kha310a
༄#། །ན་བ་དེར་སོང་ངོ ། །མ་སྐྱེས་དགྲས་མཐོང་མ་ཐག་ཏུ་འཕགས་པ་ཁྱོད་ཅི་སྟེ་མདོག་ངན་ཅིང་མདངས་མི་དགའ་བར་གྱུར་ཅེས་དྲིས་པ་དང ། ལྷ་སྦྱིན་གྱིས་སྨྲས་པ། བདག་རྟག་ཏུ་དེ་འདྲ་ན་ཁྱོད་མི་ཤེས་སམ། མ་སྐྱེས་དགྲས་སྨྲས་པ། ཁྱོད་ཅི་སེམས་པ་དེའི་རྒྱུ་དེའི་རྐྱེན་བདག་ལ་སྨྲོས་ཤིག་།ལྷ་སྦྱིན་གྱིས་སྨྲས་པ། བདག་ཁྱོད་དང་ཤིན་ཏུ་མཛའ་བ་ཡིན་ཏེ། ཡུལ་མི་དག་ཁྱོད་ལ་མི་སྙན་པ་ཟེར་བས་བདག་གིས་མི་རིགས་པར་བཟུང་སྟེ། བདག་གིས་ཐོས་ན་དགའ་བའི་རྟོལ་ག་ལ་ཡོད། རྒྱལ་བུ་མ་སྐྱེས་དགྲས་སྨྲས་པ། ཡུལ་མི་དག་ཇི་སྐད་དུ་བདག་ལ་མི་སྙན་པར་སྨྲ། ལྷ་སྦྱིན་གྱིས་སྨྲས་པ། ཡུལ་མི་དག་ཁྱོད་ལ་མ་སྐྱེས་དགྲ་ཞེས་མི་སྙན་པ་ཟེར་རོ། །མ་སྐྱེས་དགྲས་སྨྲས་པ། ཇི་ལྟར་ན་མ་སྐྱེས་དགྲ་ཞེས་མིང་དེ་སུས་བཏགས། ལྷ་ཅད་ཀྱིས་འདི་སྐད་དུ་བུ་འདི་བཙས་ནས་ཅད་ཀྱིས་འདི་སྐད་དུ་བུ་འདི་བཙས་ནས་རྒྱལ་པོ་ཡབ་གསོད་པར་འགྱུར་རོ་ཞེས་ཟེར་ཏེ། དེ་བས་ན་ཡུལ་མི་ཐམས་ཅད་ཀྱིས་ཁྱོད་ལ་མ་སྐྱེས་དགྲ་ཞེས་བཏགས་སོ། །ནང་གི་སླས་ཐམས་ཅད་ནི་ཁྱོད་ཀྱི་སེམས་བསྲུང་བའི་ཕྱིར་དགེ་མཐོང་ངོ་ཞེས་འབོད་དོ། །བཙུན་མོ་ལུས་འཕགས་མས་དེ་སྐད་ཅེས་ཐོས་ནས་ཁྱོད་བཙས་མ་ཐག་ཏུ་ཡང་ཐོག་མཐོན་པོ་ནས་བོར་ཏེ་ཁྱོད་ཀྱི་སོར་མོ་གཅིག་ཆག་པར་
Kha310b
གྱུར་ཏོ། །དེའི་རྒྱུ་དེའི་རྐྱེན་གྱིས་མི་རྣམས་ཀྱིའང་བ་ར་རུ་ཙེ་ཞེས་བཏགས་སོ། །བདག་དེ་སྐད་དུ་སྨྲས་པ་ཐོས་ནས་མི་དགའ་བའི་སེམས་སྐྱེས་ཀྱང་ཁྱོད་ལ་སྨྲ་མ་ནུས་སོ། །དེ་ནས་ལྷ་སྦྱིན་གྱིས་དེ་ལྟ་བུའི་མི་དགེ་བའི་དངོས་པོ་རྣམ་པ་སྣ་ཚོགས་ཀྱིས་ཡབ་རྒྱལ་པོ་གསོད་ཅིག་ཅེས་བསྟན་ཏོ། །གལ་ཏེ་ཁྱོད་ཀྱིས་ཡབ་རྒྱལ་པོ་ཤི་ན་ངས་ཀྱང་དགེ་སྦྱོང་གཽ་ཏ་མ་གསོད་དོ་ཞེས་ཟེར་རོ། །རྒྱལ་བུ་མ་སྐྱེས་དགྲས་བློན་པོ་ཆེན་པོ་གཉིས་སུ་འགྲོ་བ་ཞེས་བྱ་བ་ལ་བློན་པོ་ཆེན་པོ་ཇི་སྟེ་བདག་གི་མིང་མ་སྐྱེས་དགྲར་བཏགས་ཞེས་དྲིས་སོ། །དེ་ནས་བློན་པོ་ཆེན་པོས་སྔོན་ཇི་ལྟར་བཏགས་པའི་གཏན་ཚིགས་སྨྲ་བའང་ལྷ་སྦྱིན་གྱིས་སྨྲ་བ་དང་ཐ་མི་དད་དེ། རྒྱལ་བུ་མ་སྐྱེས་དགྲས་ཐོས་ནས་བློན་པོ་ཆེན་པོ་དང་བགྲོས་ཏེ། ཡབ་རྒྱལ་པོ་བཟུང་ནས་གྲོང་ཁྱེར་གྱི་ཕྱི་རོལ་དུ་དམག་རྣམ་བཞིས་བསྐོར་ཏེ་ཆས་སོ། །བཙུན་མོ་ལུས་འཕགས་མས་ཐོས་ནས་རྒྱལ་པོ་གང་ན་བར་སོང་བ་ལས་སྲུང་མ་རྣམས་ཀྱི་བཀག་ནས་ཕྲད་དུ་མ་སྟེར་ཏོ། །དེ་ནས་བཙུན་མོ་ཁྲོ་སེམས་སྐྱེས་ནས་སྲུང་མ་རྣམས་ལ་སྤྱོ་སོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། །བམ་པོ་བཞི་བཅུ་ལྔ་པ། དེ་ནས་སྲུང་མ་རྣམས་རྒྱལ་པོའི་བཙུན་མོ་ཡབ་རྒྱལ་པོ་ལ་ལྟ་འཚལ་ཞེས་མཆི་ན་གནང་ངམ་མི་གནང་ཞེས་རྒྱལ་བུ་ལ་ཞུས་སོ། །རྒྱལ་བུས་ཐོས་ནས་དེ་བས་ཀྱང་ཁྲོས་ཏེ་མ་གང་ན་འདུག་པར་སོང་
Kha311a
༄#། །ནས་མའི་ཐོར་ཐོ་ལ་བཟུང་སྟེ་རལ་གྲི་ཕུང་ནས་གདབ་པ་ལས། འཚོ་བྱེད་ཀྱིས་གསོལ་པ། རྒྱལ་པོ་ཆེན་པོས་ཡུལ་དོད་ཚུན་ཆད་ནོངས་པ་ཇི་ལྟར་ཆེའང་བུད་མེད་ལ་ཆད་པས་མི་དགུམ་པ་ལགས་ན་རྒྱལ་པོ་ཉིད་ཀྱི་ཡུམ་ལྟ་ཅི་སྨོས། རྒྱལ་པོ་མ་སྐྱེས་དགྲས་དེ་སྐད་སྨྲས་པ་ཐོས་ནས་འཚོ་བྱེད་ཀྱི་ཕྱིར་མ་བཏང་ནས། རྒྱལ་པོ་ཡབ་ཀྱི་གོས་དང ། མལ་ཆ་དང ། ཟས་དང ། ནད་ཀྱི་རྐྱེན་སྨན་ལ་སོགས་པ་བཅད་དེ་ཞག་བདུན་ལོན་ནས། ཡབ་རྒྱལ་པོའི་ཚེའི་དུས་བྱས་པར་གྱུར་ཏོ། །རྒྱལ་པོ་མ་སྐྱེས་དགྲས་ཡབ་རྒྱལ་པོ་ཚེ་འདས་པ་མཐོང་ནས། འགྱོད་པའི་སེམས་སྐྱེས་པ་ན་བློན་པོ་ཆེན་པོ་གཉིས་སུ་འགྲོ་བས། ཡང་ཆོས་ལོག་པ་མི་དགེ་བ་རྣམ་པ་སྣ་ཚོགས་སྨྲས་ཏེ། འདི་སྐད་དུ་རྒྱལ་པོ་ཆེན་པོ་ལས་ཐམས་ཅད་ནི་ཁ་ན་མ་ཐོ་བར་འགྱུར་བ་མ་མཆིས་ན་ཇི་སྟེ་དེང་ཁྱོད་འགྱོད་པའི་སེམས་བསྐྱེད་ཅེས་གསོལ་ཏོ། །འཚོ་བྱེད་ཀྱིས་ཡང་སྨྲས་པ། རྒྱལ་པོ་ཆེན་པོ་འདི་ལྟར་མཁྱེན་པར་མཛོད་ཅིག་།འདི་ལྟར་ལས་འདི་ནི་ཁ་ན་མ་ཐོ་བའི་སྡིག་པ་རྣམ་པ་གཉིས་མཆིས་ཏེ། ཡབ་རྒྱལ་པོ་བསད་པ་དང ། རྒྱུན་དུ་ཞུགས་པ་བསད་པ་སྟེ། དེ་ལྟ་བུའི་སྡིག་ནི་བཅོམ་ལྡན་འདས་ལས་གཞན་སུའང་ལས་འདི་སྦྱོང་ནུས་པ་མ་མཆིས་སོ། །རྒྱལ་པོ་མ་སྐྱེས་དགྲས་སྨྲས་པ། དེ་བཞིན་གཤེགས་པ་ནི་རྣམ་པར་དག་པ་ལ་རྙོག་པ་མ་མཆིས་པ་ལགས་ཏེ།
Kha311b
བདག་ནི་སྡིག་པ་ཅན་ལགས་ན་ཇི་ལྟར་མཐོང་བར་འགྱུར་ཞེས་སྨྲས་སོ། །རིགས་ཀྱི་བུ། ངས་དངོས་པོ་དེ་མཁྱེན་ནས་དགའ་བོ་ལ་བཀའ་སྩལ་པ། ང་ཟླ་བ་གསུམ་འདས་ནས་ཡོངས་སུ་མྱ་ངན་ལས་འདའོ་ཞེས་བཀའ་སྩལ་ཏོ། །མ་སྐྱེས་དགྲས་ཐོས་ནས་ང་གང་ན་བར་འོངས་ཏེ། ངས་ཆོས་བསྟན་ནས་ཁ་ན་མ་ཐོ་བ་ལྕི་བའང་སྲབ་པར་གྱུར། རྩ་བ་མེད་པའི་དད་པའང་ཐོབ་པར་གྱུར་ཏོ། །རིགས་ཀྱི་བུ། ངའི་ཉེ་གནས་རྣམས་དེ་སྐད་དུ་སྨྲས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ་དེ་བཞིན་གཤེགས་པ་ནི་ཡུན་དུ་མྱ་ངན་ལས་འདས་སོ་ཞེས་སྨྲའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ལ་རྣམ་པ་གཉིས་ཏེ། ཡང་དག་པར་དོན་དང་ལྡན་པ་དང ། མིང་ཙམ་བླ་དྭགས་སུ་བཏགས་པའོ། །དེ་ལ་མིང་ཙམ་བླ་དྭགས་སུ་བཏགས་པའི་བྱང་ཆུབ་སེམས་དཔའ་ནི། ང་ཟླ་བ་གསུམ་ན་ཡོངས་སུ་མྱ་ངན་ལས་འདའོ་ཞེས་ཐོས་ནས་ཐམས་ཅད་ཕྱིར་ལྡོག་པའི་སེམས་སྐྱེས་ཏེ། འདི་སྐད་དུ་ཇི་སྟེ་དེ་བཞིན་གཤེགས་པ་ནི་མི་རྟག་ལ་མི་གནས་ན་བདག་ཅག་ལྟ་ཅི་ཞིག་བྱ། ཅིའི་ཕྱིར་དངོས་པོ་དེ་ལྟ་བུའི་ཕྱིར་ཚེ་རབས་ཚད་མེད་པའི་བར་དུ་ཉོན་མོངས་པའི་སྡུག་བསྔལ་ཆེན་པོ་མྱོང་བར་བྱ།་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཚད་མེད་པ་དང་ལྡན་པའང་འཆི་བདག་གི་བདུད་བཅོམ་མ་ནུས་ན་བདག་ཅག་ལྟ་ཞིག་ག་ལ་ནུས་ཞེས་ཟེར་རོ། །རིགས་ཀྱི་བུ། དེའི་
Kha312a
༄#། །ཕྱིར་ངས་བྱང་ཆུབ་སེམས་དཔའ་དེ་དག་ལ་དེ་བཞིན་གཤེགས་པ་ནི་རྟག་ཏུ་གནས་པ་སྟེ། མི་འགྱུར་མི་འཕོ་བའོ་ཞེས་གསུངས་སོ། །རིགས་ཀྱི་བུ།་ངའི་ཉེ་གནས་རྣམས་དེ་སྐད་དུ་གསུངས་པ་ཐོས་ནས། ངའི་དགོངས་པ་མི་ཤེས་པས་ངེས་པར་དེ་བཞིན་གཤེགས་པ་ནི་མཐར་མྱ་ངན་ལས་མི་འདའོ་ཞེས་ཟེར་རོ། ། རིགས་ཀྱི་བུ། སེམས་ཅན་ཁ་ཅིག་ཆད་པར་ལྟ་བ་བསྐྱེད་ནས་འདི་སྐད་དུ་སེམས་ཅན་ཐམས་ཅད་ལུས་མེད་པའི་འོག་ཏུ་དགེ་བ་དང ། མི་དགེ་བའི་ལས་མྱོང་བ་ཅིའང་མེད་དོ། །ཞེས་སྨྲ་སྟེ། ངས་དེ་དག་གི་ཕྱིར་དགེ་བ་དང་མི་དགེ་བའི་འབྲས་བུ་རྣམ་པར་སྨིན་པ་ནི་ཡང་དག་པར་མྱོང་བར་ཡོད་ཅེས་གསུངས་སོ། །ཡོད་པར་ཇི་ལྟར་མངོན་ཞེ་ན། རིགས་ཀྱི་བུ། སྔོན་འདས་པའི་དུས་ན་གྲོང་ཁྱེར་རྩཝ་མཆོག་ཅེས་བྱ་བ་ན་རྒྱལ་པོ་རབ་མཐོང་ཞེས་བྱ་བ་ཞིག་ཡོད་དེ། ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་གཞོན་ནུ་བྱས། ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་རྒྱལ་ཚབ་བྱས། ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་རྒྱལ་པོ་བྱས་ཏེ། དབེན་པར་འདུག་པ་ན་འདི་སྙམ་དུ་སེམས་པར་གྱུར་ཏོ། །སེམས་ཅན་བསོད་ནམས་ཆུང་བས་ཚེ་རབ་ཏུ་ཐུང་སྟེ། རྟག་ཏུ་དགྲ་བཞི་ཕྱི་བཞིན་འབྲང་ཡང་མི་ཤེས་མི་ཚོར་ཏེ། འོན་ཀྱང་བག་མེད་པར་སྤྱོད་དོ། །དེ་བས་ན་བདག་རབ་ཏུ་བྱུང་
Kha312b
སྟེ།་བྱང་ཆུབ་ཀྱི་ལམ་སྒོམ་ཞིང་སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བའི་དགྲ་བཞི་ཡོངས་སུ་བཅད་དོ་སྙམ་བསམས་ནས། བློན་པོ་དག་ལ་གྲོང་ཁྱེར་གྱི་ཕྱི་རོལ་དུ་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་ཞིག་གྱིས་ཤིག་ཅེས་བཀའ་སྩལ་ཏོ། །གཞལ་མེད་ཁང་བྱས་ནས་བློན་པོ་དང ། ནང་གི་སླས་རྣམས་དང ། རྒྱལ་བུ་རྣམས་དང ། གཉེན་རྣམས་ལ་བཀའ་སྩལ་པ། ཁྱོད་ཤེས་པར་གྱིས་ཤིག་།ང་ནི་རབ་ཏུ་འབྱུང་སྙམ་སེམས་ན་ཁྱེད་ཀྱིས་གནང་ངམ་ཞེས་སྨྲས་སོ། །དེ་ནས་བློན་པོ་ཆེན་པོ་དང ། གཉེན་ལ་སོགས་པ་ཀུན་ཀྱང་དགེའོ། །རྒྱལ་པོ་ཆེན་པོ་དེང་དུས་ལ་བབ་བོ་ཞེས་གསོལ་ཏོ། །དེ་ནས་རྒྱལ་པོ་རབ་མཐོང་གིས་ཞམ་རིང་བ་མི་གཅིག་དང ། གཞལ་མེད་ཁང་དུ་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་གནས་ཏེ་བྱམས་པའི་སེམས་བསྒོམས་སོ། །དེའི་རྐྱེན་གྱིས་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་རིམ་གྱིས་འཁོར་ལོ་བསྒྱུར་བའི་རྒྱལ་པོ་བྱས་སོ། །དེ་ནས་ཡང་ཚེ་རབས་སུམ་བཅུའི་བར་དུ་བརྒྱ་བྱིན་ལྷའི་དབང་ཕྱུག་བྱས་སོ། །ཚེ་རབས་ཚད་མེད་པའི་བར་དུ་རྒྱལ་ཕྲན་བྱས་སོ། །རིགས་ཀྱི་བུ། དེའི་ཚེ་དེའི་དུས་ན་རབ་མཐོང་ཞེས་བྱ་བ་དེ་གཞན་ཡིན་པར་མ་སེམས་ཤིག་།དེ་ནི་ད་ལྟར་གྱི་ང་ཡིན་ནོ། །རིགས་ཀྱི་བུ། ངའི་ཉེ་གནས་རྣམས་དེ་སྐད་དུ་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ་དེ་བཞིན་གཤེགས་པ་ནི་ངེས་པར་བདག་དང་
Kha313a
༄#། །བདག་གི་བ་ཡོད་པར་གསུངས་སོ་ཞེས་ཟེར་རོ། །ཡང་དུས་གཅིག་ན་ངས་སེམས་ཅན་རྣམས་ལ་བདག་ཅེས་བྱ་བ་ནི་རང་བཞིན་ཡིན་ནོ། །འདི་ལྟ་སྟེ། ནང་དང་ཕྱི་རོལ་གྱི་རྒྱུ་དང་རྐྱེན་དང་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་དང ། སེམས་ཅན་གྱི་ལྔ་ཕུང་དང ། སེམས་དང ། ཁམས་དང ། འཇིག་རྟེན་གྱི་བསོད་ནམས་དང ། ལས་ཀྱི་དབང་དང ། ལྷ་དབང་སྒྱུར་གྱི་འཇིག་རྟེན་ནི་བདག་ཡིན་ཞེས་གསུངས་སོ། །ངའི་ཉེ་གནས་རྣམས་དེ་སྐད་དུ་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ། དེ་བཞིན་གཤེགས་པས་ངེས་པར་བདག་ཡོད་པར་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ཡང་དུས་གཞན་ཞིག་ན་དགེ་སློང་གཅིག་ཅིག་ང་གང་ན་བར་འོངས་ནས་འདི་སྐད་དུ་བཅོམ་ལྡན་འདས་བདག་ཅེས་བགྱི་བ་ཇི་ལྟ་བུ། བདག་ཅེས་བགྱི་བ་ནི་སུ། ཅིའི་རྐྱེན་གྱིས་བདག་ཅེས་བགྱིས་ཞེས་ཞུས་སོ། །དེ་ནས་ངས་དགེ་སློང་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་བདག་དང་བདག་གི་བ་མེད་དོ། །མིག་ཅེས་བྱ་བ་ཐོག་མ་ནས་མེད་ལ་ད་ལྟར་ཡོད་དོ། །ཡོད་པ་ལས་ཀྱང་ཕྱིས་མེད་པར་འགྱུར་ཏེ་ཐོག་མ་སྐྱེས་པའི་ཚེའང་གང་ནས་ཀྱང་མ་འོངས་ལ། ཕྱིས་འགོག་པ་ནའང་གང་དུའང་སོང་བ་མེད་དེ། ལས་ཀྱི་འབྲས་བུ་ཡོད་མོད་ཀྱི། སུས་ཀྱང་མ་བྱས་སོ། །ཕུང་པོ་བཏང་བའང་མེད་ལ་ཕུང་པོ་ལེན་པའང་
Kha313b
མེད་དེ། ཇི་ལྟར་ཁྱོད་ཀྱིས་བདག་ཅེས་བྱ་བ་ཇི་ལྟ་བུ་ཞེས་ཞུས་པ་དེ་བདག་ནི་དེ་ཁོ་ན་ཡིན་ནོ། །བདག་སུ་ཞེས་ཞུས་པ་དེ་ནི་ལས་ཡིན་ནོ། །ཅིའི་རྐྱེན་གྱིས་བདག་ཅེས་བྱ་བ་ནི་སྲེད་པ་ཡིན་ནོ། ། དགེ་སློང ། དཔེར་ན། ལག་པ་གཉིས་བརྡབས་པས་དེའི་བར་ན་སྒྲ་འབྱུང་བ་ལྟར་བདག་ཀྱང་དེ་དང་འདྲ་སྟེ། སེམས་དང ། ལས་དང ། སྲེད་པ་གསུམ་གྱི་རྒྱུ་འབྲེལ་བས་བདག་ཅེས་བྱའོ། །དགེ་སློང ། སེམས་ཅན་ཐམས་ཅད་ཀྱི་གཟུགས་ནི་བདག་མ་ཡིན་ནོ། །བདག་གི་ནང་ན་གཟུགས་མེད་ལ། གཟུགས་ཀྱི་ནང་ནའང་བདག་མེད་པ་ནས་རྣམ་པར་ཤེས་པའི་བར་དུའང་དེ་བཞིན་ནོ། །དགེ་སློང ། མུ་སྟེགས་ཅན་ལ་སོགས་པས་བདག་ཡོད་པར་སྨྲ་བའང་ཕུང་པོ་ལས་གཞན་པ་མ་ཡིན་ཏེ། ཕུང་པོ་སྤངས་པའི་ཕ་རོལ་ན་བདག་ཡོད་དོ་ཞེས་བྱ་བ་དེ་ལྟ་བུའི་གནས་མེད་དོ། །སེམས་ཅན་ཐམས་ཅད་ཀྱི་འདུ་བྱེད་ནི་སྒྱུ་མས་སྤྲུལ་པ་དང ། སྨིག་རྒྱུ་བ་དང་མཚུངས་ཏེ། དགེ་སློང ། ཕུང་པོ་ལྔ་ནི་མི་རྟག་པ། བདེ་བ་མེད་པ། བདག་མེད་པ། ཡོངས་སུ་མ་དག་པའོ། །རིགས་ཀྱི་བུ། དེའི་ཚེ་ན་དགེ་སློང་མང་པོ་ཚད་མེད་པ་སྙེད་ཀྱིས་ལྔ་ཕུང་འདི་ལ་བདག་དང་བདག་གི་བ་མེད་པར་རྟོགས་པས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །རིགས་ཀྱི་བུ། ངའི་ཉེ་གནས་རྣམས་དེ་སྐད་ཅེས་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས། འདི་སྐད་དུ་དེ་བཞིན་གཤེགས་པས་ངེས་པར་
Kha314a
༄#། །བདག་མེད་པར་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ངས་མདོ་སྡེ་ལས་ཀྱང་འདི་སྐད་དུ་དངོས་པོ་གསུམ་འདུས་པ་ལས་ལུས་འདི་བླངས་པར་གྱུར་ཏེ་ཞེས་གསུངས་སོ། །དེ་ནི་ཕ་དང ། མ་དང ། ཕུང་པོ་བར་མ་འདུས་པ་ལས་ལུས་ལེན་པར་གྱུར་ཏོ། །ཡང་ངས་ལན་གཅིག་ཕྱིར་མི་ལྡོག་པའི་གང་ཟག་ནི་མངོན་སུམ་དུ་མྱ་ངན་ལས་འདས་པ་དང ། གལ་ཏེ་ན་ལྔ་ཕུང་བར་མས་མྱ་ངན་ལས་འདའོ་ཞེས་གསུངས་པའང་འདི་སྐད་དུ་ལྔ་ཕུང་བར་མའི་དབང་པོ་ཚང་བར་ལྡན་ཞིང་གསལ་བ་ནི་སྔོན་གྱི་ལས་ཡིན་ཏེ། ཇི་ལྟར་མར་གྱི་སྙིང་པོ་དང་མཚུངས་སོ་ཞེས་གསུངས་སོ། །རིགས་ཀྱི་བུ། ངས་དུས་གཅིག་ན་སེམས་ཅན་སྡིག་པ་ཅན་གྱི་ལྔ་ཕུང་བར་མ་ནི་ཇི་ལྟར་འཇིག་རྟེན་ན་རས་རྩུབ་མོ་དང་མཚུངས་སོ། །སེམས་ཅན་དགེ་བ་འབའ་ཞིག་པའི་ལྔ་ཕུང་བར་མ་ནི་ཡུལ་སེར་སྐྱའི་རས་དཀར་པོ་དང་མཚུངས་སོ་ཞེས་གསུངས་ཏེ། ངའི་ཉེ་གནས་རྣམས་དེ་སྐད་གསུངས་པ་ཐོས་ནས།་ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ་དེ་བཞིན་གཤེགས་པས་ལྔ་ཕུང་བར་མ་ཡོད་པར་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ངས་ཡང་མཚམས་མེད་པའི་ཁ་ན་མ་ཐོ་བ་བྱས་པའི་སེམས་ཅན་རྣམས་ལ་འདི་སྐད་དུ་མཚམས་མེད་པ་ལྔ་བྱས་ན། མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་ངོ་ཞེས་གསུངས་སོ། །ཡང་ངས་དགེ་སློང་ཀུ་མ་རུ་
Kha314b
ཙེ་ཞེས་བྱ་བ་ལུས་འདི་དང་བྲལ་མ་ཐག་ཏུ་ཐོགས་པ་མེད་པར་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་ངོ་ཞེས་གསུངས་སོ། །ངས་ཀྱང་ཀུན་ཏུ་རྒྱུ་བེའུ་ཞེས་བྱ་བ་ལ་འདི་སྐད་དུ་ཀུན་ཏུ་རྒྱུ་གལ་ཏེ་ལྔ་ཕུང་བར་མ་ཡོད་ན། སྲིད་པ་དྲུག་ཀྱང་ཡོད་དོ་ཞེས་གསུངས་སོ། །ཡང་འདི་སྐད་དུ་གཟུགས་མེད་པའི་སེམས་ཅན་ལ་ལྔ་ཕུང་བར་མ་མེད་དོ་ཞེས་གསུངས་སོ། །རིགས་ཀྱི་བུ།་ངའི་ཉེ་གནས་རྣམས་དེ་སྐད་དུ་གསུངས་པ་ཐོས་ནས། ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ། དེ་བཞིན་གཤེགས་པས་ངེས་པར་ལྔ་ཕུང་བར་མ་མེད་པར་གསུངས་སོ། ། ཞེས་ཟེར་རོ། །རིགས་ཀྱི་བུ། ངས་མདོ་སྡེ་ལས་ཕྱིར་ལྡོག་པ་ཡོད་པར་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ལེ་ལོ་དང་སྙོམ་ལས་བྱེད་པའི་དགེ་སློང་ཚད་མེད་པ་རྣམས་བྱང་ཆུབ་ལ་ནན་ཏན་མི་བྱེད་པས་དེ་དག་ལ་ཕྱིར་ལྡོག་པ་རྣམ་པ་འདི་ལྔ་གསུངས་སོ། །བྱ་བ་མང་པོ་ལ་དགའ་བ་དང ། འཇིག་རྟེན་གྱི་སྨྲང་ལ་མོས་པ་དང ། གཉིད་ལ་མོས་པ་དང ། ཁྱིམ་ལ་བརྟེན་པར་མོས་པ་དང ། ཀུན་ཏུ་འགྲོ་བར་དགའ་བ་སྟེ། དེའི་རྒྱུ་དེའི་རྐྱེན་གྱིས་དགེ་སློང་དག་ཕྱིར་ལྡོག་པར་འགྱུར་རོ། །ཕྱིར་ལྡོག་པའི་རྐྱེན་ལའང་རྣམ་པ་གཉིས་ཏེ། ནང་དང ། ཕྱི་རོལ་ལོ། །དགྲ་བཅོམ་པའི་གང་ཟག་ནི་ནང་གི་རྐྱེན་སྤངས་མོད་ཀྱི། ཕྱི་རོལ་གྱི་རྐྱེན་མ་སྤངས་པས་ཕྱི་རོལ་གྱི་རྐྱེན་གྱིས་ཉོན་མོངས་པ་སྐྱེའོ། །ཉོན་མོངས་པ་སྐྱེ་བས་ཕྱིར་ལྡོག་ཅིང་ཉམས་
Kha315a
༄#། །པར་འགྱུར་རོ་ཞེས་གསུངས་སོ། །ཡང་དགེ་སློང་ཀུ་ཏེ་ཞེས་བྱ་བས་ལན་དྲུག་གི་བར་དུ་ཕྱིར་ལྡོག་པར་གྱུར་ཏེ། ལོག་ནས་ཀྱང་ཁྲེལ་བ་དང་འཛེམ་པའི་སེམས་ལ་ནན་ཏན་བྱེད་དེ། ལན་བདུན་གྱི་ཐ་མ་ལ་ཐོབ་པར་གྱུར་ཏོ། །ཐོབ་ནས་ཉམས་ཀྱིས་དོགས་པས་མཚོན་ཕྱུང་ནས་བདག་གིས་བདག་བསད་དོ། །ངས་ཡང་འདི་སྐད་དུ་སྐབས་ཁ་ཅིག་ཏུ་རྣམ་པར་གྲོལ་བའི་དུས་དང ། སྐབས་ཁ་ཅིག་ཏུ་དགྲ་བཅོམ་པ་རྣམ་པ་དྲུག་ལ་སོགས་པ་གསུངས་ཏེ། ངའི་ཉེ་གནས་རྣམས་དེ་སྐད་དུ་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ་དེ་བཞིན་གཤེགས་པས་ངེས་པར་ཕྱིར་ལྡོག་པ་ཡོད་པར་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ཡང་མདོ་སྡེ་ལས་འདི་སྐད་ཅེས་གསུངས་ཏེ། དཔེར་ན། འཚིག་པའི་སོལ་བ་ནི་ཕྱིར་ཤིང་དུ་མི་འགྱུར་བ་དང ། བུམ་པ་ཆག་ན་བུམ་པར་སྤྱད་དུ་མེད་པ་ལྟར་ཉོན་མོངས་པའང་དེ་དང་མཚུངས་ཏེ། དགྲ་བཅོམ་པས་ཡོངས་སུ་བཅད་ནས་ཕྱིར་མི་སྐྱེའོ་ཞེས་གསུངས་སོ། །སེམས་ཅན་གྱི་ཉོན་མོངས་པ་སྐྱེ་བའི་རྒྱུའང་རྣམ་པ་གསུམ་ཡོད་པར་གསུངས་ཏེ། ཉོན་མོངས་པ་མ་བཅད་པ་དང ། ཉོན་མོངས་པའི་རྒྱུ་དང་རྐྱེན་མ་བཅད་པ་དང ། མི་དགེ་བ་ཡིད་ལ་བྱེད་པའོ། །དགྲ་བཅོམ་པ་ནི་རྒྱུ་དང་རྐྱེན་ཡང་མེད་ལ། ཉོན་མོངས་པ་བཅད་པའི་ཕྱིར་མི་དགེ་བ་ཡིད་ལ་བྱེད་པའང་མེད་དོ། །རིགས་ཀྱི་བུ། ངའི་ཉེ་གནས་རྣམས་
Kha315b
དེ་སྐད་དུ་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ་དེ་བཞིན་གཤེགས་པས་ངེས་པར་ཕྱིར་ལྡོག་པ་མེད་པར་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ངས་མདོ་སྡེ་ལས་དེ་བཞིན་གཤེགས་པའི་སྐུ་ལ་རྣམ་པ་གཉིས་ཡོད་པར་གསུངས་ཏེ། སྐྱེ་བའི་སྐུ་དང ། ཆོས་ཀྱི་སྐུའོ། །དེ་ལ་སྐྱེ་བའི་སྐུ་ནི་ཐབས་ཀྱིས་ཀུན་ཏུ་སྤྲུལ་པའི་སྐུ་སྟེ། སྐུ་དེ་ལ་ནི་སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། རིང་བ་དང ། ཐུང་བ་དང ། གནག་པ་དང ། དཀར་བ་དང ། འདི་དང ། ཕ་བི་དང ། སློབ་པ་དང ། མི་སློབ་པ་མེད་པའོ་ཞེས་བྱར་མི་རུང་སྟེ། ངའི་ཉེ་གནས་རྣམས་དེ་སྐད་དུ་སྨྲས་པ་ཐོས་ནས། ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ་དེ་བཞིན་གཤེགས་པས་ངེས་པར་སངས་རྒྱས་ཀྱི་སྐུ་ནི་འདུས་བྱས་ཀྱི་ཆོས་ཅན་དུ་གསུངས་སོ། ། ཞེས་ཟེར་རོ། །ཆོས་ཀྱི་སྐུ་ནི་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་སྟེ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་ཐམས་ཅད་མེད་དོ། །དཀར་པོ་མ་ཡིན། ནག་པོ་མ་ཡིན། རིང་པོ་མ་ཡིན། ཐུང་ངུ་མ་ཡིན། འདི་མ་ཡིན། ཕ་བི་མ་ཡིན། སློབ་པ་མ་ཡིན། མི་སློབ་པ་མ་ཡིན་ཏེ། སངས་རྒྱས་འཇིག་རྟེན་དུ་བྱུང་ཡང་རུང ། མ་བྱུང་ཡང་རུང་སྟེ། རྟག་ཏུ་གནས་ལ། མི་འགྱུར་མི་འཕོ་བའོ་ཞེས་གསུངས་པས། རིགས་ཀྱི་བུ། ངའི་ཉེ་གནས་རྣམས་དེ་སྐད་དུ་གསུངས་པ་ཐོས་ནས། ངའི་དགོངས་པ་མི་ཤེས་པས་
Kha316a
༄#། །འདི་སྐད་དུ་དེ་བཞིན་གཤེགས་པས་ངེས་པར་སངས་རྒྱས་ཀྱི་སྐུ་ནི་འདུས་མ་བྱས་ཀྱི་ཆོས་སུ་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ངས་མདོ་སྡེ་ལས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་གསུངས་པ་ནི་མ་རིག་པ་ལས་འདུ་བྱེད་སྟེ། འདུ་བྱེད་ལས་རྣམ་པར་ཤེས་པ་སྐྱེ། རྣམ་པར་ཤེས་པ་ལས་མིང་དང་གཟུགས་སྐྱེ། མིང་དང་གཟུགས་ལས་དྲུག་གི་སྐྱེ་མཆེད་སྐྱེ། དྲུག་གི་སྐྱེ་མཆེད་ལས་རེག་པ་སྐྱེ། རེག་པ་ལས་ཚོར་བ་སྐྱེ། ཚོར་བ་ལས་སྲེད་པ་སྐྱེ། སྲེད་པ་ལས་ལེན་པ་སྐྱེ། ལེན་པ་ལས་སྲིད་པ་སྐྱེ། སྲིད་པ་ལས་སྐྱེ་བ་སྐྱེ། སྐྱེ་བ་ལས་རྒ་ཤི་དང་ཟློས་པའི་མྱ་ངན་སྐྱེའོ་ཞེས་གསུངས་སོ། །རིགས་ཀྱི་བུ། ངའི་ཉེ་གནས་རྣམས་དེ་སྐད་དུ་གསུངས་པ་ཐོས་ནས། ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ། དེ་བཞིན་གཤེགས་པས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ངེས་པར་འདུས་བྱས་ཡིན་པར་གསུངས་སོ་ཞེས་ཟེར་རོ། །ངས་ཡང་དུས་གཅིག་ན་དགེ་སློང་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ནི་སངས་རྒྱས་རྣམས་བྱུང་ཡང་རུང ། སངས་རྒྱས་རྣམས་མ་བྱུང་ཡང་རུང་སྟེ། རང་བཞིན་དང་མཚན་ཉིད་ནི་རྟག་ཏུ་གནས་སོ། །རིགས་ཀྱི་བུ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་རྐྱེན་ལས་སྐྱེས་པ་མ་ཡིན་པའང་ཡོད། རྐྱེན་ལས་སྐྱེས་པ་ལ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་མ་
Kha316b
ཡིན་པའང་ཡོད། རྐྱེན་ལས་སྐྱེས་ལ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ཡིན་པའང་ཡོད། རྐྱེན་ལས་སྐྱེས་པའང་མ་ཡིན་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ཀྱང་མ་ཡིན་པའང་ཡོད་དོ། །དེ་ལ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་རྐྱེན་ལས་སྐྱེས་པ་མ་ཡིན་པ་ནི་འདི་ལྟ་སྟེ། མ་འོངས་པའི་དུས་ཀྱི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་སོ། །རྐྱེན་ལས་སྐྱེས་ལ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་མ་ཡིན་པ་ནི་འདི་ལྟ་སྟེ། དགྲ་བཅོམ་པའི་ལྔ་ཕུང་ངོ ། །རྐྱེན་ལས་ཀྱང་སྐྱེས་ལ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ཀྱང་ཡིན་པ་ནི་འདི་ལྟ་སྟེ། བུས་པ་མ་རབས་སོ་སོའི་སྐྱེ་བོའི་ལྔ་ཕུང་དང་བཅས་པའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་སོ། །རྐྱེན་ལས་སྐྱེས་པའང་མ་ཡིན་ལ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ཀྱང་མ་ཡིན་པ་ནི་འདི་ལྟ་སྟེ། ནམ་མཁའ་དང་མྱ་ངན་ལས་འདས་པའོ་ཞེས་གསུངས་ཏེ། རིགས་ཀྱི་བུ། ངའི་ཉེ་གནས་རྣམས་དེ་སྐད་དུ་གསུངས་པ་ཐོས་ནས། ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ། དེ་བཞིན་གཤེགས་པས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ལ་ངེས་པར་འདུས་མ་བྱས་མ་ཡིན་པར་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ངས་མདོ་སྡེ་ལས་སེམས་ཅན་ཐམས་ཅད་དགེ་བ་དང་མི་དགེ་བའི་ལས་བྱས་པའི་ལུས་འདི་སྤངས་ནས་ཆེན་པོ་བཞི་པོ་དེ་ཁོ་ནར་
Kha317a
༄#། །ཞིག་སྟེ་གྱེས་སོ། །དགེ་བ་འབའ་ཞིག་བྱས་པ་ནི་སེམས་ཀྱི་འདུ་བྱེད་མཆོག་ཏུ་འགྱུར་རོ། །མི་དགེ་བའི་ལས་འབའ་ཞིག་བྱས་པ་ནི་སེམས་ཀྱི་འདུ་བྱེད་ཐ་མར་འགྱུར་རོ་ཞེས་གསུངས་ཏེ། རིགས་ཀྱི་བུ། ངའི་ཉེ་གནས་རྣམས་དེ་སྐད་དུ་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ་དེ་བཞིན་གཤེགས་པས་སེམས་ནི་ངེས་པར་རྟག་གོ་བར་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ངས་དུས་གཅིག་ན་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ། འདི་ལྟར་རིག་པར་གྱིས་ཤིག་།གཟུགས་ནི་མི་རྟག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མི་རྟག་པའི་རྒྱུ་ལས་སྐྱེས་པར་གྱུར་པའི་ཕྱིར་རོ། །དེ་ལྟར་གཟུགས་དེ་མི་རྟག་པའི་རྒྱུ་ལས་སྐྱེས་ན་མཁས་པ་ཤེས་རབ་ཅན་གྱིས་ཅིའི་ཕྱིར་རྟག་པར་སྨྲ། གལ་ཏེ་གཟུགས་རྟག་པ་ཡིན་ན། འཇིག་ཅིང་འགོག་པར་མི་འགྱུར་ཏེ། སྡུག་བསྔལ་རྣམས་ཀྱང་སྐྱེ་བའི་མི་རིགས་སོ། །དེ་གཟུགས་འདི་གྱེས་པ་དང ། འགོག་པ་དང ། ཆག་ཅིང་ཞིག་པར་མཐོང་སྟེ། དེ་བས་ན་གཟུགས་ནི་མི་རྟག་པར་རིག་སྟེ། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུའང་དེ་དང་འདྲའོ། ། རིགས་ཀྱི་བུ། ངའི་ཉེ་གནས་རྣམས་དེ་སྐད་དུ་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ། དེ་བཞིན་གཤེགས་པས་སེམས་ལ་སེམས་ངེས་པར་ཆད་པར་གསུངས་སོ་
Kha317b
ཞེས་ཟེར་རོ། །རིགས་ཀྱི་བུ། ངས་མདོ་སྡེ་ལས་ངའི་ཉེ་གནས་རྣམས་ཀྱིས་སྤོས་དང ། མེ་ཏོག་དང ། གསེར་དང ། དངུལ་དང ། རིན་པོ་ཆེ་དང ། ཆུང་མ་དང ། བུ་དང ། བྲན་ཕོ་དང ། བྲན་མོ་ལ་སོགས་པ་མ་བརྟགས་པའི་རྫས་རྣམ་པ་བརྒྱད་ལ་སོགས་པ་བཅངས་ཀྱང་བདེན་པའི་ལམ་ཐོབ་བོ། །བདེན་པའི་ལམ་ཐོབ་ནས་ཀྱང་མི་སྤོང་ངོ་ཞེས་གསུངས་ཏེ། ངའི་ཉེ་གནས་རྣམས་དེ་སྐད་དུ་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ། དེ་བཞིན་གཤེགས་པས་ངེས་པར་འདོད་པ་ལྔ་ལ་སྤྱོད་ན། འཕགས་པའི་ལམ་གྱི་བར་ཆད་དུ་མི་འགྱུར་བར་གསུངས་སོ་ཞེས་ཟེར་རོ། །གཞན་ཡང་དུས་གཅིག་ན་ངས་འདི་སྐད་དུ་ཁྱིམ་ན་གནས་པས་བདེན་པའི་ལམ་ཐོབ་པའི་གནས་མེད་དོ་ཞེས་གསུངས་སོ། །རིགས་ཀྱི་བུ། ངའི་ཉེ་གནས་རྣམས་ཀྱིས་དེ་སྐད་དུ་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས་དེ་བཞིན་གཤེགས་པས་འདོད་པ་ལྔ་སྤྱོད་ན་ངེས་པར་བདེན་པའི་ལམ་གྱི་བར་ཆད་དུ་འགྱུར་བར་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ངས་མདོ་སྡེ་ལས་ཉོན་མོངས་པ་སྤངས་ཏེ། རྣམ་པར་གྲོལ་བ་མ་ཐོབ་པ་ནི་འདོད་པའི་ཁམས་ན་འཇིག་རྟེན་གྱི་མཆོག་གི་ཆོས་སྤྱོད་པ་དང་མཚུངས་སོ་ཞེས་གསུངས་ཏེ། རིགས་ཀྱི་བུ། ངའི་ཉེ་གནས་རྣམས་དེ་སྐད་དུ་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས། འདི་སྐད་དུ་དེ་བཞིན་གཤེགས་པས་འཇིག་རྟེན་མཆོག་གི་
Kha318a
༄#། །ཆོས་ནི་འདོད་པའི་ཁམས་འབའ་ཞིག་ན་ཡོད་པར་གསུངས་སོ་ཞེས་ཟེར་རོ། །ཡང་ངས་འདི་སྐད་དུ་དྲོད་དང ། སྤྱི་བོ་དང ། བཟོད་པ་དང ། འཇིག་རྟེན་མཆོག་གི་ཆོས་ནི་བསམ་གཏན་དང་པོ་ནས་བསམ་གཏན་བཞི་པའི་བར་ལ་ཡོད་དོ་ཞེས་གསུངས་ཏེ། རིགས་ཀྱི་བུ། ངའི་ཉེ་གནས་རྣམས་དེ་སྐད་དུ་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ་དེ་བཞིན་གཤེགས་པས་ཆོས་དེ་དག་གཟུགས་ཀྱི་ཁམས་ན་ཡོད་པར་གསུངས་སོ་ཞེས་ཟེར་རོ། །ཡང་ངས་འདི་སྐད་དུ་མུ་སྟེགས་ཅན་རྣམས་སྔར་བསམ་གཏན་བཞི་པའི་ཉོན་མོངས་པ་ཡོངས་སུ་བཅད་ནས། དྲོད་དང ། སྤྱི་བོ་དང ། བཟོད་པ་དང ། འཇིག་རྟེན་མཆོག་གི་ཆོས་བསྒོམས་ཏེ་བདེན་པ་བཞི་རྟོགས་ནས་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་བོ་ཞེས་གསུངས་ཏེ། ངའི་ཉེ་གནས་རྣམས་ཀྱིས་དེ་སྐད་དུ་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ། དེ་བཞིན་གཤེགས་པས་འཇིག་རྟེན་མཆོག་གི་ཆོས་ནི་གཟུགས་མེད་པའི་ཁམས་ན་ཡོད་པར་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ངས་མདོ་སྡེ་ལས་འདི་སྐད་དུ་གསུངས་ཏེ། སྦྱིན་པ་རྣམ་པ་བཞི་ལས། གསུམ་ནི་རྣམ་པར་དག་པ་སྟེ། དེ་ལ་སྦྱིན་བདག་ནི་རྒྱུ་དང་འབྲས་བུ་དང ། སྦྱིན་པ་ལ་ཡིད་ཆེས་ལ། ལེན་པ་ནི་རྒྱུ་དང་འབྲས་བུ་དང ། སྦྱིན་པ་ལའང་ཡིད་མི་ཆེས་
Kha318b
པ་དང ། ལེན་པ་ནི་རྒྱུ་དང་འབྲས་བུ་དང ། སྦྱིན་པ་ལ་ཡིད་ཆེས་ལ། སྦྱིན་བདག་ནི་རྒྱུ་དང་འབྲས་བུ་དང ། སྦྱིན་པ་ལ་ཡིད་མི་ཆེས་པ་དང ། སྦྱིན་པ་དང་ལེན་པ་གཉིས་ཀ་ཡིད་ཆེས་པ་དང ། སྦྱིན་པ་དང་ལེན་པ་གཉིས་ཀ་ཡིད་མ་ཆེས་པ་སྟེ། སྦྱིན་པ་རྣམ་པ་དེ་བཞི་ལ། དང་པོ་གསུམ་ནི་རྣམ་པར་དག་གོ་ཞེས་གསུངས་ཏེ། ངའི་ཉེ་གནས་རྣམས་ཀྱིས་དེ་སྐད་དུ་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས་སྦྱིན་པ་ནི་ཡིད་འབའ་ཞིག་ཡིན་པར་དེ་བཞིན་གཤེགས་པས་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ངས་ཡང་དུས་གཅིག་ན་འདི་སྐད་དུ་སྦྱིན་བདག་གིས་སྦྱིན་པ་བྱིན་པ་ན་དངོས་པོ་རྣམ་པ་ལྔ་སྦྱིན་པ་བྱའོ། །ལྔ་གང་ཞེ་ན། མདོག་སྦྱིན་པ་དང ། སྟོབས་སྦྱིན་པ་དང ། བདེ་བ་སྦྱིན་པ་དང ། སྲོག་སྦྱིན་པ་དང ། སྤོབས་པ་སྦྱིན་པ་སྟེ། དེའི་རྒྱུས་སྦྱིན་བདག་གིས་འབྲས་བུ་རྣམ་པར་སྨིན་པ་རྣམ་པ་ལྔ་ཐོབ་པར་འགྱུར་རོ་ཞེས་གསུངས་ཏེ། ངའི་ཉེ་གནས་རྣམས་ཀྱིས་དེ་ཐོས་ནས་ངའི་དགོངས་པ་མི་ཤེས་པས། འདི་སྐད་དུ་སྦྱིན་པ་ཉིད་ཕུང་པོ་ལྔ་ཡིན་པར་སངས་རྒྱས་ཀྱིས་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ངས་ཡང་དུས་གཅིག་ན་འདི་སྐད་དུ་མྱ་ངན་ལས་འདས་པ་ནི་ཉོན་མོངས་པ་མཐའ་ཡུན་དུ་ཟད་ཅིང་ལྷག་མ་མ་ལུས་པར་འགགས་པ་སྟེ། ཇི་ལྟར་མེ་མར་ཤི་ནས་ཕྱིར་སྐྱེ་བའི་ཆོས་མེད་པ་ལྟར་མྱ་ངན་ལས་འདས་པའང་དེ་བཞིན་ནོ། །ནམ་མཁའ་སྟོང་པ་ཞེས་བྱ་
Kha319a
༄#། །བ་ཉིད་ནི་ཅིའང་མེད་པའོ། །དཔེར་ན། འཇིག་རྟེན་ན་ཅིའང་མེད་པ་ནི་ནམ་མཁའ་སྟོང་པ་ཞེས་བྱ་སྟེ། ཡེ་ཤེས་ཀྱི་རྐྱེན་གྱིས་འགོག་པ་མ་ཡིན་པས་ཅིའང་མེད་པ་ཡིན་ནོ། །ཇི་སྟེ་ཡོད་པ་ཞིག་ཡིན་ན་རྒྱུ་དང་རྐྱེན་ཡང་ཡོད་པའི་རིགས་སོ། །རྒྱུ་དང་རྐྱེན་ཡོད་ན་ཟད་པ་དང་འགག་པ་ཡོད་པའི་རིགས་ཏེ། དེ་ལྟར་མེད་པས་ན་ཟད་པ་དང་འགོག་པ་མེད་དོ་ཞེས་གསུངས་ཏེ། ངའི་ཉེ་གནས་རྣམས་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས། འདི་སྐད་དུ་བཅོམ་ལྡན་འདས་ཀྱིས་འདུས་མ་བྱས་པ་རྣམ་པ་གསུམ་མེད་པར་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ངས་དུས་གཅིག་ན་མཽངྒལ་གྱི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽངྒལ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཚིག་གི་ཐ་སྙད་དོ། །རྐང་པའི་རྗེས་སོ། །མཐར་ཕྱིན་པའི་གནས་སོ། །འཇིགས་པ་མེད་པའོ། །སྟོན་པ་ཆེན་པོའོ། །འབྲས་བུ་ཆེན་པོའོ། །མཐར་ཕྱིན་པའི་ཡེ་ཤེས་སོ། །བཟོད་པ་ཆེན་པོའོ། །ཐོགས་པ་མེད་པའི་ཏིང་ངེ་འཛིན་ཏོ། །ཆོས་ཀྱི་དབྱིངས་ཆེན་པོའོ། །ཟིལ་མངར་གྱི་རོའོ། །མཐོང་བར་དཀའ་བ་ཡིན་ནོ། །མཽངྒལ། ཇི་སྟེ་མྱ་ངན་ལས་འདས་པ་མེད་དོ་ཞེས་གསུངས་ན། ཅིའི་ཕྱིར་སྐུར་པ་དེ་དག་སེམས་ཅན་དམྱལ་བར་ལྟུང་ཞེས་གསུངས་སོ། །ངའི་ཉེ་གནས་རྣམས་ཀྱིས་དེ་སྐད་དུ་གསུངས་
Kha319b
པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས། འདི་སྐད་དུ་མྱ་ངན་ལས་འདས་པ་ཡོད་པར་དེ་བཞིན་གཤེགས་པས་གསུངས་སོ་ཞེས་ཟེར་རོ། །ཡང་དུས་གཅིག་ན་ངས་མཽངྒལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽངྒལ། མིག་ལ་སྙིང་པོ་མེད་པ་ནས་ལུས་ཀྱི་བར་དུ་ཐམས་ཅད་ལ་སྙིང་པོ་མེད་དོ། །དེ་ལྟར་སྙིང་པོ་མེད་པས་སྟོང་པ་ཞེས་བྱ་སྟེ། ཁ་ཟས་ལ་སོགས་པ་འགྱུར་ཞིང་འཇུ་བ་དང ། སྒྲ་ཐམས་ཅད་ཀྱང་སྟོང་པ་ཞེས་བྱའོ། ཞེས་གསུངས་ཏེ། ངའི་ཉེ་གནས་རྣམས་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ། ནམ་མཁའ་སྟོང་པ་དང་འདུས་མ་བྱས་པ་ནི་ངེས་པར་ཡོད་པར་སངས་རྒྱས་ཀྱིས་གསུངས་སོ་ཞེས་ཟེར་རོ། །ཡང་དུས་གཅིག་ན་ངས་མཽངྒལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཽངྒལ། གང་ལ་ལ་ཞིག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མ་ཐོབ་པར་བཟོད་པ་ལ་གནས་པའི་ཚེ། ངན་སོང་གསུམ་གྱི་རྣམ་པར་སྨིན་པ་ཚད་མེད་པ་སྙེད་བཅད་པ་ནི་ཡེ་ཤེས་ཀྱི་རྐྱེན་གྱིས་འགོག་པ་མ་ཡིན་པར་རིག་པར་གྱིས་ཤིག་ཅེས་གསུངས་སྟེ། ངའི་ཉེ་གནས་རྣམས་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ་ཡེ་ཤེས་ཀྱི་རྐྱེན་གྱིས་འགོག་པ་མ་ཡིན་པར་སངས་རྒྱས་ཀྱིས་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ངས་ཡང་དུས་གཅིག་ན་དགེ་སློང་བར་པ་ཞེས་བྱ་བ་ལ་བར་པ་བཤད་དེ། གལ་ཏེ་དགེ་སློང་
Kha320a
༄#། །གང་གཟུགས་ལ་འདས་པའམ། མ་འོངས་པའམ། ད་ལྟར་རམ། ཉེ་བའམ། རིང་བའམ། སྦོམ་པོའམ། ཕྲ་མོར་རྟོག་ན་དེ་ལྟར་བུ་ལ་སོགས་པའི་གཟུགས་ནི་བདག་དང་བདག་གི་བ་མ་ཡིན་ནོ། །གལ་ཏེ་དགེ་སློང་གང་དེ་ལྟར་རྟོགས་ན་གཟུགས་ཀྱི་སྲེད་པ་གཅོད་ནུས་སོ། །དགེ་སློང་བར་པས་གསོལ་པ། ཇི་ལྟར་ན་གཟུགས་དང་མིང་ཞེས་བགྱི། བཀའ་སྩལ་པ། ཆེན་པོ་བཞི་ནི་གཟུགས་སོ། །ཕུང་པོ་བཞི་ནི་མིང་ངོ་ཞེས་གསུངས་ཏེ། ངའི་ཉེ་གནས་རྣམས་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་སྣས་ངའི་དགོངས་པ་མི་ཤེས་པས། འདི་སྐད་དུ་གཟུགས་ནི་ངེས་པར་ཆེན་པོ་བཞི་ཡིན་པར་དེ་བཞིན་གཤེགས་པས་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ངས་ཡང་འདི་སྐད་དུ། དཔེར་ན། མེ་ལོང་གི་རྐྱེན་གྱིས་གཟུགས་བརྙན་སྣང་བར་གྱུར་པ་ལྟར་གཟུགས་ཀྱང་དེ་དང་འདྲ་སྟེ། ཆེན་པོ་བཞིའི་རྐྱེན་གྱིས་འདི་ལྟར་སྦོམ་པོ་དང ། ཕྲ་མོ་དང ། རྩུབ་པོ་དང ། འཇམ་པ་དང ། སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་དང ། རིང་པོ་དང ། ཐུང་ངུ་དང ། གྲུ་བཞི་དང ། ཟླུམ་པོ་དང ། སྣརེལ་ཞི་དང ། ཡང་བ་དང ། ལྕི་བ་དང ། གྲང་བ་དང ། ཚ་བ་དང ། སྐོམ་པ་དང ། དུད་པ་དང ། སྤྲིན་དང ། ཁུག་རྣའང་ཡོད་དེ། དེ་ནི་བྱས་པའི་གཟུགས་ཡིན་པས་ཇི་ལྟར་བྲག་ཅ་དང་མཚུངས་
Kha320b
སོ། །ཞེས་གསུངས་ཏེ། ངའི་ཉེ་གནས་རྣམས་ཀྱིས་དེ་སྐད་དུ་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས། འདི་སྐད་དུ་ཆེན་པོ་བཞི་ནི་བྱས་པའི་གཟུགས་ཀྱང་ཡིན་ལ། ཆེན་པོ་བཞི་ཁ་ཅིག་ནི་བྱས་པའི་གཟུགས་མེད་པར་དེ་བཞིན་གཤེགས་པས་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། སྔོན་དུས་གཅིག་ན་བྱང་ཆུབ་ཀྱི་ཤིང་གི་རྒྱལ་པོའི་བུས་འདི་སྐད་དུ་གལ་ཏེ་དགེ་སློང་གང་ཚུལ་ཁྲིམས་སྡོམ་པ་གལ་ཏེ་མི་དགེ་བའི་སེམས་བསྐྱེད་ན། དེའི་དུས་ན་དགེ་སློང་གི་ཚུལ་ཁྲིམས་ཉམས་པར་གྱུར་པ་ལགས་སོ་ཞེས་ཟེར་རོ། །ངས་དེའི་ཚེ་བྱང་ཆུབ་ཀྱི་ཤིང་གི་རྒྱལ་པོའི་བུ་ལ་བཀའ་སྩལ་པ། ཚུལ་ཁྲིམས་ལ་རྣམ་པ་བདུན་ཡོད་དེ། ལུས་དང་ངག་ལས་རྣམ་པར་རི་བྱེད་མ་ཡིན་པའི་གཟུགས་ཡོད་དོ། །རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་རྐྱེན་གྱིས་སེམས་མི་དགེ་བའམ། ལུང་དུ་མི་སྟོན་པ་ལ་གནས་ཀྱང་ཚུལ་ཁྲིམས་ཉམས་པ་ཞེས་མི་བྱ་སྟེ། ཚུལ་ཁྲིམས་སྲུང་བའོ། །ཅིའི་རྒྱུ་ཅིའི་རྐྱེན་གྱིས་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཤེ་ན། གཟུགས་ཐ་དད་པའི་རྐྱེན་གྱིས་གཟུགས་ཐ་དད་པའི་རྒྱུ་དང་འབྲས་བུར་འགྱུར་བ་མ་ཡིན་པའོ་ཞེས་གསུངས་ཏེ། རིགས་ཀྱི་བུ། ངའི་ཉེ་གནས་རྣམས་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་སྣས། ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡོད་པར་སངས་རྒྱས་ཀྱིས་གསུངས་སོ། །
Kha321a
༄#། །ཞེས་ཟེར་རོ། །རིགས་ཀྱི་བུ། ངས་མདོ་སྡེ་གཞན་དག་ལས་འདི་སྐད་དུ་ཚུལ་ཁྲིམས་ཞེས་བྱ་བ་ནི་མི་དགེ་བའི་ཆོས་བཀག་པ་ཡིན་ཏེ། གལ་ཏེ་མི་དགེ་བ་མི་བྱེད་ན་ཚུལ་ཁྲིམས་སྲུང་བའོ་ཞེས་གསུངས་ཏོ། ངའི་ཉེ་གནས་རྣམས་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས། འདི་སྐད་དུ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ངེས་པ་མེད་པར་དེ་བཞིན་གཤེགས་པས་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ངས་མདོ་སྡེ་ལས་འདི་སྐད་དུ་གསུངས་ཏེ། འཕགས་པའི་གཟུགས་ཀྱི་ཕུང་པོ་ནས་རྣམ་པར་ཤེས་པའི་ཕུང་པོའི་བར་དུ་མ་རིག་པའི་རྒྱུ་དང་རྐྱེན་ལས་བྱུང་བ་ཡིན་ཏེ། བུས་པ་མ་རབས་ཐམས་ཅད་ཀྱང་དེ་དང་འདྲ་བར་མ་རིག་པ་ལས་སྲེད་པ་སྐྱེ་སྟེ། སྲེད་པ་དེ་ཉིད་མ་རིག་པ་ཡིན་པར་རིག་པར་བྱའོ། །སྲེད་པ་ལས་ལེན་པ་སྐྱེ་བས་ན། ལེན་པ་དེ་ཉིད་མ་རིག་པ་དང ། སྲེད་པ་ཡིན་པར་རིག་པར་བྱའོ། །ལེན་པ་ལས་སྲིད་པ་སྐྱེ་བས་ན་སྲིད་པ་དེ་ཉིད་མ་རིག་པ་དང ། སྲེད་པ་དང ། ལེན་པ་ཡིན་པར་རིག་པར་བྱའོ། །སྲིད་པ་ལས་ཚོར་བ་སྐྱེ་བས་ན་ཚོར་བ་དེ་ཉིད་འདུ་བྱེད་དང ། སྲིད་པ་ཡིན་པར་རིག་པར་བྱའོ།། ཚོར་བའི་རྒྱུ་ལས་མིང་དང་གཟུགས་དང ། མ་རིག་པ་དང ། སྲེད་པ་དང ། ལེན་པ་དང ། སྲིད་པ་དང ། འདུ་བྱེད་དང ། ཚོར་བ་དང ། རེག་པ་དང ། རྣམ་པར་ཤེས་པ་དང ། དྲུག་
Kha321b
གི་སྐྱེ་མཆེད་ལ་སོགས་པ་སྐྱེ་བས་ན་དེའི་ཕྱིར་ཚོར་བ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ཡིན་ནོ་ཞེས་གསུངས་ཏེ། ངའི་ཉེ་གནས་རྣམས་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ། སེམས་ལས་བྱུང་བ་མེད་པར་དེ་བཞིན་གཤེགས་པས་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ངས་མདོ་སྡེ་ལས་འདི་སྐད་ཅེས་གསུངས་སོ། ། མིག་དང ། གཟུགས་དང ། སྣང་བ་དང ། འདོད་པ་ངན་པ་ལས་མིག་གི་རྣམ་པར་ཤེས་པ་བྱུང་ངོ ། །འདོད་པ་ངན་པ་ཞེས་བྱ་བ་ནི་མ་རིག་པ་སྟེ། འདོད་པའི་རང་བཞིན་གྱིས་ཚོར་བའི་ཚེ་ནི་སྲེད་པ་ཞེས་བྱའོ། །སྲེད་པའི་རྐྱེན་གྱིས་ལེན་པ་སྟེ། ལེན་པ་ནི་ལས་ཞེས་བྱའོ། །ལས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་སྟེ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་དང ། མིང་དང་གཟུགས་ཀྱི་རྐྱེན་གྱིས་དྲུག་གི་སྐྱེ་མཆེད། དྲུག་གི་སྐྱེ་མཆེད་ཀྱི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་འདུ་ཤེས་དང ། ཚོར་བ་དང ། མོས་པ་དང ། དད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་སྟེ། དེ་ལྟ་བུའི་ཆོས་དེ་དག་ནི་ཚོར་བའི་རྐྱེན་གྱིས་སྐྱེས་མོད་ཀྱི་ཚོར་བ་ནི་མ་ཡིན་ནོ། །རིགས་ཀྱི་བུ། ངའི་ཉེ་གནས་རྣམས་ཀྱིས་དེ་སྐད་དུ་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ། སེམས་ཅན་ལས་བྱུང་བ་ཡོད་པར་དེ་བཞིན་གཤེགས་པས་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ངས་སྐབས་ཁ་ཅིག་ཏུ་ནི་སྲིད་པ་གཅིག་པ་
Kha322a
༄#། །འབའ་ཞིག་ཡོད་པར་གསུངས། སྐབས་ཁ་ཅིག་ཏུ་ནི་སྲིད་པ་གཉིས་དང ། གསུམ་དང ། བཞི་དང ། ལྔ་དང ། དྲུག་དང ། བདུན་དང ། བརྒྱད་དང ། དགུ་དང ། བཅུ་ནས་ཉི་ཤུ་ལྔའི་བར་དུ་གསུངས་ཏེ། ངའི་ཉེ་གནས་རྣམས་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས། འདི་སྐད་དུ་སྲིད་པ་ལྔ་དང ། སྲིད་པ་དྲུག་ཡོད་པར་དེ་བཞིན་གཤེགས་པས་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ང་སྔོན་དུས་གཅིག་ན་ཡུལ་སེར་སྐྱར་ཤིང་ནྱ་གྲོ་དྷའི་ཚལ་ན་བཞུགས་པའི་ཚེ་ཤཱཀྱ་མིང་ཆེན་ཞེས་བྱ་བ་ང་གང་ན་བར་འོངས་ནས་འདི་སྐད་དུ་ཇི་ལྟར་ན་དགེ་བསྙེན་ཞེས་བགྱི་ཞེས་གསོལ་ཏོ། །ངས་བཀའ་སྩལ་པ། གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དབང་པོ་རྣམས་དང་ལྡན་ལ།་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་དེ་ལ་ནི་དགེ་བསྙེན་ཞེས་བྱའོ། །ཤཱཀྱ་མིང་ཆེན་གྱིས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་ཕྱོགས་གཅིག་པའི་དགེ་བསྙེན་ཞེས་བགྱི།་ངས་བཀའ་སྩལ་པ། ཤཱཀྱ་མིང་ཆེན་གང་སྐྱབས་སུ་འགྲོ་བ་གསུམ་དང ། ཁྲིམས་གཅིག་མནོས་པ་ནི་ཕྱོགས་གཅིག་པའི་དགེ་བསྙེན་ཞེས་བྱའོ། །ངའི་ཉེ་གནས་རྣམས་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ། དགེ་བསྙེན་ཁྲིམས་ནི་ཐམས་ཅད་དང་མི་ལྡན་ཡང་རུང་བར་སངས་རྒྱས་ཀྱིས་གསུངས་སོ་ཞེས་ཟེར་རོ།།
Kha322b
རིགས་ཀྱི་བུ། ངས་དུས་གཅིག་ན་ཆུ་བོ་གངྒཱའི་འགྲམ་ན་བཞུགས་ཏེ། དེའི་ཚེ་ཀཱ་ཏྱཱ་ཡ་ན་ང་གང་ན་བར་འོངས་ནས་འདི་སྐད་དུ། བཅོམ་ལྡན་འདས། བདག་གིས་སེམས་ཅན་ལ་བསླབ་པའི་ཡན་ལག་གི་ཆོས་གདུགས་གཅིག་གམ། ཞག་གཅིག་གམ། དུས་གཅིག་གམ། ཡུད་ཙམ། ཐང་གཅིག་གིས་ནོད་དུ་སྩལ་ན་དེ་དག་གིས་སློབ་པའི་ཡན་ལག་ཏུ་འགྱུར་རམ། བཀའ་སྩལ་པ།་དགེ་སློང ། དེ་ནི་དགེ་བ་ཐོབ་མོད་ཀྱི། བསླབ་པའི་ཡན་ལག་ཐོབ་པ་ཞེས་མི་བྱའོ། །ངའི་ཉེ་གནས་རྣམས་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས། འདི་སྐད་དུ་བསླབ་པའི་ཡན་ལག་བརྒྱད་དང་ལྡན་ན་ཚུལ་ཁྲིམས་བརྒྱད་མནོས་པ་ཡིན་པར་དེ་བཞིན་གཤེགས་པས་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ངས་མདོ་སྡེ་ལས་འདི་སྐད་ཅེས་གསུངས་སོ། །གལ་ཏེ་དགེ་སློང་གང་རྩ་བ་བཞི་ཉམས་ན་དགེ་སློང་ཞེས་མི་བྱ་སྟེ། དགེ་སློང་ཞིག་པ། དགེ་སློང་སྟོར་ཅིང་ཉམས་པ་ཞེས་བྱ། དགེ་བའི་འབྲས་བུའི་མྱུ་གུ་མི་སྐྱེ་བ་སྟེ། དཔེར་ན། ས་བོན་འཚིག་པ་ལ་འབྲས་བུ་མི་སྐྱེ་བ་དང ། ཤིང་ཏ་ལའི་མགོ་བཅད་ན་ཤིང་ཏོག་མི་སྐྱེ་བ་དང་འདྲ་བར་རྩ་བ་བཞི་ཉམས་པའི་དགེ་སློང་ཡང་དེ་དག་འདྲའོ་ཞེས་གསུངས་ཏེ། ངའི་ཉེ་གནས་རྣམས་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས། འདི་སྐད་དུ་དགེ་སློང་རྣམས་ཀྱིས་རྩ་བ་བཞི་ཉམས་ན་དགེ་སློང་གི་ཚུལ་ཁྲིམས་ཉམས་པ་ཡིན་པར་དེ་བཞིན་གཤེགས་
Kha323a
༄#། །པས་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ངས་མདོ་སྡེའི་ནང་ན་ཙུནད་ལ་དགེ་སློང་རྣམ་པ་བཞི་ཡོད་དོ་ཞེས་གསུངས་ཏེ། གང་ཞེ་ན། བྱང་ཆུབ་ཀྱི་མཐར་ཕྱིན་པ་དང ། བྱང་ཆུབ་སྟོན་པ་དང ། བྱང་ཆུབ་ལེན་པ་དང ། བྱང་ཆུབ་དམེ་བར་བྱེད་པའོ། །དེ་ལ་རྩ་བ་བཞི་ཉམས་པ་ནི་བྱང་ཆུབ་དམེ་བར་བྱེད་པའོ་ཞེས་གསུངས་ཏེ། ངའི་ཉེ་གནས་རྣམས་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་ནས། ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ། དགེ་སློང་རྣམས་ཀྱིས་རྩ་བ་བཞི་ཉམས་ཀྱང་ཚུལ་ཁྲིམས་ཉིད་མ་ཉམས་པར་དེ་བཞིན་གཤེགས་པས་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ངས་མདོ་སྡེ་ལས་དགེ་སློང་རྣམས་ལ་ཐེག་པ་གཅིག་པ་དང ། ལམ་གཅིག་པ་དང ། སྤྱོད་པ་གཅིག་པ་དང ། དམིགས་པ་གཅིག་པ་གསུངས་ཏེ། དེ་ལྟ་བུའི་ཐེག་པ་གཅིག་པ་ནས་དམིགས་པ་གཅིག་པའི་བར་དུ་དེ་དག་གིས་སེམས་ཅན་གྱི་ཞི་བ་ཆེན་པོ་བྱེད་ཅིང་བཅིངས་པ་ཐམས་ཅད་དང ། མྱ་ངན་དང ། སྡུག་བསྔལ་དང ། སྡུག་བསྔལ་གྱི་རྒྱུ་ཡོངས་སུ་གཅོད་དེ། སེམས་ཅན་ཐམས་ཅད་སྲིད་པ་གཅིག་ཏུ་ཕྱིན་པར་བྱེད་པའོ་ཞེས་གསུངས་ཏེ། ངའི་ཉེ་གནས་རྣམས་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ། རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་བར་དུ་དེ་དག་ཐམས་ཅད་ཀྱང་མངོན་པར་བྱང་ཆུབ་པར་དེ་བཞིན་གཤེགས་
Kha323b
པས་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ངས་མདོ་སྡེ་ལས་རྒྱུན་དུ་ཞུགས་པས་ལྷ་དང་མིའི་ནང་དུ་ཡན་མན་ལན་བདུན་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའོ། །ལན་གཅིག་ཕྱིར་ལྡོག་པས་ནི་ལྷ་དང་མིར་ལན་གཅིག་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའོ། །ཕྱིར་མི་ལྡོག་པ་ལ་རྣམ་པ་ལྔ་སྟེ། ལ་ལས་ནི་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་ནས་ཐ་མ་ལ་ཐུག་གི་བར་དུ་ཡོངས་སུ་མྱ་ངན་ལས་འདའོ། །དགྲ་བཅོམ་པ་ལ་རྣམ་པ་གཉིས་ཏེ། ད་ལྟར་དང ། མ་འོངས་པའོ། །ད་ལྟར་གྱིའང་ཉོན་མོངས་པའི་ལྔ་ཕུང་གཅོད་དོ། །མ་འོངས་པའང་ཉོན་མོངས་པའི་ལྔ་ཕུང་གཅོད་དོ་ཞེས་གསུངས་ཏེ། ངའི་ཉེ་གནས་རྣམས་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ། རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་བར་དུ་དེ་དག་མངོན་པར་བྱང་ཆུབ་མི་ཐོབ་པར་དེ་བཞིན་གཤེགས་པས་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ངས་མདོ་སྡེ་འདི་ལས་སངས་རྒྱས་ཀྱི་རང་བཞིན་ནི་དངོས་པོ་དྲུག་དང་ལྡན་ཏེ། རྟག་པ་དང ། བདག་དང ། ཡང་དག་པ་དང ། བདེན་པ་དང ། དགེ་བ་དང ། རྣམ་པར་དག་པ་དང ། མཐོང་བའོ་ཞེས་གསུངས་ཏེ། ངའི་ཉེ་གནས་རྣམས་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་སེམས་ཅན་ལས་གཞན་པ་ན་ཡོད་པར་དེ་བཞིན་གཤེགས་
Kha324a
༄#། །པས་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ངས་ཡང་འདི་སྐད་དུ་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་ནམ་མཁའ་དང་འདྲ་སྟེ། ནམ་མཁའ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་མ་ཡིན། ནང་མ་ཡིན། ཕྱི་རོལ་མ་ཡིན་ཏེ། གཟུགས་སྒྲ་དྲི་རོ་རེག་བྱས་བསྡུས་པ་ལྟར་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲའོ་ཞེས་གསུངས་ཏེ། ངའི་ཉེ་གནས་རྣམས་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་སེམས་ཅན་ལས་གཞན་པ་ན་ཡོད་པར་དེ་བཞིན་གཤེགས་པས་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ངས་ཡང་འདི་སྐད་དུ་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི།་དཔེར་ན། བུད་མེད་དབུལ་མོའི་ཁྱིམ་གྱི་རིན་པོ་ཆེའི་གཏེར་དང ། སྟོབས་པོ་ཆེའི་དཔྲལ་བའི་རིན་པོ་ཆེའི་ནོར་བུ་རྡོ་རྗེ་དང ། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཟིལ་མངར་གྱི་ཆུ་མིག་དང་མཚུངས་སོ་ཞེས་གསུངས་སོ། །ངའི་ཉེ་གནས་རྣམས་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་སེམས་ཅན་ལས་གཞན་པ་ན་ཡོད་པར་དེ་བཞིན་གཤེགས་པས་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ངས་ཡང་འདི་སྐད་དུ་རྩ་བ་བཞི་ཉམས་པ་
Kha324b
དང ། ལོག་སྲེད་ཅན་དང ། ཤིན་ཏུ་རྒྱས་པའི་མདོ་ལ་སྐུར་པ་དང ། མཚམས་མེད་པ་ལྔའི་སྡིག་བྱས་པ་ལའང་སངས་རྒྱས་ཀྱི་རང་བཞིན་ཡོད་དེ། སེམས་ཅན་དེ་དག་ལ་དགེ་བའི་ཆོས་ཡོད་མོད་ཀྱི་སངས་རྒྱས་ཀྱི་རང་བཞིན་ནི་དགེ་བའོ་ཞེས་གསུངས་ཏེ། ངའི་ཉེ་གནས་རྣམས་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་སེམས་ཅན་ཐམས་ཅད་ལས་གཞན་པ་ན་ཡོད་པར་དེ་བཞིན་གཤེགས་པས་གསུངས་སོ་ཞེས་ཟེར་རོ། །རིགས་ཀྱི་བུ། ངས་ཡང་འདི་སྐད་དུ་སེམས་ཅན་ཉིད་སངས་རྒྱས་ཀྱི་རང་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ལས་གཞན་པའི་ཕ་རོལ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་མེད་དེ། དེ་བས་ན་ངས་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ལ་བལ་གླང་གི་དཔེ་བཤད་པ་དང ། ཇི་ལྟར་དམུས་ལོང་གི་བལ་གླང་གི་མཚན་ཉིད་སྨྲ་བ་དག་བལ་གླང་ཁོ་ནར་མི་འཇེབས་མོད་ཀྱི། བལ་གླང་ལས་གཞན་པ་མ་ཡིན་པ་ལྟར་སེམས་ཅན་གྱི་གཟུགས་དང་རྣམ་པར་ཤེས་པའི་བར་དུ་སངས་རྒྱས་ཀྱི་རང་བཞིན་ཡིན་པར་སྨྲ་བའང་དེ་དང་མཚུངས་ཏེ། སངས་རྒྱས་ཀྱི་རང་བཞིན་མ་ཡིན་མོད་ཀྱི། སངས་རྒྱས་ཀྱི་རང་བཞིན་མ་ཡིན་པའང་མ་ཡིན་ནོ། །ཇི་ལྟར་ངས་རྒྱལ་པོ་ལ་དགུ་པོ་རྒྱུད་མང་གི་དཔེ་གསུངས་པ་ལྟར་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲའོ་ཞེས་
Kha325a
༄#། །གསུངས་སོ། །རིགས་ཀྱི་བུ། ངའི་ཉེ་གནས་རྣམས་ཀྱིས་དེ་སྐད་དུ་གསུངས་པ་ཐོས་ན་ས་ངའི་དགོངས་པ་མི་ཤེས་པས་རྣམ་པ་སྣ་ཚོགས་སུ་འཆད་དོ། །ཇི་ལྟར་དམུས་ལོང་གིས་འོ་མ་འདྲི་བ་ལྟར་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། དེའི་རྒྱུ་དེའི་རྐྱེན་གྱིས་ལ་ལ་ནི་རྩ་བ་བཞི་ཉམས་པ་དང ། ཤིན་ཏུ་རྒྱས་པའི་མདོ་ལ་སྐུར་བ་དང ། མཚམས་མེད་པ་ལྔའི་སྡིག་བྱས་པ་དང ། ལོག་སྲེད་ཅན་ལ་སོགས་པ་ཀུན་ཀྱང་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་འཆད་དོ། །ལ་ལས་ནི་དེ་དག་ལ་མེད་དོ་ཞེས་འཆད་དོ། ། རིགས་ཀྱི་བུ། ངས་མདོ་སྡེ་ཀུན་ལས་འདི་སྐད་དུ་གསུངས་སོ། །མི་གཅིག་འཇིག་རྟེན་དུ་བྱུང་ན་མི་མང་པོ་ལ་ཕན་པར་འགྱུར་བ་དང ། ཡུལ་གཅིག་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་གཉིས་འབྱུང་བ་དང ། འཇིག་རྟེན་གྱི་ཁམས་གཅིག་ན་སངས་རྒྱས་གཉིས་འབྱུང་བ་དེ་ལྟ་བུའི་གནས་མེད་དོ། །གླིང་བཞི་པ་གཅིག་ན་མགོན་པོ་བརྒྱད་ཡོད་པ་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་དུ་གཉིས་ཡོད་དོ་ཞེས་བྱ་བ་དེ་ལྟ་བུའི་གནས་མེད་དོ། །ངས་ཛམྦུའི་གླིང་ན་མཚམས་མེད་པའི་སེམས་ཅན་དམྱལ་བ་ནས་ཡར་སྲིད་པའི་རྩེ་མོ་ལ་ཐུག་པར་གསུངས་ཏེ།་ངའི་ཉེ་གནས་རྣམས་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་ནས་ངའི་དགོངས་པ་མི་ཤེས་པས་འདི་སྐད་དུ་ཕྱོགས་བཅུའི་སངས་རྒྱས་མེད་པར་དེ་བཞིན་གཤེགས་པས་གསུངས་སོ། །
Kha325b
ཞེས་ཟེར་ཏེ། ཐེག་པ་ཆེན་པོའི་མདོ་སྡེ་ལས་ཕྱོགས་བཅུའི་སངས་རྒྱས་ཡོད་པར་གསུངས་སོ། །རིགས་ཀྱི་བུ། དེ་ལྟ་བུའི་རྩོད་པ་ནི་བཅོམ་ལྡན་འདས་ཀྱི་སྤྱོད་ཡུལ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་པ་མ་ཡིན་ནོ། །གལ་ཏེ་གང་གིས་དེ་ལ་དེ་ལྟར་ཐེ་ཚོམ་གྱིས་སེམས་སྐྱེས་ན་འོན་ཀྱང་རི་རབ་ཙམ་གྱི་ཉོན་མོངས་པ་ཚད་མེད་པ་སྙེད་གཞིག་ནུས་སོ། །དེ་ལ་གདོན་མི་ཟ་བ་ངེས་པར་བསྐྱེད་ན་དེ་ནི་ཆགས་ཤིང་ཞེན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་ཆགས་ཤིང་ཞེན་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གང་ཟག་སུ་ཞིག་གལ་ཏེ་གཞན་ལས་ཐོས་སམ་བདག་གིས་མདོ་སྡེ་ལ་བལྟས་ཏེ་མཐོང་ངམ། གཞན་གྱིས་བསྟན་པའི་རྗེས་སུ་ཞུགས་ཏེ་ཆགས་པའི་དངོས་པོ་རྣམས་ལ་གཏོང་མི་ནུས་པ་ནི་ཆགས་ཤིང་ཞེན་པ་ཞེས་བྱའོ། །འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། དེ་ལྟར་ཆགས་ཤིང་ཞེན་པ་དེ་དགེ་བ་ལགས་སམ། དགེ་བ་མ་ལགས། བཀའ་སྩལ་པ། རིགས་ཀྱི་བུ། དེ་ལྟར་ཆགས་ཤིང་ཞེན་པ་དེ་ནི་དགེ་བ་ཞེས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཐེ་ཚོམ་གྱི་དྲ་བ་གཅོད་མི་ནུས་པའི་ཕྱིར་རོ། །འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། གང་ཟག་དེ་ནི་ཐོག་མ་ནས་ཐེ་ཚོམ་མ་མཆིས་ན། ཅིའི་སླད་དུ་ཐེ་ཚོམ་གྱི་དྲ་བ་གཅོད་མི་ནུས་པ་ཞེས་བགྱི།
Kha326a
༄#། །བཀའ་སྩལ་པ། གང་ཐེ་ཚོམ་མེད་པ་དེ་ནི་ཐེ་ཚོམ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས། གལ་ཏེ་གང་ཞིག་རྒྱུན་དུ་ཞུགས་པས་ངན་སོང་གསུམ་དུ་མི་ལྟུང་ངོ་ཞེས་མཆི་བ་དེའང་ཆགས་པ་དང ། ཐེ་ཚོམ་ཟ་བ་ཞེས་བགྱིའམ། རིགས་ཀྱི་བུ། དེ་ནི་ངེས་པ་ཞེས་བྱ་སྟེ། ཐེ་ཚོམ་ཞེས་བྱ་བར་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། དཔེར་ན། མི་ཞིག་སྔར་མི་དང་ཤིང་ཞིག་མཐོང་སྟེ། ཕྱིས་མཚན་མོ་སོང་སོང་བ་ལས་ཤིང་དུམ་ཞིག་རྒྱང་ནས་མཐོང་ན་དེ་མིའམ་ཤིང་ཡིན་སྙམ་ཐེ་ཚོམ་སྐྱེའོ། །རིགས་ཀྱི་བུ། ཇི་ལྟར་སྔར་དགེ་སློང་དང ། ཀུན་ཏུ་རྒྱུ་བ་མཐོང་བ་ལས། ཕྱིས་དུས་གཅིག་ན་ལམ་རྒྱང་ནས་དགེ་སློང་ཞིག་མཐོང་ནས་དེ་དགེ་སློང་ངམ། ཀུན་ཏུ་རྒྱུ་ཡིན་སྙམ་ཐེ་ཚོམ་སྐྱེའོ། །རིགས་ཀྱི་བུ། ལ་ལ་ཞིག་གིས་སྔར་བ་ལང་དང ། ཆུ་གླང་ཞིག་མཐོང་ནས་ཕྱིས་རྒྱང་ནས་བ་ལང་ཞིག་མཐོང་ན། དེ་བ་ལང་ངམ། ཆུ་གླང་ཡིན་སྙམ་ཐེ་ཚོམ་སྐྱེའོ། །རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ནི་སྔར་དངོས་པོ་རྣམ་པ་གཉིས་མཐོང་ན་ཕྱིས་ཐེ་ཚོམ་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཀྱིས་མ་རྟོགས་པའི་ཕྱིར་རོ། །ངས་ནི་རྒྱུན་དུ་ཞུགས་པ་ངན་སོང་གསུམ་དུ་ལྟུང་བ་དང ། ངན་སོང་གསུམ་དུ་མི་ལྟུང་བ་མ་བཤད་ན་དེས་ཅིའི་ཕྱིར་ཐེ་ཚོམ་གྱི་སེམས་སྐྱེ་བར་འགྱུར། འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་སྔར་མཐོང་བས་
Kha326b
ཕྱིས་ཐེ་ཚོམ་དུ་འགྱུར་རོ་ཞེས་བགྱི་བ་ཁ་ཅིག་ནི་དངོས་པོ་རྣམ་པ་གཉིས་མ་མཐོང་བར་ཐེ་ཚོམ་དུ་འགྱུར་བའང་མ་མཆིས་སོ། །གང་ཞེ་ན། འདི་ལྟ་སྟེ། མྱ་ངན་ལས་འདས་པའོ། །བཅོམ་ལྡན་འདས། དཔེར་ན། མི་ཞིག་ཤུལ་དུ་ཆབ་རྙོག་མ་ཅན་ཞིག་དང་མཇལ་ན་སྔོན་མ་མཐོང་བས་ཆུ་འདི་ཟབ་བམ་མི་ཟབ་སྙམ་དུ་ཐེ་ཚོམ་འཚལ་ཏེ། སྔོན་མ་མཐོང་ན་ཅིའི་སླད་དུ་ཐེ་ཚོམ་སྐྱེ།་བཀའ་སྩལ་པ། རིགས་ཀྱི་བུ། མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་སྡུག་བསྔལ་བཅད་པའོ། །མྱ་ངན་ལས་འདས་པ་མ་ཡིན་པ་ནི་སྡུག་བསྔལ་ལོ། །སེམས་ཅན་ཐམས་ཅད་ཀྱིས་མཐོང་བ་ལ་རྣམ་པ་གཉིས་ཏེ། སྡུག་བསྔལ་དང ། སྡུག་བསྔལ་མ་ཡིན་པར་མཐོང་བའོ། །སྡུག་བསྔལ་དང ། སྡུག་བསྔལ་མ་ཡིན་པ་ཞེས་བྱ་བ་ནི་བཀྲེས་པ་དང ། སྐོམ་པ་དང ། གྲང་བ་དང ། ཚ་བ་དང ། ཁྲོ་བ་དང ། དགའ་བ་དང ། ན་བ་དང ། བདེ་བ་དང ། རྒས་པ་དང ། དར་བ་དང ། སྐྱེ་བ་དང ། ཤི་བ་དང ། བཅིངས་པ་དང ། གྲོལ་བ་དང ། མཛའ་བ་སྡུག་པ་དང་བྲལ་བ་དང ། དགྲ་སྡང་བ་དང་ཕྲད་བ་སྟེ། སེམས་ཅན་གྱིས་མཐོང་ནས་ནམ་ཞིག་དེ་ལྟ་བུའི་སྡུག་བསྔལ་གྱིས་གདུངས་པའི་དངོས་པོ་དང་བྲལ་བར་འགྱུར་སྙམ་ཐེ་ཚོམ་བསྐྱེད་དེ། དེ་བས་ན་སེམས་ཅན་གྱིས་མྱ་ངན་ལས་འདས་པ་ལ་ཐེ་ཚོམ་སྐྱེའོ། །ཁྱོད་ཀྱི་ཡིད་ལ་མི་དེས་ཆུ་རྙོག་མ་ཅན་སྔར་མ་མཐོང་བར་ཅིའི་ཕྱིར་ཐེ་ཚོམ་
Kha327a
༄#། །ཟ་ཞེས་བྱ་བའི་དོན་དེ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མི་དེས་སྔོན་གནས་གཞན་ཞིག་ན་མཐོང་བས་དེའི་ཕྱིར་སྔོན་མ་ཕྱིན་ཡང་དེ་ལ་ཐེ་ཚོམ་སྐྱེའོ།། གསོལ་པ། བཅོམ་ལྡན་འདས། མི་དེས་སྔོན་ཟབ་པ་དང་མི་ཟབ་པའི་གནས་མཐོང་བའི་ཚེའང་ཐེ་ཚོམ་མ་སྐྱེས་ན། དེ་ཅིའི་སླད་དུ་ཐེ་ཚོམ་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། སྔོན་མ་ཕྱིན་པའི་ཕྱིར་ཐེ་ཚོམ་སྐྱེས་པར་འགྱུར་ཏེ། དེ་བས་ན་མ་རྟོགས་པ་ལ་ཐེ་ཚོམ་སྐྱེའོ་ཞེས་ངས་གསུངས་སོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ཐེ་ཚོམ་ཉིད་ཆགས་པ་ལགས་ལ། ཆགས་པ་ཉིད་ཐེ་ཚོམ་ལགས་ན་དེ་གང་ལ་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དགེ་བའི་རྩ་བ་བཅད་པ་ལ་བྱའོ། །འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། གང་དག་གིས་དགེ་བའི་རྩ་བ་གཅོད་པར་འགྱུར། བཀའ་སྩལ་པ། རིགས་ཀྱི་བུ། གང་ཤེས་རབ་གསལ་ཞིང་དབང་པོ་རྣོ་བ། བྱེ་བྲག་ལ་མཁས་པའི་དགེ་བའི་བཤེས་གཉེན་སྤོང་ཞིང་དམ་པའི་ཆོས་མི་ཉན་པ། བསམ་པ་མི་དགེ་ཞིང་ཚུལ་བཞིན་མི་གནས་པ་དེ་དག་ནི་དགེ་བའི་རྩ་བ་གཅོད་པར་འགྱུར་ཏེ། དངོས་པོ་དེ་བཞི་སྤངས་ནས་རང་གི་ཡིད་ལ་སྦྱིན་པ་དང་ཟང་ཟིང་ཡང་
Kha327b
མེད་དོ་སྙམ་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། སྦྱིན་པ་ནི་ནོར་གཏོང་བ་སྟེ། གལ་ཏེ་སྦྱིན་པ་ལ་འབྲས་བུ་རྣམ་པར་སྨིན་པ་ཡོད་པ་ན་ལྟ། སྦྱིན་བདག་དེ་རྟག་ཏུ་དབུལ་བར་འགྱུར་བའི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ས་བོན་དང་འབྲས་བུ་འདྲ་བའི་ཕྱིར་ཏེ། དེ་བས་ན་རྒྱུ་དང་འབྲས་བུ་མེད་པར་སྨྲའོ། །དེ་ལྟར་རྒྱུ་དང་འབྲས་བུ་མེད་པར་སྨྲ་བ་ནི་དགེ་བའི་རྩ་བ་བཅད་པ་ཞེས་བྱའོ། །ཡང་འདི་སྙམ་དུ་སྦྱིན་པ་དང ། ལེན་པ་དང ། ཟང་ཟིང་དང་གསུམ་ནི་མི་རྟག་པ་སྟེ། མི་སྡོད་མི་གནས་སོ། །དེ་ལྟར་མི་སྡོད་མི་གནས་ན། ཇི་སྟེ་འདི་ནི་སྦྱིན་པ། འདི་ནི་ལེན་པ། འདི་ནི་ཟང་ཟིང་ཡིན་ནོ་ཞེས་སྨྲ། དེ་ལྟར་ལེན་པའང་མེད་ན་འབྲས་བུ་ཇི་ལྟར་སྨིན་པར་འགྱུར། དོན་དེ་ལྟ་བས་ན་རྒྱུ་དང་འབྲས་བུ་མེད་དོ་ཞེས་སྨྲའོ། །དེ་ལྟར་རྒྱུ་དང་འབྲས་བུ་མེད་པར་སྨྲ་བ་དེ་ནི་དགེ་བའི་རྩ་བ་གཅོད་པ་ཡིན་པར་རིག་པར་བྱའོ། །ཡང་འདི་སྙམ་དུ་སྦྱིན་པ་བྱིན་པ་ན་དངོས་པོ་རྣམ་པ་ལྔ་ཡོད་དེ། ལེན་པ་དེས་བླངས་ནས་དགེ་བ་བྱེད་དམ་མི་དགེ་བ་བྱེད་ནའང ། སྦྱིན་བདག་དེ་ལ་དགེ་བ་དང ། མི་དགེ་བའི་འབྲས་བུ་རྣམ་པར་སྨིན་པར་མི་འགྱུར་ཏེ། །ཇི་ལྟར་འཇིག་རྟེན་གྱི་ཆོས་ཀྱང་ས་བོན་ལས་འབྲས་བུ་སྐྱེ་སྟེ། འབྲས་བུའང་ཕྱིར་ས་བོན་དུ་འགྱུར་རོ། །རྒྱུ་ནི་སྦྱིན་བདག་གོ་།འབྲས་བུ་ནི་ལེན་པའོ། །དེ་ལྟར་ལེན་པ་དེས་དགེ་བ་དང་མི་དགེ་བ་དང་མི་དགེ་བའི་ཆོས་ཀྱིས་སྦྱིན་བདག་ཐོབ་པར་བྱེད་མི་ནུས་ཏེ། དོན་དེ་ལྟ་བས་ན་རྒྱུ་དང་འབྲས་བུ་མེད་དོ། །
Kha328a
༄#། །སྙམ་སེམས་སོ། །གང་དེ་ལྟར་རྒྱུ་དང་འབྲས་བུ་མེད་པར་སྨྲ་བ་ནི་དགེ་བའི་རྩ་བ་གཅོད་པ་ཡིན་པར་རིག་པར་བྱའོ། །ཡང་འདི་སྙམ་དུ་སྦྱིན་པའི་རྫས་དེ་ནི་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། སྦྱིན་པའི་རྫས་ནི་ལུང་དུ་མི་སྟོན་པ་སྟེ། དེ་ལྟར་ལུང་དུ་མི་སྟོན་པ་ཡིན་ན་དགེ་བའི་འབྲས་བུ་ཇི་ལྟར་རྣམ་པར་སྨིན་པར་འགྱུར། གང་དགེ་བ་དང་མི་དགེ་བའི་འབྲས་བུ་མེད་པ་ནི་ལུང་དུ་མི་སྟོན་པ་ཡིན་ནོ། །དེ་ལྟར་རྫས་ལུང་དུ་མི་སྟོན་པ་ཡིན་པས་ན། དགེ་བ་དང་མི་དགེ་བའི་འབྲས་བུ་རྣམ་པར་སྨིན་པ་མེད་པར་རིག་གོ་།དེ་བས་ན་སྦྱིན་པའང་མེད།་རྒྱུ་དང་འབྲས་བུའང་མེད་དོ་སྙམ་སེམས་སོ། །གང་དེ་ལྟར་བསམས་ནས་རྒྱུ་དང་འབྲས་བུ་མེད་པར་སྨྲ་བ་ནི་དགེ་བའི་རྩ་བ་གཅོད་པ་ཡིན་པར་རིག་པར་བྱའོ།། །། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་བཞི་བཅུ་དྲུག་པ། ཡང་འདི་སྙམ་དུ་སྦྱིན་པ་ནི་ཡིད་ཡིན་ཏེ། གལ་ཏེ་ཡིད་ཡིན་ན་མི་མཐོང་ཞིང་ཟླ་མེད་པས་གཟུགས་ཀྱི་ཆོས་མ་ཡིན་ནོ། །གལ་ཏེ་གཟུགས་ཀྱི་ཆོས་མ་ཡིན་ན་སྦྱིན་པ་བྱར་ཡང་ཅི་ཞིག་ཡོད་དེ། དེ་བས་ན་སྦྱིན་པའང་མེད། རྒྱུའང་མེད། འབྲས་བུའང་མེད་དོ། །གང་དེ་ལྟར་རྒྱུའང་མེད། འབྲས་བུའང་མེད་པར་སྨྲ་ན་དེ་ནི་དགེ་བའི་རྩ་བ་གཅོད་པ་ཡིན་པར་རིག་པར་བྱའོ། །ཡང་འདི་སྙམ་དུ་སྦྱིན་བདག་གིས་གལ་ཏེ་སངས་རྒྱས་ཀྱི་གཟུགས་སམ། ལྷའི་
Kha328b
གཟུགས་སམ། ཚེའི་ཚད་དམ། ཕ་མ་འདས་པའི་ཕྱིར་སྦྱིན་པ་བྱེད་ན་ལེན་པ་མེད་དོ། །གལ་ཏེ་ལེན་པ་མེད་ན་འབྲས་བུ་རྣམ་པར་སྨིན་པའང་མེད་པའི་རིགས་སོ། །གལ་ཏེ་འབྲས་བུ་རྣམ་པར་སྨིན་པ་མེད་ན་རྒྱུ་མེད་པར་འགྱུར་རོ། །གལ་ཏེ་རྒྱུ་མེད་ན་འབྲས་བུ་མེད་པར་འགྱུར་རོ་སྙམ་སེམས་ཏེ། གང་དེ་ལྟར་བསམས་ནས་རྒྱུ་དང་འབྲས་བུ་མེད་པར་སྨྲ་བ་ནི་དགེ་བའི་རྩ་བ་གཅོད་པ་ཡིན་བར་རིག་པར་བྱའོ། །ཡང་འདི་སྙམ་དུ་ཕ་མེད། མའང་མེད་དོ། །ཇི་སྟེ་ཕ་མ་གཉིས་སེམས་ཅན་གྱི་རྒྱུ་ཡིན་ལ། སེམས་ཅན་སྐྱེས་སོ་ཞེས་སྨྲ་ན་ཚུལ་གྱིས་རྒྱུན་མི་འཆད་པར་རྟག་ཏུ་སྐྱེ་བའི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་ནི་རྟག་ཏུ་ཡོད་པའི་ཕྱིར་རོ། །དེ་ལྟར་རྟག་ཏུ་མི་སྐྱེ་སྟེ། དེ་བས་ན་ཕ་མ་ནི་མེད་པ་ཡིན་པར་རིག་གོ་སྙམ་སེམས་སོ། །ཡང་འདི་སྙམ་དུ་ཕའང་མེད། མའང་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་སེམས་ཅན་གྱི་ལུས་ཕ་མའི་རྐྱེན་གྱིས་ཡོད་པ་ཞིག་ཡིན་ན་མི་གཅིག་ལའང་ཕོ་མོ་གཉིས་ཀའི་མཚན་ཡོད་པའི་རིགས་སོ། །དེ་ལྟར་གཉིས་ཀ་མེད་པས་ན་སེམས་ཅན་ནི་ཕ་མའི་རྐྱེན་གྱིས་མ་བྱུང་བ་ཡིན་པར་རིག་གོ་།ཡང་འདི་སྙམ་དུ་ཕ་མའི་རྐྱེན་གྱིས་སེམས་ཅན་སྐྱེ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དག་ཕ་མ་དང་མི་འདྲ་བ་ཡོད་པར་མཐོང་བ་ནི་འདི་ལྟར་ལུས་དང ། གཟུགས་དང ། སེམས་དང ། སྤྱོད་ལམ་དང ། འགྲོ་བ་དང ། སྡོད་པ་སྟེ། དེ་བས་ན་ཕ་མ་ནི་སེམས་ཅན་གྱི་རྒྱུ་མ་ཡིན་ནོ་སྙམ་སེམས་སོ། །ཡང་
Kha329a
༄#། །འདི་སྙམ་དུ་འཇིག་རྟེན་ཐམས་ཅད་ན་མེད་པ་རྣམ་པ་བཞིའོ། །འདི་ལྟར་མ་སྐྱེས་པ་ན་མེད་པ་སྟེ། ཇི་ལྟར་འཇིམ་པ་གོང་པོའི་ཚེ་རྫ་མ་ལ་སོགས་པ་མེད་པ་དང ། འགགས་ནས་མེད་པ་སྟེ། ཇི་ལྟར་རྫ་མ་ཆག་ནས་མེད་པ་དང ། གཅིག་ལ་གཅིག་མེད་པ་སྟེ། ཇི་ལྟར་བ་ལང་ལ་རྟ་མེད་པ་དང ། རྟ་ལ་བ་ལང་མེད་པ་དང ། མཐར་མེད་པ་སྟེ། ཇི་ལྟར་རི་བོང་གི་རཝ་དང ། རུས་སྦལ་གྱི་སྤུའོ། །སེམས་ཅན་གྱི་ཕ་མའང་དེ་དང་འདྲ་བར་མེད་པ་འདི་བཞི་དང་མཚུངས་སོ། །གལ་ཏེ་སེམས་ཅན་གྱི་རྒྱུ་ཕ་མ་ཡིན་ཞེས་སྨྲ་ན། ཕ་མ་ཤི་བའི་ཚེ་བུ་འཆི་བར་འགྱུར་བ་མ་ཡིན་ཏེ། དེ་བས་ན་སེམས་ཅན་གྱི་རྒྱུ་ནི་ཕ་མ་མ་ཡིན་ནོ་སྙམ་སེམས་སོ། །ཡང་འདི་སྙམ་དུ་གལ་ཏེ་ཕ་མ་ནི་སེམས་ཅན་གྱི་རྒྱུ་ཡིན་ནོ་ཞེས་སྨྲ་ན། ཕ་མའི་རྒྱུ་ལས་རྟག་ཏུ་སེམས་ཅན་སྐྱེ་བའི་རིགས་ཏེ། དེ་ལྟ་མ་ཡིན་པར་བརྫུས་ཏེ་སྐྱེ་བ་དང ། དྲོད་གཤེར་ལས་སྐྱེ་བའང་ཡོད་དེ། དེ་བས་ན་ཕ་མའི་རྒྱུ་ལས་སེམས་ཅན་སྐྱེ་བ་མ་ཡིན་པར་རིག་གོ་སྙམ་སེམས་སོ། །ཡང་འདི་སྙམ་དུ་རང་བཞིན་གྱིས་སེམས་ཅན་ཡོད་དེ། ཕ་མའི་རྒྱུ་ལས་སྐྱེ་བ་མ་ཡིན་ནོ། །དཔེར་ན། རྨ་བྱ་ནི་འབྲུག་གི་སྒྲ་ཐོས་ནས་མངལ་ཡོད་པར་འགྱུར་བ་དང ། ཡང་ཇི་ལྟར་བྱེའུ་སྔོན་པོ་བྱ་ཕོའི་མཆིལ་མ་འཐུངས་ནས་མངལ་ཡོད་པར་འགྱུར་པ་དང ། བྱ་འཚོ་བྱེད་ཀྱང་བྱ་ཕོ་གར་བྱེད་པ་མཐོང་ནས་མངལ་ཡོད་པར་འགྱུར་བ་དང་མཚུངས་སོ་
Kha329b
སྙམ་སེམས་ཏེ། དེ་ལྟར་སེམས་པ་ནི་དགེ་བའི་བཤེས་གཉེན་དང་མ་ཕྲད་ན་དེ་ནི་དགེ་བའི་རྩ་བ་གཅོད་པ་ཡིན་པར་རིག་པར་བྱའོ། །ཡང་འདི་སྙམ་དུ་འཇིག་རྟེན་ཐམས་ཅད་ན་དགེ་བ་དང ། མི་དགེ་བའི་འབྲས་བུ་མེད་དོ་སྙམ་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དག་ལས་དགེ་བ་བཅུ་དང་ལྡན་ཞིང་སྦྱིན་པ་བྱེད་པར་དགའ་སྟེ། བསོད་ནམས་ལ་བརྩོན་པའང་ནད་ལ་སོགས་པ་ལུས་གདུང་ཞིག་གཞོན་དར་ལ་བབ་སྟེ། འཆི་བ་དང ། ནོར་ལ་སོགས་པ་སྟོར་ཏེ་མྱ་ངན་དང་སྡུག་བསྔལ་མང་པོས་གདུངས་པར་གྱུར་པ་ཡོད་དོ། །ཁ་ཅིག་ནི་མི་དགེ་བ་བཅུ་སྤྱོད་དེ། འདོད་ཆགས་དང ། ཕྲག་དོག་དང ། ལེ་ལོ་དང ། སྙོམ་ལས་བྱེད་དེ། དགེ་བ་རྣམས་མི་སྤྱོད་ཀྱང ། ལུས་བདེ་ཞིང་ནད་མེད་པ་ཚེ་རིང་བ་དང ། ནོར་དང་རིན་པོ་ཆེ་མང་སྟེ་མྱ་ངན་དང་སྡུག་བསྔལ་གྱིས་གདུངས་པ་མེད་པའང་ཡོད་དེ། དེ་བས་ན་དགེ་བ་དང ། མི་དགེ་བའི་འབྲས་བུ་མེད་པར་རིག་གོ་སྙམ་སེམས་སོ། །ཡང་འདི་སྙམ་དུ་བདག་གིས་སྔོན་འཕགས་པ་རྣམས་ལ་འདི་སྐད་དུ་བཤད་པ་ཐོས་ཏེ། མི་ཁ་ཅིག་ནི་དགེ་བ་སྤྱོད་ཀྱང་ཚེའི་དུས་བྱས་ནས་ངན་སོང་གསུམ་དུ་ལྟུང་བའང་མང ། ཁ་ཅིག་ནི་མི་དགེ་བ་སྤྱོད་ཀྱང་ཚེའི་དུས་བྱས་ནས་མཐོ་རིས་ཀྱི་ལྷ་དང་མིར་སྐྱེ་བའང་ཡོད་ཅེས་ཐོས་ཏེ། དེ་བས་ན་དགེ་བ་དང ། མི་དགེ་བའི་འབྲས་བུ་མེད་པར་རིག་གོ། །ཡང་འདི་སྙམ་དུ་འཕགས་པ་ཐམས་ཅད་ནི་གཉིས་སུ་སྨྲ་སྟེ། ཁ་ཅིག་ནི་སྲོག་བཅད་ན་དགེ་
Kha330a
༄#། །པའི་འབྲས་བུ་རྣམ་པར་སྨིན་ཅེས་སྨྲ། ཁ་ཅིག་ནི་སྲོག་བཅད་ན་མི་དགེ་བའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་རོ་ཞེས་རྣམ་པ་གཉིས་སུ་སྨྲ་སྟེ། དེ་བས་ན་འཕགས་པ་རྣམས་ཀྱིས་སྨྲས་པ་ནི་གཅིག་ཏུ་མ་ངེས་པར་རིག་གོ་།དེ་ལྟར་འཕགས་པ་རྣམས་ཀྱང་ངེས་པར་མ་སྨྲས་ན་བདག་ཅིའི་ཕྱིར་ངེས་པར་སྨྲ། དེ་བས་ན་དགེ་བ་དང ། མི་དགེ་བའི་འབྲས་བུ་མེད་པར་རིག་གོ་སྙམ་སེམས་སོ། །ཡང་འདི་སྙམ་དུ་འཇིག་རྟེན་ཐམས་ཅད་ན་འཕགས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་འཕགས་པ་རྣམས་ཀྱིས་ཡང་དག་པའི་ལམ་ཐོབ་པར་འགྱུར་ན་སེམས་ཅན་ཐམས་ཅད་ཉོན་མོངས་པ་དང་བཅས་པའི་ཚེ་ཡང་དག་པའི་ལམ་སྒོམ་ན་ཡང་དག་པའི་ལམ་དང ། ཉོན་མོངས་པ་དུས་གཅིག་ཏུ་ཅིག་ཅར་ཡོད་པའི་རིགས་སོ། །གལ་ཏེ་དུས་གཅིག་ཏུ་ཡོད་པ་ཞིག་ཡིན་ན་ཡང་དག་པའི་ལམ་གྱིས་ཀུན་ནས་ཉོན་མོངས་པ་གཞིག་མི་ནུས་པར་འགྱུར་རོ། །གལ་ཏེ་ཉོན་མོངས་པ་མེད་པར་ཡང་དག་པའི་ལམ་སྒོམ་ན་ཡང་དག་པའི་ལམ་དེའང་དགོས་པ་མེད་པར་འགྱུར་ཏེ། དེ་བས་ན་ཉོན་མོངས་པ་དང་བཅས་པ་ལ་ལམ་གྱིས་གཞོམ་མི་ནུས་ལ།་ཉོན་མོངས་པ་མེད་ན་ནི་ལམ་ཅིར་ཡང་མི་དགོས་ཏེ། དེ་བས་ན་འཇིག་རྟེན་ཐམས་ཅད་ན་འཕགས་པ་མེད་པར་རིག་གོ་སྙམ་སེམས་སོ། །ཡང་འདི་སྙམ་དུ་མ་རིག་པའི་རྐྱེན་
Kha330b
གྱིས་འདུ་བྱེད་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤིའི་བར་དུ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་པོ་དེ་ནི་སེམས་ཅན་ཐམས་ཅད་ལ་མཚུངས་པར་འདྲ་བ་ཡོད་དོ། །འཕགས་པའི་ལམ་བརྒྱད་ཀྱང་རང་བཞིན་མཉམ་པས་ན་དེ་དང་འདྲ་བའི་རིགས་ཏེ། མི་གཅིག་གིས་ཐོབ་པ་ན་ཐམས་ཅད་ཀྱིས་ཀྱང་ཐོབ་པའི་རིགས། མི་གཅིག་གིས་སྒོམ་པ་ན་ཐམས་ཅད་ཀྱིས་སྡུག་བསྔལ་འགོག་པའི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་མཚུངས་མཉམ་ཡང་ད་ལྟར་མི་ཐོབ་པ་ལ་བལྟས་ན་བདེན་པའི་ལམ་མེད་དོ་སྙམ་སེམས་སོ། །ཡང་འདི་སྙམ་དུ་འཕགས་པ་ལའང་བུས ། པ་མ་རབས་དང་མཐུན་པའི་ཆོས་ཡོད་དོ། །འདི་ལྟ་སྟེ། ཟ་བ་དང་བཅས་པ་དང ། འགྲོ་བ་དང ། སྡོད་པ་དང ། འདུག་པ་དང ། ཉལ་བ་དང ། གཉིད་དང ། དགའ་བ་དང ། དགོད་པ་དང ། བཀྲེས་པ་དང ། སྐོམ་པ་དང ། གྲང་བ་དང ། ཚ་བ་དང ། མྱ་ངན་དང ། འཇིགས་པའོ། །གལ་ཏེ་བུས་པ་མ་རབས་དང ། དངོས་པོ་དེ་དག་ཡོད་པར་མཚུངས་ན་འཕགས་པའི་ལམ་ཐོབ་པ་མ་ཡིན་ནོ། །གལ་ཏེ་འཕགས་པའི་ལམ་ཐོབ་ན་དངོས་པོ་དེ་ལྟ་བུ་དག་གཏན་བཅད་པའི་རིགས་སོ། །ཇི་སྟེ་དངོས་པོ་དེ་དག་མ་བཅད་ན་ལམ་མེད་པར་རིག་གོ་སྙམ་སེམས་སོ། །ཡང་འདི་སྙམ་དུ་འཕགས་པ་ལ་ལུས་ཡོད་དེ། འདོད་པ་ལྔའི་བདེ་བ་ལ་ལོངས་སྤྱོད་ཅིང་སྤྱོ་བ་དང ། བསྐྱེངས་པ་དང ། འཚོག་རྡེག་ཀྱང་བྱེད། གཞན་ལ་ཕྲག་དོག་དང ། ང་རྒྱལ་ཡང་བྱེད་དེ།
Kha331a
༄#། །སྡུག་བསྔལ་དང་བདེ་བའང་མྱོང་ཞིང ། དགེ་བ་དང ། མི་དགེ་བའི་ལས་ཀྱང་བྱེད་དོ། །དེའི་རྒྱུ་དེའི་རྐྱེན་གྱིས་འཕགས་པ་མེད་པར་རིག་གོ་།གལ་ཏེ་ལམ་ཡོད་པ་ཞིག་ཡིན་ན་དངོས་པོ་དེ་དག་སྤངས་པའི་རིགས་ཏེ། དངོས་པོ་དེ་དག་མ་སྤངས་པས་ན་ལམ་མེད་པར་རིག་གོ་སྙམ་སེམས་སོ། །ཡང་འདི་སྙམ་དུ་སྙིང་བརྩེ་བ་དང་ལྡན་པ་ནི་འཕགས་པ་ཞེས་བྱའོ། །ཅིའི་རྒྱུ་ཅིའི་རྐྱེན་གྱིས་འཕགས་པ་ཞེས་བྱ་ཞེ་ན། ལམ་གྱི་རྐྱེན་གྱིས་འཕགས་པ་ཞེས་བྱ་སྟེ། གལ་ཏེ་ལམ་གྱི་རང་བཞིན་བརྩེ་བ་ཡིན་ན། དེ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བར་འགྱུར་ཏེ། སྒོམ་པ་ལ་བལྟོས་པའི་མི་རིགས་སོ། །གལ་ཏེ་བརྩེ་བ་མེད་ན་ཅིའི་ཕྱིར་འཕགས་པས་འཕགས་པའི་ལམ་ཐོབ་པའི་རྐྱེན་གྱིས་སྙིང་རྩེ་བར་འགྱུར། དེ་ལྟ་བས་ན་འཇིག་རྟེན་ན་འཕགས་པའི་ལམ་མེད་པར་རིག་གོ་སྙམ་སེམས་སོ། །ཡང་འདི་སྙམ་དུ་ཆེན་པོ་བཞིའོ་ཅོག་ནི་རྐྱེན་ལས་སྐྱེ་བ་མ་ཡིན་ཏེ། སེམས་ཅན་ཀུན་ལ་མཚུངས་པར་ཡོད་དོ། །ཆེན་པོ་བཞིའི་རང་བཞིན་དེ་ནི་སེམས་ཅན་འདི་ལ་འགྲོའི། །ཕ་བི་ལ་མི་འགྲོའོ་སྙམ་མི་རྟོག་གོ་།གལ་ཏེ་འཕགས་པའི་ལམ་ཡོད་པ་ཞིག་ཡིན་ལ། རང་བཞིན་གྱིས་དེ་ལྟ་བུ་ཡིན་ནའང་ད་ལྟར་དེ་ལྟ་བུར་མ་གྱུར་པས་ན་འཇིག་རྟེན་ན་འཕགས་པ་མེད་པར་རིག་གོ་སྙམ་སེམས་སོ། །ཡང་འདི་སྙམ་དུ་གལ་ཏེ་འཕགས་པ་ཐམས་ཅད་ལ་མྱ་ངན་ལས་འདས་པ་གཅིག་པུ་ཞིག་ཡིད་ན་འཕགས་
Kha331b
པ་མེད་པར་རིག་གོ་།དེ་ཅིའི་ཕྱིར་ཞེ་ན། དམིགས་སུ་མེད་པའི་ཕྱིར་ཏེ། རྟག་ཏུ་གནས་པའི་ཆོས་ནི་ཆོས་ཉིད་ཀྱིས་དམིགས་སུ་མེད་པ་ལ་བླང་དོར་མེད་པའོ། །གལ་ཏེ་འཕགས་པ་རྣམས་མྱ་ངན་ལས་འདའ་བ་མང་ན་མི་རྟག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དམིགས་སུ་རུང་བའི་ཕྱིར་རོ། །མྱ་ངན་ལས་འདས་པ་གཅིག་ཏུ་ཟད་ན་མི་གཅིག་གིས་ཐོབ་པའི་ཚེ་ཐམས་ཅད་ཀྱིས་ཐོབ་པའི་རིགས་སོ། །གལ་ཏེ་མྱ་ངན་ལས་འདས་པ་མང་བ་ཞིག་ཡིན་ན་མཐའ་དང་བཅས་པར་འགྱུར་རོ། །ཇི་སྟེ་མཐའ་དང་བཅས་པ་ཞིག་ཡིན་ན་རྟག་པའོ་ཞེས་ཇི་ལྟར་གདགས། གལ་ཏེ་ལ་ལས་འདི་སྐད་དུ་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ནི་གཅིག་སྟེ། རྣམ་པར་གྲོལ་བ་ནི་མང་ངོ ། །དཔེར་ན། གདུགས་གཅིག་ལ་ཁྱེའུ་སོ་མང་བ་དང་འདྲའོ་ཞེས་སྨྲ་ན། དོན་དེའང་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན།་སོ་སོ་ནས་ཐོབ་ཀྱི་ཐམས་ཅད་ཀྱིས་ཐོབ་པ་མ་ཡིན་པས་མཐའ་དང་བཅས་པའི་ཕྱིར་དེའང་མི་རྟག་པའོ། །གལ་ཏེ་མི་རྟག་ན་ཇི་སྟེ་མྱ་ངན་ལས་འདས་པ་ཞེས་བྱ། གལ་ཏེ་མྱ་ངན་ལས་འདས་པ་མེད་ན་སུ་ཞིག་འཕགས་པར་འགྱུར་ཏེ། དེ་ལྟ་བས་ན་འཕགས་པ་མེད་པར་རིག་གོ་སྙམ་སེམས་སོ། །ཡང་འདི་སྙམ་དུ་འཕགས་པའི་ལམ་ནི་རྟེན་འབྲེལ་ཏེ་འབྱུང་བ་ལས་ཐོབ་པ་མ་ཡིན་ནོ། །ཇི་སྟེ་འཕགས་པའི་ལམ་རྟེན་ཅིང་འབྲེལ་ཏེ་འབྱུང་བས་ཐོབ་པ་ཡིན་ན་ཅིའི་ཕྱིར་ཐམས་ཅད་འཕགས་པར་མ་གྱུར། གལ་ཏེ་ཐམས་ཅད་འཕགས་པ་མ་ཡིན་ན་
Kha332a
༄#། །འཕགས་པ་དང ། འཕགས་པའི་ལམ་མེད་པར་རིག་གོ་སྙམ་སེམས་སོ། །ཡང་འདི་སྙམ་དུ་འཕགས་པའི་ལམ་གྱི་ཡང་དག་པའི་ལྟ་བ་ལ་རྒྱུ་རྐྱེན་གཉིས་ཡོད་དོ། ། གང་ཞེ་ན། གཞན་ལས་ཆོས་ཐོས་པ་དང ། རང་གིས་ནང་དུ་ཡིད་ལ་བྱེད་པའོ། །གལ་ཏེ་རྒྱུ་རྐྱེན་དེ་གཉིས་རྐྱེན་ལས་སྐྱེས་ན་རྐྱེན་ལས་སྐྱེ་བ་དེ་ཉིད་ཀྱང་རྐྱེན་ལས་སྐྱེ་བར་འགྱུར་ཏེ། དེ་ལྟར་གཅིག་གིས་གཅིག་བསྐྱེད་པས་མཐར་ཐུག་པ་མེད་པའི་སྐྱོན་དུ་འགྱུར་རོ། །གལ་ཏེ་དངོས་པོ་དེ་གཉིས་རྐྱེན་ལས་མ་སྐྱེས་ན་སེམས་ཅན་ཐམས་ཅད་ཀྱིས་ཇི་སྟེ་མ་ཐོབ་སྙམ་སེམས་ཏེ། གང་དེ་ལྟར་རྟོག་པ་དེའི་ཚེ་ན་དགེ་བའི་རྩ་བ་གཅོད་པར་འགྱུར་རོ། །རིགས་ཀྱི་བུ། གལ་ཏེ་སེམས་ཅན་གང་ཞིག་གིས་དེ་ལྟར་རྒྱུ་དང་འབྲས་བུ་མེད་པར་ཤིན་ཏུ་ལྟ་ན་གང་ཟག་དེས་ནི་དད་པ་ལ་སོགས་པའི་རྩ་བ་ལྔ་གཅོད་པར་འགྱུར་རོ། །རིགས་ཀྱི་བུ། དགེ་བའི་རྩ་བ་གཅོད་པ་ནི་དམའ་བ། ཞན་པ། དབང་པོ་རྟུལ་ཞིང་རྨོངས་པས་མ་ཡིན། ལྷ་དང ། ངན་སོང་གསུམ་དུ་སྐྱེས་པས་གཅོད་པ་མ་ཡིན་ཏེ། དགེ་འདུན་གྱི་དབྱེན་བྱེད་པའང་དེ་དང་འདྲའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། གང་ཟག་དེ་ནམ་ཞིག་གི་དུས་ན་དགེ་བའི་རྩ་བ་སླར་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གང་ཟག་དེས་དུས་གཉིས་ཀྱི་ཚེ་དགེ་བའི་རྩ་བ་སྐྱེ་བར་འགྱུར་ཏེ། ཐོག་མ་སེམས་
Kha332b
ཅན་དམྱལ་བར་ལྟུང་བ་དང ། སེམས་ཅན་དམྱལ་བ་ལས་བྱུང་བའི་ཚེའོ། །རིགས་ཀྱི་བུ། དགེ་བ་ལ་རྣམ་པ་གསུམ་སྟེ། འདས་པ་དང ། ད་ལྟར་དང ། མ་འོངས་པའོ། །དེ་ལ་འདས་པ་ནི་རང་བཞིན་གྱིས་འགགས་པས་རྒྱུ་འགགས་ཏེ་ཟད་མོད་ཀྱི། འབྲས་བུ་རྣམ་པར་སྨིན་པ་མ་སྨིན་ཏེ། དེ་བས་ན་འདས་པའི་འབྲས་བུ་བཅད་པ་ཞེས་མི་བྱའོ། །དུས་གསུམ་གྱི་རྒྱུ་བཅད་པ་ནི་བཅད་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གལ་ཏེ་དུས་གསུམ་གྱི་རྒྱུ་བཅད་པ་ལ་དགེ་བའི་རྩ་བ་བཅད་པ་ཞེས་བགྱི་ན། དགེ་བའི་རྩ་བ་བཅད་པ་དེ་ཉིད་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་ན་སངས་རྒྱས་ཀྱི་རང་བཞིན་དེ་འདས་པ་ལགས་སམ། ད་ལྟར་ལགས་སམ། མ་འོངས་པ་ལགས་སམ། འོན་ཏེ་དུས་གསུམ་ཀུན་ཏུ་ཁྱབ་པ་ལགས། གལ་ཏེ་འདས་པ་ལགས་ན། ཇི་ལྟར་རྟག་པ་ཞེས་བགྱི། སངས་རྒྱས་ཀྱི་རང་བཞིན་ནི་རྟག་པར་འགྱུར་ཏེ། དེ་བས་ན་འདས་པ་མ་ལགས་སོ། །འོན་ཏེ་མ་འོངས་པ་ལགས་ན་ཇི་ལྟར་རྟག་པར་འགྱུར། ཇི་སྟེ་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ཀྱིས་གདོན་མི་ཟ་བར་ཐོབ་བོ་ཞེས་གསུངས། གལ་ཏེ་གདོན་མི་ཟ་བར་ཐོབ་ན་ཅིའི་སླད་དུ་བཅད་པ་ཞེས་བགྱི། འོན་ཏེ་ད་ལྟར་གྱི་ལགས་ན། ཡང་ཇི་ལྟར་རྟག་པ་ཞེས་བགྱི། ཡང་ཅིའི་སླད་དུ་གདོན་མི་ཟ་བར་མཐོང་བར་འགྱུར་རོ་ཞེས་གསུངས། དེ་བཞིན་གཤེགས་
Kha333a
༄#། །པས་སངས་རྒྱས་ཀྱི་རང་བཞིན་ལའང་རྣམ་པ་དྲུག་མཆིས་པར་གསུངས་ཏེ། རྟག་པ་དང ། ཡང་དག་པ་དང ། བདེན་པ་དང ། དགེ་བ་དང ། རྣམ་པར་དག་པ་དང ། བལྟར་རུང་བའོ། །གལ་ཏེ་དགེ་བའི་རྩ་བ་བཅད་པ་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་ན་དགེ་བའི་རྩ་བ་བཅད་པ་ཞེས་བྱར་མི་རུང་ངོ ། །གལ་ཏེ་སངས་རྒྱས་ཀྱི་རང་བཞིན་མ་མཆིས་ན་ཅིའི་སླད་དུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་ཞེས་གསུངས། གལ་ཏེ་སངས་རྒྱས་ཀྱི་རང་བཞིན་མཆིས་པའང་ལགས་ལ། གཅད་དུའང་རུང་ན་ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་རྟག་གོ་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། སངས་རྒྱས་བཅོམ་ལྡན་འདས་ནི་སེམས་ཅན་གྱི་ཕྱིར་འདྲི་བའི་ལན་བཏབ་པ་ལ་རྣམ་པ་བཞིའོ། །གང་ཞེ་ན། ངེས་པར་ལན་བཏབ་པ་དང ། རྣམ་པར་ཕྱེ་སྟེ་ལན་བཏབ་པ་དང ། ཇི་ལྟར་དྲིས་པ་དེ་ལྟར་ལན་བཏབ་པ་དང ། བཞག་ནས་ལན་མི་འདེབས་པའོ། །རིགས་ཀྱི་བུ། དེ་ལ་ཇི་ལྟར་ན་ངེས་པར་ལན་བཏབ་པ་ཞེ་ན། གལ་ཏེ་ལས་ངན་པ་བྱེད་པས་དགེ་བའི་འབྲས་བུ་ཐོབ་བམ། མི་དགེ་བའི་འབྲས་བུ་ཐོབ་ཅེས་འདྲི་ན། དེ་ལ་ནི་ངེས་པར་མི་དགེ་བའི་འབྲས་བུ་ཐོབ་བོ་ཞེས་ལན་འདེབས་ཏེ། དགེ་བའང་དེ་བཞིན་ནོ། །གལ་ཏེ་དེ་བཞིན་གཤེགས་པ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བ་ཡིན་ནམ། མ་ཡིན་ཞེས་འདྲི་ན། དེ་ལ་ནི་ངེས་པར་ཐམས་ཅད་
Kha333b
མཁྱེན་པ་ཡིན་ནོ། ཞེས་ལན་འདེབས་སོ། །གལ་ཏེ་གང་གིས་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ཡིན་ནམ་ཞེས་འདྲི་ན། དེ་ལ་ནི་ངེས་པར་རྣམ་པར་དག་པ་ཡིན་ནོ་ཞེས་ལན་འདེབས་སོ། །གལ་ཏེ་གང་གིས་སངས་རྒྱས་ཀྱི་ཉེ་གནས་རྣམས་ཆོས་བཞིན་དུ་གནས་པ་ཡིན་ནམ་ཞེས་འདྲི་ན། དེ་ལ་ནི་ངེས་པར་ཆོས་བཞིན་དུ་གནས་པ་ཡིན་ནོ་ཞེས་ལན་འདེབས་པ་དེ་ནི་ངེས་པར་ལན་བཏབ་པ་ཞེས་བྱའོ། །རྣམ་པར་ཕྱེ་ནས་ལན་བཏབ་པ་གང་ཞེ་ན། ཇི་ལྟར་ངས་བདེན་པ་བཞི་གསུངས་པ་སྟེ། བཞི་གང་ཞེ་ན། སྡུག་བསྔལ་དང ། ཀུན་འབྱུང་བ་དང ། འགོག་པ་དང ། ལམ་མོ། །དེ་ལ་སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སྡུག་བསྔལ་རྣམ་པ་བརྒྱད་ཡོད་པའི་ཕྱིར་སྡུག་བསྔལ་གྱི་བདེན་པ་ཞེས་བྱའོ། །ཀུན་འབྱུང་གི་བདེན་པ་གང་ཞེ་ན། ལྔ་ཕུང་གི་རྒྱུ་ཡོད་པའི་ཕྱིར་ཀུན་འབྱུང་གི་བདེན་པ་ཞེས་བྱའོ། །འགོག་པའི་བདེན་པ་གང་ཞེ་ན། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་མཐར་མ་ལུས་པར་བགགས་པ་ནི་འགོག་པའི་བདེན་པ་ཞེས་བྱའོ། །ལམ་གྱི་བདེན་པ་གང་ཞེ་ན།་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་ལམ་གྱི་བདེན་པའོ་ཞེས་བྱ་བ་ནི་རྣམ་པར་ཕྱེ་ནས་ལན་བཏབ་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་དྲིས་པ་དེ་ལྟར་ལན་བཏབ་པ་ཞེ་ན། ཇི་ལྟར་ངས་ཆོས་ཐམས་ཅད་མི་རྟག་གོ་ཞེས་བཤད་པ་བཞིན་ཏེ། ཡང་ལ་ལས་འདི་སྐད་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་གང་གི་ཕྱིར་མི་རྟག་པ་གསུངས་ཞེས་དྲིས་ན། དེ་ལ་ནི་དེ་
Kha334a
༄#། །བཞིན་གཤེགས་པས་འདུས་བྱས་ཀྱི་ཆོས་ཀྱི་ཕྱིར་མི་རྟག་གོ་ཞེས་བཤད་དེ། བདག་མེད་པའང་དེ་བཞིན་ནོ། །ཇི་ལྟར་ངས་ཆོས་ཐམས་ཅད་ནི་ཚིག་པའོ་ཞེས་གསུངས་པ་ལས་གཞན་ཞིག་གིས་དེ་བཞིན་གཤེགས་པས་ཆོས་གང་གི་ཕྱིར་ཆོས་ཐམས་ཅད་ཚིག་པར་གསུངས་ཞེས་དྲིས་ན། དེ་ལ་དེ་བཞིན་གཤེགས་པས་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་ཕྱིར་ཐམས་ཅད་ཚིག་པར་གསུངས་སོ་ཞེས་ལན་འདེབས་སོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། བྱམས་པ་ཆེན་པོ་དང ། ཐུགས་རྗེ་ཆེན་པོ་དང ། དྲན་པ་ཉེ་བར་བཞག་པ་གསུམ་དང ། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་རྣམ་གྲངས་བྱ་བ་ཕྲག་བརྒྱད་ཁྲི་རྣམས་དང ། མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུ་དང ། ཡེ་ཤེས་ཀྱི་ཕྱག་རྒྱ་ལྔ་ལ་སོགས་པའི་ཏིང་ངེ་འཛིན་གྱི་རྣམ་གྲངས་སུམ་ཁྲི་ལྔ་སྟོང་རྣམས་དང ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སོགས་པའི་ཏིང་ངེ་འཛིན་གྱི་རྣམ་གྲངས་བཞི་སྟོང་ལྔ་བརྒྱ་རྣམས་དང ། ཐབས་ཀྱི་ཏིང་ངེ་འཛིན་ཚད་མེད་མཐའ་ཡས་པ་སྙེད་དང ། དེ་ལྟ་བུ་ལ་སོགས་པའི་ཆོས་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རང་བཞིན་ནོ། །དེ་ལྟར་སངས་རྒྱས་ཀྱི་རང་བཞིན་དེ་ནི་དངོས་པོ་རྣམ་པ་བདུན་དང་ལྡན་ཏེ། རྟག་པ་དང ། བདག་དང ། བདེ་བ་དང ། ཡོངས་སུ་དག་པ་དང ། ཡང་དག་པ་དང ། བདེན་
Kha334b
པ་དང ། དགེ་བ་སྟེ། དེ་ནི་རྣམ་པར་ཕྱེ་ནས་ལན་བཏབ་པ་ཞེས་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ཚེ་གཅིག་གིས་ཐོགས་པའི་སངས་རྒྱས་ཀྱི་རང་བཞིན་ནི་རྣམ་པ་དྲུག་དང་ལྡན་ཏེ། རྟག་པ་དང ། ཡོངས་སུ་དག་པ་དང ། ཡང་དག་པ་དང ། བདེན་པ་དང ། དགེ་བ་དང ། ཅུང་ཟད་མཐོང་བ་སྟེ། དེ་ནི་རྣམ་པར་ཕྱེ་ནས་ལན་བཏབ་པ་ཞེས་བྱའོ། །ཇི་ལྟར་ཁྱོད་ཀྱིས་སྔར་དགེ་བའི་རྩ་བ་བཅད་པ་དེ་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དམ་ཞེས་དྲིས་པ་ནི་དེ་ལ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རང་བཞིན་ཡང་ཡོད། བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པའི་སངས་རྒྱས་ཀྱི་རང་བཞིན་ཡང་ཡོད་དེ། སངས་རྒྱས་ཀྱི་རང་བཞིན་དེ་གཉིས་ཀྱིས་མ་འོངས་པ་ལ་སྒྲིབ་པའི་ཕྱིར་མེད་པ་ཞེས་བྱའོ། །མཐར་གདོན་མི་ཟ་བར་ཐོབ་པའི་ཕྱིར་ཡོད་པ་ཞེས་བྱ་སྟེ།་དེ་ནི་རྣམ་པར་ཕྱེ་ནས་ལན་བཏབ་པ་ཞེས་བྱའོ། །དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རང་བཞིན་ནི་འདས་པ་མ་ཡིན། ད་ལྟར་མ་ཡིན། མ་འོངས་པ་མ་ཡིན་ནོ། །སྐྱེ་བ་གཅིག་གིས་ཐོགས་པའི་སངས་རྒྱས་ཀྱི་རང་བཞིན་ནི་ད་ལྟར་དང ། མ་འོངས་པའི་དུས་ན་ཅུང་ཟད་མཐོང་བའི་ཕྱིར་ད་ལྟར་ཞེས་བྱའོ། །རྫོགས་པར་མ་མཐོང་བའི་ཕྱིར་མ་འོངས་པ་ཞེས་བྱའོ། ། དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཐོབ་པ་ནས་སངས་རྒྱས་ཀྱི་རང་བཞིན་ནི་འདས་པ་དང ། ད་ལྟར་དང ། མ་འོངས་པ་ཞེས་ཀྱང་བྱ་སྟེ། འབྲས་བུ་ནི་
Kha335a
༄#། །དེ་ལྟ་མ་ཡིན་ཏེ། དུས་གསུམ་ཡིན་པའང་ཡོད། དུས་གསུམ་མ་ཡིན་པའང་ཡོད་དོ། །སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་རང་བཞིན་གྱི་རྒྱུ་ནི་འདས་པ་དང ། ད་ལྟར་དང ། མ་འོངས་པ་ཡིན་ཏེ། འབྲས་བུའང་དེ་དང་འདྲ་སྟེ། དེ་ནི་རྣམ་པར་ཕྱེ་ནས་ལན་བཏབ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ས་དགུ་པའི་སངས་རྒྱས་ཀྱི་རང་བཞིན་ནི་རྣམ་པ་དྲུག་སྟེ། རྟག་པ་དང ། དགེ་བ་དང ། ཡང་དག་པ་དང ། བདེན་པ་དང ། ཡོངས་སུ་དག་པ་དང ། བལྟར་ཡོད་པའོ། ། དེ་ལྟར་སངས་རྒྱས་ཀྱི་རང་བཞིན་གྱི་རྒྱུ་ནི་འདས་པ་དང ། ད་ལྟར་དང ། མ་འོངས་པའང་ཡིན་ལ་འབྲས་བུའང་དེ་བཞིན་ཏེ། དེ་ནི་རྣམ་པར་ཕྱེ་ནས་ལན་བཏབ་པ་ཞེས་བྱའོ། ། བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ནས་ས་དྲུག་པའི་བར་གྱི་སངས་རྒྱས་ཀྱི་རང་བཞིན་ནི་རྣམ་པ་ལྔ་སྟེ། ཡང་དག་པ་དང ། བདེན་པ་དང ། ཡོངས་སུ་དག་པ་དང ། དགེ་བ་དང།་བལྟར་རུང་བ་སྟེ། དེའང་སངས་རྒྱས་ཀྱི་རང་བཞིན་གྱི་རྒྱུར་གྱུར་པས་འདས་པ་དང ། ད་ལྟར་དང ། མ་འོངས་པའང་ཡིན་ལ། འབྲས་བུའང་དེ་དང་འདྲ་སྟེ། དེ་ནི་རྣམ་པར་ཕྱེ་ནས་ལན་བཏབ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ས་ལྔ་པ་ནས་ས་དང་པོ་ཡན་ཆད་ཀྱི་སངས་རྒྱས་ཀྱི་རང་བཞིན་ནི་རྣམ་པ་ལྔ་སྟེ། ཡང་དག་པ་དང ། བདེན་པ་དང་
Kha335b
ཡོངས་སུ་དག་པ་དང ། བལྟར་རུང་བ་དང ། དགེ་བ་དང ། མི་དགེ་བའོ། །རིགས་ཀྱི་བུ། སངས་རྒྱས་ཀྱི་རང་བཞིན་ལྔ་པ་དེ་དང ། སངས་རྒྱས་ཀྱི་རང་བཞིན་དྲུག་པ་དང ། སངས་རྒྱས་ཀྱི་རང་བཞིན་བདུན་པ་དེ་ནི་དགེ་བའི་རྩ་བ་མ་བཅད་པས་གདོན་མི་ཟ་བར་ཐོབ་པའི་ཕྱིར་ཡོད་པ་ཞེས་བྱ་སྟེ། དེ་ནི་རྣམ་པར་ཕྱེ་ནས་ལན་བཏབ་པ་ཞེས་བྱའོ། །དེ་ལ་གང་གིས་འདི་སྐད་དུ་དགེ་བའི་རྩ་བ་བཅད་པ་ལ་ངེས་པར་སངས་རྒྱས་ཀྱི་རང་བཞིན་ཡོད་དམ། ངེས་པར་སངས་རྒྱས་ཀྱི་རང་བཞིན་མེད་ཅེས་འདྲི་བ་ལ་ནི་བཞག་སྟེ་ལན་མི་གདབ་བོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། བདག་གིས་ཐོས་པ་ལན་མི་འདེབས་པ་ལ་ནི་བཞག་སྟེ་ལན་མི་འདེབས་པ་ཞེས་བགྱི་ན། དེང་དེ་བཞིན་གཤེགས་པས་ཅིའི་རྒྱུ་ཅིའི་རྐྱེན་གྱིས་ལན་བཏབ་པ་ལ་བཞག་སྟེ་ལན་མི་བཏབ་པའོ་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ངས་བཞག་སྟེ་ལན་མ་བཏབ་པ་ལ། བཞག་སྟེ་ལན་མ་བཏབ་པའོ་ཞེས་མ་གསུངས་སོ། །རིགས་ཀྱི་བུ། བཞག་སྟེ་ལན་མ་བཏབ་པ་དེ་ལ་རྣམ་པ་གཉིས་ཏེ། བཟློག་པ་དང ། མ་ཆགས་པ་སྟེ། དོན་དེ་ལྟ་བས་ན་བཞག་སྟེ་ལན་མ་བཏབ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ཇི་ལྟར་རྒྱུ་ལ་
Kha336a
༄#། །འདས་པ་དང ། ད་ལྟར་དང ། མ་འོངས་པ་ཞེས་ཀྱང་བགྱི་ལ། འབྲས་བུའང་འདས་པ་དང ། ད་ལྟར་དང ། མ་འོངས་པའང་ལགས་ལ། འདས་པ་དང ། ད་ལྟར་དང།་མ་འོངས་པའང་མ་ལགས་སོ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཕུང་པོ་ལྔ་ལ་རྣམ་པ་གཉིས་ཏེ། རྒྱུ་དང ། འབྲས་བུའོ། །རྒྱུའི་ཕུང་པོ་ལྔ་ནི་འདས་པ་དང ། ད་ལྟར་དང ། མ་འོངས་པའང་ཡིན་ནོ། །འབྲས་བུའི་ཕུང་པོ་ལྔ་ནི་འདས་པ་དང ། ད་ལྟར་དང ། མ་འོངས་པའང་ཡིན་ལ། འདས་པ་དང ། ད་ལྟར་དང ། མ་འོངས་པའང་མ་ཡིན་ནོ། །རིགས་ཀྱི་བུ། མ་རིག་པའི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ནི་སངས་རྒྱས་ཀྱི་རང་བཞིན་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་རང་བཞིན་གྱི་རྒྱུར་འགྱུར་བའི་ཕྱིར་ཏེ། མ་རིག་པ་དང ། འདུ་བྱེད་ལ་སོགས་པ་ཉོན་མོངས་པ་རྣམས་ལས་དགེ་བའི་ཕུང་པོ་ལྔ་ཐོབ་པས་སངས་རྒྱས་ཀྱི་རང་བཞིན་ཞེས་བྱའོ། །དགེ་བའི་ཕུང་པོ་ལྔ་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཐོབ་པར་འགྱུར་བས་དེ་བས་ན་ངས་མདོ་སྡེ་ལས་སྔར་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་ཁྲག་དང་འོ་མ་འདྲེས་པ་འདྲའོ་ཞེས་གསུངས་སོ། །ཁྲག་ཅེས་བྱ་བ་ནི་མ་རིག་པ་དང ། འདུ་བྱེད་ལ་སོགས་པ་ཉོན་མོངས་པ་རྣམས་སོ། །འོ་མ་ཞེས་བྱ་བ་ནི་དགེ་བའི་ཕུང་པོ་ལྔ་སྟེ། དེ་བས་ན་ངས་
Kha336b
ཉོན་མོངས་པ་རྣམས་དང ། དགེ་བའི་ཕུང་པོ་ལྔ་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཏེ། ཇི་ལྟར་སེམས་ཅན་གྱི་ལུས་ནི་ཁུ་བ་དང་ཁྲག་ལས་གྱུར་པ་ལྟར་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲའོ། །རྒྱུན་དུ་ཞུགས་པ་དང ། ལན་གཅིག་ཕྱིར་ལྡོག་པས་ཉོན་མོངས་པ་ཅུང་ཟད་ཆོད་པའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་ནི་འོ་མ་དང་མཚུངས་སོ། །ཕྱིར་མི་ལྡོག་པའི་སངས་རྒྱས་ཀྱི་རང་བཞིན་ནི་ཞོ་དང་མཚུངས་སོ། །དགྲ་བཅོམ་པའི་སངས་རྒྱས་ཀྱི་རང་བཞིན་ནི་མར་དང་མཚུངས་སོ། །རང་སངས་རྒྱས་ནས་བྱང་ཆུབ་སེམས་དཔའ་ས་བཅུའི་བར་གྱི་སངས་རྒྱས་ཀྱི་རང་བཞིན་ནི་ཞུན་མར་དང་མཚུངས་སོ། །དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རང་བཞིན་ནི་མར་གྱི་ཉིང་ཁུ་དང་མཚུངས་ཏེ། རིགས་ཀྱི་བུ། ད་ལྟར་གྱི་ཉོན་མོངས་པས་བསྒྲིབས་པའི་ཕྱིར་མི་མཐོང་ངོ ། །དཔེར་ན། རི་སྤོས་ཀྱི་ངད་ཅན་ལ་རྩཝ་བཟོད་པ་ཞེས་བྱ་བ་ཡོད་པ་དེ་ལ་བ་ལང་ཐམས་ཅད་ཀྱིས་མི་ཟོས་པ་ལྟར་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། དེ་ནི་རྣམ་པར་ཕྱེ་ནས་ལན་བཏབ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། སངས་རྒྱས་ཀྱི་རང་བཞིན་རྣམ་པ་ལྔ་དང ། དྲུག་དང ། བདུན་ཏེ། གལ་ཏེ་མ་འོངས་པ་ལ་མཆིས་པ་ཞིག་ལགས་ན། དགེ་བའི་རྩ་བ་བཅད་པའི་མི་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་ཞེས་བགྱིར་རུང་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ།
Kha337a
༄#། །ཇི་ལྟར་སེམས་ཅན་རྣམས་ལ་སྔོན་གྱི་ལས་ཡོད་པས་ལས་དེའི་རྒྱུས་ན་ད་ལྟར་ཚེ་འདི་ལ་འབྲས་བུ་རྣམ་པར་སྨིན་པར་འགྱུར་རོ། །མ་འོངས་པའི་ལས་ཡོད་པ་མ་སྐྱེས་པའི་ཕྱིར་འབྲས་བུ་མི་སྐྱེའོ། །ད་ལྟར་གྱི་ཉོན་མོངས་པ་ཡོད་དེ། གལ་ཏེ་ཉོན་མོངས་པ་མེད་ན་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་རང་བཞིན་ད་ལྟར་མངོན་པར་མཐོང་བའི་རིགས་ཏེ། དེ་བས་ན་དགེ་བའི་རྩ་བ་བཅད་པའི་མི་ནི་ད་ལྟར་གྱི་དུས་ཀྱི་ཉོན་མོངས་པའི་རྐྱེན་གྱིས་དགེ་བའི་རྩ་བ་བཅད་ཀྱང་མ་འོངས་པའི་སངས་རྒྱས་ཀྱི་རང་བཞིན་གྱི་མཐུས་དགེ་བའི་རྩ་བ་ཕྱིར་ཡང་སྐྱེ་བར་འགྱུར་རོ། །འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། མ་འོངས་པས་ཇི་ལྟར་ན་དགེ་བའི་རྩ་བ་བསྐྱེད་པར་འགྱུར། རིགས་ཀྱི་བུ། དཔེར་ན། སྒྲོན་མ་དང ། ཉི་མ་ནི་མ་བྱུང་ཡང་མུན་པ་བསལ་བར་ནུས་ཏེ། མ་འོངས་པའི་སངས་རྒྱས་ཀྱི་རང་བཞིན་གྱིས་སེམས་ཅན་གྱི་མ་འོངས་པའི་སངས་རྒྱས་ཀྱི་རང་བཞིན་སྐྱེ་བར་བྱེད་པའང་དེ་དང་འདྲ་སྟེ། དེ་ནི་རྣམ་པར་ཕྱེ་ནས་ལན་བཏབ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་ཕུང་པོ་ལྔ་སངས་རྒྱས་ཀྱི་རང་བཞིན་ལགས་ན་ཅིའི་སླད་དུ་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་ནང་ན་མ་ཡིན། ཕྱི་རོལ་ན་མ་ཡིན་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཅིའི་ཕྱིར་
Kha337b
དེ་ལྟར་ཡིད་གོལ་བར་གྱུར། ངས་སྔར་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་ལམ་དབུ་མ་ཡིན་ནོ་ཞེས་མ་གསུངས་སམ། འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། བདག་གིས་ནི་ཡིད་མ་གོལ་མོད་ཀྱི། སེམས་ཅན་དག་ལམ་དབུ་མ་འདི་ལ་ཤེས་པར་མི་ནུས་པས་དེའི་སླད་དུ་འདི་ལྟར་ཞུས་པ་ལགས་སོ། །རིགས་ཀྱི་བུ། གང་སེམས་ཅན་གྱིས་མི་ཤེས་པ་དེ་ནི་ལམ་དབུ་མ་ཡིན་ཏེ། དེ་ལ་ཤེས་པའང་ཡོད། མི་ཤེས་པའང་ཡོད་དོ། །རིགས་ཀྱི་བུ། ངས་སེམས་ཅན་མི་ཤེས་པ་ཤེས་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་ནི་ནང་ནའང་མ་ཡིན།་ཕྱི་རོལ་ནའང་མ་ཡིན་ཞེས་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་མ་རབས་སོ་སོའི་སྐྱེ་བོར་གྱུར་པ་དག་གིས་ལ་ལ་ནི་སངས་རྒྱས་ཀྱི་རང་བཞིན་ཕུང་པོ་ལྔའི་ནང་ན་གནས་ཏེ།་ཇི་ལྟར་སྣོད་ཀྱི་ནང་ན་ཤིང་ཏོག་ཡོད་པ་དང་མཚུངས་སོ་ཞེས་ཟེར། ལ་ལ་ནི་འདི་སྐད་དུ་ཕུང་པོ་ལས་གཞན་པ་ན་ཡོད་དེ། དཔེར་ན། ནམ་མཁའ་སྟོང་པ་དང་མཚུངས་སོ་ཞེས་ཟེར་ཏེ། དེ་བས་ན་དེ་བཞིན་གཤེགས་པས་ལམ་དབུ་མ་གསུངས་སོ། །སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་ནང་གི་སྐྱེ་མཆེད་དྲུག་མ་ཡིན། ཕྱི་རོལ་གྱི་སྐྱེ་མཆེད་དྲུག་མ་ཡིན་ཏེ། ཕྱི་ནང་འདུས་པ་ལས་ལམ་དབུ་མ་ཞེས་བྱ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་རང་བཞིན་ཉིད་ནི་ལམ་དབུ་མའོ་ཞེས་གསུངས་སོ། །ནང་ན་མ་ཡིན། ཕྱི་རོལ་ན་མ་ཡིན་པ་དེ་
Kha338a
༄#། །ནི་དབུ་མ་ཞེས་བྱ་སྟེ། དེ་ནི་རྣམ་པར་ཕྱེ་ནས་ལན་བཏབ་པ་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། ཇི་ལྟར་ན་ནང་ན་མ་ཡིན། ཕྱི་རོལ་ན་མ་ཡིན་ཞེ་ན། རིགས་ཀྱི་བུ། ཁ་ཅིག་ནི་འདི་སྐད་དུ་སངས་རྒྱས་ཀྱི་རང་བཞིན་ཉིད་ནི་མུ་སྟེགས་ཅན་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསྐལ་པ་ཚད་མེད་པའི་བར་དུ་མུ་སྟེགས་ཅན་གྱི་ཆོས་ཀྱིས་ཉོན་མོངས་པ་རྣམས་གཅོད་ཅིང་སེམས་རབ་ཏུ་བཏུལ་ཏེ། སེམས་ཅན་གྱི་དོན་བྱས་ནས་གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་ཏེ། དེ་བས་ན་སངས་རྒྱས་ཀྱི་རང་བཞིན་ནི་མུ་སྟེགས་ཅན་ཡིན་ནོ་ཞེས་སྨྲའོ། །ཁ་ཅིག་ནི་འདི་སྐད་དུ་སངས་རྒྱས་ཀྱི་རང་བཞིན་ནི་ནང་གི་སློབ་པ་ལ་ཞུགས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔས་བསྐལ་པ་ཚད་མེད་པའི་བར་དུ་མུ་སྟེགས་ཅན་གྱི་ཆོས་སྒོམ་དུ་ཟིན་ཡང ། གལ་ཏེ་ནང་གི་ཆོས་སྤངས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་ཏེ། དེ་བས་ན་སངས་རྒྱས་ཀྱི་རང་བཞིན་ཉིད་ནི་ནང་གི་སློབ་པ་ལ་ཞུགས་པ་ཡིན་ནོ་ཞེས་སྨྲའོ། །དེ་བས་ན་དེ་བཞིན་གཤེགས་པས་མཐའ་གཉིས་ལས་བཟློག་པའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་ནི་ནང་ན་མ་ཡིན། ཕྱི་རོལ་ན་མ་ཡིན་ལ། ཕྱི་དང་ནང་ཡིན་ནོ་ཞེས་ཀྱང་གསུངས་ཏེ། དེ་ནི་ལམ་དབུ་མ་ཞེས་བྱའོ། །གཞན་ཡང ། རིགས་
Kha338b
ཀྱི་བུ།་ཁ་ཅིག་ནི་འདི་སྐད་དུ་སངས་རྒྱས་ཀྱི་རང་བཞིན་ཉིད་དེ་བཞིན་གཤེགས་པའི་རྡོ་རྗེ་ལྟ་བུའི་སྐུ། མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡིན་ནོ་ཞེས་སྨྲས་ཏེ། དེ་ཅིའི་ཕྱིར་ཞེ་ན། མི་སླུ་བའི་ཕྱིར་རོ། །ཡང་འདི་སྐད་དུ་སངས་རྒྱས་ཀྱི་རང་བཞིན་ནི་སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོ་དང ། དྲན་པ་ཉེ་བར་བཞག་པ་གསུམ་དང ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པའི་ཏིང་ངེ་འཛིན་ཐམས་ཅད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་དེ་དག་ལས་རྡོ་རྗེ་ལྟ་བུའི་སྐུ་མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་སྐྱེ་བར་འགྱུར་རོ་ཞེས་སྨྲས་ཏེ། དེ་བས་ན་དེ་བཞིན་གཤེགས་པས་མཐའ་གཉིས་ལས་བཟློག་པའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་ནི་ནང་ན་མ་ཡིན། ཕྱི་རོལ་ན་མ་ཡིན་ལ། ནང་དང་ཕྱི་རོལ་ཡང་ཡིན་ནོ་ཞེས་གསུངས་ཏེ། དེ་ནི་ལམ་དབུ་མ་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། ཁ་ཅིག་ནི་འདི་སྐད་དུ་སངས་རྒྱས་ཀྱི་རང་བཞིན་ནི་ནང་ན་ཤིན་ཏུ་ཡིད་ལ་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ནང་ན་ཤིན་ཏུ་ཡིད་ལ་བྱེད་པ་སྤངས་པའི་ཕ་རོལ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་ནུས་ཏེ། དེ་བས་ན་སངས་རྒྱས་ཀྱི་རང་བཞིན་ནི་ནང་ན་ཤིན་ཏུ་ཡིད་ལ་བྱེད་པ་ཡིན་ནོ་ཞེས་སྨྲའོ། །ཁ་ཅིག་ནི་འདི་སྐད་དུ་སངས་རྒྱས་ཀྱི་རང་བཞིན་ནི་གཞན་ལས་ཆོས་ཐོས་པ་
Kha339a
༄#། །ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཞན་ལས་ཆོས་ཐོས་པས་ནང་ན་ཤིན་ཏུ་ཡིད་ལ་བྱེད་པར་འགྱུར་ཏེ། གལ་ཏེ་ཆོས་མ་ཐོས་ན་ཡིད་ལ་བྱེད་པར་མི་འགྱུར་རོ། ། དེ་ལྟར་བས་ན་སངས་རྒྱས་ཀྱི་རང་བཞིན་ནི་གཞན་ལས་ཆོས་ཐོས་པ་ཡིན་ནོ་ཞེས་སྨྲའོ། །དེ་བས་ན་དེ་བཞིན་གཤེགས་པས་མཐའ་གཉིས་ལས་བཟློག་པའི་ཕྱིར། སངས་རྒྱས་ཀྱི་རང་བཞིན་ནི་ནང་ན་མ་ཡིན། ཕྱི་རོལ་ན་མ་ཡིན་ལ། ནང་དང་ཕྱི་རོལ་ཞེས་ཀྱང་གསུངས་ཏེ། དེ་ནི་ལམ་དབུ་མ་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ་ཁ་ཅིག་འདི་སྐད་དུ་སངས་རྒྱས་ཀྱི་རང་བཞིན་ནི་ཕྱི་རོལ་ཡིན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་ཏེ། དེ་ལྟ་བས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་རང་བཞིན་ཡིན་ནོ་ཞེས་སྨྲའོ། །ཁ་ཅིག་ནི་འདི་སྐད་དུ་སངས་རྒྱས་ཀྱི་རང་བཞིན་ནི་ནང་ཡིན་ཏེ། དེའང་ཕ་རོལ་ཏུ་ཕྱིན་པ་ལྷག་མ་ལྔ་ཡིན་ནོ་ཞེས་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་དེ་ལྔ་སྤངས་པའི་ཕྱི་རོལ་ན་སངས་རྒྱས་ཀྱི་རང་བཞིན་གྱི་རྒྱུ་དང་འབྲས་བུ་ཞེས་བྱ་བ་མེད་པར་ཤེས་ཏེ། དེ་ལྟ་བས་ན་ཕ་རོལ་ཏུ་ཕྱིན་པ་ལྔ་ནི་སངས་རྒྱས་ཀྱི་རང་བཞིན་ནོ་ཞེས་སྨྲའོ། །དེ་བས་ན་དེ་བཞིན་གཤེགས་པས་མཐའ་གཉིས་ལས་བཟློག་པའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་ནི་ནང་ན་མ་ཡིན། ཕྱི་རོལ་
Kha339b
ན་མ་ཡིན་ལ། ནང་དང་ཕྱི་རོལ་ཀྱང་ཡིན་ནོ་ཞེས་གསུངས་པ་ནི་ལམ་དབུ་མ་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། ཁ་ཅིག་འདི་སྐད་དུ་སངས་རྒྱས་ཀྱི་རང་བཞིན་ནི་ནང་ན་གནས་ཏེ། དཔེར་ན། སྟོབས་པོ་ཆེའི་དཔྲལ་བའི་ནོར་བུ་རིན་པོ་ཆེ་དང་མཚུངས་སོ། །དེ་ཅིའི་ཕྱིར་ཞེ་ན། རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ནི་ནོར་བུ་དང་མཚུངས་ཏེ། དེ་བས་ན་སངས་རྒྱས་ཀྱི་རང་བཞིན་ནི་ནང་ན་ཡོད་དོ་ཞེས་སྨྲའོ། །ཁ་ཅིག་ནི་འདི་སྐད་དུ་སངས་རྒྱས་ཀྱི་རང་བཞིན་ནི་ཕྱི་རོལ་ན་ཡོད་དེ། དཔེར་ན། དབུལ་པོའི་ཁྱིམ་ན་རིན་པོ་ཆེའི་གཏེར་ཡོད་པ་དང་མཚུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཐབས་ཀྱིས་མཐོང་བར་འགྱུར་བའི་ཕྱིར་ཏེ། སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་བར་སེམས་ཅན་གྱི་ཕྱི་རོལ་ན་ཡོད་དེ། ཐབས་ཀྱིས་མཐོང་བར་འགྱུར་རོ་ཞེས་སྨྲའོ། །དེ་བས་ན་དེ་བཞིན་གཤེགས་པས་མཐའ་གཉིས་ལས་བཟློག་པའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་ནི་ནང་ན་མ་ཡིན། ཕྱི་རོལ་ན་མ་ཡིན་ལ། ནང་དང་ཕྱི་རོལ་ཀྱང་མ་ཡིན་ནོ་ཞེས་གསུངས་ཏེ། དེ་ནི་དབུ་མའི་ལམ་ཞེས་བྱའོ། །རིགས་ཀྱི་བུ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་ཡོད་པ་མ་ཡིན། མེད་པའང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན།་སངས་རྒྱས་ཀྱི་རང་བཞིན་ཡོད་མོད་ཀྱི། ནམ་མཁའ་དང་འདྲ་བ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ནམ་མཁའ་སྟོང་པ་ནི་ཐབས་མཁས་པ་ཚད་མེད་པ་བྱས་ཀྱང་དམིགས་
Kha340a
༄#། །སུ་མེད་དེ། སངས་རྒྱས་ཀྱི་རང་བཞིན་ནི་དམིགས་སུ་ཡོད་པས། དེའི་ཕྱིར་ཡོད་མོད་ཀྱི། ནམ་མཁའ་སྟོང་པ་དང་མཚུངས་པ་ནི་མ་ཡིན་ནོ། །སངས་རྒྱས་ཀྱི་རང་བཞིན་མེད་མོད་ཀྱི། རི་བོང་གི་རཝ་དང་མཚུངས་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རུས་སྦལ་གྱི་སྤུ་དང ། རི་བོང་གི་རཝ་ནི་ཐབས་ཚད་མེད་པ་རྣམ་པ་སྣ་ཚོགས་ཀྱིས་སྐྱང་སྐྱེ་བར་མི་ནུས་ཏེ།་སངས་རྒྱས་ཀྱི་རང་བཞིན་ནི་སྐྱེ་བར་ནུས་པས། དེའི་ཕྱིར་མེད་མོད་ཀྱི། རི་བོང་གི་རཝ་དང་མི་མཚུངས་སོ། །དེ་བས་ན་སངས་རྒྱས་ཀྱི་རང་བཞིན་ནི་ཡོད་པ་མ་ཡིན། མེད་པ་མ་ཡིན་ལ། ཡོད་པ་དང་མེད་པའང་ཡིན་ནོ། །ཇི་ལྟར་ན་ཡོད་པ་ཞེ་ན། ཐམས་ཅད་ལ་ཡོད་པའི་ཕྱིར་སེམས་ཅན་རྣམས་ཀྱིས་གཅོད་པའམ། དགག་པར་མི་ནུས་ཏེ། མེ་མར་གྱི་མེ་ལྕེ་དང་འདྲ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བར་དུ་ཐོབ་པར་འགྱུར་ཏེ། དེ་བས་ན་ཡོད་པ་ཞེས་བྱའོ། །ཇི་ལྟར་ན་མེད་ཅེ་ན། སེམས་ཅན་ཐམས་ཅད་ལ་ད་ལྟར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ད་ལྟར་གྱི་དུས་ན་མེད་པའི་ཕྱིར་མེད་པ་ཞེས་བྱའོ། །ཡོད་པ་དང་མེད་པ་འདུས་པ་ལ་ནི་དབུ་མ་ཞེས་བྱ་སྟེ། དེ་བས་ན་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་ཡོད་པ་མ་ཡིན། མེད་པ་མ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །རིགས་ཀྱི་བུ། མི་ལ་ལས་འདི་སྐད་དུ་
Kha340b
ས་བོན་གྱི་ནང་ན་འབྲས་བུ་ཡོད་དམ་མེད་ཅེས་འདྲི་ན། ངེས་པར་ཡོད་ཅེས་ཀྱང་བྱ་ལ། མེད་ཅེས་ཀྱང་ལན་གདབ་བོ། །དེ་ཅིའི་ཕྱིར་ཞེ་ན། ས་བོན་སྤངས་པའི་ཕ་རོལ་ན་འབྲས་བུ་སྐྱེ་པར་མི་འགྱུར་ཏེ། དེ་བས་ན་ཡོད་ཅེས་ཀྱང་བྱའོ། །ས་བོན་ལ་མྱུ་གུ་མ་བྱུང་བས་མེད་ཅེས་བྱ་སྟེ། དེ་ལྟ་བས་ན་ཡོད་པ་ཞེས་ཀྱང་བྱ་ལ། མེད་པ་ཞེས་ཀྱང་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དུས་ཀྱིས་ཐ་དད་མོད་ཀྱི། ངོ་བོ་ཉིད་ནི་གཅིག་སྟེ། དེ་བཞིན་དུ་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། གལ་ཏེ་སེམས་ཅན་ལས་གཞན་པ་ན་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་བྱ་བ་དེ་ནི་དེ་ལྟར་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཉིད་སངས་རྒྱས་ཀྱི་རང་བཞིན་ཡིན་ལ། སངས་རྒྱས་ཀྱི་རང་བཞིན་ཉིད་སེམས་ཅན་ཡིན་ཏེ། དུས་ཐ་དད་པའི་ཕྱིར་རྣམ་པར་དག་བ་དང ། མ་དག་པ་ཡོད་དུ་ཟད་དོ། །རིགས་ཀྱི་བུ། གལ་ཏེ་ལ་ལ་ཞིག་གིས་འདི་སྐད་དུ་ས་བོན་གྱིས་འབྲས་བུ་སྐྱེ་བར་ནུས་སམ། འབྲས་བུ་སྐྱེ་བར་མི་ནུས་ཞེས་འདྲི་ན། དེ་ལ་འདི་སྐད་དུ་སྐྱེ་བའང་ཡིན་ལ། མི་སྐྱེ་བའང་ཡིན་ཞེས་ལན་གདབ་བོ། །གསོལ་པ། བཅོམ་ལྡན་འདས། དཔེར་ན། འཇིག་རྟེན་པས་འོ་མའི་ནང་ན་ཞོ་མཆིས་སོ་ཞེས་བགྱི་བའི་དོན་ཇི་ལྟ་བུ་ལགས། བཀའ་སྩལ་པ། རིགས་ཀྱི་བུ། གལ་ཏེ་གང་གིས་འོ་མའི་ནང་ན་ཞོ་ཡོད་དོ་ཞེས་ཟེར་བ་ནི་ཞེན་པའོ། །གང་ཞོ་མེད་དོ་ཞེས་ཟེར་བ་ནི་བརྫུན་དུ་སྨྲ་བའོ། །དངོས་པོ་དེ་གཉིས་མ་གཏོགས་པར་
Kha341a
༄#། །ཡོད་ཅེས་ཀྱང་བྱ་ལ། མེད་ཅེས་ཀྱང་བྱའོ་ཞེས་ངེས་པར་སྨྲའོ། །དེ་ཅིའི་ཕྱིར་ཡོད་ཅེ་ན། འོ་མ་ལ་ཞོ་འབྱུང་སྟེ། རྒྱུ་ནི་འོ་མ། འབྲས་བུ་ནི་ཞོ་སྟེ། དེ་བས་ན་ཡོད་ཅེས་བྱའོ། །ཇི་ལྟར་མེད་ཅེ་ན། དབྱིབས་དང་རོ་ཐ་དད་པ་སྟེ། བཏུང་བ་དང ། སྤྱོད་པ་མི་མཚུངས་སོ། །ཚ་བའི་ནད་ལ་ནི་འོ་མ་གཏོང ། འཁྲུ་བའི་ནད་ལ་ཞོ་གཏོང་ངོ ། །འོ་མས་ནི་གྲང་ནད་སྐྱེ་བར་བྱེད། ཞོས་ནི་ཚ་བའི་ནད་སློང་བར་བྱེད་དོ། །རིགས་ཀྱི་བུ། གང་འདི་སྐད་དུ་འོ་མའི་ནང་ན་ཞོའི་རང་བཞིན་ཡོད་དོ་ཞེས་སྨྲ་ན་འོ་མ་ཉིད་ཞོ་ཡིན་ལ། ཞོ་ཉིད་འོ་མ་སྟེ། རང་བཞིན་གཅིག་ཏུ་འགྱུར་ན། ཅིའི་རྒྱུ་ཅིའི་རྐྱེན་གྱིས་འོ་མ་སྔར་འབྱུང་ལ་ཞོ་སྔར་མི་འབྱུང ། གལ་ཏེ་རྒྱུ་དང་རྐྱེན་ཡོད་ན་ཅིའི་ཕྱིར་འཇིག་རྟེན་པ་ཐམས་ཅད་ཀྱིས་སྔར་མ་སྨྲས། གལ་ཏེ་རྒྱུ་དང་རྐྱེན་མེད་ན་ཅིའི་ཕྱིར་ཞོ་སྔར་མ་བྱུང ། དེ་ལྟར་ཞོ་སྔར་མ་བྱུང་བས་ན། འོ་མ་དང ། ཞོ་དང ། མར་དང ། ཞུན་མར་དང ། མར་གྱི་སྙིང་པོ་ཞེས་གོ་རིམ་སུས་བྱས། དེ་བས་ན་ཞོ་ནི་ཐོག་མ་མེད་ལ། ང་ཡོད་པ་ཡིན་པར་རིག་པར་བྱའོ། །གལ་ཏེ་ཐོག་མ་མེད་ལ་ད་ཡོད་པ་ཞིག་ན་ནི་མི་རྟག་པའི་ཆོས་སུ་འགྱུར་རོ། །རིགས་ཀྱི་བུ། གང་གིས་འདི་སྐད་དུ་འོ་མ་ལ་ཞོའི་རང་བཞིན་ཡོད་པས་ཞོ་འབྱུང་བར་འགྱུར་གྱི། ཆུ་དང་རྩཝ་ལ་ཞོའི་རང་བཞིན་མེད་པས་ཞོ་མི་འབྱུང་ངོ་ཞེས་སྨྲ་ན། དེའང་དེ་ལྟར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆུ་དང་རྩཝ་ལའང་འོ་མ་དང་ཞོའི་རང་བཞིན་ཡོད་
Kha341b
དོ། །གང་ཞེ་ན། ཆུ་དང་རྩཝ་ལས་འོ་མ་དང་ཞོ་འབྱུང་སྟེ། གང་གིས་འདི་སྐད་དུ་འོ་མའི་ནང་ན་ནི་ངེས་པར་ཞོའི་རང་བཞིན་ཡོད་ལ། ཆུ་དང་རྩཝ་ལ་མེད་དོ་ཞེས་སྨྲ་ན་དེ་ནི་བརྫུན་དུ་སྨྲ་བ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། སེམས་མི་མཉམ་པའི་ཕྱིར་བརྫུན་དུ་སྨྲ་བ་ཞེས་བྱའོ། །རིགས་ཀྱི་བུ། གལ་ཏེ་ལ་ལ་ཞིག་གིས་འོ་མའི་ནང་ན་ནི་ངེས་པར་ཞོ་ཡོད་དོ་ཞེས་སྨྲ་ན། ཞོའི་ནང་ནའང་ངེས་པར་འོ་མ་འབྱུང་བའི་རིགས་ན། ཅིའི་རྒྱུ་ཅིའི་རྐྱེན་གྱིས་འོ་མ་ལས་ཞོ་འབྱུང་ལ་ཞོ་ལས་འོ་མ་མི་འབྱུང ། གལ་ཏེ་རྒྱུ་དང་རྐྱེན་མེད་ན་ཞོ་དེ་ནི་ཐོག་མ་མེད་ལ། ད་ཡོད་པ་ཡིན་པར་ཤེས་ཏེ། ད་བས་ན་མཁས་པ་དག་ནི་འདི་སྐད་དུ་འོ་མའི་ནང་ན་ཞོའི་རང་བཞིན་ཡོད་པའང་མ་ཡིན། མེད་པའང་མ་ཡིན་ནོ་ཞེས་སྨྲའོ། །རིགས་ཀྱི་བུ། དེ་བས་ན་དེ་བཞིན་གཤེགས་པས་མདོ་འདི་ལས་འདི་སྐད་དུ་སེམས་ཅན་ཐམས་ཅད་ལ་ངེས་པར་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་སྨྲ་ན་དེ་ནི་ཞེན་པ་ཞེས་བྱའོ། །མེད་དོ་ཞེས་སྨྲ་ན་དེ་ནི་བརྫུན་དུ་སྨྲ་བ་ཞེས་བྱ་སྟེ། མཁས་པ་ཤེས་རབ་ཅན་དག་གིས་ནི་སངས་རྒྱས་ཀྱི་རང་བཞིན་ཡོད་པའང་མ་ཡིན། མེད་པའང་མ་ཡིན་ཞེས་སྨྲ་བར་བྱའོ། །རིགས་ཀྱི་བུ། དངོས་པོ་བཞི་འདུས་པ་ལས་མིག་གི་རྣམ་པར་ཤེས་པ་སྐྱེ་སྟེ། བཞི་གང་ཞེ་ན།་མིག་དང ། གཟུགས་དང ། སྣང་བ་དང ། ཆགས་པ་སྟེ། མིག་གི་རྣམ་པར་ཤེས་པའི་རང་བཞིན་དེ་ནི་མིག་མ་ཡིན། གཟུགས་མ་ཡིན། སྣང་བ་མ་ཡིན། ཆགས་པ་མ་ཡིན་ཡང་འདུས་
Kha342a
༄#། །པ་ལས་སྐྱེ་བར་འགྱུར་ཏེ། དེ་ལྟར་མིག་གི་རྣམ་པར་ཤེས་པ་ནི་ཐོག་མ་མེད་ལ་ད་ཡོད་པར་གྱུར་ཏོ། །ཡོད་ནས་ཀྱང་ཕྱིས་མེད་པར་འགྱུར་བས་དེའི་ཕྱིར་ཐོག་མའི་རང་བཞིན་ཞེས་བྱ་བ་མེད་པར་རིགས། དེ་བཞིན་དུ་འོ་མའི་ནང་ན་ཞོའི་རང་བཞིན་ཡོད་པའང་དེ་དང་འདྲའོ། །གང་ལ་ལས་འདི་སྐད་དུ་ཆུ་ལ་ཞོའི་རང་བཞིན་མེད་པས་ཞོ་མི་འབྱུང་གི་འོ་མའི་ནང་ན་ངེས་པར་ཞོའི་རང་བཞིན་ཡོད་དོ་ཞེས་ཟེར་ན་དེའང་དེ་ལྟར་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། ཆོས་ཐམས་ཅད་ནི་རྒྱུ་ཐ་དད་ལ་འབྲས་བུ་ཐ་དད་དེ། རྒྱུ་གཅིག་ལས་འབྲས་བུ་ཐམས་ཅད་སྐྱེ་བའང་མ་ཡིན་ལ། འབྲས་བུ་ཐམས་ཅད་རྒྱུ་གཅིག་ལས་འབྱུང་བའང་མ་ཡིན་ནོ། །རིགས་ཀྱི་བུ། དངོས་པོ་རྣམ་པ་བཞི་པོ་དེ་ལས་མིག་གི་རྣམ་པར་ཤེས་པ་སྐྱེས་པས་དངོས་པོ་དེ་བཞི་ལས་རྣ་བའི་རྣམ་པར་ཤེས་པའང་སྐྱེའོ་ཞེས་བྱར་མི་རུང་ངོ ། །རིགས་ཀྱི་བུ། ཐབས་སྤངས་ཏེ་འོ་མ་ལས་ཞོར་གྱུར་པ་དང ། ཞོ་ལས་མར་འབྱུང་མི་སྲིད་དེ། དེ་ལྟར་མི་སྲིད་པ་ལ་བལྟས་ན་ཐབས་མཁས་པ་དགོས་སོ། །རིགས་ཀྱི་བུ། ཐབས་མཁས་པ་དག་ནི་ཐབས་སྤངས་པའི་ཕ་རོལ་ན་འོ་མ་ལས་ཞོར་གྱུར་པ་མི་བལྟ་སྟེ། མར་གྱི་བར་དུ་ཐབས་སྤངས་པའི་ཕ་རོལ་ན་མར་དུ་གྱུར་པར་མི་བལྟའོ། །རིགས་ཀྱི་བུ། དེ་བས་ན་ངས་མདོ་སྡེ་འདི་ལས་རྒྱུ་སྐྱེ་བས་ཆོས་ཡོད་ལ། རྒྱུ་འགགས་པས་ཆོས་མེད་དོ་ཞེས་གསུངས་
Kha342b
སོ། །རིགས་ཀྱི་བུ། དཔེར་ན། ལན་ཚཝའི་མཚན་ཉིད་ནི་ལན་ཚཝ་མི་བྲོ་བ་ཐམས་ཅད་ལ་ལན་ཚཝ་བྲོ་བར་བྱེད་དོ། །གལ་ཏེ་ལན་ཚཝ་མི་བྲོ་བ་རྣམས་ལ་ཐོག་མ་ནས་ལན་ཚཝའི་རང་བཞིན་ཡོད་པ་ཞིག་ཡིན་ན། ཅིའི་ཕྱིར་འཇིག་རྟེན་པས་ལན་ཚཝ་ཚོལ་བར་བྱེད། ཇི་སྟེ་ཐོག་མ་ནས་མེད་པ་ཞིག་ཡིན་ན་ཐོག་མ་ནས་མེད་ལ་ད་ཡོད་པར་རིག་གོ་།འོན་ཏེ་རྐྱེན་གཞན་གྱིས་ལན་ཚཝ་བྲོ་བར་གྱུར་ཏམ། གང་ཡང་འདི་སྐད་དུ་ལན་ཚཝ་མི་བྲོ་ཐམས་ཅད་ལ་ལན་ཚཝའི་རང་བཞིན་ཡོད་དེ། ཤས་ཆུང་བས་མི་ཤེས་ཀྱི། ཤས་ཅུང་ཟད་ཡོད་པའི་རང་བཞིན་དེས་ན་ལན་ཚཝས་ལན་ཚཝ་བྲོ་བར་བྱེད་དོ། །གལ་ཏེ་ཐོག་མ་ནས་རང་བཞིན་མེད་ན་ལན་ཚཝ་ཡོད་དུ་ཟིན་ཀྱང་ལན་ཚཝ་བྲོ་བར་མི་འགྱུར་ཏེ། དཔེར་ན། ས་བོན་ཉིད་ལ་ཆེན་པོ་བཞི་ཡོད་པས་ཕྱི་རོལ་གྱི་ཆེན་པོ་བཞིའི་རྐྱེན་གྱིས་མྱུ་གུ་དང ། སྡོང་བུ་དང ། ཡལ་ག་དང ། ལོ་མ་སྐྱེ་བར་འགྱུར་བ་ལྟར་ལན་ཚཝའི་རང་བཞིན་ཡང་དེ་དང་འདྲའོ་ཞེས་སྨྲ་ན། དེའང་དེ་ལྟར་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ལན་ཚཝ་མི་བྲོ་བ་ལ་ཐོག་མ་ནས་ལན་ཚཝའི་རང་བཞིན་ཡོད་ན་ལན་ཚཝ་ལའང་ལན་ཚཝ་མི་བྲོ་བའི་ཤས་ཡོད་པའི་རིགས་སོ། །གལ་ཏེ་ལན་ཚཝ་ལ་དེ་ལྟར་རང་བཞིན་གཉིད་ཡོད་ན་ཅིའི་ཕྱིར་ལན་ཚཝ་བྲོ་བ་དགོས་པར་སྤྱོད་པར་མ་གྱུར། དེ་བས་ན་ལན་ཚཝ་ལ་ཐོག་མ་ནས་རང་བཞིན་གཉིས་མེད་པར་ཤེས་ཏེ། ཇི་ལྟར་ལན་ཚཝ་དང་འདྲ་བར་ལན་ཚཝ་མི་བྲོ་བ་ཐམས་ཅད་ཀྱང་དེ་དང་འདྲའོ། །
Kha343a
༄#། །གལ་ཏེ་ཕྱི་རོལ་གྱི་ཆེན་པོ་བཞིའི་མཐུས་ནང་གི་ཆེན་པོ་བཞི་སྐྱེ་བར་འགྱུར་རོ་ཞེས་བྱ་བ་དེའང་དེ་ལྟར་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ཐབས་མཁས་པ་མ་ཡིན་གྱི།་རིམ་གྱིས་བཤད་པའི་ཕྱིར་རོ། །འོ་མ་ལས་ཞོ་འབྱུང་བ་ནས་མར་གྱི་བར་དུ་ཆོས་ཐམས་ཅད་ཀྱང་ཐབས་མེད་པར་གྲུབ་པ་མེད་པ་ལྟར་ཆེན་པོ་བཞིའང་དེ་དང་འདྲའོ། །དེ་ལྟར་ཕྱི་རོལ་གྱི་ཆེན་པོ་བཞི་ལས་ནང་གི་ཆེན་པོ་བཞི་སྐྱེས་ན་ཅིའི་ཕྱིར་ནང་གི་ཆེན་པོ་བཞི་ལས་ཕྱིའི་ཆེན་པོ་བཞི་སྐྱེ་བར་མི་མཐོང ། དཔེར་ན། ཤིང་ཏོག་ཤི་རི་ཤ་ཞེས་བྱ་བ་དང་མཚུངས་ཏེ།་དབྱིབས་མེད་སྙིང་པོ་མེད་མོད་ཀྱི། སྐར་མ་པ་བ་སངས་མཐོང་བ་ན་འབྲས་བུ་སོར་ལྔ་སྐྱེ་བར་འགྱུར་ཏེ། དེ་ལྟར་འབྲས་བུ་དེ་ཡང་དག་པར་ཕྱི་རོལ་གྱི་ཆེན་པོ་བཞི་ལས་སྐྱེས་པ་མ་ཡིན་ནོ། །རིགས་ཀྱི་བུ། ཇི་ལྟར་ངས་མདོ་སྡེ་བཅུ་གཉིས་གསུངས་པའང ། ལ་ལ་ནི་བདག་གི་ཡིད་དང་སྦྱར་ཏེ་བཤད། ལ་ལ་ནི་གཞན་གྱི་ཡིད་དང་སྦྱར་ཏེ་བཤད། ལ་ལ་ནི་བདག་དང་གཞན་གྱི་ཡིད་དང་སྦྱར་ཏེ་བཤད་དོ། །དེ་ལ་ཇི་ལྟར་ན་བདག་གི་ཡིད་དང་སྦྱར་ཏེ་བཤད་པ་ཞེ་ན། ཇི་ལྟར་དགེ་སློང་ལྔ་བརྒྱས་ཤཱ་རིའི་བུ་ལ་འདི་སྐད་དྲིས་པ་དང་འདྲ་སྟེ། བཙུན་པ་བཅོམ་ལྡན་འདས་ཀྱིས་ལུས་ཀྱི་རྒྱུར་གསུངས་པ་ཇི་ལྟ་བུ་ལགས། ཤཱ་རིའི་བུས་སྨྲས་པ། བཙུན་པ་ཁྱེད་སོ་སོ་ནས་ཡང་དག་པར་རྣམ་པར་གྲོལ་བ་ཐོབ་པས་ཤེས་པའི་
Kha343b
རིགས་ན་ཅིའི་རྐྱེན་གྱིས་དེ་སྐད་ཅེས་འདྲི། དེ་ལ་དགེ་སློང་ཁ་ཅིག་ནི་འདི་སྐད་དུ། བཙུན་པ། བདག་ཡང་དག་པའི་རྣམ་པར་གྲོལ་བ་མ་ཐོབ་པ་ན་འདི་སྙམ་དུ་མ་རིག་པ་ནི་ལུས་ཀྱི་རྒྱུའོ་སྙམ་བསམས་ཏེ། དེ་ལྟར་ཡིད་ལ་བྱེད་པ་ན་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །དེ་ལ་ཁ་གཅིག་ནི་འདི་སྐད་དུ་བཙུན་པ་བདག་ཡང་དག་པའི་རྣམ་པར་གྲོལ་བ་མ་ཐོབ་པ་ན་སྲེད་པ་དང་མ་རིག་པ་ནི་ལུས་ཀྱི་རྒྱུའོ་སྙམ་བསམས་ཏེ། དེ་ལྟར་ཡིད་ལ་བྱེད་པ་ན་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །དེ་ལ་ཁ་ཅིག་ནི་འདི་སྐད་དུ་འདུ་བྱེད་དང ། རྣམ་པར་ཤེས་པ་དང ། མིང་དང་གཟུགས་དང ། དྲུག་གི་སྐྱེ་མཆེད་དང ། རེག་པ་དང ། ཚོར་བ་དང ། སྲེད་པ་དང ། ལེན་པ་དང ། སྲིད་པ་དང ། སྐྱེ་བ་དང ། བཟའ་བ་དང ། བཅའ་བ་དང ། འདོད་པ་ལྔ་ནི་ལུས་ཀྱི་རྒྱུ་ཡིན་ནོ་སྙམ་སེམས་སོ། །དེ་ནས་དགེ་སློང་ལྔ་བརྒྱ་པོ་སོ་སོ་ནས་བདག་བདག་གི་ཤེས་པ་སྨྲས་ནས་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ནས་གཡས་སུ་ལན་གསུམ་བསྐོར་ཏེ། ཕྱག་བྱས་ཟིན་ནས་ཕྱོགས་གཅིག་ཏུ་འཁོད་དེ། སོ་སོ་ནས་ཇི་ལྟར་བདག་བདག་གིས་རིག་པའི་དོན་བཅོམ་ལྡན་འདས་ལ་གསོལ་པ་དང ། དེ་ནས་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། དགེ་སློང་དེ་དག་ལ་གང་ནི་ཡང་དག་པར་སྨྲ་བ་ལགས། གང་ནི་ཡང་དག་པར་སྨྲ་བ་མ་ལགས། བཅོམ་
Kha344a
༄#། །ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། ལེགས་སོ། །ལེགས་སོ། །དགེ་སློང་དག་ནི་ཡང་དག་པར་མ་སྨྲས་པ་ནི་གཅིག་ཀྱང་མེད་དོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་ཐུགས་ལ་ཅི་དགོངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། ངས་འདོད་པའི་ཁམས་ཀྱི་སེམས་ཅན་རྣམས་ཀྱི་ཕྱིར་ཕ་མ་ནི་ལུས་ཀྱི་རྒྱུ་ཡིན་ནོ་ཞེས་གསུངས་ཏེ། དེ་ལྟར་མདོ་སྡེ་གསུངས་པ་དེ་ནི་བདག་གི་ཡིད་དང་སྦྱར་ཏེ་བཤད་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་གཞན་གྱི་ཡིད་དང་སྦྱར་ཏེ་བཤད་པ་ཞེ་ན། དཔེར་ན། ཁྱིམ་བདག་པ་ཏ་ལ་ཞེས་བྱ་བ་དེ་ང་གང་ན་བར་འོངས་ནས་འདི་སྐད་དུ། ཀྱེ་གཽ་ཏ་མ་ཁྱོད་སྒྱུ་མ་ཤེས་སམ། གལ་ཏེ་སྒྱུ་མ་ཤེས་ན་རྒྱུ་མ་ཆེན་པོ་ཡིན་ནོ། །གལ་ཏེ་སྒྱུ་མ་མི་ཤེས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཅན་མ་ཡིན་ནོ་ཞེས་སྨྲས་སོ། །ངས་སྨྲས་པ། ཁྱིམ་བདག་།སྒྱུ་མ་ཤེས་པའི་མི་ལ་སྒྱུ་མ་ཞེས་བྱའམ། ཁྱིམ་བདག་གིས་སྨྲས་པ། ལེགས་སོ། །ལེགས་སོ། །གང་སྒྱུ་མ་ཤེས་པ་དེ་ནི་སྒྱུ་མ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།མཉན་དུ་ཡོད་པའི་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ཅེས་བྱ་བ་ལ་རིགས་ངན་དབུགས་འཕྲོག་།ཅེས་བྱ་བ་ཡོད་པར་ཁྱོད་ཀྱིས་ཤེས་སམ། ཁྱིམ་བདག་གིས་སྨྲས་པ། གཽ་ཏ་མ། བདག་སྔ་ནས་ཤེས་སོ། །བཅོམ་ལྡན་
Kha344b
འདས་ཀྱིས་བཀའ་སྩལ་པ། ཁྱོད་སྔ་ནས་ཤེས་ན་ཁྱོད་ལ་རིགས་ངན་ཞེས་བྱར་རུང་ངམ། ཁྱིམ་བདག་གིས་སྨྲས་པ། གཽ་ཏ་མ། བདག་གིས་རིགས་ངན་ཡིན་པར་ནི་ཤེས་མོད་ཀྱི། འོན་ཀྱང་བདག་གི་ལུས་འདི་ནི་རིགས་ངན་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ཁྱོད་ཀྱིས་རིགས་ངན་ཤེས་ཀྱང་རིགས་ངན་མ་ཡིན་པར་གཏོགས་ན། དེ་ཅིའི་ཕྱིར་སྒྱུ་མ་ཤེས་ན་སྒྱུ་མ་ཡིན་པར་འགྱུར། ཁྱིམ་བདག་།ང་ནི་ཡང་དག་པར་ན་སྒྱུ་མའང་ཤེས་ལ། སྒྱུ་མའི་རྒྱུ་ཡང་ཤེས། སྒྱུ་མའི་རྣམ་པར་སྨིན་པའང་ཤེས། སྒྱུ་མའི་སྒྱུ་རྩལ་ཡང་ཤེས། ང་ནི་གསོད་པའང་ཤེས། གསོད་པའི་མིའང་ཤེས། གསོད་པའི་འབྲས་བུ་རྣམ་པར་སྨིན་པའང་ཤེས། གསོད་པའི་རྣམ་པར་གྲོལ་བ་ནས་ངན་པར་ལྟ་བའི་བར་དུའང་ཤེས།་ངན་པར་ལྟ་བའི་མི་ཡང་ཤེས། ངན་པར་ལྟ་བའི་འབྲས་བུ་རྣམ་པར་སྨིན་པའང་ཤེས། ངན་པར་ལྟ་བའི་རྣམ་པར་གྲོལ་བའང་ཤེས་སོ། །ཁྱིམ་བདག་གལ་ཏེ་སྒྱུ་མ་མ་ཡིན་པ་ལ་སྒྱུ་མ་ཡིན་ནོ་ཞེས་སྨྲས་སམ། ངན་པར་ལྟ་བ་མ་ཡིན་པ་ལ་ངན་པར་ལྟའོ་ཞེས་སྨྲས་ན། ཁ་ན་མ་ཐོ་བའི་སྡིག་ཚད་མེད་པ་སྙེད་ཐོབ་པར་འགྱུར་རོ། །ཁྱིམ་བདག་གིས་སྨྲས་པ། གཽ་ཏ་མ་དེ་ལྟར་ཁྱོད་ཀྱིས་སྨྲས་པ་ལྟར་ན་བདག་ཉེས་པ་ཆེན་པོ་ཐོབ་པར་གྱུར་གྱི། བདག་ལ་ད་ལྟར་བདོག་པ་ཐམས་ཅད་འབུལ་གྱི། བདག་དེ་སྐད་ཅེས་སྨྲས་པ་དེ་རྒྱལ་པོ་སྡེ་
Kha345a
༄#། །རབ་ཏུ་ཕམ་བྱེད་ཀྱིས་ཐོས་པར་མ་བྱེད་ཅིག་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ཉེས་པ་དེའི་རྐྱེན་གྱིས་ནོར་སྟོར་བ་མ་ཡིན་ཏེ། དེའི་རྐྱེན་གྱིས་ངན་སོང་གསུམ་དུ་ལྟུང་བར་འགྱུར་རོ། །དེ་ནས་ཁྱིམ་བདག་དེ་ངན་སོང་གསུམ་གྱི་མིང་ཐོས་ནས་དངངས་སྐྲག་པའི་སེམས་སྐྱེས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །འཕགས་པ། བདག་དེང་སེམས་སྟོར་བས་སྡིག་པ་ཆེན་པོ་ཐོབ་པར་གྱུར་ན། འཕགས་པ་ནི་ཐམས་ཅད་མཁྱེན་པ་ལགས་ཏེ། རྣམ་པར་གྲོལ་བ་ཇི་ལྟར་ཐོབ་པའང་ཤིན་ཏུ་མཁྱེན་པའི་རིགས་ན། བདག་གིས་ཇི་ལྟར་ན་སེམས་ཅན་དམྱལ་བ་དང ། ཡི་དྭགས་དང ། བྱོལ་སོང་གི་སྐྱེ་གནས་ལས་རྣམ་པར་ཐར་པར་འགྱུར། དེ་ནས་དེའི་ཚེ་དེ་ལ་བདེན་པ་བཞིའི་ཆོས་བསྟན་ཏོ། །ཁྱིམ་བདག་གིས་ཐོས་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ནས་ཁྲེལ་བ་དང་འཛེམ་པའི་སེམས་སྐྱེས་ཏེ། བདག་རྨོངས་པའི་ཕྱིར་བཅོམ་ལྡན་འདས་སྒྱུ་མ་མ་ལགས་པ་ལ་སྒྱུ་མའོ་ཞེས་བགྱིས་ཏེ། བདག་དེང་བཅོམ་ལྡན་འདས་ལ་འགྱོད་ཚངས་གསོལ་ཞིང་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ལེགས་སོ། །ལེགས་སོ་ཞེས་བཀའ་སྩལ་ཏེ། དེ་ནི་གཞན་གྱི་ཡིད་དང་སྦྱར་ཏེ་བཤད་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་བདག་དང་གཞན་གྱི་ཡིད་དང་སྦྱར་ཏེ་བཤད་པ་ཞེ་
Kha345b
ན།་ཇི་ལྟར་ངས་གསུངས་པ་ལས་འཇིག་རྟེན་ཐམས་ཅད་ཀྱི་མཁས་པ་ཤེས་རབ་ཅན་དག་ཡོད་པར་འཆད་ན་ངས་ཀྱང་ཡོད་པར་བཤད། འཇིག་རྟེན་གྱི་མཁས་པ་ཤེས་རབ་ཅན་གྱིས་འདོད་པ་ལྔའི་བདེ་བ་ནི་མི་རྟག་པ་དང ། སྡུག་བསྔལ་བ་དང ། བདག་མེད་པ་སྟེ་གཅད་པར་བྱའོ་ཞེས་བཤད་ན། ངའང་ཡོད་པར་བཤད། འཇིག་རྟེན་གྱི་མཁས་པ་ཤེས་རབ་ཅན་གྱིས་འདོད་པ་ལྔའི་བདེ་བ་ལ་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པའི་གནས་མེད་དོ་ཞེས་བཤད་ན། ངའང་དེ་ལྟར་དེ་ལྟ་བུའི་གནས་མེད་དོ་ཞེས་བཤད་དེ། དེ་ནི་བདག་དང་གཞན་གྱི་ཡིད་དང་སྦྱར་ཏེ་བཤད་པ་ཞེས་བྱའོ། །རིགས་ཀྱི་བུ། ཇི་ལྟར་ངས་བྱང་ཆུབ་སེམས་དཔའ་ས་བཅུ་པས་སངས་རྒྱས་ཀྱི་རང་བཞིན་ཅུང་ཟད་ཅིག་མཐོང་ངོ་ཞེས་གསུངས་པ་ནི་གཞན་གྱི་ཡིད་དང་སྦྱར་ཏེ་བཤད་པ་ཞེས་བྱའོ། །ཅིའི་ཕྱིར་ཅུང་ཟད་ཅིག་མཐོང་བ་ཞེ་ན། བྱང་ཆུབ་སེམས་དཔའ་ས་བཅུ་པས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་ཆོས་ཀྱི་རྣམ་གྲངས་སུམ་སྟོང་ཐོབ་པའི་ཕྱིར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ཐོབ་པར་ཤེས་ཀྱི། སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གདོན་མི་ཟ་བར་ཐོབ་པར་མི་མཐོང་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་ས་བཅུ་པས་སངས་རྒྱས་ཀྱི་རང་བཞིན་ཕྱོགས་ཅུང་ཟད་ཅིག་མཐོང་ངོ་ཞེས་གསུངས་སོ། །རིགས་ཀྱི་བུ། ངས་རྟག་ཏུ་
Kha346a
༄#། །སེམས་ཅན་ཀུན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་གསུངས་པ་ནི་བདག་གི་ཡིད་དང་སྦྱར་ཏེ་བཤད་པའོ། །སེམས་ཅན་ཐམས་ཅད་ནི་ཆད་པ་མ་འགོག་པ་མ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་བདག་གི་སེམས་དང་སྦྱར་ཏེ་བཤད་པའོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དེ། ཉོན་མོངས་པས་ཡོངས་སུ་ཁེབས་པས་མི་མཐོང་ངོ་ཞེས་ངས་ཀྱང་དེ་སྐད་གསུངས། ཁྱོད་ཀྱང་དེ་སྐད་འཆད་དེ། དེ་ནི་བདག་དང་གཞན་གྱི་སེམས་དང་སྦྱར་ཏེ་བཤད་པ་ཞེས་བྱའོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་བཞི་བཅུ་བདུན་པ། རིགས་ཀྱི་བུ། དེ་བཞིན་གཤེགས་པས་སྐབས་ཁ་ཅིག་ཏུ་རྣམ་པ་གཅིག་གིས་ཆོས་གྲངས་མེད་པ་གསུངས་ཏེ། ཇི་ལྟར་མདོ་སྡེ་ལས་ཚངས་པར་སྤྱོད་པ་ཐམས་ཅད་ཀྱི་རྒྱུ་ནི་དགེ་བའི་བཤེས་གཉེན་ཡིན་ནོ་ཞེས་གསུངས་པ་དང་འདྲ་སྟེ། ཚངས་པར་སྤྱོད་པ་ཐམས་ཅད་ཀྱི་རྒྱུ་གྲངས་མེད་མོད་ཀྱི། དགེ་བའི་བཤེས་གཉེན་བཤད་པའི་ནང་དུ་ཐམས་ཅད་འདུས་སོ། །ཇི་ལྟར་ངས་འདི་སྐད་དུ་མི་དགེ་བ་ཐམས་ཅད་ཀྱི་རྒྱུ་ནི་ངན་པར་ལྟ་བའོ་ཞེས་གསུངས་པ་དང་མཚུངས་ཏེ། མི་དགེ་བ་སྤྱོད་པ་ཐམས་ཅད་ཀྱི་རྒྱུ་གྲངས་མེད་མོད་ཀྱི། ངན་པར་ལྟ་བ་བཤད་པའི་ནང་དུ་ཐམས་
Kha346b
ཅད་འདུས་སོ། །ཡང་འདི་སྐད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ནི་དད་པའི་སེམས་སོ་ཞེས་གསུངས་ཏེ། བྱང་ཆུབ་ཀྱི་རྒྱུར་འགྱུར་བ་གྲངས་མེད་མོད་ཀྱི། ཐམས་ཅད་དད་པའི་སེམས་བཤད་པའི་ནང་དུ་འདུས་སོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པས་ཆོས་གྲངས་མེད་པ་བཤད་པ་ལ། སངས་རྒྱས་ཀྱི་རང་བཞིན་ཡིན་པར་གསུངས་མོད་ཀྱི། དེའང་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ལས་གཞན་པ་མ་ཡིན་ནོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པས་སེམས་ཅན་གྱི་ཕྱིར་ཆོས་གསུངས་པ་ལ་ཚིག་རྣམ་པ་བདུན་དུ་གསུངས་ཏེ། རྒྱུའི་ཚིག་དང ། འབྲས་བུའི་ཚིག་དང ། རྒྱུ་དང་འབྲས་བུའི་ཚིག་དང ། དཔེའི་ཚིག་དང ། སྨྲ་བའི་མི་རིགས་པའི་ཚིག་དང ། འཇིག་རྟེན་ཀུན་ཏུ་སྤེལ་བའི་ཚིག་དང ། ཡིད་བཞིན་གྱི་ཚིག་གོ་།དེ་ལ་ཇི་ལྟར་ན་རྒྱུའི་ཚིག་ཅེ་ན། ད་ལྟར་གྱི་རྒྱུ་ལས་མ་འོངས་པའི་འབྲས་བུ་བཤད་པ་སྟེ། ངས་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་མཐོང་ངམ། སེམས་ཅན་གང་གསོད་པ་ལ་དགའ་བ་ནས་ངན་པར་ལྟ་བའི་བར་དུ་དགའ་བ་དེ་ནི་སེམས་ཅན་དམྱལ་བ་པ་ཡིན་པར་རིག་གོ་།རིགས་ཀྱི་བུ། སེམས་ཅན་གང་གསོད་པ་ནས་ངན་པར་ལྟ་བའི་བར་དུ་མི་དགའ་བ་དེ་ནི་ལྷ་དང་མི་ཡིན་པར་རིག་གོ་ཞེས་གསུངས་ཏེ། དེ་ནི་རྒྱུའི་ཚིག་གོ་།ཇི་ལྟར་ན་འབྲས་བུའི་ཚིག་ཅེ་ན། ད་ལྟར་གྱི་འབྲས་བུ་ལས་འདས་པའི་རྒྱུ་བཤད་པ་སྟེ། ཇི་ལྟར་མདོ་སྡེ་ལས་རིགས་ཀྱི་བུ་ཁྱོད་ཀྱིས་
Kha347a
༄#། །ལྟར་མཐོང་བ་ལྟར། སེམས་ཅན་དབུལ་ཕོངས་པ་བཞིན་མདོག་མི་སྡུག་ཅིང་མདངས་མེད་པ་དེ་ནི་གདོན་མི་ཟ་བར་ཚུལ་ཁྲིམས་བཤིག་པའི་དྲི་མའི་སེམས་དང ། ཞེ་སྡང་གི་སེམས་དང ། ཁྲེལ་བ་དང་འཛེམ་པ་མེད་པའི་སེམས་དང་བཅས་པ་ཡིན་པར་རིག་གོ་།གལ་ཏེ་སེམས་ཅན་གང་ནོར་མང་ལ་རབ་ཏུ་ཕྱུག་ཅིང་དབང་པོ་དང་ལྡན་ཏེ། གཟི་བརྗིད་དང་རང་དབང་ཡོད་པ་དེ་ནི་གདོན་མི་ཟ་བར་ཚུལ་ཁྲིམས་དང ། སྦྱིན་པ་དང ། བརྩོན་འགྲུས་དང ། ཁྲེལ་བ་དང ། འཛེམ་པ་ཡོད་དེ། ཕྲག་དོག་དང་ཞེ་སྡང་མེད་པ་ཡིན་པར་རིག་སྟེ། དེ་ནི་འབྲས་བུའི་ཚིག་གོ་།ཇི་ལྟར་ན་རྒྱུ་དང་འབྲས་བུའི་ཚིག་ཅེ་ན། ཇི་ལྟར་མདོ་སྡེ་ལས་བཤད་པ་དང་མཚུངས་ཏེ། རིགས་ཀྱི་བུ། སེམས་ཅན་གྱི་དེ་ལྟར་གྱི་སྐྱེ་མཆེད་དྲུག་དང ། རེག་བྱའི་རྒྱུ་ནི་འདས་པའི་ལས་ཀྱི་འབྲས་བུ་ཡིན་ལ། དེ་བཞིན་གཤེགས་པའང་ལས་སོ་ཞེས་གསུངས་ཏེ། ལས་དེའི་རྒྱུ་དེའི་རྐྱེན་གྱིས་མ་འོངས་པའི་འབྲས་བུ་ཐོབ་པ་དེ་ནི་རྒྱུ་དང་འབྲས་བུའི་ཚིག་གོ་།ཇི་ལྟར་ན་དཔེའི་ཚིག་ཅེ་ན། ཇི་ལྟར་སེང་གེའི་རྒྱལ་པོ་ལ་ངའི་སྐུའི་དཔེར་ལེན་པ་ལྟར་བལ་གླང་གི་རྒྱལ་པོ་ཆེན་པོ་དང ། ཀླུའི་རྒྱལ་པོ་ཆེན་པོ་དང ། ཤིང་པ་རི་ཙི་ཏྲ་དང ། རིན་པོ་ཆེ་སྣ་བདུན་གྱི་ཕུང་པོ་དང ། རྒྱ་མཚོ་དང ། རི་རབ་དང ། ས་ཆེན་པོ་དང ། ཆར་ཆེན་པོ་དང ། གྲུ་མཁན་དང ། དེད་དཔོན་དང ། སྐྱེས་བུ་འདུལ་བ་དང ། སྟོབས་
Kha347b
པོ་ཆེ་དང ། ཁྱུ་མཆོག་དང ། བྲམ་ཟེ་དང ། དགེ་སྦྱོང་དང ། གྲོང་ཁྱེར་ཆེན་པོ་དང ། ཤིང་ཏ་ལ་དང ། དཔེའི་མདོ་དེ་ལྟ་བུ་དག་ནི་དཔེའི་ཚིག་གོ་།ཇི་ལྟར་ན་སྨྲ་བའི་མི་རིགས་པའི་ཚིག་ཅེ་ན། ངས་མདོ་སྡེ་ལས་གནམ་ས་གཉིས་འབྱར་བར་འགྱུར་བ་དང ། རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ལ་ཕྱོགས་བཞིའི་རི་འོང་ངོ་ཞེས་བཤད་པ་དང ། ཇི་ལྟར་དགེ་བསྙེན་མ་ཁྲི་སྣ་ས་ལའི་མ་ལ་གལ་ཏེ་ཤིང་སཱ་ལ་འདི་ཁྲིམས་བརྒྱད་སྲུང་ནུས་ན། ལྷ་དང་མིའི་བདེ་བའང་མྱོང་བར་འགྱུར་རོ་ཞེས་བཤད་པ་དང ། བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་ཕྱིར་ལྡོག་པའི་སེམས་ཡོད་དོ་ཞེས་བཤད་ཀྱང་བླའི། དེ་བཞིན་གཤེགས་པ་ལ་ཚིག་རྣམ་པ་གཉིས་ཡོད་དོ་ཞེས་མི་སྨྲ་བ་དང ། རྒྱུན་དུ་ཞུགས་པ་ངན་སོང་གསུམ་དུ་ལྷུང་ངོ་ཞེས་སྨྲ་བའང་བླའི། ས་བཅུ་པ་ལ་ཕྱིར་ལྡོག་པའི་སེམས་ཡོད་དོ་ཞེས་སྨྲ་བ་དེ་ནི་སྨྲ་བའི་མི་རིགས་པའི་ཚིག་གོ་།ཇི་ལྟར་ན་འཇིག་རྟེན་སྤེལ་བའི་ཚིག་ཅེ་ན། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལས་སྐྱེས་པ་དང ། བུད་མེད་དང ། ཆེན་པོ་དང ། ཆུང་ངུ་དང ། སོང་བ་དང ། འོང་བ་དང ། འདུག་པ་དང ། ཉལ་བ་དང ། ཤིང་རྟ་དང ། ཐེག་པ་དང ། གནས་ཁང་དང ། ཁང་པ་དང ། བུམ་པ་དང ། གོས་དང ། སེམས་ཅན་དང ། རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་དང ། དམག་གི་ཚོགས་དང ། ནགས་ཚལ་དང ། གྲོང་དང ། གྲོང་ཁྱེར་དང ། དགེ་
Kha348a
༄#། །འདུན་དང ། སྒྱུ་མ་དང ། འདུས་པ་དང ། གྱེས་པ་དེ་དག་ནི་འཇིག་རྟེན་སྤེལ་བའི་ཚིག་གོ་།ཇི་ལྟར་ན་ཡིད་བཞིན་གྱི་ཚིག་ཅེ་ན། ཇི་ལྟར་ངས་སྡོམ་པ་ཉམས་པ་ལ་སྤྱོས་ནས་བདག་འགྱོད་དེ་ཚུལ་ཁྲིམས་སྡོམ་པར་གྱུར་བ་དང ། ངས་རྒྱུན་དུ་ཞུགས་པ་ལ་བསྟོད་པས་བུས་པ་མ་རབས་དག་དགེ་བའི་སེམས་བསྐྱེད་པར་གྱུར་པ་དང ། བྱང་ཆུབ་སེམས་དཔའ་ལ་བསྟོད་པས་སེམས་ཅན་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང ། དགེ་བའི་ཆོས་རྣམས་བསྒོམ་པར་བྱ་བའི་ཕྱིར་ངན་སོང་གསུམ་གྱི་སྡུག་བསྔལ་བཤད་པ་དང ། འདུས་བྱས་ཀྱི་ཆོས་རྣམས་ཀྱི་ཕྱིར་ཆོས་ཐམས་ཅད་ཚིག་པ་ཞེས་བཤད་པ་དང ། བདག་མེད་པའང་དེ་དང་འདྲ་བར་ཐམས་ཅད་བག་མེད་པ་དང ། ལེ་ལོ་མེད་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་བཤད་པ་དེ་དག་ནི་ཡིད་བཞིན་གྱི་ཚིག་ཅེས་བྱའོ། །རིགས་ཀྱི་བུ། གཞན་ཡང་དེ་བཞིན་གཤེགས་པ་ལ་བདག་གི་ཡིད་དང་སྦྱར་ཏེ་བཤད་པའི་གསུང་ཡོད་དོ། །དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རང་བཞིན་ནི་རྣམ་པ་གཉིས་ཏེ། ཡོད་པ་དང ། མེད་པའོ། །དེ་ལ་ཡོད་པ་ནི་འདི་ལྟ་སྟེ། མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུ་དང ། སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། དྲན་པ་ཉེ་བར་བཞག་པ་གསུམ་དང ། བྱམས་
Kha348b
པ་ཆེན་པོ་དང ། སྙིང་རྗེ་ཆེན་པོ་དང ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་ཚད་མེད་པ་སྙེད་དང ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སོགས་པ་ཚད་མེད་པ་སྙེད་དང་ཐབས་མཁས་པ་ལ་སོགས་པའི་ཏིང་ངེ་འཛིན་ཚད་མེད་པ་སྙེད་དང ། ཡེ་ཤེས་ལྔ་ལ་སོགས་པའི་ཏིང་ངེ་འཛིན་ཚད་མེད་པ་སྙེད་ནི་ཡོད་པ་ཞེས་བྱའོ། །དེ་ལ་མེད་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་འདས་པའི་དགེ་བ་རྣམས་དང ། མི་དགེ་བ་དང ། ལུང་དུ་མི་སྟོན་དང ། ལས་དང ། རྒྱུ་དང ། འབྲས་བུ་དང ། རྣམ་པར་སྨིན་པ་དང ། ཉོན་མོངས་པ་དང ། ཕུང་པོ་ལྔ་དང ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ནི་མེད་པ་ཞེས་བྱའོ། །རིགས་ཀྱི་བུ། ཇི་ལྟར་ཡོད་པ་དང་མེད་པ་དང་འདྲ་བར་དགེ་བ་དང་མི་དགེ་བ་དང ། ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དང ། འཇིག་རྟེན་དང་འཇིག་རྟེན་མ་ཡིན་པ་དང ། འཕགས་པ་དང་འཕགས་པ་མ་ཡིན་པ་དང ། འདུས་བྱས་དང་འདུས་མ་བྱས་དང ། ཡང་དག་པ་དང་ཡང་དག་པ་མ་ཡིན་པ་དང ། ཞི་བ་དང་མ་ཞི་བ་དང ། རྩོད་པ་དང་རྩོད་པ་མ་ཡིན་པ་དང ། ཁམས་དང ། ཁམས་མ་ཡིན་པ་དང ། ཉོན་མོངས་པ་དང་ཉོན་མོངས་པ་མ་ཡིན་པ་དང ། ལེན་པ་དང་ལེན་པ་མ་ཡིན་པ་དང ། ལུང་སྟོན་པ་དང་ལུང་སྟོན་པ་མ་ཡིན་པ་དང ། ཡོད་པ་དང་ཡོད་པ་མ་ཡིན་པ་དང ། དུས་གསུམ་དང་དུས་གསུམ་མ་ཡིན་པ་དང ། དུས་དང་དུས་
Kha349a
༄#། །མ་ཡིན་པ་དང ། རྟག་པ་དང་མི་རྟག་པ་དང ། བདག་དང་བདག་མེད་པ་དང ། བདེ་བ་དང་བདེ་བ་མེད་པ་དང ། ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པ་དང ། གཟུགས་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་དང ། གཟུགས་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་མ་ཡིན་པ་དང ། ནང་གི་སྐྱེ་མཆེད་དང ། ནང་གི་སྐྱེ་མཆེད་མ་ཡིན་པ་དང ། ཕྱིའི་སྐྱེ་མཆེད་དང ། ཕྱིའི་སྐྱེ་མཆེད་མ་ཡིན་པ་དང ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་དང ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་མ་ཡིན་པ་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རང་བཞིན་ཡོད་པ་དང་མེད་པ་ཞེས་བྱ་སྟེ། ལོག་སྲེད་ཅན་གྱིས་སངས་རྒྱས་ཀྱི་རང་བཞིན་ཡོད་པ་དང་མེད་པའི་བར་དུ་དེ་དང་འདྲའོ། །རིགས་ཀྱི་བུ། ངས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་གསུངས་མོད་ཀྱི། སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པས་བདག་གི་ཡིད་དང་སྦྱར་ཏེ་བཤད་པའི་གསུང་ཡིན་པར་མི་ཤེས་སོ། །རིགས་ཀྱི་བུ། ཚིག་དེ་དག་ནི་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔས་ཀྱང་ཤེས་པར་མི་ནུས་ན་ཐེག་པ་གཉིས་དང ། བྱང་ཆུབ་སེམས་དཔའ་གཞན་དག་གིས་ཤེས་པ་ལྟ་ཅི་སྨོས། རིགས་ཀྱི་བུ། ང་སྔོན་དུས་གཅིག་ན་བྱ་རྒོད་སྤུངས་པའི་རི་ལ་བཞུགས་ཏེ།
Kha349b
བྱང་ཆུབ་སེམས་དཔའ་བྱམས་པ་དང་ཀུན་རྫོབ་ཀྱི་བདེན་པའི་གཏམ་བྱས་པ་ན། ཤཱ་རིའི་བུ་ལ་སོགས་པ་ཉན་ཐོས་ལྔ་བརྒྱས་དངོས་པོ་དེ་དག་ཤེས་པར་རམ། རིག་པར་མ་གྱུར་ན་འཇིག་རྟེན་ལས་འདས་པའི་དོན་དམ་པའི་བདེན་པ་ལྟ་ཅི་སྨོས། རིགས་ཀྱི་བུ། སངས་རྒྱས་ཀྱི་རང་བཞིན་ལ་ལ་ནི་ལོག་སྲེད་ཅན་ལ་ཡོད་དེ། དགེ་བའི་རྩ་བ་ཅན་ལ་མེད་དོ། །སངས་རྒྱས་ཀྱི་རང་བཞིན་ལ་ལ་ནི་དགེ་བའི་རྩ་བ་ཅན་ལ་ཡོད་དེ། ལོག་སྲེད་ཅན་ལ་མེད་དོ། སངས་རྒྱས་ཀྱི་རང་བཞིན་ལ་ལ་ནི་གཉིས་ཀ་ལ་ཡོད་དེ། སངས་རྒྱས་ཀྱི་རང་བཞིན་ལ་ལ་ནི་གཉིས་ཀ་ལ་མེད་དོ། །རིགས་ཀྱི་བུ། ངའི་ཉེ་གནས་རྣམས་ལས་གང་ཚིག་རྣམ་པ་བཞི་པོ་དག་གི་དོན་ཤེས་པ་ནི་ལོག་སྲེད་ཅན་ལ་ངེས་པར་སངས་རྒྱས་ཀྱི་རང་བཞིན་ཡོད་དམ། ངེས་པར་སངས་རྒྱས་ཀྱི་རང་བཞིན་མེད་ཅེས་དྲི་བར་མི་བྱའོ། །གང་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པས་བདག་གི་ཡིད་དང་སྦྱར་ཏེ་གསུངས་པའི་ཚིག་ཅེས་བྱ་སྟེ། དེ་ལྟར་དེ་བཞིན་གཤེགས་པས་ཀྱང་བདག་གི་ཡིད་དང་སྦྱར་ཏེ་གསུངས་ན། ཅིའི་ཕྱིར་སེམས་ཅན་གྱིས་ཕྱོགས་གཅིག་ཏུ་ལྟ་བར་བྱེད། རིགས་ཀྱི་བུ། དཔེར་ན། གངྒཱའི་ཀླུང་གི་ནང་གི་སེམས་ཅན་རྣམ་པ་བདུན་པོ་ནི་རྟག་ཏུ་ནུབ་པ་དང ། སྐད་ཅིག་ཕྱུང་ནས་ཕྱིར་ནུབ་པ་དང ། བྱུང་ནས་གནས་པར་གྱུར་པ་དང ། བྱུང་ནས་ཕྱོགས་བཞི་ཀུན་ཏུ་ལྟ་པ་
Kha350a
༄#། །དང ། ཀུན་ཏུ་བལྟས་ནས་སོང་བ་དང ། སོང་ནས་སྡོད་པ་དང ། ཆུ་དང་སྐམས་གཉིས་ཀར་འགྲོ་བའོ། །དེ་ལ་རྟག་ཏུ་ནུབ་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། ཉ་ཆེན་པོ་མི་དགེ་བའི་ལས་ཆེན་པོ་རྣམ་པར་སྨིན་ཏེ་ལུས་ལྕི་བས་ཆུའི་གཏིང་ན་གནས་ཏེ། དེའི་ཕྱིར་རྟག་ཏུ་ནུབ་པའོ། །སྐད་ཅིག་བྱུང་ནས་ཕྱིར་ཡང་ནུབ་པ་ནི་ཉ་ཆེན་པོ་དགེ་མི་དགེ་བའི་ལས་རྣམ་པར་སྨིན་ཏེ། ལུས་ལྕི་བས་མི་ཟབ་པར་གནས་ཏེ། སྐད་ཅིག་ཙམ་སྣང་བའི་འོད་མཐོང་བར་གྱུར་ཏེ། སྣང་བའི་རྐྱེན་གྱིས་སྐད་ཅིག་ཙམ་བྱུང་ཡང་ལུས་ལྕི་བས་ཕྱིར་ཡང་ནུབ་བོ། །བྱུང་ནས་གནས་པ་ནི་ཉ་དེ་བྱིད་ཅེས་བྱ་བ་ཆུ་མི་ཟབ་པ་ལ་གནས་ཤིང་སྣང་བའི་འོད་མཐོང་བར་དགའོ། །བྱུང་ནས་ཕྱོགས་ཀུན་ཏུ་ལྟ་བ་ནི་ཉ་ཚག་གུ་ཞེས་བྱ་བ་ཟས་ཚོལ་བའི་ཕྱིར་ཕྱོགས་བཞི་ཀུན་ཏུ་བལྟའོ། །བལྟས་ནས་སོང་བ་ནི་ཉ་ཚག་གུ་ཞེས་བྱ་བ་རྒྱང་ནས་ཟས་ཅི་མཐོང་ཡང་ཟས་ཡིན་སྙམ་སྟེ། མྱུར་བར་འགྲོ་བ་ནི་བལྟས་ནས་སོང་བའོ། ། སོང་ནས་སྡོད་པ་ནི་ཉ་དེ་དེར་ཕྱིན་ནས་བཟར་རུང་བ་ཞིག་རྙེད་ན་སྡོད་པ་ནི་སོང་ནས་སྡོད་པའོ། །ཆུ་དང་སྐམས་གཉིས་ཀར་འགྲོ་བ་ནི་རུས་སྦལ་ལོ། །རིགས་ཀྱི་བུ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཆུ་ཀླུང་དམ་པའི་ནང་ནའང་སེམས་ཅན་རྣམ་པ་བདུན་ཡོད་དེ། རྟག་ཏུ་ནུབ་པ་ནས་བདུན་པ་ལ་ཐུག་གི་བར་དུ་བྲ་འགའ་ནི་ནུབ། བར་འགའ་ནི་
Kha350b
ཕྱིར་འབྱུང་ངོ ། །དེ་ལ་རྟག་ཏུ་ནུབ་པ་ཞེས་བྱ་བ་ནི་གང་ལ་ལ་ཞིག་གིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་ལས་དེ་བཞིན་གཤེགས་པ་ནི་རྟག་ཏུ་གནས་པ། འགྱུར་ཞིང་འཕོ་བ་མེད་པ་སྟེ། རྟག་པ་དང ། བདེ་བ་དང ། བདག་དང་ཡོངས་སུ་དག་པ་མཐར་ཡོངས་སུ་མྱ་ངན་ལས་མི་འདྲའོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དེ། ལོག་སྲེད་ཅན་དང ། ཤིན་ཏུ་རྒྱས་པའི་མདོ་ལ་སྐུར་བ་དང ། མཚམས་མེད་པ་ལྔ་ཁ་ན་མ་ཐོ་བ་བྱས་པ་དང ། རྩ་བ་བཞི་ཉམས་པའང་གདོན་མི་ཟ་བར་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །རྒྱུན་དུ་ཞུགས་པ་དང ། ལན་གཅིག་ཕྱིར་ལྡོག་པ་དང ། ཕྱིར་མི་ལྡོག་པ་དང ། དགྲ་བཅོམ་པ་དང ། རང་སངས་རྒྱས་དག་ཀྱང་གདོན་མི་ཟ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ་ཞེས་གསུངས་པ་ཐོས་ན་དད་པའི་སེམས་མི་སྐྱེ་སྟེ། དེ་འདི་སྙམ་དུ་བསམས་ནས་འདི་སྐད་ཅེས་སྨྲའོ། །ཡོངས་སུ་མྱ་ང་ལས་འདས་པའི་མདོ་འདི་ནི་མུ་སྟེགས་ཅན་གྱི་ཡི་གེ་སྟེ། སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་སྨྲས་ནས། དེའི་ཚེ་དགེ་བའི་བཤེས་གཉེན་དང་བྲལ་ཏེ་དམ་པའི་ཆོས་མ་མ་ཐོས་སོ། །ཅི་སྟེ་རེས་འགའ་ཐོས་ནའང་ཡིད་ལ་བྱེད་མི་ནུས་སོ། །ཇི་ལྟར་ཡིད་ལ་བྱེད་ནའང་དགེ་བ་ཡིད་ལ་མི་བྱེད་དོ། །དགེ་བ་ཡིད་ལ་མི་བྱེད་པས་མི་དགེ་བའི་ཆོས་ལ་གནས་པར་འགྱུར་རོ། །མི་དགེ་བའི་ཆོས་ལ་གནས་པ་ལ་རྣམ་པ་དྲུག་སྟེ། འདི་ལྟར་མི་དགེ་
Kha351a
༄#། །པ་དང ། དགེ་བ་མེད་པ་དང ། ཆོས་དམེ་བར་བྱེད་པ་དང ། སྲིད་པ་སྐྱེ་བ་དང ། ཉོན་མོངས་པས་གདུངས་པ་དང ། མི་དགེ་བའི་འབྲས་བུ་མྱོང་བ་སྟེ། དེ་ནི་ནུབ་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ནུབ་ཅེ་ན། དགེ་བའི་སེམས་མེད་པ་དང ། རྟག་ཏུ་མི་དགེ་བ་སྤྱོད་པ་དང ། གཉེན་པོ་ལ་ནན་ཏན་མི་བྱེད་པ་ནི་ནུབ་པ་ཞེས་བྱའོ། །དེ་ལ་མི་དགེ་བ་ཞེས་བྱ་བ་ནི་འཕགས་པ་རྣམས་ཀྱིས་སྨོད་པ་དང ། འཇིགས་པའི་སེམས་སྐྱེ་བ་དང ། དགེ་བའི་བཤེས་གཉེན་གྱིས་སྤོང་བ་དང ། སེམས་ཅན་ལ་ཕན་པའི་དོན་དུ་མི་འགྱུར་བའི་ཕྱིར་མི་དགེ་བ་ཞེས་བྱའོ། །དགེ་བ་མེད་པ་ཞེས་བྱ་བ་ནི་མི་དགེ་བའི་འབྲས་བུ་ཚད་མེད་པ་སྙེད་སྐྱེ་བར་བྱེད་པ་དང ། མ་རིག་པས་རྟག་ཏུ་གླགས་པ་དང ། མི་ངན་པ་ལ་བསྟེན་ཅིང་མཛའ་བར་བྱེད་པ་དང ། དགེ་བ་ལ་ནན་ཏན་བྱེད་པའི་ཐབས་མེད་པ་དང ། སེམས་ཕྱིན་ཅི་ལོག་ཏུ་གྱུར་ཏེ་རྟག་ཏུ་ནོར་བའི་ཕྱིར་དགེ་བ་མེད་པ་ཞེས་བྱའོ། །དེ་ལ་ཆོས་དམེ་བར་བྱེད་པ་ཞེས་བྱ་བ་ནི་ལུས་དང་ངག་རྟག་ཏུ་དམེ་བར་བྱེད་པ་དང ། སེམས་ཅན་རྣམ་པར་དག་པ་དམེ་བར་བྱེད་པ་དང ། མི་དགེ་བའི་ལས་སྐྱེད་པ་དང ། དགེ་བའི་ཆོས་སྤོང་བར་བྱེད་པའི་ཕྱིར་ཆོས་དམེ་བར་བྱེད་པ་ཞེས་བྱའོ། །དེ་ལ་སྲེད་པ་སྐྱེད་པ་ཞེས་བྱ་བ་ནི་ཇི་ལྟར་གོང་མ་གསུམ་པོ་ལྟར་བྱས་ན་སེམས་ཅན་དམྱལ་བ་དང ། བྱོལ་སོང་གི་སྐྱེ་གནས་དང ། ཡི་དྭགས་སུ་སྐྱེ་བར་
Kha351b
འགྱུར་ཏེ། རྣམ་པར་གྲོལ་བའི་ཆོས་ལ་ནན་ཏན་མི་བྱེད་ཅིང་ལུས་དང ། ངག་དང ། ཡིད་ཀྱི་ལས་སྲིད་པ་རྣམས་ལ་མི་སྐྱོ་བ་ནི་སྲིད་པ་སྐྱེད་པ་ཞེས་བྱའོ། །ཉོན་མོངས་པས་གདུངས་པ་ཞེས་བྱ་བ་ནི་ཇི་ལྟར་གོང་མ་བཞི་པོ་ལྟར་རྫོགས་པར་བྱས་པས་ལུས་དང་སེམས་ཉོན་མོངས་པར་གྱུར་ཏེ། ཞི་བ་སྤོང་བའི་ཕྱིར་གདུང་བ་ཞེས་བྱ། སེམས་ཅན་དམྱལ་བའི་རྣམ་པར་སྨིན་པ་མྱོང་བའི་ཕྱིར་གདུང་བ་ཞེས་བྱ། སེམས་ཅན་རྣམས་ཚིག་པའི་ཕྱིར་གདུང་བ་ཞེས་བྱ། དགེ་བའི་ཆོས་ཐམས་ཅད་ཚིག་པའི་ཕྱིར་གདུང་བ་ཞེས་བྱའོ། །རིགས་ཀྱི་བུ། དད་པའི་སེམས་ནི་བསིལ་ཞིང་ཚིམ་པ་སྟེ། དེ་དང་མི་ལྡན་པའི་ཕྱིར་གདུང་བ་ཞེས་བྱའོ། །མི་དགེ་བའི་འབྲས་བུ་མྱོང་བ་ཞེས་བྱ་བ་ནི་ཇི་ལྟར་གོང་མ་ལྔ་པོ་ལྟར་རྫོགས་པར་བྱས་པས་ཤི་ནས་སེམས་ཅན་དམྱལ་བ་དང ། བྱོལ་སོང་གི་སྐྱེ་གནས་དང ། ཡི་དྭགས་ཀྱི་ཁམས་སུ་ལྟུང་བའོ། །རིགས་ཀྱི་བུ། གཞན་ཡང་མི་དགེ་བའི་དངོས་པོ་རྣམ་པ་གསུམ་གྱིས་མི་དགེ་བའི་འབྲས་བུ་མྱོང་བ་ཞེས་བྱའོ། །གསུམ་གང་ཞེ་ན། ཉོན་མོངས་པ་མི་དགེ་བ་དང ། ལས་མི་དགེ་བ་དང ། རྣམ་པར་སྨིན་པ་མི་དགེ་བ་སྟེ། དེ་ནི་མི་དགེ་བའི་འབྲས་བུ་རྣམ་པར་སྨིན་པ་མྱོང་བ་ཞེས་བྱའོ། །རིགས་ཀྱི་བུ། གང་ཟག་ལ་གོང་མའི་དངོས་པོ་རྣམ་པ་དྲུག་དང་ལྡན་ན་དགེ་བའི་རྩ་བ་གཅོད་པར་འགྱུར་ཏེ། མཚམས་མེད་པ་ལྔའི་ཁ་ན་མ་ཐོ་བ་བྱེད་པ་དང ། རྩ་བ་བཞིའི་སྡོམ་པ་འཇིག་པ་དང ། དཀོན་མཆོག་གསུམ་ལ་སྐུར་པ་འདབས་པ་དང ། དགེ་
Kha352a
༄#། །འདུན་གྱི་ནོར་ལ་ཐུགས་ཐུབ་ཏུ་སྤྱོད་པ་དང ། ཆོས་མ་ཡིན་པའི་དངོས་པོ་རྣམ་པ་སྣ་ཚོགས་བྱེད་པར་འགྱུར་ཏེ། དེའི་རྒྱུ་དེའི་རྐྱེན་གྱིས་མཚམས་མེད་པའི་སེམས་ཅན་དམྱལ་བར་ནུབ་སྟེ། ལུས་མྱོང་བའང་ཆུ་ཞེང་དཔག་ཚད་བརྒྱད་ཁྲི་བཞི་སྟོང་སྙེད་དོ། །དེའི་ལུས་དང ། ངག་དང ། ཡིད་ཀྱིས་ལས་རབ་ཏུ་ལྕི་བས་འབྱུང་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ལ་དགེ་བའི་ཆོས་བསྐྱེད་མི་ནུས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་གྲངས་མེད་པ་རྣམས་འཇིག་རྟེན་དུ་བྱུང་ཡང་མི་མཐོང་མི་ཐོས་ཏེ། དེ་བས་ན་ཀླུང་གངྒཱའི་ཉ་ཆེན་པོ་དང་མཚུངས་ཏེ། ནུབ་པ་ཞེས་བྱའོ། །རིགས་ཀྱི་བུ། ངས་ལོག་སྲེད་ཅན་དག་ནི་རྟག་ཏུ་ནུབ་པ་ཡིན་ནོ་ཞེས་གསུངས་མོད་ཀྱི། རྟག་ཏུ་ནུབ་པ་ཡིན་ལ་ལོག་སྲེད་ཅན་མ་ཡིན་པ་ཡིན་པའང་ཡོད་དོ། །གང་ཞེ་ན། གང་སྲིད་པའི་ཕྱིར་སྦྱིན་པ་དང ། ཚུལ་ཁྲིམས་སྲུང་བའི་དགེ་བ་སྤྱོད་པ་ནི་རྟག་ཏུ་ནུབ་པ་ཞེས་བྱའོ། །རིགས་ཀྱི་བུ། དགེ་བ་རྣམ་པ་འདི་བཞིས་ནི་མི་དགེ་བའི་འབྲས་བུ་ཐོབ་པར་འགྱུར་རོ། །བཞི་གང་ཞེ་ན། གཞན་ལས་འཕགས་པར་འདོད་པའི་ཕྱིར་མདོ་སྡེ་དང་ཡི་གེ་ཀློག་ཅིང་འདོད་པ་དང ། རྙེད་པ་དང་གྲགས་པའི་ཕྱིར་ཚུལ་ཁྲིམས་སྡོམ་པ་དང ། གཞན་གྱི་དབང་བྱེད་པར་འདོད་པའི་ཕྱིར་སྦྱིན་པ་བྱེད་པ་དང ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ཕྱིར་རྩེ་
Kha352b
གཅིག་ཏུ་ཡིད་ལ་བྱེད་པ་སྟེ། དགེ་བའི་དངོས་པོ་དེ་བཞིས་ནི་མི་དགེ་བའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་རོ། །གང་དེ་ལྟ་བུའི་དངོས་པོ་བཞི་ལྟར་སྤྱོད་པ་ནི་ནུབ་ནས་ཕྱིར་བྱུང་ལ་བྱུང་ནས་ཕྱིར་ནུབ་པ་ཞེས་བྱའོ། །ཅིའི་ཕྱིར་ནུབ་པ་ཞེ་ན། སྲིད་པ་གསུམ་ལ་མོས་པའི་ཕྱིར་རོ། །ཅིའི་ཕྱིར་བྱུང་བ་ཞེ་ན། སྣང་བའི་འོད་མཐོང་བའི་ཕྱིར་རོ། །དེ་ལ་སྣང་བའི་འོད་ནི་ཐོས་པ་དང ། ཚུལ་ཁྲིམས་དང ། སྦྱིན་པ་དང ། ཏིང་ངེ་འཛིན་ནོ། །ཅིའི་ཕྱིར་ནུབ་ཅེ་ན། ངན་པར་ལྟ་བ་དང ། ང་རྒྱལ་བསྐྱེད་པའི་ཕྱིར་ཏེ། དེ་བས་ན་ངས་མདོ་སྡེ་ལས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སེམས་ཅན་གང་གིས་སྲིད་པ་ལ་མོས་ཏེ། །སྲིད་པས་དགེ་དང་མི་དགེའི་ལས་བྱེད་ན། །དེ་ནི་མྱ་ངན་ལམ་ལས་བསླད་པ་སྟེ། །སྐད་ཅིག་བྱུང་ནས་ཕྱིར་ཡང་ནུབ་པའོ། །འཁོར་བའི་རྒྱ་མཚོ་མུན་པར་འགྲོ་བ་དག། །རྣམ་པར་གྲོལ་ཡང་ཉོན་མོངས་བཅས་པ་ཡིན། །དེས་ནི་མི་དགེའི་འབྲས་བུ་ཕྱིར་ལེན་ཏེ། །སྐད་ཅིག་བྱུང་ནས་ཕྱིར་ཡང་ནུབ་པར་འགྱུར། །རིགས་ཀྱི་བུ། ཉ་ཆེན་པོ་ནི་སྣང་བའི་འོད་མཐོང་བའི་ཕྱིར་སྐད་ཅིག་ཕྱིར་བྱུང་ཡང་ལུས་ལྕི་བས་ཕྱིར་ནུབ་པ་དང་འདྲ་བར། གོང་མའི་གང་ཟག་རྣམ་པ་གཉིས་ཀྱང་དེ་དང་འདྲའོ། །རིགས་ཀྱི་བུ། གལ་ཏེ་གང་ཞིག་སྲིད་པ་གསུམ་ལ་ཆགས་པ་ནི་ནུབ་པ་ཞེས་བྱའོ། །ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་ཐོས་ནས་དད་པའི་སེམས་བསྐྱེད་པ་ནི་བྱུང་བ་
Kha353a
༄#། །ཞེས་བྱའོ། །ཅིའི་རྒྱུ་ཅིའི་རྐྱེན་གྱིས་བྱུང་བ་ཞེས་བྱ་ཞེ་ན། མདོ་སྡེ་འདི་ཐོས་ནས་མི་དགེ་བའི་ཆོས་ཐམས་ཅད་སྤངས་ཏེ། དགེ་བའི་ཆོས་སྒོམ་པ་ནི་བྱུང་བ་ཞེས་བྱ་བ་སྟེ། དད་པ་ཡོད་མོད་ཀྱི། ལྡན་པ་ཞེས་མི་བྱའོ། །ཅིའི་རྒྱུ་ཅིའི་རྐྱེན་གྱིས་དད་པ་དང་མི་ལྡན་པ་ཞེས་བྱ་ཞེ་ན། གང་ཟག་དེས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཡིན་པར་དད་མོད་ཀྱི། དེ་བཞིན་གཤེགས་པའི་སྐུ་ནི་མི་རྟག་པ་དང ། བདེ་བ་མེད་པ་དང ། བདག་མེད་པ་དང ། ཡོངས་སུ་དག་པ་མེད་པ་ཞེས་ཟེར་ཏེ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་ལ་རྣམ་པ་གཉིས་ཏེ། འདུས་བྱས་དང ། འདུས་མ་བྱས་པའོ། །འདུས་བྱས་ཀྱི་མྱ་ངན་ལས་འདས་པ་ལ་ནི་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་མེད་དོ། །འདུས་མ་བྱས་ཀྱི་མྱ་ངན་ལས་འདས་པ་ལ་ནི་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཡོད་དོ་ཞེས་སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཡིད་ཆེས་མོད་ཀྱི། ངེས་པར་ཐམས་ཅད་ལ་ཡོད་པར་ཡིད་མི་ཆེས་ཏེ། དེ་བས་ན་དད་པ་དང་མི་ལྡན་པ་ཞེས་བྱའོ། །རིགས་ཀྱི་བུ། དད་པ་ལ་རྣམ་པ་གཉིས་ཏེ། དད་པ་དང ། ཚོལ་བའོ། །གང་ཟག་དེ་ལ་དད་པ་ཡོད་མོད་ཀྱི་ཚོལ་ཞིང་རྩོལ་མི་ནུས་ཏེ། དེ་བས་ན་དད་པ་དང་མི་ལྡན་པ་ཞེས་མི་བྱའོ། །ཡང་རྣམ་པ་གཉིས་ཏེ། ཐོས་པ་
Kha353b
ལས་སྐྱེས་པ་དང ། བསམས་པ་ལས་སྐྱེ་བའོ། །དེའི་དད་པ་ཐོས་པ་ལས་སྐྱེས་ཏེ། བསམས་པ་ལས་མ་སྐྱེས་པས་ན་དད་པ་དང་མི་ལྡན་པ་ཞེས་བྱའོ། །ཡང་རྣམ་པ་གཉིས་ཏེ། བྱང་ཆུབ་ཡོད་པར་དད་པ་དང ། ཐོབ་པ་ཡོད་པར་དད་པའོ། །དེའི་དད་པའི་སེམས་ནི་ཚུལ་ཁྲིམས་སྡོམ་པ་དང ། བྱང་ཆུབ་ཡོད་པར་དད་མོད་ཀྱི། ཐོབ་པ་ཡོད་པར་ཡིད་མི་ཆེས་པ་ནི་དད་པ་དང་མི་ལྡན་པ་ཞེས་བྱའོ། །ཡང་རྣམ་པ་གཉིས་ཏེ། ཡང་དག་པ་ལ་དད་པ་དང ། ལོག་པ་ལ་དད་པའོ། །གང་རྒྱུ་དང་འབྲས་བུའང་ཡོད། སངས་རྒྱས་དང ། ཆོས་དང ། དགེ་འདུན་ཡང་ཡོད་དོ་ཞེས་སྨྲ་བ་ནི་ཡང་དག་པ་ལ་དད་པའོ། །གང་རྒྱུ་དང་འབྲས་བུའང་མེད། དཀོན་མཆོག་གསུམ་གྱི་མཚན་ཉིད་ཀྱང་ཐ་དད་དོ་ཞེས་སྨྲ་སྟེ། འོད་སྲུང་རྫོགས་བྱེད་ལ་སོགས་པའི་ངན་པར་ལྟ་བ་ལ་ཡིད་ཆེས་པ་ནི་ལོག་པ་ལ་དད་པ་ཞེས་བྱའོ། །གང་ཟག་དེས་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་དད་མོད་ཀྱི། དཀོན་མཆོག་གསུམ་གྱི་མཚན་ཉིད་གཅིག་པར་ཡིད་མི་ཆེས་པ་དང ། རྒྱུ་དང་འབྲས་བུ་ཡོད་པར་དད་མོད་ཀྱི། ཐོབ་པར་ཡིད་མི་ཆེས་པ་ནི་དད་པ་དང་མི་ལྡན་པ་ཞེས་བྱ་སྟེ། གང་དད་པ་དང་མི་ལྡན་པ་ནི་ཚུལ་ཁྲིམས་མ་ནོས་པ་དང་ཡང་ལྡན་པ་མ་ཡིན་ནོ། །ཅིའི་རྒྱུ་ཅིའི་རྐྱེན་གྱིས་མི་ལྡན་པ་ཞེ་ན། རྒྱུ་དང་མི་ལྡན་པའི་ཕྱིར་ཚུལ་ཁྲིམས་དང་ལྡན་པ་མ་ཡིན་ནོ། །ཡང་ཅིའི་ཕྱིར་མི་ལྡན་པ་ཞེས་བྱ་ཞེ་ན། ཚུལ་ཁྲིམས་ལ་རྣམ་པ་
Kha354a
༄#། །གཉིས་ཏེ། ཆོ་གའི་ཚུལ་ཁྲིམས་དང ། ཚུལ་ཁྲིམས་ཀྱི་ཚུལ་ཁྲིམས་སོ། །གང་ཆོ་གའི་ཚུལ་ཁྲིམས་འབའ་ཞིག་དང་ལྡན་ཏེ། ཚུལ་ཁྲིམས་ཀྱི་ཚུལ་ཁྲིམས་དང་མི་ལྡན་པ་ནི་ཚུལ་ཁྲིམས་དང་མི་ལྡན་པ་ཞེས་བྱའོ། །ཡང་རྣམ་པ་གཉིས་ཏེ། བྱེད་པའི་ཚུལ་ཁྲིམས་དང ། མི་བྱེད་པའི་ཚུལ་ཁྲིམས་སོ། །གང་བྱེད་པའི་ཚུལ་ཁྲིམས་འབའ་ཞིག་དང་ལྡན་ལ། མི་བྱེད་པའི་ཚུལ་ཁྲིམས་དང་མི་ལྡན་པ་ནི་ཚུལ་ཁྲིམས་དང་མི་ལྡན་པ་ཞེས་བྱའོ། །ཡང་རྣམ་པ་གཉིས་ཏེ། ལུས་དང་ངག་གིས་ཡང་དག་པའི་འཚོ་བ་ཐོབ་པ་དང ། ལུས་དང་ངག་གིས་ཡང་དག་པའི་འཚོ་བ་མཐོབ་པའོ། །གང་ལུས་དང་ངག་གིས་ཡང་དག་པའི་འཚོ་བ་མ་ཐོབ་པ་ནི་ཚུལ་ཁྲིམས་དང་མི་ལྡན་པ་ཞེས་བྱའོ། །ཡང་རྣམ་པ་གཉིས་ཏེ། ཚོལ་བའི་ཚུལ་ཁྲིམས་དང ། གཏོང་བའི་ཚུལ་ཁྲིམས་སོ། །གང་སྲིད་པ་ཚོལ་བའི་ཚུལ་ཁྲིམས་འབའ་ཞིག་དང་ལྡན་ཏེ། གཏོང་བའི་ཚུལ་ཁྲིམས་དང་མི་ལྡན་པ་ནི་ཚུལ་ཁྲིམས་དང་མི་ལྡན་པ་ཞེས་བྱའོ། །ཡང་རྣམ་པ་གཉིས་ཏེ། སྲིད་པ་ལ་གཞོལ་བའི་ཚུལ་ཁྲིམས་དང ། བྱང་ཆུབ་ལ་གཞོལ་བའི་ཚུལ་ཁྲིམས་སོ། །གང་སྲིད་པ་འབའ་ཞིག་ལ་གཞོལ་བའི་ཚུལ་ཁྲིམས་དང་ལྡན་ཞིང ། བྱང་ཆུབ་ལ་གཞོལ་བའི་ཚུལ་ཁྲིམས་དང་མི་ལྡན་པ་ནི་ཚུལ་ཁྲིམས་དང་མི་ལྡན་པ་ཞེས་བྱའོ། །ཚུལ་ཁྲིམས་སླ་ཡང་རྣམ་པ་གཉིས་ཏེ། དགེ་བའི་ཚུལ་ཁྲིམས་
Kha354b
དང།་མི་དགེ་བའི་ཚུལ་ཁྲིམས་སོ། །དེ་ལ་ལུས་དང་ངག་དང་ཡིད་དགེ་བ་ནི་དགེ་བའི་ཚུལ་ཁྲིམས་སོ། །བ་ལང་གི་བརྟུལ་ཞུགས་དར་ཁྱིའི་བརྟུལ་ཞུགས་ནི་མི་དགེ་བའི་ཚུལ་ཁྲིམས་ཏེ། གང་ཞིག་ཚུལ་ཁྲིམས་དེ་གཉིས་ལ་དགེ་བའི་འབྲས་བུ་ཡོད་པར་ཡིད་ཆེས་པ་ནི་ཚུལ་ཁྲིམས་དང་མི་ལྡན་པ་ཞེས་བྱ་སྟེ། དེ་ལྟར་དད་པ་དང་ཚུལ་ཁྲིམས་ཀྱི་དངོས་པོ་དེ་གཉིས་དང་མི་ལྡན་པ་ནི་མང་དུ་ཐོས་པ་ལ་ནན་ཏན་བྱེད་པ་དང་ཡང་མི་ལྡན་པར་འགྱུར་རོ། །དེ་ལ་ཇི་ལྟར་ན་ཐོས་པ་དང་མི་ལྡན་པ་ཞེ་ན། གང་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་བཅུ་གཉིས་ལ། སྡེ་དྲུག་ལ་དད་དེ། སྡེ་དྲུག་ལ་མ་དད་པ་ནི་ཐོས་པ་དང་མི་ལྡན་པ་ཞེས་བྱའོ། །དེ་ལྟར་མདོ་སྡེ་སྡེ་དྲུག་འཛིན་ཀྱང་ཀློག་པ་དང ། འདོན་པ་དང ། གཞན་ལ་སྟོན་མི་ནུས་ཏེ། ཕན་པའི་དོན་བྱེད་མི་ནུས་པ་ནི་ཐོས་པ་དང་མི་ལྡན་པ་ཞེས་བྱའོ། །དེ་ལྟར་ཡང་མདོ་སྡེ་སྡེ་དྲུག་འཛིན་པའང་རྩོད་པའི་ཕྱིར་རམ། གཞན་ལས་རྒྱལ་བའམ། རྙེད་པ་དང་གྲགས་པའི་ཕྱིར་རམ། སྲིད་པ་རྣམས་ཀྱི་ཕྱིར་འཛིན་ཏམ། ཀློག་གམ། འདོན་ཏམ། འཆད་པ་ནི་ཐོས་པ་དང་མི་ལྡན་པ་ཞེས་བྱའོ། །རིགས་ཀྱི་བུ། ངས་མདོ་སྡེ་ལས་ཐོས་པ་དང་ལྡན་པ་བཤད་དེ། ལྡན་པ་གང་ཞེ་ན། གལ་ཏེ་དགེ་སློང་གང་ལུས་དང ། དགྲ་དང ། ཡིད་དགེ་ལ། མཁན་པོ་དང ། སློབ་དཔོན་རྣམས་དང ། ཡོན་ཏན་ཅན་དག་ལ་སྔར་མཆོད་པར་བྱའོ། །དེ་ལྟར་མཆོད་པ་བྱས་ན་སློབ་དཔོན་དེ་དག་གིས་
Kha355a
༄#། །དེ་ལ་བྱམས་པའི་སེམས་སྐྱེ་བར་འགྱུར་ཏེ། དེའི་རྐྱེན་གྱིས་མདོ་སྡེ་དང་ཆོས་སྟོན་པར་འགྱུར་རོ། །དེས་ཀྱང་སེམས་རྩེ་གཅིག་ཏུ་འཛིན་ཅིང་འདོན་པ་དང་གོམས་པར་བྱེད་དོ། །འཛིན་ཅིང་འདོན་པ་དང་གོམས་པར་བྱེད་པས་ཤེས་རབ་ཐོབ་པར་འགྱུར་རོ། །དེ་ལྟར་ཤེས་རབ་ཐོབ་ནས་ཤིན་ཏུ་ཡིད་ལ་བྱེད་ཅིང་ཆོས་བཞིན་དུ་གནས་པར་འགྱུར་རོ། །ཤིན་ཏུ་ཡིད་ལ་བྱས་ཏེ་གནས་ནས་ཡང་དག་པའི་དོན་ཐོབ་པར་འགྱུར་རོ། །ཡང་དག་པའི་དོན་ཐོབ་ནས་ལུས་དང་སེམས་དབེན་པར་འགྱུར་རོ། །ལུས་དང་སེམས་དབེན་པར་གྱུར་ནས་དགའ་བའི་སེམས་སྐྱེ་བར་འགྱུར་རོ། །དེ་ལྟར་སེམས་དགའ་བའི་རྐྱེན་གྱིས་ཏིང་ངེ་འཛིན་གྱི་སེམས་ཐོབ་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་སེམས་ཐོབ་པའི་ཕྱིར་ཡང་དག་པའི་ཤེས་པ་དང་མཐོང་བ་ཐོབ་པར་འགྱུར་རོ། །ཡང་དག་པའི་ཤེས་པ་དང་མཐོང་བ་ཐོབ་ནས་སྲིད་པ་རྣམས་ལ་སྐྱོ་བའི་སེམས་སྐྱོ་བར་འགྱུར་རོ། །སྲིད་པ་རྣམས་ལ་སྐྱོ་བའི་ཕྱིར་རྣམ་པར་གྲོལ་བ་ཐོབ་པར་འགྱུར་ཏེ། གང་དེ་ལྟ་བུའི་དངོས་པོ་དག་མེད་པ་ནི་ཐོབ་པ་དང་མི་ལྡན་པ་ཞེས་བྱའོ། །གང་དངོས་པོ་རྣམ་པ་གསུམ་པོ་དེ་དང་མི་ལྡན་པ་ནི་སྦྱིན་པ་དང་ཡང་མི་ལྡན་པར་འགྱུར་རོ། །དེ་ལ་སྦྱིན་པ་ལ་རྣམ་པ་གཉིས་ཏེ། ཟང་ཟིང་གི་སྦྱིན་པ་དང ། ཆོས་ཀྱི་སྦྱིན་པའོ། །དེས་ཟང་ཟིང་གི་སྦྱིན་པ་བྱེད་མོད་ཀྱི། སྲིད་པ་ཚོལ་ལོ། །ཆོས་ཀྱི་སྦྱིན་པ་
Kha355b
བྱེད་མོད་ཀྱི། ལྡན་པར་ཡང་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། བདག་པས་ལྷག་པར་འགྱུར་གྱིས་དོགས་ཏེ་བཅབས་ནས་ཐམས་ཅད་མི་སྟོན་པ་ནི་སྦྱིན་པ་དང་མི་ལྡན་པ་ཞེས་བྱའོ། །ཟང་ཟིང་དང་ཆོས་ཀྱི་སྦྱིན་པ་གཉིས་ཀ་ལ་རྣམ་པ་གཉིས་གཉིས་ཡོད་དེ། འཕགས་པ་དང ། འཕགས་པ་མ་ཡིན་པའོ། །དེ་ལ་འཕགས་པ་ནི་སྦྱིན་པ་བྱས་ནས་འབྲས་བུ་རྣམ་པར་སྨིན་པ་ལ་མི་རེའོ། ། འཕགས་པ་མ་ཡིན་པ་ནི་སྦྱིན་པ་བྱས་ནས་འབྲས་བུ་རྣམ་པར་སྨིན་པ་ལ་རེའོ། །འཕགས་པའི་ནི་ཆོས་འཕེལ་བར་བྱ་བའི་ཕྱིར་ཆོས་ཀྱི་སྦྱིན་པ་བྱེད་དོ། །འཕགས་པ་མ་ཡིན་པ་ནི་སྲིད་པ་རྣམས་འཕེལ་བར་བྱ་བའི་ཕྱིར་ཆོས་ཀྱི་སྦྱིན་པ་བྱེད་དེ། དེ་ལྟར་ཟང་ཟིང་འཕེལ་བར་བྱ་བའི་ཕྱིར་ཟང་ཟིང་གི་སྦྱིན་པ་བྱེད་པ་དང ། སྲིད་པ་འཕེལ་བར་བྱ་བའི་ཕྱིར་ཆོས་ཀྱི་སྦྱིན་པ་བྱེད་པ་ནི་སྦྱིན་པ་དང་མི་ལྡན་པ་ཞེས་བྱའོ། །གཞན་ཡང་སྐྱེ་བོ་དེ་མདོ་སྡེ་སྡེ་དྲུག་འཛིན་ཏེ། གང་ཆོས་འཛིན་པ་ལ་ནི་དགོས་པ་རྣམས་སྦྱིན་པར་བྱེད། ཆོས་མི་འཛིན་པ་ལ་ནི་དགོས་པ་སྦྱིན་པར་མི་བྱེད་དེ། དེ་བས་ན་སྦྱིན་པ་དང་མི་ལྡན་པ་ཞེས་བྱའོ། །དེ་ལྟར་གང་ཟག་དེས་གོང་མའི་དངོས་པོ་བཞི་དང་མི་ལྡན་པ་ནི་ཤེས་རབ་ལ་ནན་ཏན་བྱས་པ་དང་ཡང་ལྡན་པར་མི་འགྱུར་རོ། །ཤེས་རབ་ཀྱི་མཚན་ཉིད་ནི་རང་བཞིན་གྱིས་རྣམ་པར་འབྱེད་པ་སྟེ། གང་ཟག་དེས་དེ་བཞིན་གཤེགས་པ་རྟག་པ་ཡིན་ནམ། མི་རྟག་པ་ཡིན་པ་བྱེ་བྲག་མི་ཕྱེད་ལ། དེ་བཞིན་གཤེགས་པས་
Kha356a
༄#། །ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདི་ལས། དེ་བཞིན་གཤེགས་པ་ནི་རྣམ་པར་གྲོལ་བའོ། །རྣམ་པར་གྲོལ་བ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ཉིད་མྱ་ངན་ལས་འདས་པའོ། །མྱ་ངན་ལས་འདས་པ་ཉིད་རྣམ་པར་གྲོལ་བའོ། །ཞེས་གསུངས་ཏེ། དོན་དེ་དག་གི་བྱེ་བྲག་མི་ཕྱེད་པ་དང ། རྟོགས་པར་མི་ནུས། ཚངས་པར་སྤྱོད་པ་ཉིད་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ཉིད་བྱམས་པ་དང ། སྙིང་རྗེ་དང ། བཏང་སྙོམས་དང ། དགའ་བའོ། །བྱམས་པ་དང ། སྙིང་རྗེ་དང ། བཏང་སྙོམས་དང།་དགའ་བ་ཉིད་རྣམ་པར་གྲོལ་བའོ། །རྣམ་པར་གྲོལ་བ་ཉིད་ཡོངས་སུ་མྱ་ངན་ལས་འདས་པའོ། །ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ཚད་མེད་པ་བཞིའོ་ཞེས་གསུངས་ཏེ། དོན་དེ་དག་ཀྱང་བྱེ་བྲག་མི་ཕྱེད་པ་ནི་ཤེས་རབ་དང་མི་ལྡན་པ་ཞེས་བྱའོ། །གཞན་ཡང་རྣམ་པར་འབྱེད་མི་ནུས་པ་ནི་སངས་རྒྱས་ཀྱི་རང་བཞིན་ཉིད་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ཉིད་མ་འདྲེས་པའི་ཆོས་ཐམས་ཅད་དོ། །མ་འདྲེས་པའི་ཆོས་ཉིད་རྣམ་པར་གྲོལ་བའོ། །རྣམ་པར་གྲོལ་བ་ཉིད་ཡོངས་སུ་མྱ་ངན་ལས་འདས་པའོ། །ཡོངས་སུ་མྱ་ངན་ལས་འདས་པ་ཉིད་མ་འདྲེས་པའི་ཆོས་སོ་ཞེས་གསུངས་ཏེ། དོན་དེ་དག་ཀྱང་བྱེ་བྲག་མི་ཕྱེད་པ་ནི་ཤེས་རབ་དང་མི་ལྡན་པ་ཞེས་བྱའོ། །གཞན་ཡང་རྣམ་པར་མི་ཕྱེད་པ་ནི་
Kha356b
བདེན་པ་བཞི་སྟེ། སྡུག་བསྔལ་དང ། ཀུན་འབྱུང་དང ། འགོག་པ་དང ། ལམ་མོ། དེ་ལྟར་བདེན་པ་བཞིའི་བྱེ་བྲག་མི་ཕྱེད་པའི་ཕྱིར་འཕགས་པའི་སྤྱོད་པ་མི་ཤེས་སོ། །འཕགས་པའི་སྤྱོད་པ་མི་ཤེས་པས་དེ་བཞིན་གཤེགས་པ་མི་ཤེས་སོ། །དེ་བཞིན་གཤེགས་པ་མི་ཤེས་པས་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་མི་ཤེས་སོ། །རྣམ་པར་གྲོལ་བ་མི་ཤེས་པས་མྱ་ངན་ལས་འདས་པ་མི་ཤེས་ཏེ། དེ་བས་ན་ཤེས་རབ་དང་མི་ལྡན་པ་ཞེས་བྱའོ། །སོ་སོའི་སྐྱེ་བོ་དག་གོང་མའི་དངོས་པོ་རྣམ་པ་ལྔ་དང་མི་ལྡན་པ་ནི་རྣམ་པ་གཉིས་ཀྱི་ཕྱིར་ཏེ། དགེ་བའི་ཆོས་བསྐྱེད་པ་དང ། མི་དགེ་བའི་ཆོས་བསྐྱེད་པའོ། །དེ་ལ་ཇི་ལྟར་ན་མི་དགེ་བའི་ཆོས་བསྐྱེད་པ་ཞེ་ན། གང་ཟག་དེ་བདག་མི་ལྡན་པ་མི་མཐོང་བས་བདག་གི་ནི་ལྡན་པ་ཅན་ནོ་ཞེས་ཞེན་པའི་སེམས་བསྐྱེད་ནས། བསླབ་པ་མཚུངས་པའི་ནང་ན་བདག་ནི་མཆོག་ཡིན་ནོ་སྙམ་སྟེ། དེའི་ཕྱིར་བདག་དང་འདྲ་བ་མི་དགེ་བའི་གྲོགས་དང་བསྟེན་ཏོ། །དེ་ལྟར་བསྟེན་པས་གཞན་ཡང་མི་ལྡན་པའི་ཆོས་ཐོས་པར་འགྱུར་རོ། །ཐོས་ནས་སེམས་དགའ་ཞིང་ཞེན་པར་འགྱུར་ཏེ། རྒྱགས་པ་དང་དྲེགས་པ་བསྐྱེད་ནས་བག་མེད་པ་མང་དུ་བྱེད་དོ། །བག་མེད་པའི་རྐྱེན་གྱིས་ཁྱིམ་པ་དང་སྟེན་ཅིང་ཁྱིམ་པའི་ལས་བྱ་བ་དག་སྨྲ་བ་དང་ཐོས་པ་ལ་མོས་ཏེ། རབ་ཏུ་བྱུང་བའི་ཆོས་རྣམ་པར་དག་པ་སྤོང་བར་འགྱུར། དེའི་རྒྱུ་དེའི་རྐྱེན་གྱིས་མི་དགེ་
Kha357a
༄#། །བའི་ཆོས་བསྐྱེད་པར་འགྱུར་རོ། །མི་དགེ་བའི་ཆོས་བསྐྱེད་པའི་ཕྱིར་ལུས་དང ། ངག་དང ། ཡིད་ཀྱི་སྒོ་ནས་རྣམ་པར་མ་དག་པའི་ལས་བསྐྱེད་དོ། །ལས་གསུམ་ཡོངས་སུ་མ་དག་པས་སེམས་ཅན་དམྱལ་བ་དང ། བྱོལ་སོང་གི་སྐྱེ་གནས་དང ། ཡི་དྭགས་ཀྱི་ཁམས་བསྐྱེད་པར་འགྱུར་ཏེ། དེ་ནི་སྐད་ཅིག་བྱུང་ནས་ཕྱིར་ནུབ་ཅེས་བྱ་བའོ། ། དེ་སྐད་ཅིག་བྱུང་ནས་ཕྱིར་ནུབ་ཅེས་བྱ་བ་དེའི་ཆོས་ལ་གང་དག་ཡིན་ཞེ་ན། འདི་ལྟ་སྟེ། ལྷ་སྦྱིན་དང ། དགེ་སློང་ཀུ་ཀ་ལི་དང ། དགེ་སློང་ཨཱན་ཤཝ་དང ། དགེ་སློང་ལེགས་པའི་སྐར་མ་དང ། དགེ་སློང་ཏེ་ཤ་དང ། དགེ་སློང་སྐར་མ་རྒྱས་དང ། དགེ་སློང་མ་བྱམས་མའི་ས་དང ། དགེ་སློང་མ་དགོན་མ་དང ། དགེ་སློང་མ་ཕྱོགས་མ་དང ། དགེ་སློང་མ་དྲེགས་མ་དང ། ཁྱིམ་བདག་རབ་གཙང་དང ། དགེ་བསྙེན་སྲིད་ཚོལ་དང ། ཤཀ་རིགས་ཤ་ལི་དང ། ཁྱིམ་བདག་བལ་གླང་དང ། དགེ་བསྙེན་མ་གྲགས་མ་དང ། དགེ་བསྙེན་མ་འོད་སྣང་དང ། དགེ་བསྙེན་མ་དགའ་མོ་དང ། དགེ་བསྙེན་མ་ཚོགས་སྡེ་དང ། དགེ་བསྙེན་མ་དྲིལ་བུ་ཞེས་བྱ་བ་དེ་དག་ལ་སོགས་པ་ན་སྐད་ཅིག་བྱུང་ནས་ཕྱིར་ནུབ་པ་ཞེས་བྱ་སྟེ། ཇི་ལྟར་ཉ་ཆེན་པོ་སྣང་བའི་འོད་མཐོང་བའི་ཕྱིར་བྱུང་ལ། ལུས་ལྕི་བའི་ཕྱིར་ཕྱིར་ནུབ་པ་དང་འདྲའོ། །སྐྱེས་བུ་དེའི་འོག་མས་ནི་བདག་གི་མཐོང་བ་དང་སྤྱོད་པ་མི་ལྡན་པར་རྟོགས་ནས། དེ་ལྟར་མི་ལྡན་པར་རྟོགས་པའི་ཕྱིར་དགེ་བའི་བཤེས་
Kha357b
གཉེན་ཚོལ་ཞིང་བསྟེན་ཏོ། །དགེ་བའི་བཤེས་གཉེན་ལ་བསྟེན་པའི་ཕྱིར་མ་ཐོས་པ་རྣམས་འདྲི་བར་མོས་སོ། །ཐོས་ནས་འཛིན་པར་མོས་སོ། །བཟུང་ནས་རབ་ཏུ་ཡིད་ལ་བྱེད་པར་དགའོ། །རབ་ཏུ་ཡིད་ལ་བྱས་ནས་ཆོས་བཞིན་དུ་གནས་པར་འགྱུར་རོ། །ཆོས་བཞིན་དུ་གནས་ནས་དགེ་བའི་ཆོས་འཕེལ་བར་བྱེད་དོ། །དགེ་བའི་ཆོས་འཕེལ་བའི་ཕྱིར་ནམ་དུའང་ནུབ་པར་མི་འགྱུར་ཏེ།་དེ་ནི་གནས་པ་ཞེས་བྱའོ། །སངས་རྒྱས་ཀྱི་ཆོས་ལ་གནས་པ་རྣམས་གང་དག་ཡིན་ཞེ་ན། འདི་ལྟ་སྟེ། ཤཱ་རིའི་བུ་དང ། མཽངྒལ་གྱི་བུ་ཆེན་པོ་དང ། ཀུན་ཤེས་ཀཽཎྜི་ནྱ་ལ་སོགས་པ་ལྔ་དང ། དགེ་སློང་ཡ་ཤ་ལ་སོགས་པ་ལྔ་དང ། མ་འགགས་པ་དང ། འོད་སྲུང་གཞོན་ནུ་དང ། འོད་སྲུང་ཆེན་པོ་དང ། འོད་སྲུང་སྟོབས་བཅུ་དང ། དགེ་སློང་མ་སྐྱེ་དགུའི་བདག་མོ་དང ། དགེ་སློང་མ་བ་ཏ་ལའི་མེ་ཏོག་དང ། དགེ་སློང་མ་དམ་པ་དང ། དགེ་སློང་མ་ཡང་དག་དོན་དམ་དང ། དགེ་སློང་མ་བློ་གྲོས་མ་དང ། དགེ་སློང་མ་བ་ཏ་ལ་དང ། དགེ་སློང་མ་གཙང་མ་དང ། དགེ་སློང་མ་ཕྱིར་མི་ལྡོག་མ་དང ། རྒྱལ་པོ་གཟུགས་ཅན་སྙིང་པོ་དང ། ཁྱིམ་བདག་དྲག་པོ་དང ། ཁྱིམ་བདག་མགོན་མེད་ཟས་སྦྱིན་དང ། ཤཱཀྱ་མིང་ཆེན་དང ། སྐྱབས་མེད་ཟས་སྦྱིན་དབུལ་པོ་དང ། ཁྱིམ་བདག་སྲེ་མོའི་བུ་དང ། ཁྱིམ་བདག་གྲགས་པ་དང ། ཁྱིམ་བདག་ཕུན་སུམ་ཚོགས་པ་དང ། བློན་པོ་སེང་གེ་དང ། ཁྱིམ་བདག་ཨུཏྤ་ལི་དང ། ཁྱིམ་བདག་རལ་
Kha358a
༄#། །གྲི་དང ། དགེ་བསྙེན་མ་འཇིགས་མེད་དང ། དགེ་བསྙེན་མ་དགེ་གནས་དང ། དགེ་བསྙེན་མ་ཆོས་མོས་དང ། དགེ་བསྙེན་མ་དཔའ་བ་དང ། དགེ་བསྙེན་མ་ལྷ་སྦྱིན་དང ། དགེ་བསྙེན་མ་ལེགས་པར་སྐྱེས་དང ། དགེ་བསྙེན་མ་གཟུགས་ལྡན་དང ། དགེ་བསྙེན་མ་ཁྱུ་མཆོག་ཐོབ་དང ། དགེ་བསྙེན་མ་དབེན་མ་དང ། དགེ་བསྙེན་མ་མཧཱ་སི་ན་ལ་སོགས་པ་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་དེ་དག་ནི་གནས་པ་ཞེས་བྱའོ། །ཅིའི་ཕྱིར་གནས་པ་ཞེས་བྱ་ཞེ་ན། རྟག་ཏུ་དགེ་བའི་འོད་སྣང་བ་མཐོང་བར་མོས་པ་སྟེ། དེའི་རྒྱུ་དེའི་རྐྱེན་གྱིས་གལ་ཏེ་སངས་རྒྱས་འཇིག་རྟེན་དུ་བྱུང་ཡང་རུང ། མ་བྱུང་ཡང་རུང་སྟེ། སྐྱེས་བུ་དེ་དག་ནི་ནམ་ཡང་སྡིག་པ་མི་བྱེད་པས་དེ་ནི་གནས་པ་ཞེས་བྱ་སྟེ།་ཇི་ལྟར་ཉིད་བྱི་ཞེས་བྱ་བ་སྣང་བའི་འོད་མཐོང་བར་དགའ་བས་མི་འབྱིང་མི་ནུབ་པ་ལྟར་དེ་དག་ཀྱང་དེ་དང་འདྲ་སྟེ། དེ་བས་ན་ངས་མདོ་སྡེ་ལས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །གང་གིས་དོན་ལ་རྣམ་པར་འབྱེད་མཁས་ཤིང ། །རྩེ་གཅིག་དགེ་སྦྱོང་འབྲས་བུ་རབ་ཚོལ་ཏེ། །སྲིད་པ་ཐམས་ཅད་ཡོངས་སུ་སྨོད་པ་ནི། །དེ་ནི་ཆོས་བཞིན་གནས་པ་ཞེས་བྱའོ། །གང་གིས་བཅོམ་ལྡན་ཚད་མེད་ལ་མཆོད་ན། །སྐྱེ་བ་གྲངས་མེད་པར་དུ་ལམ་སྒོམ་འགྱུར། །འཇིག་རྟེན་བདེ་བ་མྱོང་ལ་བག་བྱེད་ན། །དེ་ནི་ཆོས་བཞིན་གནས་པ་ཞེས་
Kha358b
བྱའོ། །དགེ་བའི་བཤེས་ལ་བསྟེན་ཅིང་དམ་ཆོས་ཉན། །ཡིད་ལ་བྱེད་དེ་ཆོས་བཞིན་གནས་པ་ནི། །འོད་ཟེར་མཐོང་བར་མོས་ཤིང་ལམ་སྒོམ་སྟེ། །རྣམ་པར་གྲོལ་བའི་བདེ་གནས་ཐོབ་པར་འགྱུར། །རིགས་ཀྱི་བུ། ཤེས་རབ་དང་མི་ལྡན་པ་ལ་དངོས་པོ་རྣམ་པ་ལྔ་སྟེ། སྐྱེས་བུ་དེས་དེ་ལྟར་ཤེས་ནས་དགེ་བའི་བཤེས་གཉེན་ཚོལ་ལོ། །དགེ་བའི་བཤེས་གཉེན་ངེས་ཀྱང།་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང ། རྣམ་པར་རྟོག་པའི་ཤས་གང་ཆེ་བ་བརྟགས་ཏེ། གལ་ཏེ་འདོད་ཆགས་ཀྱི་ཤས་ཆེ་ན་མི་གཙང་བའི་རྟོག་པའི་ཆོས་སྟོན་ཏོ། །ཞེ་སྡང་གི་ཤས་ཆེ་ན་བྱམས་པའི་ཆོས་སྟོན་ཏོ། །གཏི་མུག་གི་ཤས་ཆེ་ན་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སྟོན་ཏོ། །རྣམ་པར་རྟོག་པའི་ཤས་ཆེ་ན་དབུགས་བགྲང་བ་སྟོན་ཏོ། །བདག་ཏུ་ལྟ་བ་ལ་ཆགས་པའི་ཤས་ཆེ་ན་ཁམས་བཅོ་བརྒྱད་ལ་སོགས་པ་སྟོན་ཏོ། །དེ་ནས་དེས་ཐོས་ནས་སེམས་རྩེ་གཅིག་ཏུ་གཟུངས་སུ་འཛིན་ཏོ། །སེམས་ཀྱིས་བཟུང་ནས་ཆོས་བཞིན་དུ་ནན་ཏན་བྱེད་པར་འགྱུར་རོ། །ཆོས་བཞིན་དུ་ནན་ཏན་བྱས་པས་རིམ་གྱིས་དྲན་པ་ཉེ་བར་བཞག་པ་བཞི་ཐོབ་པར་གྱུར་ནས་ལུས་དང ། །ཚོར་བ་དང ། སེམས་དང ། ཆོས་ལ་རྗེས་སུ་རྟོག་པར་འགྱུར་རོ། །དེ་ལྟར་རྗེས་སུ་རྟོགས་ནས་རིམ་གྱིས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ལ་རྟོག་པར་འགྱུར་རོ། །དེ་ལྟར་རྟོགས་ནས་དྲོད་ཀྱི་ཆོས་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་
Kha359a
༄#། །དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སེམས་ཅན་ཐམས་ཅད་ལ་དྲོད་ཀྱི་ཆོས་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་རྣམ་པ་གསུམ་འདུས་པ་ལ་འདི་ལྟ་ཏེ། འཚོ་བ་དང ། དྲོད་དང ། རྣམ་པར་ཤེས་པ་འདུས་པ་ལས་སེམས་ཅན་ཞེས་བྱའོ་ཞེས་གསུངས་ཏེ། དེ་ལྟ་བས་ན་སེམས་ཅན་ཐམས་ཅད་ལ་ཐོག་མ་ནས་དྲོད་ཅེས་བགྱི་བ་མཆིས་ན། ཅིའི་སླད་དུ་དེ་བཞིན་གཤེགས་པས་དྲོད་ཀྱི་ཆོས་ནི་དགེ་བའི་བཤེས་གཉེན་གྱི་རྐྱེན་གྱིས་སྐྱེའོ་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ཇི་ལྟར་དྲོད་ཀྱི་ཆོས་ཡོད་དོ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་དང་ལོག་སྲེད་ཅན་གྱི་བར་དུ་ཀུན་ལ་ཡོད་དོ། །ཇི་ལྟར་ངས་དྲོད་ཀྱི་ཆོས་གསུངས་པ་ནི་ཐབས་མཁས་པའི་རྐྱེན་གྱིས་གདོད་ཐོབ་པར་འགྱུར་རོ་ཞེས་གསུངས་ཏེ། ཐོག་མ་མེད་པ་ལ་ང་ཡོད་པར་འགྱུར་རོ། །དེ་བས་ན་སེམས་ཅན་ཐམས་ཅད་ལ་ཐོག་མ་ནས་ཡོད་པ་མ་ཡིན་གྱི། ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་དྲོད་ཀྱི་ཆོས་ཡོད་དོ་ཞེས་སྨྲ་བའི་མི་རིགས་སོ། །རིགས་ཀྱི་བུ། དེ་ལྟར་དྲོད་ཀྱི་ཆོས་དེ་ནི་གཟུགས་ཀྱི་ཁམས་ཀྱི་ཆོས་ཡིན་ཏེ། འདོད་པའི་ཁམས་ན་ཡོད་པ་མ་ཡིན་ནོ། །གལ་ཏེ་སེམས་ཅན་ཐམས་
Kha359b
ཅད་ལ་ཡོད་ཅེས་བྱར་ནི་འདོད་པའི་ཁམས་ཀྱི་སེམས་ཅན་ལའང་ཡོད་པའི་རིགས་ཏེ། འདོད་པའི་ཁམས་ན་མེད་པ་ལ་བལྟས་ན་ཐམས་ཅད་ལ་ཡོད་པ་མ་ཡིན་པར་རིག་པར་བྱའོ། ། རིགས་ཀྱི་བུ། གཟུགས་ཀྱི་ཁམས་ན་ཡོད་མོད་ཀྱི། ཐམས་ཅད་ལ་ཡོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ངའི་ཉེ་གནས་ལ་ནི་ཡོད་ཀྱི་མུ་སྟེགས་ཅན་ལ་ནི་མེད་དེ། དེ་ལྟ་བས་ན་སེམས་ཅན་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ། །རིགས་ཀྱི་བུ། མུ་སྟེགས་ཅན་ཐམས་ཅད་ནི་སྤྱོད་པ་རྣམ་པ་དྲུག་འབའ་ཞིག་ལ་རྟོག་གོ་།ངའི་ཉེ་གནས་རྣམས་ནི་སྤྱོད་པ་བཅུ་དྲུག་དང་ལྡན་ཏེ། སྤྱོད་པ་བཅུ་དྲུག་པོ་དེ་ནི་སེམས་ཅན་ཀུན་ལ་ཡོད་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། དྲོད་ཀྱི་ཆོས་ཞེས་གསུངས་པ་དེ་ཇི་ལྟར་ན་དྲོད་ཅེས་བགྱི། རང་བཞིན་གྱིས་དྲོའམ། གཞན་གྱི་དབང་གིས་དྲོ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་ལྟར་དྲོད་ཀྱི་ཆོས་དེ་ནི་རང་བཞིན་གྱིས་དྲོ་བ་ཡིན་ཏེ། གཞན་གྱི་དབང་གིས་དྲོ་བ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས་ཀྱིས་སྔར་རྟ་ཐུལ་དང་སྐར་རྒྱལ་གཉིས་ལ་དྲོད་ཀྱི་ཆོས་མ་མཆིས་སོ་ཞེས་གསུངས་སོ། །དེ་ཅིའི་སླད་དུ་ཞེ་ན། དཀོན་མཆོག་གསུམ་ལ་དད་པའི་སེམས་མ་མཆིས་པའི་སླད་དུ་དྲོད་ཅེས་བགྱི་བ་མ་མཆིས་ཏེ། དེ་བས་ན་དད་པའི་སེམས་
Kha360a
༄#། །ཉིད་དྲོད་ཀྱི་ཆོས་ལགས་པར་འཚལ་ཏོ། །བཀའ་སྩལ་པ། རིགས་ཀྱི་བུ། དད་པ་ནི་དྲོད་ཀྱི་ཆོས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དད་པའི་སེམས་ཀྱི་རྐྱེན་གྱིས་ཕྱིས་དྲོད་ཐོབ་པའི་ཕྱིར་རོ། །རིགས་ཀྱི་བུ། དྲོད་ཀྱི་ཆོས་ཞེས་བྱ་བ་ནི་ཤེས་རབ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བདེན་པ་བཞི་རྟོགས་པའི་ཕྱིར་རོ། །དེ་བས་ན་སྤྱོད་པ་བཅུ་དྲུག་ཅེས་བྱ་སྟེ། སྤྱོད་པ་ཉིད་ཤེས་རབ་བོ། །རིགས་ཀྱི་བུ། ཇི་ལྟར་ཁྱོད་ཀྱིས་ཅིའི་རྒྱུ་ཅིའི་རྐྱེན་གྱིས་དྲོད་ཅེས་བྱ་བ་ནི་རིགས་ཀྱི་བུ་དྲོད་ཅེས་བྱ་བ་ཉིད་ནི་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ཀྱི་མེའི་མཚན་ཉིད་ཡིན་པས་དྲོད་ཅེས་བྱའོ། །རིགས་ཀྱི་བུ། དཔེར་ན་མེ་གཙུགས་པ་ན་ཐོག་མ་དྲོད་འབྱུང་སྟེ། དེ་ནས་མེ་འབྱུང་ལ། ཕྱིས་གདོད་དུད་པ་འབྱུང་བ་ལྟར་ཟག་པ་མེད་པའི་ལམ་ཡང་དེ་དང་འདྲ་སྟེ། དེ་ལ་དྲོད་ཅེས་བྱ་བ་ནི་སྤྱོད་པ་བཅུ་དྲུག་གོ་།མེ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུའོ། །དུད་པ་ནི་ལམ་བསྒོམས་པས་ཀུན་ནས་ཉོན་མོངས་པ་བཅད་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་ལྟར་དྲོད་ཀྱི་ཆོས་དེ་ནི་སྲིད་པའི་ཆོས་ཀྱང་ལགས་ལ། འདུས་བྱས་ཀྱི་ཆོས་ཀྱང་ལགས་སོ། །ཆོས་དེའི་རྣམ་པར་སྨིན་པ་ནི་གཟུགས་ཀྱི་ཁམས་ཀྱི་རྐྱེན་གྱིས་ལྔ་ཕུང་ཐོབ་པར་འགྱུར་བ་དེའི་ཕྱིར་སྲིད་པ་ཞེས་བགྱི་སྟེ། དེའི་རྒྱུ་དེའི་རྐྱེན་གྱིས་འདུས་བྱས་
Kha360b
ཞེས་ཀྱང་བགྱིའོ། །གལ་ཏེ་འདུས་བྱས་ལགས་ན་ཟག་པ་མ་མཆིས་པའི་ལམ་གྱི་མཚན་ཉིད་དུ་ཇི་ལྟར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཁྱོད་ཀྱིས་ཇི་ལྟར་སྨྲས་པ་བཞིན་ཏེ། རིགས་ཀྱི་བུ། དེ་ལྟར་དྲོད་ཀྱི་ཆོས་དེ་ནི་འདུས་བྱས་དང་སྲིད་པའི་ཆོས་ཡིན་མོད་ཀྱི། འདུས་བྱས་དང་སྲིད་པའི་ཆོས་ཀྱང་འཇིག་པར་ནུས་ཏེ།་དེ་བས་ན་ཟག་པ་མེད་པའི་ལམ་གྱི་མཚན་ཉིད་དུ་འགྱུར་རོ། །རིགས་ཀྱི་བུ། ཇི་ལྟར་མི་རྟ་ལ་ཞོན་པ་བྱམས་ཀྱང་བྱམས་ལ་གཞུ་བར་ཡང་བྱེད་པ་ལྟར། དྲོད་ཀྱི་སེམས་ཀྱང་དེ་དང་འདྲ་སྟེ། སྲིད་པའི་ཕྱིར་སྐྱེ་བ་ལེན་ལ། སྐྱེ་བའི་ཕྱིར་འདུ་བྱེད་རྟོགས་ཏེ། དེ་བས་ན་སྲིད་པའི་ཆོས་དང་འདུས་བྱས་ཡིན་མོད་ཀྱི། ཡང་དག་པའི་ལམ་གྱི་མཚན་ཉིད་དུའང་འགྱུར་རོ། །དྲོད་ཀྱི་ཆོས་ཐོབ་པའི་གང་ཟག་ནི་བདུན་ཅུ་རྩ་གསུམ་མོ། །དེ་ལ་འདོད་པའི་ཁམས་ན་རྣམ་པ་བཅུ་སྟེ། གང་ཟག་ཉོན་མོངས་པ་ཐམས་ཅད་དང་ལྡན་པ་དེ་ཆ་གཅིག་གཅོད་པ་ནས་ཆ་དགུ་པའི་བར་དུ་གཅོད་དེ། འདོད་པའི་ཁམས་ཇི་ལྟ་བ་བཞིན་དུ་བསམ་གཏན་དང་པོ་ནས་ཅུང་ཟད་མེད་པའི་བར་ཡང་དེ་དང་འདྲའོ། །དེ་ནི་རྣམ་པ་བདུན་ཅུ་རྩ་གསུམ་ཞེས་བྱ་སྟེ། གང་ཟག་དེ་དག་ནི་དྲོད་ཀྱི་ཆོས་ཐོབ་པས་དགེ་བའི་རྩ་བ་གཅོད་པ་དང ། མཚམས་མེད་པའི་ཁ་ན་མ་ཐོ་བ་བྱེད་པ་དང ། ཚུལ་ཁྲིམས་ཀྱི་རྩ་བ་བཞི་ཉམས་པར་མི་འགྱུར་རོ། །དེའང་རྣམ་པ་གཉིས་ཏེ། དགེ་
Kha361a
༄#། །བའི་བཤེས་གཉེན་དང་ཕྲད་པ་དང ། མི་དགེ་བའི་བཤེས་གཉེན་དང་ཕྲད་པའོ། །དེ་ལ་མི་དགེ་བའི་བཤེས་གཉེན་དང་ཕྲད་པ་ནི་སྐད་ཅིག་བྱུང་ནས་ཕྱིར་ཡང་ནུབ་བོ། །དགེ་བའི་བཤེས་གཉེན་དང་ཕྲད་པ་ནི་ཕྱོགས་བཞི་ཀུན་ཏུ་ལྟའོ། །དེ་ལ་ཕྱོགས་བཞིར་ལྟ་བ་ནི་སྤྱི་བོའི་ཆོས་ཞེས་བྱ་སྟེ། སྤྱི་བོའི་ཆོས་ཀྱི་རང་བཞིན་ཉིད་ལྔ་ཕུང་མ་ཡིན་མོད་ཀྱི། དེའང་བདེན་པ་བཞི་ལ་དམིགས་པས་ན་དེ་བས་ན་ཕྱོགས་བཞི་ཀུན་ཏུ་ལྟ་བ་ཞེས་བྱ་སྟེ། དེ་ལྟར་སྤྱི་བོའི་ཆོས་ཐོབ་ནས་རིམ་གྱིས་བཟོད་པ་ཐོབ་བོ། །བཟོད་པ་དེའང་དེ་དང་འདྲ་བར་རང་བཞིན་ཉིད་ལྔ་ཕུང་མ་ཡིན་ཡང ། བདེན་པ་བཞི་ལ་དམིགས་ཏེ། དེས་རིམ་གྱིས་འཇིག་རྟེན་མཆོག་གི་ཆོས་ཐོབ་པོ། །ཆོས་དེའི་རང་བཞིན་ཡང་ལྔ་ཕུང་མ་ཡིན་མོ་དེ་ཀྱི། བདེན་པ་བཞི་ལ་དམིགས་ཏེ། དེས་རིམ་གྱིས་སྡུག་བསྔལ་ལ་བཟོད་པའི་ཆོས་ཐོབ་བོ། །བཟོད་པའི་རང་བཞིན་ནི་ཤེས་རབ་སྟེ། བདེན་པ་གཅིག་ལ་དམིགས་སོ། །དེ་ལྟར་བཟོད་པའི་ཆོས་ཀྱིས་བདེན་པ་གཅིག་ལ་དམིགས་ནས་མཐོང་སྟེ་སྤོང་བའི་ཉོན་མོངས་པ་ཆོད་དེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་དེ་ནི་ཕྱོགས་བཞི་ཀུན་ཏུ་ལྟ་བ་ཞེས་བྱའོ། །དེ་ལ་ཕྱོགས་བཞི་ཞེས་བྱ་བ་ནི་བདེན་པ་བཞི་ལ་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་སྔར་གསུངས་པ་ལས། རྒྱུན་དུ་ཞུགས་པ་ཉོན་མོངས་
Kha361b
བ་ཡོངས་སུ་བཅད་པ་ནི། དཔེར་ན། ཆུ་ཞེང་གབ་པར་ལི་བཞི་བཅུར་གང་བའི་ཆུ་དང་འདྲའོ། །ལྷག་མ་ནི་སྤུའི་ཉག་མ་གཅིག་གི་ཐིགས་པ་དང་འདྲའོ་ཞེས་གསུངས་ན། ཅིའི་སླད་དུ་བདག་ཏུ་ལྟ་བ་དང ། རྒྱུ་མ་ཡིན་པ་ལ་ནི་རྒྱུར་ལྟ་བ་དང ། ཐེ་ཚོམ་གྱི་ཀུན་ནས་ཉོན་མོངས་པ་དང་འདི་གསུམ་བཅད་ན་རྒྱུན་དུ་ཞུགས་པའོ་ཞེས་གསུངས། བཅོམ་ལྡན་འདས། ཅིའི་རྒྱུ་ཅིའི་རྐྱེན་གྱིས་རྒྱུན་དུ་ཞུགས་པས་ཕྱོགས་བཞི་ཀུན་ཏུ་ལྟ་བར་འགྱུར། ཡང་ཅིའི་རྒྱུ་ཅིའི་རྐྱེན་གྱིས་རྒྱུན་དུ་ཞུགས་པ་ཞེས་བགྱི། ཡང་ཅིའི་རྒྱུ་ཅིའི་རྐྱེན་གྱིས་རྒྱུན་དུ་ཞུགས་པ་ནི། དཔེར་ན། ཉ་ཚག་གུ་ཞེས་བགྱི་བ་དང་འདྲའོ་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། རྒྱུན་དུ་ཞུགས་པས་ཉོན་མོངས་པ་ཚད་མེད་པ་སྙེད་བཅད་མོད་ཀྱི། རྣམ་པ་འདི་གསུམ་ལྕི་བས་རྒྱུན་དུ་ཞུགས་པ་ཐམས་ཅད་ཀྱི་ཉོན་མོངས་པ་བཅད་པ་ཐམས་ཅད་རྣམ་པ་འདི་གསུམ་གྱི་ནང་དུ་འདུས་སོ། །རིགས་ཀྱི་བུ། དཔེར་ན། རྒྱལ་པོ་ཆེན་པོ་འཆག་ཅིང་འགྲོ་བ་ན་དམག་གི་ཚོགས་རྣམ་པ་བཞི་དང་བཅས་མོད་ཀྱི། འཇིག་རྟེན་པས་རྒྱལ་པོ་འོངས་སོ། །སོང་ངོ ། །ཞེས་ཟེར་རོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ན་བཙུན་པར་བྱ་བའི་ཕྱིར་ཏེ། ཉོན་མོངས་པ་རྣམ་པ་གསུམ་པོ་དེའང་དེ་དང་འདྲའོ། །ཅིའི་ཕྱིར་ལྕི་བ་ཞེས་བྱ་ཞེ་ན། སེམས་ཅན་ཐམས་ཅད་ཀྱིས་རྟག་ཏུ་བསྐྱེད་པའི་ཕྱིར། ཕྲ་ཞིང་ཤེས་པར་དཀའ་བའི་ཕྱིར་
Kha362a
༄#། །ལྕི་བ་ཞེས་བྱའོ། །ཉོན་མོངས་པ་དེ་གསུམ་ཤིན་ཏུ་གཅོད་དཀའ་བ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་རྒྱུར་འགྱུར་བ་དང ། ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་ཀྱི་གཉེན་པོའི་རྒྱུར་འགྱུར་བའི་ཕྱིར་རོ། །རིགས་ཀྱི་བུ། སེམས་ཅན་ཁ་ཅིག་ནི་རྒྱུན་དུ་ཞུགས་པས་ཉོན་མོངས་པ་ཚད་མེད་པ་སྙེད་ཡོངས་སུ་བཅད་དོ་ཞེས་ཐོས་ནས་ཕྱིར་ལྡོག་པའི་སེམས་སྐྱེ་སྟེ། འདི་སྐད་དུ་སེམས་ཅན་གྱིས་ཇི་ལྟར་ཉོན་མོངས་པ་ཚད་མེད་པ་སྙེད་གཅོད་ནུས་ཞེས་ཟེར་ཏེ། དེ་བས་ན་དེ་བཞིན་གཤེགས་པས་ཐབས་ཀྱིས་རྣམ་པ་གསུམ་དུ་གསུངས་སོ། །ཇི་ལྟར་ཁྱོད་ཀྱིས་ཅིའི་རྒྱུ་ཅིའི་རྐྱེན་གྱིས་རྒྱུན་དུ་ཞུགས་པས་ཕྱོགས་བཞིར་ལྟ་བ་ཡིན་ཞེས་བྱ་བ་ནི། རིགས་ཀྱི་བུ། རྒྱུན་དུ་ཞུགས་པས་བདེན་པ་བཞི་བརྟགས་ནས་དངོས་པོ་རྣམ་པ་བཞི་ཐོབ་བོ། །གང་ཞེ་ན། རབ་ཏུ་བརྟན་པའི་ལམ་ལ་གནས་པ་དང ། ཀུན་ཏུ་རྟོག་པ་དང ། ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བ་དང ། དགྲ་ཆེན་པོ་གཞོམ་ནུས་པའོ། །དེ་ལ་བརྟན་པའི་ལམ་ནི་རྒྱུན་དུ་ཞུགས་པའོ། །དབང་པོ་ལྔ་ལ་སུས་ཀྱང་བསྐྱོང་མི་ནུས་པའི་ཕྱིར་བརྟན་པའི་ལམ་ལ་གནས་པ་ཞེས་བྱའོ། །ཀུན་ཏུ་རྟོག་པ་ཞེས་བྱ་བ་ནི་ནང་དང་ཕྱི་རོལ་གྱི་ཉོན་མོངས་པ་ཐམས་ཅད་ལ་སྨོད་པའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ནི་བཟོད་པའི་ཡེ་ཤེས་སོ། །དགྲ་ཆེན་པོ་གཞོམ་པ་ནི་འདི་ལྟ་སྟེ། ཕྱིན་ཅི་ལོག་
Kha362b
བཞིའོ། །ཇི་ལྟར་ཁྱོད་ཀྱིས་ཅིའི་རྒྱུ་ཅིའི་རྐྱེན་གྱིས་རྒྱུན་དུ་ཞུགས་པ་ཞེས་བྱ་བ་ནི། རིགས་ཀྱི་བུ། རྒྱུན་དུ་ཞེས་བྱ་བ་ནི་ཟག་པ་མེད་པའོ། །ཞུགས་པ་ཞེས་བྱ་བ་ནི་སྒོམ་པ་སྟེ། ཟག་པ་མེད་པ་སྒོམ་པའི་ཕྱིར་རྒྱུན་དུ་ཞུགས་པ་ཞེས་བྱའོ། །རིགས་ཀྱི་བུ། ཡང་རྒྱུན་དུ་ཞུགས་པ་ཞེས་བྱ་བ་ནི་འབབ་བའོ། །འབབ་པ་ལ་རྣམ་པ་གཉིས་ཏེ། ཐུར་དུ་འབབ་པ་དང ། གྱེན་དུ་འབབ་པ་སྟེ། དེ་ལྟར་གྱེན་དུ་འབབ་པའི་ཕྱིར་རྒྱུན་དུ་ཞུགས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་དོན་དེ་ལྟ་ན། ཅིའི་སླད་དུ་ལན་གཅིག་ཕྱིར་ལྡོག་པ་དང ། ཕྱིར་མི་ལྡོག་པ་དང ། དགྲ་བཅོམ་པ་དག་ལའང་རྒྱུན་དུ་ཞུགས་པ་ཞེས་མི་བགྱི། བཀའ་སྩལ་པ། རིགས་ཀྱི་བུ། རྒྱུན་དུ་ཞུགས་པ་ནས་སངས་རྒྱས་ཀྱི་བར་དུ་ཞུགས་པ་ཞེས་ཀྱང་བྱའོ། །གལ་ཏེ་ལན་གཅིག་ཕྱིར་ལྡོག་པ་ནས་སངས་རྒྱས་ཀྱི་བར་དུ་ཞུགས་པ་མེད་ན། ཇི་ལྟར་ལན་གཅིག་ཕྱིར་ལྡོག་པ་ནས་སངས་རྒྱས་ཀྱི་བར་དུ་གདགས་པར་འགྱུར། སེམས་ཅན་ཐམས་ཅད་ལ་མིང་རྣམ་པ་གཉིས་ཏེ། རྙིང་པ་དང ། བླ་དྭགས་སུ་བཏགས་པའོ། །བུས་པ་མ་རབས་ཀྱི་ཚེ་ན་འཇིག་རྟེན་གྱི་མིང་ཡོད་དོ། །ལམ་ཐོབ་ནས་བླ་དྭགས་སུ་མིང་འདོགས་པས་རྒྱུན་དུ་ཞུགས་པ་ཞེས་བྱ་སྟེ། སྔར་ཐོབ་པའི་ཕྱིར་རྒྱུན་དུ་ཞུགས་པ་ཞེས་བྱ། ཕྱིས་ཐོབ་པའི་ཕྱིར་ལན་གཅིག་ཕྱིར་ལྡོག་པ་ཞེས་བྱ་སྟེ། དེ་ཉིད་རྒྱུན་དུ་ཞུགས་པ་ཞེས་ཀྱང་བྱ་ལ། ལན་
Kha363a
༄#། །གཅིག་ཕྱིར་ལྡོག་པ་ཞེས་ཀྱང་བྱ་བ་ནས་སངས་རྒྱས་ཞེས་བྱ་བའི་བར་དུ་བཏགས་སོ། །རིགས་ཀྱི་བུ། རྒྱུན་དུ་ཞུགས་པ་ལ་རྣམ་པ་གཉིས་ཏེ། རྣམ་པར་གྲོལ་བ་དང ། མྱ་ངན་ལས་འདས་པའོ། །འཕགས་པ་ཐམས་ཅད་ལ་རྣམ་པ་དེ་གཉིས་ཡོད་པའི་ཕྱིར་རྒྱུན་དུ་ཞུགས་པ་དང ། ལན་གཅིག་ཕྱིར་ལྡོག་པ་ཞེས་བྱ་བ་ནས་སངས་རྒྱས་ཀྱི་བར་དུ་དེ་དང་འདྲའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ལའང་རྒྱུན་དུ་ཞུགས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཟད་པའི་ཡེ་ཤེས་དང ། མི་སྐྱེ་བའི་ཡེ་ཤེས་ཡིན་ཏེ། རྒྱུན་དུ་ཞུགས་པའང་ཡེ་ཤེས་རྣམ་པ་དེ་གཉིས་ཚོལ་བས་ན་རྒྱུན་དུ་ཞུགས་པ་ལའང་བྱང་ཆུབ་སེམས་དཔའ་ཞེས་གདགས་སུ་རུང་ངོ ། །རྒྱུན་དུ་ཞུགས་པ་ལ་སངས་རྒྱས་ཞེས་བྱར་ཡང་རུང་སྟེ། དེ་ཅིའི་ཕྱིར་ཞེ་ན། ཡང་དག་པར་ལམ་མཐོང་ཞིང་ཉོན་མོངས་པ་ཡོངས་སུ་གཅོད་པ་དང ། ཡང་དག་པར་རྫོགས་པའི་རྒྱུ་དང་འབྲས་བུར་འགྱུར་བ་དང ། ཡང་དག་པར་རྫོགས་པའི་ལམ་འདྲེས་པ་དང་མ་འདྲེས་པ་དང་མཐུན་པའི་ཕྱིར་ཏེ། ལན་གཅིག་ཕྱིར་ལྡོག་པ་ནས་དགྲ་བཅོམ་པའི་བར་དུའང་དེ་དང་འདྲའོ། །རིགས་ཀྱི་བུ། རྒྱུན་དུ་ཞུགས་པ་ལ་དོན་རྣམ་པ་གཉིས་ཏེ། དབང་པོ་རྣོ་བ་དང ། དབང་པོ་རྟུལ་བའོ། །དེ་ལ་དབང་པོ་རྟུལ་བས་ནི་ལྷ་དང་མིར་ཡན་མན་ལན་བདུན་དུ་འགྲོའོ། །དབང་པོ་རྟུལ་པ་ལའང་རྣམ་པ་ལྔ་སྟེ།
Kha363b
ལ་ལས་ནི་ཡན་མན་ལན་དྲུག་དང ། ལྔ་དང ། བཞི་དང ། གསུམ་དང ། གཉིས་སོ། །དབང་པོ་རྣོན་པོས་ནི་ད་ལྟར་གྱི་དུས་སུ་རྒྱུན་དུ་ཞུགས་པའི་འབྲས་བུ་ནས་དགྲ་བཅོམ་པའི་བར་དུ་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ་ཁྱོད་ཀྱིས་ཅིའི་ཕྱིར་རྒྱུན་དུ་ཞུགས་པའི་དཔེ་ཉ་ཚག་གུ་ཞེས་བྱ་བ་ལ་ལེན་ཅེས་བྱ་བ་ནི། རིགས་ཀྱི་བུ། ཉ་དེ་ལ་དངོས་པོ་རྣམ་པ་བཞི་ཡོད་པའི་ཕྱིར་རོ། །གང་ཞེ་ན། རུས་བ་ཕྲ་བའི་ཕྱིར་ཡང་བ་དང ། འདབ་མ་ཡོད་པའི་ཕྱིར་ཡང་བ་དང ། སྣང་བའི་འོད་མཐོང་བར་དགའ་བ་དང ། དམ་པོར་འཛིན་པའོ། །རྒྱུན་དུ་ཞུགས་པ་ལའང་དངོས་པོ་རྣམ་པ་བཞི་སྟེ། དེ་ལ་རུས་པ་ཕྲ་བ་ཞེས་བྱ་བ་ནི་ཉོན་མོངས་པའི་ཤས་ཕྲ་བའི་དཔེའོ། །འདབ་མ་ཡོད་པ་ཞེས་བྱ་བ་ནི་ལྷག་མཐོང་དང ། ཞི་གནས་ལྟ་བུའི་དཔེའོ། །སྣང་བའི་འོད་ལ་མཐོང་བར་དགའ་བ་ནི་ལམ་མཐོང་བ་ལྟ་བུའི་དཔེའོ། །དམ་པོར་འཛིན་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་མི་རྟག་པ་དང ། སྡུག་བསྔལ་བ་དང ། བདག་མེད་པ་དང ། ཡོངས་སུ་མ་དག་པ་བཤད་པ་ཐོས་ནས་བརྟན་པར་འཛིན་ཅིང་མི་སྤོང་བ་ལྟ་བུ་སྟེ། དཔེར་ན། བདུད་ཀྱི་རྒྱལ་པོས་སངས་རྒྱས་ཀྱི་གཟུགས་ལྟ་བུར་སྤྲུལ་པ་ལས། ཁྱིམ་བདག་དྲག་ཤུལ་ཞེས་བྱ་བས་མཐོང་ནས་དངངས་ཏེ། བདུད་ཀྱིས་ཁྱིམ་བདག་གི་སེམས་གཡོས་པ་མཐོང་ནས་ཁྱིམ་བདག་ལ་འདི་སྐད་ཅེས་སྨྲས་སོ། །ངས་སྔོན་བདེན་པ་བཞི་བཤད་པ་ནི་དེའང་ཡང་དག་པ་མ་ཡིན་ཏེ། ད་ཁྱོད་ལ་གདོད་བདེན་པ་ལྔ་དང ། ཕུང་པོ་དྲུག་
Kha364a
༄#། །དང ། སྐྱེ་མཆེད་བཅུ་གསུམ་དང ། ཁམས་བཅུ་དགུ་བསྟན་པར་བྱའོ་ཞེས་སྨྲས་ཀྱང ། ཁྱིམ་བདག་གིས་དེ་ཐོས་ནས་ཆོས་ཀྱི་མཚན་ཉིད་ཀུན་ལ་བལྟས་ན། དེ་ལྟ་བུའི་དོན་མེད་པར་གྱུར་ཏེ། དེའི་ཕྱིར་སེམས་མི་གཡོ་བར་རབ་ཏུ་འཛིན་པ་དང་འདྲའོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་བཞི་བཅུ་བརྒྱད་པ། བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྒྱུན་དུ་ཞུགས་པ་དེ་སྔར་ལམ་ཐོབ་པའི་ཕྱིར་རྒྱུན་དུ་ཞུགས་པ་ཞེས་བགྱིའམ། འབྲས་བུ་ཐོག་མ་ཐོབ་པ་ལ་རྒྱུན་དུ་ཞུགས་པ་ཞེས་བགྱི། ཇི་སྟེ་སྔར་ལམ་ཐོབ་པས་རྒྱུན་དུ་ཞུགས་པ་ཞེས་འགྱི་ན། སྡུག་བསྔལ་ལ་བཟོད་པའི་ཆོས་ཐོབ་པ་ན་ཅིའི་སླད་དུ་རྒྱུན་དུ་ཞུགས་པ་ཞེས་མི་བགྱི་བར་ཕྱོགས་པ་ཞེས་བགྱི། གལ་ཏེ་འབྲས་བུ་ཐོག་མ་ཐོབ་པ་ལ་རྒྱུན་དུ་ཞུགས་པ་ཞེས་བགྱི་ན། མུ་སྟེགས་ཅན་གྱིས་སྔར་ཉོན་མོངས་པ་བཅད་དེ་ཅུང་ཟད་མེད་པའི་སྐྱེ་མཆེད་དུ་ཕྱིན་ནས་ཟག་པ་མེད་པའི་ལམ་བསྒོམས་ཏེ་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་པ་ན་ཅིའི་སླད་དུ་རྒྱུན་དུ་ཞུགས་པ་ཞེས་མི་བགྱི། བཀའ་སྩལ་པ། རིགས་ཀྱི་བུ། འབྲས་བུ་ཐོག་མ་ཐོབ་པ་ལ་རྒྱུན་དུ་ཞུགས་པ་ཞེས་བྱ་སྟེ། ཇི་ལྟར་ཁྱོད་ཀྱིས་མུ་སྟེགས་ཅན་སྔར་ཉོན་མོངས་པ་བཅད་དེ། ཅུང་ཟད་མེད་པའི་སྐྱེ་མཆེད་དུ་ཕྱིན་ནས་ཟག་པ་མེད་པའི་ལམ་
Kha364b
བསྒོམས་ཏེ་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་པ་ལ། ཅིའི་ཕྱིར་རྒྱུན་དུ་ཞུགས་པ་ཞེས་མི་བྱ་ཞེས་དྲིས་པ་ནི། རིགས་ཀྱི་བུ། དེ་ལྟར་འབྲས་བུ་ཐོག་མ་ཐོབ་པ་ལ་རྒྱུན་དུ་ཞུགས་པ་ཞེས་བྱ་སྟེ། དེས་དེའི་ཚེ་ཡེ་ཤེས་བརྒྱད་དང ། སྤྱོད་པ་བཅུ་དྲུག་དང་ལྡན་ནོ། །འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། ཕྱིར་མི་ལྡོག་པ་ཐོབ་པའང་དེ་དང་འདྲ་བར་ཡེ་ཤེས་བརྒྱད་དང ། སྤྱོད་པ་བཅུ་དྲུག་དང་ལྡན་ན་ཅིའི་སླད་དུ་རྒྱུན་དུ་ཞུགས་པ་ཞེས་མི་བགྱི། རིགས་ཀྱི་བུ། ཟག་པ་དང་བཅས་པའི་སྤྱོད་པ་རྣམ་པ་བཅུ་དྲུག་ལ་རྣམ་པ་གཉིས་ཏེ། འདྲེས་པ་དང ། མ་འདྲེས་པའོ། །ཟག་པ་མེད་པའི་སྤྱོད་པ་རྣམ་པ་བཅུ་དྲུག་ལའང་རྣམ་པ་གཉིས་ཏེ། འབྲས་བུ་ལ་ཕྱོགས་པ་དང ། འབྲས་བུ་ཐོབ་པའོ། །ཡེ་ཤེས་བརྒྱད་ལའང་རྣམ་པ་གཉིས་ཏེ། འབྲས་བུ་ལ་ཕྱོགས་པ་དང ། འབྲས་བུ་ཐོབ་པའོ། །རྒྱུན་དུ་ཞུགས་པ་ནི་འདྲེས་པའི་སྤྱོད་པ་བཅུ་དྲུག་སྤངས་ཏེ། མ་འདྲེས་པའི་སྤྱོད་པ་བཅུ་དྲུག་ཐོབ་བོ། །འབྲས་བུ་ལ་ཕྱོགས་པའི་ཡེ་ཤེས་བརྒྱད་སྤངས་ཏེ། ཡེ་ཤེས་ཀྱི་འབྲས་བུ་བརྒྱད་ཐོབ་པོ། །ཕྱིར་མི་ལྡོག་པ་ནི་དེ་ལྟ་མ་ཡིན་ཏེ། དེ་བས་ན་འབྲས་བུ་ཐོག་མ་ཐོབ་པ་ལ་རྒྱུན་དུ་ཞུགས་པ་ཞེས་བྱའོ། །རིགས་ཀྱི་བུ། རྒྱུན་དུ་ཞུགས་པ་ནི་བདེན་པ་བཞི་ལ་དམིགས་སོ། །ལན་གཅིག་ཕྱིར་ལྡོག་པ་ནི་བདེན་པ་གཅིག་པ་འབའ་ཞིག་ལ་དམིགས་ཏེ། དེ་བས་ན་འབྲས་བུ་ཐོག་མ་ཐོབ་པ་ལ་རྒྱུན་དུ་ཞུགས་པ་ཞེས་བྱའོ། །དེའི་རྒྱུ་དེའི་རྐྱེན་གྱིས་ཉ་ཚག་གུ་ལྟ་
Kha365a
༄#། །བུར་གསུངས་སོ། །ཀུན་ཏུ་བལྟས་ནས་འགྲོ་བ་ཞེས་བྱ་བ་ནི་ལན་གཅིག་ཕྱིར་ལྡོག་པའོ། །རྩེ་གཅིག་ཏུ་ལམ་ལ་ནན་ཏན་བྱེད་པ་ནི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང ། ང་རྒྱལ་གཅོད་པའི་ཕྱིར་ཏེ། ཇི་ལྟར་ཉ་ཚག་གུ་ཕྱོགས་ཀུན་ཏུ་བལྟས་ནས་ཟས་ཀྱི་ཕྱིར་འགྲོ་བ་དང་འདྲའོ། །འགྲོ་བ་ལས་སྡོད་པ་ནི་ཕྱིར་མི་ལྡོག་པས་ཟས་རྙེད་ནས་སྡོད་པ་ལྟ་བུའོ། །ཕྱིར་མི་ལྡོག་པ་དེ་ལའང་མདོར་ན་རྣམ་པ་གཉིས་ཏེ། ད་ལྟར་གྱི་དུས་སུ་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་ནས་དེ་བས་ཀྱང་བརྩོན་འགྲུས་སུ་ནན་ཏན་བྱས་པས་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་དང ། གཟུགས་ཀྱི་ཁམས་དང ། གཟུགས་མེད་པའི་ཁམས་ཀྱི་ཞི་བའི་ཏིང་ངེ་འཛིན་ལ་ཆགས་ནས་འདོད་པའི་ཁམས་སུ་ཕུང་པོ་མི་ལེན་པའི་ཕྱིར་ཕྱིར་མི་ལྡོག་པ་ཞེས་བྱའོ། །ཡང་ཕྱིར་མི་ལྡོག་པ་ལ་རྣམ་པ་ལྔ་སྟེ། བར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་དང ། ལུས་བླངས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང ། སྤྱོད་པས་མྱ་ངན་ལས་འདའ་བ་དང ། སྤྱོད་པ་མེད་པས་མྱ་ངན་ལས་འདའ་བ་དང ། རྒྱུན་རབས་ཀྱིས་མྱ་ངན་ལས་འདའ་བའོ། །ཡང་རྣམ་པ་དྲུག་སྟེ། དེ་ལྟར་མྱ་ངན་ལས་འདའ་བ་དང ། ལྔ་ནི་གོང་མ་དང་འདྲའོ་ཡང་རྣམ་པ་བདུན་ཏེ། གཟུགས་མེད་པའི་ཁམས་སུ་མྱ་ངན་ལས་འདའ་བ་དང ། དྲུག་ནི་གོང་མ་དང་འདྲའོ། །སྤྱོད་པས་ཡོངས་སུ་མྱ་ངན་ལས་འདའ་བ་ལ་རྣམ་པ་གཉིས་ཏེ། སྐྱེ་བ་གཉིས་
Kha365b
ལེན་པ་དང ། སྐྱེ་བ་བཞི་ལེན་པའོ། །དེ་ལ་གང་སྐྱེ་བ་གཉིས་ལེན་པ་ནི་དབང་པོ་རྣོ་བའོ། །གང་སྐྱེ་བ་བཞི་ལེན་པ་ནི་དབང་པོ་རྟུལ་བའོ། །ཡང་རྣམ་པ་གཉིས་ཏེ། བརྩོན་འགྲུས་ཆེ་ཞིང་དབང་གི་ཏིང་ངེ་འཛིན་མེད་པ་དང ། ལེ་ལོ་ཅན་དག་དབང་གི་ཏིང་ངེ་འཛིན་ཡོད་པའོ། །ཡང་རྣམ་པ་གཉིས་ཏེ། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་ལྡན་པ་དང ། དེ་གཉིས་ཀ་དང་མི་ལྡན་པའོ།། རིགས་ཀྱི་བུ། འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་ཀྱི་སེམས་ཅན་རྣམས་ལ་ལས་རྣམ་པ་གཉིས་ཡོད་དེ། བྱེད་པའི་ལས་དང ། སྐྱེ་བ་ལེན་པའི་ལས་སོ། །བར་དུ་མྱ་ངན་ལས་འདའ་བ་ལ་ནི་བྱེད་པའི་ལས་འབའ་ཞིག་ཡོད་དེ། སྐྱེ་བ་ལེན་པའི་ལས་མེད་དོ། །དེ་བས་ན་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་སྟེ། འདོད་པའི་ཁམས་ཀྱི་ཕུང་པོ་ནི་བོར། དབང་པོ་རྣོ་བའི་ཕྱིར་གཟུགས་ཀྱི་ཁམས་སུ་མ་ཕྱིན་པར་མྱ་ངན་ལས་འདའ་བར་འགྱུར་ཏེ། དེ་ནི་བར་དུ་མྱ་ངན་ལས་འདའ་བའོ། །ཕྱིར་མི་ལྡོག་པ་ལ་བསམ་པ་རྣམ་པ་བཞི་ཡོད་དེ། སློབ་པ་མ་ཡིན་སློབ་པ་མེད་པ་མ་ཡིན་པ་དང ། སློབ་པ་དང ། སློབ་པ་མེད་པ་དང ། སློབ་པ་མེད་སློབ་པའང་མ་ཡིན་པར་མྱ་ངན་ལས་འདའ་བའོ། །ཡང་ཇི་ལྟར་ན་བར་དུ་མྱ་ངན་ལས་འདའ་བ་ཞེ་ན། རིགས་ཀྱི་བུ། ཕྱིར་མི་ལྡོག་པའི་སེམས་རྣམ་པ་བཞི་ལས་གཉིས་ནི་མྱ་ངན་ལས་འདས་པའོ། །གཉིས་ནི་མྱ་ངན་ལས་འདས་པ་མ་ཡིན་ཏེ། དེ་བས་ན་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་
Kha366a
༄#། །ཞེས་བྱའོ། །ཕུང་པོ་བླངས་ནས་མྱ་ངན་ལས་འདས་པ་ལའང་རྣམ་པ་གཉིས་ཏེ། བྱེད་པའི་ལས་དང ། སྐྱེ་བའི་ལས་སོ། །དེས་འདོད་པའི་ཁམས་ཀྱི་ཕུང་ཁོ་པོར་ནས་གཟུགས་ཀྱི་ཁམས་ཀྱི་ཕུང་པོ་ལེན་ཏེ། ལམ་ལ་བརྩོན་འགྲུས་སུ་ནན་ཏན་བྱེད་པས་ཚེའི་དུས་བྱས་ནས་མྱ་ངན་ལས་འདས་པའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་ཚེའི་དུས་བགྱིས་པ་ལ་མྱ་ངན་ལས་འདས་པ་ཞེས་བགྱི་ན། ཅིའི་སླད་དུ་ཕུང་པོ་བླངས་ནས་མྱ་ངན་ལས་འདའོ་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེས་ཕུང་པོ་བླངས་ནས་གདོད་ཁམས་གསུམ་གྱི་ཉོན་མོངས་པ་གཅོད་དོ། །དེ་བས་ན་ཕུང་པོ་བླངས་ནས་མྱ་ངན་ལས་འདའ་བ་ཞེས་བྱའོ། ། རིགས་ཀྱི་བུ། སྤྱོད་པས་ཡོངས་སུ་མྱ་ངན་ལས་འདས་པ་ནི་རྟག་ཏུ་ལམ་ལ་ནན་ཏན་བྱེད་དེ། འདུས་བྱས་ཀྱི་ཏིང་ངེ་འཛིན་གྱི་ཤུགས་ཀྱིས་ཉོན་མོངས་པ་ཡོངས་སུ་བཅད་ནས་མྱ་ངན་ལས་འདས་པའི་སྤྱོད་པས་མྱ་ངན་ལས་འདས་པ་ཞེས་བྱའོ། །སྤྱོད་པ་ཚད་མེད་པས་ཡོངས་སུ་མྱ་ངན་ལས་འདས་པ་ནི་དེས་ངེས་པར་མྱ་ངན་ལས་འདའ་བར་འགྱུར་བར་ཤེས་ནས་དེའི་ཕྱིར་ལེ་ལོ་བྱེད་དེ། དེས་ཀྱང་འདུས་བྱས་ཀྱི་ཏིང་ངེ་འཛིན་གྱི་ཤུགས་ཀྱིས་ཚེའི་དུས་བྱས་ནས་མྱ་ངན་ལས་འདའ་བར་འགྱུར་ཏེ། དེ་བས་ན་སྤྱོད་པ་མེད་པས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་
Kha366b
བྱའོ། །རྒྱུན་རབས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་གང་ཞིག་བསམ་གཏན་བཞི་པ་ཐོབ་ནས་བསམ་གཏན་དང་པོ་ལ་དགའ་བའི་སེམས་སྐྱེས་ཏེ། དེའི་རྒྱུས་ཕྱིར་བསམ་གཏན་དང་པོར་སྐྱེའོ། །རྒྱུན་ལ་རྣམ་པ་གཉིས་ཏེ། ཉོན་མོངས་པའི་རྒྱུན་དང ། ལམ་གྱི་རྒྱུན་ནོ། །དེས་ལམ་གྱི་རྒྱུན་གྱིས་ཚེའི་དུས་བྱས་ནས་བསམ་གཏན་གཉིས་པ་ལ་དགའ་བའི་སེམས་སྐྱེས་ཏེ། དགའ་བའི་རྐྱེན་གྱིས་བསམ་གཏན་གཉིས་པར་སྐྱེའོ། །དེ་བཞིན་དུ་བསམ་གཏན་བཞི་པའི་བར་དུའང་དེ་དང་འདྲའོ། །བསམ་གཏན་བཞི་པ་དེ་ལའང་རྣམ་པ་གཉིས་ཏེ། གཟུགས་མེད་པའི་ཁམས་སུ་འགྲོ་བ་དང ། གནས་གཙང་མའི་རིས་ལྔར་འགྲོ་བའོ། །དེ་ལྟར་དེ་གཉིས་ཀྱང་གཅིག་ནི་ཏིང་ངེ་འཛིན་ལ་དགའ། གཅིག་ནི་ཤེས་རབ་ལ་དགའོ། །དེ་ལ་ཤེས་རབ་ལ་དགའ་བ་ནི་གནས་གཙང་མ་རིས་ལྔར་འགྲོའོ། །ཏིང་ངེ་འཛིན་ལ་དགའ་བ་ནི་གཟུགས་མེད་པའི་ཁམས་སུ་འགྲོའོ། །དེ་ལྟར་དེ་གཉིས་ཀྱང་གཅིག་ནི་བསམ་གཏན་བཞི་པ་ལ་ཁྱད་པར་རྣམ་པ་ལྔར་སྒོམ་མོ། །གཅིག་ནི་མི་སྒོམ་མོ། །ལྔ་གང་ཞེ་ན། ཐ་མ་དང ། འབྲིང་དང ། རབ་དང ། རབ་ཀྱི་འབྲིང་དང ། རབ་ཀྱིའང་རབ་བོ། །དེ་ལ་རབ་ཀྱིའང་རབ་སྒོམ་པ་ནི་འོག་མིན་གྱི་གནམ་དུ་གནས་སོ། །རབ་ཀྱི་འབྲིང་སྒོམ་པ་ནི་གྱ་ནོམ་སྣང་བ་གནམ་དུ་གནས་སོ། །རབ་བསྒོམ་པ་ནི་ཤིན་ཏུ་མཐོང་བ་
Kha367a
༄#། །གནམ་དུ་གནས་སོ། །འབྲིང་སྒོམ་པ་ནི་མི་གདུང་གནམ་དུ་གནས་སོ། །ཐ་མ་སྒོམ་པ་ནི་མི་ཆེ་གནམ་དུ་གནས་སོ། །དེ་ལྟར་དེ་གཉིས་ཀྱང་གཅིག་ནི་སྨྲ་བ་ལ་དགའ། གཅིག་ནི་ཞི་བ་ལ་དགའོ། །དེ་ལ་ཞི་བ་ལ་དགའ་བ་ནི་གཟུགས་མེད་པའི་ཁམས་སུ་འགྲོའོ། །སྨྲ་བ་ལ་དགའ་བ་ནི་གནས་གཙང་མའི་རིས་ལྔར་གནས་སོ། །ཡང་རྣམ་པ་གཉིས་ཏེ། འདྲིས་པའི་བསམ་གཏན་སྒོམ་པ་དང ། འདྲིས་པ་མི་སྒོམ་པའོ། །དེ་ལ་འདྲིས་པའི་བསམ་གཏན་སྒོམ་པ་ནི་གནས་གཙང་མའི་རིས་ལྔར་འགྲོའོ། །འདྲིས་པ་མི་སྒོམ་པ་ནི་གཟུགས་མེད་པའི་ཁམས་སུ་སྐྱེ་སྟེ། ཚེའི་དུས་བྱས་ནས་ཡོངས་སུ་མྱ་ངན་ལས་འདས་ཏེ། དེ་ནི་རྒྱུན་རབ་ཀྱིས་མྱ་ངན་ལས་འདས་པ་ཞེས་བྱའོ། །གང་གཟུགས་མེད་པའི་ཁམས་སུ་འགྲོ་འདོད་པ་ནི་བསམ་གཏན་བཞི་དང ། ཁྱད་པར་ལྔ་སྒོམ་མི་ནུས་སོ། །གང་བསམ་གཏན་བཞི་དང ། ཁྱད་པར་ལྔ་སྒོམ་པ་ནི་གཟུགས་མེད་པའི་བསམ་གཏན་ལ་མི་སྤྱོད་དོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། བར་དུ་མྱ་ངན་ལས་འདས་པ་དེ་དབང་པོ་རྣོན་པོ་ལགས་སམ། གལ་ཏེ་དབང་པོ་རྣོན་པོ་ལགས་ན་ཅིའི་སླད་དུ་ད་ལྟར་གྱི་དུས་སུ་མྱ་ངན་ལས་མི་འདའ། ཅིའི་སླད་དུ་འདོད་པའི་ཁམས་ན་བར་གྱི་མྱ་ངན་ལས་འདས་པ་མཆིས་ལ། གཟུགས་ཀྱི་ཁམས་
Kha367b
ན་མ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་ནི་ད་ལྟར་གྱི་དུས་ན་ཆེན་པོ་བ་ཞི་ཞེན་པས་ལམ་སྒོམ་མི་ནུས་ཏེ། དགེ་སློང་དག་།ཆེན་པོ་བཞི་དེ་ཡང་གནས་ཁང་དང ། བསོད་སྙོམས་དང ། གོས་དང ། མལ་ཆ་དང ། ནད་ཀྱི་རྐྱེན་སྨན་ལ་སོགས་པ་ཡོ་བྱད་རྣམས་དང་མི་ལྡན་ན། དེ་ལྟར་གྱི་དུས་སུ་མྱ་ངན་ལས་འདའ་བར་མི་འགྱུར་རོ། །རིགས་ཀྱི་བུ། ངས་སྔོན་དུས་གཅིག་ན་ཡུལ་མཉན་དུ་ཡོད་པར་གཞལ་མེད་ཁང་ཨན་གྱི་དེར་བཞུགས་པ་ལས། དགེ་སློང་གཅིག་ང་གང་ན་བ་དེར་འོངས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་རྟག་ཏུ་ལམ་བསྒོམས་ཀྱང་རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་འབྲས་བུའི་བར་དུ་ཐོབ་པར་མ་གྱུར་ཏོ། །ངས་དེའི་ཚེ་དགའ་བོ་ལ་ཁྱོད་ཀྱིས་དགེ་སློང་འདིའི་དགོས་པ་ཐམས་ཅད་སྦྱོར་ཅིག་ཅེས་བཀའ་སྩལ་ཏོ། །དེ་ནས་དགའ་བོས་དགེ་སློང་དེ་ཁྲིད་དེ། སྐྱབས་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་སོང་ནས་གནས་ཁང་བཟང་པོ་བྱིན་ནོ། །དེ་ནས་དགེ་སློང་དེས་དགའ་བོ་ལ་སྨྲས་པ། བཙུན་པ། བདག་གི་ཕྱིར་གནས་ཁང་ཡོངས་སུ་དག་པར་བྱས་ཏེ། རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་ཅིང་དར་གྱི་ཅོད་པན་དང ། བ་དན་དང ། གདུགས་ལ་སོགས་པས་བརྒྱན་དུ་གསོལ། དགའ་བོས་སྨྲས་པ། འཇིག་རྟེན་ན་དབུལ་བ་ནི་དགེ་སྦྱོང་ཞེས་བྱ་སྟེ། བདག་
Kha368a
༄#། །གིས་དེ་དག་ག་ལ་འབྱོར། དགེ་སློང་དེས་སྨྲས་པ། བཙུན་པ། གལ་ཏེ་བདག་གི་ཕྱིར་དེ་དག་སྦྱར་ན་ལེགས་སོ། །གལ་ཏེ་མི་སྦྱོར་ན་བདག་སླར་བཅོམ་ལྡན་འདས་གང་ན་བར་མཆིའོ། །དེ་ནས་དགའ་བོ་བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དགེ་སློང་དེ་བདག་ལ་རིན་པོ་ཆེ་སྣ་བདུན་གྱི་རྒྱན་དང ། ཅོད་པན་དང ། བ་དན་དང ། གདུགས་ལ་སོགས་པ་རྣམ་པ་སྣ་ཚོགས་འཚལ་ལོ་ཞེས་མཆི་ན། བདག་གིས་ཇི་ལྟ་བུར་བགྱི་ཞེས་གསོལ་ཏོ། ། ངས་དེའི་ཚེ་ཡང་དགའ་བོ་ཁྱོད་སོང་ལ་དགེ་སློང་དེའི་ཡིད་བཞིན་དུ་དགོས་པའི་ཡོ་བྱད་ཐམས་ཅད་སྦྱོར་ཅིག་ཅེས་བཀའ་སྩལ་ཏོ། །དེ་ནས་དགའ་བོས་ཕྱིར་སོང་ནས་དགེ་སློང་དེའི་ཕྱིར་ཡོ་བྱད་ཐམས་ཅད་ཆོག་པར་སྦྱར་ཏོ། །དགེ་སློང་དེས་ཐོབ་ནས་རྩེ་གཅིག་ཏུ་བསྒོམས་ནས་རིན་པོ་མ་ཐོགས་པར་རྒྱུན་དུ་ཞུགས་པའི་འབྲས་བུ་ནས་དགྲ་བཅོམ་པའི་འབྲས་བུའི་བར་དུ་ཐོབ་པར་གྱུར་ཏོ། །རིགས་ཀྱི་བུ། སེམས་ཅན་ཚད་མེད་པ་སྙེད་ཡོངས་སུ་མྱ་ངན་ལས་འདས་པ་ཐོབ་པའི་རིགས་པ་ལས་ཕོངས་བྲེལ་བས་སེམས་འཁྲུགས་པའི་ཕྱིར་ཐོབ་པར་མ་གྱུར་ཏོ། །རིགས་ཀྱི་བུ། གཞན་ཡང་སེམས་ཅན་དག་ཕན་པའི་དོན་མང་པོ་བྱེད་པ་ལ་དགའ་བས་བྲེལ་ཏེ། ཏིང་ངེ་འཛིན་ཐོབ་པར་མ་གྱུར་བས་ད་ལྟར་
Kha368b
མྱ་ངན་ལས་འདས་པར་མ་གྱུར་ཏོ། །རིགས་ཀྱི་བུ། ཇི་ལྟར་ཁྱོད་ཀྱི་འདི་སྐད་དུ་ཅིའི་རྒྱུ་ཅིའི་རྐྱེན་གྱིས་འདོད་པའི་ཁམས་ཀྱི་ཕུང་པོ་སྤངས་ནས་བར་དུ་མྱ་ངན་ལས་འདས་པ་ཡོད་ལ། གཟུགས་ཀྱི་ཁམས་ན་མེད་ཅེས་བྱ་བ་ནི། རིགས་ཀྱི་བུ། གང་ཟག་དེས་འདོད་པའི་ཁམས་ཀྱི་ཉོན་མོངས་པ་རྟོག་པའི་རྒྱུ་དང་རྐྱེན་རྣམ་པ་གཉིས་ཏེ། ནང་དང ། ཕྱི་རོལ་ལོ། །དེ་ལ་གཟུགས་ཀྱི་ཁམས་ན་ཕྱི་རོལ་གྱི་རྒྱུ་དང་རྐྱེན་མེད་དོ། །འདོད་པའི་ཁམས་ན་སྲེད་པའི་སེམས་རྣམ་པ་གཉིས་ཏེ། འདོད་པ་ལ་སྲེད་པ་དང ། གཟུགས་ལ་སྲེད་པའོ། །སྲེད་པ་དེ་གཉིས་རྟོགས་ནས། སེམས་རྩེ་གཅིག་ཏུ་སྨོད་པར་འགྱུར་ཏེ། དེ་ལྟར་སྨད་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །འདོད་པའི་ཁམས་ན་ཉོན་མོངས་པ་སྦོམ་པོ་རྣམས་སྨོད་པར་བྱེད་པ་ནི་འདི་ལྟ་སྟེ། འདོད་ཆགས་དང ། ཞེ་སྡང་དང ། ཁྲེལ་བ་མེད་པ་དང ། འཛེམ་པ་མེད་པ་སྟེ། དེའི་རྒྱུ་དེའི་རྐྱེན་གྱིས་མྱ་ངན་ལས་འདའ་བ་ཐོབ་པར་འགྱུར་རོ། །ཡང་འདོད་པའི་ཁམས་ཀྱི་ལམ་གྱི་རང་བཞིན་ནི་དཔའ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། འབྲས་བུ་བཞི་ཐོབ་པའི་ཕྱིར་རོ། །དེ་བས་ན་འདོད་པའི་ཁམས་ན་བར་དུ་མྱ་ངན་ལས་འདའ་བ་ཡོད་ལ། གཟུགས་ཀྱི་ཁམས་ན་མེད་དོ། །རིགས་ཀྱི་བུ། བར་དུ་མྱ་ངན་ལས་འདས་པ་ལ་མདོ་རྣམ་པ་གསུམ་སྟེ། རབ་དང ། འབྲིང་དང ། ཐ་མའོ། །དེ་ལ་རབ་ནི་ཕུང་པོ་སྤངས་ནས་འདོད་
Kha369a
༄#། །པའི་ཁམས་དང་མ་བྲལ་བར་ཡོངས་སུ་མྱ་ངན་ལས་འདའ་བའོ། །འབྲིང་ནི་འདོད་པའི་ཁམས་དང་བྲལ་མ་ཐག་ལ། གཟུགས་ཀྱི་ཁམས་སུ་མ་ཕྱིན་པར་ཡོངས་སུ་མྱ་ངན་ལས་འདའ་བའོ། །ཐ་མ་འདོད་པའི་ཁམས་དང་བྲལ་ནས། གཟུགས་ཀྱི་ཁམས་ལ་བསྙེན་ནས་གདོད་མྱ་ངན་ལས་འདའ་བ་སྟེ། དཔེར་ན། ཉ་ཚག་གུ་ཟས་ཐོབ་ནས་སྡོད་པ་ལྟར་གང་ཟག་དེའང་དེ་དང་འདྲའོ། །ཇི་ལྟར་ན་སྡོད་པ་ཞེ་ན། གཟུགས་ཀྱི་ཁམས་དང ། གཟུགས་མེད་པའི་ཁམས་སུ་ཕུང་པོ་བླངས་ནས་གནས་པའི་ཕྱིར་སྡོད་པ་ཞེས་བྱ། འདོད་པའི་ཁམས་ཀྱི་ལྷ་དང ། མི་དང ། སེམས་ཅན་དམྱལ་བ་དང ། བྱོལ་སོང་གི་སྐྱེ་གནས་དང ། ཡི་དྭགས་ཀྱི་ལུས་མི་ལེན་པའི་ཕྱིར་སྡོད་པ་ཞེས་བྱ། ཀུན་ནས་ཉོན་མོངས་པ་ཚད་མེད་པ་སྙེད་ཡོངས་སུ་བཅད་ནས་ལྷག་མ་ཅུང་ཟད་ལུས་པའི་ཕྱིར་སྡོད་པ་ཞེས་བྱའོ། །གཞན་ཡང་ཅིའི་རྒྱུ་ཅིའི་རྐྱེན་གྱིས་སྡོད་པ་ཞེས་བྱ་ཞེ་ན། བུས་པ་མ་རབས་དང་མཐུན་པའི་ལས་མི་བྱེད་པའི་ཕྱིར་སྡོད་པ་ཞེས་བྱ། བདག་འཇིགས་པ་མེད་པས་གཞན་འཇིགས་པར་མི་བྱེད་པའི་ཕྱིར་སྡོད་པ་ཞེས་བྱ། འདོད་ཆགས་དང་ཞེ་སྡང་གཉིས་ཀྱི་སྲེད་པ་སྤོང་པའི་ཕྱིར་སྡོད་པ་ཞེས་བྱའོ། །རིགས་ཀྱི་བུ། ཕ་རོལ་གྱི་འགྲམ་དུ་ཕྱིན་པ་ནི་དགྲ་བཅོམ་པ་དང ། རང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་དང ། སངས་རྒྱས་ཀྱི་
Kha369b
དཔེ་སྟེ། ཇི་ལྟར་རུས་སྦལ་ཆུ་དང་སྐམ་ས་གཉིས་ཀར་འགྲོ་ནུས་པ་ལྟ་བུའོ། །དེའང་ཅིའི་རྒྱུ་ཅིའི་རྐྱེན་གྱིས་རུས་སྦལ་ལས་དཔེ་ལེན་ཞེ་ན། དེས་ཡན་ལག་ལྔ་ཤིན་ཏུ་སྦེད་ནུས་པའི་ཕྱིར་ཏེ།་དགྲ་བཅོམ་པ་ནས་སངས་རྒྱས་རྣམས་ཀྱི་བར་དུའང་དེ་དང་འདྲ་བར་དབང་པོ་ལྔ་རབ་ཏུ་སྦེད་ནུས་པའི་ཕྱིར་རུས་སྦལ་ལས་དཔེ་བླངས་པ་ཡིན་ནོ། །ཆུ་དང་སྐམ་ས་ཞེས་བྱ་བ་ཆུ་ནི་འཇིག་རྟེན་གྱི་དཔེའོ། །སྐམ་ས་ནི་འཇིག་རྟེན་ལས་འདས་པ་ལྟ་བུ་སྟེ། འཕགས་པ་དེ་དག་ཀྱང་དེ་དང་འདྲ་བར་སྡིག་པ་མི་དགེ་བའི་ཉོན་མོངས་པ་ཐམས་ཅད་ཤིན་ཏུ་རྟོགས་ནས་ཕ་རོལ་ཏུ་ཕྱིན་པའི་ཕྱིར་ཆུ་དང་སྐམ་ས་གཉིས་ཀ་ལ་འགྲོ་ནུས་པ་ལས་དཔེར་བླངས་སོ། །རིགས་ཀྱི་བུ། ཇི་ལྟར་ཀླུང་གངྒཱའི་ནང་ན་སེམས་ཅན་རྣམ་པ་བདུན་ཡོད་དེ། ཉ་དང་རུས་སྦལ་ཞེས་མིང་སོ་སོར་བཏགས་པ་ཡོད་མོད་ཀྱི། ཆུ་ལས་གཞན་པ་མ་ཡིན་ཏེ། དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་དམ་པ་ཆེན་པོའི་ནང་ནའང་ལོག་སྲེད་ཅན་ནས། སངས་རྒྱས་རྣམས་ཀྱི་བར་དུ་མིང་སོ་སོར་བཏགས་པ་ཡོད་མོད་ཀྱི། སངས་རྒྱས་ཀྱི་རང་བཞིན་ནི་ཆུ་ལས་གཞན་པ་མ་ཡིན་ནོ། །རིགས་ཀྱི་བུ། སེམས་ཅན་རྣམ་པ་བདུན་པོ་དེ་དག་གི་དགེ་བའམ། མི་དགེ་བའམ། ཐབས་ཀྱི་ལམ་མམ། རྣམ་པར་གྲོལ་བའི་ལམ་མམ། རིམ་གྱིས་འཇུག་པའི་ལམ་མམ། རྒྱུའམ། འབྲས་བུའམ། ཐམས་ཅད་ཀྱང་སངས་རྒྱས་
Kha370a
༄#། །ཀྱི་རང་བཞིན་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པས་བདག་གི་ཡིད་དང་སྦྱར་ཏེ་གསུངས་པའི་ཚིག་གོ་།བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ།་བཅོམ་ལྡན་འདས། ཇི་ཙམ་དུ་རྒྱུ་མཆིས་ན་འབྲས་བུའང་མཆིས་པར་འགྱུར་ཏེ། གལ་ཏེ་རྒྱུ་མ་མཆིས་ན་འབྲས་བུའང་མ་མཆིས་སོ། །མྱ་ངན་ལས་འདས་པ་ནི་འབྲས་བུ་ཞེས་བགྱི་སྟེ། རྟག་པའི་སླད་དུ་རྒྱུ་མ་མཆིས་སོ། །གལ་ཏེ་རྒྱུ་མ་མཆིས་ན་ཇི་ལྟར་འབྲས་བུ་ཞེས་བགྱི། མྱ་ངན་ལས་འདས་པ་དེ་ཉིད་དགེ་སྦྱོང་ཞེས་བགྱི། དགེ་སྦྱོང་གི་འབྲས་བུ་ཞེས་ཀྱང་བགྱི་ན། དགེ་སྦྱོང་ཞེས་བགྱི་བ་ནི་ཇི་ལྟ་བུ། དགེ་སྦྱོང་གི་འབྲས་བུ་ ་གནག་ལགས། །བཀའ་སྩལ་པ། རིགས་ཀྱི་བུ། འཇིག་རྟེན་ཐམས་ཅད་ན་འབྲས་བུ་རྣམ་པ་བདུན་ཡོད་དོ། །གང་ཞེ་ན། ཐབས་ཀྱི་འབྲས་བུ་དང ། དྲིན་ལ་ལན་གླན་པའི་འབྲས་བུ་དང ། བསྙེན་བཀུར་བྱེད་པའི་འབྲས་བུ་དང ། ལྷག་མའི་འབྲས་བུ་དང ། མཉམ་པའི་འབྲས་བུ་དང ། འབྲས་བུ་རྣམ་པར་སྨིན་པའི་འབྲས་བུ་དང ། སྤོང་པའི་འབྲས་བུའོ། །དེ་ལ་ཐབས་ཀྱི་འབྲས་བུ་ནི་ཇི་ལྟར་འཇིག་རྟེན་པས་སྟོན་ཁྲེ་འབྲས་མང་དུ་འདུས་པས་གཅིག་ལ་གཅིག་ཐབས་ཀྱི་འབྲས་བུ་རྙེད་པར་གྱུར་ཏོ་ཞེས་སྨྲ་སྟེ། ཐབས་ཀྱི་འབྲས་བུ་ཞེས་བྱ་བ་ཉིད་ལས་བྱས་པའི་འབྲས་བུ་ཞེས་བྱའོ། །འབྲས་བུ་དེ་ལ་རྒྱུ་རྣམ་པ་གཉིས་ཏེ། ཉེ་བའི་རྒྱུ་དང ། རིང་བའི་
Kha370b
རྒྱུའོ། །དེ་ལ་ཉེ་བའི་རྒྱུ་ནི་འདི་ལྟ་སྟེ། ས་བོན་ནོ། །རིང་བའི་རྒྱུ་ནི་ཆུ་དང ། རྨེད་པ་དང ། མིས་ལས་སུ་བྱས་པ་སྟེ། དེ་ནི་ཐབས་ཀྱི་འབྲས་བུ་ཞེས་བྱའོ། །དེ་ལ་དྲིན་ལ་ལན་གླན་པའི་འབྲས་བུ་ནི་ཇི་ལྟར་འཇིག་རྟེན་པ་དག་ཕ་མ་ལ་མཆོད་པ་བྱས་པས། ཕ་མས་འདི་སྐད་དུ་བདག་གིས་གསོ་བའི་དྲིན་ཐོབ་པར་གྱུར་ཏོ་ཞེས་སྨྲ་སྟེ། བུས་དྲིན་ལ་ལན་གླན་པའི་ཕྱིར་འབྲས་བུ་ཞེས་བྱའོ། །འབྲས་བུ་དེ་ལའང་རྒྱུ་རྣམ་པ་གཉིས་ཏེ། ཉེ་བའི་རྒྱུ་དང ། རིང་བའི་རྒྱུའོ། །དེ་ལ་ཉེ་བའི་རྒྱུ་ནི་ཕ་མའི་སྔོན་གྱི་དགེ་བའི་ལས་འབའ་ཞིག་བྱས་པའོ། །རིང་བའི་རྒྱུ་ནི་བུ་སྲིད་ཞུ་ཅན་སྐྱེ་སྟེ།་དེ་ནི་དྲིན་ལ་ལན་གླན་པའི་འབྲས་བུ་ཞེས་བྱའོ། །བསྙེན་བཀུར་བྱས་པའི་འབྲས་བུ་ཞེས་བྱ་བ་ནི། དཔེར་ན། ལ་ལ་ཞིག་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱས་ན། རྒྱུན་དུ་ཞུགས་པའི་འབྲས་བུ་ནས་དགྲ་བཅོམ་པའི་འབྲས་བུའི་བར་དུ་ཐོབ་པར་འགྱུར་བས། དེ་འདི་སྐད་དུ་བདག་གིས་བསྙེན་བཀུར་བྱས་པའི་འབྲས་བུ་ཐོབ་པར་གྱུར་ཏོ་ཞེས་སྨྲ་བ་སྟེ། འབྲས་བུ་དེ་ལའང་རྒྱུ་རྣམ་པ་གཉིས་ཏེ། ཉེ་བའི་རྒྱུ་དང ། རིང་བའི་རྒྱུའོ། །དེ་ལ་ཉེ་བའི་རྒྱུ་ནི་དད་པའི་སེམས་སོ། །རིང་བའི་རྒྱུ་ནི་དགེ་བའི་བཤེས་གཉེན་ཏེ། དེ་ནི་བསྙེན་བཀུར་བྱ་བའི་འབྲས་བུ་ཞེས་བྱའོ། །དེ་ལ་ལྷག་མའི་འབྲས་བུ་ཞེས་བྱ་བ་ནི་ཇི་ལྟར་སྲོག་མི་གཅོད་པའི་རྒྱུས་སྐྱེ་བ་གསུམ་པ་ལ་ཚེ་རིང་བར་འགྱུར་བ་བཞིན་ཏེ། དེ་ནི་ལྷག་མའི་འབྲས་བུའོ། །
Kha371a
༄#། །འབྲས་བུ་དེ་ལའང་རྒྱུ་རྣམ་པ་གཉིས་ཏེ། ཉེ་བའི་རྒྱུ་དང ། རིང་བའི་རྒྱུའོ། །དེ་ལ་ཉེ་བའི་རྒྱུ་ནི་ལུས་དང ། ངག་དང ། ཡིད་དག་པའོ། །རིང་བའི་རྒྱུ་ནི་ཚེའི་ཚད་རིང་བ་སྟེ། དེ་ནི་ལྷག་མའི་འབྲས་བུ་ཞེས་བྱའོ། །དེ་ལ་མཉམ་པའི་འབྲས་བུ་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་ལ་བྱ་སྟེ། འབྲས་བུ་དེ་ལའང་རྒྱུ་རྣམ་པ་གཉིས་ཏེ། ཉེ་བའི་རྒྱུ་དང ། རིང་བའི་རྒྱུའོ། །དེ་ལ་ཉེ་བའི་རྒྱུ་ནི་འདི་ལྟར་སེམས་ཅན་རྣམས་དགེ་བ་བཅུའི་ལས་སྤྱོད་པའོ། །རིང་བའི་རྒྱུ་ནི་བསྐལ་པ་གསུམ་སྟེ། དེ་ནི་མཉམ་པའི་འབྲས་བུ་ཞེས་བྱའོ། ། དེ་ལ་འབྲས་བུ་རྣམ་པར་སྨིན་པའི་འབྲས་བུ་ཞེས་བྱ་བ་ནི་གང་ཟག་གིས་རྣམ་པར་དག་པའི་ལུས་ཐོབ་ན། ལུས་དང ། ངག་དང ། ཡིད་རྣམ་པར་དག་པའི་ལས་བྱེད་དེ། དེ་ལ་འདི་སྐད་དུ་བདག་རྣམ་པར་སྨིན་པའི་འབྲས་བུ་ཐོབ་པར་གྱུར་ཏོ་ཞེས་སྨྲ་བ་དང་མཚུངས་ཏེ། འབྲས་བུ་དེ་ལའང་རྒྱུ་རྣམ་པ་གཉིས་ཏེ། ཉེ་བའི་རྒྱུ་དང ། རིང་བའི་རྒྱུའོ། ། དེ་ལ་ཉེ་བའི་རྒྱུ་ནི་ད་ལྟར་གྱི་ལུས་དང ། ངག་དང ། ཡིད་ཡོངས་སུ་དག་པའོ། །རིང་བའི་རྒྱུ་ནི་སྔོན་འདས་པའི་ལུས་དང ། ངག་དང ། ཡིད་རྣམ་པར་དག་པ་སྟེ། དེ་ནི་འབྲས་བུ་རྣམ་པར་སྨིན་པའི་འབྲས་བུ་ཞེས་བྱའོ། །སྤོང་བའི་འབྲས་བུ་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པས་ཉོན་མོངས་པ་རྣམས་སྤངས་པ་སྟེ། དགེ་བའི་ལས་ཐམས་ཅད་
Kha371b
ནི་མྱ་ངན་ལས་འདས་པའི་རྒྱུའོ། །དེ་ལའང་རྣམ་པ་གཉིས་ཏེ། ཉེ་བའི་རྒྱུ་དང ། རིང་བའི་རྒྱུའོ། །དེ་ལ་ཉེ་བའི་རྒྱུ་ནི་རྣམ་པར་གྲོལ་བའི་སྒོ་གསུམ་མོ། །རིང་བའི་རྒྱུ་ནི་སྐྱེ་བ་གྲངས་མེད་པའི་བར་དུ་དགེ་བའི་ཆོས་བསྒོམས་པའོ། །རིགས་ཀྱི་བུ། ཇི་ལྟར་འཇིག་རྟེན་གྱི་ཆོས་ལ་སྐྱེ་བའི་རྒྱུའང་ཡོད་ལ། གསལ་བའི་རྒྱུའང་ཡོད་པར་འཆད་པ་ལྟར། འཇིག་རྟེན་ལས་འདས་པའི་ཆོས་ཀྱང་དེ་དང་འདྲ་བར་སྐྱེ་བའི་རྒྱུའང་ཡོད་ལ། གསལ་བའི་རྒྱུའང་ཡོད་པར་འཆད་དོ། །རིགས་ཀྱི་བུ། རྣམ་པར་གྲོལ་བའི་སྒོ་གསུམ་དང ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་ཉོན་མོངས་པ་ཐམས་ཅད་མི་སྐྱེ་བའི་རྒྱུར་ཡང་འགྱུར་ལ། མྱ་ངན་ལས་འདས་པའི་གསལ་བའི་རྒྱུའང་བྱེད་པར་འགྱུར་རོ། །རིགས་ཀྱི་བུ། ཉོན་མོངས་པ་སྤངས་ན། གདོད་མྱ་ངན་ལས་འདས་པ་གསལ་བར་མཐོང་བར་འགྱུར་ཏེ། དེ་བས་ན་མྱ་ངན་ལས་འདས་པ་ལ་གསལ་བའི་རྒྱུ་འབའ་ཞིག་ཡོད་ཀྱི་སྐྱེ་བའི་རྒྱུ་ནི་མེད་དོ། །རིགས་ཀྱི་བུ། ཁྱོད་ཀྱིས་ཇི་ལྟར་ན་དགེ་སྦྱོང་ཞེས་བྱ། ཇི་ལྟར་ན་དགེ་སྦྱོང་གི་འབྲས་བུ་ཡིན་ཞེས་བྱ་བ་ནི། རིགས་ཀྱི་བུ། དགེ་སྦྱོང་ཞེས་བྱ་བ་ནི། ཡང་དག་པའི་ལམ་བརྒྱད་དོ། །དགེ་སྦྱོང་གི་འབྲས་བུ་ཞེས་བྱ་བ་ནི་འཕགས་པའི་ལམ་གྱིས་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ཡོངས་སུ་བཅད་པ་སྟེ། དེ་ནི་དགེ་སྦྱོང་དང ། དགེ་སྦྱོང་གི་འབྲས་
Kha372a
༄#། །བུ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། ཅིའི་རྒྱུ་ཅིའི་རྐྱེན་གྱིས་ཡང་དག་པའི་ལམ་བརྒྱད་ལ་དགེ་སྦྱོང་གི་ལམ་ཞེས་བགྱི། བཀའ་སྩལ་པ། རིགས་ཀྱི་བུ། འཇིག་རྟེན་པས་དགེ་བ་ལ་ནི་མི་ཆོག་པ་ཞེས་བྱ། སྦྱོང་བ་ལ་ནི་ལམ་ཞེས་བྱ་སྟེ། དེ་ལྟར་ལམ་དེས་མི་ཆོག་པ་ཐམས་ཅད་དང ། ལམ་ཐམས་ཅད་གཅོད་པར་བྱེད་དེ། དེ་ལྟ་བས་ན་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ནི་དགེ་སྦྱོང་ཞེས་བྱའོ། །ལམ་དེ་ལས་འབྲས་བུ་ཐོབ་པའི་ཕྱིར་དགེ་སྦྱོང་གི་འབྲས་བུ་ཞེས་བྱའོ། །རིགས་ཀྱི་བུ། ཡང་དགེ་སྦྱོང་ཞེས་བྱ་བ་ནི་ཇི་ལྟར་འཇིག་རྟེན་པ་དབེན་པར་དགའ་བ་ལའང་དགེ་སྦྱོང་ཞེས་བྱ་སྟེ། ལམ་དེའང་དེ་དང་འདྲ་བར་རྣལ་འབྱོར་པ་དག་ལུས་དང་ངག་དང་ཡིད་ཀྱི་མི་དགེ་བའི་ལོག་པར་འཚོ་བ་ལ་སོགས་པ་སྤངས་ཏེ། ཞི་བའི་དབེན་པ་ལ་དགའ་བ་ཐོབ་པའི་ཕྱིར་དགེ་སྦྱོང་ཞེས་བྱའོ། །རིགས་ཀྱི་བུ། ཡང་ཇི་ལྟར་འཇིག་རྟེན་ན་མིའི་ནང་ན་ཐ་མ་དག་མིའི་རབ་ཏུ་འགྱུར་བར་བྱེད་པས་དགེ་སྦྱོང་ཞེས་བྱའོ། །ལམ་དེའང་དེ་དང་འདྲ་བར་མིའི་ནང་ན་ཐ་མ་དག་མིའི་རབ་ཏུ་འགྱུར་བར་བྱེད་པས་དགེ་སྦྱོང་ཞེས་བྱའོ། །རིགས་ཀྱི་བུ། དགྲ་བཅོམ་པའང་ལམ་དེ་བསྒོམས་ན་དགེ་སྦྱོང་གི་འབྲས་བུ་ཐོབ་པར་འགྱུར་ཏེ། དེ་བས་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དགྲ་བཅོམ་པའི་འབྲས་བུ་
Kha372b
ཞེས་བྱ་བ་ནི་སློབ་པ་མེད་པ་སྟེ། ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་དང ། རྣམ་པར་གྲོལ་བ་དང ། རྣམ་པར་གྲོལ་བ་མཁྱེན་ཅིང་གཟིགས་པ་སྟེ། ཆོས་ཀྱི་སྐུའི་ཡན་ལག་ལྔའོ། །ཡན་ལག་ལྔ་པོ་དེའི་རྐྱེན་གྱིས་ཕ་རོལ་ཏུ་ཕྱིན་པར་འགྱུར་ཏེ། དེ་བས་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པའི་ཕྱིར་འདི་སྐད་དུ་བདག་ནི་སྐྱེ་བ་ཟད་དོ། ། ཚངས་པར་སྤྱོད་པ་རྫོགས་སོ། །བྱ་བ་བྱས་སོ། །སྲིད་པ་ཕྱི་མ་མི་ལེན་ནོ་ཞེས་སྨྲའོ། །རིགས་ཀྱི་བུ། དགྲ་བཅོམ་པ་དེས་དུས་གསུམ་གྱི་སྐྱེ་བའི་རྒྱུ་ཡོངས་སུ་བཅད་པའི་ཕྱིར་འདི་སྐད་དུ་བདག་སྐྱེ་བ་ཟད་དོ་ཞེས་སྨྲའོ། །ཁམས་གསུམ་གྱི་ལྔ་ཕུང་གི་ལུས་བཅད་པའི་ཕྱིར་བདག་སྐྱེ་བ་ཟད་དོ་ཞེས་སྨྲའོ། །ཚངས་པར་སྤྱད་པ་མཐར་ཐུག་པའི་ཕྱིར་ཚངས་པར་སྤྱོད་པ་རྫོགས་སོ་ཞེས་ཟེར་རོ། །སློབ་པའི་ལམ་སྤོང་བའི་ཕྱིར་ཡང་ཚངས་པར་སྤྱོད་པ་རྫོགས་སོ་ཞེས་སྨྲའོ། །ཇི་ལྟར་ཐོག་མ་འཚོལ་བའི་རྣམ་པ་དེ་ཐོབ་པའི་ཕྱིར་བྱ་བ་བྱས་སོ་ཞེས་སྨྲའོ། །ལམ་བསྒོམས་ནས་འབྲས་བུ་ཐོབ་པའི་ཕྱིར་ཡང་བྱ་བ་བྱས་སོ་ཞེས་སྨྲའོ། །ཟད་ལ་མི་སྐྱེ་བའི་ཡེ་ཤེས་ཐོབ་པའི་ཕྱིར་བདག་གིས་སྲིད་པའི་ཀུན་ནས་ཉོན་མོངས་པ་ཐམས་ཅད་མ་ལུས་པར་བྱང་བར་བྱས་སོ་ཞེས་སྨྲའོ། །དེ་བས་དགྲ་བཅོམ་པ་དག་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དགྲ་བཅོམ་པ་ཇི་ལྟ་བ་དེ་ལྟར་རང་སངས་རྒྱས་ཀྱང་དེ་བཞིན་ནོ། །བྱང་ཆུབ་སེམས་དཔའ་དང ། སངས་
Kha373a
༄#། །རྒྱས་བཅོམ་ལྡན་འདས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པས། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་གི་འབྲས་བུ་ཐོབ་པའི་ཕྱིར་ཏེ། དེ་ལྟར་འབྲས་བུ་ཐོབ་པའི་ཕྱིར་རྫོགས་པ་ཞེས་བྱའོ། །རིགས་ཀྱི་བུ། སེམས་ཅན་རྣམ་པ་བདུན་པོ་དེས་ལུས་མི་སྒོམ། ཚུལ་ཁྲིམས་མི་སྒོམ། སེམས་མི་སྒོམ། ཤེས་རབ་མི་སྒོམ་སྟེ། དེ་ལྟར་དངོས་པོ་རྣམ་པ་དེ་བཞི་སྒོམ་མི་ནུས་པའི་ཕྱིར་མཚམས་མེད་པ་ལྔའི་ཁ་ན་མ་ཐོ་བས་དགེ་བའི་རྩ་བ་གཅོད་པ་དང ། རྩ་བ་བཞི་ཉམས་པ་དང ། སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་སྐུར་པ་འདེབས་པར་འགྱུར་ཏེ། དེ་བས་ན་རྟག་ཏུ་ནུབ་པ་ཞེས་བྱའོ། །རིགས་ཀྱི་བུ། སེམས་ཅན་རྣམ་པ་དེ་བདུན་ལས། གང་དགེ་བའི་བཤེས་གཉེན་དང་བསྟེན་པར་བྱེད་པ་དེས་སེམས་རྩེ་གཅིག་ཏུ་དེ་བཞིན་གཤེགས་པའི་དམ་པའི་ཆོས་མཉན་ཅིང་བཟུང་ནས་ནང་དུ་ཤིན་ཏུ་ཡིད་ལ་བྱས་ཏེ། ཆོས་བཞིན་དུ་གནས་ཤིང ། ལུས་དང ། ཚུལ་ཁྲིམས་དང ། སེམས་དང ། ཤེས་རབ་བསྒོམ་པ་ལ་རབ་ཏུ་བརྩོན་པ་ནི་འཁོར་བའི་ཀླུང་ལས་བརྒལ་ཏེ། ཕ་རོལ་གྱི་འགྲམ་དུ་ཕྱིན་པ་ཞེས་བྱའོ། །གལ་ཏེ་གང་གིས་ལོག་སྲེད་
Kha373b
ཅན་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་ཞེས་སྨྲ་བ་ནི་ཆགས་ཤིང་ཞེན་པའོ། །གང་གིས་མི་ཐོབ་པའོ་ཞེས་སྨྲ་བ་ནི་ཡང་དག་པར་མ་ཡིན་པའོ། །རིགས་ཀྱི་བུ་གང་ཟག་རྣམ་པ་བདུན་པོ་དེ་ནི། ཁ་ཅིག་བདུན་ཆར་དང་ལྡན་པའང་ཡོད་ལ། ཁ་ཅིག་ནི་རེ་རེ་དང་ལྡན་པའང་ཡོད་དོ། །རིགས་ཀྱི་བུ། གལ་ཏེ་གང་སེམས་དང ། ངག་ཐ་དད་ལ་སྨྲ་བའང་ཐ་དད་པར་འདི་སྐད་དུ་ལོག་སྲེད་ཅན་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ་ཞེས་སྨྲ་ན། སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་སྐུར་པ་ཡིན་པར་རིག་པར་བྱའོ། །གང་སེམས་དང ། ངག་ཐ་དད་ལ་སྨྲ་བའང་ཐ་དད་པར་འདི་སྐད་དུ་ལོག་སྲེད་ཅན་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ་ཞེས་སྨྲ་ན། དེའང་སངས་གྱས་དང ། ཆོས་དང ། དགེ་འདུན་ལ་སྐུར་པའོ། །རིགས་ཀྱི་བུ། གལ་ཏེ་གང་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ནི་སྐྱེ་བོ་མ་རབས་ཀྱིས་ཐོབ་པར་འགྱུར་རོ་ཞེས་སྨྲ་ན། དེའང་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་སྐུར་པའོ། །རིགས་ཀྱི་བུ། གལ་ཏེ་གང་ཞིག་སེམས་ཅན་ཐམས་ཅད་ལ་ངེས་པར་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེའམ། ངེས་པར་སངས་རྒྱས་ཀྱི་རང་བཞིན་མེད་དོ་ཞེས་སྨྲ་ན། དེའང་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་སྐུར་བའོ། །རིགས་ཀྱི་བུ། དེའི་ཕྱིར་ངས་མདོ་སྡེ་
Kha374a
༄#། །ལས། མི་རྣམ་པ་གཉིས་ཀྱིས་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་སྐུར་པར་འགྱུར་རོ་ཞེས་གསུངས་ཏེ། དེ་ལ་གཉིས་ནི་མ་དད་པ་ཞེ་སྡང་གི་སེམས་དང་བཅས་པ་དང ། དད་ཀྱང་དོན་མི་ཤེས་པའོ། །རིགས་ཀྱི་བུ། གལ་ཏེ་གང་དད་པའི་སེམས་ཡོད་ཀྱང་ཤེས་རབ་མེད་ན། དེས་མ་རིག་པ་སྐྱེ་བར་བྱེད་དོ། །གལ་ཏེ་ཤེས་རབ་ཡོད་ལ་དད་པའི་སེམས་མེད་ན་དེས་ངན་པར་ལྟ་བ་སྐྱེ་བར་བྱེད་དོ། །རིགས་ཀྱི་བུ། མི་དད་པ་ནི་ཞེ་སྡང་གི་སེམས་ཀྱིས་སངས་རྒྱས་དང ། ཆོས་དང ། དགེ་འདུན་དཀོན་མཆོག་མེད་དོ་ཞེས་སྨྲའོ། །དད་པ་ལ་ཤེས་རབ་མེད་པ་ནི་དོན་ལོག་པར་གོ་བས་ཆོས་ཐོས་པ་རྣམས་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་སྐུར་པར་བྱེད་དོ། །རིགས་ཀྱི་བུ། དེའི་ཕྱིར་མ་དད་པ་ཞེ་སྡང་ཅན་དང ། དད་པ་ཤེས་རབ་མེད་པ་ནི་སངས་རྒྱས་དང ། ཆོས་དང ། དགེ་འདུན་དཀོན་མཆོག་ལ་སྐུར་པར་འགྱུར་རོ་ཞེས་ངས་གསུངས་སོ། ། རིགས་ཀྱི་བུ། གལ་ཏེ་གང་འདི་སྐད་དུ་ལོག་སྲེད་ཅན་དག་དགེ་བའི་ཆོས་མ་སྐྱེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་ཞེས་སྨྲ་ན། དེའང་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་སྐུར་བའོ། །ཡང་འདི་སྐད་དུ་ལོག་སྲེད་ཅན་གྱིས་ལོག་སྲེད་སྤངས་ནས་ཕུང་པོ་གཞན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་
Kha374b
བོ་ཞེས་སྨྲ་ན། དེའང་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་སྐུར་པའོ། །ཡང་ཁ་ཅིག་འདི་སྐད་དུ་ལོག་སྲེད་ཅན་གྱིས་དགེ་བའི་རྩ་བ་སྐྱེད་ནུས་ཏེ། དགེ་བའི་རྩ་བ་བསྐྱེད་ནས་གཅིག་གིས་གཅིག་བསབས་ཏེ་རྒྱུན་མི་འཆད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་ཕྱིར་ལོག་སྲེད་ཅན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་ཞེས་སྨྲ་ན། དེ་ནི་དཀོན་མཆོག་གསུམ་ལ་སྐུར་པ་མ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། གལ་ཏེ་ཁ་ཅིག་འདི་སྐད་དུ་སེམས་ཅན་ཐམས་ཅད་ལ་ངེས་པར་སངས་རྒྱས་ཀྱི་རང་བཞིན་ཡོད་ལ། རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཡོད་དེ། མ་བྱས་ན་མི་སྐྱེའོ་ཞེས་སྨྲ་སྟེ། ཉོན་མོངས་པའི་རྐྱེན་གྱིས་མི་མཐོང་ངོ་ཞེས་སྨྲ་ན། དེའང་སངས་རྒྱས་དང་ཆོས་དང ། དགེ་འདུན་ལ་སྐུར་བའོ། །གང་འདི་སྐད་དུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མེད་དེ། རི་བོང་གི་རཝ་བཞིན་ནོ། །ཐབས་ལས་སྐྱེས་པའི་ཕྱིར་ཐོག་མ་མེད་ལ་ད་ཡོད་དེ། ཡོང་ནས་ཕྱིར་མེད་པར་འགྱུར་རོ་ཞེས་སྨྲ་ན། དེའང་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་སྐུར་པའོ། །གང་འདི་སྐད་དུ་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་ཡོད་པ་མ་ཡིན་ཏེ། ནམ་མཁའ་དང་འདྲའོ། །མེད་པ་ཡིན་ཏེ། རི་བོང་གི་རཝ་དང་འདྲའོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་ནི་རྟག་པའི་ཕྱིར། རི་བོང་གི་རཝ་ནི་མེད་པའི་ཕྱིར་ཏེ།
Kha375a
༄#། །དེ་བས་ན་ཡོད་པ་ཞེས་ཀྱང་བྱ་ལ། མེད་པ་ཞེས་ཀྱང་བྱའོ། །ཡོད་པའི་ཕྱིར་ནི་རི་བོང་གི་རཝ་ལྟ་བུ་མ་ཡིན། མེད་པའི་ཕྱིར་ནི་ནམ་མཁའ་ལྟ་བུ་མ་ཡིན་ནོ། ། ཞེས་དེ་ལྟར་བཤད་པ་དེ་ནི་དཀོན་མཆོག་གསུམ་ལ་སྐུར་པ་མ་ཡིན་ནོ། །རིགས་ཀྱི་བུ། སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི་ཆོས་གཅིག་མ་ཡིན། ཆོས་གཉིས་མ་ཡིན། ཆོས་བཅུ་མ་ཡིན། ཆོས་བརྒྱ་མ་ཡིན། ཆོས་སྟོང་མ་ཡིན། ཆོས་ཁྲི་མ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཐོབ་པའི་ཚེ་ནི་དགེ་བ་དང ། མི་དགེ་བ་དང ། ལུང་དུ་མི་སྟོན་པ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་སྟེ། དེ་བཞིན་གཤེགས་པས་ཁ་ཅིག་གི་དུས་སུ་ནི་རྒྱུ་ལས་འབྲས་བུར་གསུངས། འབྲས་བུ་ལས་རྒྱུར་གསུངས་ཏེ། དེ་ནི་དེ་བཞིན་གཤེགས་པས་བདག་གི་ཡིད་དང་སྦྱར་ཏེ་གསུངས་པའི་ཚིག་གོ་།བདག་གི་ཡིད་དང་སྦྱར་བའི་ཚིག་གསུངས་པའི་ཕྱིར་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པས་ཡིད་དང་སྦྱར་བའི་ཚིག་གསུངས་པས་ན་དགྲ་བཅོམ་པའོ། །ཡིད་དང་སྦྱར་བའི་ཚིག་གསུངས་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་ནམ་མཁའ་དང་མཚུངས་སོ་ཞེས་བགྱི་བ་
Kha375b
ཇི་ལྟར་ནམ་མཁའ་དང་མཚུངས་པ་ལགས། བཀའ་སྩལ་པ། རིགས་ཀྱི་བུ། ནམ་མཁའི་རང་བཞིན་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་མ་ཡིན་ཏེ། སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲའོ། །རིགས་ཀྱི་བུ། ནམ་མཁའ་ནི་འདས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ད་ལྟར་མེད་པའི་ཕྱིར་ཏེ། ཆོས་རྣམས་ལ་གལ་ཏེ་ད་ལྟར་ཡོད་ན། འདས་པའང་བརྗོད་དུ་རུང་ངོ ། །དེ་ལྟར་མེད་པའི་ཕྱིར་འདས་པའང་མེད་པའོ། །ད་ལྟར་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། མ་འོངས་པ་མེད་པའི་ཕྱིར་རོ། །གལ་ཏེ་ཆོས་ལ་མ་འོངས་པ་ཡོད་ན། ད་ལྟར་ཡང་བརྗོད་དུ་རུང་ངོ ། །དེ་ལྟར་མ་འོངས་པ་མེད་པའི་ཕྱིར་ད་ལྟར་མེད་པའོ། །མ་འོངས་པའང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ད་ལྟར་དང ། འདས་པ་མེད་པའི་ཕྱིར་རོ། །གལ་ཏེ་ད་ལྟར་དང ། འདས་པ་ཡོད་ན། མ་འོངས་པའང་ཡོད་པར་འགྱུར་ཏེ། དེ་ལྟར་འདས་པ་དང ། ད་ལྟར་མེད་པའི་ཕྱིར་མ་འོངས་པ་མེད་དོ། །དེ་ལྟ་བས་ན་ནམ་མཁའི་རང་བཞིན་ནོ་དུས་གསུངས་དུ་གཏོགས་པ་མ་ཡིན་ནོ། །རིགས་ཀྱི་བུ། ནམ་མཁའ་མེད་པའི་ཕྱིར་དུས་གསུམ་མེད་ཀྱི། ཡོད་པའི་ཕྱིར་དུས་གསུམ་མེད་པ་མི་མ་ཡིན་ནོ། །དཔེར་ན། ནམ་མཁའི་མེ་ཏོག་དང་འདྲ་སྟེ། ཡོད་པ་མ་ཡིན་པ་ཡིན་པའི་ཕྱིར་དུས་གསུམ་མེད་པ་ལྟར་ནམ་མཁའ་ཡང་དེ་དང་འདྲ་བར་ཡོད་པ་མ་ཡིན་པའི་ཕྱིར་དུས་གསུམ་མེད་དོ། །རིགས་ཀྱི་བུ། ཅིའང་
Kha376a
༄#། །མེད་པ་ནི་ནམ་མཁའ་ཞེས་བྱ་སྟེ། སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲའོ། །རིགས་ཀྱི་བུ། ནམ་མཁའ་ནི་མེད་པའི་ཕྱིར་དུས་གསུམ་དུ་གཏོགས་པ་མ་ཡིན་ལ། སངས་རྒྱས་ཀྱི་རང་བཞིན་ཡང་རྟག་པའི་ཕྱིར་དུས་གསུམ་དུ་གཏོགས་པ་མ་ཡིན་ནོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པས་སངས་རྒྱས་ཀྱི་རང་བཞིན་དང ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་རྟག་སྟེ། མི་འགྱུར་མི་འཕོ་བའོ། །དེ་ལྟ་བས་ན་ནམ་མཁའ་དང་འདྲ་བར་དུས་གསུམ་མེད་པའོ། ། རིགས་ཀྱི་བུ། ནམ་མཁའ་མེད་པའི་ཕྱིར་ནང་མ་ཡིན། ཕྱི་རོལ་མ་ཡིན་ནོ། །སངས་རྒྱས་ཀྱི་རང་བཞིན་ཡང་རྟག་པའི་ཕྱིར་ནང་མ་ཡིན། ཕྱི་རོལ་མ་ཡིན་ཏེ། དེ་བས་ན་སངས་རྒྱས་ཀྱི་རང་བཞིན་ནི་ནམ་མཁའ་དང་མཚུངས་སོ་ཞེས་གསུངས་སོ། །རིགས་ཀྱི་བུ། ཇི་ལྟར་འཇིག་རྟེན་ན་ཐོགས་པ་མེད་པའི་གནས་ནི་ནམ་མཁའོ་ཞེས་གདགས་པ་ལྟར་དེ་བཞིན་གཤེགས་པའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ནས་སངས་རྒྱས་ཐམས་ཅད་ཀྱི་ཆོས་ལ་ཐོགས་པ་མེད་པའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་ནི་ནམ་མཁའ་དང་མཚུངས་སོ་ཞེས་བྱ་སྟེ། དེའི་རྒྱུ་དེའི་རྐྱེན་གྱིས་སངས་རྒྱས་ཀྱི་རང་བཞིན་ནི་ནམ་མཁའ་དང་འདྲའོ་ཞེས་ངས་གསུངས་སོ། །ཡང་བྱང་ཆུབ་སེམས་དཔའ་འོད་སྲུང་
Kha376b
གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སངས་རྒྱས་ཀྱི་རང་བཞིན་དང ། མྱ་ངན་ལས་འདས་པ་ནི་དུས་གསུམ་ལ་གཏོགས་པ་མ་ལགས་ཀྱང་མཆིས་པ་ཞེས་བགྱི་ན་ནམ་མཁའ་ཡང་དུས་གསུམ་ལ་གཏོགས་པ་མ་ལགས་ན། ཅིའི་སླད་དུ་མཆིས་པ་ཞེས་མི་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། མྱ་ངན་ལས་འདས་པ་མ་ཡིན་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱ། དེ་བཞིན་གཤེགས་པ་མ་ཡིན་པས་དེ་བཞིན་གཤེགས་པ་ཞེས་བྱ། སངས་རྒྱས་ཀྱི་རང་བཞིན་མ་ཡིན་པས་སངས་རྒྱས་ཀྱི་རང་བཞིན་ཞེས་བྱའོ། །དེ་ལ་ཇི་ལྟར་ན་མྱ་ངན་ལས་འདས་པ་མ་ཡིན་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་ཐམས་ཅད་དང ། འདུས་བྱས་ཀྱི་ཆོས་ཐམས་ཅད་ཡིན་ཏེ། འདུས་བྱས་ཀྱི་ཉོན་མོངས་པ་དེ་དག་བཅོམ་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་མ་ཡིན་པ་དེ་ནི་འདི་ལྟ་སྟེ། ལོག་སྲེད་ཅན་ནས་རང་སངས་རྒྱས་ཀྱི་བར་དུ་སྟེ། ལོག་སྲེད་ཅན་དང་རང་སངས་རྒྱས་ཀྱི་བར་དུ་བཅོམ་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །སངས་རྒྱས་ཀྱི་རང་བཞིན་མ་ཡིན་པ་དེ་ནི་འདི་ལྟ་སྟེ། གྱང་དང ། རྩིག་པ་དང ། གྱོ་མོ་དང ། གསེག་མ་དང ། རྣམ་པར་ཤེས་པ་མེད་པའི་རྫས་ཐམས་ཅད་དེ། དེ་ལྟར་རྣམ་པར་ཤེས་པ་མེད་པའི་རྫས་དེ་དག་སྤོང་བ་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བྱའོ། །རིགས་ཀྱི་བུ། འཇིག་རྟེན་ཐམས་ཅད་ནམ་མཁའ་མ་ཡིན་པར་ནམ་
Kha377a
༄#། །མཁའི་ཟླར་འགྱུར་བ་མེད་དོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། འཇིག་རྟེན་ན་ཆེན་པོ་བཞི་མ་ལགས་པར་ཆེན་པོ་བཞིའི་ཟླར་འགྱུར་བ་མ་མཆིས་ཀྱང ། ཆེན་པོ་བཞི་ནི་མཆིས་ཞེས་བགྱིར་རུང་ན། ནམ་མཁའ་ཡང་ཟླ་མ་མཆིས་ན་ཅིའི་སླད་དུ་མཆིས་ཞེས་མི་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། མྱ་ངན་ལས་འདས་པ་དུས་གསུམ་དུ་གཏོགས་པ་མ་ཡིན་པས་ནམ་མཁའ་ཡང་དེ་དང་འདྲའོ་ཞེས་བྱ་བ་དེ་ནི་དེ་ལྟར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་ནི་ཡོད་པ་ཡིན་ཏེ། བལྟར་རུང ། རྟོགས་པར་རུང ། གཟུགས་ཀྱི་རྗེས་ཤུལ་ཡིན། བརྗོད་པའི་ཚིག་ཡིན། ཡོད་པའི་མཚན་ཉིད་ཡིན། དམིགས་པ་ཡིན། སྐྱབས་སུ་འགྲོ་བའི་གནས་ཡིན། ཞི་བའི་འོད་སྣང་བ་བདེ་བའི་འབྲས་བུ་ཡིན་ཏེ། དེ་བས་ན་དུས་གསུམ་དུ་གཏོགས་པ་མ་ཡིན་ནོ། །ནམ་མཁའི་རང་བཞིན་ལ་ནི་དེ་ལྟ་བུ་མེད་དེ། དེ་བས་ན་མེད་པ་ཞེས་བྱའོ། །འདི་དག་ལ་སོགས་པ་མ་གཏོགས་པར་ཕ་རོལ་ན་ཆོས་གཞན་ཡོད་ན་དེ་ནི་དུས་གསུམ་དུ་གཏོགས་པར་འགྱུར་རོ། །གལ་ཏེ་ནམ་མཁའ་ཡང་ཡོད་པའི་ཆོས་དེ་དང་འདྲ་ན། དུས་གསུམ་དུ་གཏོགས་པ་མ་ཡིན་ནོ་ཞེས་བྱར་མི་རུང་ངོ ། །རིགས་ཀྱི་བུ། ཇི་ལྟར་འཇིག་རྟེན་པས་སྨྲ་བ་ལྟར་ན་ནམ་མཁའ་ནི་གཟུགས་མེད་པ། གཉེན་པོ་མེད་
Kha377b
པ།་བལྟར་མེད་པའོ་ཞེས་བརྗོད་དོ། །གལ་ཏེ་གཟུགས་དང་གཉེན་པོ་མེད་ལ་བལྟར་མེད་ན་སེམས་ལས་བྱུང་བའི་ཆོས་སུ་འགྱུར་རོ། །གལ་ཏེ་ནམ་མཁའ་དེ་སེམས་ལས་བྱུང་བའི་ཆོས་དང་མཐུན་ན། དུས་གསུམ་དུ་གཏོགས་པ་མ་ཡིན་ནོ། །ཞེས་བྱར་མི་རུང་ངོ ། །དེ་ལྟར་དུས་གསུམ་དུ་གཏོགས་པ་ཡིན་ན། ཕུང་པོ་བཞི་ཡིན་པར་འགྱུར་ཏེ། དེ་བས་ན་ཕུང་པོ་བཞི་ལས་གཞན་པའི་ཕ་རོལ་ན་ནམ་མཁའ་ཞེས་བྱ་བ་མེད་དོ། །གཞན་ཡང ། རིགས་ཀྱི་བུ། མུ་སྟེགས་ཅན་རྣམས་ནི་འདི་སྐད་དུ་ནམ་མཁའ་ཞེས་བྱ་བ་ནི་སྣང་བ་ཡིན་ཞེས་ཟེར་རོ། །གལ་ཏེ་སྣང་བ་ཡིན་ན་གཟུགས་ཀྱི་ཆོས་སུ་འགྱུར་ཏེ། ནམ་མཁའ་དེ་ལྟར་གཟུགས་ཀྱི་ཆོས་ཡིན་ན་མི་རྟག་པར་འགྱུར་རོ། །དེ་ལྟར་མི་རྟག་པའི་ཕྱིར་དུས་གསུམ་དུ་གཏོགས་པར་འགྱུར་ན་ཅིའི་ཕྱིར་མུ་སྟེགས་ཅན་གྱིས་དུས་གསུམ་དུ་གཏོགས་པ་མ་ཡིན་ནོ་ཞེས་སྨྲ། གལ་ཏེ་དུས་གསུམ་དུ་གཏོགས་ན་ནམ་མཁའ་མ་ཡིན་ཏེ། ནམ་མཁའ་ལ་རྟག་པ་ཡིན་ནོ་ཞེས་བྱར་མི་རུང་ངོ ། ། རིགས་ཀྱི་བུ། ཡང་ཁ་ཅིག་འདི་སྐད་དུ་ནམ་མཁའ་ནི་འདུག་པའི་གནས་ཡིན་ནོ་ཞེས་ཟེར་རོ། །ཇི་ཙམ་དུ་འདུག་པའི་གནས་ཡོད་པ་ནི་དེ་ཙམ་དུ་གཟུགས་ཀྱི་ཆོས་སུ་འགྱུར་ཏེ། ཆོས་ཐམས་ཅད་ཀྱི་གནས་ནི་ཀུན་ཀྱང་མི་རྟག་པ་སྟེ། དུས་གསུམ་དུ་གཏོགས་སོ། །ནམ་མཁའ་ནི་རྟག་པ་སྟེ་དུས་གསུམ་དུ་གཏོགས་པ་མ་ཡིན་ནོ། །གལ་ཏེ་གནས་ཡོད་པར་སྨྲ་ན། ནམ་
Kha378a
༄#། །མཁའ་ནི་མེད་པར་རིག་པར་བྱའོ། །ཡང་ཁ་ཅིག་འདི་སྐད་དུ་ནམ་མཁའ་ནི་རིམ་པ་ཡིན་ནོ་ཞེས་ཟེར་རོ། །གལ་ཏེ་རིམ་པ་ཡིན་ན་བགྲང་བའི་ཆོས་སུ་འགྱུར་ཏེ།་ཇི་ཙམ་དུ་བགྲང་དུ་རུང་བ་ནི་དུས་གསུམ་དུ་གཏོགས་པར་འགྱུར་རོ། །དེ་ལྟར་དུས་གསུམ་དུ་གཏོགས་ན། ཅིའི་ཕྱིར་རྟག་པ་ཞེས་བྱ། རིགས་ཀྱི་བུ། གལ་ཏེ་ཡང་ཁ་ཅིག་འདི་སྐད་དུ་ནམ་མཁའ་ཞེས་བྱ་བ་ནི་སྟོང་པ་དང ། མི་སྟོང་པ་དང ། སྟོང་པ་དང་མི་སྟོང་པ་སྟེ། འདི་གསུམ་དང་མི་བྲལ་ལོ་ཞེས་ཟེར་རོ། །གལ་ཏེ་སྟོང་པ་ཡིན་ནོ་ཞེས་སྨྲ་ན། ནམ་མཁའ་མི་རྟག་པའི་ཆོས་ཡིན་པར་རིག་གོ་།དེ་ཅིའི་ཕྱིར་ཞེ་ན། མི་སྟོང་པ་ན་མེད་པའི་ཕྱིར་རོ། །གལ་ཏེ་མི་སྟོང་པ་ཡིན་ཞེས་སྨྲ་ན། ནམ་མཁའ་ཡང་མི་རྟག་པ་ཡིན་པར་རིག་གོ་།དེ་ཅིའི་ཕྱིར་ཞེ་ན། སྟོང་པའི་དུས་ན་མེད་པའི་ཕྱིར་རོ། །གལ་ཏེ་སྟོང་པ་དང་མི་སྟོང་པ་ཡིན་ནོ་ཞེས་སྨྲ་ན། ནམ་མཁའ་ཡང་མི་རྟག་པ་མ་ཡིན་པར་རིག་གོ་།དེ་ཅིའི་ཕྱིར་ཞེ་ན། གཉིས་ཀའི་གནས་ན་མེད་པའི་ཕྱིར་ཏེ། དེ་བས་ན་ནམ་མཁའ་ནི་མེད་པ་ཞེས་བྱའོ། །རིགས་ཀྱི་བུ། ཡང་འདི་སྐད་དུ་ནམ་མཁའ་ནི་བྱར་རུང་བ་སྟེ། ཇི་ལྟར་ཤིང་དང ། ཁང་པ་མེད་པར་བྱས་ན། ནམ་མཁའ་བྱས་པ་ཡིན་ཞེའམ་བསྙམས་ན་ནམ་མཁའ་འགྱུར་ཞེའམ། ནམ་མཁའ་འགེབས་པ་དང ། ནམ་མཁའ་ལ་འཛེགས་པ་དང ། ནམ་མཁའི་
Kha378b
ཁ་དོག་རྒྱ་མཚོའི་ཆུ་དང་འདྲ་བར་རི་མོར་འདྲི་བ་སྟེ། དེ་བས་ན་ནམ་མཁའ་ནི་བྱར་རུང་བའི་ཆོས་སོ་ཞེས་སྨྲ་ན། ཇི་ཙམ་དུ་བྱས་པའི་ཆོས་ཐམས་ཅད་མི་རྟག་པ་སྟེ་རྫ་མ་དང ། མཚུངས་སོ། །གལ་ཏེ་ནམ་མཁའ་ཡང་དེ་དང་འདྲ་ན་མི་རྟག་པ་ཡིན་པར་འགྱུར་རོ། །རིགས་ཀྱི་བུ། འཇིག་རྟེན་པ་དག་གང་ཐམས་ཅད་ལ་ཐོགས་པ་མེད་པའི་ཆོས་ནི་ནམ་མཁའ་ཡིན་ནོ་ཞེས་སྨྲ་ན། ཐོགས་པ་མེད་པ་དེ་ཆོས་གཅིག་ལ་ཐམས་ཅད་རྫོགས་པར་ཡོད་དམ། ཕྱོགས་ཙམ་ཞིག་ཡོད། གལ་ཏེ་རྫོགས་པར་ཡོད་པ་ཞིག་ཡིན་ན།་གནས་གཞན་ན་ནམ་མཁའ་མེད་པར་རིག་གོ་།གལ་ཏེ་ཕྱོགས་ཙམ་ཞིག་ཡོད་ན་འདི་དང་ཕ་བི་ཞེས་བགྲང་བའི་ཆོས་སུ་འགྱུར་རོ། །ཇི་སྟེ་བགྲང་བ་ཡིན་ན་མི་རྟག་པར་རིག་གོ་།རིགས་ཀྱི་བུ། ཡང་ཁ་ཅིག་འདི་སྐད་དུ་ནམ་མཁའ་ནི་ཐོགས་པ་མེད་དེ། ཡོད་པ་དང་འབྲེལ་བར་འགྱུར་རོ། །ཡང་ཁ་ཅིག་ནམ་མཁའ་ནི་རྫས་ཀྱི་ནང་ན་ཡོད་དེ། ཇི་ལྟར་སྣོད་ཀྱི་ནང་དུ་འབྲས་བུ་བཞག་པ་དང་འདྲའོ་ཞེས་ཟེར་ཏེ། དེ་གཉིས་ཀའང་བདེན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་འབྲེལ་པ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པ་གསུམ་དུ་འགྱུར་ཏེ། ལས་ཐ་དད་པས་འབྲེལ་པ་སྟེ། ཇི་ལྟར་བྱ་དག་ཤིང་ལ་འདུས་པ་དང་འདྲའོ། །ལས་ཐུན་མོང་པ་མྱོང་བས་འབྲེལ་པ་སྟེ། ལག་པ་གཉིས་གཅིག་ལ་
Kha379a
༄#། །གཅིག་རེག་པ་དང་འདྲའོ། །འབྲེལ་པས་ཐུན་མོང་པར་འབྲེལ་པ་སྟེ། སོར་མོ་གཉིས་ལྷན་ཅིག་ཏུ་བསྡམས་པ་དང་འདྲའོ། །གལ་ཏེ་ལས་ཐ་དད་པ་ཐུན་མོང་དང་འབྲེལ་ལོ་ཞེས་བྱར་ནི་ཐ་དད་པ་ལ་རྣམ་པ་གཉིས་ཏེ། རྫས་ཀྱི་ལས་དང ། ནམ་མཁའི་ལས་སོ། །གལ་ཏེ་ནམ་མཁའི་ལས་རྫས་དང་འབྲེལ་པར་གྱུར་ན། ནམ་མཁའ་ནི་མི་རྟག་པར་མི་འགྱུར་རོ། །གལ་ཏེ་རྫས་ཀྱི་ལས་ནམ་མཁའ་དང་འབྲེལ་བར་གྱུར་ན། རྫས་ཀུན་ཏུ་ཁྱབ་པར་མི་འགྱུར་རོ། །གལ་ཏེ་ཀུན་ཏུ་མ་ཁྱབ་ན་དེའང་མི་རྟག་པའོ། །གལ་ཏེ་ནམ་མཁའ་ནི་རྟག་པ་ཡིན་ཏེ། རང་བཞིན་གྱིས་མི་གཡོ་བ་ཡིན་ཡང་གཡོ་བའི་རྫས་དང་འབྲེལ་པར་འགྱུར་རོ་ཞེས་སྨྲ་ན། དེའང་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ནམ་མཁའ་རྟག་ན་རྫས་ཀྱང་རྟག་པའི་རིགས་སོ། །གལ་ཏེ་རྫས་མི་རྟག་ན་ནམ་མཁའ་ཡང་མི་རྟག་གོ་།གལ་ཏེ་ནམ་མཁའ་ནི་རྟག་པ་ཡིན་ལ། མི་རྟག་པའང་ཡིན་ནོ་ཞེས་སྨྲ་ན་དེ་ནི་གནས་མེད་དོ། །གལ་ཏེ་ཐུན་མོང་བའི་ལས་དང་འབྲེལ་ལོ་ཞེས་སྨྲ་ན། དེ་ཡང་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་ནི་ཀུན་ཏུ་ཁྱབ་པ་སྟེ། གལ་ཏེ་ལས་དང་འབྲེལ་པ་ཞིག་ཡིན་ན། ལས་ཀྱང་ཀུན་ཏུ་ཁྱབ་པའི་རིགས་སོ། །གལ་ཏེ་ཀུན་ཏུ་ཁྱབ་པ་ཡིན་ན། ཐམས་ཅད་དུ་ཁྱབ་པར་འགྱུར་རོ། །ཐམས་
Kha379b
ཅད་དུ་ཁྱབ་པར་གྱུར་ན་ཐམས་ཅད་དང་འབྲེལ་པའི་རིགས་ཀྱི། འབྲེལ་པ་དང་མི་འབྲེལ་པ་ཡོད་ཅེས་བྱར་ནི་མི་རུང་ངོ ། །འབྲེལ་པས་ཐུན་མོང་དང་འབྲེལ་པར་འགྱུར་ཏེ། མཛུབ་མོ་གཉིས་ལྷན་ཅིག་བསྡམས་པ་དང་འདྲའོ་ཞེས་བྱ་བ་དེའང་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཐོག་མ་ནས་འབྲེལ་པ་མེད་པར་ཕྱིས་འབྲེལ་པར་འགྱུར་བའི་ཕྱིར་ཏེ། དེ་ལྟར་ཐོག་མ་མེད་ལ་ཕྱིས་ཡོད་པ་ཞིག་ཡིན་ན། དེའང་མི་རྟག་པའི་ཆོས་སུ་འགྱུར་ཏེ། དེ་བས་ན་འཇིག་རྟེན་པའི་ཆོས་ལྟར་ཐོག་མ་མེད་ལ་ཕྱིས་ཡོད་དེ། ནམ་མཁའ་ནི་འབྲེལ་པས་ཐུན་མོང་དང་འབྲེལ་ཏོ་ཞེས་བྱར་མི་རུང་ངོ ། །རྫས་མི་རྟག་པ་ལྟར་ནམ་མཁའ་ཡང་དེ་དང་འདྲ་ན་དེའང་མི་རྟག་པར་འགྱུར་རོ། །གཞན་ཡང་ནམ་མཁའ་ནི་རྫས་ཀྱི་ནང་ན་ཡོད་དེ། ཇི་ལྟར་སྣོད་ཀྱི་ནང་དུ་འབྲས་བུ་བཞག་པ་དང་འདྲའོ་ཞེས་སྨྲ་ན། དེའང་དེ་ལྟར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ནམ་མཁའ་དེ་སྣོད་མེད་པའི་སྔ་རོལ་ན་གང་དུ་གནས། གལ་ཏེ་གནས་ཡོད་ན་ནམ་མཁའ་ཡང་རྣམ་པ་མང་པོར་འགྱུར་རོ། དེ་ལྟར་མང་བ་ཡིན་ན། ཅིའི་ཕྱིར་རྟག་པ་དང ། གཅིག་པ་དང་ཁྱབ་པ་ཞེས་བྱ། གལ་ཏེ་ནམ་མཁའ་དེ་སྟོང་པ་སྤངས་པའི་ཕ་རོལ་ན་གནས་ཡོད་པ་ཞིག་ཡིན་ན། སྲིད་པའི་རྫས་ཀྱང་ནམ་མཁའ་སྤངས་པའི་ཕ་རོལ་ན་གནས་པའི་རིགས་ཏེ། དེ་བས་ན་ནམ་མཁའ་མེད་པར་རིག་གོ་།རིགས་ཀྱི་བུ། གང་མཛུབ་མོ་
Kha380a
༄#། །བསྒྲེང་བའི་གནས་ལ་ནམ་མཁའ་ཡིན་ཞེས་བྱར་ནི། ནམ་མཁའ་མི་རྟག་པའི་ཆོས་ཡིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། མཛུབ་མོ་ལ་ཕྱོགས་བཞི་ཡོད་དོ། །གལ་ཏེ་ཕྱོགས་བཞི་ཡོད་ན་ནམ་མཁའ་ཡང་ཕྱོགས་བཞི་ཡོད་པའི་རིགས་སོ། །རྟག་པའི་ཆོས་ཐམས་ཅད་ནི་ཕྱོགས་མེད་དེ། དེ་ལྟར་ཕྱོགས་ཆ་ཡོད་པའི་ཕྱིར་ནམ་མཁའ་མི་རྟག་པའོ། །དེ་ལྟར་མི་རྟག་པ་ཡིན་ན་ཕུང་པོ་ལྔ་དང་མི་འབྲེལ་ཏེ། ཕུང་པོ་ལྔ་སྤངས་པའི་ཕ་རོལ་ན་སྲིད་པ་མེད་པ་ཞེས་བྱ་བ་ཡིན་པར་འགྱུར་རོ། །རིགས་ཀྱི་བུ། གལ་ཏེ་སྲིད་པའི་ཆོས་རྟེན་ཅིང་འབྲེལ་པ་ལ་གནས་ན། ཆོས་དེ་ནི་མི་རྟག་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། དཔེར་ན། སེམས་ཅན་ཐམས་ཅད་དང ། ཤིང་དང ། ནགས་ཚལ་ཐམས་ཅད་ས་ལ་བརྟེན་ཅིང་གནས་ཏེ། ས་ཉིད་མི་རྟག་པའི་ཕྱིར་ས་ལ་བརྟེན་པའི་རྫས་ཀྱང་རིམ་གྱིས་མི་རྟག་གོ་།རིགས་ཀྱི་བུ། ས་ནི་ཆུ་ལ་བརྟེན་ཏེ། ཆུ་མི་རྟག་པའི་ཕྱིར་སའང་མི་རྟག་གོ་།ཆུ་ནི་རླུང་ལ་བརྟེན་ཏེ། རླུང་མི་རྟག་པའི་ཕྱིར་ཆུའང་མི་རྟག་གོ་།རླུང་ནི་ནམ་མཁའ་ལ་བརྟེན་ཏེ། ནམ་མཁའ་མི་རྟག་པའི་ཕྱིར་རླུང་ཡང་མི་རྟག་གོ་།དེ་ལྟར་མི་རྟག་ན་ཅིའི་ཕྱིར་ནམ་མཁའ་ནི་རྟག་པ་ཡིན་ཏེ། ཐམས་ཅད་དུ་ཁྱབ་བོ་ཞེས་སྨྲ། ནམ་མཁའ་མེད་པའི་ཕྱིར་འདས་པ་དང ། མ་འོངས་པ་དང ། ད་ལྟར་མ་ཡིན་ནོ། །རི་བོང་གི་རཝ་
Kha380b
དང་ཡར་འདྲ་བར་མེད་པའི་རྫས་ཡིན་པས་འདས་པ་དང ། མ་འོངས་པ་དང ། ད་ལྟར་མ་ཡིན་ཏེ། དེ་བས་ན་སངས་རྒྱས་ཀྱི་རང་བཞིན་ནི་རྟག་པའི་ཕྱིར་དུས་གསུམ་དུ་གཏོགས་པ་མ་ཡིན་ནོ།། ནམ་མཁའ་ནི་མེད་པའི་ཕྱིར་དུས་གསུམ་དུ་གཏོགས་པ་མ་ཡིན་ནོ་ཞེས་གསུངས་སོ། །རིགས་ཀྱི་བུ། ང་ནི་འཇིག་རྟེན་དང་མི་རྩོད་དོ། །དེ་ཅིའི་ཕྱིར་ཞེ་ན། མཁས་པ་ཤེས་རབ་ཅན་གྱིས་ཡོད་པར་སྨྲ་ན་ངའང་ཡོད་པར་གསུང་ངོ ། །མཁས་པ་ཤེས་རབ་ཅན་གྱིས་མེད་པར་སྨྲ་ན་ངའང་མེད་པར་གསུངས་ངོ ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དུ་དང་ལྡན་ན། འཇིག་རྟེན་དང་མི་རྩོད་ཅིང་འཇིག་རྟེན་གྱི་ཆོས་ཀྱིས་མི་གོས་པར་འགྱུར། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ།་རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཅུ་དང་ལྡན་ན། འཇིག་རྟེན་དང་མི་རྩོད་ཅིང་འཇིག་རྟེན་གྱིས་ཆོས་ཀྱི་མི་གོས་པར་འགྱུར་རོ། །བཅུ་གང་ཞེ་ན།་འདི་ལྟར་དད་པ་དང ། ཚུལ་ཁྲིམས་དང ། དགེ་བའི་བཤེས་གཉེན་ལ་བསྟེན་པ་དང ། ནང་དུ་ཡིད་ལ་བྱེད་པ་དང ། བརྩོན་འགྲུས་དང་ལྡན་པ་དང ། ཡང་དག་པའི་དྲན་པ་དང་ལྡན་པ་དང ། ཤེས་རབ་དང་ལྡན་པ་དང ། ཡང་དག་པའི་ངག་དང་ལྡན་པ་དང ། དམ་པའི་ཆོས་ལ་མོས་པ་དང ། སེམས་ཅན་ལ་སྙིང་བརྩེ་བའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་
Kha381a
༄#། །དཔའ་ཆོས་བཅུ་པོ་དེ་དང་ལྡན་ན་འཇིག་རྟེན་དང་མི་རྩོད་དེ། ཨུ་དུམྦ་རའི་མེ་ཏོག་ལྟར་འཇིག་རྟེན་གྱི་ཆོས་ཀྱིས་མི་གོས་སོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར། འཇིག་རྟེན་གྱི་མཁས་པ་ཤེས་རབ་ཅན་གྱིས་ཡོད་པར་སྨྲ་ན། ངའང་ཡོད་པར་གསུང་ངོ ། །འཇིག་རྟེན་གྱི་མཁས་པ་ཤེས་རབ་ཅན་གྱིས་མེད་པར་སྨྲ་ན། ངའང་མེད་པར་གསུང་ངོ་ཞེས་གསུངས་པ་དེ། ཇི་ལྟར་ན་འཇིག་རྟེན་གྱི་མཁས་པ་ཤེས་རབ་ཅན་གྱིས་ཡོད་པ་དང་མེད་པར་སྨྲ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཇི་ལྟར་འཇིག་རྟེན་གྱི་མཁས་པ་ཤེས་རབ་ཅན་གྱིས་གཟུགས་ལ་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པ་ཡིན་ནོ་ཞེས་སྨྲ་བ་ནས་རྣམ་པར་ཤེས་པའི་བར་དུའང་དེ་བཞིན་དུ་སྨྲ་ན། རིགས་ཀྱི་བུ། དེ་ནི་འཇིག་རྟེན་གྱི་མཁས་པ་ཤེས་རབ་ཅན་གྱིས་ཡོད་པར་སྨྲ་བ་ཡིན་ཏེ། ངའང་ཡོད་པར་གསུང་ངོ ། །རིགས་ཀྱི་བུ། འཇིག་རྟེན་གྱི་མཁས་པ་ཤེས་རབ་ཅན་གྱིས་གཟུགས་ལ་རྟག་པ་མེད་པ་དང ། བདེ་བ་མེད་པ་དང ། བདག་མེད་པ་དང ། ཡོངས་སུ་དག་པ་མེད་པའོ་ཞེས་སྨྲ་བ་ནས། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའི་བར་དུའང་དེ་དང་
Kha381b
འདྲ་བར་སྨྲ་ན། རིགས་ཀྱི་བུ། དེ་ནི་འཇིག་རྟེན་གྱི་མཁས་པ་ཤེས་རབ་ཅན་གྱིས་མེད་པར་སྨྲ་བ་ཡིན་ཏེ། ངའང་མེད་པར་གསུང་ངོ ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། འཇིག་རྟེན་གྱི་མཁས་པ་ཤེས་རབ་ཅན་ནི་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་དང ། འཕགས་པ་ཐམས་ཅད་ལགས་སོ། །གལ་ཏེ་འཕགས་པ་རྣམས་ཀྱིས་གཟུགས་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པ་ལགས་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ནི་རྟག་པ་ཐེར་ཟུག་མི་འགྱུར་བའོ་ཞེས་གསུངས། འཇིག་རྟེན་གྱི་མཁས་པ་ཤེས་རབ་ཅན་ནི་ཆོས་ཐམས་ཅད་མེད་པའོ་ཞེས་འཆད་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཡོད་པར་གསུངས། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་ན། ཇི་ལྟར་འཇིག་རྟེན་དང་མི་རྩོད་ཅིང་འཇིག་རྟེན་གྱི་ཆོས་ཀྱིས་མི་གོས་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་ནི་འདི་ལྟར་འདུ་ཤེས་ལོག་པ་དང ། སེམས་ལོག་པ་དང ། ལྟ་བ་ལོག་པ་དང ། འདི་གསུམ་ཡོངས་སུ་སྤངས་པས་སངས་རྒྱས་ཀྱི་གཟུགས་ནི་ཡང་དག་པར་མི་རྟག་པ་ཡིན་ནོ་ཞེས་གསུངས་ལ། ངའང་འདི་ལྟར་རྟག་གོ་ཞེས་གསུངས་ན། ཇི་ལྟར་ཕྱིན་ཅི་ལོག་སྤངས་ཤིང་འཇིག་རྟེན་དང་མི་རྩོད་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། བུས་པ་མ་རབས་ཀྱི་གཟུགས་ནི་ཉོན་མོངས་པ་ལས་སྐྱེ་བས། དེའི་ཕྱིར་མཁས་པ་
Kha382a
༄#། །ཤེས་རབ་ཅན་གྱིས་གཟུགས་ནི་མི་རྟག་པ་དང ། སྡུག་བསྔལ་པ་དང ། སྟོང་པ་དང ། བདག་མེད་པའོ་ཞེས་བཤད་དོ། །དེ་བཞིན་གཤེགས་པའི་གཟུགས་ནི་ཉོན་མོངས་པ་དང་ཡོངས་སུ་བྲལ་བས་དེའི་ཕྱིར་རྟག་པ་ཐེར་ཟུག་མི་འགྱུར་མི་འཕོ་བའོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་གཟུགས་ཉོན་མོངས་པ་ལས་སྐྱེ་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཉོན་མོངས་པ་ལ་རྣམ་པ་གསུམ་སྟེ། འདི་ལྟར་འདོད་པའི་ཟག་པ་དང ། སྲིད་པའི་ཟག་པ་དང ། མ་རིག་པའི་ཟག་པའོ། །མཁས་པ་ཤེས་རབ་ཅན་གྱིས་ཟག་པ་གསུམ་གྱི་སྐྱོན་རྣམས་ཤིན་ཏུ་རྟོགས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཉེས་པའི་སྐྱོན་ཤེས་ནས་སྤོང་བར་འགྱུར་བའི་ཕྱིར་རོ། །དཔེར་ན། སྨན་པས་སྔར་ནད་པའི་རྩ་བལྟས་ཏེ། ནད་ཀྱི་རྒྱུ་ཤེས་ནས་གདོད་སྨན་གཏོང་བ་དང་འདྲའོ། །རིགས་ཀྱི་བུ། དཔེར་ན། དམུས་ལོང་ཞིག་ཁྲིད་དེ། ཚེར་མ་གཡོན་ཅན་གྱི་ཚལ་གྱི་ནང་དུ་བོར་ནས་ཕྱིར་ལོག་ན་དམུས་ལོང་དེ་འབྱུང་བར་ཤིན་ཏུ་དཀའོ། །ཇི་སྟེ་བྱུང་བར་གྱུར་ནའང་ལུས་ཐམས་ཅད་དང་བྲལ་བར་འགྱུར་བ་དང་འདྲ་བར་འཇིག་རྟེན་གྱི་བུས་པ་མ་རབས་ཀྱང་དེ་དང་མཚུངས་ཏེ། ཟག་
Kha382b
པ་གསུམ་གྱི་ཉེས་པའི་སྐྱོན་མི་མཐོང་མི་ཤེས་པས་ཕྱི་བཞིན་འབྲང་ངོ ། །གང་མཐོང་བ་ནི་སྤོང་བར་བྱེད་དེ། ཉེས་པའི་སྐྱོན་ཤེས་ནས་འབྲས་བུ་རྣམ་པར་སྨིན་པའང་ཡང་ཞིང་ཆུང་བར་འགྱུར་རོ། །རིགས་ཀྱི་བུ། གང་ཟག་ལ་རྣམ་པ་བཞི་སྟེ། གཅིག་ནི་ལས་བྱེད་པའི་ཚེ་ལྕི་ལ། རྣམ་པར་སྨིན་པ་མྱོང་བའི་ཚེ་ཡང་བའོ། །གཅིག་ནི་ལས་བྱེད་པའི་ཚེ་ཡང་ལ། རྣམ་པར་སྨིན་པ་མྱོང་བའི་ཚེ་ལྕི་བའོ། །ཡང་གཅིག་ནི་ལས་བྱེད་པའི་ཚེའང་ལྕི་ལ། རྣམ་པར་སྨིན་པ་ལེན་པའི་ཚེའང་ལྕི་བའོ། །ཡང་གཅིག་ནི་ལས་བྱེད་པའི་ཚེའང་ཡང་ལ། རྣམ་པར་སྨིན་པའི་ཚེའང་ཡང་བའོ། །རིགས་ཀྱི་བུ། གང་ཉོན་མོངས་པའི་སྐྱོན་རྟོགས་པ་ནི་ལས་བྱས་པ་དང ། འབྲས་བུ་སྨིན་པ་གཉིས་ཀའང་ཡང་ངོ ། །རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་གྱིས་འདི་སྙམ་དུ་བདག་གིས་དེ་ལྟ་བུའི་ཟག་པ་དེ་དག་སྤང་ངོ ། །སྡིག་པ་མི་དགེ་བའི་དངོས་པོ་དེ་དག་ཀྱང་མི་བྱའོ་སྙམ་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། བདག་ད་དུང་སེམས་ཅན་དམྱལ་བ་དང ། བྱོལ་སོང་གི་སྐྱེ་གནས་དང ། ཡི་དྭགས་དང ། ལྷ་དང ། མིའི་རྣམ་པར་སྨིན་པ་ལས་མཐར་ཏེ། གལ་ཏེ་བདག་གིས་སྤྱོད་པ་ལ་ནན་ཏན་བྱས་ན་དེའི་མཐུས་སྡུག་བསྔལ་ཐམས་ཅད་ཡོངས་སུ་བཅོམ་པར་འགྱུར་རོ་ཞེས་དེས་དེ་ལྟར་བརྟགས་ནས། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ཉམ་དམའ་བར་འགྱུར་རོ། །འདོད་ཆགས་དང ། ཞེ་སྡང་
Kha383a
༄#། །དང།་གཏི་མུག་ཉམ་དམའ་བར་འགྱུར་བར་མཐོང་ནས། སེམས་རབ་ཏུ་དགའ་བར་འགྱུར་ཏེ། ཡང་འདི་སྙམ་དུ་དེང་བདག་འདི་ལྟར་གྱུར་པ་ཡང་ནན་ཏན་དུ་སྤྱོད་པའི་མཐུས་བདག་ནི་མི་དགེ་བའི་ཆོས་དང་བྲལ་ཏེ། དགེ་བའི་ཆོས་དང་བསྙེན་པར་གྱུར་ཏོ། །དེ་བས་ན་ཡང་དག་པའི་ལམ་མངོན་སུམ་དུ་མཐོང་བར་གྱུར་གྱིས་བརྩོན་འགྲུས་བསྐྱེད་དེ་བསྒོམ་མོ་སྙམ་སེམས་སོ། །དེས་དེར་བརྩོན་པར་བསྒོམ་པའི་མཐུས་མི་དགེ་བའི་ཉོན་མོངས་པ་ཚད་མེད་པ་སྙེད་དང ། སེམས་ཅན་དམྱལ་བ་དང།་བྱོལ་སོང་གི་སྐྱེ་གནས་དང ། ཡི་དྭགས་དང ། མི་དང ། ལྷའི་འབྲས་བུ་རྣམ་པར་སྨིན་པ་སྤོང་བར་འགྱུར་ཏེ། དེ་བས་ན་ངས་མདོ་སྡེ་ལས་སྲིད་པའི་ཟག་པའི་ཉོན་མོངས་པ་དང ། སྲིད་པའི་ཟག་པའི་རྒྱུ་ལ་བརྟག་པར་བྱའོ་ཞེས་གསུངས་སོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་བཞི་བཅུ་དགུ་པ། དེ་ཅིའི་ཕྱིར་ཞེ་ན། མཁས་པ་ཤེས་རབ་ཅན་དག་གིས་གལ་ཏེ་ཟག་པ་ལ་རྟོག་ཅིང་ཟག་པའི་རྒྱུ་མ་བརྟགས་ན། ཉོན་མོངས་པ་ཐམས་ཅད་ཆོད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། མཁས་པ་ཤེས་རབ་ཅན་དག་གིས་ཟག་པ་ནི་རྒྱུ་དེ་ལས་སྐྱེ་བར་འགྱུར་རོ་སྙམ་རྟོགས་ནས་བདག་གིས་རྒྱུ་དེ་ཡོངས་སུ་བཅད་ན་ཟག་པ་
Kha383b
མི་སྐྱེ་བར་འགྱུར་རོ་སྙམ་རྟོག་གོ་།རིགས་ཀྱི་བུ། དེའང་ཇི་ལྟར་སྨན་པས་ནད་ཀྱི་རྒྱུ་ཡོངས་སུ་བཅད་ན་ནད་སྐྱེ་བར་མི་འགྱུར་བ་ལྟར་མཁས་པ་ཤེས་རབ་ཅན་བདག་གིས་སྔར་ཉོན་མོངས་པའི་རྒྱུ་བཅད་པའང་དེ་དང་འདྲ་སྟེ། མཁས་པ་ཤེས་རབ་ཅན་ནི་སྔར་རྒྱུ་རྟོག་སྟེ། དེའི་འོག་ཏུ་འབྲས་བུ་རྟོག་གོ་།དགེ་བའི་རྒྱུ་ལས་དགེ་བའི་འབྲས་བུ་སྐྱེ་བ་དང ། མི་དགེ་བའི་རྒྱུ་ལས་མི་དགེ་བའི་འབྲས་བུ་སྐྱེ་བར་ཤིན་ཏུ་རྟོགས་སོ། །འབྲས་བུ་རྟོགས་ནས་མི་དགེ་བའི་རྒྱུ་སྤོང་བར་བྱེད་དོ། །དེ་ལྟར་འབྲས་བུ་བརྟགས་ནས་རིལ་གྱིས་ཉོན་མོངས་པ་སྲབ་པ་དང།་སྟུག་པོ་རྟོག་གོ་།སྲབ་པ་དང ། སྟུག་པོ་བརྟགས་ནས་སྔར་སྟུག་པོ་སྡོང་ངོ ། །དེ་ལྟར་སྟུག་པོ་སྤངས་ན་སྲབ་མོའང་རང་མེད་པར་འགྱུར་རོ། །རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་དག་གིས་དེ་ལྟར་ཉོན་མོངས་པ་དང ། ཉོན་མོངས་པའི་རྒྱུ་དང ། ཉོན་མོངས་པའི་འབྲས་བུ་དང ། ཉོན་མོངས་པ་སྲབ་པ་དང ། སྟུག་པོ་ཤེས་ནས་དེས་དེའི་ཚེ་ཉོན་མོངས་པ་དེ་དག་དགག་པའི་ཕྱིར་བྱང་ཆུབ་ཀྱི་ལམ་ལ་མི་སྡོད། མི་འགྱོད་པར་རབ་ཏུ་བཙོན་ཞིང་དགེ་བའི་བཤེས་གཉེན་ལ་བསྟེན་ཏེ། སེམས་རྩེ་གཅིག་ཏུ་ཆོས་ཉན་ནོ། །རིགས་ཀྱི་བུ། དཔེར་ན། ནད་པ་ཞིག་བདག་གི་ནད་ཡང་ཞིང་གདོན་མི་ཟ་བར་འཚོ་བར་ཤེས་ནས་སྨན་ཁ་བ་རྙེད་ཀྱང་འགྱོད་པ་མེད་པར་འཐུང་བ་ལྟར་མཁས་པ་ཤེས་རབ་ཅན་
Kha384a
༄#། །དག་ཀྱང་དེ་དང་འདྲ་སྟེ། འཕགས་པའི་ལམ་ལ་རབ་ཏུ་བརྩོན་པར་མོས་ཤིང་མྱ་ངན་མི་བྱེད་རྒྱུན་མི་འཆད་དེ། འགྱོད་པར་མི་བྱེད་དོ། །རིགས་ཀྱི་བུ། གང་ཉོན་མོངས་པ་དང ། ཉོན་མོངས་པའི་རྒྱུ་དང ། ཉོན་མོངས་པའི་འབྲས་བུ་རྣམ་པར་སྨིན་པ་དང ། ཉོན་མོངས་པ་སྲབ་མོ་དང་སྟུག་པོ་ཤེས་ནས་ཉོན་མོངས་པ་དེ་དག་བསལ་བའི་ཕྱིར་འཕགས་པའི་ལམ་སྒོམ་པ་ལ་རབ་ཏུ་བརྩོན་ཏེ། དེས་ནི་ཉོན་མོངས་པ་ལས་གཟུགས་སྐྱེ་བ་མ་ཡིན་པ་ནས། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའི་བར་དུའང་དེ་དང་འདྲའོ། །གལ་ཏེ་གང་ཉོན་མོངས་པ་དང ། ཉོན་མོངས་པའི་རྒྱུ་དང ། ཉོན་མོངས་པའི་འབྲས་བུ་རྣམ་པར་སྨིན་པ་དང ། ཉོན་མོངས་པ་སྲབ་མོ་དང་སྟུག་པོ་མི་ཤེས་ཤིང་འཕགས་པའི་ལམ་ལ་མི་བརྩོན་པ་དེ་ནི་ཉོན་མོངས་པ་ལས་གཟུགས་སྐྱེ་བ་མ་ཡིན་པ་ནས་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའི་བར་དུའང་དེ་དང་འདྲའོ། །རིགས་ཀྱི་བུ། གང་ཉོན་མོངས་པ་དང ། ཉོན་མོངས་པའི་རྒྱུ་དང ། ཉོན་མོངས་པའི་འབྲས་བུ་རྣམ་པར་སྨིན་པ་དང ། ཉོན་མོངས་པ་སྲབ་མོ་དང ། སྟུག་པོ་ཤེས་ཤིང་ཉོན་མོངས་པ་བཅད་པའི་ཕྱིར། བྱང་ཆུབ་ལ་ནན་ཏན་བྱེད་པ་ནི་དེ་བཞིན་གཤེགས་པ་ཡིན་ཏེ། དེ་བས་ན་དེ་བཞིན་
Kha384b
གཤེགས་པའི་གཟུགས་ནི་རྟག་པ་སྟེ། རྣམ་པར་ཤེས་པའི་བར་དུའང་རྟག་པའོ། །རིགས་ཀྱི་བུ། གང་ཉོན་མོངས་པ་དང ། ཉོན་མོངས་པའི་རྒྱུ་དང ། ཉོན་མོངས་པའི་འབྲས་བུ་རྣམ་པར་སྨིན་པ་དང ། ཉོན་མོངས་པ་སྲབ་མོ་དང་སྟུག་པོ་མི་ཤེས་ཤིང ། བྱང་ཆུབ་ལ་ནན་ཏན་མི་བྱེད་པ་ནི་བུས་པ་མ་རབས་སོ་སོའི་སྐྱེ་བོ་སྟེ། དེ་བས་ན་བུས་པ་མ་རབས་སོ་སོའི་སྐྱེ་བོའི་གཟུགས་མི་རྟག་པ་ནས་ཚོར་བ་དང ། འདུ་ཤེས་དང ། འདུ་ཤེས་དང ། རྣམ་པར་ཤེས་པའི་བར་དུའང་མི་རྟག་གོ་།རིགས་ཀྱི་བུ། འཇིག་རྟེན་གྱི་མཁས་པ་ཤེས་རབ་ཅན་དང།་འཕགས་པ་དང ། བྱང་ཆུབ་སེམས་དཔའ་དང ། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་དོན་དེ་ལྟར་གཉིས་སུ་བཤད་དེ། ངའང་དེ་ལྟར་གཉིས་སུ་གསུང་ངོ ། །དེ་བས་ན་ངས་བཤད་པ་ནི་འཇིག་རྟེན་གྱི་མཁས་པ་དང་ང་མི་རྩོད་དོ། འཇིག་རྟེན་གྱི་ཆོས་ཀྱིས་མི་གོས་སོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་སྲིད་པ་ཟག་པ་རྣམ་པ་གསུམ་གསུངས་པ་ལ་ཇི་ལྟར་ན་འདོད་པའི་ཟག་པ་དང ། སྲིད་པའི་ཟག་པ་དང ། མ་རིག་པའི་ཟག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། འདོད་པའི་ཟག་པ་ཞེས་བྱ་བ་ནི་ནང་གི་མི་དགེ་བར་རྣམ་པར་རྟོག་པ་དང ། ཕྱི་རོལ་གྱི་རྐྱེན་གྱིས་བསྐྱོད་པས།
Kha385a
༄#། །འདོད་པའི་ཟག་པ་སྐྱེ་བར་འགྱུར་ཏེ། དེ་བས་ན་ངས་སྔོན་གྲོང་ཁྱེར་རྒྱལ་པོའི་ཁབ་ན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགའ་བོ་ཁྱོད་བུ་མོ་འདིས་སྨྲས་པའི་ཚིགས་སུ་བཅད་པ་འདི་གཟུང་ཞིག་།ཚིགས་སུ་བཅད་པ་འདི་ནི་སྔོན་འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ་ཡིན་ནོ། །དེ་བས་ན་ནང་གི་མི་དགེ་བར་རྣམ་པར་རྟོག་པ་དང ། ཕྱི་རོལ་གྱི་རྐྱེན་རྣམས་ནི་འདོད་པ་ཞེས་བྱ་སྟེ། དེ་ནི་འདོད་པའི་ཟག་པའོ། །དེ་ལ་སྲིད་པའི་ཟག་པ་ནི་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ནང་གི་མི་དགེ་བའི་ཆོས་རྣམས་དང ། ཕྱི་རོལ་གྱི་རྒྱུ་རྐྱེན་རྣམས་ཏེ། འདོད་པའི་ཁམས་ཀྱི་ཕྱི་རོལ་གྱི་རྐྱེན་རྣམས་དང ། ནང་གི་མི་དགེ་བར་རྣམ་པར་རྟོག་པ་མ་གཏོགས་པ་དེ་དག་ནི་སྲིད་པའི་ཟག་པའོ། །མ་རིག་པའི་ཟག་པ་ནི་བདག་དང་བདག་གི་བ་མི་ཤེས་ཤིང ། ནང་དང་ཕྱི་རོལ་གྱི་བྱེ་བྲག་མི་ཕྱེད་པ་ནི་མ་རིག་པའི་ཟག་པའོ། །རིགས་ཀྱི་བུ།་མ་རིག་པ་ནི་ཟག་པ་ཐམས་ཅད་ཀྱི་རྩ་བའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ནི་མ་རིག་པའི་རྒྱུ་དང་རྐྱེན་གྱིས་ཕུང་པོ་དང ། སྐྱེ་མཆེད་དང ། ཁམས་ལ་འདུ་ཤེས་ཤིང ། འདུ་ཤེས་འཇོག་པས་སེམས་ཅན་ཞེས་བྱ་སྟེ། དེ་ནི་འདུ་ཤེས་ལོག་པ་དང ། བསམ་པ་ལོག་པ་དང ། ལྟ་བ་ལོག་པ་སྟེ། དེའི་རྒྱུ་དེའི་རྐྱེན་གྱིས་ཟག་པ་
Kha385b
ཐམས་ཅད་བསྐྱེད་དོ། །དེ་བས་ན་ངས་མདོ་སྡེ་སྡེ་བཅུ་གཉིས་ལས་མ་རིག་པ་ནི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་རྒྱུ་ཡིན་ནོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པས་སྔོན་མདོ་སྡེ་སྡེ་བཅུ་གཉིས་ལས་མི་དགེ་བར་རྣམ་པར་རྟོག་པའི་རྒྱུ་དང་རྐྱེན་གྱིས་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་སྐྱེའོ་ཞེས་གསུངས་ན། དེ་ཅིའི་རྒྱུ་ཅིའི་རྐྱེན་གྱིས་མ་རིག་པ་ལས་སྐྱེས་སོ་ཞེས་གསུངས། བཀའ་སྩལ་པ། རིགས་ཀྱི་བུ། འདི་ལྟར་ཆོས་དེ་གཉིས་ནི་གཅིག་གི་རྒྱུ་གཅིག་ཡིན་ལ། གཅིག་གི་འབྲས་བུ་གཅིག་སྟེ། གཅིག་གིས་གཅིག་བསྐྱེད་དོ། །མི་དགེ་བར་རྣམ་པར་རྟོག་པས་མ་རིག་པ་བསྐྱེད་དོ། །མ་རིག་པའི་རྐྱེན་གྱིས་མི་དགེ་བའི་རྟོག་པ་སྐྱེའོ། །རིགས་ཀྱི་བུ། གང་ཉོན་མོངས་པ་རྣམས་བསྐྱེད་པ་ནི། ཀུན་ཀྱང་ཉོན་མོངས་པའི་རྒྱུར་འགྱུར་ཏེ། དེ་ལྟར་ཉོན་མོངས་པའི་རྒྱུ་དང་ཉེ་བའི་རྒྱུ་ནི་མ་རིག་པ་དང ། མི་དགེ་བའི་རྟོག་པ་ཞེས་བྱ་སྟེ། ཇི་ལྟར་འབྲས་བུ་ལས་མྱུ་གུ་སྐྱེ་བ་བཞིན་དུ་འབྲས་བུ་ནི་ཉེ་བའི་རྒྱུའོ། །ཆེན་པོ་བཞི་ནི་རིང་བའི་རྒྱུར་གྱུར་པ་ལྟར་ཉོན་མོངས་པའང་དེ་དང་འདྲའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་ཀྐྱིས་གསུངས་པ་ལྟར་
Kha386a
༄#། །ན།་མ་རིག་པ་ཉིད་ཟག་པའོ་ཞེས་གསུངས་ན། ཅིའི་སླད་དུ་མ་རིག་པའི་རྐྱེན་གྱིས་ཟག་པ་རྣམས་སྐྱེའོ་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཇི་ལྟར་ངས་མ་རིག་པ་ཉིད་ཟག་པར་གསུངས་པ་ནི་ནང་གི་མ་རིག་པའོ། །མ་རིག་པའི་རྒྱུ་ལས་ཟག་པ་རྣམས་སྐྱེ་བ་ནི་ནང་དང་ཕྱི་རོལ་གྱི་རྒྱུའོ། །གང་མ་རིག་པ་ཉིད་ཟག་པར་འཆད་པ་ནི་ནང་གི་ཕྱིན་ཅི་ལོག་པ་ཞེས་བྱ་སྟེ། མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པ་མི་ཤེས་པའོ། །གང་ཉོན་མོངས་པ་ཐམས་ཅད་ཀྱི་རྒྱུར་འཆད་པ་ནི་ཕྱི་རོལ་གྱི་བདག་དང ། བདག་གི་པ་མི་ཤེས་པའོ། །གང་མ་རིག་པ་ཉིད་ཟག་པར་འཆད་པ་ནི་ཐོག་མ་དང་ཐ་མ་མེད་པར་འགྱུར་རོ། །ཇི་ལྟར་ཞེ་ན། མ་རིག་པ་ལས་ཕུང་པོ་དང ། སྐྱེ་མཆེད་དང ། ཁམས་ལ་སོགས་པ་སྐྱེ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་མཁས་པ་ཤེས་རབ་ཅན་གྱིས་ཟག་པའི་རྒྱུ་ཤེས་སོ་ཞེས་བགྱི་བ་ཇི་ལྟར་ན་ཟག་པའི་རྒྱུ་ཤེས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་ནི་འདི་ལྟར་རྟོག་གོ། །ཅིའི་རྒྱུ་ཅིའི་རྐྱེན་ལས་ཉོན་མོངས་པ་འདི་སྐྱེ་བར་འགྱུར། ལས་ཅི་ཞིག་
Kha386b
བྱས་པ་ལས་ཉོན་མོངས་པ་འདི་སྐྱེ་བར་འགྱུར། གང་གི་ཚེ་ན་ཉོན་མོངས་པ་འདི་སྐྱེ་བར་འགྱུར། སུ་དང་ལྷན་ཅིག་ཏུ་གནས་པའི་ཚེ་ན་ཉོན་མོངས་པ་འདི་སྐྱེ་བར་འགྱུར། གང་ན་གནས་པ་ན་ཉོན་མོངས་པ་འདི་སྐྱེ་བར་འགྱུར། དངོས་པོ་ཅི་ལ་བརྟགས་པས་ཉོན་མོངས་པ་འདི་སྐྱེ་བར་འགྱུར། སུའི་གནས་ཁང་དང ། མལ་ཆ་དང ། བསོད་སྙོམས་དང ། གོས་དང ། ནད་ཀྱི་རྐྱེན་སྨན་ལ་སོགས་པ་བསླངས་པས་ཉོན་མོངས་པ་འདི་སྐྱེ་བར་འགྱུར། ཅིའི་རྒྱུ་ཅིའི་རྐྱེན་གྱིས་ཐ་མ་ལས་འབྲིང་དུ་འགྱུར། འབྲིང་ལས་རབ་ཏུ་འགྱུར། ལས་ཐ་མ་ལས་འབྲིང་དུ་འགྱུར། ལས་འབྲིང་ལས་རབ་ཏུ་གྱུར་སྙམ་ཡོངས་སུ་རྟོག་གོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་རྟོག་པ་དང ། སྐྱེ་བའི་ཟག་པའི་རྒྱུ་དང ། རྐྱེན་ཡོངས་སུ་སྤོང་པར་འགྱུར་རོ། །དེ་ལྟར་རྟོགས་པ་ན་ཉོན་མོངས་པ་མ་སྐྱེས་པ་ནི་བཀག་ནས་སྐྱེ་བར་མི་བྱེད། ཉོན་མོངས་པ་སྐྱེས་པ་ནི་ཐབས་ཀྱིས་འགག་པར་བྱེད་དེ། དེ་བས་ན་ངས་མདོ་སྡེ་ལས་མཁས་པ་ཤེས་རབ་ཅན་གྱིས་ཉོན་མོངས་པ་སྐྱེ་བའི་རྒྱུ་བརྟག་པར་བྱའོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་སེམས་ཅན་གྱི་ལུས་གཅིག་ལས་ཉོན་མོངས་པ་རྣམ་པ་སྣ་ཚོགས་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་
Kha387a
༄#། །ཀྱི་བུ། དཔེར་ན། སྣོད་གཅིག་གི་ནང་ན་ས་བོན་སྣ་ཚོགས་ཡོད་ན། ཆུའམ་ཆར་པ་དང་ཕྲད་ནས་སོ་སོར་སྐྱེ་བ་ལྟར་སེམས་ཅན་ཡང་དེ་དང་འདྲ་སྟེ། སྣོད་གཅིག་མོད་ཀྱི་སྲེད་པའི་རྒྱུ་དང་རྐྱེན་གྱིས་ཉོན་མོངས་པ་རྣམ་པ་སྣ་ཚོགས་སྐྱེ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། མཁས་པ་ཤེས་རབ་ཅན་གྱིས་ཇི་ལྟར་འབྲས་བུ་རྣམ་པར་སྨིན་པ་ལ་རྟོག་།བཀའ་སྩལ་པ། རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་ནི་འདི་ལྟར་ཟག་པ་རྣམས་ཀྱི་རྒྱུ་དང་རྐྱེན་གྱིས་སེམས་ཅན་དམྱལ་བ་དང ། བྱོལ་སོང་གི་སྐྱེ་གནས་དང ། ཡི་དྭགས་སུ་སྐྱེ་བར་འགྱུར་ལ། ཟག་པ་མེད་པའི་རྒྱུ་དང་རྐྱེན་གྱིས་ལྷ་དང་མིའི་ལུས་ཐོབ་སྟེ། དེ་དག་ཀྱང་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པ་ཡིན་ནོ། །ལུས་ཀྱི་སྣོད་འདི་ལས་སྡུག་བསྔལ་རྣམ་པ་གསུམ་དང།་མི་རྟག་པ་རྣམ་པ་གསུམ་ཐོབ་སྟེ། ཟག་པ་འདིའི་རྒྱུ་དང་རྐྱེན་གྱིས་སེམས་ཅན་རྣམས་མཚམས་མེད་པ་ལྔའི་ཁ་ན་མ་ཐོ་བ་བྱེད་ཅིང་ངན་སོང་གི་འབྲས་བུ་རྣམ་པར་སྨིན་པ་མྱོང་བ་དང ། དགེ་བའི་རྩ་བ་གཅོད་ཅིང་རྩ་བ་བཞི་འཇིག་པ་དང ། དཀོན་མཆོག་གསུམ་ལ་སྐུར་བར་འགྱུར་རོ་ཞེས་ཡོངས་སུ་རྟོག་གོ་།མཁས་པ་ཤེས་རབ་ཅན་ནི་
Kha387b
འདི་ལྟར་བདག་གི་ལུས་ཐོབ་པ་འདིས་ཉོན་མོངས་པ་བསྐྱེད་དེ། ངན་སོང་གི་འབྲས་བུ་རྣམས་ལེན་པའི་མི་རིགས་སོ་སྙམ་ཡོངས་སུ་རྟོག་གོ་།བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་གསོལ་པ། བཅོམ་ལྡན་འདས། ཟག་པ་མེད་པའི་འབྲས་བུ་མཆིས་ཞེས་ཀྱང་གསུངས་ལ། མཁས་པ་ཤེས་རབ་ཅན་གྱིས་འབྲས་བུ་རྣམ་པར་སྨིན་པ་རྣམས་ཡོངས་སུ་གཅོད་དོ་ཞེས་ཀྱང་གསུངས་ན། ཟག་པ་མེད་པའི་འབྲས་བུ་ཡོངས་སུ་བཅད་པ་ལ་གཏོགས་སམ། བྱང་ཆུབ་ཐོབ་པ་རྣམས་ལ་ཟག་པ་མེད་པའི་འབྲས་བུ་མཆིས་པས་མཁས་པ་ཤེས་རབ་ཅན་གྱིས་ཟག་པ་མེད་པའི་འབྲས་བུ་འཚོལ་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་མཁས་པ་ཤེས་རབ་ཅན་རྣམས་ཀྱིས་རྣམ་པར་སྨིན་པའི་འབྲས་བུ་ཡོངས་སུ་གཅད་པར་བྱའོ་ཞེས་གསུངས། དེ་ལྟར་བཅད་པ་ཞིག་ལགས་ན། ད་ལྟར་གྱི་འཕགས་པ་རྣམས་མཆིས་ཞེས་བགྱིར་རུང་ངམ། བཀའ་སྩལ་པ། རིགས་ཀྱི་བུ། དེ་བཞིན་གཤེགས་པས་ཆེད་འགའ་ནི་རྒྱུ་ལ་འབྲས་བུར་གསུངས། ཆེད་འགའ་ནི་འབྲས་བུ་ལ་རྒྱུར་གསུངས་ཏེ། ཇི་ལྟར་འཇིག་རྟེན་པས་འཇིམ་པ་ཉིད་རྫ་མའོ། །སྐུད་པ་ཉིད་གོས་སོ་ཞེས་ཟེར་བ་དང་མཚུངས་ཏེ། དེ་ནི་རྒྱུ་ལ་འབྲས་བུར་བཤད་པའོ། །འབྲས་བུ་ལ་རྒྱུར་བཤད་པ་ནི་བ་ལང་ཉིད་ཆུ་དང་རྩཝ་སྟེ། མིའང་ཟས་ཡིན་ནོ་ཞེས་བཤད་
Kha388a
༄#། །པ་ལྟ་བུའོ། །ངས་ཀྱང་དེ་ལྟར་རྒྱུ་ལ་འབྲས་བུར་བཤད་དེ། སྔར་མདོ་སྡེ་ལས་འདི་སྐད་དུ། ངས་ལུས་དང་སེམས་ཀྱིས་ཚངས་པའི་གནས་སུ་འགྲོའོ་ཞེས་བྱ་བ་ནི་རྒྱུ་ལ་འབྲས་བུར་བཤད་པའོ། །འབྲས་བུ་ལ་རྒྱུར་བཤད་པ་ནི་སྐྱེ་མཆེད་དྲུག་པོ་འདི་ཉིད་སྔོན་གྱི་ལས་ཡིན་ནོ་ཞེས་བྱ་བ་ནི་འབྲས་བུ་ལ་རྒྱུར་བཤད་པའོ། །རིགས་ཀྱི་བུ། འཕགས་པ་ཐམས་ཅད་ལ་ཡང་དག་པར་ན་ཟག་པ་མེད་པའི་འབྲས་བུ་མེད་དེ། འཕགས་པ་ཐམས་ཅད་ཀྱིས་ཡོངས་སུ་བསྒོམས་པའི་འབྲས་བུ་ཟག་པ་མི་སྐྱེ་སྟེ། དེ་བས་ན་ཟག་པ་མེད་པའི་འབྲས་བུ་ཞེས་བྱའོ། །རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་གྱིས་དེ་ལྟར་རྟོག་པ་ན་ཉོན་མོངས་པའི་འབྲས་བུ་རྣམ་པར་སྨིན་པ་ཡོངས་སུ་ཟད་པར་འགྱུར་རོ། །རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་གྱིས་དེ་ལྟར་ཉོན་མོངས་པའི་འབྲས་བུ་ཡོངས་སུ་གཅད་པའི་ཕྱིར་འཕགས་པའི་ལམ་བསྒོམ་མོ། །དེ་ལ་འཕགས་པའི་ལམ་ནི་སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པའོ། །འཕགས་པའི་ལམ་དེ་དག་བསྒོམས་ན། ཉོན་མོངས་པའི་འབྲས་བུ་ཐམས་ཅད་ཡོངས་སུ་ཟད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སེམས་ཅན་ཐམས་ཅད་ནི་
Kha388b
ཉོན་མོངས་པ་ལས་འབྲས་བུ་རྣམ་པར་སྨིན་པར་འགྱུར་ཏེ། ཉོན་མོངས་པ་ནི་མི་དགེ་བའོ། །མི་དགེ་བའི་ཉོན་མོངས་པ་ལས་ཉོན་མོངས་པ་སྐྱེ་བའང་མི་དགེ་བ་ཞེས་བྱ་སྟེ། དེ་ལྟར་ཉོན་མོངས་པ་དེ་ལ་རྒྱུ་དང་འབྲས་བུ་སྟེ། རྣམ་པ་གཉིས་ཡོད་དོ། །རྒྱུ་མི་དགེ་བའི་ཕྱིར་འབྲས་བུ་མི་དགེ་ལ། འབྲས་བུ་མི་དགེ་བའི་ཕྱིར་ས་བོན་མི་དགེ་སྟེ། ཇི་ལྟར་ནིམ་པ་ཞེས་བྱ་བ་འབྲས་བུ་ཁ་བའི་ཕྱིར་ས་བོན་དང ། མེ་ཏོག་དང ། སྡོང་བུ་དང ། ལོ་མ་ལ་སོགས་པ་ཐམས་ཅད་ཁའོ། །ཇི་ལྟར་དུག་གི་སྡོང་པོ་ས་བོན་གདུག་པས་འབྲས་བུའང་གདུག་པ་བཞིན་དུ། རྒྱུའང་སེམས་ཅན་ལགས་ལ། འབྲས་བུའང་སེམས་ཅན་ལགས་ཏེ། རྒྱུའང་ཉོན་མོངས་པ་ལགས་ལ། འབྲས་བུའང་ཉོན་མོངས་པ་ལགས་ཏེ། ཉོན་མོངས་པའི་རྒྱུ་དང་འབྲས་བུ་ཉིད་སེམས་ཅན་ལགས་ལ། སེམས་ཅན་ཉིད་ཀྱང་ཉོན་མོངས་པའི་རྒྱུ་དང་འབྲས་བུ་ལགས་ཏེ། དེ་ལྟ་བུ་ལགས་ན། ཅིའི་སླད་དུ་དེ་བཞིན་གཤེགས་པས་རི་ཁ་བ་ཅན་ལ་རྩཝ་གདུག་པ་དང ། སྨན་གྱི་རྒྱལ་པོ་དམ་པའང་མཆིས་སོ་ཞེས་གསུངས། གལ་ཏེ་ཉོན་མོངས་པ་ཉིད་སེམས་ཅན་ལགས་ལ། སེམས་ཅན་ཉིད་ཉོན་མོངས་པ་ལགས་ན་ཅིའི་སླད་དུ་སེམས་ཅན་གྱི་ལུས་ལ་སྨན་གྱི་རྒྱལ་པོ་དམ་པ་མཆིས་སོ་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །རིགས་
Kha389a
༄#། །ཀྱི་བུ། སེམས་ཅན་ཚད་མེད་པ་སྙེད་ཀྱང་དེ་ལྟར་ཐེ་ཚོམ་ཟ་སྟེ། ཁྱོད་ཀྱིས་ཐེ་ཚོམ་དགྲོལ་བར་གསོལ་ན། ངས་ཀྱང་གཅོད་ནུས་ཀྱི། ཤིན་ཏུ་ཡིད་ལ་བྱས་ཏེ་བརྟགས་པར་ཉོན་ཅིག་དང ། རབ་ཏུ་ཕྱེ་སྟེ་དགྲོལ་བར་བྱའོ། །རིགས་ཀྱི་བུ། རི་ཁ་བ་ཅན་ཞེས་བྱ་བ་ནི་སེམས་ཅན་ལྟ་བུའོ། །རྩཝ་གདུག་པ་ཞེས་བྱ་བ་ནི་ཉོན་མོངས་པ་ལྟ་བུའོ། ། སྨན་གྱི་རྒྱལ་པོ་དམ་པ་ཞེས་བྱ་བ་ནི་ཚངས་པར་སྤྱད་པ་ལྟ་བུ་སྟེ། རིགས་ཀྱི་བུ། སེམས་ཅན་གང་དེ་ལྟར་ཚངས་པར་སྤྱོད་པ་ནི་ལུས་ལ་སྨན་གྱི་རྒྱལ་པོ་དམ་པ་ཡོད་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་གསོལ་པ། བཅོམ་ལྡན་འདས། སེམས་ཅན་ལ་ཚངས་པར་སྤྱོད་པ་མཆིས་ཞེས་བགྱི་བ་ཇི་ལྟ་བུ་ལགས། བཀའ་སྩལ་པ།་རིགས་ཀྱི་བུ། ཇི་ལྟར་འཇིག་རྟེན་ན་ས་བོན་ལ་འབྲས་བུ་སྐྱེའོ། །འབྲས་བུ་དེ་ལ་ཁ་ཅིག་ནི་ས་བོན་གྱི་རྒྱུར་འགྱུར་བའང་ཡོད་ལ། མི་འགྱུར་བའང་ཡོད་དེ། གང་ས་བོན་གྱི་རྒྱུར་འགྱུར་བ་ནི་འབྲས་བུ་དང ། ས་བོན་ཞེས་བྱའོ། །གང་མི་འགྱུར་བ་ནི་འབྲས་བུ་ཞེས་བྱ་སྟེ། ས་བོན་ཞེས་མི་བྱ་བ་ལྟར་སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་བར་རྒྱུ་རྣམ་པ་གཉིས་ཏེ། གང་ཞེ་ན། ཉོན་མོངས་པའི་འབྲས་བུ་ཁ་ཅིག་ཉོན་མོངས་པའི་རྒྱུར་འགྱུར་བ་དང ། ཉོན་མོངས་པའི་འབྲས་བུ་ཁ་ཅིག་ཉོན་མོངས་པའི་རྒྱུར་མི་འགྱུར་
Kha389b
བ་སྟེ། གང་ཉོན་མོངས་པའི་འབྲས་བུ་ཡིན་ལ། ཉོན་མོངས་པའི་རྒྱུར་མི་འགྱུར་བ་དེ་ནི་ཚངས་པར་སྤྱོད་པ་ཞེས་བྱའོ། །རིགས་ཀྱི་བུ། སེམས་ཅན་རྣམས་ཀྱི་ཚོར་བ་ནི་ཟག་པ་ཐམས་ཅད་ཀྱི་ཉེ་བའི་རྒྱུ་ཡིན་པར་རྟོགས་ཤིང་ཤེས་སོ། །འདི་ལྟ་སྟེ། ནང་དང་ཕྱི་རོལ་གྱི་ཟག་པའོ། །ཚོར་བའི་རྐྱེན་གྱིས་ཟག་པ་ཐམས་ཅད་གཅོད་པར་མི་ནུས་ཏེ། ཁམས་གསུམ་གྱི་བཙོན་ར་ལས་ཀྱང་ཐར་པར་མི་ནུས་སོ། །སེམས་ཅན་རྣམས་ནི་ཚོར་བའི་རྐྱེན་གྱིས་བདག་དང་བདག་གི་བ་ལ་ཆགས་པ་སེམས་ཕྱིན་ཅི་ལོག་པ་དང ། འདུ་ཤེས་ཕྱིན་ཅི་ལོག་པ་དང ། ལྟ་བ་ཕྱིན་ཅི་ལོག་པ་སྐྱེ་བར་འགྱུར་ཏེ། དེ་བས་ན་སེམས་ཅན་རྣམས་ཀྱིས་སྔར་ཚོར་བ་བརྟག་གོ། །དེ་ལྟར་ཚོར་བ་དེ་ནི་སྲེད་པ་ཐམས་ཅད་ཀྱི་ཉེ་བའི་རྒྱུར་འགྱུར་ཏེ། དེ་བས་ན་མཁས་པ་ཤེས་རབ་ཅན་གྱིས་སྲེད་པ་གཅོད་པར་འདོད་ན། སྔར་ཚོར་བ་བརྟག་གོ། །རིགས་ཀྱི་བུ། སེམས་ཅན་ཐམས་ཅད་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ཀྱིས་དགེ་བ་དང་མི་དགེ་བ་བྱེད་པ་ཐམས་ཅད་ནི་ཚོར་བའི་དུས་ལ་བྱས་ཏེ། དེ་བས་ན་ངས་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགའ་བོ། སེམས་ཅན་ཐམས་ཅད་ཀྱིས་དགེ་བ་དང་མི་དགེ་བ་བྱེད་པ་ནི་ཀུན་ཀྱང་ཚོར་བའི་དུས་ལ་བྱས་ཏེ། དེ་བས་ན་མཁས་པ་ཤེས་རབ་ཅན་གྱིས་ཐོག་མ་ཚོར་བ་བརྟག་གོ་།ཚོར་བ་རྟོགས་ནས་གཞན་ཡང་ཚོར་བ་འདི་ཅིའི་རྒྱུ་ཅིའི་རྐྱེན་ལས་སྐྱེ་
Kha390a
༄#། །བ་བརྟག་གོ་།གལ་ཏེ་རྒྱུ་དང་རྐྱེན་ལས་སྐྱེས་ན། རྒྱུ་དང་རྐྱེན་དེ་ཉིད་ཀྱང་ཅི་ལས་སྐྱེས། གལ་ཏེ་སྐྱེ་བའི་རྒྱུ་མེད་ན། རྒྱུ་མེད་པ་ལས་ཅིའི་ཕྱིར་ཚོར་བ་མེད་པ་མ་སྐྱེས། གཞན་ཡང་ཚོར་བ་འདི་ནི་དབང་ཕྱུག་གི་རྒྱུ་ལས་མ་སྐྱེས། སྐྱེས་བུ་ལས་མ་སྐྱེས། རྡུལ་ཕྲ་རབ་ལས་མ་སྐྱེས། དུས་ཀྱིས་སྐྱེ་བ་མ་ཡིན། འདུ་ཤེས་ལས་མ་སྐྱེས། རང་བཞིན་ལས་མ་སྐྱེས། བདག་ལས་མ་སྐྱེས། གཞན་ལས་མ་སྐྱེས། བདག་དང་གཞན་ལས་སྐྱེ་བ་མ་ཡིན། རྒྱུ་མེད་པ་ལས་སྐྱེ་བ་མ་ཡིན་ཏེ། ཚོར་བ་དེ་ནི་རྐྱེན་ཚོགས་པ་ལས་སྐྱེ་བར་འགྱུར་ཏེ། རྒྱུ་རྐྱེན་དེ་ནི་སྲེད་པའོ། །རྐྱེན་ཚོགས་པ་དེ་ལ་ཚོར་བ་ཡོད་པ་མ་ཡིན། མེད་པ་མ་ཡིན་པར་རྟོགས་ཏེ། དེ་བས་ན་ངས་རྐྱེན་ཚོགས་པ་བཅད་དོ། །རྐྱེན་ཚོགས་པ་བཅད་པའི་ཕྱིར་ཚོར་བ་མི་སྐྱེའོ་སྙམ་རྟོག་གོ་།རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་གྱིས་རྒྱུ་རྟོགས་ན། འབྲས་བུ་རྣམ་པར་སྨིན་པ་ལ་རྟོག་སྟེ། སེམས་ཅན་རྣམས་ཀྱི་ཚོར་བའི་རྐྱེན་གྱིས་སེམས་ཅན་དམྱལ་བ་དང ། བྱོལ་སོང་གི་སྐྱེ་གནས་དང ། ཡི་དྭགས་ཀྱི་ལུས་མྱོང་སྟེ། ཁམས་གསུམ་ན་སྡུག་བསྔལ་ཚད་མེད་པ་སྙེད་ལེན་ཏོ། །ཚོར་བའི་རྐྱེན་གྱིས་མི་རྟག་པའི་བདེ་བ་ལེན་ཏོ། །ཚོར་བའི་རྐྱེན་གྱིས་བདེ་བའི་རྩ་བ་གཅོད་དོ། །ཚོར་བའི་རྐྱེན་གྱིས་རྣམ་
Kha390b
པར་གྲོལ་བ་ཐོབ་པར་འགྱུར་ཏེ། དེ་ལྟར་རྟོག་པ་ན་ཚོར་བའི་རྐྱེན་མི་བྱེད་དོ། །ཇི་ལྟར་ན་ཚོར་བའི་རྐྱེན་མི་བྱེད་པ་ཞེ་ན། འདི་ལྟ་སྟེ། ཚོར་བ་གང་དག་ནི་སྲེད་པ་བྱེད་པར་འགྱུར། སྲེད་པ་གང་དག་ནི་ཚོར་བ་བྱེད་པར་འགྱུར་བ་རྣམ་པར་འབྱེད་པའོ། །རིགས་ཀྱི་བུ། སེམས་ཅན་གང་དེ་ལྟར་སྲེད་པའི་རྒྱུ་དང ། ཚོར་བའི་རྒྱུ་རབ་ཏུ་རྟོགས་ན། བདག་དང་བདག་གི་བ་ཡོངས་སུ་གཅོད་པར་འགྱུར་རོ། །རིགས་ཀྱི་བུ། གང་གིས་དེ་ལྟར་རབ་ཏུ་རྟོགས་པ་ནི་སྲེད་པ་དང ། ཚོར་བ་གཉིས་གང་ནས་གང་དུ་འགོག་པར་རབ་ཏུ་རྟོགས་ཏེ། ཚོར་བ་དང་སྲེད་པ་ཅུང་ཟད་འགོག་པའི་གནས་མཐོང་བས་མཐར་འགོག་པའང་ཡོད་པར་རིག་ནས། དེའི་ཚེ་རྣམ་པར་གྲོལ་བ་ལ་དད་པ་སྐྱེའོ། །དད་པའི་སེམས་བསྐྱེད་ནས་རྣམ་པར་གྲོལ་བའི་གནས་ཅིའི་རྒྱུ་ལས་ཐོབ་པར་འགྱུར་སྙམ་རྟོག་སྟེ། དེ་ནི་འཕགས་པའི་ལམ་བརྒྱད་ཀྱིས་ཐོབ་པར་རིག་ནས། དེ་ནས་རབ་ཏུ་སྒོམ་པར་བྱེད་དོ། །ཇི་ལྟར་ན་འཕགས་པའི་ལམ་བརྒྱད་ཅེ་ན། ལམ་དེས་ཚོར་བ་ལ་རྟོག་པ་ན་མཚན་ཉིད་རྣམ་པ་གསུམ་སྟེ། སྡུག་བསྔལ་དང ། བདེ་བ་དང ། སྡུག་བསྔལ་མ་ཡིན་ལ་བདེ་བ་མ་ཡིན་པ་སྟེ། རྣམ་པ་དེ་གསུམ་ཆར་ཡང་ལུས་དང་སེམས་སྐྱེད་པར་ནུས་སོ། །ཅིའི་རྒྱུ་ཅིའི་རྐྱེན་གྱིས་སྐྱེད་པར་འགྱུར་ཞེ་ན། རེག་པའི་རྐྱེན་ལས་སོ། །རེག་པ་དེ་ལའང་རྣམ་པ་གསུམ་མོ། །མ་རིག་པའི་
Kha391a
༄#། །རེག་པ་དང ། རིག་པའི་རེག་པ་དང ། རིག་པ་མ་ཡིན་མ་རིག་པ་མ་ཡིན་པའི་རེག་པའོ། །དེ་ལ་རིག་པའི་རེག་པ་ཞེས་བྱ་བ་ནི་འཕགས་པའི་ལམ་བརྒྱད་དོ། །རེག་པ་ལྷག་མ་གཉིས་ནི་ལུས་དང ། སེམས་དང ། ཚོར་བ་རྣམ་པ་གསུམ་སྐྱེད་པ་སྟེ། དེ་བས་ན་ངས་རེག་པའི་རྒྱུ་རྣམ་པ་གཉིས་གཅད་པར་བྱའོ། །རེག་པ་བཅད་ན་ཚོར་པ་རྣམ་པ་གསུམ་ཡང་མི་སྐྱེའོ། །རིགས་ཀྱི་བུ། དེ་ལྟར་ཚོར་བ་དེ་ནི་རྒྱུ་ཞེས་ཀྱང་བྱ་ལ། འབྲས་བུ་ཞེས་ཀྱང་བྱ་སྟེ། མཁས་པ་ཤེས་རབ་ཅན་གྱིས་ཀྱང་རྒྱུ་དང་འབྲས་བུར་རྟོག་གོ ། དེ་ཇི་ལྟར་རྒྱུ་ཞེ་ན། ཚོར་བའི་རྒྱུ་ལས་སྲེད་པ་སྐྱེ་བ་ནི་རྒྱུ་ཞེས་བྱའོ། །ཇི་ལྟར་འབྲས་བུ་ཞེ་ན། རེག་པ་ལས་སྐྱེ་བའི་ཕྱིར་འབྲས་བུ་ཞེས་བྱ་སྟེ། དེ་བས་ན་ཚོར་བ་འདི་ནི་རྒྱུའང་ཡིན་ལ་འབྲས་བུའང་ཡིན་ནོ། །མཁས་པ་ཤེས་རབ་ཅན་གྱིས་ཚོར་བ་དེ་ལ་དེ་ལྟར་བརྟགས་ནས་རིམ་གྱིས་སྲེད་པ་རྟོག་སྟེ། ཚོར་བའི་འབྲས་བུ་རྣམ་པར་སྨིན་པ་ནི་སྲེད་པ་ཞེས་བྱའོ། །མཁས་པ་ཤེས་རབ་ཅན་གྱིས་སྲེད་པ་རྟོག་པ་ལའང་རྣམ་པ་གཉིས་ཏེ། ཟས་སྣ་ཚོགས་དང ། ཟས་མེད་པའོ། །དེ་ལ་ཟས་སྣ་ཚོགས་ཀྱི་སྲེད་པ་ནི་སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། སྲིད་པ་ཐམས་ཅད་ཀྱི་རྒྱུར་འགྱུར་རོ། །ཟས་མེད་པའི་སྲེད་པ་ནི་སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། སྲིད་པ་ཐམས་ཅད་གཅོད་
Kha391b
བར་འགྱུར་ཏེ། ཟག་པ་མེད་པའི་ལམ་ལ་སྲེད་ཅིང་ཆགས་སོ། །མཁས་པ་ཤེས་རབ་ཅན་གྱིས་ཀྱང་འདི་སྙམ་དུ་གལ་ཏེ། བདག་གིས་ཟས་སྣ་ཚོགས་ཀྱི་སྲེད་པ་བསྐྱེད་ན། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་གཅོད་པར་མི་ནུས་ཏེ། བདག་གིས་ཟག་པ་མེད་པའི་ལམ་ལ་ཆགས་ཀྱང་ཚོར་བའི་རྒྱུ་མ་བཅད་ན། ཟག་པ་མེད་པའི་ལམ་གྱི་འབྲས་བུ་ཐོབ་པར་མི་འགྱུར་ཏེ། དེ་བས་ན་སྔར་རེག་པ་གཅད་པར་བྱའོ་སྙམ་སེམས་སོ། །རེག་པ་བཅད་ནས་ཚོར་བའང་རང་འགག་གོ། །ཚོར་བ་འགགས་ནས་སྲེད་པའང་ཡོངས་སུ་འགག་གོ་སྙམ་སེམས་ཏེ། དེ་ནི་འཕགས་པའི་ལམ་བརྒྱད་ཅེས་བྱའོ། །རིགས་ཀྱི་བུ། གལ་ཏེ་སེམས་ཅན་གང་དེ་ལྟར་རྟོགས་ན་ལུས་གདུག་པ་དང་བཅས་མོད་ཀྱི། དེ་ལ་སྨན་གྱི་རྒྱལ་པོ་དམ་པའང་ཡོད་དེ། ཇི་ལྟར་རི་ཁ་བ་ཅན་ལ་རྩཝ་གདུག་པ་ཡོད་མོད་ཀྱི། སྨན་དམ་པའང་ཡོད་པ་བཞིན་ནོ། །རིགས་ཀྱི་བུ། དེ་ལྟར་སེམས་ཅན་དག་ཀྱང་ཉོན་མོངས་པ་ལས་འབྲས་བུ་རྣམ་པར་སྨིན་པ་ཐོབ་མོད་ཀྱི། འབྲས་བུ་རྣམ་པར་སྨིན་པ་དེ་ཕྱིར་ཉོན་མོངས་པའི་རྒྱུར་མི་འགྱུར་བར་བྱེད་དེ། དེ་ནི་ཚངས་པར་སྤྱོད་པ་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་གྱིས་ཚོར་བ་དང ། སྲེད་པ་གཉིས་ཅིའི་རྒྱུ་ལས་སྐྱེ་སྙམ་བརྟགས་ན། འདུ་ཤེས་ཀྱི་རྒྱུ་ལས་སྐྱེ་བར་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན།
Kha392a
༄#། །སེམས་ཅན་གྱིས་གཟུགས་མཐོང་ནའང་འདོད་པ་མི་སྐྱེ། ཚོར་བ་རྟོགས་པའི་ཚེའང་འདོད་པ་མི་སྐྱེ་ལ། གལ་ཏེ་གཟུགས་ལ་ཕྱིན་ཅི་ལོག་ཏུ་འདུ་ཤེས་བསྐྱེད་དེ།་གཟུགས་ལ་ནི་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པར་ལྟ། ཚོར་བ་ལ་ནི་རྟག་པ། མི་འགྱུར་མི་འཕོ་བར་ལྟ་བའོ། །དེ་ལྟར་འདུ་ཤེས་ལོག་པའི་ཕྱིར་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་སྐྱེ་བར་འགྱུར་ཏེ། དེ་བས་ན་མཁས་པ་ཤེས་རབ་ཅན་གྱིས་འདུ་ཤེས་བརྟག་པར་བྱའོ། །དེ་ལ་འདུ་ཤེས་ཇི་ལྟར་བརྟག་ཅེ་ན། འདི་སྙམ་དུ་སེམས་ཅན་ཐམས་ཅད་འཕགས་པའི་ལམ་མ་ཐོབ་པས། ཀུན་ལ་འདུ་ཤེས་ལོག་པ་ཡོད་དོ་སྙམ་དུ་སེམས་སོ། །ཇི་ལྟར་འདུ་ཤེས་ལོག་པ་ཞེ་ན། རྟག་པ་མ་ཡིན་པ་ལ་རྟག་པའི་འདུ་ཤེས་བསྐྱེད་པ་དང ། བདེ་བ་མེད་པ་ལ་བདེ་བའི་འདུ་ཤེས་བསྐྱེད་པ་དང ། མ་དག་པ་ལ་དག་པའི་འདུ་ཤེས་བསྐྱེད་པ་དང ། སྟོང་པའི་ཆོས་ལ་བདག་ཏུ་འདུ་ཤེས་བསྐྱེད་པ་དང ། སྐྱེས་པ་དང ། བུད་མེད་དང ། ཆེན་པོ་དང ། ཆུང་ངུ་དང ། ཉིན་མཚན་དང ། ལོ་དང ། ཟླ་བ་དང ། གོས་དང ། གནས་ཁང་དང ། མལ་ཆ་མ་ཡིན་པ་ལ་སྐྱེས་པ་དང ། བུད་མེད་དང ། མལ་ཆའི་བར་དུ་འདུ་ཤེས་བསྐྱེད་པའོ། །འདུ་ཤེས་དེའང་རྣམ་པ་གསུམ་སྟེ། ཆུང་ངུ་དང ། ཆེན་པོ་དང ། མཐའ་
Kha392b
མེད་པའོ། །དེ་ལ་ཆུང་བའི་རྒྱུས་ནི་འདུ་ཤེས་ཆུང་ངུར་བསྐྱེད། ཆེ་བའི་རྒྱུས་ནི་འདུ་ཤེས་ཆེན་པོར་བསྐྱེད། མཐའ་ཡས་པའི་རྒྱུས་ནི་འདུ་ཤེས་མཐའ་ཡས་པར་བསྐྱེད་དོ། །ཡང་འདུ་ཤེས་ཆུང་ངུ་ཡོད་དེ། འདི་ལྟར་ཏིང་ངེ་འཛིན་དུ་མ་ཞུགས་པའོ། །འདུ་ཤེས་ཆེན་པོ་ནི་ཏིང་ངེ་འཛིན་དུ་ཞུགས་པའོ། །ཡང་མཐའ་ཡས་པའི་འདུ་ཤེས་ནི་ཀུན་ཏུ་འགྲོ་བ་བཅུའོ། ། ཡང་འདུ་ཤེས་ཆུང་ངུ་ནི་འདི་ལྟ་སྟེ། འདོད་པའི་ཁམས་ཀྱི་འདུ་ཤེས་ལ་སོགས་པའོ། །ཡང་འདུ་ཤེས་ཆེན་པོ་ནི་གཟུགས་ཀྱི་ཁམས་ཀྱི་འདུ་ཤེས་ལ་སོགས་པའོ། །ཡང་མཐའ་ཡས་པའི་འདུ་ཤེས་ནི་གཟུགས་མེད་པའི་ཁམས་ཀྱི་འདུ་ཤེས་ལ་སོགས་པ་སྟེ། འདུ་ཤེས་རྣམ་པ་གསུམ་འགགས་ན་ཚོར་བའང་རང་འགག་གོ། །འདུ་ཤེས་དང ། ཚོར་བ་འགགས་པས་རྣམ་པར་གྲོལ་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཆོས་ཐམས་ཅད་འགགས་པས་རྣམ་པར་གྲོལ་བ་ཞེས་བགྱི་ན། དེ་བཞིན་གཤེགས་པས་ཅིའི་སླད་དུ་འདུ་ཤེས་དང་ཚོར་བ་འགགས་ན་རྣམ་པར་གྲོལ་བའོ་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་བཞིན་གཤེགས་པས་བར་བར་ནི་སེམས་ཅན་གྱི་རྐྱེན་གྱིས་ཆོས་བསྟན་ཏེ། གང་ཐོས་པས་ཆོས་ཤེས་སོ། །བར་བར་ནི་
Kha393a
༄#། །ཆོས་ཀྱི་རྐྱེན་གྱིས་སེམས་ཅན་བསྟན་ཏེ། གང་ཐོས་པས་སེམས་ཅན་བཤད་པར་ཤེས་སོ། །དེ་ལ་ཇི་ལྟར་ན་སེམས་ཅན་གྱི་རྐྱེན་གྱིས་བསྟན་ཏེ། གང་ཐོས་པས་ཆོས་ཤེས་པ་ཞེ་ན། ཇི་ལྟར་ངས་སྔོན་འོད་སྲུང་ཆེན་པོ་ལ་བཤད་པ་བཞིན་ཏེ། འོད་སྲུང ། སེམས་ཅན་འགགས་པ་ན་དགེ་བའི་ཆོས་ཀྱང་འགག་གོ། ཞེས་བྱ་བ་ནི་སེམས་ཅན་གྱི་རྐྱེན་གྱིས་བསྟན་པས་གང་ཐོས་པས་ཆོས་ཤེས་པ་ཞེས་བྱའོ། །ཇི་ལྟར་ན་ཆོས་ཀྱི་རྐྱེན་གྱིས་སེམས་ཅན་བསྟན་ཏེ། གང་ཐོས་པས་སེམས་ཅན་བསྟན་པར་ཤེས་པ་ཞེ་ན། ཇི་ལྟར་ངས་སྔོན་དགའ་བོ་ལ་འདི་སྐད་དུ། ཆོས་ཐམས་ཅད་ལ་བསྙེན་པར་ཡང་མ་བཤད། ཆོས་ཐམས་ཅད་ལ་མི་བསྙེན་པར་ཡང་མ་བཤད་དེ། ཆོས་གང་བསྙེན་པས་དགེ་བའི་ཆོས་ནི་རྒྱུད་པར་འགྱུར་ལ། མི་དགེ་བ་ནི་དར་བར་འགྱུར་ན། དེ་ལྟ་བུའི་ཆོས་ལ་ནི་བསྙེན་པར་མི་བྱའོ། །ཆོས་གང་བསྙེན་པས་མི་དགེ་བ་ནི་རྒུད་ཅིང་མེད་པར་འགྱུར་ལ། དགེ་བའི་ཆོས་ནི་དགེ་ཞིང་འཕེལ་བར་འགྱུར་ན། དེ་ལྟ་བུའི་ཆོས་ལ་ནི་བསྙེན་པར་བྱའོ་ཞེས་གསུངས་ཏེ། དེ་ནི་ཆོས་ཀྱི་རྐྱེན་གྱིས་སེམས་ཅན་བསྟན་པ་སྟེ། གང་ཐོས་པས་སེམས་ཅན་བཤད་པར་ཤེས་པའོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པས་འདུ་ཤེས་དང་ཚོར་བ་གཉིས་བཀག་གོ་ཞེས་གསུངས་
Kha393b
མོད་ཀྱི། དེ་ལ་ཐམས་ཅད་ཀྱང་དགག་པར་བྱའོ་ཞེས་གསུངས་སོ། །མཁས་པ་ཤེས་རབ་ཅན་གྱིས་འདུ་ཤེས་དེ་ལ་དེ་ལྟར་བརྟགས་ནས། རིམ་གྱིས་འདུ་ཤེས་ཀྱི་རྒྱུ་ནི་འདུ་ཤེས་མཐའ་ཡས་པ་མ་ཡིན་པར་རྟོགས་སོ། །ཅི་ལས་སྐྱེ་བར་འགྱུར་ཞེས་བརྟགས་ན། རེག་པའི་རྒྱུ་ལས་སྐྱེ་བར་རིག་གོ། །རེག་པ་དེའང་རྣམ་པ་གཉིས་ཏེ། ཉོན་མོངས་པའི་རྒྱུས་རེག་པ་དང ། རྣམ་པར་གྲོལ་བའི་རྒྱུས་རེག་པའོ། །དེ་ལ་མ་རིག་པའི་རྒྱུ་ལས་སྐྱེ་བ་ནི་ཉོན་མོངས་པའི་རེག་པ་ཞེས་བྱ། རེག་པའི་རྒྱུ་ལས་སྐྱེ་བ་ནི་རྣམ་པར་གྲོལ་བའི་རེག་པ་ཞེས་བྱ་སྟེ། ཉོན་མོངས་པའི་རྒྱུ་ལས་རེག་པ་ནི་འདུ་ཤེས་ལོག་པ་སྐྱེའོ། །རྣམ་པར་གྲོལ་བའི་རྒྱུ་ལས་རེག་པ་ནི་མ་ལོག་པའི་འདུ་ཤེས་སྐྱེའོ། །དེ་ལྟར་འདུ་ཤེས་ཀྱི་རྒྱུ་རྟོགས་ནས་རིམ་གྱིས་འབྲས་བུ་རྣམ་པར་སྨིན་པ་རྟོག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གལ་ཏེ་ཉོན་མོངས་པའི་འདུ་ཤེས་ཀྱི་རྐྱེན་གྱིས་འདུ་ཤེས་ལོག་པར་སྐྱེ་བར་འགྱུར་ན། འཕགས་པ་ཐམས་ཅད་ལ་ལོག་པའི་འདུ་ཤེས་ནི་མཆིས་ལ། ཉོན་མོངས་པ་མ་མཆིས་ན།་དེའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཇི་ལྟར་ན་འཕགས་པ་རྣམ་ལ་ལོག་པའི་འདུ་ཤེས་ཡོད་པ་ཞེས་བྱ། བྱང་ཆུབ་
Kha394a
༄#། །སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། འཕགས་པ་ཐམས་ཅད་ནི་བ་ལང་ལ་བ་ལང་དུ་འདུ་ཤེས་བསྐྱེད་དེ་བ་ལང་ངོ་ཞེས་སྨྲ་ལ།་རྟ་ལའང་རྟ་རུ་འདུ་ཤེས་བསྐྱེད་དེ་རྟའོ་ཞེས་སྨྲ་བ་ནས། སྐྱེས་པ་དང ། བུད་མེད་དང ། ཆེན་པོ་དང ། ཆུང་ངུ་དང ། ཁང་པ་དང ། ཤིང་རྟ་དང ། ཐེག་པ་དང ། སོང་བ་དང ། འོང་བའི་བར་དུའང་དེ་བཞིན་ཏེ། དེ་ནི་ལོག་པའི་འདུ་ཤེས་ཞེས་བགྱིའོ། །རིགས་ཀྱི་བུ། བུས་པ་མ་རབས་སོ་སོའི་སྐྱེ་བོ་ཐམས་ཅད་ལ་འདུ་ཤེས་གཉིས་ཡོད་དེ། འཇིག་རྟེན་ན་གྲགས་པའི་འདུ་ཤེས་དང ། ཆགས་པའི་འདུ་ཤེས་སོ། །འཕགས་པ་ཐམས་ཅད་ལ་ནི་འཇིག་རྟེན་ན་གྲགས་པའི་འདུ་ཤེས་འབའ་ཞིག་ཡོད་ཀྱི། ཆགས་པའི་འདུ་ཤེས་མེད་དོ། །བུས་པ་མ་རབས་སོ་སོའི་སྐྱེ་བོ་ཐམས་ཅད་ལ་ནི་མི་དགེ་བའི་རྟོག་པ་ཡོད་པའི་ཕྱིར་འཇིག་རྟེན་གྲགས་པ་ལ་ཆགས་པའི་འདུ་ཤེས་སྐྱེད་དོ། །འཕགས་པ་རྣམས་ནི་དགེ་བ་ལ་རྟོག་པའི་ཕྱིར་འཇིག་རྟེན་གྲགས་པ་ལ་ཆགས་པའི་འདུ་ཤེས་མི་སྐྱེ་སྟེ། དེ་བས་ན་བུས་པ་མ་རབས་ནི་ལོག་པའི་འདུ་ཤེས་ཅན་ཞེས་བྱའི། འཕགས་པ་རྣམས་ནི་ཤེས་སུ་ཟིན་ཀྱང་ལོག་པའི་འདུ་ཤེས་ཞེས་མི་བྱའོ། །མཁས་པ་ཤེས་རབ་ཅན་གྱིས་དེ་ལྟར་འདུ་ཤེས་ཀྱི་རྒྱུ་རྟོགས་ནས་རིམ་གྱིས་འབྲས་བུ་རྣམ་
Kha394b
པར་སྨིན་པ་ལ་རྟོག་གོ། མི་དགེ་བའི་འདུ་ཤེས་ཀྱི་འབྲས་བུ་ནི། སེམས་ཅན་དམྱལ་བ་དང ། ཡི་དྭགས་དང ། བྱོལ་སོང་གི་སྐྱེ་གནས་དང ། མི་དང ། ལྷར་མྱོང་བར་འགྱུར་ཏེ། ཇི་ལྟར་ངས་མི་དགེ་བར་རྟོག་པའི་རྒྱུ་བཅས་པས་མ་རིག་པའི་རེག་པ་ཆོད་དེ། དེ་བས་ན་འདུ་ཤེས་ཆད་པར་གྱུར་ཏོ། །འདུ་ཤེས་ཆད་པའི་ཕྱིར་འབྲས་བུ་རྣམ་པར་སྨིན་པའང་ཡོངས་སུ་ཆད་དོ། །མཁས་པ་ཤེས་རབ་ཅན་གྱིས་འདུ་ཤེས་ཀྱི་རྒྱུ་དེ་དག་བཅད་པའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་བསྒོམ་མོ། །རིགས་ཀྱི་བུ། དེ་ལྟར་རྟོག་པ་ནི་ཚངས་པར་སྤྱོད་པ་ཡོངས་སུ་དག་པ་ཞེས་བྱའོ། །རིགས་ཀྱི་བུ། དེ་ནི་སེམས་ཅན་གྱི་གདུག་པའི་ལུས་ཀྱི་ནང་ན་སྨན་གྱི་རྒྱལ་པོ་དམ་པ་ཡོད་པ་ཞེས་བྱ་སྟེ། ཇི་ལྟར་རི་ཁ་བ་ཅན་ལ་རྩཝ་གདུག་པ་ཡོད་དུ་ཟིན་ཀྱང ། སྨན་དམ་པའང་ཡོད་པ་བཞིན་ནོ། །གཞན་ཡང ། རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་གྱིས་འདོད་པ་ལ་བརྟགས་ན། འདོད་པ་ནི་གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱ་ཡིན་པར་རིག་སྟེ། རིགས་ཀྱི་བུ། དེ་ནི་དེ་བཞིན་གཤེགས་པས་རྒྱུ་ལས་འབྲས་བུར་གསུངས་སོ། དངོས་པོ་ལྔ་པོ་དེ་ལ་ས་འདོད་པ་སྐྱེ་སྟེ། ཡང་དག་པར་ན་འདོད་པ་མ་ཡིན་ནོ། །རིགས་ཀྱི་བུ། གཏི་མུག་ཅན་ནི་ཚོར་བ་ལ་ཆགས་པས་གཟུགས་ལ་ལོག་པའི་འདུ་ཤེས་བསྐྱེད་པ་ནས་རེག་བྱའི་བར་
Kha395a
༄#། །དུ་ལོག་པའི་འདུ་ཤེས་བསྐྱེད་དོ། །ལོག་པའི་འདུ་ཤེས་ཀྱི་རྐྱེན་གྱིས་ཚོར་བ་སྐྱེ་བར་བྱེད་དེ། དེ་བས་ན་འཇིག་རྟེན་གྱིས་འདུ་ཤེས་ལོག་པའི་རྒྱུས་འདུ་ཤེས་རྣམ་པ་བཅུ་སྐྱེའོ་ཞེས་འཆད་དོ། །འདོད་པའི་རྒྱུ་དང་རྐྱེན་གྱིས་འཇིག་རྟེན་དུ་འབྲས་བུ་ངན་པ་མྱོང་བར་འགྱུར་ཏེ། ཕ་མ་དང ། དགེ་སྦྱོང་དང ། བྲམ་ཟེ་དག་ལ་ངན་དུ་བྱེད་དེ། བྱེད་པའི་མི་རིགས་པ་ལུས་དང་སྲོག་མི་ཕངས་པར་ཆེད་དུ་བྱེད་དོ། །དེ་བས་ན་མཁས་པ་ཤེས་རབ་ཅན་གྱིས་མི་དགེ་བའི་འདུ་ཤེས་ཀྱི་རྒྱུ་དང་རྐྱེན་གྱིས་འདོད་པའི་སེམས་སྐྱེ་བར་འགྱུར་བར་རྟོག་གོ། མཁས་པ་ཤེས་རབ་ཅན་གྱིས་དེ་ལྟར་འདོད་པའི་རྒྱུ་རྟོགས་ནས། རིམ་གྱིས་འབྲས་བུ་རྣམ་པར་སྨིན་པ་རྟོག་གོ། འདོད་པ་དེ་ལ་མི་དགེ་བའི་འབྲས་བུ་སྨིན་པ་ནི་སེམས་ཅན་དམྱལ་བ་དང ། བྱོལ་སོང་གི་སྐྱེ་གནས་དང ། ཡི་དྭགས་དང ། མི་དང ། ལྷ་ལ་སོགས་པར་འགྱུར་ཏེ། དེ་ནི་འབྲས་བུ་རྣམ་པར་སྨིན་པ་ལ་རྟོག་པ་ཞེས་བྱའོ། །གལ་ཏེ་མི་དགེ་བའི་འདུ་ཤེས་འགོག་པར་འགྱུར་ན། ནམ་དུའང་འདོད་པའི་སེམས་དེ་སྐྱེ་བར་མི་འགྱུར་རོ། །འདོད་པའི་སེམས་མེད་པའི་ཕྱིར་མི་དགེ་བའི་འབྲས་བུ་མི་མྱོང་ངོ ། །མི་དགེ་བའི་འབྲས་བུ་མ་མྱོང་བའི་ཕྱིར་མི་དགེ་བའི་འབྲས་བུ་མེད་པར་འགྱུར་ཏེ། དེ་བས་ན་བདག་གིས་སྔར་མི་
Kha395b
དགེ་བའི་འདུ་ཤེས་གཅད་པར་བྱའོ། །མི་དགེ་བའི་འདུ་ཤེས་ཆོད་ན་ཆོས་དེ་དག་ཀྱང་རང་འགོག་པར་འགྱུར་རོ། །དེ་བས་ན་མཁས་པ་ཤེས་རབ་ཅན་གྱིས་མི་དགེ་བའི་འདུ་ཤེས་དགག་པའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་བསྒོམ་སྟེ། དེ་ནི་ཚངས་པར་སྤྱོད་པ་རྣམ་པར་དག་པ་ཞེས་ཀྱང་བྱ། དེ་ནི་ཇི་ལྟར་རི་ཁ་བ་ཅན་ན་རྩཝ་གདུག་པ་ཡོད་དུ་ཟིན་ཀྱང ། སྨན་དམ་པའང་ཡོད་པ་ལྟར། སེམས་ཅན་གྱི་ལུས་གདུག་པ་ལ་སྨན་གྱི་རྒྱལ་པོ་དམ་པ་ཡོད་པ་ཞེས་བྱའོ། །གཞན་ཡང ། རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་གྱིས་དེ་ལྟར་འདོད་པ་རྟོགས་ནས་རིམ་གྱིས་ལས་ལ་རྟོག་གོ། དེ་ཅིའི་ཕྱིར་ཞེ་ན། མཁས་པ་ཤེས་རབ་ཅན་གྱིས་འདི་སྙམ་དུ་ཚོར་བ་དང ། འདུ་ཤེས་དང ། རེག་པ་དང ། འདོད་པ་ནི་ཉོན་མོངས་པ་སྟེ།་ཉོན་མོངས་པ་དེ་ནི་སྐྱེ་བའི་ལས་བྱེད་ཀྱི་མྱོང་བའི་ལས་མི་བྱེད་དོ། །ཉོན་མོངས་པ་དེ་ནི་ལས་དང་ལྷན་ཅིག་ཏུ་འགྲོ་བ་ན། སྐྱེ་བའི་ལས་དང ། མྱོང་བའི་ལས་ཏེ། རྣམ་པ་གཉིས་སུ་འགྱུར་རོ་སྙམ་དུ་སེམས་སོ། །དེ་བས་ན་མཁས་པ་ཤེས་རབ་ཅན་གྱིས་ལས་ལ་ཡོངས་སུ་བརྟག་གོ། ལས་དེའང་རྣམ་པ་གསུམ་སྟེ། ལུས་དང ། ངག་དང ། ཡིད་དོ། །རིགས་ཀྱི་བུ། ལུས་དང ། ངག་གི་ལས་གཉིས་ནི་ལས་ཞེས་ཀྱང་བྱ་ལ། ལས་ཀྱི་འབྲས་བུ་ཞེས་ཀྱང་བྱའོ། །ཡིད་འབའ་ཞིག་ནི་ལས་ཞེས་བྱ་སྟེ། འབྲས་བུ་ཞེས་
Kha396a
༄#། །མི་བྱའོ། །དེ་ལྟར་ལས་ཀྱི་རྐྱེན་གྱིས་ལས་ཞེས་བྱའོ། །རིགས་ཀྱི་བུ། ལུས་དང ། ངག་གི་ལས་གཉིས་ནི་ཕྱི་རོལ་གྱི་ལས་ཞེས་ཀྱང་བྱའོ། །ཡིད་ནི་ནང་གི་ལས་ཞེས་ཀྱང་བྱ་སྟེ། ལས་རྣམ་པ་དེ་གསུམ་ཉོན་མོངས་པ་དང་འགྲོགས་པའི་ཕྱིར་སྐྱེ་བའི་ལས་དང ། མྱོང་པའི་ལས་གཉིས་སུ་འགྱུར་རོ། །རིགས་ཀྱི་བུ། ལས་ཡང་དག་པ་ནི་ཡིད་ཀྱི་ལས་སོ། །དུས་ཀྱི་ལས་ནི་ལུས་དང ། ངག་གི་ལས་སོ། །དེ་ལ་སྔར་བྱུང་བ་ནི་ཡིད་ཀྱི་ལས་སོ། །ཡིད་ཀྱི་ལས་ལས་བྱུང་བ་ནི་ལུས་དང ། ངག་གི་ལས་སོ། །དེ་བས་ན་ཡིད་ཀྱི་ལས་ནི་ལས་ཡང་དག་པ་ཞེས་བྱའོ། །མཁས་པ་ཤེས་རབ་ཅན་གྱིས་ལས་ཡོངས་སུ་རྟོགས་ནས་རིམ་གྱིས་ལས་ཀྱི་རྒྱུ་བརྟག་གོ། །དེ་ལ་ལས་ཀྱི་རྒྱུ་ནི་མ་རིག་པ་དང ། རེག་པའོ། །མ་རིག་པ་དང ། རེག་པའི་རྐྱེན་གྱིས་སེམས་ཅན་རྣམས་སྲིད་པ་འཚོལ་ལོ། །སྲིད་པ་འཚོལ་བའི་རྐྱེན་ནི་སྲིད་པ་ཡིན་ནོ། །སྲེད་པའི་རྐྱེན་གྱིས་ལུས་དང ། ངག་དང ། ཡིད་ཀྱི་ལས་རྣམ་པ་གསུམ་བྱེད་དོ། །རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་གྱིས་དེ་ལྟར་ལས་ཀྱི་རྒྱུ་རྟོགས་ནས་རིམ་གྱིས་འབྲས་བུ་རྣམ་པར་སྨིན་པར་རྟོག་གོ། །འབྲས་བུ་རྣམ་པར་སྨིན་པ་ལ་རྣམ་པ་བཞི་སྟེ། ནག་པོའི་ཡང་ནག་པོའི་འབྲས་བུ་རྣམ་པར་སྨིན་པ་དང ། དཀར་པོའི་ཡང་དཀར་པོའི་འབྲས་བུ་རྣམ་པར་སྨིན་པ་དང ། འདྲེས་
Kha396b
པའི་ཡང་འདྲེས་པའི་འབྲས་བུ་རྣམ་པར་སྨིན་པ་དང ། མི་དཀར་མི་གནག་པའི་ཡང་མི་དཀར་མི་གནག་པའི་འབྲས་བུ་རྣམ་པར་སྨིན་པའོ། །དེ་ལ་ནག་པོའི་ཡང་ནག་པོའི་འབྲས་བུ་རྣམ་པར་སྨིན་པ་ནི་ལས་བྱེད་པ་ནའང་དྲི་མ་དང་བཅས་པ་ལ། འབྲས་བུ་རྣམ་པར་སྨིན་པའང་དྲི་མ་དང་བཅས་པའོ། །དཀར་པོའི་ཡང་དཀར་པོའི་འབྲས་བུ་རྣམ་པར་སྨིན་པ་ནི་ལས་བྱེད་པ་ནའང་རྣམ་པར་དག་ལ། འབྲས་བུ་རྣམ་པར་སྨིན་པའང་རྣམ་པར་དག་པའོ། །འདྲེས་པའི་ཡང་འདྲེས་པའི་འབྲས་བུ་རྣམ་པར་སྨིན་པ་ནི་ལས་བྱེད་པ་ནའང་འདྲེས་ལ། འབྲས་བུ་རྣམ་པར་སྨིན་པའང་འདྲེས་པའོ། །མི་དཀར་མི་གནག་པའི་ཡང་མི་དཀར་མི་གནག་པའི་འབྲས་བུ་རྣམ་པར་སྨིན་པ་ནི་ཟག་པ་མེད་པའི་ལས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སྔར་ནི་ཟག་པ་མ་མཆིས་པ་ལ་འབྲས་བུ་རྣམ་པར་སྨིན་པའང་མ་མཆིས་ཞེས་གསུངས་ན། དེ་ནི་ཅིའི་སླད་དུ་མི་དཀར་མི་གནག་པའི་འབྲས་བུ་རྣམ་པར་སྨིན་པ་མཆིས་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དོན་དེ་ལ་རྣམ་པ་གཉིས་ཏེ། འབྲས་བུ་ཡིན་ལ་རྣམ་པར་སྨིན་པའང་ཡིན་པ་དང ། འབྲས་བུ་འབའ་ཞིག་སྟེ་རྣམ་པར་སྨིན་པ་མ་ཡིན་པའོ། །ནག་པོའི་ཡང་ནག་པོའི་འབྲས་བུ་
Kha397a
༄#། །རྣམ་པར་སྨིན་པ་ནི་འབྲས་བུ་ཞེས་ཀྱང་བྱ་ལ། རྣམ་པར་སྨིན་པ་ཞེས་ཀྱང་བྱའོ། །དེ་ལ་ནག་པོའི་རྒྱུ་ལས་སྐྱེ་བའི་འབྲས་བུ་ཞེས་བྱ་ལ། རྒྱུར་འགྱུར་པར་བྱེད་པས་རྣམ་པར་སྨིན་པ་ཞེས་ཀྱང་བྱ་སྟེ། འདྲེས་པ་དང་རྣམ་པར་དག་པའང་དེ་བཞིན་ནོ། །ཟག་པ་མེད་པའི་འབྲས་བུ་ནི་ཟག་པ་དང་བཅས་པའི་རྒྱུ་ལས་སྐྱེ་བའི་ཕྱིར་འབྲས་བུ་ཞེས་བྱ་སྟེ། གཞན་གྱི་རྒྱུར་མི་འགྱུར་བས་རྣམ་པར་སྨིན་པ་ཞེས་མི་བྱའོ། །དེ་བས་ན་འབྲས་བུ་ཞེས་བྱའོ། །རྣམ་པར་སྨིན་པ་ཞེས་མི་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཟག་པ་མ་མཆིས་པའི་ལས་དེ་ཆོས་ནག་པོ་མ་ལགས་ན། ཅིའི་སླད་དུ་དཀར་པོ་ཞེས་མི་བགྱི། བཀའ་སྩལ་པ། རིགས་ཀྱི་བུ། རྣམ་པར་སྨིན་པ་མེད་པའི་ཕྱིར་དཀར་པོ་ཞེས་མི་བྱའོ། ནག་པོའི་གཉེན་པོ་ཡིན་པས་དཀར་པོ་ཞེས་བྱའོ། །ངས་སྐབས་འདིར་ནི་འབྲས་བུ་རྣམ་པར་སྨིན་པ་མྱོང་བ་ལ་ནག་པོ་དང ། དཀར་པོ་ཞེས་གསུངས་སོ། །ཟག་པ་མེད་པའི་ལས་ནི་རྣམ་པར་སྨིན་པ་མི་མྱོང་བས་དཀར་པོ་ཞེས་མི་བྱའི། ཞི་བ་ཞེས་བྱའོ། །དེ་ལྟར་ལས་དེའི་ངེས་པར་རྣམ་པར་སྨིན་པ་མྱོང་བའི་གནས་ཡོད་དེ། དཔེར་ན། མི་དགེ་བ་བཅུ་བྱས་ན། ངེས་པར་སེམས་ཅན་དམྱལ་བ་དང ། བྱོལ་
Kha397b
སོང་གི་སྐྱེ་གནས་དང ། ཡི་དྭགས་སུ་སྐྱེ་ལ། དགེ་བ་བཅུ་བྱས་ན། ངེས་པར་ལྷ་དང ། མིར་སྐྱེའོ། །མི་དགེ་བ་བཅུའི་ལས་ལ་རབ་དང ། འབྲིང་དང ། ཐ་མ་ཡོད་དེ། རབ་བྱས་པ་ནི་སེམས་ཅན་དམྱལ་བའི་ལུས་མྱོང་ངོ ། །འབྲིང་བྱས་པ་ནི་བྱོལ་སོང་གི་ལུས་མྱོང་ངོ ། །ཐ་མ་བྱས་པ་ནི་ཡི་དྭགས་ཀྱི་ལུས་མྱོང་ངོ ། །མིའི་ལས་ཀྱི་ནང་དུ་དགེ་བ་བཅུ་ལའང་རྣམ་པ་བཞི་སྟེ། རབ་དང ། འབྲིང་དང ། ཐ་མ་དང ། རབ་ཀྱིའང་རབ་བོ། །དེ་ལ་ཐ་མ་ནི་བྱང་གི་སྒྲ་མི་སྙན་དུ་སྐྱེའོ། །འབྲིང་ནི་ཤར་གྱི་ལུས་འཕགས་གླིང་དུ་སྐྱེའོ། །རབ་ནི་ནུབ་ཀྱི་བ་ལང་སྤྱོད་དུ་སྐྱེའོ། །རབ་ཀྱིའང་རབ་ནི་ཛམ་བུའི་གླིང་དུ་སྐྱེ་སྟེ། མཁས་པ་ཤེས་རབ་ཅན་གྱིས་དེ་ལྟར་རྟོགས་ནས། འདི་སྙམ་དུ་བདག་གིས་འབྲས་བུ་རྣམ་པར་སྨིན་པ་དེ་ཇི་ལྟར་གཅད་པར་བྱ་སྙམ་བསམས་ནས། ཡང་འདི་སྙམ་དུ་ལས་དེའི་རྒྱུ་དང་རྐྱེན་ནི་མ་རིག་པ་དང ། རེག་པ་སྟེ། གལ་ཏེ་བདག་གིས་མ་རིག་པ་དང ། རེག་པ་ཡོངས་སུ་བཅད་ན་ལས་ཀྱི་འབྲས་བུ་དེ་དག་འགོག་ཅིང་མི་སྐྱེ་བར་འགྱུར་རོ་སྙམ་སེམས་སོ། །དེ་བས་ན་མཁས་པ་ཤེས་རབ་ཅན་གྱིས་མ་རིག་པ་དང་རེག་པ་ཡོངས་སུ་གཅད་པའི་ཕྱིར་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་བསྒོམ་སྟེ། དེ་ནི་ཚངས་པར་སྤྱོད་པ་ཡོངས་སུ་དག་པ་ཞེས་བྱའོ། །རིགས་ཀྱི་བུ། དེ་ལྟར་ན་སེམས་ཅན་གྱི་གདུག་པའི་ལུས་ལ། སྨན་གྱི་རྒྱལ་པོ་དམ་པ་
Kha398a
༄#། །ཡོད་པ་ནི་ཇི་ལྟར་རི་ཁ་བ་ཅན་ལ་རྩཝ་གདུག་པ་ཡོད་དུ་ཟིན་ཀྱང་སྨན་དམ་པའང་ཡོད་པ་དང་འདྲའོ། །གཞན་ཡང ། རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་གྱི་ལས་དང་ཉོན་མོངས་པ་རྟོགས་ནས་རིམ་གྱིས་འབྲས་བུ་རྣམ་པར་སྨིན་པ་གཉིས་ལ་བརྟག་གོ། །དེ་ལྟར་དེ་གཉིས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི་སྡུག་བསྔལ་ཡིན་ཏེ། དེ་ལྟར་སྡུག་བསྔལ་བར་ཤེས་ནས་སྐྱེ་བ་ལེན་པ་ཐམས་ཅད་ཡོངས་སུ་སྤོང་ངོ ། །མཁས་པ་ཤེས་རབ་ཅན་ནི་གཞན་ཡང་ཉོན་མོངས་པའི་རྒྱུ་ལས་ཉོན་མོངས་པ་སྐྱེ་བ་དང ། ལས་ཀྱི་རྒྱུ་ལས་ཉོན་མོངས་པ་སྐྱེ་ལ། ཉོན་མོངས་པའི་རྒྱུ་ལས་ཀྱང་ལས་སྐྱེ་བ་དང ། ལས་ཀྱི་རྒྱུ་ལས་སྡུག་བསྔལ་སྐྱེ་ལ། སྡུག་བསྔལ་གྱི་རྒྱུ་ལས་ཉོན་མོངས་པ་སྐྱེའོ། ། ཉོན་མོངས་པའི་རྒྱུ་ལས་སྲིད་པ་སྐྱེ་སྟེ། སྲིད་པའི་རྒྱུ་ལས་སྡུག་བསྔལ་སྐྱེའོ། །སྲིད་པའི་རྒྱུ་ལས་སྲིད་པ་སྐྱེ་སྟེ། སྲིད་པའི་རྒྱུ་ལས་ལས་སྐྱེའོ། །ལས་ཀྱི་རྒྱུ་ལས་ཉོན་མོངས་པ་སྐྱེ་ལ། ཉོན་མོངས་པའི་རྒྱུ་ལས་སྡུག་བསྔལ་སྐྱེ་སྟེ། སྡུག་བསྔལ་གྱི་རྒྱུ་ལས་ཀྱང་སྡུག་བསྔལ་སྐྱེ་བར་རྟོགས་སོ། །རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་གྱིས་དེ་ལྟར་རྟོགས་པ་ནི་ལས་ཀྱི་སྡུག་བསྔལ་རྟོགས་པ་ཡིན་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་གོང་མ་དང་འདྲ་བར་རྟོག་པ་དེ་དག་ནི་འཁོར་བའི་རྒྱུ་རྐྱེན་བཅུ་
Kha398b
གཉིས་ཏེ། གལ་ཏེ་གང་གིས་འཁོར་བའི་རྒྱུ་རྐྱེན་བཅུ་གཉིས་དེ་ལ་དེ་ལྟར་རྟོག་ན་དེ་ནི་ལས་གསར་མི་བྱེད་ཅིང ། ལས་རྙིང་བཅོམ་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་གྱིས་སེམས་ཅན་དམྱལ་བའི་གཅིག་ནས་སེམས་ཅན་དམྱལ་བ་བརྒྱ་སུམ་ཅུ་རྩ་དྲུག་གི་བར་གྱི་སེམས་ཅན་དམྱལ་བ་རེ་རེའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཇི་སྙེད་ཡོད་པ་བརྟགས་ན། ཀུན་ཀྱང་ཉོན་མོངས་པའི་ལས་ཀྱིས་བསྐྱེད་པ་ཡིན་པར་རྟོགས་སོ། །དེ་ལྟར་སེམས་ཅན་དམྱལ་བའི་སྡུག་བསྔལ་རྟོགས་ནས་རིམ་གྱིས་ཡི་དྭགས་དང ། བྱོལ་སོང་ལ་སོགས་པའི་སྡུག་བསྔལ་བརྟག་གོ། །དེ་ལྟར་རྟོགས་ནས་ཡང་མི་དང ། ལྷའི་སྡུག་བསྔལ་ཇི་སྙེད་ཡོད་པ་རྣམས་རྟོག་སྟེ། དེ་ལྟར་སྡུག་བསྔལ་མང་པོ་དེ་དག་ཀུན་ཀྱང་ཉོན་མོངས་པའི་ལས་ལས་སྐྱེ་བ་ཡིན་པར་རྟོགས་སོ། །རིགས་ཀྱི་བུ། མཐོ་རིས་ཀྱི་ལྷ་ལ་སྡུག་བསྔལ་ཆེན་པོས་གཟིར་བའི་དངོས་པོ་མེད་དེ། ལུས་མཉེན་ཞིང་འཇམ་ཡང་ལྟས་ལྔ་མངོན་དུ་བྱུང་བའི་ཚེ་སྡུག་བསྔལ་ཆེན་པོ་མྱོང་བ་ནི་སེམས་ཅན་དམྱལ་བའི་སྡུག་བསྔལ་དང་འདྲ་སྟེ། ཁྱད་པར་མེད་དོ། །རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་གྱིས་ནི་ཁམས་གསུམ་གྱི་སྡུག་བསྔལ་ཐམས་ཅད་ཉོན་མོངས་པའི་ལས་ཀྱི་རྒྱུ་དང་རྐྱེན་ལས་སྐྱེ་བར་ཤིན་ཏུ་རྟོགས་སོ། །རིགས་ཀྱི་བུ། དཔེར་ན། རྫ་མ་སོ་མ་བཏང་བ་ནི་ཤིན་ཏུའང་ཆག་སླའོ། །སེམས་ཅན་
Kha399a
༄#། །གྱི་ལུས་བླངས་པའང་དེ་དང་འདྲ་སྟེ། ལུས་དེ་ནི་སྡུག་བསྔལ་མང་པོའི་སྣོད་ཡིན་ནོ། །འདི་ལྟ་སྟེ། དཔེར་ན། མེ་ཏོག་དང ། འབྲས་བུའི་ཤིང་ཤིན་ཏུ་རྒྱས་པ་ནི་བྱ་མང་པོས་མ་རུང་བར་བྱེད་དོ། །དཔེར་ན། རྩཝ་སྐམ་པོ་མང་དུ་སྤུངས་ཀྱང་མེ་ཆུང་ངུས་འཚིག་པར་འགྱུར་བ་དང་འདྲ་བར་སེམས་ཅན་གྱི་ལུས་མྱོང་བའང་སྡུག་བསྔལ་གྱིས་འཇིག་པར་འགྱུར་རོ། །རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་གྱིས་སྡུག་བསྔལ་རྣམ་པ་བརྒྱད་ནི་འཕགས་པའི་སྤྱོད་པ་ལྟར་རྟོགས་ན། གང་ཟག་དེས་ནི་སྡུག་བསྔལ་ཡོངས་སུ་ཆོད་པར་རིག་པར་བྱའོ། །རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་གྱིས་སྡུག་བསྔལ་བརྒྱད་ཤིན་ཏུ་རྟོགས་ནས་རིམ་གྱིས་སྡུག་བསྔལ་གྱི་རྒྱུ་ལ་རྟོག་གོ། །སྡུག་བསྔལ་གྱི་རྒྱུ་ཞེས་བྱ་བ་ནི་སྲེད་པ་དང ། མ་རིག་པའོ། །སྲེད་པ་དང ། མ་རིག་པ་ལ་རྣམ་པ་གཉིས་ཏེ། ལུས་འཚོལ་བ་དང ། ཟང་ཟིང་འཚོལ་བའོ། །ལུས་དང་ཟང་ཟིང་འཚོལ་བ་གཉིས་ཀ་ལའང་སྡུག་བསྔལ་བ་སྟེ། དེ་བས་ན་སྲེད་པ་དང ། མ་རིག་པ་ནི་སྡུག་བསྔལ་གྱི་རྒྱུར་འགྱུར་བར་རིག་པར་བྱའོ། །རིགས་ཀྱི་བུ། སྲེད་པ་དང ། མ་རིག་པ་ལས་གཞན་ཡང་རྣམ་པ་གཉིས་ཏེ། ནང་དང ། ཕྱི་རོལ་ལོ། །དེ་ལ་ནང་གིས་ལུས་སུ་འགྱུར་བར་བྱེད་དོ། །ཕྱི་རོལ་གྱིས་ནི་སྐྱེ་ཞིང་འཕེལ་བར་བྱེད་དོ། །གཞན་ཡང་ནང་གིས་ལུས་
Kha399b
སུ་འགྱུར་བར་བྱེད་དེ། ཕྱི་རོལ་ནི་ལས་ཀྱི་འབྲས་བུར་འགྱུར་བར་བྱེད་པས། ནང་གི་སྲེད་པ་བཅད་ན་ལས་ཆོད་པར་འགྱུར་གྱི། ཕྱི་རོལ་གྱི་སྲེད་པ་བཅད་པས་འབྲས་བུ་ཆོད་པར་འགྱུར་རོ། །དེ་ལ་ནང་གི་སྲེད་པས་ནི་མ་འོངས་པའི་དུས་ཀྱི་སྡུག་བསྔལ་སྐྱེ་བར་བྱེད་ལ། ཕྱི་རོལ་གྱི་སྲེད་པས་ནི་ད་ལྟར་གྱི་དུས་ཀྱི་སྡུག་བསྔལ་སྐྱེ་བར་བྱེད་དེ། དེ་བས་ན་མཁས་པ་ཤེས་རབ་ཅན་གྱིས་སྲེད་པ་ནི་སྡུག་བསྔལ་གྱི་རྒྱུར་འགྱུར་བར་རྟོགས་སོ། །དེ་ལྟར་སྡུག་བསྔལ་གྱི་རྒྱུ་རྟོགས་ནས་རིམ་གྱིས་སྡུག་བསྔལ་གྱི་འབྲས་བུ་རྣམ་པར་སྨིན་པ་ལ་རྟོག་གོ། །སྡུག་བསྔལ་གྱི་འབྲས་བུ་ཞེས་བྱ་བ་ནི་ལེན་པ་ཡིན་ནོ། །སྲེད་པའི་འབྲས་བུ་ལ་ལེན་པ་ཞེས་བྱ་སྟེ། ལེན་པའི་རྒྱུ་དང་རྐྱེན་གྱིས་ཕྱི་ནང་ལ་སྲེད་པར་འགྱུར་ཏེ། སྲེད་པ་དེའི་སྡུག་བསྔལ་མྱོང་བར་འགྱུར་རོ། །རིགས་ཀྱི་བུ།་མཁས་པ་ཤེས་རབ་ཅན་གྱིས་ནི་སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ་ཡིན་པར་རྟོགས་སོ། །གང་གིས་སྲིད་པ་དང ། ལེན་པའི་དངོས་པོ་གཉིས་བཅད་ན། ལས་ཀྱང་མི་བྱེད་དེ། སྡུག་བསྔལ་མང་པོ་མྱོང་བར་ཡང་མི་འགྱུར་རོ། །དེ་བས་ན་མཁས་པ་ཤེས་རབ་ཅན་ནི་སྲིད་པའི་སྡུག་བསྔལ་བཅད་པའི་ཕྱིར་འཕགས་པའི་ལམ་བརྒྱད་ལ་ནན་ཏན་བྱེད་དོ། །རིགས་ཀྱི་བུ། གང་ཞིག་དེ་ལྟར་ཤིན་ཏུ་རྟོགས་ན། དེ་ནི་ངས་ཚངས་པའི་སྤྱོད་པ་རྣམ་པར་དག་པ་ཞེས་བྱ་སྟེ། དེ་ནི་སེམས་ཅན་གྱི་གདུག་པའི་ལུས་ལ་སྨན་དམ་
Kha400a
༄#། །པའི་རྒྱལ་པོ་ཡོད་པ་ཞེས་བྱ་སྟེ། ཇི་ལྟར་རི་ཁ་བ་ཅན་ལ་དུག་ཡོད་དུ་ཟིན་ཀྱང ། སྨན་དམ་\?\་འང་ཡོད་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་གསོལ་བ། བཅོམ་ལྡན་འདས། ཇི་ལྟར་ན་ཡོངས་སུ་དག་པའི་ཚངས་པར་སྤྱོད་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཆོས་ཐམས་ཅད་ཅེས་བྱ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། ཆོས་ཐམས་ཅད་ཅེས་བགྱི་བའི་དོན་མ་ངེས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པས་བར་བར་ནི་དགེ་བ་དང ། མི་དགེ་བ་ལགས་ཞེས་གསུངས། བར་བར་ནི་དྲན་པ་ཉེ་བར་བཞག་པ་བཞི་ལ་རྗེས་སུ་རྟོགས་པ་ལགས་སོ་ཞེས་གསུངས། བར་བར་ནི་སྐྱེ་མཆེད་བཅུ་གཉིས་ལགས་སོ་ཞེས་གསུངས། །བར་བར་ནི་དགེ་བའི་བཤེས་གཉེན་ལགས་སོ་ཞེས་གསུངས། བར་བར་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ལགས་སོ་ཞེས་གསུངས། བར་བར་ནི་སེམས་ཅན་ལགས་སོ་ཞེས་གསུངས། །བར་བར་ནི་ཡང་དག་པར་བལྟ་བ་དང་ངན་པར་ལྟ་བ་ལགས་སོ་ཞེས་གསུངས། །བར་བར་ནི་མདོ་སྡེ་བཅུ་གཉིས་ལགས་སོ་ཞེས་གསུངས། བར་བར་ནི་བདེན་པ་གཉིས་ལགས་སོ་ཞེས་གསུངས། ངའང་འདིར་ཡོངས་སུ་དག་པའི་ཚངས་པར་སྤྱོད་པ་ནི་ཆོས་ཐམས་
Kha400b
ཅད་དོ་ཞེས་གསུངས་ན་གང་དག་ལ་སོགས་པ་ལ་ཆོས་ཐམས་ཅད་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། ཤིན་ཏུ་ལེགས་སོ། །རིགས་ཀྱི་བུ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་དམ་པའི་ཆོས་འདི་ནི་ཆོས་ཐམས་ཅད་ཀྱི་རིན་པོ་ཆེའི་གཏེར་ཞེས་བྱའོ། དཔེར་ན། རྒྱ་མཚོ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པ་དང་འདྲ་བར་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་འདིའང་དེ་དང་འདྲ་སྟེ། ཚིག་གི་དོན་ཐམས་ཅད་ཀྱི་དགོངས་ཏེ་གསུངས་པའི་སྙིང་པོའོ། །རིགས་ཀྱི་བུ། དཔེར་ན། རི་རབ་རིའི་རྒྱལ་པོ་ནི་སྨན་མང་པོ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པ་དང་འདྲ་བར་མདོ་སྡེ་འདིའང་དེ་དང་འདྲ་སྟེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་འབྱུང་གནས་ཡིན་ནོ། །རིགས་ཀྱི་བུ། དཔེར་ན། ནམ་མཁའ་ནི་དངོས་པོ་ཐམས་ཅད་ཀྱི་གནས་ཡིན་པ་ལྟར་མདོ་སྡེ་འདིའང་དེ་དང་འདྲ་སྟེ། དགེ་བའི་ཆོས་ཐམས་ཅད་ཀྱི་གནས་ཡིན་ནོ། །རིགས་ཀྱི་བུ། དཔེར་ན། རླུང་དྲག་པོ་ནི་སུས་ཀྱང་བཅིང་མི་ནུས་པ་ལྟར་བྱང་ཆུབ་སེམས་དཔའ་མདོ་སྡེ་འདི་ལ་ནན་ཏན་བྱེད་པ་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། ཉོན་མོངས་པའི་མི་དགེ་བའི་ཆོས་ཐམས་ཅད་ཀྱིས་འཆིང་མི་ནུས་སོ། །རིགས་ཀྱི་བུ། དཔེར་ན། རྡོ་རྗེ་ལ་ཅིས་ཀྱང་མི་ཚུགས་པ་ལྟར་མོད་སྡེ་འདིའང་དེ་དང་འདྲ་བར་མུ་\?\སྟེགས་ཅན་ངན་པར་ལྟ་བ་མང་དུ་ཡོད་ཀྱང་རྣམ་པར་གཞིག་
Kha401a
༄#། །མི་ནུས་སོ། །རིགས་ཀྱི་བུ། དཔེར་ན། གངྒཱའི་ཀླུང་གི་བྱེ་མ་ནི་སུས་ཀྱང་བགྲང་མི་ནུས་པ་ལྟར་མདོ་སྡེ་འདིའི་དོན་ཡང་དེ་དང་འདྲ་སྟེ། སུས་ཀྱང་བགྲང་མི་ནུས་སོ། །རིགས་ཀྱི་བུ། མདོ་སྡེ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་རྒྱལ་མཚན་དུ་འགྱུར་ཏེ། བརྒྱ་བྱིན་ལྷའི་དབང་ཕྱུག་གི་རྒྱལ་མཚན་དང་འདྲའོ། །རིགས་ཀྱི་བུ། མདོ་སྡེ་འདི་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་གྲོང་ཁྱེར་དུ་འགྲོ་བའི་ཚོང་དཔོན་ལྟ་བུ་སྟེ། ཇི་ལྟར་དེད་དཔོན་ཆེན་པོས་ཚོང་དཔོན་མང་པོ་དེད་དེ་རྒྱ་མཚོ་ཆེན་པོར་འཇུག་པ་དང་འདྲའོ། །རིགས་ཀྱི་བུ། མདོ་སྡེ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་སྣང་བའི་འོད་དུ་འགྱུར་ཏེ། ཇི་ལྟར་འཇིག་རྟེན་ན་ཉི་མ་དང་ཟླ་བས་མུན་པ་སེལ་བར་བྱེད་པ་དང་འདྲའོ། །རིགས་ཀྱི་བུ། མདོ་སྡེ་འདི་ནི་ནད་ཀྱིས་གཟིར་བའི་སེམས་ཅན་གྱི་སྨན་བཟང་པོར་འགྱུར་ཏེ། ཇི་ལྟར་རི་བསུང་ཅན་ལ་སྨན་གྱི་རྒྱལ་པོ་འབྱུང་བས་ནད་ཀྱི་སྡུག་བསྔལ་ཞི་བར་བྱེད་པ་དང་འདྲའོ། །རིགས་ཀྱི་བུ། མདོ་སྡེ་འདི་ནི་ལོག་སྲེད་ཅན་ཐམས་ཅད་ཀྱི་འཁར་བར་འགྱུར་ཏེ། དཔེར་ན་མི་ཉམ་ཆུང་བ་ཐམས་ཅད་དེའི་རྐྱེན་གྱིས་ཀྲགས་པ་དང་འདྲའོ། །རིགས་ཀྱི་བུ། མདོ་སྡེ་འདི་ནི་སྡིག་པ་མ་རུངས་པ་ཐམས་ཅད་ཀྱི་ཟམ་པར་འགྱུར་ཏེ། ཇི་ལྟར་འཇིག་རྟེན་ན་ཟམ་པས་ཐམས་ཅད་སྒྲོལ་བ་དང་འདྲའོ། །རིགས་
Kha401b
ཀྱི་བུ། མདོ་སྡེ་འདི་ནི་སྲིད་པ་ཉི་ཤུ་རྩ་ལྔར་ཉོན་མོངས་པས་གདུངས་པའི་བསིལ་གྲིབ་ཏུ་འགྱུར་ཏེ། འཇིག་རྟེན་གྱི་གདུགས་སམ། བླ་གབ་ཀྱིས་ཤིན་ཏུ་ཚ་བའི་ཉི་མ་སྒྲིབ་པ་དང་འདྲའོ་རིགས་ཀྱི་བུ། མདོ་སྡེ་འདི་ནི་འཇིགས་པ་མེད་པའི་རྒྱལ་པོ་ཆེན་པོ་སྟེ། ཉོན་མོངས་པའི་བདུད་མ་རུངས་པ་ཐམས་ཅད་འཇོམས་པར་འགྱུར་བ་ནི། ཇི་ལྟར་སེང་གེའི་རྒྱལ་པོས་རི་དྭགས་ཐམས་ཅད་ཐུལ་བ་དང་འདྲའོ། །རིགས་ཀྱི་བུ། མདོ་སྡེ་འདི་ནི་རིག་པའི་སྔགས་ཆེན་མོ་སྟེ། ཉོན་མོངས་པའི་གདོན་མ་རུངས་པ་ཐམས་ཅད་འཇིག་པར་འགྱུར་བ་ནི་འཇིག་རྟེན་ན་སྔགས་མཁན་གྱིས་གདོན་མེད་པར་བྱེད་པ་དང་འདྲའོ། །རིགས་ཀྱི་བུ། མདོ་སྡེ་འདི་ནི་བླ་ན་མེད་པའི་བ་མོའམ། སེར་བ་ལྟ་བུ་སྟེ། འཁོར་བའི་འབྲས་བུ་ཐམས་ཅད་བཅོམ་པ་ནི། ཇི་ལྟར་འཇིག་རྟེན་ན་བ་མོའམ། སེར་བས་འབྲས་བུ་ཐམས་ཅད་བཅོམ་པ་དང་འདྲའོ། །རིགས་ཀྱི་བུ། མདོ་སྡེ་འདི་ནི་ཚུལ་ཁྲིམས་ཀྱི་མིག་ཉམས་པའི་སྨན་བཟང་པོ་ལྟ་བུར་འགྱུར་ཏེ། །འཇིག་རྟེན་ན་སྨན་ཨཉྫཱ་ན་ཞེས་བྱ་བ་མིག་ན་བ་ཐམས་ཅད་ལ་ཕན་པར་བྱེད་པ་དང་འདྲའོ། །རིགས་ཀྱི་བུ། མདོ་སྡེ་འདི་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་འགྱུར་ཏེ། ཇི་ལྟར་འཇིག་རྟེན་ནས་དངོས་པོ་ཐམས་ཅད་ཀྱི་གནས་སུ་འགྱུར་བ་དང་འདྲའོ། །རིགས་ཀྱི་བུ། མདོ་སྡེ་འདི་ནི་ཚུལ་ཁྲིམས་ཉམས་པའི་སེམས་ཅན་གྱི་མེ་ལོང་གསལ་བར་
Kha402a
༄#། །འགྱུར་ཏེ། ཇི་ལྟར་འཇིག་རྟེན་གྱི་མེ་ལོང་གསལ་བས་གཟུགས་ཐམས་ཅད་སྣང་བ་དང་འདྲའོ། །རིགས་ཀྱི་བུ། མདོ་སྡེ་འདི་ནི་ཁྲེལ་བ་དང་འཛེམ་པ་མེད་པའི་གོས་སུ་འགྱུར་ཏེ། ཇི་ལྟར་འཇིག་རྟེན་ན་གོས་ཀྱིས་ལུས་སྒྲིབ་ཅིང་གཡོག་པ་དང་འདྲའོ། །རིགས་ཀྱི་བུ། མདོ་སྡེ་འདི་ནི་དགེ་བའི་ཆོས་ཀྱིས་དབུལ་བ་རྣམས་ཀྱི་ནོར་རིན་པོ་ཆེར་འགྱུར་ཏེ། ཇི་ལྟར་ལྷ་བཀྲ་ཤིས་མས་དབུལ་པ་ཐམས་ཅད་ལ་ཕན་པར་འགྱུར་བ་དང་འདྲའོ། །རིགས་ཀྱི་བུ། མདོ་སྡེ་འདི་ནི་ཆོས་ཀྱིས་སྐོམ་པའི་སེམས་ཅན་ཐམས་ཅད་ཀྱི་བདུད་རྩིའི་ཆུར་འགྱུར་ཏེ། ཇི་ལྟར་ཡོན་ཏན་བརྒྱད་དང་ལྡན་པའི་ཆུས་སྐོམ་པ་ཐམས་ཅད་ངོམས་པར་བྱེད་པ་དང་འདྲའོ། །རིགས་ཀྱི་བུ། མདོ་སྡེ་འདི་ནི་ཉོན་མོངས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཁྲིར་འགྱུར་ཏེ། ཇི་ལྟར་འཇིག་རྟེན་ན་གང་ཟག་དག་བདེ་བའི་ཁྲི་ལ་ཕྲད་པ་དང་འདྲའོ། །རིགས་ཀྱི་བུ། མདོ་སྡེ་འདི་ནི་ས་དང་པོའི་བྱང་ཆུབ་སེམས་དཔའ་ནས་ས་བཅུ་པའི་བྱང་ཆུབ་སེམས་དཔའི་བར་གྱི་རྒྱན་དང ། བདུག་པ་དང ། མེ་ཏོག་དང ། བྱུག་པ་དང ། བྱུག་སྤོས་དང ། སྤོས་ཕྱེ་མ་དང ། བདུག་སྤོས་རྣམ་པར་དག་པའི་རིགས་ཕུན་སུམ་ཚོགས་པའི་ཐེག་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་པར་བྱེད་དོ། །རབ་ཏུ་བདེ་བ་མྱོང་བར་བྱེད་པ་ནི། ཇི་ལྟར་སུམ་ཅུ་རྩ་གསུམ་
Kha402b
གནམ་གྱི་ཤིང་པ་རི་ཙི་ཏྲ་དང་འདྲའོ། །རིགས་ཀྱི་བུ། མདོ་སྡེ་འདི་ནི་ཡེ་ཤེས་ཀྱི་མཚོན་ངར་ཅན་ལྟ་བུ་སྟེ། ཉོན་མོངས་པའི་ཤིང་ཐམས་ཅད་གཅོད་པར་འགྱུར་རོ། །འདི་ནི་མཚོན་རྣོན་པོ་ལྟ་བུ་སྟེ་བག་ཆགས་ཐམས་ཅད་གཅོད་པར་འགྱུར་རོ། །འདི་ནི་ཤིན་ཏུ་དཔའ་ཞིང་རྟུལ་ཕོད་པ་ལྟ་བུ་སྟེ། ཕས་རྒོལ་བའི་བདུད་ཐམས་ཅད་བཅོམ་པའོ། །འདི་ནི་ཡེ་ཤེས་ཀྱི་མེ་ལྟ་བུ་སྟེ། ཉོན་མོངས་པ་ཐམས་ཅད་སྲེག་པའོ། །འདི་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་སྙིང་པོ་ལྟ་བུ་སྟེ། རང་སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས་སོ། །འདི་ནི་ཐོས་པའི་གཏེར་ལྟ་བུ་སྟེ། ཉན་ཐོས་ཀྱི་སྐྱེ་གནས་ཡིན་ནོ། །འདི་ནི་ལྷ་ཐམས་ཅད་ཀྱི་མིག་ལྟ་བུའོ། །འདི་ནི་མི་ཐམས་ཅད་ཀྱི་ཡང་དག་པའི་ལམ་ཡིན་ནོ། །འདི་ནི་བྱོལ་སོང་གི་སྐྱེ་གནས་ཐམས་ཅད་ཀྱི་བརྟེན་པའི་གནས་ཡིན་ནོ། །འདི་ནི་ཡི་དྭགས་ཐམས་ཅད་ཀྱི་རྣམ་པར་གྲོལ་བའི་གནས་ཡིན་ནོ། །འདི་ནི་སེམས་ཅན་དམྱལ་བའི་བླ་ན་མེད་པའི་མཆོག་ཡིན་ནོ། །འདི་ནི་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་བླ་ན་མེད་པའི་སྣོད་ཡིན་ནོ། །འདི་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་འདས་པ་དང ། མ་བྱོན་པ་དང ། ད་ལྟར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཡབ་དང་ཡུམ་ཡིན་ནོ། །རིགས་ཀྱི་བུ། །དེ་བས་ན་མདོ་སྡེ་འདིས་ནི་ཆོས་ཐམས་ཅད་བསྡུས་སོ། །ངས་ནི་སྔར་གསུངས་པ་ལྟར་མདོ་སྡེ་འདིས་ཆོས་ཐམས་ཅད་བསྡུས་པར་གསུངས་མོད་ཀྱི། ངས་ནི་བྱང་
Kha403a
༄#། །ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་ཚངས་པར་སྤྱོད་པ་ཡིན་ནོ་ཞེས་གསུངས་སོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་ལྔ་བཅུ་པ། རིགས་ཀྱི་བུ། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་མ་གཏོགས་པར། གཞན་གྱིས་ཉན་ཐོས་ཀྱི་འབྲས་བུ་ཡང་དག་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུའི་བར་དུ་ཐོབ་པར་མི་འགྱུར་བས་སངས་རྒྱས་ཀྱི་རང་བཞིན་དང ། སངས་རྒྱས་ཀྱི་རང་བཞིན་གྱི་འབྲས་བུའང་མི་མཐོང་ངོ ། །དེའི་རྒྱུ་དེའི་རྐྱེན་གྱིས་ཚངས་པར་སྤྱོད་པ་ནི་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ཕྱིན་ཅི་ལོག་གི་རང་བཞིན་མ་ཡིན་པས་ཕྱིན་ཅི་ལོག་རྣམ་པར་འཇིག་པར་བྱེད་དོ། །ངན་པར་ལྟ་བའི་རང་བཞིན་མ་ཡིན་པས་ངན་པར་ལྟ་བ་འཇིག་པར་བྱེད་དོ། །འཇིག་པའི་རང་བཞིན་མ་ཡིན་པས་འཇིག་པ་ཡོངས་སུ་འཇིག་པར་བྱེད་དོ། །རང་བཞིན་གྱིས་ཡོངས་སུ་དག་པར་སྤྱོད་པ་ཡིན་པས་སེམས་ཅན་དག་མཐར་ཡོངས་སུ་དག་པའི་ཚངས་པར་སྤྱད་པ་སྤྱོད་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། ཟག་པ་དང་བཅས་པའི་ཆོས་ནི་ཟག་པ་མེད་པའི་ཆོས་ཀྱི་རྒྱུར་ཡང་འགྱུར་ན། དེ་བཞིན་
Kha403b
གཤེགས་པས་ཅིའི་སླད་དུ་ཟག་པ་དང་བཅས་པ་ལ། ཡོངས་སུ་དག་པའི་ཚངས་པར་སྤྱོད་པའོ་ཞེས་མ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཟག་པ་དང་བཅས་པ་ཐམས་ཅད་ནི་ཕྱིན་ཅི་ལོག་པ་ཡིན་ཏེ། དེ་བས་ན་ཟག་པ་དང་བཅས་པ་ལ་ཡོངས་སུ་དག་པའི་ཚངས་པར་སྤྱོད་པ་ཞེས་མི་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། འཇིག་རྟེན་མཆོག་གི་ཆོས་ཞེས་བགྱི་བ། ཟག་པ་དང ། བཅས་པ་ལགས་སམ། ཟག་པ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཟག་པ་དང་བཅས་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། ཟག་པ་དང་བཅས་པགས་མོད་ཀྱི། རང་བཞིན་གྱིས་ཕྱིན་ཅི་ལོག་མ་ལགས་ན། ཅིའི་སླད་དུ་ཡོངས་སུ་དག་པའི་ཚངས་པར་སྤྱོད་པ་ཞེས་མི་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། འཇིག་རྟེན་མཆོག་གི་ཆོས་ནི་ཟག་པ་མེད་པའི་རྒྱུར་འགྱུར་བས་ཟག་པ་མེད་པ་དང་འདྲའོ། །ཟག་པ་མེད་པ་ལ་ཕྱོགས་པས་ཕྱིན་ཅི་ལོག་ཅེས་མི་བྱའོ། །རིགས་ཀྱི་བུ། ཡོངས་སུ་དག་པའི་ཚངས་པར་སྤྱོད་པའི་སེམས་བསྐྱེད་པ་རྒྱུན་མ་ཆད་པ་ནས། མཐར་འཇིག་རྟེན་མཆོག་གི་ཆོས་ཀྱི་བར་དུ་སེམས་རྩེ་གཅིག་ཏུ་ཟད་དེ། དེ་བས་ན་ཡོངས་སུ་དག་པའི་ཚངས་པར་སྤྱོད་པ་ཞེས་མི་བྱའོ། །བྱང་ཆུབ་སེམས་དཔའ་འོད་
Kha404a
༄#། །སྲུང་གིས་གསོལ་པ། བཅོམ་ལྡན་འདས། སེམས་ཅན་གྱི་རྣམ་པར་ཤེས་པ་ལྔ་ནི་ཟག་པ་དང་བཅས་པའང་ལགས་ཏེ། ཕྱིན་ཅི་ལོག་པ་མ་ལགས་ལ་སེམས་རྩེ་གཅིག་པའང་མ་ལགས་ན་ཅིའི་སླད་དུ་ཡོངས་སུ་དག་པའི་ཚངས་པར་སྤྱོད་པ་ཞེས་མི་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། སེམས་ཅན་གྱི་རྣམ་པར་ཤེས་པ་ལྔ་ནི་སེམས་རྩེ་གཅིག་པ་མ་ཡིན་ཡང་གང་ཟག་པ་དང་བཅས་པ་ཡིན་ལ། ཕྱིན་ཅི་ལོག་ཀྱང་ཡིན་ཏེ། ཟག་པ་རྣམས་བསྐྱེད་པའི་ཕྱིར་ཟག་པ་དང་བཅས་པ་ཞེས་བྱའོ། །ངོ་བོ་ཉིད་ཀྱིས་ཡང་དག་པ་མ་ཡིན་ཏེ། འདུ་ཤེས་ལ་ཆགས་པས་ཕྱིན་ཅི་ལོག་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་ངོ་བོ་ཉིད་ཀྱིས་ཡང་དག་པ་མ་ཡིན་ཏེ། འདུ་ཤེས་ལ་ཆགས་པས་ཕྱིན་ཅི་ལོག་ཅེས་བྱ་ཞེ་ན། ཕོ་དང ། མོ་མ་ཡིན་པ་ལ་ཕོ་དང ། མོར་འདུ་ཤེས་བསྐྱེད་པ་ནས། ཁང་པ་དང ། ཐེག་པ་དང ། བུམ་པ་དང ། གོས་ཀྱི་བར་དུ་དེ་བཞིན་དུ་རྒྱས་པར་རིག་པར་བྱ་སྟེ། དེ་དག་ནི་ཕྱིན་ཅི་ལོག་ཅེས་བྱའོ། །རིགས་ཀྱི་བུ། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ནི་རང་བཞིན་གྱིས་ཕྱིན་ཅི་ལོག་པ་མ་ཡིན་ཏེ། དེ་བས་ན་ཡོངས་སུ་དག་པའི་ཚངས་པར་སྤྱོད་པ་ཞེས་བྱའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ལས་རྩ་བའང་ཤེས། རྒྱུའང་ཤེས་
Kha404b
བསྡུ་བའང་ཤེས། བསྐྱེད་པའང་ཤེས། བདག་པོའང་ཤེས། དེད་དཔོན་ཡང་ཤེས། རྒྱལ་བའང་ཤེས། ཡང་དག་པའང་ཤེས། མཐར་ཕྱིན་པའང་ཤེས་ན། བྱང་ཆུབ་སེམས་དཔའ་དེ་ནི་ཡོངས་སུ་དག་པའི་ཚངས་པར་སྤྱོད་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། དེ་ལ་ཇི་ལྟར་ན་རྩ་བ་ཤེས་པ་ནས་མཐར་ཕྱིན་པའི་བར་དུ་ཤེས་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ལེགས་སོ། །ལེགས་སོ། །བྱང་ཆུབ་སེམས་དཔའ་ཞུ་བ་ལ་དངོས་པོ་རྣམ་པ་གཉིས་ཏེ། གང་ཞེ་ན། བདག་ཤེས་པར་བྱ་བ་དང ། གཞན་ཤེས་པར་བྱེད་པའོ། །ཁྱོད་ཀྱིས་རྟོགས་ཤིང་ཤེས་ཀྱང་སེམས་ཅན་ཚད་མེད་པ་སྙེད་མ་རྟོགས་མི་ཤེས་པ་དག་གི་ཕྱིར་དངོས་པོ་འདི་དག་ཞུ་བ་ལེགས་སོ། །ལེགས་སོ་ཞེས་བསྟོད་དོ། །རིགས་ཀྱི་བུ། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་རྩ་བ་ནི་མོས་པ་ཡིན་ཏེ། རྒྱུ་ནི་གསལ་བར་རེག་པ་ཞེས་བྱ། བསྡུ་བ་ནི་ཚོར་བ་ཞེས་བྱ། བསྐྱེད་པ་ནི་ལེགས་པར་ཡིད་ལ་བྱེད་པ་ཞེས་བྱ། བདག་པོ་ནི་དྲན་པ་ཞེས་བྱ། དེད་དཔོན་ནི་ཏིང་ངེ་འཛིན་ཅེས་བྱ། རྒྱལ་བ་ནི་ཤེས་རབ་ཅེས་བྱ། ཡང་དག་པ་ནི་རྣམ་པར་གྲོལ་བ་ཞེས་བྱ། མཐར་ཕྱིན་པ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ། རིགས་ཀྱི་བུ། ཤིན་ཏུ་མོས་པ་ནི་ཐོག་མ་སེམས་བསྐྱེད་པ་ནས། བླ་ན་མེད་པ་ཡང་
Kha405a
༄#། །དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་གྱི་རྩ་བ་ཡིན་ཏེ། དེ་བས་ན་མོས་པ་ནི་རྩ་བ་ཞེས་གསུངས་སོ། །རིགས་ཀྱི་བུ། དཔེར་ན། འཇིག་རྟེན་ན་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ནི་སྲེད་པ་ཡིན་ནོ་ཞེས་བྱ་བ་དང ། ནད་ཐམས་ཅད་ཀྱི་རྩ་བ་ནི་ཁ་ཟས་མ་ཞུ་བ་ཡིན་ནོ་ཞེས་བྱ་བ་དང ། ཞལ་ཆེ་ཐམས་ཅད་ཀྱི་རྩ་བ་ནི་རྩོད་པ་ཡིན་ནོ་ཞེས་བྱ་བ་དང ། མི་དགེ་བ་ཐམས་ཅད་ཀྱི་རྩ་བ་ནི་རྫུན་ཡིན་ནོ་ཞེས་བྱ་བ་དང་འདྲའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པས་སྔར་མདོ་སྡེ་འདིའི་ནང་ནས་དགེ་བ་ཐམས་ཅད་ཀྱི་རྩ་བ་ནི་བག་བྱས་པ་ལགས་སོ་ཞེས་གསུངས་ལ། ད་ནི་མོས་པ་ལགས་སོ་ཞེས་གསུངས་པའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གལ་ཏེ་སྐྱེ་བའི་རྒྱུ་ལ་བྱ་ན་ནི་ཤིན་ཏུ་མོས་པ་ཡིན་ནོ། །གལ་ཏེ་གསལ་བའི་རྒྱུ་ལ་བྱ་ན་ནི་བག་བྱེད་པ་ཡིན་ནོ། །དཔེར་ན། འཇིག་རྟེན་པ་དག་འབྲས་བུ་ཐམས་ཅད་ཀྱི་རྒྱུ་ནི་ས་བོན་ཡིན་ནོ་ཞེས་བྱ་བ་དང ། གཞན་ཡང་ས་བོན་ནི་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་བྱ་བ་དང ། ས་ནི་གསལ་བའི་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཡང་དེ་དང་འདྲའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པས་མདོ་སྡེ་གཞན་ལས་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་
Kha405b
རྩ་བདུན་གྱི་རྩ་བ་ནི་སངས་རྒྱས་ལགས་སོ་ཞེས་བགྱི་བའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པས་སེམས་ཅན་གང་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ཐོག་མ་ཤེས་པ་ལ་ནི་སངས་རྒྱས་ཀྱི་རྩ་བ་ཡིན་ནོ་ཞེས་གསུངས་སོ། །གང་རང་གིས་རིག་པ་ལ་ནི་ཤིན་ཏུ་མོས་པ་རྩ་བ་ཡིན་ནོ་ཞེས་གསུངས་སོ། །གསོལ་པ། བཅོམ་ལྡན་འདས། དེ་ལ་ཇི་ལྟར་ན་གསལ་བར་རིག་པ་ལ་རྒྱུ་ཞེས་བགྱི་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་བཞིན་གཤེགས་པས་བར་བར་ནི་གསལ་བ་ལ་ཤེས་རབ་ཅེས་ཀྱང་གསུངས། བར་བར་ནི་དད་པ་ཞེས་ཀྱང་གསུངས་སོ། །རིགས་ཀྱི་བུ། དད་པའི་རྒྱུ་དང་རྐྱེན་གྱིས་དགེ་བའི་བཤེས་གཉེན་ལ་བསྙེན་པར་འགྱུར་ཏེ། དེ་བས་ན་རེག་པ་ཞེས་བྱའོ། །དགེ་བའི་བཤེས་ལ་བསྟེན་པའི་རྒྱུ་དང་རྐྱེན་གྱིས་དམ་པའི་ཆོས་ཐོས་པར་འགྱུར་ཏེ། དེའང་རེག་པ་ཞེས་བྱའོ། །དམ་པའི་ཆོས་ཐོས་པའི་རྐྱེན་གྱིས་ལུས་དང ། ངག་དང ། ཡིད་ཀྱི་ལས་ཡོངས་སུ་དག་པར་འགྱུར་ཏེ། དེའང་རེག་པ་ཞེས་བྱའོ། །ལུས་དང ། ངག་དང ། ཡིད་ཀྱི་ལས་ཡོངས་སུ་དག་པའི་རྐྱེན་གྱིས་ཡང་དག་པའི་འཚོ་བ་ཐོབ་པར་འགྱུར་ཏེ། དེའང་རེག་པ་ཞེས་བྱའོ། །ཡང་དག་པའི་འཚོ་བའི་རྐྱེན་གྱིས་ཡོངས་སུ་དག་པའི་ཚུལ་ཁྲིམས་ཐོབ་པར་འགྱུར་རོ། །ཡོངས་སུ་དག་པའི་ཚུལ་ཁྲིམས་ཀྱི་རྐྱེན་གྱིས་
Kha406a
༄#། །བས་མཐའི་དགོན་པ་ལ་དགའ་བར་འགྱུར་རོ། །བས་མཐའི་དགོན་པ་ལ་དགའ་བའི་རྐྱེན་གྱིས་ཤིན་ཏུ་ཡིད་ལ་བྱེད་པར་འགྱུར་རོ། །ཤིན་ཏུ་ཡིད་ལ་བྱས་པས་ཆོས་བཞིན་དུ་གནས་པར་འགྱུར་རོ། །ཆོས་བཞིན་དུ་གནས་པའི་རྐྱེན་གྱིས་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ཐོབ་སྟེ། ཀུན་ནས་ཉོན་མོངས་པ་ཚད་མེད་པ་སྙེད་ཆོམས་པར་འགྱུར་ཏེ། དེ་ནི་རེག་པ་ཞེས་བྱའོ། །རིགས་ཀྱི་བུ། ཚོར་བ་ལ་སྡུད་པ་ཞེས་བྱའོ། །སེམས་ཅན་གྱིས་ཚོར་བ་མྱོང་བ་ན་དགེ་བ་དང་སྡིག་པ་བྱེད་པར་འགྱུར་ཏེ། དེ་བས་ན་ཚོར་བ་ལ་སྡུད་པ་ཞེས་བྱའོ། །རིགས་ཀྱི་བུ། ཚོར་བའི་རྐྱེན་གྱིས་ཀུན་ནས་ཉོན་མོངས་པ་མང་པོ་སྐྱེའོ། །བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱིས་ཀུན་ནས་ཉོན་མོངས་པ་ཆོམས་པར་འགྱུར་ཏེ། དེ་བས་ན་ཚོར་བ་སྡུད་པ་ཞེས་བྱའོ། །ཤིན་ཏུ་ལེགས་པར་ཡིད་ལ་བྱེད་པའི་རྐྱེན་གྱིས་ཀུན་ནས་ཉོན་མོངས་པ་ཆོམས་པར་འགྱུར་ཏེ། དེ་བས་ན་བསྐྱེད་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བརྩོན་འགྲུས་སུ་ནན་ཏན་བྱས་ན་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ཐོབ་པར་འགྱུར་རོ། །གང་གིས་དེ་ལྟར་ཀུན་ནས་ཉོན་མོངས་པ་གཞོམ་པར་བསམས་ན་དྲན་པ་ལ་རག་ལུས་ཏེ། དེ་བས་ན་དྲན་པ་ནི་བདག་པོ་ཞེས་བྱའོ། །དཔེར་ན། འཇིག་རྟེན་ན་ཚོགས་རྣམ་པ་བཞི་ནི་དམག་དཔོན་གྱི་ཡིད་བཞིན་དུ་འགྲོ་བ་ལྟར་བྱང་
Kha406b
ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ཡང་དེ་དང་འདྲ་སྟེ། བདག་པོ་དྲན་པའི་རྗེས་སུ་འགྲོའོ། །རིགས་ཀྱི་བུ། ཏིང་ངེ་འཛིན་དུ་ཞུགས་པས་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས་ཀྱི་མཚན་ཉིད་ཐམས་ཅད་རྟོགས་པར་འགྱུར་ཏེ། དེ་བས་ན་ཏིང་ངེ་འཛིན་ནི་དེད་དཔོན་ཞེས་བྱའོ། །བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས་ཀྱི་མཚན་ཉིད་རྟོགས་པའང་ཤེས་རབ་མཆོག་ཏུ་འགྱུར་ཏེ། དེ་བས་ན་ཤེས་རབ་ནི་རྒྱལ་བ་ཞེས་བྱའོ། །དེ་ལྟར་ཤེས་རབ་ཀྱིས་ཉོན་མོངས་པ་རྟོགས་ནས་ཤེས་རབ་ཀྱི་སྟོབས་ཀྱིས་ཉོན་མོངས་པ་ཞི་བར་འགྱུར་ཏེ། ཇི་ལྟར་འཇིག་རྟེན་ན་ཚོགས་རྣམ་བཞིས་དགྲ་ཕམ་པའང་དཔའ་བོ་གཅིག་གམ་གཉིས་ཙམ་ལ་རག་ལུས་པ་ལྟར་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ཡང་དེ་དང་འདྲ་སྟེ། ཤེས་རབ་ཀྱི་མཐུས་ཉོན་མོངས་པ་བཅོམ་པས་ཤེས་རབ་ཀྱི་རྒྱལ་བ་ཞེས་བྱའོ། །རིགས་ཀྱི་བུ། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ལ་ནན་ཏན་བྱས་པས་བསམ་གཏན་བཞི་དང ། མངོན་པར་ཤེས་པ་དང ། བདེ་བ་ཐོབ་མོད་ཀྱི། ཡང་དག་པ་ཞེས་མི་བྱ་སྟེ། གང་ཉོན་མོངས་པ་བཅོམ་ནས་རྣམ་པར་གྲོལ་བ་ཐོབ་པའི་ཚེ། དོན་ཡང་དག་པ་ཞེས་བྱའོ། །བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ལ་སེམས་བསྐྱེད་དེ་ནན་ཏན་བྱས་པས་འཇིག་རྟེན་གྱི་བདེ་བ་དང ། འཇིག་རྟེན་ལས་འདས་པའི་བདེ་བ་དང ། དགེ་སྦྱོང་གི་འབྲས་བུ་བཞི་དང ། རྣམ་པར་གྲོལ་བ་ཐོབ་མོད་ཀྱི་མཐར་
Kha407a
༄#། །ཕྱིན་པ་ཞེས་མི་བྱའོ། །གང་ཞིག་གིས་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་སྦྱོང་བའི་དངོས་པོ་ཡོངས་སུ་བཅད་ན་དེ་ནི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། དེ་བས་ན་མཐར་ཕྱིན་པ་ལ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་ངས་གསུངས་སོ། །རིགས་ཀྱི་བུ། གཞན་ཡང་ཤིན་ཏུ་འདོད་པའི་སེམས་ནི་མོས་པ་ཞེས་བྱའོ། ། ཤིན་ཏུ་འདོད་པས་དགེ་བའི་བཤེས་གཉེན་ལ་བསྙེན་པར་འགྱུར་ཏེ། དེ་ནི་རེག་པ་ཞེས་ཀྱང་བྱ། རྒྱུ་ཞེས་ཀྱང་བྱའོ། །དགེ་བའི་བཤེས་གཉེན་ལ་བསྙེན་པས་ཚོར་བ་ཞེས་ཀྱང་བྱ་སྟེ། དེ་ནི་སྡུད་པ་ཞེས་བྱའོ། །དགེ་བའི་བཤེས་གཉེན་ལ་བསྙེན་པས་ཤིན་ཏུ་ཡིད་ལ་བྱེད་པར་འགྱུར་ཏེ་བསྐྱེད་པ་ཞེས་བྱའོ། །ཆོས་རྣམ་པ་འདི་བཞིའི་རྐྱེན་གྱིས་བྱང་ཆུབ་སྐྱེ་བ་ནི་མོས་པ་དང ། དྲན་པ་དང ། ཏིང་ངེ་འཛིན་དང ། ཤེས་རབ་ཡིན་ཏེ། དེ་ནི་བདག་པོ་དང ། དེད་དཔོན་དང ། རྒྱལ་བ་ཞེས་བྱའོ། །ཆོས་རྣམ་པ་འདི་གསུམ་གྱི་རྐྱེན་གྱིས་རྣམ་པར་གྲོལ་བ་གཉིས་ཐོབ་པར་འགྱུར་རོ། །འདོད་པ་ཡོངས་སུ་བཅད་པས་ནི་སེམས་རྣམ་པར་གྲོལ་ལ། མ་རིག་པ་ཡོངས་སུ་བཅད་པས་ཤེས་རབ་རྣམ་པར་གྲོལ་ཏེ། དེ་ནི་ཡང་དག་པ་ཞེས་བྱའོ། །དེ་ལྟར་ཆོས་རྣམ་པ་འདི་བརྒྱད་ཀྱིས་མཐར་འབྲས་བུ་ཐོབ་པར་འགྱུར་བས་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། མཐར་ཕྱིན་པ་
Kha407b
ཞེས་ཀྱང་བྱའོ། །རིགས་ཀྱི་བུ། གཞན་ཡང་མོས་པ་ནི་སེམས་བསྐྱེད་ནས་རབ་ཏུ་བྱུང་བའོ། །རེག་པ་ནི་གསོལ་པ་དང་བཞིའི་ལས་བྱས་པ་སྟེ། དེ་ནི་རྒྱུ་ཞེས་བྱའོ། །བཟུང་བ་ནི་ཚུལ་ཁྲིམས་རྣམ་པ་གཉིས་ནོད་པ་སྟེ། སོ་སོར་ཐར་པ་དང ། རྩ་བ་ཡོངས་སུ་དག་པའི་ཚུལ་ཁྲིམས་ཏེ། དེ་ནི་ཚོར་བ་དང ། ཡོངས་སུ་བཟུང་བ་ཞེས་བྱའོ། །བསྐྱེད་པ་ནི་བསམ་གཏན་བཞི་ལ་ནན་ཏན་བྱེད་པའོ། །བདག་པོ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང ། ལན་གཅིག་ཕྱིར་ལྡོག་པའི་འབྲས་བུའོ། །དེད་དཔོན་ནི་ལན་གཅིག་ཕྱིར་མི་ལྡོག་པའི་འབྲས་བུའོ། །རྒྱལ་བ་ནི་དགྲ་བཅོམ་པའི་འབྲས་བུའོ། །ཡང་དག་པ་ནི་རང་སངས་རྒྱས་ཀྱི་འབྲས་བུའོ། །མཐར་ཕྱིན་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུའོ། །རིགས་ཀྱི་བུ། གཞན་ཡང་མོས་པ་ནི་རྣམ་པར་ཤེས་པའོ། །རེག་པ་ནི་སྐྱེ་མཆེད་དྲུག་གོ། སྡུད་པ་ནི་ཚོར་བའོ། །སྐྱེ་བ་ནི་མ་རིག་པའོ། །བདག་པོ་ནི་མིང་དང་གཟུགས་སོ། །དེད་དཔོན་ནི་འདོད་པའོ། །རྒྱལ་བ་ནི་ལེན་པའོ། །ཡང་དག་པ་ནི་སྲིད་པའོ། །མཐར་ཕྱིན་པ་ནི་སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། རྩ་བ་དང ། རྒྱུ་དང ། བསྐྱེད་པ་དང་གསུམ་ལ་ཐ་དད་པའང་ཅི་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩ་བ་ཞེས་བྱ་བ་ནི་
Kha408a
༄#། །ཐོག་མ་སེམས་བསྐྱེད་པ་ལ་བྱའོ། །རྒྱུ་ཞེས་བྱ་བ་ནི་འདྲ་བ་རྒྱུན་མི་འཆད་པའོ། །བསྐྱེད་པ་ནི་འདྲ་བ་འགགས་ནས་འདྲ་བ་བསྐྱེད་པའོ། །རིགས་ཀྱི་བུ། གཞན་ཡང་རྩ་བ་ཞེས་བྱ་བ་ནི་བྱེད་པའོ། །རྒྱུ་ཞེས་བྱ་བ་ནི་འབྲས་བུའོ། །བསྐྱེད་བ་ཞེས་བྱ་བ་ནི་དགོས་པའོ། །རིགས་ཀྱི་བུ། མ་འོངས་པའི་དུས་ན་རྣམ་པར་སྨིན་པའི་འབྲས་བུ་ཡོད་ཀྱང་མ་མྱོང་བའི་ཕྱིར་རྒྱུ་ཞེས་བྱའོ། །ནམ་མྱོང་བར་འགྱུར་བའི་ཚེ་ན་བསྐྱེད་པ་ཞེས་བྱའོ། །རིགས་ཀྱི་བུ། གཞན་ཡང་རྩ་བ་ཞེས་བྱ་བ་ནི་ཚོར་བའོ། །ཐོབ་པ་ནི་རྒྱུའོ། །དགོས་པ་ནི་བསྐྱེད་པའོ། །རིགས་ཀྱི་བུ། མདོ་སྡེ་འདི་ལས་རྩ་བ་ཞེས་བྱ་བ་ནི་མཐོང་བའི་ལམ་མོ། །རྒྱུ་ཞེས་བྱ་བ་ནི་བསྒོམ་པའི་ལམ་མོ། །བསྐྱེད་པ་ཞེས་བྱ་བ་ནི་མི་སློབ་པའི་ལམ་མོ། །རིགས་ཀྱི་བུ། གཞན་ཡང་རྩ་བ་ཞེས་བྱ་བ་ནི་ཡང་དག་པའི་རྒྱུའོ། །རྒྱུ་ཞེས་བྱ་བ་ནི་ཐབས་ཡིན་ཏེ། ཐབས་མཁས་པས་འབྲས་བུ་ཐོབ་པར་གྱུར་ཏོ། །འབྲས་བུ་ཐོབ་པས་བསྐྱེད་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་མཐར་ཕྱིན་པ་ལ་མྱ་ངན་ལས་འདས་པ་ཞེས་བགྱི་ན་མྱ་ངན་ལས་འདས་པ་དེ་ཐོབ་པར་རུང་ངམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའམ། དགེ་སློང་
Kha408b
ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ཞིག་འདུ་ཤེས་བཅུ་ལ་ནན་ཏན་བྱས་ན་དེས་མྱ་ངན་ལས་འདས་པ་ཐོབ་པར་རིག་པར་བྱའོ། བཅུ་གང་ཞེ་ན། འདི་ལྟ་སྟེ། མི་རྟག་པར་འདུ་ཤེས་པ་དང ། སྡུག་བསྔལ་བར་འདུ་ཤེས་པ་དང ། བདག་མེད་པར་འདུ་ཤེས་པ་དང ། ཁ་ཟས་སྤོང་བར་འདུ་ཤེས་པ་དང ། འཇིག་རྟེན་ཐམས་ཅད་ལ་མི་ཆགས་པར་འདུ་ཤེས་པ་དང ། ཤི་བར་འདུ་ཤེས་པ་དང ། ཉེས་པའི་སྐྱོན་མང་བར་འདུ་ཤེས་པ་དང ། སྤོང་བར་འདུ་ཤེས་པ་དང ། འགོག་པར་འདུ་ཤེས་པ་དང ། སྲེད་པ་མེད་པར་འདུ་ཤེས་པའོ། །རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་གིས་འདུ་ཤེས་རྣམ་པ་བཅུ་པོ་འདི་ལ་ནན་ཏན་བྱས་ན་མཐར་ངེས་པར་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །དེ་བས་ན་གཞན་གྱི་དྲིང་ལ་མི་འཇོག་པར་དགེ་བ་དང་མི་དགེ་བ་ལ་སོགས་པ་རྟོགས་པར་འགྱུར་ཏེ། དེ་ནི་ཡང་དག་པའི་དགེ་སློང་ཡིན་པ་ནས་དགེ་བསྙེན་དང ། དགེ་བསྙེན་མ་ཡང་དག་པའི་བར་དུ་ཡིན་ནོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ནས་དགེ་བསྙེན་མའི་བར་དུ་མི་རྟག་པར་འདུ་ཤེས་པ་ལ་ནན་ཏན་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
Kha409a
༄#། །པ།་རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་ལ་རྣམ་པ་གཉིས་ཏེ། ཐོག་མ་སེམས་བསྐྱེད་པ་དང ། བྱང་ཆུབ་ལ་ནན་ཏན་བྱེད་པའོ། །མི་རྟག་པར་འདུ་ཤེས་པ་ལའང་རྣམ་པ་གཉིས་ཏེ། སྦོམ་པོ་དང ། ཕྲ་མོའོ། །ཐོག་མ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔས་མི་རྟག་པ་ལ་འདུ་ཤེས་པའི་ཚེ་ན་འདི་སྙམ་དུ་སེམས་སོ། །འཇིག་རྟེན་གྱི་དངོས་པོ་ལའང་རྣམ་པ་གཉིས་ཏེ། ནང་དང ། ཕྱི་རོལ་ལོ། །དེ་ལྟར་ནང་གི་དངོས་པོ་ནི་མི་རྟག་ལ་འགྱུར་ཞིང་འཕོ་བ་སྟེ། བདག་གི་ལུས་འདི་ཐོག་མ་བཙས་པ་དང ། གཞོན་ནུ་དང ། ལང་ཚོ་བ་དང ། རྒས་འཁོགས་པ་དང ། ཤི་བ་ལ་སོགས་པའི་དུས་དང ། ཚད་སོ་སོར་ཐ་དད་དེ། དེ་བས་ན་ནང་གི་དངོས་པོ་ནི་མི་རྟག་པར་རྟོགས་སོ། །མི་རྟག་པར་རིག་གོ། གཞན་ཡང་འདི་སྙམ་དུ་བདག་གིས་སེམས་ཅན་དག་ལ་བརྟགས་ན། ཁ་ཅིག་ཁ་དོག་དང་མདོག་དང་མཐུ་སྟོབས་སུ་ལྡན་ཏེ། འགྲོ་བ་དང་འོང་བ་ལ་ཐོགས་པ་མེད་པར་དབང་དུ་གྱུར། ཁ་ཅིག་ནི་ནད་ཀྱིས་གཟིར་ནས་ཤིན་ཏུ་རིད་དེ་མདོག་དང་ཁ་དོག་ཏུ་མི་ལྡན། མཐུ་དང་སྟོབས་མེད་པས་དབང་དུ་མ་གྱུར་ཏོ། །ཁ་ཅིག་ནི་ཤིན་ཏུ་ལོངས་སྤྱོད་དང་ལྡན་ཏེ་བང་མཛོད་ཀྱང་ཡོངས་སུ་གང་ངོ ། །ཁ་ཅིག་ནི་དབུལ་ཕོངས་པས་ཅིའང་མི་བདོག་གོ། ཁ་ཅིག་ནི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་མཐོང་ངོ ། ཁ་ཅིག་
Kha409b
ནི་སྡིག་པ་མི་དགེ་བའི་ཆོས་དང་ལྡན་པར་མཐོང་བས་དེ་བས་ན་ངེས་པར་ནང་གི་ཆོས་ནི་མི་རྟག་པར་རིག་གོ། གཞན་ཡང་ཕྱི་རོལ་གྱི་ཆོས་རྣམས་ནི་ས་བོན་དང ། མྱུ་གུ་དང ། སྡོང་བུ་དང ། ལོ་མ་དང ། མེ་ཏོག་དང ། འབྲས་བུའི་ཚེ་སོ་སོར་ཐ་དད་དེ། དེ་ལྟར་ཕྱི་རོལ་གྱི་ཆོས་ཀྱང་ཁ་ཅིག་ནི་ཕུན་སུམ་ཚོགས་པ་དང་ལྡན། ཁ་ཅིག་ནི་ཕུན་སུམ་ཚོགས་པ་དང་མི་ལྡན་ཏེ། དེ་བས་ན་ཕྱི་རོལ་གྱི་ཆོས་ཐམས་ཅད་ཀྱང་མི་རྟག་པར་རིག་གོ་སྙམ་སེམས་སོ། །དེ་ལྟར་ཆོས་ཐམས་ཅད་མི་རྟག་པར་རྟོགས་ནས་ཐོས་པའི་སྒོ་ནས་ཆོས་ཐམས་ཅད་ལ་འདི་ལྟར་རྟོག་གོ་།བདག་གིས་ཐོས་ན་མཐོ་རིས་ཀྱི་ལྷ་རྣམས་ཀྱང་ཤིན་ཏུ་བདེ་བའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་ཏེ། མངོན་པར་ཤེས་པ་དང་དབང་དུ་ལྡན་ཡང་ལྟས་ལྔ་མངོན་པར་བྱུང་བས་དེ་བས་ན་མི་རྟག་པར་རིག་གོ། གཞན་ཡང་བསྐལ་པ་ཐོག་མའི་ཚེ་སེམས་ཅན་ཐམས་ཅད་ཀྱང་སོ་སོ་ནས་ཡོན་ཏན་མཆོག་དམ་པ་དང་ལྡན་ཏེ། སོ་སོའི་ལུས་ཀྱི་འོད་ཀྱིས་སྣང་བར་བྱེད་ཀྱི་ཉི་མ་ཟླ་བའི་འོད་ལ་རག་མ་ལུས་སོ་ཞེས་ཐོས་ཏེ། མི་རྟག་པའི་མཐུས་འོད་ཀྱང་ཉམས་ནས་ཡོན་ཏན་ཡང་མེད་པར་གྱུར་ཏོ། །གཞན་ཡང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟ་བུ་གླིང་བཞི་ལ་དབང་སྟེ། རིན་པོ་ཆེ་སྣ་བདུན་དང་ལྡན་པའི་དབང་ཆེན་པོ་ཐོབ་ཀྱང་མི་རྟག་པ་བཅོམ་མ་ནུས་སོ་ཞེས་ཐོས་སོ། །གཞན་ཡང་ས་ཆེན་པོ་འདི་ལ་སྔོན་ནི་སེམས་
Kha410a
༄#། །ཅན་ཚད་མེད་པ་སྙེད་བདེ་བར་གནས་ཏེ། ཤིང་རྟའི་ཕང་ལོ་ཙམ་གྱིས་སྟོངས་མེད་པར་སྨན་དམ་པ་སྣ་ཚོགས་དང ། ནགས་ཚལ་དང ། བཟའ་ཤིང་གི་ར་བ་དང ། འབྲས་བུ་ལ་སོགས་པ་ཤིན་ཏུ་རྒྱས་པ་ལས་ད་ནི་སེམས་ཅན་བསོད་ནམས་ཆུང་པས་ས་ཆེན་པོ་འདིའི་མཐུ་སྟོབས་མེད་པར་གྱུར་ཏེ། ས་ལས་སྐྱེས་པའི་རྣམས་ཀྱང་རོ་མེད་ཅིང་ཡ་མ་བརླར་གྱུར་ཏེ། དེ་བས་ན་ཕྱི་ནང་གི་ཆོས་ཐམས་ཅད་ནི་མི་རྟག་པ་ཡིན་ཏེ། དེ་ནི་མི་རྟག་པ་སྦོམ་པོ་ཞེས་བྱའོ། །དེ་ལྟར་སྦོམ་པོ་རྟོགས་ནས་མཐར་གྱིས་ཕྲ་མོ་ལ་རྟོག་གོ་།དེ་ལ་ཕྲ་མོ་ཞེས་བྱ་བ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕྱི་ནང་གི་ཆོས་ཐམས་ཅད་ནས་རྡུལ་ཕྲ་རབ་ཀྱི་བར་དུ་མ་འོངས་པའི་དུས་ན་མི་རྟག་པར་རྟོག་གོ། དེ་ཅིའི་ཕྱིར་ཞེ་ན། མཚན་མ་ཡོངས་སུ་བཅོམ་པ་དང་ལྡན་པའི་ཕྱིར་རོ། །གལ་ཏེ་མ་འོངས་པའི་གཟུགས་དེ་མི་རྟག་པ་མ་ཡིན་ན། གཟུགས་ལ་ཁྱད་པར་གྱི་དུས་རྣམ་པ་འདི་བཅུ་ཡོད་དོ་ཞེས་སྨྲ་བ་མི་རུང་ངོ ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ནུར་ནུར་པོའི་དུས་དང ། མེར་མེར་གྱི་དུས་དང ། མཁྲེགས་པའི་དུས་དང ། ཤ་གོང་གོང་པོར་གྱུར་པའི་དུས་དང ། ཡན་ལག་སྐྱེས་པའི་དུས་དང ། བུས་བ་ཆུང་ངུའི་དུས་དང ། གཞོན་ནུའི་དུས་དང ། ལང་ཚོའི་དུས་དང ། དར་ལ་བབ་པའི་དུས་དང ། རྒས་པའི་དུས་སོ།།
Kha410b
བྱང་ཆུབ་སེམས་དཔའ་ནུར་ནུར་པོའི་ཚེ་ན་མི་རྟག་པ་མ་ཡིན་པར་རྟོག་ན་མེར་མེར་ནས་ལང་ཚོ་བའི་བར་དུའང་མི་འགྱུར་ལ། མི་རྟག་པ་མ་ཡིན་པར་རྟོག་ན་རྒས་པར་ཡང་མི་འགྱུར་རོ། །དེ་ལྟར་དུས་མང་པོ་སྐད་ཅིག་སྐད་ཅིག་གིས་འགོག་པ་མ་ཡིན་ན་བགས་ཀྱིས་སྐྱེ་བར་མི་རིགས་ཏེ། དུས་གཅིག་ཏུ་ཚད་དུ་ཕྱིན་པར་སྐྱེ་བར་རིགས་སོ། །དེ་ལྟར་དུས་གཅིག་ཏུ་ཚད་དུ་ཕྱིན་པར་སྐྱེ་བའི་གནས་མེད་དེ། དེ་བས་ན་ངེས་པར་སྐད་ཅིག་སྐད་ཅིག་གིས་འགོག་པའི་མི་རྟག་པ་ཕྲ་མོ་ཡོད་པར་རིག་གོ། གཞན་ཡང་གང་ཟག་ཁ་ཅིག་ནི་སྔོན་དབང་པོ་དང་མདོག་ཏུ་ལྡན་ཏེ།་ཕྱིས་རྒུད་ཅིང་ཉམས་པའང་མཐོང་བས་ན་གང་ཟག་དེ་ནི་སྐད་ཅིག་སྐད་ཅིག་གིས་ངེས་པར་མི་རྟག་པར་མངོན་ནོ། །གཞན་ཡང་ཆེན་པོ་བཞི་དང ། སྤྱོད་ལམ་བཞི་ལ་རྟོག་གོ། གཞན་ཡང་ཕྱི་ནང་རྣམ་པ་གཉིས་ལ་སྡུག་བསྔལ་གྱི་རྒྱུ་རྣམ་པ་གཉིས་གཉིས་ཡོད་དེ། བཀྲེས་པ་དང ། སྐོམ་པ་དང ། གྲང་བ་དང ། ཚ་བ་ཡང་རྟོག་གོ། གཞན་ཡང་དེ་ལྟར་རྣམ་པ་བཞི་པོ་དེ་སྐད་ཅིག་གིས་མི་རྟག་པ་ཕྲ་མོ་མ་ཡིན་ན་སྡུག་བསྔལ་རྣམ་པ་བཞི་པོའང་གསུང་བའི་མི་རིགས་སོ་སྙམ་དུ་སེམས་སོ། །བྱང་ཆུབ་སེམས་དཔའ་གང་གིས་དེ་ལྟར་རྟོག་ན་དེ་ནི་བྱང་ཆུབ་སེམས་དཔའ་མི་རྟག་པ་ཕྲ་མོ་ལ་རྟོག་པ་ཞེས་བྱའོ། །ཕྱི་ནང་གི་གཟུགས་ལ་ཇི་ལྟ་བ་བཞིན་དུ་སེམས་ཀྱི་ཆོས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །དེ་ཅིའི་ཕྱིར་
Kha411a
༄#། །ཞེ་ན། སྐྱེ་མཆེད་དྲུག་ལ་སྤྱོད་པའི་ཕྱིར་རོ། །སྐྱེ་མཆེད་དྲུག་ལ་སྤྱོད་པ་ན་བར་བར་ནི་དགའ་བའི་སེམས་སྐྱེ། བར་བར་ནི་ཞེ་སྡང་གི་སེམས་སྐྱེ། བར་བར་ནི་འདོད་པའི་སེམས་སྐྱེ། བར་བར་ནི་དྲན་པའི་སེམས་སྐྱེ་སྟེ། དེ་ལྟར་ཐ་དད་པའི་སེམས་སྐྱེ་སྟེ། གཅིག་ཏུ་མ་ཆད་པས་གཟུགས་ཀྱི་ཆོས་དང་གཟུགས་མ་ཡིན་པའི་ཆོས་ཐམས་ཅད་མི་རྟག་པར་རིག་གོ། རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་གང་ཞིག་སྐད་ཅིག་སྐད་ཅིག་ལ་ཆོས་ཐམས་ཅད་སྐྱེ་བ་དང ། འགོག་པ་དང ། མི་རྟག་པར་མཐོང་བ་ནི་བྱང་ཆུབ་སེམས་དཔའ་མི་རྟག་པའི་འདུ་ཤེས་དང་ལྡན་པ་ཞེས་བྱའོ། །རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་ནི་དེ་ལྟར་མི་རྟག་པའི་འདུ་ཤེས་ལ་ནན་ཏན་བྱས་ནས་རྟག་པའི་ང་རྒྱལ་དང ། རྟག་པའི་ཕྱིན་ཅི་ལོག་དང ། ཕྱིན་ཅི་ལོག་གི་འདུ་ཤེས་ཡོངས་སུ་སྤོང་སྟེ། སྡུག་བསྔལ་གྱི་འདུ་ཤེས་ལ་ནན་ཏན་བྱེད་དོ། །ཅིའི་རྒྱུ་ཅིའི་རྐྱེན་གྱིས་འདི་ལྟར་སྡུག་བསྔལ་མྱོང་བར་འགྱུར་སྙམ་བསམས་ན་སྡུག་བསྔལ་དེ་ནི་མི་རྟག་པའི་རྒྱུ་ལས་བྱུང་བར་ཤེས་སོ། །མི་རྟག་པའི་རྐྱེན་གྱིས་སྐྱེ་བ་དང ། རྒ་བ་དང ། ན་བ་དང ། ཤི་བ་མྱོང་བར་གྱུར་ཏེ། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། ཤི་བའི་རྐྱེན་གྱིས་མི་རྟག་པ་ཞེས་བྱའོ། །མི་རྟག་པའི་རྐྱེན་གྱིས་ཕྱི་ནང་གི་སྡུག་བསྔལ་མང་པོ་མྱོང་བ་ནི་བཀྲེས་པ་དང །
Kha411b
སྐོམ་པ་དང ། གྲང་བ་དང ། ཚ་པ་དང ། རྡེག་པ་དང ། འཚོག་པ་དང ། སྤྱོ་བ་དང ། གཤེ་བའི་སྡུག་བསྔལ་མྱོང་ངོ ། །དེ་ལྟར་སྡུག་བསྔལ་མང་པོ་མྱོང་བའང་མི་རྟག་པའི་རྐྱེན་གྱིས་མྱོང་བར་གྱུར་ཏོ། །གཞན་ཡང་མཁས་པ་ཤེས་རབ་ཅན་ནི་ལུས་འདི་ལ་མི་རྟག་པའི་སྣོད་ཡིན་པར་རྟོག་གོ་།སྣོད་སྡུག་བསྔལ་བ་ཡིན་ཏེ། དེ་ལྟར་སྣོད་སྡུག་བསྔལ་བ་ཡིན་པས་བཅུད་ཀྱང་དེ་དང་འདྲ་བར་སྡུག་བསྔལ་གྱི་ཆོས་ཡིན་པར་རྟོག་གོ། གཞན་ཡང ། རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་ནི་སྐྱེ་བ་ཉིད་ཀྱང་སྡུག་བསྔལ་བར་རྟོག་ལ། འགོག་པའང་སྡུག་བསྔལ་བར་རྟོག་སྟེ། སྡུག་བསྔལ་གྱིས་སྐྱེ་ཞིང་འགོག་པས་ན་མི་རྟག་པ་ཡིན་ཏེ། བདག་དང་བདག་གི་བ་མ་ཡིན་པར་མི་རྟག་པའི་འདུ་ཤེས་ལ་ནན་ཏན་བྱེད་དོ། །གཞན་ཡང་མཁས་པ་ཤེས་རབ་ཅན་ནི་སྡུག་བསྔལ་ཉིད་མི་རྟག་པ་ཡིན་ལ། མི་རྟག་པ་ཉིད་ཀྱང་སྡུག་བསྔལ་བ་ཡིན་ཏེ། དེ་ལྟར་སྡུག་བསྔལ་བ་ཉིད་མི་རྟག་པ་ཡིན་པས་ན་མཁས་པ་ཤེས་རབ་ཅན་གྱིས་ཅིའི་ཕྱིར་བདག་ཡོད་ཅེས་སྨྲ། དེ་ལྟར་བདག་མ་ཡིན་པས་ན་མི་རྟག་པའང་དེ་བཞིན་དུ་རིག་པར་བྱའོ། །དེ་བཞིན་དུ་ཕུང་པོ་ལྔའང་སྡུག་བསྔལ་བའང་ཡིན་ལ་མི་རྟག་པའང་ཡིན་ན་སེམས་ཅན་གྱིས་ཅིའི་ཕྱིར་བདག་ཡོད་ཅེས་སྨྲ། གཞན་ཡང་ཆོས་ཐམས་ཅད་ནི་ཐ་དད་འདུས་པ་ལས་སྐྱེས་ཀྱི། གཅིག་བུ་ཞིག་འདུས་པ་ལས་ཆོས་ཐམས་ཅད་སྐྱེས་པའང་མ་
Kha412a
༄#། །ཡིན་ལ། ཆོས་གཅིག་ཀྱང་ཐམས་ཅད་འདུས་པའི་འབྲས་བུ་མ་ཡིན་པར་རྟོགས་ཏེ། འདུས་པ་ཐམས་ཅད་བདག་གི་རང་བཞིན་ཡང་མེད། གཅིག་པའི་རང་བཞིན་ཡང་མེད། ཐ་དད་པའི་རང་བཞིན་ཡང་མེད། དངོས་པོའི་རང་བཞིན་ཡང་མེད། དབང་དུ་གྱུར་པའི་རང་བཞིན་ཡང་མེད་དོ། །ཆོས་ཐམས་ཅད་ལ་གལ་ཏེ་རང་བཞིན་གྱི་མཚན་ཉིད་དེ་དག་ཡོད་ན་མཁས་པ་ཤེས་རབ་ཅན་གྱིས་ཅིའི་ཕྱིར་བདག་ཡོད་པར་སྨྲ། གཞན་ཡང་འདི་སྙམ་དུ་ཆོས་ཐམས་ཅད་ལ་ཆོས་གཅིག་ཙམ་ཡང་བྱེད་པ་པོ་མེད་དོ། །དེ་ལྟར་ཆོས་གཅིག་ཙམ་ཡང་བྱེད་པ་པོ་མེད་དེ། ཆོས་ཐམས་ཅད་འདུས་པ་ལས་བྱེད་པ་པོ་ཡང་མེད་དོ། །ཆོས་ཐམས་ཅད་རང་བཞིན་གྱིས་རང་སྐྱེ་བའམ། རང་འགོག་པར་མི་འགྱུར་ཏེ། འདུས་པ་ལས་འགོག་ཅིང་འདུས་པ་ལས་སྐྱེ་སྟེ། དེ་ལྟར་ཆོས་སྐྱེས་ནས་སེམས་ཅན་གྱིས་ཕྱིན་ཅི་ལོག་པའི་འདུ་ཤེས་བསྐྱེད་དེ། འདུས་པ་ལས་སྐྱེའོ་ཞེས་སྨྲའོ། །སེམས་ཅན་གྱིས་ཕྱིན་ཅི་ལོག་ཏུ་འདུ་ཤེས་པས་ཡང་དག་པའི་བདེན་པ་མེད་ན་ཅིའི་ཕྱིར་ཡང་དག་པར་བདག་ཡོད་དོ་ཞེས་སྨྲ། དེ་བས་ན་མཁས་པ་ཤེས་རབ་ཅན་ནི་བདག་མེད་པར་རྟོག་གོ་།གཞན་ཡང་ཅིའི་རྒྱུ་དང་ཅིའི་རྐྱེན་གྱིས་སེམས་ཅན་གྱིས་བདག་ཏུ་འཛིན་སྙམ་དུ་རྟོག་སྟེ། བདག་དེ་ཡོད་པ་ཞིག་ཡིན་ན་བདག་དེ་གཅིག་ཏུ་ཟད་དམ། མང་དུ་ཡོད་སྙམ་རྟོག་གོ། །གལ་ཏེ་བདག་
Kha412b
དེ་གཅིག་ཏུ་ཟད་ན་ཅིའི་ཕྱིར་རྒྱལ་རིགས་དང ། བྲམ་ཟེ་དང ། རྗེའུ་རིགས་དང ། གདོལ་རིགས་དང ། ལྷ་དང ། མི་དང ། སེམས་ཅན་དམྱལ་བ་དང ། ཡི་དྭགས་དང ། བྱོལ་སོང་གི་སྐྱེ་གནས་དང ། ཆེན་པོ་དང ། ཆུང་ངུ་དང ། ལང་ཚོ་བ་དང ། རྒས་པ་ཡོད་པར་གྱུར། དེ་བས་ན་བདག་ཅེས་བྱ་བ་ནི་གཅིག་མ་ཡིན་པར་རིག་གོ། བདག་ཅེས་བྱ་བ་དེ་གལ་ཏེ་མང་ན་ཅིའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་བདག་ཅེས་བྱ་བ་དེ་གཅིག་སྟེ། ཐམས་ཅད་དུ་ཁྱབ་ལ་མཐའ་མེད་དོ་ཞེས་སྨྲ། དེ་བས་ན་གཅིག་དང་མང་པོ་གཉིས་ཀ་ལ་བདག་མེད་དོ། །མཁས་པ་ཤེས་རབ་ཅན་གྱིས་དེ་ལྟར་བདག་མེད་པར་རྟོགས་ནས་རིམ་གྱིས་ཁ་ཟས་ཡོངས་སུ་སྤོང་བར་བྱེད་པའི་འདུ་ཤེས་ལ་རྟོག་སྟེ། འདི་སྙམ་དུ་གལ་ཏེ་ཆོས་ཐམས་ཅད་མི་རྟག་པའང་ཡིན་ལ་སྡུག་བསྔལ་བ་དང་བདག་མེད་པ་ཡིན་ན། ཅིའི་ཕྱིར་ཁ་ཟས་ཀྱི་ཕྱིར་ལུས་དང་ངག་དང་ཡིད་ཀྱི་ལས་མི་དགེ་བ་བསྐྱེད་པར་གྱུར། སེམས་ཅན་གྱིས་ཁ་ཟས་ལ་ཆགས་པའི་ཕྱིར་ལུས་དང་ངག་དང་ཡིད་ཀྱི་ལས་མི་དགེ་བ་བྱས་ཏེ། ཟང་ཟིང་ཐོབ་པ་རྣམས་གཞན་དང་ཐུན་མོང་དུ་གྱུར་ཀྱང་སྡུག་བསྔལ་གྱི་རྣམ་པར་སྨིན་པ་མྱོང་བ་ན་ཐུན་མོང་དུ་ལེན་པ་མེད་དོ། །རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་ནི་གཞན་ཡང་འདི་ལྟར་རྟོག་སྟེ། སེམས་ཅན་ཐམས་ཅད་ནི་ཁ་ཟས་ཀྱི་ཕྱིར་ལུས་དང་སེམས་སྡུག་བསྔལ་བར་གྱུར་ཏོ། །དེ་ལྟར་སྡུག་བསྔལ་མང་པོའི་
Kha413a
༄#། །རྐྱེན་གྱིས་ཁ་ཟས་ཐོབ་པར་གྱུར་ན་བདག་གིས་ཅིའི་ཕྱིར་ཁ་ཟས་དེ་ལ་ཆགས་པའི་སེམས་བསྐྱེད་སྙམ་དུ་བསམས་ནས་ཁ་ཟས་ལ་ཆགས་པའི་སེམས་སྐྱེ་བར་མི་བྱེད་དོ། །གཞན་ཡང་མཁས་པ་ཤེས་རབ་ཅན་གྱིས་ལུས་ཀྱི་རྒྱུ་གང་ཡིན་པ་བརྟགས་ན། དེ་ནི་ཁ་ཟས་ཀྱི་རྐྱེན་གྱིས་ལུས་སྐྱེ་ཞིང་འཕེལ་བར་རྟོགས་སོ། །ད་བདག་གིས་ཁྱིམ་ནས་ཁྱིམ་མ་ཡིན་པར་རབ་ཏུ་བྱུང་སྟེ། ཚུལ་ཁྲིམས་མནོས་པའང་ལུས་འདི་ཡོངས་སུ་གཏོང་བར་བྱེད་དེ། ད་ཁ་ཟས་ལ་ཆགས་ན་ལུས་འདི་ཇི་ལྟར་གཏང་བར་བྱ་སྙམ་རྟོག་སྟེ། དེ་ལྟར་བརྟགས་ནས་ཁ་ཟས་ལེན་མོད་ཀྱི་འབྲོག་དགོན་པའི་ཡི་དྭགས་ཀྱིས་བུའི་ཤ་ལ་ཟ་བ་ཙམ་གྱི་འདུ་ཤེས་བསྐྱེད་དེ། ཡོངས་སུ་སྐྱོ་བའི་སེམས་བསྐྱེད་ནས་དེ་ལ་ཆགས་པར་མི་བྱེད་དོ། །དེ་ལྟར་ཁ་ཟས་ལ་སྐྱོན་མང་པོ་ཡོད་པར་རྟོགས་ནས་མཐར་གྱིས་རེག་པའི་ཁ་ཟས་ལ་འདི་ལྟར་རྟོག་གོ། དཔེར་ན། བའི་ཀོ་བ་བཤུས་ན་སྲིན་བུ་ཚད་མེད་པ་སྙེད་ཀྱིས་ཡོངས་སུ་ཟ་བ་ལྟར་རྟོག་གོ་།གཞན་ཡང་མཐར་གྱིས་བསམ་པའི་ཟས་ལ་འདི་ལྟར་རྟོག་སྟེ། དཔེར་ན། མེའི་ཕུང་པོ་ཆེན་པོ་དང་འདྲ་བར་རྟོག་གོ། རྣམ་པར་ཤེས་པའི་ཁ་ཟས་ལ་ནི་མཚོན་ཤཀྟི་སུམ་བརྒྱས་བཙུགས་པ་དང་འདྲ་བར་རྟོག་གོ་།རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་ནི་དེ་ལྟར་ཁ་ཟས་རྣམ་པ་བཞི་རྟོགས་
Kha413b
ནས་ནམ་དུའང་ཁ་ཟས་ལ་ཆགས་པ་དང ། འདོད་པའི་སེམས་མི་སྐྱེའོ། །གལ་ཏེ་སྐྱེས་ནའང་མི་གཙང་བ་ལ་ཡོངས་སུ་རྟོག་གོ། དེ་ཅིའི་ཕྱིར་ཞེ་ན། ཁ་ཟས་ལ་ཆགས་པ་ཡོངས་སུ་སྤོང་བའི་ཕྱིར་རོ། །ཁ་ཟས་ཐམས་ཅད་ལ་མི་གཙང་བར་ཤིན་ཏུ་རྟོག་སྟེ། ཇི་ལྟར་མི་གཙང་བ་དང་འདྲ་བར་ཤིན་ཏུ་རྟོགས་ནས་གལ་ཏེ་ཁ་ཟས་བཟང་པོ་རྙེད་དམ། ངན་པ་རྙེད་ནའང་ལེན་པའི་ཚེ། རྨའམ་ཤུ་བ་མ་རུངས་པ་ལ་སྨན་གྱིས་བསྐུས་པ་དང་འདྲ་བར་སེམས་ཀྱི་ཆགས་པ་དང ། འདོད་པའི་སེམས་ནམ་དུའང་མི་སྐྱེའོ། །རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་གང་ཞིག་གིས་དེ་ལྟ་བུར་རྟོགས་ན་དེ་ནི་ཁ་ཟས་ཀྱི་འདུ་ཤེས་ཡོངས་སུ་སྤོང་བ་དང ། ལྡན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། མཁས་པ་ཤེས་རབ་ཅན་གྱིས་དེ་ལྟར་ཁ་ཟས་ལ་མི་གཙང་བར་རྟོག་པ་ན་འོན་ཏེ་ཡང་དག་པར་རྟོག་གམ། སྒྱུ་མ་ཙམ་དུ་རྟོག། གལ་ཏེ་ཡང་དག་པར་རྟོག་ན་རྟོག་པའི་ཁ་ཟས་དེ་ནི་མི་གཙང་བ་མ་ལགས་སོ། །གལ་ཏེ་སྒྱུ་མ་ཙམ་དུ་བས་ན་ཆོས་དེ་ཡང་དག་པར་འདུ་ཤེས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་ལྟར་འདུ་ཤེས་པ་དེ་ནི་ཡང་དག་པའང་མ་ཡིན་ལ། སྒྱུ་མའང་མ་ཡིན་ནོ། །ཁ་ཟས་ལ་ཆགས་པ་ཡོངས་སུ་སྤོང་བར་འགྱུར་བས་ན། ཡང་དག་པ་ཞེས་བྱའོ། །
Kha414a
༄#། །སྲིན་བུ་མ་ཡིན་པ་ལ་སྲིན་བུར་མཐོང་བས་ན་སྒྱུ་མ་ཞེས་བྱའོ། །རིགས་ཀྱི་བུ། ཟག་པ་དང་བཅས་པ་ཐམས་ཅད་ནི་སྒྱུ་མ་ཡིན་མོད་ཀྱི། ཡང་དག་པར་འགྱུར་རོ། །རིགས་ཀྱི་བུ། གལ་ཏེ་དགེ་སློང་ཞིག་བསོད་སྙོམས་ལ་འགྲོ་བར་གཟས་ན་ཐོག་མ་ནས་འདི་སྙམ་དུ་སེམས་སོ། །བདག་གིས་དེང་ཁ་ཟས་བཟང་པོ་ཐོབ་ཅིང་ངན་པ་ཐོབ་པར་མི་འགྱུར་བ་དང ། མང་དུ་རྙེད་ཅིང་ཉུང་ངུར་མི་འགྱུར་བ་དང ། མྱུར་དུ་ཐོབ་ཅིང་ཐོགས་པར་མི་འགྱུར་བར་སྨོན་ལམ་འདེབས་ན་དགེ་སློང་དེ་ནི་ཁ་ཟས་ལ་ཡོངས་སུ་སྤོང་བའི་འདུ་ཤེས་ཐོབ་པ་མ་ཡིན་ཏེ། དགེ་བའི་ཆོས་སྤྱོད་པའང་ཉིན་མཚན་དུ་འགྲིབས་ཤིང ། མི་དགེ་བའི་ཆོས་ནི་སྐྱེ་ཞིང་འཕེལ་བར་འགྱུར་རོ། །རིགས་ཀྱི་བུ། དགེ་སློང་གང་ཞིག་བསོད་སྙོམས་ལ་འགྲོ་བར་གཟས་པ་ན་ཐོག་མ་འདི་སྙམ་དུ་གང་བདག་ལ་བསོད་སྙོམས་སྦྱིན་པ་དེ་དག་ཁ་ཟས་ཀྱིས་ཆོག་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པ་དང ། གང་བདག་ལ་བསོད་སྙོམས་སྦྱིན་པ་དེ་བསོད་ནམས་ཚད་མེད་པ་ཐོབ་པར་གྱུར་ཅིག་།བདག་གིས་བསོད་སྙོམས་འདིའང་གདུག་པ་དང་བཅས་པའི་ལུས་འདི་གསོ་ཞིང ། དགེ་བའི་ཆོས་ལ་ནན་ཏན་བྱེད་པར་འགྱུར་བ་དང ། སྦྱིན་བདག་གི་ཕན་པ་དང་བདེ་བའི་དོན་དུ་འགྱུར་བར་སེམས་པ་དེ་ནི་དགེ་བའི་སྤྱོད་པའང་ཉིན་མཚན་དུ་སྐྱེ་
Kha414b
ཞིང་འཕེལ་ལ། མི་དགེ་བའི་ཆོས་ཀྱང་ཁད་ཀྱིས་བྱང་བར་འགྱུར་རོ། །རིགས་ཀྱི་བུ། དགེ་སློང་གང་ཞིག་དེ་ལྟ་བུར་ནན་ཏན་བྱེད་ན། གང་ཟག་དེ་ནི་ཡུལ་གཅིག་གི་སྦྱིན་པ་ལེན་པ་མ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་ནི་དེ་ལྟར་འདུ་ཤེས་རྣམ་པ་བཞི་དང་ལྡན་པས་འཇིག་རྟེན་ལ་མ་ཆགས་པའི་འདུ་ཤེས་ལ་ནན་ཏན་བྱེད་པར་འགྱུར་ཏེ།་ཡང་འདི་སྙམ་དུ་འཇིག་རྟེན་ཐམས་ཅད་ན་སྐྱེ་བ་དང ། རྒ་བ་དང ། ན་བ་དང ། ཤི་བའི་གནས་མ་ཡིན་པ་མེད་དེ། བདག་གི་ལུས་འདི་ནི་གང་དུའང་མ་སྐྱེས་པའི་གནས་མེད་དོ། །གལ་ཏེ་འཇིག་རྟེན་ན་གནས་གཅིག་ཙམ་ཡང་སྐྱེ་བ་དང ། རྒ་བ་དང ། ན་བ་དང ། ཤི་བ་མ་ཡིན་པའི་གནས་མེད་ན། བདག་གིས་ཅིའི་ཕྱིར་འཇིག་རྟེན་ལ་ཆགས་པར་བྱ། འཇིག་རྟེན་པ་ཐམས་ཅད་ནི་གོང་ནས་གོང་དུ་འཕར་བའང་མེད་ལ། ཕྱིར་མི་ལྡོག་པའང་མེད་དེ། དེ་བས་ན་འཇིག་རྟེན་ནི་ངེས་པར་མི་རྟག་པའོ། །དེ་ལྟར་མི་རྟག་པ་ཡིན་ན་ཅིའི་ཕྱིར་མཁས་པ་ཤེས་རབ་ཅན་གྱིས་འཇིག་རྟེན་ལ་ཆགས་པར་བྱེད། སེམས་ཅན་རེ་རེས་ཀྱང་འཇིག་རྟེན་ཐམས་ཅད་དུ་སྡུག་བསྔལ་མ་མྱོང་བའི་གནས་མེད་དེ། མཐོ་རིས་ཀྱི་ཚངས་པའི་ལྷར་སྐྱེས་པ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟེང་གི་ལྷའི་བར་དུ་སྐྱེས་ཀྱང་ཚེ་འཕོས་མ་ཐག་ཏུ་ངན་སོང་གསུམ་དུ་ལྟུང་ངོ ། །རྒྱལ་ཆེན་བཞིའི་ལྷའི་རྒྱལ་
Kha415a
༄#། །པོར་སྐྱེས་པ་ནས་གཞན་འཕྲུལ་དབང་བྱེད་རྣམས་ཀྱི་ལྷའི་བར་དུ་སྐྱེས་ཀྱང་ཚེ་འཕོས་མ་ཐག་ཏུ་བྱོལ་སོང་གི་སྐྱེ་གནས་སུ་སྐྱེས་ནས་སེང་གེ་དང ། སྟག་དང ། སྤྱང་ཀི་དང ། བལ་གླང་དང ། རྟ་དང ། བ་ལང་དང ། བོང་བུ་ལ་སོགས་པར་སྐྱེའོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་བཞི་ལ་དབང་བ་ལོངས་སྤྱོད་དང་དབང་དུ་ལྡན་པའང་བསོད་ནམས་ཟད་ན་དབུལ་ཕོངས་བར་འགྱུར་ཏེ། ཁ་ཟས་ཀྱིས་མི་འཚོ་བ་ལའང་ཤིན་ཏུ་བརྟག་གོ། མཁས་པ་ཤེས་རབ་ཅན་གྱིས་དེ་ལྟར་ཤིན་ཏུ་རྟོགས་ནས་འཇིག་རྟེན་ལ་མི་ཆགས་པའི་འདུ་ཤེས་སྐྱེའོ།། མཁས་པ་ཤེས་རབ་ཅན་གྱིས་གཞན་ཡང་འདི་ལྟར་རྟོག་སྟེ། འཇིག་རྟེན་གྱི་ཆོས་ཀྱིས་ཁང་ཁྱིམ་དང ། བགོ་བའི་གོས་དང ། ཁ་ཟས་དང ། མལ་ཆ་དང ། ནད་ཀྱི་རྐྱེན་སྨན་དང ། མེ་ཏོག་དང ། སྤོས་དང ། ཕྲེང་བ་དང ། རོལ་མོ་རྣམ་པ་སྣ་ཚོགས་དང ། ཟང་ཟིང་དང ། རིན་པོ་ཆེ་ལ་སོགས་པ་ནི་སྡུག་བསྔལ་དང་བྲལ་བ་ཡིན་ཡང་དངོས་པོ་དེ་དག་ནི་རང་བཞིན་གྱིས་སྡུག་བསྔལ་བ་ཡིན་ན། ཅིའི་ཕྱིར་སྡུག་བསྔལ་གྱིས་སྡུག་བསྔལ་ཡོངས་སུ་སྤོང་བར་འགྱུར། རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་གྱིས་དེ་ལྟར་རྟོགས་ནས་འཇིག་རྟེན་གྱི་དངོས་པོ་ཐམས་ཅད་ལ་ཆགས་པའམ། བདེ་བའི་འདུ་ཤེས་མི་སྐྱེའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། གང་ཟག་གཅིག་ནད་ཚབས་ཆེན་པོས་བཏབ་ན། རོལ་མོ་རྣམ་པ་སྣ་
Kha415b
ཚོགས་དང ། མེ་ཏོག་དང ། སྤོས་དང ། ཕྲེང་བ་རྣམ་པ་མང་པོ་ཡོད་ཀྱང་དེ་ལ་འདོད་པའམ་ཆགས་པའི་སེམས་མི་སྐྱེའོ། །མཁས་པ་ཤེས་རབ་ཅན་གྱིས་རྟོགས་པའང་དེ་དང་འདྲའོ། །རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་གྱིས་འཇིག་རྟེན་ཐམས་ཅད་ལ་སྐྱབས་སུ་འགྱུར་བ་མ་ཡིན་པ་དང ། རྣམ་པར་གྲོལ་བའི་གནས་མ་ཡིན་པ་དང ། རབ་ཏུ་ཞི་བའི་གནས་མ་ཡིན་པ་དང ། ཡིད་དུ་འོང་བའི་གནས་མ་ཡིན་པ་དང ། ཕ་རོལ་ཏུ་ཕྱིན་པའི་གནས་མ་ཡིན་པ་དང ། རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པའི་ཆོས་མ་ཡིན་པར་ཤིན་ཏུ་བརྟག་གོ་།གལ་ཏེ་བདག་གིས་དེ་ལྟར་འཇིག་རྟེན་ལ་ཆགས་པར་གྱུར་ན་བདག་གིས་ཇི་ལྟ་བུར་ཆོས་དེ་དག་ཡོངས་སུ་སྤོང་བར་འགྱུར། དཔེར་ན། མི་ཞིག་མུན་པ་མི་འདོད་དེ། སྣང་བ་འཚོལ་བ་ལས་ཕྱིར་མུན་པའི་ནང་དུ་འགྲོ་བ་དང་འདྲའོ། །མུན་པ་ཞེས་བྱ་བ་ནི་འཇིག་རྟེན་ནོ། །སྣང་བ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའོ། །གལ་ཏེ་བདག་གིས་འཇིག་རྟེན་ལ་ཆགས་ཏེ་མུན་པ་བསྐྱེད་ན་འོད་སྣང་བ་དང་ཡོངས་སུ་བྲལ་བར་འགྱུར་རོ། །མུན་པ་ནི་མ་རིག་པའོ། །སྣང་བ་ནི་ཤེས་རབ་བོ། །ཤེས་རབ་དང་སྣང་བའི་རྒྱུ་ནི་འཇིག་རྟེན་ལ་མ་ཆགས་པའི་འདུ་ཤེས་ཡིན་ཏེ། འདོད་པ་ནི་ཀུན་ནས་བཅིངས་པ་ཡིན་མོད་ཀྱི་འོན་ཀྱང་བདག་ནི་ཤེས་རབ་ཀྱི་སྣང་བ་འདོད་ཀྱི། འཇིག་རྟེན་གྱི་ཆགས་པ་ནི་མི་འདོད་དོ། །མཁས་པ་ཤེས་རབ་ཅན་གྱིས་ཤིན་
Kha416a
༄#། །ཏུ་བརྟགས་ཏེ། དེ་ལྟར་རྟོགས་ནས་འཇིག་རྟེན་ལ་མི་ཆགས་པའི་འདུ་ཤེས་དང་ལྡན་པར་བྱའོ། །རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་ནི་འཇིག་རྟེན་ལ་མ་ཆགས་པའི་འདུ་ཤེས་ལ་ནན་ཏན་བྱས་ནས་རིམ་གྱིས་ཤི་བའི་འདུ་ཤེས་ལ་ནན་ཏན་བྱེད་དོ། །འཚོ་བའི་སྲོག་འདི་ལ་བརྟགས་ན། རྟག་ཏུ་དགྲ་སྡང་བ་ཚད་མེད་པ་སྙེད་ཀྱིས་ཡོངས་སུ་བསྐོར་ཏེ། སྐད་ཅིག་སྐད་ཅིག་གིས་ཉམས་པར་བྱེད་ཀྱི། སྐྱེ་ཞིང་འཕེལ་བར་མི་བྱེད་དོ། །དཔེར་ན། ཆུ་གཟར་པོ་ལྟར་མི་གནས་པའམ། རྩཝའི་ཁ་ན་ཟིལ་པ་ལྟར་རིང་དུ་མི་གནས་པའམ། གསོད་དུ་ཁྲིད་པ་དག་ཤི་བ་ལ་ཉེ་བའམ། བ་ལང་ངམ། ལུག་གཤེད་མའི་དྲུང་དུ་ཁྲིད་པ་དང་འདྲའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་བ། བཅོམ་ལྡན་འདས། ཇི་ལྟར་ན་མཁས་པ་ཤེས་རབ་ཅན་གྱིས་སྐད་ཅིག་སྐད་ཅིག་གིས་འགོག་པར་རྟོགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན་འཕོང་སྐྱེན་པའི་མི་བཞི་ཞིག་ལྷན་ཅིག་ཏུ་འདུས་ནས་སོ་སོ་ནས་འདི་སྐད་ཅེས་བགྲོས་སོ། །བདག་ཅག་བཞིས་མདའ་རེ་རེ་ཞིག་ཕྱོགས་རེ་རེ་རེ་འཕངས་ཏེ། ཅིག་ཅར་འཕངས་ལ་ཅིག་ཅར་ས་ལ་ལྟུང་བར་བྱའོ། །དེ་ལ་གང་ཟག་ཅིག་གིས་འདི་སྙམ་དུ་བདག་གིས་སྐྱེས་བུ་བཞིས་འཕངས་པའི་མདའ་ས་ལ་མ་ལྟུང་བར་དུས་གཅིག་ཏུ་བདག་གི་ལག་གིས་བཟུང་
Kha416b
ངོ་ཞེས་སྨྲ་ན། རིགས་ཀྱི་བུ། གང་ཟག་དེ་ཤིན་ཏུ་མྱུར་བ་མ་ཡིན་ནམ། བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་བ། བཅོམ་ལྡན་འདས། དེ་དེ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ས་ལ་འགྲོ་བའི་ཡི་དྭགས་ནི་དེ་ལས་ཀྱང་མྱུར་རོ། །ནམ་མཁའ་ལ་འགྲོ་བའི་ཡི་དྭགས་ནི་ས་ལ་འགྲོ་བའི་ཡི་དྭགས་པས་ཀྱང་མྱུར་རོ། །ནམ་མཁའ་ལ་འགྲོ་བའི་ཡི་དྭགས་པས་ཀྱང་རྒྱལ་ཆེན་རིས་བཞིའི་རྒྱལ་པོ་མྱུར་རོ། །རྒྱལ་ཆེན་རིས་བཞིའི་རྒྱལ་པོ་བས་ཀྱང་ཉི་ཟླའི་ལྷ་མྱུར་རོ། །ཉི་ཟླའི་ལྷ་བས་ཀྱང་ཤིན་ཏུ་མྱུར་བའི་ལྷ་མྱུར་རོ། །ཤིན་ཏུ་མྱུར་བའི་ལྷ་པས་ཀྱང་སེམས་ཅན་གྱི་ཚེ་མྱུར་རོ། །རིགས་ཀྱི་བུ། དབུགས་ཕྱི་ནང་དུ་རྒྱུ་བ་ཐང་ཅིག་ལ་སེམས་ཅན་གྱིས་འཚོ་བའི་ཚེ་སྐྱེ་བ་དང་འགོག་པ་བཞི་བརྒྱ་ཡོད་དེ། གང་གིས་ཚེ་ལ་དེ་ལྟར་རྟོགས་ན་དེ་ནི་སྐད་ཅིག་སྐད་ཅིག་གིས་འགོག་པ་རྟོགས་ཞེས་བྱའོ། །རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་དག་ནི་འཚོ་བའི་སྲོག་འདི་ཤི་བའི་རྒྱལ་བོས་དབང་བར་རྟོག་གོ། གལ་ཏེ་བདག་གིས་ཤི་བའི་རྒྱལ་པོ་ཡོངས་སུ་སྤངས་ན། མི་རྟག་པའི་ཚེ་དང ། སྲོག་ཡོངས་སུ་སྤོང་བར་འགྱུར་རོ། །གཞན་ཡང་མཁས་པ་ཤེས་རབ་ཅན་ནི་ཚེ་དང་སྲོག་ལ་ཆུ་འགྲམ་གཡང་སའི་ཤིང་ཆེན་པོ་དང་འདྲ་བར་རྟོག་གོ། གཞན་ཡང་མི་ཞིག་ཉེས་པ་ཆེན་པོ་བྱས་པ་གསོད་དུ་ཁྲིད་པ་ལས་མགོན་མེད་པའམ། རི་དྭགས་ཀྱི་རྒྱལ་པོ་སེང་གེ་
Kha417a
༄#། །ཤིན་ཏུ་ལྟོགས་པའམ། སྦྲུལ་གདུག་པ་རླུང་ཆེན་པོ་རྡུབ་པའམ། རྟ་ཤིན་ཏུ་སྐོམ་པ་ཆུ་ལ་ཆགས་པའམ། ཡི་དྭགས་མ་རུངས་པ་ཤིན་ཏུ་ཁྲོ་བ་དང་འདྲ་བར་སེམས་ཅན་གྱི་འཆི་བདག་གི་རྒྱལ་པོའང་དེ་དང་འདྲ་བར་རྟོག་གོ་།རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་གང་ཞིག་གིས་དེ་ལྟ་བུའི་ཚུལ་དུ་ཤིན་ཏུ་རྟོགས་ན་དེ་ནི་ཤི་བའི་འདུ་ཤེས་ལ་ནན་ཏན་བྱས་པ་ཞེས་བྱའོ། །རིགས་ཀྱི་བུ། མཁས་པ་ཤེས་རབ་ཅན་ནི་གཞན་ཡང་འདི་སྙམ་དུ་སེམས་སོ། །བདག་ད་རབ་ཏུ་བྱུང་ནས་ཚེ་དང་སྲོག་ཞག་བདུན་ལས་མི་ཐུབ་ཀྱང་བདག་གིས་ཤིན་ཏུ་བརྩོན་འགྲུས་བསྐྱེད་དེ། ཚུལ་ཁྲིམས་སྲུང་བ་དང ། སེམས་ཅན་ལ་ཕན་པ་དང ། བདེ་བའི་དོན་དུ་ཆོས་སྟོན་པ་ནི་མཁས་པ་ཤེས་རབ་ཅན་གྱིས་ཤི་བའི་འདུ་ཤེས་ལ་ནན་ཏན་བྱེད་པ་ཞེས་བྱའོ། །ཉིན་ཞག་བདུན་ལྟ་སྨོས་ཀྱང་ཅི་དགོས་ཏེ། གལ་ཏེ་ཞག་དྲུག་གམ། ཞག་ལྔའམ། ཞག་བཞིའམ་གསུམ་མམ། གཉིས་སམ། གཅིག་གམ། དུས་གཅིག་ནས་དབུགས་ཕྱི་ནང་དུ་རྒྱུ་བ་ནས་སྐད་ཅིག་ཐང་ཅིག་གི་བར་དུ་བདག་གིས་བྱང་ཆུབ་ལ་བརྩོན་འགྲུས་སུ་ནན་ཏན་བྱས་ཏེ། ཚུལ་ཁྲིམས་ཀྱི་ཡོངས་སུ་སྲུང་བ་དང ། སེམས་ཅན་ལ་ཕན་པ་དང་བདེ་བའི་དོན་དུ་ཆོས་སྟོན་པ་ནི་མཁས་པ་ཤེས་རབ་ཅན་གྱིས་ཤི་བའི་འདུ་ཤེས་ལ་ནན་ཏན་བྱེད་པ་ཞེས་བྱའོ། །མཁས་པ་ཤེས་རབ་
Kha417b
ཅན་གྱིས་གོང་དུ་སྨོས་པའི་འདུ་ཤེས་རྣམ་པ་དྲུག་དང་ལྡན་པས་འདུ་ཤེས་ཀྱི་རྒྱུ་རྣམ་པ་འདི་བདུན་ལ་ནན་ཏན་བྱེད་དོ། །བདུན་གང་ཞེ་ན། འདི་ལྟ་སྟེ། རྟག་པ་ལ་ནན་ཏན་བྱེད་པའི་འདུ་ཤེས་དང ། བདེ་བ་ལ་ནན་ཏན་བྱེད་པའི་འདུ་ཤེས་དང ། ཞེ་སྡང་མེད་པའི་འདུ་ཤེས་དང ། ཕྲག་དོག་མེད་པའི་འདུ་ཤེས་དང ། དགེ་བའི་འདུ་ཤེས་དང ། སྨོན་ལམ་གྱི་འདུ་ཤེས་དང ། ང་རྒྱལ་མེད་པའི་འདུ་ཤེས་དང ། ཏིང་ངེ་འཛིན་གྱིས་དབང་དུ་གྱུར་པའི་འདུ་ཤེས་སོ། །རིགས་ཀྱི་བུ། དགེ་སློང་གང་ཞིག་འདུ་ཤེས་རྣམ་པ་འདི་བདུན་དང་ལྡན་པ་འདི་ནི་དགེ་སློང་ཞེས་བྱ། བྲམ་ཟེ་ཞེས་ཀྱང་བྱ། རབ་ཏུ་ཞི་བ་ཞེས་ཀྱང་བྱ། ཡོངས་སུ་དག་པ་ཞེས་ཀྱང་བྱ། རྣམ་པར་གྲོལ་བ་ཞེས་ཀྱང་བྱ། མཁས་པ་ཤེས་རབ་ཅན་ཞེས་ཀྱང་བྱ། ཡང་དག་པར་ལྟ་བ་ཞེས་ཀྱང་བྱ། ཕ་རོལ་ཏུ་ཕྱིན་པ་ཞེས་ཀྱང་བྱ། སྨན་པའི་རྒྱལ་པོ་ཞེས་ཀྱང་བྱ། དེད་དཔོན་ཞེས་ཀྱང་བྱ་སྟེ། དེ་ནི་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ལ་ཤིན་ཏུ་མཁས་པ་དང ། དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པའི་གསུང་རྣམ་པ་བདུན་རྟོག་པ་དང ། ཡང་དག་པར་ཤེས་པ་དང ། མཐོང་བ་དང ། གསུང་རྣམ་པ་བདུན་ལ་ཐེ་ཚོམ་དུ་གྱུར་པ་ཡོངས་སུ་གཅོད་པར་འགྱུར་རོ། །རིགས་ཀྱི་བུ། གང་ཟག་སུ་ཞིག་འདུ་ཤེས་རྣམ་པ་དྲུག་དང་ལྡན་ན་གང་ཟག་དེ་ནི་འཇིག་རྟེན་གསུམ་ལ་ཡོངས་སུ་སྨོད་ཅིང་འཇིག་རྟེན་གསུམ་ཡོངས་སུ་
Kha418a
༄#། །སྤོང་ཞིང་འཇིག་རྟེན་གསུམ་ཞི་བར་བྱེད་པ་དང ། འཇིག་རྟེན་གསུམ་ལ་མ་ཆགས་པ་སྟེ། དེ་ནི་མཁས་པ་ཤེས་རབ་ཅན་འདུ་ཤེས་རྣམ་པ་བཅུ་དང་ལྡན་པ་ཞེས་བྱའོ། །དགེ་སློང་གང་ཞིག་རྣམ་པ་འདི་བཅུ་དང་ལྡན་ན་དགེ་སྦྱོང་གི་མཚན་མ་དང་ལྡན་པ་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སངས་རྒྱས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །འཇིག་རྟེན་བཅས་ལ་ཐུགས་བརྩེ་སྨན་པའི་རྒྱལ་པོ་ནི། །སྐུ་དང་ཤེས་རབ་གཉིས་ཀ་རྣམ་པར་ཞི་བ་སྟེ། །བདག་མེད་པ་ཡི་ཆོས་ལ་ངེས་པར་བདག་ཡོད་པས། །དེ་བས་བླ་མེད་རྒྱལ་ལ་གུས་པར་ཕྱག་འཚལ་ལོ། །ཐོག་མའི་སེམས་དང་མཐར་ཕྱིན་གཉིས་ཀ་རྣམ་བརྟགས་ན། །མཐར་ཕྱིན་སེམས་པས་ཐོག་མའི་སེམས་ནི་རབ་དགའོ། །བདག་ཀྱང་རྣམ་པར་མ་གྲོལ་བ་ནི་གཞན་སྒྲོལ་ཏེ། །དེ་བས་བདག་གི་ཐོག་མའི་སེམས་ལ་ཕྱག་འཚལ་ལོ། །ཐོག་མའི་སེམས་ནི་ལྷ་དང་མི་ཡི་སྟོན་པར་འགྱུར། །ཉན་ཐོས་པ་དང་རང་རྒྱལ་རྣམས་ལས་ཤིན་ཏུ་འཕགས། །སེམས་བསྐྱེད་དེ་ནི་འཇིག་རྟེན་གསུམ་ལས་ཤིན་ཏུ་འདས། །དེ་བས་མཆོག་ཏུ་རྒྱལ་བའི་བླ་ན་མེད་ཅེས་བྱ། །འཇིག་རྟེན་མགོན་ནི་བསྒྲུབས་པས་ཐོབ་པར་རབ་འགྱུར་ཏེ། །དེ་བཞིན་གཤེགས་པ་ནི་གསོལ་བ་མེད་པར་མགོན་དུ་གཤེགས། །སངས་རྒྱས་འཇིག་རྟེན་
Kha418b
གཤེགས་པ་བ་དང་བེའུ་བཞིན་ཏེ། །དེ་བས་ཐུགས་རྗེ་ཆེན་པོའི་ཁྱུ་མཆོག་ཅེས་བྱའོ། །དེ་བཞིན་གཤེགས་ཀྱི་ཡོན་ཏན་ཕྱོགས་བཅུར་ཀུན་ཏུ་ཁྱབ། །མ་རབས་ཤེས་པ་མེད་པས་བསྟོད་པར་མི་འགྱུར་ཏེ། །བདག་གིས་ཐུགས་རྗེ་ཆེན་པོའི་སྟོབས་ལ་བསྟོད་པ་ནི། །ལུས་དང་ངག་གི་ལུས་ཀྱི་དྲིན་རྣམས་བསབ་པའི་ཕྱིར། །འཇིག་རྟེན་རྣམས་ནི་བདག་ལ་ཕན་པའི་དོན་བྱེད་དོ། །དེ་བཞིན་གཤེགས་ནི་འཕྲིན་ལས་དེ་དག་སྟོན་མཛད་དོ། །སྐྱེ་བོ་མང་པོའི་རྣམ་པར་སྨིན་པ་ཡོངས་བཅད་དེ། །དེ་བས་བདག་དང་གཞན་དོན་བྱེད་ལ་བདག་ཕྱག་འཚལ། །འཇིག་རྟེན་བཅས་ནི་གཉེན་ལ་ཕན་པའི་དོན་ཆེར་བྱེད། །དེ་བཞིན་གཤེགས་ཀྱིས་དོན་མཛད་པ་ལ་བྱམས་སྡང་མེད། །དེ་བཞིན་གཤེགས་ལ་འཇིག་རྟེན་ལྟ་བུའི་མཚན་ཉིད་མེད། །དེ་བས་ཐུགས་ནི་གཉིས་སུ་མེད་པར་ཀུན་ལ་སྙོམས། །འཇིག་རྟེན་བཅས་ནི་བྱེད་པ་གཞན་ལ་སྨྲ་བ་གཞན། །དེ་བཞིན་གཤེགས་ཀྱི་གསུང་བ་མཛད་དང་ཐ་དད་མེད། །མཛད་པ་དེ་དག་ཐམས་ཅད་འདུ་བྱེད་\?\་གཅོད་དེ། །དེ་བས་དེ་བཞིན་གཤེགས་པ་ཞེས་ནི་གྲགས་པར་གྱུར། །ཀུན་ནས་ཉོན་མོངས་པ་ཡི་སྐྱོན་རྣམས་ཀུན་རྟོགས་ནས། །སེམས་ཅན་དོན་གྱི་སླད་དུ་བཞུགས་པའང་མངོན་པར་བསྟན། །འཇིག་རྟེན་འདི་ན་རྣམ་པར་གྲོལ་བ་ཡུན་རིང་ཡང ། །ཐུགས་བརྩེའི་སླད་དུ་འཁོར་བར་བཞུགས་ལ་དགའ་བར་གྱུར། །ལྷ་ཡི་ལུས་དང་མི་ཡི་ལུས་སུ་མངོན་སྟོན་ཀྱང་།།
Kha419a
༄#། །ཐུགས་རྗེ་ཆེན་པོས་རྗེས་སུ་གཤེགས་པ་བེའུ་བཞིན་ནོ། །དེ་བཞིན་གཤེགས་ནི་སེམས་ཅན་ཀུན་གྱི་ཡུམ་ལགས་པས། །ཐུགས་རྗེ་ཆེན་པོའི་ཐུགས་དེ་ཉིད་ནི་བེའུ་ལྟ་བུ། །སེམས་ཅན་རྣམས་ལ་དགོངས་ཕྱིར་སྡུག་བསྔལ་མྱོང་བ་མཛད། །ཐུགས་རྗེས་དགོངས་པའི་དུས་ན་འགྱོད་པའི་ཐུགས་མི་མངའ། །ཐུགས་རྗེ་སེམས་དང་ལྡན་པས་སྡུག་བསྔལ་མི་ཚོར་ཏེ། །དེ་བས་སྡུག་བསྔལ་ཡོངས་སུ་སྒྲོལ་ལ་བདག་ཕྱག་འཚལ། །དེ་བཞིན་གཤེགས་པས་བསོད་ནམས་ཚད་མེད་ཀུན་མཛད་ཀྱང ། །ལུས་དང་ངག་དང་ཡིད་ཀྱི་ལས་ནི་རྣམ་པར་དག་།སེམས་ཅན་སླད་དུ་དོན་མཛད་བདག་ཕྱིར་མ་ཡིན་ཏེ། །དེ་བས་རྣམ་པར་དག་པའི་ལས་ལ་བདག་ཕྱག་འཚལ། །སངས་རྒྱས་སྡུག་བསྔལ་མྱོང་ཡང་སྡུག་བསྔལ་མི་ཚོར་ཏེ། །སྡུག་བསྔལ་མྱོང་བ་མཐོང་ན་བདག་གིས་མྱོང་བ་བཞིན། །སེམས་ཅན་སླད་དུ་སེམས་ཅན་དམྱལ་བར་ཞུགས་གྱུར་ཀྱང ། །སྡུག་བསྔལ་བ་དང་འགྱོད་པའི་ཐུགས་ནི་མི་སྐྱེའོ། །སོ་སོའི་སྐྱེ་བོ་སྡུག་བསྔལ་མང་པོ་མྱོང་བ་ཡང ། །དེ་བཞིན་གཤེགས་པའི་སྐུ་གཅིག་གིས་ནི་ཐམས་ཅད་ལེན། །དེ་དག་མྱོང་ནས་ཐུགས་ནི་ཤིན་ཏུ་བརྟེན་པར་གྱུར། །དེ་བས་བླ་མེད་བྱང་ཆུབ་རྣམས་ལ་ཤིན་ཏུ་བརྩོན། །དེ་བཞིན་གཤེགས་ནི་རོ་གཅིག་ཐུགས་རྗེ་ཆེན་པོ་ཡིས། །སོ་སོའི་སྐྱེ་བོ་
Kha419b
ཀུན་ལ་སྲས་གཅིག་འདྲ་བར་དགོངས། །བཅོམ་ལྡན་སྐྱབས་སུ་འགྱུར་བར་སེམས་ཅན་མི་ཤེས་པས། །སངས་རྒྱས་ཆོས་དང་དགེ་འདུན་རྣམས་ལ་སྐུར་བ་འདེབས། །འཇིག་རྟེན་རྣམས་ནི་ཀུན་ནས་ཉོན་མོངས་དང་བཅས་ཏེ། །དེ་བཞིན་ཚད་མེད་ཉེས་པའི་སྐྱོན་རྣམས་དང་ཡང་བཅས། །ཀུན་ནས་ཉོན་མོངས་ཉེས་པའི་སྐྱོན་རྣམས་ཅི་མཆིས་པ། །ཐོག་མ་ཐུགས་བསྐྱེད་པ་ཡི་ཚེ་ན་ཐམས་ཅད་བཅོམ། །དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་བསྟོད་གྱུར་ཏེ། །དེ་བཞིན་གཤེགས་པ་མ་གཏོགས་གཞན་གྱིས་བསྟོད་མ་ནུས། །བདག་གིས་དེང་འདིར་ཆོས་གཅིག་ཙམ་གྱིས་མངོན་པར་བསྟོད། །ཐུགས་རྗེ་ཆེན་པོའི་ཐུགས་ཀྱིས་འཇིག་རྟེན་གཤེགས་པའོ། །དེ་བཞིན་གཤེགས་ཀྱི་ཆོས་ཀྱི་ཕུང་པོ་བྱམས་པ་སྟེ། །བྱམས་པའི་ཐུགས་ཀྱིས་སེམས་ཅན་ཡོངས་སུ་གྲོལ་བར་འགྱུར། །དེ་ནི་བླ་ན་མེད་པའི་རྣམ་པར་གྲོལ་བ་སྟེ། །རྣམ་པར་གྲོལ་བ་དེ་ནི་མྱ་ངན་ལས་འདས་པའོ། །འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། འོད་སྲུང་གིས་ཡོངས་སུ་དྲིས་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།བམ་པོ་ལྔ་བཅུ་གཅིག་པ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཟུགས་ནི་མི་རྟག་པ་སྟེ། གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་རྟག་ཏུ་གནས་པའི་གཟུགས་
Kha420a
༄#། །སུ་འགྱུར་རོ། །ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའང་མི་རྟག་པ་སྟེ། རྣམ་པར་ཤེས་པ་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་རྟག་ཏུ་གནས་པའི་རྣམ་པར་ཤེས་པ་ཐོབ་པར་འགྱུར་རོ། །ཀཽཎྜི་ནྱ། གཟུགས་ནི་སྡུག་བསྔལ་བ་སྟེ། གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་བདེ་བ་ཐོབ་པར་འགྱུར་རོ། །ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀཽཎྜི་ནྱ། གཟུགས་ནི་སྟོང་པའོ། །སྟོང་པའི་གཟུགས་འགགས་པའི་རྐྱེན་གྱིས་སྟོང་པ་མ་ཡིན་པའི་གཟུགས་ཀྱི་རྣམ་པར་གྲོལ་བ་ཐོབ་པར་འགྱུར་ཏེ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའི་བར་དུའང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀཽཎྜི་ནྱ། གཟུགས་ནི་བདག་མེད་པའོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་ཡང་དག་པའི་བདག་ཐོབ་པར་འགྱུར་ཏེ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀཽཎྜི་ནྱ། གཟུགས་ཡོངས་སུ་མ་དག་པའོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་ཡོངས་སུ་དག་པ་ཐོབ་པར་འགྱུར་ཏེ། ཚོར་བ་དང ། འདུ་ཤེས་དང །
Kha420b
འདུ་བྱེད་དང ། རྣམ་པར་ཤེས་པའང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀཽཎྜི་ནྱ། གཟུགས་ནི་སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བའོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བའི་མ་ཡིན་པ་ཐོབ་པར་འགྱུར་ཏེ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀཽཎྜི་ནྱ། གཟུགས་ནི་མ་རིག་པའོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་མ་རིག་པ་མ་ཡིན་པ་ཐོབ་པར་འགྱུར་ཏེ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀཽཎྜི་ནྱ། གཟུགས་ནི་སྐྱེ་བའི་རྒྱུར་འགྱུར་རོ། གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་སྐྱེ་བ་མ་ཡིན་པ་ཐོབ་པར་འགྱུར་ཏེ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀཽཎྜི་ནྱ། གཟུགས་ཕྱིན་ཅི་ལོག་བཞིའི་རྒྱུར་འགྱུར་རོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་ཕྱིན་ཅི་ལོག་གི་རྒྱུ་མ་ཡིན་པ་ཐོབ་པར་འགྱུར་ཏེ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའི་བར་དུའང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀཽཎྜི་ནྱ། གཟུགས་མི་དགེ་བའི་ཆོས་ཚད་མེད་པའི་
Kha421a
༄#། །རྒྱུ་ཡིན་ནོ། །འདི་ལྟ་སྟེ། ཕོ་དང་མོ་ལ་སོགས་པའི་ལུས་དང ། ཟས་ལ་འདོད་པ་དང ། འདོད་ཆགས་ལ་ཆགས་པ་དང ། ཞེ་སྡང་དང ། གཏི་མུག་དང ། སེར་སྣ་དང ། ཕྲག་དོག་དང ། མི་དགེ་བའི་སེམས་དང ། འཇུངས་པའི་སེམས་དང ། བཅའ་བའི་ཟས་དང ། རྣམ་པར་ཤེས་པའི་ཟས་དང ། བསམ་པའི་ཟས་དང ། རེག་པའི་ཟས་དང ། སྒོ་ང་ལས་སྐྱེས་པ་དང ། མངལ་ལས་སྐྱེས་པ་དང ། དྲོད་གཤེར་ལས་སྐྱེས་པ་དང ། བརྫུས་ཏེ་སྐྱེས་པ་དང ། འདོད་པ་ལྔ་དང ། སྒྲིབ་པ་ལྔ་ལ་སོགས་པའི་ཆོས་ནི་གཟུགས་ལས་གྱུར་ཏོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་ཉེས་པའི་སྐྱོན་ཚད་མེད་པ་དེ་སྙེད་མེད་པའི་ལུས་ཐོབ་པར་གྱུར་ཏེ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའི་བར་དུའང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀཽཎྜི་ནྱ། གཟུགས་ནི་འཆིང་བས་རྣམ་པར་བཅིངས་པའོ། །བཅིངས་པའི་གཟུགས་འགགས་པའི་རྐྱེན་གྱིས། རྣམ་པར་གྲོལ་བའི་གཟུགས་བཅིངས་པ་མེད་པ་ཐོབ་པར་འགྱུར་ཏེ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའི་བར་དུའང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀཽཎྜི་ནྱ། གཟུགས་ནི་རྒྱུན་མི་འཆད་པའི་རྒྱུ་ཡིན་ནོ། །རྒྱུན་གྱི་གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་
Kha421b
གཟུགས་རྒྱུན་མ་ཡིན་པ་ཐོབ་པར་འགྱུར་ཏེ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའི་བར་དུའང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀཽཎྜི་ནྱ། གཟུགས་ནི་སྐྱབས་སུ་འགྲོ་བའི་རྒྱུ་མ་ཡིན་ནོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་སྐྱབས་སུ་འགྲོ་བའི་ཐོབ་པར་འགྱུར་ཏེ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའི་བར་དུའང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀཽཎྜི་ནྱ། གཟུགས་ནི་རྨ་ལྟ་བུའོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་རྨ་མེད་པ་ཐོབ་པར་འགྱུར་ཏེ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའི་བར་དུའང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀཽཎྜི་ནྱ། གཟུགས་ནི་རབ་ཏུ་ཞི་བ་མ་ཡིན་ནོ། །གཟུགས་འགགས་པའི་རྐྱེན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་གཟུགས་རབ་ཏུ་ཞི་བ་ཐོབ་པར་འགྱུར་ཏེ། ཚོར་བ་དང ། འདུ་ཤེས་དང ། འདུ་ཕྱེད་དང ། རྣམ་པར་ཤེས་པའི་བར་དུའང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀཽཎྜི་ནྱ། གང་ཟག་སུ་ཞིག་དེ་ལྟ་བུའི་ཚུལ་དུ་ཞེས་ན་དེ་ནི་དགེ་སྦྱོང་ཞེས་བྱ། བྲམ་ཟེ་ཞེས་ཀྱང་བྱ། འདི་ནི་དགེ་སྦྱོང་དང ། དགེ་སྦྱོང་གི་ཆོས་དང ། བྲམ་ཟེ་དང ། བྲམ་ཟེའི་ཆོས་དང་ལྡན་པ་ཞེས་ཀྱང་བྱའོ། །ཀཽཎྜི་ནྱ། སངས་རྒྱས་ཀྱི་ཆོས་མ་གཏོགས་པར་ལོགས་ཤིག་ན་དགེ་སྦྱོང་མེད།
Kha422a
༄#། །བྲམ་ཟེ་མེད། དགེ་སྦྱོང་དང ། བྲམ་ཟེའི་ཆོས་ཀྱང་མེད་དོ། །མུ་སྟེགས་ཅན་ཐམས་ཅད་ནི་བརྫུན་དུ་སྨྲ་བར་ཟད་ཀྱི་ཡང་དག་པའི་སྤྱོད་པ་མེད་དོ། །རྣམ་པ་དེ་གཉིས་ལྟར་ཚུལ་འཆོས་མོད་ཀྱི་རྣམ་པ་དེ་གཉིས་ཀྱི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སྦྱོང་དང་བྲམ་ཟེའི་ཆོས་མེད་པར་ཅིའི་ཕྱིར་དགེ་སྦྱོང་དང་བྲམ་ཟེ་ཡོད་དོ་ཞེས་སྨྲ། ངས་ཀྱང་རྟག་ཏུ་འཁོར་གྱི་དཀྱིལ་འཁོར་འདིར་སེང་གེའི་སྒྲ་བསྒྲགས་ཀྱི། ཁྱེད་ཀྱང་རྟག་ཏུ་འཁོར་གྱི་དཀྱིལ་འཁོར་ཆེན་པོར་སེང་གེའི་སྒྲ་སྒྲགས་ཤིག་།དེའི་ཚེ་མུ་སྟེགས་ཅན་ཚད་མེད་པ་སྙེད་དེ་སྐད་ཅེས་གསུངས་པ་ཐོས་ནས་ཞེ་སྡང་གི་སེམས་བསྐྱེད་དེ། དགེ་སྦྱོང་གཽ་ཏ་མས་བདག་ཅག་ལ་དགེ་སྦྱོང་དང་བྲམ་ཟེའང་མེད། དགེ་སྦྱོང་དང་བྲམ་ཟེའི་ཆོས་ཀྱང་མེད་དོ་ཞེས་གསུངས་ན། བདག་ཅག་གི་ཐབས་ཇི་ལྟར་བྱ་ཞེས་འདི་སྐད་ཅེས་སྨྲས་སོ། །དགེ་སྦྱོང་གཽ་ཏ་མ། བདག་ཅག་གི་འཁོར་ལའང་དགེ་སྦྱོང་དང་དགེ་སྦྱོང་གི་ཆོས་ཀྱང་ཡོད། བྲམ་ཟེ་དང་བྲམ་ཟེའི་ཆོས་ཀྱང་ཡོད་དོ། །དེའི་ཚེ་ན་འཁོར་གྱི་དཀྱིལ་འཁོར་དེ་ན་ཀུན་ཏུ་རྒྱུ་གཅིག་གིས་འདི་སྐད་ཅེས་སྨྲས་སོ། །ཀྱེ་གྲོགས་པོ་དག་།དགེ་སྦྱོང་གཽ་ཏ་མ་ནི་ཚིག་ནི་སྨྱོན་པ་དང་འདྲ་སྟེ། ཐ་མི་དད་ན་ཡིད་ཆེས་སུའང་ཅི་ཡོད། འཇིག་རྟེན་ན་མི་སྨྱོན་པ་དག་ཀྱང་བར་འགའ་ནི་གླུ་ལེན། བར་འགའ་ནི་གར་བྱེད། བར་
Kha422b
འགའ་ནི་ངུ ། བར་འགའ་ནི་དགོད། བར་འགའ་ནི་གཤེ། བར་འགའ་ནི་བསྟོད། །གཉེན་དང་དགྲའི་བྱེ་བྲག་ཀྱང་མི་ཕྱེད་པ་ལྟར། །དགེ་སྦྱོང་གཽ་ཏ་མའང་དེ་དང་འདྲ་སྟེ། བར་འགའ་ནི་ང་རྒྱལ་པོ་ཟས་གཙང་མའི་ཁབ་ཏུ་སྐྱེས་ཞེས་སྨྲ། བར་འགའ་ནི་མི་སྐྱེས་ཞེས་སྨྲ། བར་འགའ་ནི་སྐྱེས་ནས་གོམ་པ་བདུན་བོར་ཞེས་སྨྲ། བར་འགའ་ནི་གར་ཡང་མ་སོང་ཞེས་སྨྲ། བར་འགའ་ནི་འཇིག་རྟེན་གྱི་དངོས་པོ་དག་ཆུང་ངུའི་ཚེ་ན་བསླབས་སོ་ཞེས་སྨྲ། །བར་འགའ་ནི་ཐམས་ཅད་མཁྱེན་པ་ཞེས་སྨྲ། བར་འགའ་ནི་རྒྱལ་པོའི་ཁབ་ན་བདེ་བའི་གནས་ན་ལོངས་སྤྱོད་ཅིང་བུའང་བཙས་སོ་ཞེས་སྨྲ། བར་འགའ་ནི་དེ་དག་ཐམས་ཅད་ལ་སྨད་དེ་མི་འདོད་དོ་ཞེས་ཀྱང་སྨྲ། བར་འགའ་ནི་དཀའ་བ་ལོ་དྲུག་གི་བར་དུ་སྤྱོད་དོ་ཞེས་སྨྲ། བར་འགའ་ནི་མུ་སྟེགས་ཅན་གྱི་དཀའ་བ་སྤྱོད་པ་ལ་ཡོངས་སུ་སྨོད། བར་འགའ་ནི་ཨུ་དུམ་བ་ར་དང ། ་ལ་ལ་ལ་སོགས་པ་སྔོན་མ་ཐོས་པའི་ཆོས་ཐོས་སོ་ཞེས་སྨྲ། བར་འགའ་ནི་བྱང་ཆུབ་ཀྱི་ཤིང་དྲུང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་ཞེས་སྨྲ། བར་འགའ་ནི་ང་བྱང་ཆུབ་ཀྱི་ཤིང་དྲུང་དུའང་མ་ཕྱིན། ཅིའང་ཐོབ་པ་མེད་དོ་ཞེས་སྨྲ། བར་འགའ་ནི་ངའི་ལུས་འདི་ཉིད་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་སྨྲ། བར་འགའ་ནི་ངའི་ལུས་འདི་འགགས་པ་ན་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་སྨྲ་སྟེ། དགེ་སྦྱོང་གཽ་ཏ་མ་
Kha423a
༄#། །སྨྲའོ་ཅོག་ནི་སྨྱོན་པ་དང་འདྲ་ན། དེ་ལ་ཡིད་ཆེས་ཤིང་མི་དགར་ཡང་ཅི་ཞིག་ཡོད། བྲམ་ཟེ་རྣམས་ཀྱིས་དེ་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་ཆེན་པོ། ད་བདག་ཅག་གིས་མྱ་ངན་མི་བྱ་བའི་གཏོལ་ག་ལ་ཞིག་ཡོད། དགེ་སློང་གཽ་ཏ་མ་སྔོན་རབ་ཏུ་བྱུང་ནས། མི་རྟག་པ་དང ། སྡུག་བསྔལ་བ་དང ། སྟོང་པ་དང ། བདག་མེད་པ་ལ་སོགས་པ་བསྟན་པས་བདག་ཅག་གི་ཉེ་གནས་རྣམས་ཀྱིས་ཐོས་ནས་ཤིན་ཏུ་འཇིགས་པ་སྐྱེས་ཏེ། ཇི་ལྟར་ན་སེམས་ཅན་དག་མི་རྟག་པ་དང ། སྡུག་བསྔལ་བ་དང ། བདག་མེད་པ་དང ། ཡོངས་སུ་མ་དག་པ་ཡིན་ནོ་ཞེས་དེའི་ཚིག་ལ་ཡིད་མ་ཆེས་སོ། །ད་དགེ་སྦྱོང་གཽ་ཏ་མས་ཤིང་སཱ་ལའི་ཚལ་འདིར་འཁོར་གྱི་དཀྱིལ་འཁོར་མང་པོ་ལ་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པའི་ཆོས་ཡོད་དོ་ཞེས་བསྟན་པས། བདག་ཅག་གི་ཉེ་གནས་རྣམས་ཀྱིས་དེ་སྐད་ཅེས་ཐོས་ནས། བདག་ཡོངས་སུ་སྤངས་ཏེ། དགེ་སྦྱོང་གཽ་ཏ་མའི་ཚིག་ལ་ཡིད་ཆེས་པར་གྱུར་པས། དེའི་རྒྱུ་དེའི་རྐྱེན་གྱིས་མྱ་ངན་ཆེན་པོ་སྐྱེས་པར་གྱུར་ཏོ། །དེའི་ཚེ་ན་གཞན་ཡང་བྲམ་ཟེ་གཅིག་ཅིག་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སྐྱེས་བུ་དག་།ལེགས་པར་ཉོན་ཅིག་།ལེགས་པར་ཉོན་ཅིག་།དགེ་སྦྱོང་གཽ་ཏ་མ་ཐུགས་རྗེ་དང་ལྡན་ནོ་ཞེས་བྱའི་ཚིག་རྫུན་ཏེ་ཡང་དག་པ་མ་ཡིན་ནོ། །གལ་ཏེ་ཐུགས་རྗེ་དང་
Kha423b
ལྡན་ན་ཅིའི་ཕྱིར་བདག་ཅག་གི་སློབ་མ་བདག་ཅག་གི་ཆོས་ཀྱིས་སྙིང་རྗེའི་འབྲས་བུ་ཐོབ་པའང་ཕ་རོལ་གྱི་རྗེས་སུ་འགྲོ་བར་ཡིད་བསྒྱུར་ཏེ། བདག་གིས་བསམ་པ་དང་འགལ་བར་མཛད་པས་ཐུགས་རྗེ་དང་ལྡན་པ་ཞེས་བྱར་མི་རུང་ངོ ། །དེ་ལ་གང་ཞིག་དགེ་སྦྱོང་གཽ་ཏ་མ་ལ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་སོ་ཞེས་སྨྲ་ན་དེའང་བརྫུན་དུ་སྨྲ་བ་ཡིན་ནོ། །གལ་ཏེ་དགེ་སྦྱོང་གཽ་ཏ་མ་འདི་འདོད་པ་ཉུང་ཞིང་ཆོག་ཤེས་པའོ་ཞེས་སྨྲ་ན་ཅིའི་ཕྱིར་བདག་ཅག་གི་རྙེད་པ་ལ་སོགས་པ་འཕྲོག་པར་འགྱུར། གལ་ཏེ་དགེ་སྦྱོང་གཽ་ཏ་མ་འདི་ཆོ་རིགས་ཆེ་བ་ཡིན་ནོ་ཞེས་སྨྲ་ནའང་བརྫུན་དུ་སྨྲ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གནའ་ནས་རི་དྭགས་ཀྱི་རྒྱལ་པོ་སེང་གེ་ནི་བྱི་བ་ཆུང་ངུ་གསོད་དོ་ཞེས་མ་ཐོས། མ་མཐོང་ངོ ། །གལ་ཏེ་དགེ་སྦྱོང་གཽ་ཏ་མ་འདི་ཆོ་རིགས་ཆེ་བ་ཡིན་ན་ཅིའི་ཕྱིར་བདག་ཅག་ལ་སོགས་པ་ལ་ཡོངས་སུ་འཚེ་བར་བྱེད། གལ་ཏེ་དགེ་སྦྱོང་གཽ་ཏ་མ་ལ་མཐུ་ཆེན་པོ་དང་ལྡན་ནོ་ཞེས་སྨྲ་ན། དེའང་བརྫུན་དུ་སྨྲ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གནའ་ནས་ནམ་མཁའ་ལྡིང་གི་རྒྱལ་པོ་ནི་བྱ་ཁཝ་སྐེགས་དང་འཐབ་བོ་ཞེས་མ་ཐོས། མ་མཐོང་ངོ ། །གལ་ཏེ་མཐུ་ཆེ་བ་ཞིག་ཡིན་ན་ཅིའི་ཕྱིར་བདག་ཅག་དང་རྩོད་པར་གྱུར། གལ་ཏེ་དགེ་སྦྱོང་གཽ་ཏ་མ་ནི་ཕ་རོལ་གྱི་སེམས་ཤེས་པའི་ཐུགས་དང་ལྡན་ནོ་ཞེས་སྨྲ་ན་དེའང་བརྫུན་དུ་སྨྲ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཡེ་
Kha424a
༄#། །ཤེས་དེ་དང་ལྡན་ན་ཅིའི་ཕྱིར་བདག་ཅག་གིས་བསམས་པའི་སེམས་མི་ཤེས། ཀྱེ་སྐྱེས་བུ་དག། བདག་གིས་སྡོན་རྒན་རབས་མཁས་པ་ལས་འདི་སྐད་ཅེས་ཐོས་སོ། །ད་སྟེ་ལོ་བརྒྱ་འདས་ན་སྒྱུ་མ་སྒྱུ་ཅན་ཞིག་འབྱུང་བ་ནི་དགེ་སྦྱོང་གཽ་ཏ་མ་ལ་བྱ་སྟེ། སྒྱུ་མ་སྒྱུ་ཅན་འདི་ནི་རིང་པོར་མི་ཐོགས་པར་ཤིང་སཱ་ལའི་ཚལ་འདིར་མེད་པར་འགྱུར་གྱི། ཁྱེད་ལ་སོགས་པ་མྱ་ངན་མ་བྱེད་ཅིག་།དེའི་ཚེ་ན་གཞན་ཡང་གཅེར་བུ་པ་དེ་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེ་སྐྱེས་བུ། བདག་ཅག་མྱ་ངན་བྱེད་པ་ནི་བདག་གི་ལུས་ཀྱི་ཕྱིར་རམ། ཉེ་གནས་དང ། རྙེད་པ་དང ། གྲགས་པའི་ཕྱིར་མ་ལགས་ཀྱི། འཇིག་རྟེན་པ་གཏི་མུག་གི་མུན་པས་ཁེབས་པར་གྱུར་ཏེ། བསོད་ནམས་ཀྱི་ཞིང་དང་བསོད་ནམས་ཀྱི་ཞིང་མ་ཡིན་པ་མི་ཤེས་ནས་སྔོན་གྱི་རྒན་རབས་ཤེས་པ་དང་ལྡན་པའི་བྲམ་ཟེ་ནི་ཡོངས་སུ་སྤངས་ནས་ཤིན་ཏུ་ན་གཞོན་ཞིང་ཞེས་པ་མེད་པ་ལ་མཆོད་པར་གྱུར་པས་བདག་ཅག་མྱ་ངན་བྱེད་དོ། །དགེ་སྦྱོང་གཽ་ཏ་མ་ནི་རིག་སྔགས་ལ་མཁས་ཏེ། རིག་སྔགས་ལ་མཁས་པའི་རྐྱེན་གྱིས་ལུས་གཅིག་ལ་ལུས་ཚད་མེད་པ་སྙེད་དུ་སྤྲུལ་ཞིང ། ལུས་ཚད་མེད་པ་སྙེད་ལས་ཀྱང་ལུས་གཅིག་ཏུ་སྤྲུལ་ཏོ། །ལུས་དེ་ཉིད་ཀྱིས་སྐྱེས་པ་དང ། བུད་མེད་དང ། བ་ལང་དང ། ལུག་དང ། བལ་གླང་དང ། རྟའི་གཟུགས་སུ་
Kha424b
སྤྲུལ་ཏེ། དེའང་བདག་གི་མཐུས་དེའི་རིག་སྔགས་ཀྱི་མཐུ་མེད་པར་བྱེད་ནུས་སོ། །དགེ་སྦྱོང་གཽ་ཏ་མའི་རིག་སྔགས་ཀྱི་མཐུ་མེད་པར་གྱུར་ན་བདག་ཅག་ལ་སོགས་པ་རྙེད་པ་དང་གྲགས་པ་ཐོབ་ཅིང་ཤིན་ཏུ་བདེ་བ་མྱོང་བར་འགྱུར་རོ། །དེའི་ཚེ་ན་གཞན་ཡང་བྲམ་ཟེ་ཞིག་འདི་སྐད་ཅེས་སྨྲས་སོ། །ཀྱེ་སྐྱེས་བུ་དག་།དགེ་སྦྱོང་གཽ་ཏ་མ་ནི་ཡོན་ཏན་ཕུན་སུམ་ཚོགས་པ་ཚད་མེད་པ་དང་ལྡན་ཏེ། དེ་བས་ན་ཁྱེད་ལ་སོགས་པ་དེ་དང་རྩོད་པར་མ་བྱེད་ཅིག་།མུ་སྟེགས་ཅན་གྱི་འཁོར་རྣམས་ཀྱིས་དེ་ལ་འདི་སྐད་སྨྲས་སོ། །གླེན་པ་གཏི་མུག་ཅན་ཁྱོད་ཅིའི་ཕྱིར་དགེ་སྦྱོང་གཽ་ཏ་མ་ལ་ཡོན་ཏན་ཚད་མེད་པ་དང་ལྡན་ནོ་ཞེས་སྨྲ། བཙས་ནས་ཞག་བདུན་ལོན་ནས་མའང་ཤི་བར་གྱུར་ན་དེ་ལ་བསོད་ནམས་དང་ཡོན་ཏན་དུ་ལྡན་ནོ་ཞེས་བྱར་རུང་ངམ། བྲམ་ཟེ་དེས་སྨྲས་པ། ཕ་རོལ་པོས་གཤེའང་ཕྱིར་མི་གཤེ་ལ། ཕ་རོལ་པོས་བརྡེགས་ཀྱང་ཕྱིར་མི་རྡེག་པས་དེ་ནི་ཡོན་ཏན་ཆེན་པོ་དང་ལྡན་པའི་མཚན་ཉིད་དེ། སྐུ་ལ་མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུ་དང ། རྫུ་འཕྲུལ་ཚད་མེད་པ་དང་ལྡན་ཏེ། དེ་བས་ན་བསོད་ནམས་དང་ཡོན་ཏན་ཚད་མེད་པ་དང་ལྡན་པར་རིག་གོ། ང་རྒྱལ་གྱི་སེམས་མེད་པས་སྔར་གསོང་པོར་སྨྲའོ། །གསུང་བའི་ཚིག་འཇམ་ཞིང་ངེས་པས་ངག་རྩུབ་པོ་མེད་དོ། །ལང་ཚོའི་དུས་ལ་བབ་ཀྱང་ཁྲོ་བ་དང་གཏུམ་པ་
Kha425a
༄#། །མེད་དོ། །རྒྱལ་པོའི་ཡུལ་ན་ནོར་རྫས་ཤིན་ཏུ་མང་ཡང་ཆགས་པ་མེད་པར་ཡོངས་སུ་བཏང་ནས་རབ་ཏུ་བྱུང་སྟེ། ངར་སྣབས་དང་འདྲ་བར་སྤངས་པས་བདག་གིས་ནི་དགེ་སྦྱོང་གཽ་ཏ་མ་འདི་ཡོན་ཏན་ཕུན་སུམ་ཚོགས་པ་ཚད་མེད་པ་དང་ལྡན་པར་སྨྲའོ། །དེ་ནས་འཁོར་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ཤིན་ཏུ་ལེགས་སོ། །སྐྱེས་བུ་ཆེན་པོ་དགེ་སྦྱོང་གཽ་ཏ་མ་ནི་ཡང་དག་པར་ཁྱོད་སྨྲ་བ་ལྟར་ཡོན་ཏན་ཚད་མེད་པ་དང ། མངོན་པར་ཤེས་པའི་རྫུ་འཕྲུལ་ཚད་མེད་པ་དང་ལྡན་པས་བདག་ཅག་ནི་དེ་དང་འགྲན་མི་ཕོད་དོ། །དགེ་སྦྱོང་གཽ་ཏ་མ་ནི་རང་བཞིན་གྱིས་མཉེན་ཞིང་དེས་ཏེ། དཀའ་བ་ནི་མ་སྤྱད་ཀྱི་རྒྱལ་པོའི་ཁབ་ཏུ་བཙས་པས་སློབ་པ་གང་ལའང་མ་ཞུགས་ཏེ་ཚིག་འཇམ་པོར་སྨྲར་ནི་རུང་གི། སྒྱུ་རྩལ་དང ། ཡི་གེ་དང ། གཙུག་ལག་ལ་སོགས་པ་མི་ཤེས་སོ། །དམ་པའི་ཆོས་ནི་མདོ་ཙམ་ཞིག་བགྲོས་ཏེ། དགེ་སྦྱོང་གཽ་ཏ་མ་བདག་ཅག་ལས་རྒྱལ་ན་བདག་ཅག་གིས་དེའི་གཡོག་བྱའོ། །བདག་ཅག་གིས་དེ་ལས་རྒྱལ་ན་བདག་གི་གཡོག་བྱ་དགོས་སོ་ཞེས་སྨྲས་ནས། དེའི་ཚེ་མུ་སྟེགས་ཅན་ཚད་མེད་པ་སྙེད་ལྷན་ཅིག་འདུས་ཏེ། ཡུལ་དབུས་འགྱུར་འཆང་དུ་རྒྱལ་པོ་མ་སྐྱེས་དགྲའི་དྲུང་དུ་ལྷགས་སོ། །རྒྱལ་པོས་དེ་དག་མཐོང་ནས་འདི་སྐད་ཅེས་སྨྲས་སོ། །ཀྱེ་སྐྱེས་བུ་དག། ཁྱེད་གར་འགྲོ། ཁྱེད་
Kha425b
རྣམས་ནི་སོ་སོ་ན་འཕགས་པའི་ལམ་ལ་ནན་ཏན་བྱེད་པ་ཡིན་ཏེ། ཁྱིམ་ནས་ཁྱིམ་མ་ཡིན་པར་རབ་ཏུ་བྱུང་ནས་ཁྱིམ་གྱི་དངོས་པོ་དང་ལོངས་སྤྱོད་ཐམས་ཅད་ཡོངས་སུ་སྤངས་ཏེ་ཡུལ་མི་ཐམས་ཅད་ཀྱིས་བསྟི་སྟང་དང་བཅས་པས་མཆོད་དེ། བསྟི་སྟང་དང་རིམ་གྲོ་བྱེད་པ་ལ་ཡིད་དང་འགའ་བར་མ་བྱས་ན་ཅིའི་ཕྱིར་ཐམས་ཅད་འདུས་ཏེ་འདིར་ལྷགས་པར་གྱུར། ཀྱེ་སྐྱེས་བུ་དག་།ཁྱེད་རྣམས་ནི་སོ་སོའི་ཆོས་འཛིན་ཅིང་སོ་སོའི་ཚུལ་ཁྲིམས་ཀྱིས་རབ་ཏུ་བྱུང་སྟེ་མཐུན་པའང་མ་ཡིན། སོ་སོའི་ཚུལ་ཁྲིམས་ཀྱིས་རབ་ཏུ་བྱུང་སྟེ་ལམ་ལ་ནན་ཏན་བྱེད་པ་ཡིན་ན། ཅིའི་རྒྱུ་ཅིའི་རྐྱེན་གྱིས་དེང་འདིར་བསམ་པ་གཅིག་ཏུ་ཐམས་ཅད་འདུས་པ་ནི། དཔེར་ན། ལོ་མ་ལྷགས་པ་ལ་རླུང་དྲག་པོས་བཏབ་ན་གཅིག་ཏུ་འདུས་པ་ལྟར་ཐམས་ཅད་འདིར་ལྷགས་པར་གྱུར། ཁོ་བོ་ནི་རྟག་ཏུ་རབ་ཏུ་བྱུང་བའི་མགོན་དང་སྐྱབས་བྱེད་དེ། ཆུང་ངུ་ན་ལུས་དང་སྲོག་ལའང་ཕངས་པར་མི་བྱེད་དོ། །དེའི་ཚེ་ན་མུ་སྟེགས་ཅན་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཆེན་པོ། ལེགས་པར་གསོན་ཅིག་།རྒྱལ་པོ་ཆེན་པོ་ནི་ཆོས་ཀྱི་ཟམ་པ་ཆེན་པོ་ལྟ་བུའོ། །ཆོས་ཆེན་པོའི་གདར་ལྟ་བུའོ། །ཆོས་ཆེན་བོའི་སྲང་ལྟ་བུ་ཡིན་ཏེ། ཡོན་ཏན་ཐམས་ཅད་ཀྱི་སྣོད་ཡིན་ནོ། །ཡོན་ཏན་ཐམས་ཅད་ཀྱི་ཡང་དག་པའི་ངོ་བོ་ཉིད་ཡིན་ནོ། །དམ་པའི་ཆོས་ཀྱི་ལམ་ལྟ་བུའོ། །ས་བོན་ཐམས་ཅད་
Kha426a
༄#། །ཀྱི་ཞིང་གཤིན་པ་ལྟ་བུའོ། །ཡུལ་ས་ཐམས་ཅད་ཀྱི་གཞི་ལྟ་བུ་ཡིན་ནོ། །ཡུལ་ཁམས་ཐམས་ཅད་ཀྱི་མེ་ལོང་གི་སྣང་བ་ལྟ་བུ་ཡིན་ནོ། །ལྷ་ཐམས་ཅད་ཀྱི་གཟུགས་ལྟ་བུ་ཡིན་ནོ། །ཡུལ་མི་ཐམས་ཅད་ཀྱི་ཕ་མ་ལྟ་བུ་ཡིན་ནོ། །རྒྱལ་པོ་ཆེན་པོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཡོན་ཏན་གྱི་རིན་པོ་ཆེའི་གཏེར་ནི་རྒྱལ་པོའི་ལུས་ཡིན་ནོ། །དེ་ཅིའི་ཕྱིར་ཡོན་ཏན་གྱི་མཛོད་ཅེས་བྱ་ཞེ་ན། རྒྱལ་པོས་ཞལ་ཆེ་གཅོད་པ་ན་གཉེན་དང་དགྲ་ལ་ཕྱེ་བྲག་མི་འབྱེད་དེ། མཉམ་སྙོམས་པ་ནི་སའམ། ཆུའམ། མེའམ། རླུང་དང་འདྲ་སྟེ།་དེ་བས་ན་རྒྱལ་པོ་ནི་ཡོན་ཏན་གྱི་གཏེར་ཞེས་བྱའོ། །རྒྱལ་པོ་ཆེན་པོ། ད་ལྟར་གྱི་སེམས་ཅན་དག་ཚེའི་ཚད་ཐུང་མོད་ཀྱི། རྒྱལ་པོའི་ཡོན་ཏན་ནི་སྔོན་གྱི་རྒྱལ་པོ་ཚེ་རིང་བ་རབ་ཏུ་བདེ་བའི་དུས་དང་འདྲའོ། །གཞན་ཡང་རྒྱལ་པོ་སྤྱི་བོ་སྐྱེས་སམ། གྱ་ནོམ་སྣང་ངམ། བཟོད་པ་ཅན་ནམ། ན་ཧོ་ཞའམ། ཡ་ཡཱ་དེའམ། ཤི་ཕྱིའམ། པ་པ་ཨི་ཙ་གྱུ་ལ་སོགས་པ་དགེ་བའི་ཆོས་ཕུན་སུམ་ཚོགས་པ་དང་ལྡན་པ་དང་འདྲ་བར་རྒྱལ་པོ་ཆེན་པོ་ཡང་དེ་དང་འདྲའོ། །རྒྱལ་པོ་ཆེན་པོ། རྒྱལ་པོ་ཆེན་པོའི་རྐྱེན་གྱིས་ཡུལ་མི་ཐམས་ཅད་བདེ་སྐྱིད་པར་གྱུར་ཏེ། དེ་བས་ན་བདག་ཅག་རབ་ཏུ་བྱུང་བ་ཐམས་ཅད་ཡུལ་འདི་ན་གནས་པར་མོས་ཏེ། ཚུལ་ཁྲིམས་སྲུང་ཞིང་ཡང་དག་པའི་ལམ་ལ་ནན་ཏན་བགྱིད་
Kha426b
དོ། །རྒྱལ་པོ་ཆེན་པོ། བདག་ཅག་གི་གཞུང་ལས་རབ་ཏུ་བྱུང་བའི་གང་ཟག་གང་ནས་གང་དུ་གནས་པའི་ཡུལ་དེ་ནི་ཚུལ་ཁྲིམས་སྲུང་ཞིང་ཡང་དག་བའི་ལམ་ལ་ནན་ཏན་བྱེད་དེ། རྒྱལ་པོ་ལ་ཡང་དགེ་བ་སྤྱོད་པའི་སྐལ་བ་མཆིས་སོ། །རྒྱལ་པོ་ཆེན་པོ། འཇིག་རྟེན་ན་རྐུན་ཤོད་བྱེད་པ་ཐམས་ཅད་རྒྱལ་པོས་མ་མཆིས་པར་བགྱིས་ཏེ་རབ་ཏུ་བྱུང་བ་ཐམས་ཅད་འཇིགས་པ་མ་མཆིས་ན། མ་རུངས་པ་ཆེན་པོ་དགེ་སྦྱོང་གཽ་ཏ་མ་འབའ་ཞིག་མ་མཆིས་པར་མ་བགྱིས་པས་བདག་ཅག་ནི་དེ་ལ་རབ་ཏུ་འཇིགས་སོ། །དགེ་སྦྱོང་གཽ་ཏ་མ་ནི་ཆོ་རིགས་སྙེམས་ཏེ་ལུས་ཀྱི་མདོག་དང་ལྡན་ལ། སྔོན་སྦྱིན་པ་བྱིན་པའི་རྐྱེན་གྱིས་རྙེད་པ་མང་དུ་རྙེད་དེ། དངོས་པོ་དེ་དག་ལ་སྙེམས་པས་ང་རྒྱལ་ཆེན་པོ་སྐྱེས་ལ། གཞན་ཡང་རིག་སྔགས་ལ་མཁས་པའི་རྐྱེན་གྱིས་ང་རྒྱལ་བྱེད་དོ། །དེའི་རྒྱུ་དེའི་རྐྱེན་གྱིས་དཀའ་བ་སྤྱོད་མི་ནུས་ཀྱི་གོས་དང་མལ་ཆ་ལ་སོགས་པ་ཤིན་ཏུ་འཇམ་པ་ལ་སོགས་ཏེ། དེ་བས་ན་འཇིག་རྟེན་ན་གང་ཟག་མ་རུངས་པ་ཐམས་ཅད་ནི་རྙེད་པ་དང་གྲགས་པ་འདོད་པའི་ཕྱིར་དེའི་འཁོར་དུ་འདུ་ཞིང་དེའི་དྲུང་དུ་འདུས་ནས་དཀའ་བ་ནི་སྤྱོད་མི་ནུས་སོ། །རིག་སྔགས་ཀྱི་མཐུས་འོད་སྲུང་དང ། ཤཱ་རིའི་བུ་དང ། མཽངྒལ་ཡ་ན་ལ་སོགས་པ་བཏུལ་ནས་ངའང་བདག་ཅག་གི་གནས་ཤིང་སཱ་ལའི་ཚལ་འདིར་བདག་ཅག་གི་ཉེ་གནས་འཁོར་དུ་བསྡུ་བའི་ཕྱིར་རྟག་པ་དང ། བདེ་
Kha427a
༄#། །བ་དང ། བདག་དང ། ཡོངས་སུ་དག་པའི་ལུས་ཡོད་དོ་ཞེས་སྨྲའོ། །རྒྱལ་པོ་ཆེན་པོ། དགེ་སྦྱོང་གཽ་ཏ་མས་ནི་སྔོན་མི་རྟག་པ་དང ། བདེ་བ་མེད་པ་དང ། བདག་མེད་པ་དང ། ཡོངས་སུ་དག་པ་མེད་པ་སྟོན་པའི་ཚེ་ན་བདག་ཅག་གིས་བཟོད་ཀྱི། ད་འདི་སྐད་དུ་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཡོད་དོ་ཞེས་སྨྲ་ལ་ནི་བདག་ཅག་མི་བཟོད་དོ། །རྒྱལ་པོ་ཆེན་པོ། ལེགས་པར་གསན་དུ་གསོལ། བདག་ཅག་དང ། དགེ་སྦྱོང་གཽ་ཏ་མར་གཞུང་འཛུགས་ཤིང་རྩོད་དུ་ཅི་གནང ། རྒྱལ་པོས་བཀའ་སྩལ་པ། ཀྱེ་སྐྱེས་བུ་དག་།ཁྱེད་རྣམས་ལ་སུ་ཞིག་གིས་བསླུས་ན། ཁྱེད་ཀྱི་སེམས་ཤིན་ཏུ་མྱོས་ཤིང་འཁྲུགས་ཏེ། ཆུའི་དབའ་རླབས་སམ། མོ་འགལ་བསྐོར་བའམ། སྤྲེའུ་ཤིང་ཁར་ཕྱིན་པ་འདྲ་བར་གྱུར་པ་འདི་བདག་གིས་ཀྱང་ཁྲེལ་ལ། །ཁས་པ་ཤེས་རབ་ཅན་གྱིས་ཐོས་ན་ཤིན་ཏུ་སྙིང་བརྩེ་བ་དང ། གླེན་པ་གཏི་མུག་ཅན་གྱིས་ཐོས་ན་འཕྱ་ཞིང་སྨོད་པར་འགྱུར་རོ། །ཁྱེད་རྣམས་ཀྱིས་སྨྲ་བ་ནི་རབ་ཏུ་བྱུང་བའི་ཚིག་མ་ཡིན་གྱི། གལ་ཏེ་ཁྱེད་རྣམས་ལ་རླུང་དང་མཁྲིས་པ་དང་བད་ཀན་གྱི་ནད་ཀྱིས་བཏབ་ན་ཁོ་བོ་ལ་སྨན་བཟང་པོ་ཡོད་དེ་ཁྱེད་རྣམས་འཚོ་བར་བྱའོ། །གལ་ཏེ་ཡི་དྭགས་ཀྱིས་བརླ་མས་ན་སྨན་པ་འཚོ་བྱེད་སྔགས་ལ་མཁས་པས་འཚོ་བར་བྱེད་དོ། །ཁྱེད་རྣམས་ནི་ད་ལྟར་
Kha427b
ལག་པའི་སེན་མོས་རི་རབ་ལྷུན་པོ་འཇིག་པའམ། རྡོ་རྗེ་ལ་སོས་འདེབས་པར་འདོད་པ་དང་འདྲའོ། །སྐྱེས་བུ་ཆེན་པོ་དག། དཔེར་ན། གླེན་པ་གཏི་མུག་ཅན་གྱིས་སེང་གེའི་རྒལ་པོ་བཀྲེས་པ་ཉལ་ཞིང་འདུག་པ་ལས་བསླང་བའམ། སྦྲུལ་གདུག་པའི་ཁར་ལག་པ་བཅུག་པའམ། ཐལ་བས་ཁེབས་པའི་མེ་མདག་ལ་ལག་པས་རེག་པར་འདོད་པ་དང་འདྲ་བར་ཁྱེད་རྣམས་ཀྱང་དེ་ལྟར་དེ་དང་འདྲའོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ཝས་སེང་གེའི་སྒྲ་སྒྲོགས་པའམ། སྦྲང་བུ་ཆུང་དུ་བྱ་ནམ་མཁའ་ལྡིང་དང་མགྱོགས་བུལ་འགྲན་པའམ། རི་བོང་གིས་རྒྱ་མཚོའི་གཏིང་དཔག་པ་དང་འདྲ་བར་ཁྱེད་རྣམས་ཀྱང་ད་ལྟར་དེ་དང་འདྲའོ། །གལ་ཏེ་ཁྱེད་ཀྱིས་དགེ་སློང་གཽ་ཏ་མ་ལས་རྒྱལ་བར་རྨི་ལམ་གྱིས་མཐོང་ནའང་རྨི་ལམ་དེ་ནི་རྫུན་ཏེ་ཡིད་ཆེས་སུ་མི་རུང་ངོ ། །ཀྱེ་སྐྱེས་བུ་དག། ཁྱེད་རྣམས་འདི་ལྟ་བུའི་སེམས་བསྐྱེད་པ་ནི། དཔེར་ན། ཕྱེ་མ་ལེབ་མེའི་ཕུང་པོར་སོང་བ་དང་འདྲ། ཁོ་བོས་སྨྲས་པ་བཞིན་དུ་ཡང་མ་སྨྲ་ཞིག། ཁྱེད་ཀྱིས་ཁོ་བོ་ལ་སྲང་དང་འདྲ་བར་མཉམ་མོ་ཞེས་བསྟོད་པའི་ཚིག་ཀྱང་གཞན་གྱིས་ཐོས་པར་མ་བྱེད་ཅིག་།དེའི་ཚེ་ན་མུ་སྟེགས་ཅན་གྱིས་རྒྱལ་པོ་ལའང་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཆེན་པོ། དགེ་སྦྱོང་གཽ་ཏ་མའི་རིག་སྔགས་ཀྱིས་བཏབ་བམ་ཅི་ན། རྒྱལ་པོ་ཆེན་པོ། འཕགས་པས་སྨྲ་བའི་ཚིག་ལ་ཡིད་མི་ཆེས་ཤིང་ཐེ་ཚོམ་ཟ་བར་
Kha428a
༄#། །གྱུར། རྒྱལ་པོ་ཆེན་པོ། སྐྱེས་བུ་ཆེན་པོ་འདི་དག་ལ་བརྙས་བར་མ་བྱེད་ཅིང ། རྒྱལ་པོ་ཆེན་པོ། ཟླ་བ་འདི་འགྲིབས་པ་དང ། སྐྱེ་བ་དང ། རྒྱ་མཚོ་ཆེན་པོ་ལ་ལན་ཚཝའི་རི་བྲོ་བ་དང ། རི་མ་ལ་ཡ་ན་ལ་སོགས་པ་སུས་བྱས། བདག་ཅག་བྲམ་ཟེ་ལ་སོགས་པས་བྱས་པ་མ་ལགས་སམ། རྒྱལ་པོ་ཆེན་པོ། མ་གསན་ཏམ། དྲང་སྲོང་ཨ་གསྟྱས་ལོ་བཅུ་གཉིས་ཀྱི་བར་དུ་གངྒཱའི་ཀླུང་གི་ཆུ་རྣ་བར་བླུགས་པ་མ་གསན་ཏམ། གཞན་ཡང་དྲང་སྲོང་གཽ་ཏ་མ་རྫུ་འཕྲུལ་ཆེན་པོ་དང་ལྡན་པས་ལོ་བཅུ་གཉིས་ཀྱི་བར་དུ་བརྒྱ་བྱིན་གྱི་ལུས་སུ་བསྒྱུར་ཏེ། བརྒྱ་བྱིན་གྱི་ལུས་ནི་ལུག་མ་མོ་མོ་མཚན་སྟོང་དང་ལྡན་པའི་ལུས་སུ་བསྒྱུར་བ་མ་གསན་ཏམ། རྒྱལ་པོ་ཆེན་པོ་དྲང་སྲོང་གི་ལྟོས་ཉི་མ་གཅིག་གིས་རྒྱ་མཚོ་ཆེན་པོ་བཞིའི་ཆུ་ཅིག་ཆར་འཐུངས་ཏེ་ས་ཆེན་པོའང་སྐམས་པར་གྱུར་པ་མ་གསན་ཏམ། རྒྱལ་པོ་ཆེན་པོ། དྲང་སྲོང་བ་སྤུས་ལྷའི་རྒྱལ་པོ་དབང་སྒྱུར་གྱི་མིག་གསུམ་བྱས་པ་མ་གསན་ཏམ། རྒྱལ་པོ་ཆེན་པོ། དྲང་སྲོང་ཨ་ལ་ལས་གྲོང་ཁྱེར་ཨ་ལ་བ་རྡུལ་དུ་བྱས་པ་མ་གསན་ཏམ། རྒྱལ་པོ་ཆེན་པོ། བྲམ་ཟེའི་ནང་ན་དེ་ལྟ་བུའི་མཐུ་ཆེན་པོ་དང་ལྡན་པའི་དྲང་སྲོང་རྣམས་མཆིས་ཏེ་མངོན་སུམ་དུ་མཆིས་ན་རྒྱལ་པོ་ཆེན་པོ་ཅིའི་ཕྱིར་ན་བདག་ཅག་ལ་ཤིན་ཏུ་བརྙས་པར་བྱེད། རྒྱལ་པོས་སྨྲས་
Kha428b
པ།་ཀྱེ་སྐྱེས་བུ་དག། གལ་ཏེ་བདག་གི་སྨྲ་བ་ལ་ཡིད་མི་ཆེས་ཏེ་འགྲན་འདོད་ན་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟར་ཤིང་སཱ་ལའི་དྲུང་ན་བཞུགས་ཀྱི། ཁྱེད་ལ་སོགས་པ་དེར་སོང་ལ་ཡིད་བཞིན་དུ་དྲིས་ཤིག། དེ་བཞིན་གཤེགས་པས་རྣམ་པར་ཕྱེ་སྟེ། ཁྱེད་ཀྱི་ཡིད་བཞིན་དུ་ལན་གསུང་བར་འགྱུར་རོ། །དེའི་ཚེ་རྒྱལ་པོ་མ་སྐྱེས་དགྲ་མུ་སྟེགས་ཅན་གྱི་འཁོར་རྣམས་དང་བཅས་ཏེ། སངས་རྒྱས་གང་ན་པར་ལྷགས་ནས་སྤྱི་བོས་ཕྱག་བཙལ་ཏེ། གཡས་ཕྱོགས་ནས་ལན་གསུམ་བསྐོར་ནས་བསྟི་སྟང་དང་བཅས་པས་ཕྱོགས་གཅིག་ཏུ་འཁོད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། མུ་སྟེགས་ཅན་འདི་དག་ནི་ཅི་དང་ཅི་སེམས་པ་འདྲི་ཞིང་རྒོལ་ལོ་ཞེས་མཆི་ན། དེ་བཞིན་གཤེགས་པས་དེ་དང་དེའི་ལན་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། དེ་བཞིན་གཤེགས་པ་དུས་མཁྱེན་གྱི། རེ་ཞིག་སྡོད་ཅིག། དེ་ནས་འཁོར་དེའི་ནང་ནས་བྲམ་ཟེ་ཤ་དེ་ཤུ་ན་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་གཽ་ཏ་མ། མྱ་ངན་ལས་འདས་པ་ཞེས་བགྱི་བ་རྟག་པའི་ཆོས་ལགས་སམ། བྲམ་ཟེ་ཆེན་པོ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །བྲམ་ཟེས་ཡང་གསོལ་པ། གཽ་ཏ་མ། མྱ་ངན་ལས་འདས་པ་ལ་རྟག་ཅེས་བགྱི་བ་དེ་མི་རུང་ངོ ། །དེ་ཅིའི་སླད་དུ་ཞེ་ན། འཇིག་རྟེན་གྱི་ཆོས་ནི་ས་བོན་
Kha429a
༄#། །ལས་འབྲས་བུ་སྐྱེ་སྟེ། རྒྱུན་མི་འཆད་དོ། །དཔེར་ན། འཇིམ་པ་ལས་རྫ་མར་འགྱུར་བ་དང ། སྐུད་པ་ལས་གོས་སུ་འགྱུར་བ་དང་འདྲ་སྟེ། གཽ་ཏ་མས་རྟག་ཏུ་མི་རྟག་པ་ལ་ནན་ཏན་བྱས་ན་མྱ་ངན་ལས་འདས་པ་ཐོབ་བོ་ཞེས་གསུངས་ན། རྒྱུ་རྟག་པ་མ་ལགས་ན་འབྲས་བུ་རྟག་པ་ཅེས་བགྱིར་ག་ལ་རུང ། གཽ་ཏ་མ། འདོད་ཆགས་ལས་རྣམ་པར་གྲོལ་ན་མྱ་ངན་ལས་འདའ་བ་ལགས་སོ། །གཟུགས་སུ་འདོད་ཆགས་པ་དང ། གཟུགས་མེད་པར་འདོད་ཆགས་པ་ལས་རྣམ་པར་གྲོལ་ན་མྱ་ངན་ལས་འདའ་བ་ལགས་སོ། །མ་རིག་པ་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་འགགས་ན་མྱ་ངན་ལས་འདའ་བ་ལགས་སོ་ཞེས་གསུངས་ན། འདོད་ཆགས་ནས་མ་རིག་པའི་ཉོན་མོངས་བའི་བར་དུ་ཐམས་ཅད་ཀྱང་མི་རྟག་པ་ལགས་པས་རྒྱུ་མི་རྟག་པ་ལགས་ན་མྱ་ངན་ལས་འདའ་བ་ཐོབ་པའང་མི་རྟག་པ་ལགས་པའི་རིགས་སོ། །གཽ་ཏ་མ། རྟག་ཏུ་རྒྱུའི་དབང་གིས་ལྷར་སྐྱེས་ལ། རྒྱུའི་དབང་གིས་སེམས་ཅན་དམྱལ་བར་ལྟུང་སྟེ། རྒྱུ་ལས་རྣམ་པར་གྲོལ་ལོ་ཞེས་གསུངས་པས། དེ་བས་ན་ཆོས་ཐམས་ཅད་ནི་རྒྱུ་ལས་སྐྱེས་སོ། །གལ་ཏེ་རྒྱུའི་དབང་གིས་རྣམ་པར་གྲོལ་བར་གྱུར་ན་རྟག་ཅེས་བགྱིར་རུང་ངམ། གཽ་ཏ་མས་གཟུགས་ནི་རྐྱེན་ལས་སྐྱེས་པས་མི་རྟག་གོ་ཞེས་གསུངས་ལ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང །
Kha429b
རྣམ་པར་ཤེས་པའང་དེ་དང་འདྲའོ་ཞེས་གསུངས་ན། དེ་ལྟར་རྣམ་པར་གྲོལ་བ་དེ་གལ་ཏེ་གཟུགས་ལགས་ན་ནི་མི་རྟག་པ་ལགས་ཏེ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའང་དེ་བཞི་དུ་མི་རྟག་པ་ལགས་སོ། །གལ་ཏེ་ཕུང་པོ་ལྔའི་ཕ་རོལ་ན་རྣམ་པར་གྲོལ་བ་ཞིག་མཆིས་ན་རྣམ་པར་གྲོལ་བ་དེ་ནི་ནམ་མཁའ་ལགས་པར་འགྱུར་རོ། །གལ་ཏེ་ནམ་མཁའ་ལགས་ན་རྒྱུ་དང་རྐྱེན་ལས་སྐྱེས་ཞེས་བགྱིར་ཡང་མི་རུང་ངོ ། །དེ་ཅིའི་སླད་དུ་ཞེ་ན། རྟག་པ་དང་གཅིག་ཅེས་བགྱི་བ་གནས་ཐམས་ཅད་དུ་ཁྱབ་པའི་ཕྱིར་རོ། །གཽ་ཏ་མ། གཞན་ཡང་རྒྱུ་ལས་སྐྱེས་པ་ནི་སྡུག་བསྔལ་ཡིན་ནོ་ཞེས་གསུངས་ན། གལ་ཏེ་སྡུག་བསྔལ་ལགས་ན་ཅིའི་སླད་དུ་རྣམ་པར་གྲོལ་བ་ནི་བདེ་བའོ་ཞེས་གསུངས། གཽ་ཏ་མས་གཞན་ཡང་མི་རྟག་པ་ནི་སྡུག་བསྔལ་བ་སྟེ། སྡུག་བསྔལ་བ་ནི་བདག་མེད་པའོ་ཞེས་གསུངས་ན། གལ་ཏེ་མི་རྟག་ཅིང་སྡུག་བསྔལ་བ་དང ། བདག་མེད་པ་ལགས་ན་ནི་ཡོངས་སུ་མ་དག་པ་ལགས་ཏེ། རྒྱུ་ལས་སྐྱེས་པའི་ཆོས་ཐམས་ཅད་མི་རྟག་པ་དང ། སྡུག་བསྔལ་བ་དང ། བདག་མེད་པ་དང ། ཡོངས་སུ་མ་དག་པ་ལགས་ན་ཅིའི་སླད་དུ་མྱ་ངན་ལས་འདས་པ་ལ་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ལགས་སོ་ཞེས་གསུངས། གཽ་ཏ་མས་གལ་ཏེ་རྟག་པ་དང ། མི་རྟག་པའང་ལགས། སྡུག་བསྔལ་བ་དང་བདེ་བའང་
Kha430a
༄#། །ལགས། བདག་དང་བདག་མ་མཆིས་པའང་ལགས། ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པ་ཞེས་ཀྱང་གསུངས་པར་གྱུར་ན་གཉིས་སུ་གསུང་བར་མི་འགྱུར་རམ། བདག་གིས་སྔོན་རྒན་རབས་མཁས་པ་བློ་ཅན་དག་ལས་གཏམ་དུ་ཐོས་ན། གལ་ཏེ་སངས་རྒྱས་འཇིག་རྟེན་དུ་གཤེགས་པ་ན། རྣམ་པ་གཉིས་སུ་གསུང་མི་སྲིད་དོ་ཞེ་ན། ད་ནི་གཽ་ཏ་མས་རྣམ་པ་གཉིས་སུ་གསུངས་སོ། །གཞན་ཡང་སངས་རྒྱས་ཞེས་བགྱི་བ་ང་ཡིན་ནོ་ཞེས་གསུངས་པའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ལ་བཀའ་སྩལ་པ། ཁྱོད་ཀྱིས་སྨྲས་པ་ལྟར་ངའང་ཁྱོད་ལ་དྲི་བ་དྲིས་ན། དེ་དང་དེའི་ལན་ཡང་སྨྲ་བར་བྱའོ། །བྲམ་ཟེས་ལེགས་སོ་གཽ་ཏ་མ། ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱི་རང་བཞིན་ཞེས་བྱ་བ་དེ་རྟག་པ་ཡིན་ན། མི་རྟག་པ་ཡིན། བྲམ་ཟེས་གསོལ་པ། བདག་གི་རང་བཞིན་ཞེས་བགྱི་བ་ནི་རྟག་པ་ལགས་སོ། །བྲམ་ཟེ། རང་བཞིན་དེས་ཕི་ནང་གི་ཆོས་ཐམས་ཅད་ཀྱི་རྒྱུར་འགྱུར་རམ། གསོལ་པ། དེ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ། ཇི་ལྟ་བུར་གྱུར་འགྱུར། གསོལ་པ། གཽ་ཏ་མ། རང་བཞིན་ལས་ཆེན་པོ་སྐྱེའོ། །ཆེན་པོ་ལས་ང་རྒྱལ་སྐྱེའོ། །ང་རྒྱལ་ལས་ཆོས་བཅུ་དྲུག་པོ་སྐྱེའོ། །འདི་ལྟ་སྟེ། ས་དང ། ཆུ་དང ། མེ་དང །
Kha430b
རླུང་དང ། ནམ་མཁའ་དང ། ཤེས་པའི་དབང་པོ་ལྔ་སྟེ། མིག་དང ། རྣ་བ་དང ། སྣ་དང ། ལྕེ་དང ། རེག་བྱ་དང ། ལུས་ཀྱི་དབང་པོ་ལྔ་སྟེ། ལག་པ་དང ། རྐང་པ་དང ། ཁ་དང ། རྐུབ་དང ། ཕོ་དང་མོའི་དབང་པོ་དང ། སེམས་མཉམ་པའི་དབང་པོའོ། །ཆོས་རྣམ་པ་བཅུ་དྲུག་པོ་འདི་ནི་གཟུགས་དང ། སྒྲ་དང ། དྲི་དང ། རོ་དང ། རེག་བྱའི་ཆོས་ལྔ་པོ་ལས་སྐྱེས་སོ། །ཆོས་ཉི་ཤུ་རྩ་གཅིག་པོ་འདིའི་རྩ་བ་ནི་རྣམ་པ་གསུམ་སྟེ། ཞེན་པ་དང ། རྡུལ་དང ། ནག་པོའོ། །ཞེན་པ་ཞེས་བགྱི་བ་ནི། འདོད་པའོ། །རྡུལ་ཞེས་བགྱི་བ་ནི་ཞེ་སྡང་ངོ ། །ནག་པོ་ཞེས་བགྱི་བ་ནི་མ་རིག་པའོ། །གཽ་ཏ་མ། ཆོས་ཉི་ཤུ་ལྔ་པོ་ནི་ཐམས་ཅད་ཀྱང་རང་བཞིན་ལས་སྐྱེས་སོ། །བཀའ་སྩལ་པ། བྲམ་ཟེ་ཆེན་པོ་ལ་སོགས་པའི་ཆོས་འདི་དག་རྟག་པ་ཡིན་ནམ། མི་རྟག་པ་ཡིན། གསོལ་པ། གཽ་ཏ་མ། བདག་གི་ཆོས་ཀྱི་རང་བཞིན་ནི་རྟག་པ་ལགས་ཀྱི། ཆེན་པོ་ལ་སོགས་པའི་ཆོས་ནི་ཐམས་ཅད་མི་རྟག་པའོ། །བྲམ་ཟེ་ཁྱོད་སྨྲ་བ་ལྟ་ན་ཁྱོད་ཀྱི་ཆོས་ནི་རྒྱུ་ནི་རྟག་ལ། འབྲས་བུ་ནི་མི་རྟག་གོ། ངའི་ཆོས་ནི་རྒྱུ་ནི་མི་རྟག་མོད་ཀྱི། འབྲས་བུ་ནི་རྟག་ན་དེ་ལ་སྐྱོན་ཅི་ཞིག་ཡོད། བྲམ་ཟེ་ཁྱོད་ཀྱི་ཆོས་ལ་རྒྱུ་རྣམ་པ་གཉིས་ཡོད་དམ། གསོལ་པ། མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟ་བུར་ཡོད། བྲམ་ཟེ་གསོལ་པ། སྐྱེ་བའི་རྒྱུ་དང ། གསལ་བའི་རྒྱུ་སྟེ། གཉིས་མཆིས་སོ། །བཅོམ་ལྡན་འདས་
Kha431a
༄#། །ཀྱིས་བཀའ་སྩལ་པ། སྐྱེ་བའི་རྒྱུ་ནི་གང ། གསལ་བའི་རྒྱུ་ནི་གང ། བྲམ་ཟེས་གསོལ་པ། སྐྱེ་བའི་རྒྱུ་ཞེས་བགྱི་བ་ནི་འཇིམ་པ་ལས་རྫ་མ་འབྱུང་བ་ལྟ་བུའོ། ། གསལ་བའི་རྒྱུ་ཞེས་བགྱི་བ་ནི་མེ་མར་གྱིས་སྣང་བར་བྱེད་པ་ལྟ་བུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱུ་རྣམ་པ་གཉིས་ཀྱི་རང་བཞིན་ནི་གཅིག་གོ་།གལ་ཏེ་གཅིག་ཡིན་ན།་སྐྱེ་བའི་རྒྱུའང་གསལ་བའི་རྒྱུར་འགྱུར་ལ། གསལ་བའི་རྒྱུའང་སྐྱེ་བའི་རྒྱུར་འགྱུར་རམ། གསོལ་པ། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་སྐྱེ་བའི་རྒྱུ་གསལ་བའི་རྒྱུར་མི་འགྱུར་ལ། གསལ་བའི་རྒྱུའང་སྐྱེ་བའི་རྒྱུར་མི་འགྱུར་ན་ལྟ། གཅིག་གི་རྒྱུར་གཅིག་འགྱུར་ཞེས་བྱར་རུང་ངམ། བྲམ་ཟེས་གསོལ་པ། གཅིག་གི་རྒྱུར་གཅིག་མི་འགྱུར་མོད་ཀྱི། གཅིག་ལ་གཅིག་རྒྱུར་འགྱུར་བ་ནི་མཆིས་སོ། །བྲམ་ཟེ། གསལ་བའི་རྒྱུས་གསལ་བར་བྱེད་པ་དེ་གསལ་བ་དང་མཐུན་པ་ཡིན་ནམ། གསོལ་པ། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངའི་ཆོས་ཀྱང་མི་རྟག་པ་ལས་མྱ་ངན་ལས་འདའ་བ་ཐོབ་མོད་ཀྱི། མི་རྟག་པ་ནི་མ་ཡིན་ནོ། །བྲམ་ཟེ། གསལ་བའི་རྒྱུ་ལས་ཐོབ་པས་ན་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཡིན་ནོ། །སྐྱེ་བའི་རྒྱུ་ལས་ཐོབ་པས་ན་མི་རྟག་པ་དང ། བདེ་བ་མེད་པ་དང ། བདག་མེད་པ་
Kha431b
དང ། ཡོངས་སུ་མ་དག་པ་ཡིན་ནོ། །དེ་བས་ན་དེ་བཞིན་གཤེགས་པས་གསུངས་པའང་རྣམ་པ་གཉིས་ཡོད་དེ། དེ་ལྟར་རྣམ་པ་གཉིས་སུ་གསུང་ཡང་རྣམ་པ་གཉིས་སུ་མེད་དེ། དེ་བས་ན་དེ་བཞིན་གཤེགས་པ་ནི་རྣམ་པ་གཉིས་སུ་གསུང་བ་མེད་པ་ཞེས་བྱའོ། །ཁྱོད་སྨྲ་བ་ལྟར་སྔོན་རྒན་བས་མཁས་པ་ལས། སངས་རྒྱས་འཇིག་རྟེན་དུ་གཤེགས་པ་ནི་གཉིས་སུ་མེད་པར་གསུང་ངོ་ཞེས་ཐོས་པ་ཤིན་ཏུ་ལེགས་སོ། །ད་ལྟར་ཕྱོགས་བཅུ་ན་དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱིས་གསུང་པ་ལ་ཐ་དད་པ་མེད་དེ། དེ་བས་ན་སངས་རྒྱས་བཅོམ་ལྡན་འདས་ནི་གཉིས་སུ་མེད་པར་གསུང་བ་ཞེས་བྱའོ། །ཇི་ལྟར་ན་ཐ་དད་པ་མེད་པ་ཞེ་ན། གང་ཡོད་པར་སྨྲ་བ་དེ་ལ་ཡོད་པར་ཡང་གསུངས་ངོ ། །གང་མེད་པར་སྨྲ་བ་ལ་མེད་པར་ཡང་གསུང་བར་དོན་གཅིག་པ་ཞེས་བྱའོ། །བྲམ་ཟེ། སངས་རྒྱས་བཅོམ་ལྡན་འདས་ནི་རྣམ་པ་གཉིས་སུ་གསུངས་པས་གཅིག་ཏུ་གསུངས་པའི་ཚིག་གསལ་བར་བྱེད་དོ། །ཇི་ལྟར་ན་གཉིས་སུ་གསུངས་པས་གཅིག་ཏུ་གསུངས་པ་གསལ་བར་བྱེད་པ་ཞེ་ན། དཔེར་ན། མིག་དང་གཟུགས་ཞེས་ཚིག་གཉིས་ལས་རྣམ་པར་ཤེས་པ་ཞེས་བྱ་བའི་ཚིག་གཅིག་བྱུང་བ་ནས་ཡིད་དང་ཆོས་ཀྱི་བར་དུ་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །བྲམ་ཟེས་གསོལ་པ། གཽ་ཏ་མ། སྨྲ་བའི་ཚིག་གི་དོན་ལེགས་པར་གསུངས་སོ། །
Kha432a
༄#། །བདག་ཅག་ནི་གཉིས་སུ་གསུངས་པ་ལས་གཅིག་ཏུ་གསུང་བ་གསལ་བར་མཛད་པ་མ་རྟོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་འཕགས་པའི་བདེན་པ་བཞི་གསུང་བ་བརྗོད་དོ། །འདི་ལྟ་སྟེ། སྡུག་བསྔལ་གྱི་བདེན་པ་ནི་གཉིས་ཀྱང་ཡིན་ལ། གཅིག་ཀྱང་གཅིག་གོ་།དེ་བཞིན་དུ་ལམ་གྱི་བདེན་པའི་བར་དུ་གཉིས་ཀྱང་གཉིས་ལ། གཅིག་ཀྱང་གཅིག་གོ་།བྲམ་ཟེས་གསོལ་པ། བཅོམ་ལྡན་འདས། བདག་གིས་རྟོགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ཇི་ལྟར་རྟོགས། བྲམ་ཟེས་གསོལ་པ། བཅོམ་ལྡན་འདས། སྡུག་བསྔལ་གྱི་བདེན་པ་ཞེས་བགྱི་བ་བྱིས་པ་མ་རབས་ཐམས་ཅད་ལ་གཉིས་ཏེ། འཕགས་པ་རྣམས་ལ་གཅིག་གོ ། དེ་བཞིན་དུ་ལམ་གྱི་བདེན་པའི་བར་དུ་རྟོགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་ལེགས་པར་རྟོགས་སོ། །བྲམ་ཟེས་གསོལ་པ། བཅོམ་ལྡན་འདས། བདག་གིས་ཆོས་ཐོས་ནས་ཡང་དག་པའི་ལྟ་བ་ཐོབ་པར་གྱུར་པས། ད་ནི་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་སྐྱབས་སུ་མཆི་ན། ཐུགས་རྗེ་ཆེན་པོས་བདག་ཅག་རབ་ཏུ་དབྱུང་བར་གསོལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་ལ་བཀའ་སྩལ་པ། ཁྱོད་ཀྱིས་བཤད་དེ་ཞུ་ན། སྐྲ་དང་ཁ་སྤུ་བྲེགས་ལ་
Kha432b
ཁྱིམ་ནས་ཁྱིམ་མ་ཡིན་པར་རབ་ཏུ་བྱུང་ཞིག། དེའི་ཚེ་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱས། བཅོམ་ལྡན་འདས་ཀྱིས་བཀའ་བཞིན་དུ་སྐྲ་དང་ཁ་སྤུ་འདྲེག་པ་ན་རྣམ་པ་གཉིས་ལྟུང་བར་གྱུར་ཏོ། །གང་ཞེ་ན། སྐྲ་དང་ཁ་སྤུ་དང ། ཉོན་མོངས་པ་སྟེ། གནས་དེ་ཉིད་དུ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འགྱུར་ཏོ། །དེའི་ཚེ་གཞན་ཡང་ཀུན་ཏུ་རྒྱུ་བ་སི་ཏ་ཞེས་བགྱི་བས་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མས་གསུངས་པའི་མྱ་ངན་འདའ་བ་དེ་ཇི་རྟག་གམ། དེ་དེ་བཞིན་ནོ། །ཀུན་ཏུ་རྒྱུ་བ་སི་ཏས་གསོལ་པ། གཽ་ཏ་མ། ཇི་ཉོན་མོངས་པ་མ་མཆིས་པ་ལ་མྱ་ངན་ལས་འདའ་བ་ཞེས་བགྱིའམ། དེ་བཞིན་ནོ། །ཀུན་ཏུ་རྒྱུ་བ་སི་ཏས་གསོལ་པ། གཽ་ཏ་མ། འཇིག་རྟེན་ན་མ་མཆིས་པ་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། མ་བྱུང་བ་ལ་མ་མཆིས་ཞེས་བགྱི་བ་སྟེ། དཔེར་ན། འཇིམ་པ་ལས་མ་བགྱིས་པའི་སྔ་རོལ་ན་རྫ་མ་མ་མཆིས་པ་དང ། འགགས་ཏེ་མ་མཆིས་པ་ལའང་མ་མཆིས་པ་ཞེས་བགྱི་བ་སྟེ། དཔེར་ན། རྫ་མ་ཞིག་ནས་མ་མཆིས་པ་དང ། གཅིག་ལ་གཅིག་མ་མཆིས་པས་མ་མཆིས་པ་ཞེས་བགྱི་བ་སྟེ། དཔེར་ན། བ་ལང་ལ་རྟ་མ་མཆིས་ལ། རྟ་ལ་བ་ལང་མ་མཆིས་པ་ལྟ་བུ་དང ། གཏན་མ་མཆིས་པ་ལ་མཆིས་པ་ཞེས་བགྱི་བ་སྟེ། དཔེར་ན། རུས་སྦལ་གྱི་སྤུ་དང ། རི་བོང་གི་རཝ་ལྟ་བུའོ། །གཽ་ཏ་མ། ཇི་སྟེ་ཉོན་མོངས་པ་མ་མཆིས་པས་མྱ་ངན་ལས་འདས་པ་
Kha433a
༄#། །ཞེས་བགྱི་ན། མྱ་ངན་ལས་འདའ་བ་ནི་མ་མཆིས་པའོ། །ཇི་སྟེ་མ་མཆིས་པ་ལགས་ན་ཅིའི་སླད་དུ་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་མཆིས་པར་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། འདི་ལྟར་མྱ་ངན་ལས་འདའ་བ་ནི་སྔ་ནས་མེད་པ་སྟེ། འཇིམ་པའི་ཚེ་རྫ་མ་མེད་པ་ལྟ་བུ་མ་ཡིན་འགགས་ཏེ་མེད་པ་སྟེ། རྫ་མ་ཞིག་ནས་མེད་པ་ལྟ་བུའང་མ་ཡིན། གཏན་མེད་པ་སྟེ། རུས་སྦལ་གྱི་སྤུ་དང ། རི་བོང་གི་རཝ་ལྟ་བུའང་མ་ཡིན་ཏེ། གཅིག་ལ་གཅིག་མེད་པ་དང་ནི་མཐུན་ནོ། །རིགས་ཀྱི་བུ་ཁྱོད་སྨྲ་བ་ལྟར་བ་ལང་ལ་རྟ་མེད་མོད་ཀྱི། བ་ལང་ཡང་མེད་ཅེས་བྱར་མི་རུང་ངོ ། །རྟ་ལ་བ་ལང་མེད་མོད་ཀྱི། རྟའང་མེད་ཅེས་བྱར་མི་རུང་སྟེ། མྱ་ངན་ལས་འདའ་བའང་དེ་དང་འདྲ་སྟེ། ཉོན་མོངས་པ་ལ་མྱ་ངན་ལས་འདའ་བ་མེད། མྱ་ངན་ལས་འདའ་བ་ལ་ཉོན་མོངས་པ་མེད་དེ། དེ་བས་ན་གཅིག་ལ་གཅིག་མེད་པ་ཞེས་བྱའོ། །བ་སི་ཏས་ཡང་གསོལ་པ། གཽ་ཏ་མ། གལ་ཏེ་གཅིག་ལ་གཅིག་མ་མཆིས་པ་ལ་མྱ་ངན་ལས་འདའ་བ་ཞེས་བགྱི་ན་ནི་གཅིག་ལ་གཅིག་མ་མཆིས་པ་ལ་ནི་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་མ་མཆིས་ན། གཽ་ཏ་མས་ཅིའི་སླད་དུ་མྱ་ངན་ལས་འདའ་བ་ལ་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་
Kha433b
པ་མཆིས་ཞེས་གསུང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་སྨྲ་བ་ལྟར་གཅིག་ལ་གཅིག་མེད་པ་ནི་མེད་པ་རྣམ་པ་གསུམ་སྟེ། བ་ལང་དང ། རྟ་ནི་སྔ་ན་མེད་ལ་ཕྱིས་ཡོད་པས་ན་སྔོན་མེད་པ་ཞེས་བྱའོ། །ཡོད་ནས་ཀྱང་མེད་པར་འགྱུར་བས་ན་ཞིག་པས་མེད་པ་ཞེས་བྱའོ། །གཅིག་ལ་གཅིག་མེད་པ་མི་ཁྱོད་སྨྲ་བ་བཞིན་ཏེ། རིགས་ཀྱི་བུ། མེད་པ་རྣམ་པ་གསུམ་པོ་ནི་མྱ་ངན་ལས་འདས་པར་བྱེད་དོ། །དེ་བས་ན་མྱ་ངན་ལས་འདའ་བ་ནི་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པའོ། །དཔེར་ན། འཇིག་རྟེན་གྱི་ནད་ནི་གསུམ་སྟེ། མཁྲིས་པ་དང ། རླུང་དང ། བད་ཀན་ནོ། །ནད་རྣམ་པ་གསུམ་ལའང་སྨན་རྣམ་པ་གསུམ་གྱིས་འཚོ་སྟེ། མཁྲིས་པའི་ནད་ལ་ནི་མར་གྱིས་འཚོའོ། །རླུང་ལ་ནི་འབྲུ་མར་ཕན་ནོ། །བད་ཀན་ལ་ནི་སྦྲང་རྩི་ཕན་ནོ། །དེ་ལྟར་སྨན་རྣམ་པ་གསུམ་ཡང་ནད་རྣམ་པ་གསུམ་ལ་ཕན་ནོ། །རིགས་ཀྱི་བུ། རླུང་གི་ནང་ན་འབྲུ་མར་མེད་ལ། འབྲུ་མར་གྱི་ནང་ན་རླུང་མེད་པ་ནས་སྦྲང་རྩིའི་ནང་ན་བད་ཀན་མེད་ལ། བད་ཀན་གྱི་ནང་ན་སྦྲང་རྩི་མེད་དེ། འོན་ཀྱང་འཚོ་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ལའང་ནད་རྣམ་པ་གསུམ་སྟེ། གང་ཞེ་ན། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གོ་།དེ་ལྟར་ནད་རྣམ་པ་གསུམ་པོ་ལའང་སྨན་རྣམ་པ་གསུམ་སྟེ། འདོད་ཆགས་ཀྱི་ནད་ལ་ནི་མི་སྡུག་པ་ཡང་དག་པར་བསྒོམ་པར་བྱ།
Kha434a
༄#། །ཞེ་སྡང་གི་ནད་ལ་ནི་བྱམས་པ་ཡང་དག་པར་བསྒོམ་པར་བྱ། གཏི་མུག་གི་ནད་ལ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡང་དག་པར་བསྒོམ་པར་བྱའོ། །རིགས་ཀྱི་བུ། འདོད་ཆགས་བསལ་བའི་ཕྱིར་འདོད་ཆགས་མ་ཡིན་པ་ཡང་དག་པར་བསྒོམ་པར་བྱ། ཞེ་སྡང་བསལ་བའི་ཕྱིར་ཞེ་སྡང་མ་ཡིན་པ་ཡང་དག་པར་བསྒོམ་པར་བྱ། གཏི་མུག་བསལ་བའི་ཕྱིར་གཏི་མུག་མ་ཡིན་པ་ཡང་དག་པར་བསྒོམ་པར་བྱ་སྟེ། ནད་རྣམ་པ་གསུམ་གྱི་ནང་ན་སྨན་རྣམ་པ་གསུམ་མེད་ལ། སྨན་རྣམ་པ་གསུམ་གྱི་ནང་ན་ཡང་ནད་རྣམ་པ་གསུམ་མེད་དོ། །རིགས་ཀྱི་བུ། ནད་རྣམ་པ་གསུམ་གྱི་ནང་ན་སྨན་རྣམ་པ་གསུམ་མེད་པས་མི་རྟག་པ་དང ། བདེ་བ་མེད་པ་དང ། བདག་མེད་པ་དང ། ཡོངས་སུ་དག་པ་མེད་པ་ཡིན་ནོ། །སྨན་རྣམ་པ་གསུམ་གྱི་ནང་ན་ནད་རྣམ་པ་གསུམ་མེད་པས་ན་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཡིན་ནོ། །བ་སི་ཏས་གསོལ་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པས་བདག་ལ་རྟག་པ་དང ། མི་རྟག་པ་བསྟན་དུ་གསོལ། དེ་ལ་རྟག་པ་ནི་གང ། མི་རྟག་པ་ནི་གང།་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གཟུགས་ནི་མི་རྟག་པ་ནས། རྣམ་པར་ཤེས་པའི་བར་དུ་མི་རྟག་པའོ། །རྣམ་པར་གྲོལ་བའི་གཟུགས་ནི་རྟག་པ་
Kha434b
ནས། རྣམ་པར་གྲོལ་བའི་རྣམ་པར་ཤེས་པ་ནི་རྟག་པའོ། །རིགས་ཀྱི་བུ། དེ་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གཟུགས་ནས་རྣམ་པར་ཤེས་པའི་བར་དུ་མི་རྟག་པར་ཡང་དག་པར་བསྒོམས་ན་དེས་ནི་རྟག་པའི་ཆོས་ཐོབ་པར་རིག་པར་བྱའོ། །བ་སི་ཏས་གསོལ་པ། བཅོམ་ལྡན་འདས། རྟག་པ་དང ། མི་རྟག་པའི་ཆོས་ནི་བདག་གིས་རྟོགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་རྟག་པ་དང་མི་རྟག་པའི་ཆོས་ཇི་ལྟ་བུར་རྟོགས། བ་སི་ཏས་གསོལ་པ། བཅོམ་ལྡན་འདས། བདག་གིས་ནི་བདག་གི་གཟུགས་མི་རྟག་པ་ནས་རྣམ་པར་ཤེས་པའི་བར་དུ་མི་རྟག་སྟེ། རྣམ་པར་གྲོལ་བ་ན་རྟག་པར་རྟོགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ནི་ལུས་འདིའི་དྲིན་ལེགས་པར་གླན་ནོ། །ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་ལ་བཀའ་སྩལ་པ། བ་སི་ཏ་འདི་དགྲ་བཅོམ་པ་ཐོབ་ཀྱི། ཁྱོད་ཀྱིས་ཆོས་གོས་གསུམ་དང་ལྷུང་བཟེད་བྱིན་ཅིག། ཚེ་དང་ལྡན་པ་ཀཽཎྜི་ནྱ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་དུ་ཆོས་གོས་དང ། ལྷུང་བཟེད་བྱིན་ནོ། །དེ་ནས་བ་སི་ཏས་ཆོས་གོས་དང་ལྷུང་བཟེད་བླངས་ནས་ཀུན་ཤེས་ཀཽཎྜི་ནྱ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ནི་ལུས་ངན་པ་འདིས་དགེ་བའི་འབྲས་བུ་ཐོབ་ཀྱི། བཙུན་པ། ཚེགས་ལ་མི་གཟིགས་པར་བདག་གི་སླད་དུ་
Kha435a
༄#། །བཅོམ་ལྡན་འདས་ཀྱི་ཐད་དུ་གཤེགས་ཏེ་འདི་སྐད་ཅེས་གསུངས་ཤིག་།བདག་ལྟ་བུ་སྡིག་པ་ཅན་གྱིས་དེ་བཞིན་གཤེགས་པའི་གདུང་རུས་སྨོས་ཤིང་ང་མ་ཁྱོད་སྨྲས་པ་མཐོལ་ཚངས་སུ་གསོལ། གདུག་པ་ཅན་གྱི་ལུས་འདི་དང་རིང་དུ་གནས་པར་མི་འཚལ་ཏེ། མྱ་ངན་ལས་འདའོ་ཞེས་གསུངས་ཤིག་།དེ་ནས་ཚེ་དང་ལྡན་པ་ཀཽཎྜ་ནྱི་སངས་རྒྱས་གང་ན་བ་དེར་སོང་ནས་ཕྱིན་པ་དང ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སློང་བ་སི་ཏ་ཤིན་ཏུ་ངོ་ཚ་ཞིང་འཛེམ་པའི་སེམས་སྐྱེས་ཏེ། བདག་ནི་ཤིན་ཏུ་གླེན་པས་དེ་བཞིན་གཤེགས་པའི་གདུང་སྨོས་ན་ང་མ་ཁྱོད་སྨྲས་པ་ནོངས་ཏེ། བདག་ལས་འགྱོད་ཚངས་གསོལ་ལོ། །སྦྲུལ་གདུག་པ་དང་འདྲ་བའི་ལུས་འདི་དང་རིང་དུ་འགྲོགས་པར་མི་འཚལ་ཏེ་མྱ་ངན་ལས་འདའོ་ཞེས་མཆིའོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀཽཎྜི་ནྱ་ལ་བཀའ་སྩལ་པ། དགེ་སློང་བ་སི་ཏ་ནི་སྔོན་སངས་རྒྱས་ཚད་མེད་པ་སྙེད་ལ་དགེ་བའི་རྩ་བ་བསྐྱེད་པས་ད་འདིར་བསྟན་པའི་ལུང་བཞིན་དུ་གནས་པར་གྱུར་ཏོ། །དེ་ལྟར་ལུང་བཞིན་དུ་གནས་པས་ཡང་དག་པའི་འབྲས་བུ་ཐོབ་པར་གྱུར་ཏེ། དེ་བས་ན་ཁྱོད་ཀྱིས་དེའི་ལུས་ལ་མཆོད་པ་གྱིས་ཤིག། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ། བམ་པོ་ལྔ་བཅུ་གཉིས་པ།
Kha435b
དེ་ནས་ཀཽཎྜི་ནྱས་བཅོམ་ལྡན་འདས་ལས་དེ་སྐད་ཅེས་ཐོས་ནས་ཕྱིར་དེའི་ལུས་གང་ན་བར་སོང་སྟེ་མཆོད་པ་བྱས་སོ། །དེའི་ཚེ་བ་སི་ཏས་ལུས་བསྲེགས་པ་ན་རྫུ་འཕྲུལ་སྣ་ཚོགས་མངོན་པར་བསྟན་ཏེ། མུ་སྟེགས་ཅན་གྱི་རྣམས་དེ་ལྟ་བུར་གྱུར་པ་མཐོང་ནས་སྐད་ཆེན་པོས་འདི་སྐད་ཅེས་སྨྲས་སོ། །བ་སི་ཏ་ནི་དགེ་སྦྱོང་གཽ་ཏ་མའི་སྔགས་དང་སྒྱུ་རྩལ་ཐོབ་ཀྱི། རིང་པོར་མི་ཐོགས་པར་དགེ་སྦྱོང་གཽ་ཏ་མ་བས་ལྷག་པར་ངེས་སོ། །དེའི་ཚེ་འཁོར་གྱི་དཀྱིལ་འཁོར་དེའི་ནང་ན་ཀུན་ཏུ་རྒྱུ་ས་ནི་ཞེས་བྱ་བས་ཡང་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ།་བདག་ཅེས་བགྱི་བ་མཆིས་སམ། དེ་བཞིན་གཤེགས་པས་ཅང་མི་གསུང་ངོ ། །གཽ་ཏ་མ། འོ་ན་མ་མཆིས་པ་ལགས་སམ། དེ་བཞིན་གཤེགས་པ་ཅང་མི་གསུང་ངོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་གྱི་བར་དུ་ཞུས་ཀྱང་དེ་བཞིན་གཤེགས་པ་ཅང་མི་གསུང་ངོ ། །ས་ནིས་ཡང་གསོལ་པ། གཽ་ཏ་མ། གལ་ཏེ་སེམས་ཅན་ཐམས་ཅད་ལ་བདག་ཅེས་བགྱི་བ་མཆིས་ཏེ་ཐམས་ཅད་ལ་ཁྱབ་ལ། གཅིག་གམ་བྱས་པ་ལགས་ན། གཽ་ཏ་མ། ཅིའི་སླད་དུ་ཅང་མི་གསུང་བར་བཞུགས། བཅོམ་ལྡན་འདས་ཀྱིས་ས་ནི་ལ་བཀའ་སྩལ་པ། ཁྱོད་སྨྲ་བའི་བདག་ཅེས་བྱ་བ་ཐམས་ཅད་ལ་ཁྱབ་པ་ཡིན་ནམ། ས་ནིས་གསོལ་པ། གཽ་ཏ་མ། བདག་འབའ་ཞིག་དེ་སྐད་དུ་སྨྲ་བ་མ་ལགས་
Kha436a
༄#། །ཀྱི།་མཁས་པ་ཤེས་རབ་ཅན་ཐམས་ཅད་ཀྱང་དེ་སྐད་དུ་སྨྲའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཇི་སྟེ་བདག་ཅེས་བྱ་བ་དེ་ཐམས་ཅད་དུ་ཁྱབ་པ་ཞིག་ཡིན་ན་ནི་རྒྱུད་ལྔར་སྐྱེ་བ་དག་ཀྱང་དུས་གཅིག་ཏུ་རྣམ་པར་སྨིན་པ་མྱོང་བའི་རིགས་སོ། །ཇི་སྟེ་རྒྱུད་ལྔར་སྐྱེས་པ་དུས་གཅིག་ཏུ་རྣམ་པར་སྨིན་པ་མྱོང་བ་ཞིག་ཡིན་ན། ཀུན་ཏུ་རྒྱུ་ཁྱོད་ལ་སོགས་པ་ཅིའི་ཕྱིར་སྡིག་པ་མི་དགེ་བའི་ལས་མི་བྱེད་པར་སེམས་ཅན་དམྱལ་བ་ལས་བཟློག་པའི་ཕྱིར་དགེ་བའི་ཆོས་བྱེད་ཅིང་ལྷར་སྐྱེ་བའི་ལུས་མྱོང་བར་འདོད། ས་ནིས་གསོལ་པ། གཽ་ཏ་མ། བདག་གི་ཆོས་ལ་བདག་ཅེས་བགྱི་བ་ནི་རྣམ་པ་གཉིས་ཏེ། བྱས་པའི་ལུས་ཀྱི་བདག་དང ། རྟག་པའི་ལུས་ཀྱི་བདག་གོ། དེ་ལ་བྱས་པའི་ལུས་ཀྱི་བདག་གི་ཕྱིར་སྡིག་པ་མི་དགེ་བའི་ཆོས་སྤོང་སྟེ། སེམས་ཅན་དམྱལ་བར་མི་མཆི་བ་དང ། དགེ་བའི་ཆོས་ལ་ནན་ཏན་བགྱིད་པས་མཐོ་རིས་ཀྱི་ལྷར་སྐྱེ་བ་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་སྨྲ་བའི་བདག་ཅེས་བྱ་བ་དེ་ཐམས་ཅད་དུ་ཁྱབ་ལ། བདག་ཅེས་བྱ་བ་དེ་བྱས་པའི་ལུས་ལ་ཡོད་ན་ནི་དེ་མི་རྟག་པ་ཡིན་ནོ། །གལ་ཏེ་བྱས་པའི་ལུས་ལ་མེད་ན་ཐམས་ཅད་ལ་ཁྱབ་ཅེས་བྱར་རུང་ངམ། ས་ནིས་གསོལ་པ། གཽ་ཏ་མ། བདག་གིས་
Kha436b
རྣམ་པར་བཞག་པའི་བདག་ཅེས་བགྱི་བ་དེ་བྱས་པའི་ནང་ནའང་མཆིས་ལ་རྟག་ཅེས་ཀྱང་བགྱི་བ་ལགས་སོ། །གཽ་ཏ་མ། ཁང་པ་ལ་མེ་ཤོར་ན་ཁང་པ་འཚིག་ཀྱང་ཁྱིམ་བདག་ནི་ཕྱིར་བྱུང་སྟེ། ཁང་ཁྱིམ་འཚིག་པའི་ཕྱིར་ཁྱིམ་བདག་འཚིག་གོ་ཞེས་བགྱིར་མི་རུང་ངོ ། །བདག་གི་ཆོས་ཀྱང་དེ་དང་འདྲ་སྟེ། བྱས་པའི་ལུས་འདི་མི་རྟག་པ་ལགས་མོད་ཀྱི། མི་རྟག་པའི་དུས་ན་བདག་ཅེས་བགྱི་བ་ཕྱིར་འབྱུང་ངོ ། །དེ་བས་ན་བདག་གི་བདག་ཅེས་བགྱི་བ་ནི་ཁྱབ་པའང་ལགས་ལ་རྟག་པའང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་སྨྲ་བ་ལྟར་བདག་ཅེས་བྱ་བ་ཁྱབ་པའང་ཡིན་ལ་རྟག་པའང་ཡིན་ཞེས་བྱ་བ་དེ་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ཁྱབ་པ་ལ་རྣམ་པ་གཉིས་ཏེ། རྟག་པ་དང ། མི་རྟག་པའོ། །གཞན་ཡང་རྣམ་པ་གཉིས་ཏེ། གཟུགས་དང ། གཟུགས་མེད་པའོ། །དེ་བས་ན་ཇི་སྟེ་ཁྱོད་སྨྲ་བ་ལྟར་ཐམས་ཅད་ལ་ཡོད་པ་ཞིག་ཡིན་ན་ནི་རྟག་པའང་ཡིན། མི་རྟག་པའང་ཡིན། གཟུགས་ཀྱང་ཡིན། གཟུགས་མེད་པའང་ཡིན་ནོ། །ཁྱོད་སྨྲ་བ་ལྟར་ཁང་པ་འཚིག་ཀྱང་ཁྱིམ་བདག་ཕྱིར་བྱུང་བས་མི་རྟག་པའང་ཡིན་ནོ་ཞེས་བྱ་བ་དེའང་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ཁང་པའང་ཁྱིམ་བདག་མ་ཡིན་ལ་ཁྱིམ་བདག་ཀྱང་ཁང་པ་མ་ཡིན་ཏེ། འཚིག་པའང་གཞན་ལ་བྱུང་བའང་གཞན་པས་ན་བདག་ཅེས་བྱ་བ་ནི་དེ་མ་ཡིན་ནོ། །དེ་ཅིའི་
Kha437a
༄#། །ཕྱིར་ཞེ་ན། བདག་ནི་གཟུགས་སོ། །གཟུགས་ནི་བདག་གོ། བདག་ནི་གཟུགས་མེད་པའོ། །གཟུགས་མེད་པ་ནི་བདག་གོ། བདག་ནི་གཟུགས་མེད་པ་ཡིན་ནི་ཅིའི་ཕྱིར་གཟུགས་མི་རྟག་པའི་དུས་ན་བདག་ཕྱིར་འབྱུང་ངོ་ཞེས་སྨྲ། རིགས་ཀྱི་བུ། ཅི་ཁྱོད་ཀྱི་ཡིད་ལ་གལ་ཏེ་སེམས་ཅན་ཐམས་ཅད་ལ་བདག་ཅེས་བྱ་བ་དེ་གཅིག་སྟེ་མཐུན་པར་སེམས་ན་དེ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདའ་བའི་ཆོས་གཉིས་ཀ་དང་འགལ་ལོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཆོས་ཀྱི་ཕ་དང ། མ་དང ། བུ་དང ། བུ་མོ་ཞེས་བྱ་བ་ཡོད་དོ། །ཇི་སྟེ་བདག་ཅེས་བྱ་བ་གཅིག་ཡིན་ན་ཕའང་བུ་ཡིན་ལ། བུའང་ཕ་ཡིན། མའང་བུ་མོ་ཡིན་ལ། བུ་མོའང་མ་ཡིན། དགྲའང་གཉེན་ཡིན་ལ། གཉེན་ཡང་དགྲ་ཡིན། ཕ་རོལ་ཡང་ཚུ་རོལ་ཡིན་ལ། ཚུལ་རོལ་ཡང་ཕ་རོལ་ཡིན་ཏེ། དེ་བས་ན་སེམས་ཅན་ཐམས་ཅད་ཀྱི་བདག་ཅེས་བྱ་བ་གཅིག་སྟེ། མཐུན་ནོ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་གཉིས་ཀ་དང་འགལ་ལོ། །ས་ནིས་གསོལ་པ། སེམས་ཅན་ཐམས་ཅད་ལ་བདག་ཅེས་བགྱི་བ་གཅིག་སྟེ། མཐུན་ནོ་ཞེས་བདག་མི་སྨྲའི། སོ་སོའི་མི་རེ་རེ་ལ་བདག་རེ་རེ་ཡོད་དོ་ཞེས་སྨྲའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་མི་རེ་རེ་ལ་བདག་རེ་རེ་ཡོད་ཅེས་སྨྲ་ན་བདག་ཅེས་བྱ་བ་མང་པོར་འགྱུར་ཏེ།
Kha437b
དེའང་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ཁྱོད་སྔར་སྨྲ་བ་ལྟར་བདག་ཅེས་བྱ་བ་ཐམས་ཅད་ལ་ཁྱབ་བོ་ཞེས་བྱ་བ་དེ་གལ་ཏེ་ཐམས་ཅད་ལ་ཁྱབ་པ་ཞིག་ཡིན་ན་ནི་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་འབྲས་བུའང་མཐུན་པའི་རིགས་ཏེ། ལྷས་བྱིན་མཐོང་བའི་དུས་ན་སངས་རྒྱས་སྦྱིན་ཡང་མཐོང་ལ། ལྷས་བྱིན་བྱས་པའི་དུས་ན་སངས་རྒྱས་སྦྱིན་ཡང་བྱས་པ་དང ། ལྷས་བྱིན་ཐོས་པའི་དུས་ན་སངས་རྒྱས་སྦྱིན་ཡང་ཐོས་ཏེ། ཆོས་ཐམས་ཅད་ཀྱང་དེ་ལྟ་བུར་འགྱུར་བས་ལྷས་བྱིན་གྱིས་མཐོང་བའི་དུས་ན་སངས་རྒྱས་སྦྱིན་གྱིས་མཐོང་བ་མ་ཡིན་ཏེ། དེ་བས་ན་བདག་ཅེས་བྱ་བ་དེ་ཐམས་ཅད་ལ་ཁྱབ་བོ་ཞེས་སྨྲ་བའི་མི་རིགས་སོ། །ཇི་སྟེ་མ་ཁྱབ་ན་དེ་ནི་མི་རྟག་པར་འགྱུར་རོ། །ས་ནིས་གསོལ་པ། གཽ་ཏ་མ། བདག་ཅེས་བགྱི་བ་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པ་ལགས་སོ། །ཆོས་དང་ཆོས་མ་ལགས་པ་ནི་ཐམས་ཅད་ལ་ཁྱབ་པ་མ་ལགས་ཏེ། དེ་བས་ན་སངས་རྒྱས་སྦྱིན་གྱིས་བྱས་པའང་གཞན་ལ། ལྷས་བྱིན་གྱིས་བྱས་པའང་གཞན་ནོ། །དེ་བས་ན། གཽ་ཏ་མ། སངས་རྒྱས་སྦྱིན་གྱིས་མཐོང་བའི་དུས་ན་ལྷས་བྱིན་གྱིས་ཀྱང་མཐོང་བའི་རིགས་སོ་ཞེའམ། སངས་རྒྱས་སྦྱིན་གྱིས་ཐོས་པའི་དུས་ན་ལྷས་བྱིན་གྱིས་ཀྱང་ཐོས་པའི་རིགས་སོ་ཞེས་གསུང་པའི་མི་རིགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཆོས་དང་ཆོས་མ་ཡིན་པ་ལས་ཀྱིས་བྱས་པ་
Kha438a
༄#། །ཡིན་ནམ། ས་ནིས་གསོལ་པ། གཽ་ཏ་མ། ལས་ཀྱིས་བགྱིས་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གལ་ཏེ་ཆོས་དང་ཆོས་མ་ཡིན་པ་ལས་ཀྱིས་བྱས་པ་ཡིན་ན་ལྟ་དེ་ཉིད་མཐུན་པའི་ཆོས་ཡིན་ན་དེ་ལ་ཐ་དད་ཅེས་བྱར་རུང་ངམ། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་སྦྱིན་གྱིས་བྱས་པའི་ལས་ཀྱི་ནང་ན་ལྷས་བྱིན་གྱི་བདག་ཅེས་བྱ་བ་ཡོད་པའི་རིགས་ལ། ལྷས་བྱིན་གྱིས་བྱས་པའི་ལས་ཀྱི་ནང་ནའང་སངས་རྒྱས་སྦྱིན་གྱི་བདག་ཅེས་བྱ་བའང་ཡོད་པའི་རིགས་སོ། །དེ་བས་ན་སངས་རྒྱས་སྦྱིན་གྱིས་བྱས་པའི་དུས་ན་ལྷས་བྱིན་གྱིས་ཀྱང་བྱས་པར་འགྱུར་ཏེ། ཆོས་དང་ཆོས་མ་ཡིན་པའང་དེ་དང་འདྲ་བར་འགྱུར་རོ། །རིགས་ཀྱི་བུ། དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཆོས་དང་ཆོས་མ་ཡིན་པ་དེ་ལྟ་བུ་ཞིག་ཡིན་ན་ནི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པའང་ཐ་དད་པའི་མི་རིགས་སོ། །རིགས་ཀྱི་བུ། ས་བོན་ལས་འབྲས་བུར་འགྱུར་ཏེ། ས་བོན་ནི་ནམ་དུའང་བདག་ནི་བྲམ་ཟེར་འགྱུར་བའི་འབྲས་བུ་འབའ་ཞིག་བྱའི། རྒྱལ་རིགས་དང ། རྗེའུ་རིགས་དང ། དམངས་རིགས་ཀྱི་འབྲས་བུ་མི་འདོད་དོ་སྙམ་བྱེ་བྲག་མི་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ས་བོན་ལས་འབྲས་བུར་འགྱུར་བ་ནི་རིགས་བཞི་པོའི་བར་དུ་གཅོད་པར་མི་འགྱུར་ལ། ཆོས་དང་
Kha438b
ཆོས་མ་ཡིན་པའང་དེ་དང་འདྲ་སྟེ། བདག་ཅེས་བྱ་བ་དེ་སངས་རྒྱས་སྦྱིན་གྱིས་བྱས་པའི་འབྲས་བུར་འགྱུར་བར་ནི་བྱའི། ལྷས་བྱིན་གྱིས་བྱས་པའི་འབྲས་བུར་འགྱུར་བར་མི་བྱའོ་ཞེའམ། ལྷས་བྱིན་གྱི་འབྲས་བུར་འགྱུར་བར་བྱའི། སངས་རྒྱས་སྦྱིན་གྱིས་འབྲས་བུར་འགྱུར་བར་མི་བྱའི་སྙམ་བྱེ་བྲག་མི་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ལས་མཉམ་པའི་ཕྱིར་རོ། ། ས་ནིས་གསོལ་པ། གཽ་ཏ་མ། དཔེར་ན། ཁང་པ་གཅིག་གི་ནང་དུ་མེ་མར་ཁ་བརྒྱ་སྟོང་བུས་ན་མེ་མར་སྙིང་པོ་ཐ་དད་མོད་ཀྱི། སྣང་བ་ལ་ཁྱད་པར་མ་མཆིས་སོ། །མེ་མར་གྱི་སྙིང་པོ་ཐ་དད་པ་ནི་ཆོས་དང་ཆོས་མ་ཡིན་པའི་དཔེའོ། །སྣང་བར་བགྱིད་པ་ལ་ཁྱད་པར་མ་མཆིས་པ་ནི་སེམས་ཅན་ཐམས་ཅད་ཀྱི་བདག་ཅེས་བགྱི་བའི་དཔེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་སྨྲ་བ་ལྟར་མེ་མར་གྱི་སྣང་བ་བདག་ཅེས་བྱ་བའི་དཔེ་ཡིན་ནོ་ཞེས་བྱ་བ་དེ་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ཁང་པའང་གཞན་ལ་མེ་མར་ཡང་གཞན་ཏེ། མེ་མར་གྱི་སྣང་བ་མེ་མར་གྱི་སྙིང་པོ་ལའང་ཡོད་ལ། ཁང་པ་ལའང་ཡོད་པར་འགྱུར་རོ། །ཁྱོད་སྨྲ་བ་ལྟར་བདག་ཅེས་བྱ་བ་དེ་དེ་ལྟ་བུ་ཞིག་ཡིན་ན་ནི་ཆོས་དང་ཆོས་མ་ཡིན་པ་གཉིས་ཀ་ལའང་བདག་ཅེས་བྱ་བ་ཡོད་པའི་རིགས་ལ། བདག་ཅེས་བྱ་བའི་ནང་ནའང་ཆོས་དང་ཆོས་མ་ཡིན་པ་ཡོད་པའི་རིགས་སོ། །ཇི་སྟེ་ཆོས་དང་ཆོས་མ་
Kha439a
༄#། །ཡིན་པ་ལ་བདག་ཅེས་བྱ་བ་མེད་ན་ནི་ཐམས་ཅད་ལ་ཁྱབ་ཅེས་བྱ་བའང་མི་རུང་ངོ ། །ཇི་སྟེ་གཉིས་ཀ་ལ་ཡོད་པ་ཞིག་ཡིན་ན་ནི་མེ་མར་གྱི་སྙིང་པོ་དང་སྣང་བ་གཉིས་ཀ་དཔེར་བྱར་རུང་ངམ། རིགས་ཀྱི་བུ། ཇི་ཁྱོད་ཀྱི་ཡིད་ལ་མེ་མར་གྱི་སྙིང་པོ་དང་སྣང་བ་ཡང་དག་པར་སོ་སོ་བར་སེམས་ན་ཅིའི་ཕྱིར་མེ་མར་གྱི་སྙིང་པོ་བཟང་པོའི་དུས་ན་སྣང་བའང་གསལ་ལ། མེ་མར་གྱི་སྙིང་པོ་ཟད་པའི་དུས་ན་སྣང་བ་མེད་པར་གྱུར། དེ་བས་ན་ཆོས་དང་ཆོས་མ་ཡིན་པའི་དཔེ་མེ་མར་གྱི་སྙིང་པོ་ལས་བླངས་པ་དང ། བདག་ཅེས་བྱ་བའི་དཔེ་སྣང་བ་ལ་ཁྱད་པར་མེད་པ་ལ་བླངས་པ་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ཆོས་དང ། ཆོས་མ་ཡིན་པ་དང ། བདག་ཅེས་བྱ་བ་དངོས་པོ་གསུམ་གཅིག་ཏུ་འགྱུར་བའི་ཕྱིར་རོ། །ས་ནིས་གསོལ་པ། གཽ་ཏ་མ་ཁྱོད་ཀྱིས་མེ་མར་ལས་དཔེ་བླངས་པ་དེ་བཀྲ་ཤིས་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མེ་མར་ལས་དཔེ་བླངས་པ་བཀྲ་ཤིས་པ་ལགས་ན་བདག་གིས་སྔར་གསོལ་བ་ལགས་སོ། །བཀྲ་ཤིས་མིན་ན་ཅིའི་སླད་དུའང་དེ་སྐད་གསུང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ངས་དཔར་བརྗོད་པ་ནི་བཀྲ་ཤིས་པའམ། བཀྲ་ཤིས་པ་མ་ཡིན་ནོ་ཞེས་མི་གསུང་གི་།ཁྱོད་ཀྱི་ཡིད་དང་སྦྱར་ཏེ་མེ་མར་གྱི་སྙིང་པོའི་ཕ་རོལ་ན་སྣང་བ་
Kha439b
ཡོད་དམ། སྙིང་པོ་ཉིད་སྣང་བ་ཡིན་ཞེས་དཔེར་བརྗོད་དེ། ཁྱོད་སེམས་མ་སྙོམས་པས་ཆོས་དང་ཆོས་མ་ཡིན་པའི་དཔེ་མར་མེའི་སྙིང་པོ་ལས་བླངས་པ་དང ། བདག་ཅེས་བྱ་བའི་དཔེ་སྣང་བ་ལས་བླངས་པས། དེའི་ཕྱིར་སྙིང་པོ་ལས་སྣང་བ་དང ། སྙིང་པོའི་ཕ་རོལ་ན་སྣང་བ་ཡོད་པ་དང ། ཆོས་ལ་བདག་ཡོད་པ་དང ། བདག་ལ་ཆོས་ཡོད་པ་དང ། ཆོས་མ་ཡིན་པ་བདག་ཅེས་པ་དང ། བདག་ཀྱང་ཆོས་མ་ཡིན་ཞེས་སྨྲ་བས་ཁྱོད་ཀྱི་མཐའ་གཅིག་ནི་འདོད་ལ། མཐའ་གཅིག་ནི་མི་འདོད་པ་མི་རུང་སྟེ། དེ་བས་ན་དཔེ་དེ་ནི་ཁྱོད་ལ་བཀྲ་ཤིས་པ་མ་ཡིན་ནོ། །དེ་བས་ན་ངས་ཁྱོད་ལ་ཕྱིར་བསྟན་པས། རིགས་ཀྱི་བུ། དཔེ་དེ་ནི་དཔེར་མི་རུང་ངོ ། །དཔེར་མི་རུང་བས་ན་ང་ལ་ནི་བཀྲ་ཤིས་པ་ཡིན་གྱི། ཁྱོད་ལ་ནི་བཀྲ་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་འགྲོ་བ་དག་ཤིས་པས་ན། ཁྱོད་ལའང་བཀྲ་མི་ཤིས་སོ་སྙམ་སེམས་པ་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་འགྲོ་བ་དག་བདག་གི་མཚོན་ཆ་བདག་ལ་གནོད་པ་དང ། བདག་གིས་བྱས་པ་ཕ་རོལ་པོས་སྤྱོད་པ་ཡོད་དེ། ཁྱེད་དཔེ་སྨྲ་བའང་དེ་དང་འདྲ་སྟེ། ང་ལ་ནི་བཀྲ་ཤིས་པ་ཡིན་གྱི། ཁྱོད་ལ་ནི་བཀྲ་ཤིས་པ་མ་ཡིན་ནོ། །ས་ནིས་གསོལ་པ། གཽ་ཏ་མས་སྔར་བདག་ལ་ཁྱོད་ནི་མ་སྙོམས་སོ་ཞེས་གསུངས་ན། ད་ནི་ཁྱོད་གསུང་བའང་མ་སྙོམས་སོ། །དེ་ཅིའི་སླད་དུ་ཞེ་ན། གཽ་ཏ་མས་
Kha440a
༄#། །བཀྲ་ཤིས་པ་ནི་བདག་གིར་མཛད། བཀྲ་མི་ཤིས་པ་ནི་ཁོ་བོ་ལ་བདར་བས་གཞུང་དེས་ན་ཡང་དག་པར་མ་སྙོམས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ངའི་མ་སྙོམས་པས་ཁྱོད་ཀྱི་མ་སྙོམས་པ་བཅོམ་སྟེ། ཁྱོད་ནི་སྙོམས་ཀྱི་ང་ནི་མ་སྙོམས་པས་བཀྲ་ཤིས་པ་ཡིན་ནོ། །ངའི་མ་སྙོམས་པས་ཁྱོད་ཀྱི་མ་སྙོམས་པ་བཅོམ་ནས་ཁྱོད་སྙོམས་པར་གྱུར་པ་དེ་ཉིད་ངའང་སྙོམས་པའོ། །དེ་ཅིའི་ཕྱིར་ཞེ་ན། འཕགས་པ་རྣམས་དང་མཐུན་པར་སྙོམས་པའི་ཕྱིར་རོ། །ས་ནིས་གསོལ་པ། གཽ་ཏ་མ། བདག་ནི་རྟག་ཏུ་སྙོམས་ན་ཅིའི་སླད་དུ་ཁྱོད་ཀྱིས་མ་སྙོམས་པ་བཅོམ་མོ་ཞེས་གསུང ། སེམས་ཅན་ཐམས་ཅད་ལ་བདག་ཅེས་བགྱི་བ་སྙོམས་པར་མཆིས་ན། ཅིའི་སླད་དུ་བདག་ལ་མ་སྙོམས་སོ་ཞེས་གསུང ། རིགས་ཀྱི་བུ་ཁྱོད་ཀྱིས་ཀྱང་སེམས་ཅན་དམྱལ་བར་ལྟུང་བ་དང ། ཡི་དྭགས་དང ། བྱོལ་སོང་གི་སྐྱེ་གནས་སུ་ལྟུང་བ་དང ། མི་དང་ལྷར་འགྱུར་རོ་ཞེས་སྨྲ།་ཇི་སྟེ་བདག་ཅེས་བྱ་བ་རྒྱུད་ལྔ་ཁྱབ་པ་ཞིག་ཡིན་ན། ཅིའི་ཕྱིར་རྒྱུད་ལྔ་མྱོང་བར་འགྱུར་རོ་ཞེས་སྨྲ། ཁྱོད་ཀྱང་ཕ་མ་གཉིས་དང་ཕྲད་པ་ལས་བུར་འགྱུར་རོ་ཞེས་སྨྲ། ཅི་སྟེ་བུ་སྔ་ནས་ཡོད་པ་ཞིག་ཡིན་ན། ཅིའི་ཕྱིར་འདུས་ཤིང་ཕྲད་པ་ལས་བུར་འགྱུར་རོ་ཞེས་སྨྲ། དེ་བས་ན་མི་གཅིག་པུ་ལ་རྒྱུད་ལྔ་ཆར་གྱི་ལུས་ཡོད་དོ། །ཇི་སྟེ་རྒྱུད་ལྔར་
Kha440b
སྔ་ནས་ལུས་ཡོད་པ་ཞིག་ཡིན་ན། ཅིའི་ཕྱིར་ལུས་ཀྱི་ཕྱིར་ལས་བྱེད་དགོས་པར་འགྱུར། དེ་བས་ན་མ་སྙོམས་ན་ཡིན་ནོ། །རིགས་ཀྱི་བུ་ཁྱོད་ཀྱི་ཡིད་ལ་བདག་ཅེས་བྱ་བ་བྱེད་པ་པོ་ཡིན་ནོ་ཞེས་བྱ་བ་དེའང་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ཇི་སྟེ་བདག་ཅེས་བྱ་བ་བྱེད་པ་པོ་ཡིན་ན། ཅིའི་ཕྱིར་སྡུག་བསྔལ་བར་འགྱུར་བ་བདག་གིས་བྱེད་ཅིང་སོ་སོའི་སྐྱེ་བོ་དག་ཡང་དག་པར་སྡུག་བསྔལ་མྱོང་བར་བྱེད། དེ་བས་ན་བདག་ཅེས་བྱ་བ་ནི་བྱེད་པ་པོ་མ་ཡིན་པར་རིག་པར་བྱའོ། །ཇི་སྟེ་སྡུག་བསྔལ་བདག་གིས་བྱས་པ་ཡིན་ལ། རྒྱུ་ལས་མ་སྐྱེས་སོ་ཞེས་སྨྲ་ན་ཆོས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། རྒྱུ་ལས་མ་སྐྱེས་པ་ཡིན་ན། ཅིའི་ཕྱིར་བདག་ལ་བྱེད་པ་པོ་ཡིན་ནོ་ཞེས་སྨྲ། རིགས་ཀྱི་བུ། སེམས་ཅན་རྣམས་ཀྱི་སྡུག་བསྔལ་དང་བདེ་བ་ནི་ཡང་དག་པར་རྒྱུ་དང་རྐྱེན་ལས་གྱུར་ཏོ། །དེ་ལྟར་སྡུག་བསྔལ་བ་དང་བདེ་བ་ནི་མྱ་ངན་དང་དགའ་བ་བྱེད་པར་གྱུར་པས་མྱ་ངན་གྱི་དུས་ན་དགའ་བ་མེད་ལ། དགའ་བའི་དུས་ན་མྱ་ངན་མེད་དེ། བར་འགའ་ནི་དགའ། བར་འགའ་ནི་མྱ་ངན་བྱེད་པ་ཡིན་ན། མཁས་པ་ཤེས་རབ་ཅན་གྱིས་ཅིའི་ཕྱིར་རྟག་པ་ཡིན་ཞེས་སྨྲ། རིགས་ཀྱི་བུ་ཁྱོད་སྨྲ་བའི་བདག་ཅེས་བྱ་བ་རྟག་པ་ཡིན་ནོ་ཞེ་ན། ཅི་སྟེ་རྟག་པ་ཞིག་ཡིན་ན། ཅིའི་ཕྱིར་དུས་རྣམ་པ་བཅུར་མི་འདྲ་ཞིང་ཐ་དད་པར་འགྱུར། རྟག་པའི་ཆོས་ནི་ཐོག་མ་ནུར་ནུར་པོའི་དུས་
Kha441a
༄#། །ནས་རྒས་པའི་དུས་ཀྱི་བར་དུ་ཡོད་པའི་མི་རིགས་སོ། །ནམ་མཁའ་ནི་རྟག་པའི་ཆོས་ཡིན་ཏེ། དེ་ལ་དུས་གཅིག་ཀྱང་མེད་ན་དུས་བཅུ་ཡོད་པ་ལྟ་སྨོས་ཀྱང་ཅི་དགོས། རིགས་ཀྱི་བུ། བདག་ཅེས་བྱ་བ་ནི་ནུར་ནུར་པོའི་དུས་མ་ཡིན་པ་ནས་རྒས་པའི་དུས་ཀྱི་བར་དུ་མ་ཡིན་ན། ཅིའི་ཕྱིར་དུས་རྣམ་པ་བཅུར་མི་མཐུན་ཏེ།་ཐ་དད་པ་ཡིན་ནོ་ཞེས་སྨྲ། རིགས་ཀྱི་བུ། ཇི་སྟེ་བདག་ཅེས་བྱ་བ་བྱེད་པ་པོ་ཡིན་ན་ནི་བདག་ཅེས་བྱ་བ་ལ་དར་བའི་དུས་དང ། རྒུད་པའི་དུས་ཡོད་དོ། །སེམས་ཅན་ལའང་དར་བའི་དུས་དང ། རྒུད་པའི་དུས་ཡོད་དོ། །ཇི་སྟེ་བདག་ཅེས་བྱ་བ་དེ་དེ་ལྟ་བུ་ཞིག་ཡིན་ན་ཅིའི་ཕྱིར་རྟག་ཅེས་བྱ། རིགས་ཀྱི་བུ། བདག་ཅེས་བྱ་བ་བྱེད་པ་པོ་ཡིན་ན། ཅིའི་ཕྱིར་མིར་འདྲ་བ་ལ་དབང་པོ་རྣོན་པོ་དང ། དབང་པོ་རྟུལ་པོ་ཡོད་པར་འགྱུར། རིགས་ཀྱི་བུ། ཇི་སྟེ་བདག་ཅེས་བྱ་བ་བྱེད་པ་པོ་ཡིན་ན། བདག་ཅེས་བྱ་བས་ལུས་ཀྱི་ལས་དང ། ངག་གི་ལས་ཀྱང་བྱེད་པར་འགྱུར་རོ། །ཇི་སྟེ་ངག་གི་ལས་ཀྱང་བདག་ཅེས་བྱ་བས་བྱས་པ་ཡིན་ན། ཅིའི་ཕྱིར་ངག་གིས་བདག་མེད་དོ་ཞེས་སྨྲ་ཞིང ། ཅིའི་ཕྱིར་ཡོད་དམ་མེད་ཅེས་ཐེ་ཚོམ་དུ་གྱུར། རིགས་ཀྱི་བུ་ཁྱོད་ཀྱི་ཡིད་ལ་མིག་གི་ཕ་རོལ་ན་མཐོང་བ་ཡོད་དོ་སྙམ་སྨྲ་ནའང་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་
Kha441b
མིག་གི་ཕ་རོལ་ན་མཐོང་བ་གཞན་ཞིག་ཡོད་ན་མིག་འདིའང་དགོས་པ་མེད་པར་འགྱུར་ཏེ། ལུས་ཀྱི་དབང་པོའི་བར་དུ་དང་འདྲ་བར་འགྱུར་ཏེ། ཅི་ཁྱོད་ཀྱི་ཡིད་ལ་བདག་ཅེས་བྱ་བས་མཐོང་བའང་མིག་གི་རྐྱེན་གྱིས་མཐོང་ངོ་ཞེས་བྱ་བ་དེའང་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། དཔེར་ན། མི་ཞིག་མེ་ཏོག་སུ་མ་ནས་གྲོང་ཁྱེར་ཆེན་པོ་འཚིག་གོ། ཇི་ལྟར་འཚིག་ཅེ་ན། མེའི་རྐྱེན་གྱིས་འཚིག་གོ་ཞེས་སྨྲ་བ་ལྟར། ཁྱོད་ཀྱི་བདག་ཅེས་བྱ་བས་མཐོང་ངོ་ཞེས་སྨྲ་བའང་དེ་དང་འདྲའོ། །ས་ནིས་གསོལ་པ། གཽ་ཏ་མ། དཔེར་ན། ཟོར་བ་ཐོགས་ཏེ་རྩཝ་རྔ་བ་དང་འདྲ་བ་སྟེ། བདག་ཀྱང་དབང་པོ་ལྔའི་རྐྱེན་གྱིས་མཐོང་བ་དང ། ཐོས་པ་དང ། རེག་པའི་བར་དུའོ། །རིགས་ཀྱི་བུ། ཟོར་བ་དང་མི་སོ་སོ་བས་དེ་ཅིའི་ཕྱིར་ཟོར་བ་ཐོགས་ནས་བྱེད་པ་ཡོད་དོ། །དབང་པོའི་ཕ་རོལ་ན་བདག་ཅེས་བྱ་བ་གཞན་མེད་ན། ཅིའི་ཕྱིར་བདག་ཅེས་བྱ་བ་དབང་པོའི་རྐྱེན་གྱིས་བྱ་བ་ཡོད་དོ་ཞེས་སྨྲ།་རིགས་ཀྱི་བུ། ཅི་ཁྱོད་ཀྱི་ཡིད་ལ་ཟོར་བ་ཐོགས་ནས་བརྔ་བར་འགྱུར་ཏེ། བདག་ཅེས་བྱ་བའང་དེ་དང་འདྲའོ་ཞེ་ན། བདག་ཅེས་བྱ་བ་ལ་ལག་པ་ཡོད་དམ། འོན་ཏེ་ལག་པ་མེད་པ་ཡིན། ཇི་སྟེ་ལག་པ་ཡོད་ན་ཅིའི་ཕྱིར་བདག་གིས་ཟོར་བ་མི་ཐོགས། ཇི་སྟེ་ལག་པ་མེད་ན་ཅིའི་ཕྱིར་བདག་ཅེས་བྱ་བ་བྱེད་པ་པོ་ཡིན་ནོ་ཞེས་སྨྲ།
Kha442a
༄#། །རིགས་ཀྱི་བུ། རྩཝ་རྔ་བ་ནི་ཟོར་བ་ཡིན་ཏེ། བདག་མ་ཡིན་ཏེ། མི་མ་ཡིན་ནོ། །ཇི་སྟེ་བདག་དང་མི་མ་ཡིན་ན། ཟོར་བའང་མི་དགོས་པར་འགྱུར་རོ། །རིགས་ཀྱི་བུ། མི་ལ་ལས་རྣམ་པ་གཉིས་ཏེ། རྩཝ་ཐོགས་པ་དང ། ཟོར་བ་ཐོགས་པའོ། །ཟོར་བ་ཐོགས་པ་ནི་གཅོད་པའི་ལས་འབའ་ཞིག་བྱེད་དེ། སེམས་ཅན་གྱིས་ཆོས་མཐོང་བའང་དེ་དང་འདྲ་སྟེ། མིག་གིས་གཟུགས་མཐོང་བའང་འདུས་ཤིང་ཚོགས་པ་ལས་འབྱུང་ངོ ། །ཇི་སྟེ་རྒྱུ་དང་རྐྱེན་འདུས་པ་ལས་མཐོང་ན་མཁས་པ་ཤེས་རབ་ཅན་གྱིས་བདག་ཡོད་ཅེས་ཅིའི་ཕྱིར་སྨྲ། རིགས་ཀྱི་བུ། ཅི་ཁྱོད་ཀྱི་ཡིད་ལ་ལུས་ཀྱིས་བྱས་ནས་བདག་ཅེས་བྱ་བས་མྱོང་བར་འགྱུར་རོ་སྙམ་སེམས་ན་དེའང་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ན་ལྷས་བྱིན་གྱིས་ལས་བྱས་པ་ལ་སངས་རྒྱས་སྦྱིན་གྱིས་རྣམ་པར་སྨིན་པ་མྱོང་བར་མ་མཐོང་ངོ ། །ཇི་སྟེ་ལུས་ཀྱིས་བྱས་པ་མ་ཡིན་ལ། བདག་ཅེས་བྱ་བ་རྐྱེན་གྱིས་དབང་གིས་མྱོང་བ་མ་ཡིན་ནོ་ཞེས་སྨྲ་ན་ཁྱོད་ལ་སོགས་པ་ཅིའི་ཕྱིར་རྒྱུ་དང་རྐྱེན་ལས་རྣམ་པར་གྲོལ་བ་འཚོལ། ཁྱོད་ཀྱི་ལུས་སྔ་ནས་ཡོད་ལ། རྒྱུ་དང་རྐྱེན་ལས་བྱུང་བ་མ་ཡིན་ན་རྣམ་པར་གྲོལ་ནས་ཀྱང་རྒྱུ་དང་རྐྱེན་མི་དགོས་པར་ལུས་ཀྱང་སྐྱེ་བར་འགྱུར་རོ། །ལུས་ཇི་ལྟ་བ་བཞིན་དུ་ཉོན་མོངས་པ་ཐམས་ཅད་ཀྱང་དེ་དང་འདྲའོ། །
Kha442b
ས་ནིས་གསོལ་པ། གཽ་ཏ་མ། བདག་ཅེས་བགྱི་བ་ལ་རྣམ་པ་གཉིས་ཏེ། ཤེས་པ་དང་བཅས་པ་དང ། ཤེས་པ་མེད་པའོ། །ཤེས་པ་མེད་པའི་བདག་གིས་ནི་ལུས་ཐོབ་པར་བགྱིད་དོ། ། ཤེས་པ་དང་བཅས་པའི་བདག་གིས་ནི་ལུས་སྤོང་བར་བགྱིད་དོ། །དཔེར་ན། རྫ་མ་སོ་མ་བཏང་བ་བསྲེགས་ན་ཁ་དོག་རྙིང་པ་མ་མཆིས་པར་འགྱུར་ཏེ། དེ་སླར་སྐྱེ་མི་སྲིད་དོ། ། མཁས་པ་ཤེས་རབ་ཅན་གྱི་ཉོན་མོངས་པའང་དེ་དང་འདྲ་སྟེ་མ་མཆིས་པར་བགྱིས་པའི་འོག་ཏུ་ནམ་དུའང་སླར་སྐྱེ་མི་སྲིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཤེས་པ་ཞེས་བྱ་བ་ཡེ་ཤེས་ཀྱིས་ཤེས་སམ། བདག་ཅེས་བྱ་བས་ཤེས། ཇི་སྟེ་ཡེ་ཤེས་ཀྱིས་ཤེས་པ་ཞིག་ཡིན་ན། ཅིའི་ཕྱིར་བདག་གིས་ཤེས་སོ་ཞེས་སྨྲ། ཇི་སྟེ་བདག་གིས་ཤེས་པ་ཞིག་ཡིན་ན། ཅིའི་ཕྱིར་ཐབས་མཁས་པས་ཡེ་ཤེས་འཚོལ་དགོས་པར་འགྱུར། ཅི་ཁྱོད་ཀྱི་ཡིད་ལ་བདག་ཅེས་བྱ་བས་ཡེ་ཤེས་ཀྱི་དབང་གིས་ཤེས་སོ་ཞེས་སྨྲ་ནའང་མེ་ཏོག་གི་དཔེ་མི་རུང་བ་དང་འདྲའོ། །རིགས་ཀྱི་བུ། དཔེར་ན། ཤིང་ཚེར་མ་ཅན་ཡང་རང་བཞིན་གྱིས་འཛུགས་པ་ཡིན་གྱི། ཤིང་གི་ཚེར་མ་ཐོགས་ཏེ་འཛུགས་སོ་ཞེས་བྱར་མི་རུང་ངོ ། །ཡེ་ཤེས་ཀྱང་དེ་དང་འདྲ་སྟེ། ཡེ་ཤེས་ཉིད་ཀྱིས་ཤེས་པ་ཡིན་ན། ཅིའི་ཕྱིར་བདག་གིས་ཡེ་ཤེས་ཐོགས་ཏེ་ཤེས་པར་བྱེད་དོ་ཞེས་སྨྲ། རིགས་ཀྱི་
Kha443a
༄#། །བུ་ཁྱོད་ཉིད་ཀྱི་ཆོས་ལས་བདག་ཅེས་བྱ་བ་རྣམ་པར་གྲེལ་ལོ་ཞེ་ན། ཤེས་པ་མེད་པའི་བདག་གིས་ཐོབ་བམ། ཤེས་པ་དང་བཅས་པའི་བདག་གིས་ཐོབ། ཇི་སྟེ་ཤེས་པ་མེད་པས་ཐོབ་ན་ད་དུང་ཉོན་མོངས་པ་དང་བཅས་པར་རིག་པར་བྱའོ། །ཇི་སྟེ་ཤེས་པ་དང་བཅས་པས་ཐོབ་ན། ད་དུང་ཡང་ཤེས་པའི་དབང་པོ་ལྔ་དང་བཅས་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དབང་པོ་ལྔ་ལས་ཤེས་པ་གཞན་མེད་དེ། ཇི་སྟེ་དབང་པོ་རྣམས་དང་བཅས་ན་ཅིའི་ཕྱིར་རྣམ་པར་གྲོལ་བ་ཞེས་བྱ། ཇི་སྟེ་བདག་ཅེས་བྱ་བ་དེ་རང་བཞིན་གྱིས་རྣམ་པར་དག་ལ་དབང་པོ་ལྔ་དང་བྲལ་ལོ་ཞེ་ན། ཡང་ཅིའི་ཕྱིར་ལམ་རྒྱུད་ལྔའང་ཁྱབ་བོ་ཞེས་སྨྲ་ཞིང་ཅིའི་ཕྱིར་རྣམ་པར་གྲོལ་བ་འདོད་པའི་ཕྱིར་དགེ་བའི་ཆོས་རྣམས་ལ་ནན་ཏན་བྱའོ་ཞེས་སྨྲ། རིགས་ཀྱི་བུ། དཔེར་ན། མི་ཞིག་ནམ་མཁའ་ལ་ཚེར་མ་འབྱིན་པ་དང་འདྲ་སྟེ། བདག་ཅེས་བྱ་བ་རྣམ་པར་དག་པ་ཡིན་ན། ཅིའི་ཕྱིར་ཉོན་མོངས་པ་ཐམས་ཅད་གཅད་པར་བྱའོ་ཞེས་སྨྲ། ཅི་ཁྱོད་ཀྱི་ཡིད་ལ་རྒྱུ་དང་རྐྱེན་མ་ཡིན་པ་ལས་རྣམ་པར་གྲོལ་ལོ་ཞེ་ནའང་བྱོལ་སོང་ཐམས་ཅད་ཀྱང་ཅིའི་ཕྱིར་རྣམ་པར་མ་གྲོལ། ས་ནིས་གསོལ་པ། གཽ་ཏ་མ། གལ་ཏེ་བདག་ཅེས་བགྱི་བ་མ་མཆིས་ན་དྲན་པར་བགྱིད་པ་སུ་ལགས། བཅོམ་ལྡན་
Kha443b
འདས་ཀྱིས་བཀའ་སྩལ་པ། ཇི་སྟེ་བདག་ཅེས་བྱ་བ་ཡོད་ན་ཅིའི་ཕྱིར་བརྗོད་པ་ཡོད་པར་འགྱུར། རིགས་ཀྱི་བུ། ཇི་སྟེ་དྲན་པ་ལ་བདག་ཅེས་བྱ་ན། ཅིའི་ཕྱིར་སྡིག་པ་དྲན་ཞིང་མི་དྲན་པ་དྲན། དྲན་པ་མི་དྲན། ས་ནིས་གསོལ་པ། གལ་ཏེ་བདག་ཅེས་བགྱི་བ་མ་མཆིས་ན་མཐོང་བ་ནི་སུ། ཐོས་པར་བགྱིད་པ་ནི་སུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ནང་གི་དབང་པོ་དྲུག་དང ། ཕྱི་རོལ་གྱི་ཡུལ་དྲུག་སྟེ། ཕྱི་ནང་ཕྲད་པ་ལས་རྣམ་པར་ཤེས་པ་དྲུག་སྐྱེའོ། །རྣམ་པར་ཤེས་པ་དྲུག་པོ་ནི་རྟེན་ཅིང་འབྲེལ་པ་ལས་མིང་དུ་བཏགས་སོ། །རིགས་ཀྱི་བུ། དཔེར་ན། མེ་གཅིག་པུའང་ཤིང་གི་དབང་གིས་མིང་ཁྱད་ཐོབ་སྟེ་ཤིང་གི་མེ་དང ། རྩཝའི་དབང་གིས་རྩཝའི་མེ་དང ། ཕུབ་མའི་དབང་གིས་ཕུབ་མའི་མེ་དང ། ལྕི་བའི་དབང་གིས་ལྕི་བའི་མེ་ཞེས་འདོགས་ཏེ། སེམས་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པའང་དེ་དང་འདྲ་སྟེ། མིག་དང ། གཟུགས་དང ། སྣང་བ་དང ། འདོད་པའི་དབང་གིས་མིག་གི་རྣམ་པར་ཤེས་པ་ཞེས་བྱའོ། །རིགས་ཀྱི་བུ། དེ་ལྟར་མིག་གི་རྣམ་པར་ཤེས་པ་དེ་ནི་མིག་གི་ནང་ན་མེད་པ་ནས་འདོད་པའི་བར་དུ་མེད་དེ། རྐྱེན་བཞི་ཕྲད་པ་ལས་རྣམ་པར་ཤེས་པ་སྐྱེ་སྟེ། ཡིད་ཀྱི་རྣམ་པར་ཤེས་པའི་བར་དུའང་དེ་བཞིན་དུ་རིག་པར་བྱའོ། །དེ་ལྟར་རྟེན་ཅིང་འབྲེལ་ཏེ་འབྱུང་བ་འདུས་པ་ལས་
Kha444a
༄#། །སྐྱེ་བས་ན། མཁས་པ་ཤེས་རབ་ཅན་ནི་མཐོང་བ་དག་ལ་བདག་ཅེས་མི་སྨྲ་བ་ནས། རེག་བྱའི་བར་དུ་བདག་ཅེས་མི་སྨྲའོ། །རིགས་ཀྱི་བུ། དེ་བས་ན་ངས་ནི་མིག་གི་རྣམ་པར་ཤེས་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའོ་ཞེས་གསུངས་སོ། །ཇི་ལྟར་སྒྱུ་མ་དང་འདྲ་ཞེ་ན། སྔོན་མེད་པ་ལས་ད་ཡོད་དེ། ཡོད་ནས་ཀྱང་མེད་པར་འགྱུར་རོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། མར་དང ། བག་ཕྱེ་དང ། སྦྲང་རྩི་དང ། བཅའ་སྒ་དང ། པི་པི་ལིང་དང ། ན་ལེ་ཤམ་དང ། རྒུ་འབྲུམ་དང ། བལ་པོ་སེའུ་དང ། འུ་སུའི་འབྲས་བུ་ལ་སོགས་པ་བསྡུས་ན་ལ་དུ་ཞེས་བྱའོ། །བསྡུས་པ་དེ་དག་མ་གཏོགས་པར་ལ་དུ་ཞེས་བྱ་བ་གུད་ན་མེད་དོ། །ཕྱི་ནང་གི་སྐྱེ་མཆེད་དྲུག་ལ། སེམས་ཅན་དང ། བདག་དང ། གང་ཟག་དང ། སྐྱེས་བུ་ཞེས་བྱའོ། །ཕྱི་ནང་གི་སྐྱེ་མཆེད་མ་གཏོགས་པར་ལོགས་ཤིག་ན་སེམས་ཅན་དང ། བདག་དང ། གང་ཟག་དང ། སྐྱེས་བུ་ཞེས་བྱ་བ་མེད་དོ། །ས་ནིས་གསོལ་པ། གཽ་ཏ་མ། བདག་ཅེས་བགྱི་བ་མ་མཆིས་ན། ཅིའི་སླད་དུ་བདག་མཐོང ། བདག་ཐོས། བདག་སྡུག་བསྔལ། བདག་བདེ། བདག་དགའ། བདག་མྱ་ངན་བྱེད་ཅེས་བརྗོད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཇི་སྟེ་
Kha444b
བདག་གིས་མཐོང ། བདག་གིས་ཐོས་པ་ལ་བདག་ཅེས་བྱ་ན། ཅིའི་ཕྱིར་འཇིག་རྟེན་ན་ཁྱོད་ཀྱིས་ཉེས་པ་བྱ་བས་བདག་གིས་མ་མཐོང་ངོ ། །མ་ཐོས་སོ་ཞེས་བརྗོད། རིགས་ཀྱི་བུ།་འདི་ལྟ་སྟེ། དཔེར་ན་ཚོགས་བཞི་འདུས་ན་དམག་ཅེས་བྱ་སྟེ། དེ་ལྟར་ཚོགས་པ་བཞི་པོའང་གཅིག་ཅེས་བྱར་མི་རུང་སྟེ། འོན་ཀྱང་ངའི་དམག་དཔའོ། །ངའི་དམག་ཕ་རོལ་པོ་བས་རྒྱལ་ལོ་ཞེས་བརྗོད་དོ། །ཕྱི་ནང་གི་སྐྱེ་མཆེད་འདུས་ནས་བྱེད་པའང་དེ་དང་འདྲ་སྟེ། གཅིག་མ་ཡིན་མོད་ཀྱི་བདག་གིས་བྱས་སོ། །བདག་གིས་མྱོང་ངོ ། །བདག་གིས་མཐོང་ངོ ། །བདག་གིས་ཐོས་སོ། །བདག་སྡུག་བསྔལ་ལོ། །བདག་བདེའོ་ཞེས་བརྗོད་དོ། །ས་ནིས་གསོལ་པ། གཽ་ཏ་མ་ཁྱོད་གསུང་བ་ལྟར་ཕྱི་ནང་འདུས་སོ་ཞེས་བགྱི་བ། བདག་གིས་བྱས། བདག་གིས་མྱོང་ངོ་ཞེས་བརྗོད་ཅིང་སྨྲ་བ་སུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲེད་པ་དང་མ་རིག་པའི་རྐྱེན་གྱིས་ལས་སྐྱེས་སོ། །ལས་ལས་སྲིད་པ་སྐྱེས་སོ། །སྲིད་པ་ལས་ཚད་མེད་པའི་སེམས་ལས་བྱུང་བ་སྐྱེས་སོ། །སེམས་ཀྱིས་རྣམ་པར་རྟོག་པ་བསྐྱེད་དོ། །རྣམ་པར་རྟོག་པས་རླུང་བསྐྱེད་དོ། །རླུང་སེམས་ལ་རེག་ནས་རྐན་དང ། ལྕེ་དང ། སོ་དང ། མཆུ་དང ། སེམས་ཅན་གྱི་འདུ་ཤེས་ཕྱིན་ཅི་ལོག་ལས་སྒྲ་བྱུང་བས་བདག་
Kha445a
༄#། །གིས་བྱས། བདག་གིས་མྱོང ། བདག་གིས་མཐོང ། བདག་གིས་ཐོས་སོ་ཞེས་སྨྲའོ། །རིགས་ཀྱི་བུ། དཔེར་ན། རྒྱལ་མཚན་གྱི་རྩེ་མོ་ལ་དྲིལ་བུ་བཏགས་ན་རླུང་གི་དབང་གིས་སྒྲ་འབྱུང་ངོ ། །རླུང་ཆེ་ན་སྒྲའང་ཆེ། རླུང་ཆུང་ན་སྒྲའང་ཆུང་སྟེ་བྱེད་པ་ནི་མེད་དོ། །རིགས་ཀྱི་བུ། འདི་ལྟ་སྟེ། དཔེར་ན། ལྕགས་བསྲེགས་པ་ཆུའི་ནང་དུ་བཅུག་ན་སྒྲ་རྣམ་པ་སྣ་ཚོགས་འབྱུང་ངོ ། །དེ་ལ་ཡང་དག་པར་ན་བྱེད་པ་ཞེས་བྱ་བ་མེད་དོ། །རིགས་ཀྱི་བུ། བུས་པ་མ་རབས་ཀྱིས་ནི་དངོས་པོ་འདི་ལྟ་བུ་དག་རྣམ་པར་རྟོག་ཀྱང་བྱེ་བྲག་མི་ཕྱེད་པས། བདག་དང ། བདག་གི་བ་དང ། བདག་གིས་བྱས་པ་དང ། བདག་གིས་མྱོང་ངོ་ཞེས་སྨྲའོ། །ས་ནིས་གསོལ་པ། གཽ་ཏ་མ། བདག་དང་བདག་གི་བ་མཆིས་ན། ཅིའི་སླད་དུ་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་མ་མཆིས་སོ་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་རིགས་ཀྱི་བུ། ངས་ནི་ཕྱི་ནང་གི་སྐྱེ་མཆེད་དྲུག་དང ། རྣམ་པར་ཤེས་པ་དྲུག་ལ་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པའོ་ཞེས་མ་གསུངས་ཀྱི།་ངས་ནི་ཕྱི་ནང་གི་སྐྱེ་མཆེད་དྲུག་དང ། རྣམ་པར་ཤེས་པ་དྲུག་འགགས་པ་ལ་རྟག་པ་ཞེས་བྱའོ། །དེ་ལྟར་རྟག་པས་ན་བདག་ཅེས་བྱའོ། །རྟག་པ་དང་བདག་ཡིན་
Kha445b
པའི་ཕྱིར་བདེ་བ་ཞེས་བྱའོ། །རྟག་པ་དང་བདག་དང་བདེ་བའི་ཕྱིར་ཡོངས་སུ་དག་པ་ཞེས་བྱའོ། རིགས་ཀྱི་བུ། སོ་སོའི་སྐྱེ་བོ་དག་ནི་སྡུག་བསྔལ་མི་འདོད་དོ། །སྡུག་བསྔལ་གྱི་རྒྱུར་གྱུར་པ་ཡོངས་སུ་བཅད་ནས་སྤོང་བའི་དབང་དུ་གྱུར་པས་བདག་ཅེས་བྱའོ། །དེ་བས་ན་ངས་ནི་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཞེས་བྱའོ། །ཞེས་གསུངས་སོ། །ས་ནིས་གསོལ་པ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོས་བདག་ལ་བསྟན་དུ་གསོལ། བདག་གིས་ཇི་ལྟ་བགྱིས་ན་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། འཇིག་རྟེན་དུ་བཅས་པ་ཐམས་ཅད་ནི་ཐོག་མ་མེད་པ་ནས་ང་རྒྱལ་ཆེན་པོ་དང་བཅས་ཏེ། ང་རྒྱལ་ཆེན་པོ་བསྐྱེད་པའི་ཕྱིར་ང་རྒྱལ་གྱི་རྒྱུར་འགྱུར་བ་དང ། ང་རྒྱལ་གྱིས་ལས་སུ་འགྱུར་བ་བྱེད་དོ། །དེ་བས་ན་ང་རྒྱལ་གྱི་འབྲས་བུ་མངོན་པར་སྨིན་ཏེ། ཉོན་མོངས་པ་ཐམས་ཅད་ཡོངས་སུ་མ་སྤངས་པས་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་མ་ཐོབ་བོ། །གལ་ཏེ་སོ་སོའི་སྐྱེ་བོ་དག་ཉོན་མོངས་པ་ཐམས་ཅད་ཡོངས་སུ་སྤོང་བར་འདོད་ན། ང་རྒྱལ་ཡོངས་སུ་སྤང་བར་བྱའོ། །ས་ནིས་གསོལ་པ། བཅོམ་ལྡན་འདས་དེ་དེ་བཞིན་ཏེ། དེ་དེ་བཞིན་ཏེ། འཕགས་པའི་བཀའ་བཞིན་
Kha446a
༄#། །ཏེ། བདག་ལ་ང་རྒྱལ་མཆིས་པས་ང་རྒྱལ་གྱི་དབང་གིས་དེ་བཞིན་གཤེགས་པ་ཞེས་མ་སྨྲོས་ཏེ། གཽ་ཏ་མ། ཞེས་སྨྲས་ནས་ང་མ་ཁྱོད་ཀྱང་སྨྲས་སོ། །ད་ནི་བདག་གིས་ང་རྒྱལ་ཆེན་པོ་ཡོངས་སུ་སྤངས་ཏེ། དེ་བས་ན་ཡང་དག་པའི་སེམས་ཀྱིས་ཆོས་འཚལ་ན་ཇི་ལྟར་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཤིན་ཏུ་བརྟགས་པར་ཉོན་ལ་ལེགས་པར་ཡིད་ལ་བྱོས་ཤིག་དང ། ཁྱོད་ལ་རྣམ་པར་བཀྲོལ་ཏེ་བཤད་པར་བྱའོ། །རིགས་ཀྱི་བུ། གལ་ཏེ་བདག་ཀྱང་མ་ཡིན། གཞན་ཡང་མ་ཡིན། སེམས་ཅན་ཡང་མ་ཡིན་ན། ཆོས་དེ་དག་ཡོངས་སུ་སྤོང་བར་འགྱུར་རོ། །ས་ནིས་གསོལ་བ། བཅོམ་ལྡན་འདས། བདག་གིས་ནི་རྟོགས་ཏེ། ཡང་དག་པའི་ཆོས་ཀྱི་མིག་ཀྱང་ཐོབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ཇི་ལྟ་བུར་ཤེས་ཤིང་རྟོགས་ན་ཡང་དག་པའི་ཆོས་ཀྱི་མིག་ཐོབ་བོ་ཞེས་སྨྲ། གསོལ་པ། བཅོམ་ལྡན་འདས། གཟུགས་ཞེས་བགྱི་བ་གཞན་མ་ལགས། བདག་མ་ལགས། སེམས་ཅན་མ་ལགས་པ་ནས་རྣམ་པར་ཤེས་པའི་བར་དུ་དེ་ལྟར་རྟོགས་པས་ཡང་དག་པའི་ཆོས་ཀྱི་མིག་ཐོབ་བོ། །བཅོམ་ལྡན་
Kha446b
འདས། བདག་ནི་རབ་ཏུ་འབྱུང་ཞིང་ལམ་ལ་ནན་ཏན་བྱེད་པར་མོས་ན་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ལེགས་པར་འོངས་སོ། །ཞེས་བཀའ་སྩལ་པས། དགེ་སློང་དུ་གྱུར་ཏེ་དེ་ཉིད་དུ་ཡོངས་སུ་དག་པའི་ཚངས་པར་སྤྱོད་པ་དང་ལྡན་ཞིང་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །དེའི་ཚེ་མུ་སྟེགས་ཅན་དེ་དག་གི་ནང་ན་ཀུན་ཏུ་རྒྱུ་འོད་སྲུང་གི་རིགས་ཅན་ཞིག་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ། ལུས་ཉིད་སྲོག་ལགས་སམ། ལུས་དང་སྲོག་གཉིས་ཐ་དད་པ་ལགས། དེ་བཞིན་གཤེགས་པ་ཅང་མི་གསུང་བར་བཞུགས་སོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་གྱི་བར་དུ་གསོལ་ཀྱང་ཅང་མི་གསུང་ངོ ། །ཀུན་ཏུ་རྒྱུས་ཡང་གསོལ་པ། གཽ་ཏ་མ། མི་ཞིག་ཚེ་འཕོས་ནས་ལུས་ཕྱི་མ་མ་བླངས་པའི་བར་དུ་ལུས་ཀྱང་ཐ་དད་ལ། སྲོག་ཀྱང་ཐ་དད་ཅེས་མི་བགྱིའམ། ཇི་སྟེ་ཐ་དད་པ་ཞིག་ལགས་ན། གཽ་ཏ་མ། ཅིའི་སླད་དུ་ཅང་མི་གསུང་བར་བཞུགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ངས་ནི་ལུས་དང་སྲོག་གཉིས་ཀ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལས་སྐྱེས་ཏེ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་མ་ཡིན་པ་ལས་མ་ཡིན་ཏེ། ལུས་དང་སྲོག་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་དང་འདྲ་བར་རིག་པར་བྱའོ། །ཀུན་ཏུ་རྒྱུས་ཡང་གསོལ་པ། གཽ་ཏ་མ། བདག་གིས་ནི་འཇིག་རྟེན་ན་ཆོས་
Kha447a
༄#། །ཁ་ཅིག་རྟེན་ཅིང་འབྲེལ་ཏེ་འབྱུང་བ་མ་ལགས་པར་མཐོང་ངོ ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་འཇིག་རྟེན་གྱི་ཆོས་གང་དག་རྟེན་ཅིང་འབྲེལ་ཏེ་འབྱུང་བ་མ་ཡིན་པར་མཐོང ། ཀུན་ཏུ་རྒྱུས་གསོལ་པ། འདི་ལྟ་སྟེ། ཞུགས་ཆེན་པོ་ཤོར་བ་ན། མེ་ལྕེ་རླུང་གིས་བཏབ་ནས། གནས་གཞན་དག་ཀྱང་འཚིག་པར་འགྱུར་བ་དེ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་མ་ལགས་ང་ཞེས་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ངས་ནི་མི་དེའང་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལས་སྐྱེས་ཏེ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་མ་ཡིན་པ་ལས་མ་ཡིན་ནོ། །ཀུན་ཏུ་རྒྱུས་གསོལ་བ། གཽ་ཏ་མ། མེ་ལྕེ་ཆད་དེ་འཚིག་པ་ནི་ཤིང་ངམ། མདག་མེ་ལས་བྱུང་བ་མ་ལགས་ན། ཅིའི་སླད་དུ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལགས་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཤིང་དང་མདག་མེ་ནི་མེད་མོད་ཀྱི། འོན་ཀྱང་རླུང་གི་དབང་གིས་མེ་ལྕེ་ཆད་དེ། །རླུང་གི་རྒྱུ་དང་རྐྱེན་གྱིས་མེ་ལྕེ་མེད་པར་མ་གྱུར་ཏོ། །ཀུན་ཏུ་རྒྱུས་གསོལ་པ། གཽ་ཏ་མ། མི་ཞིག་ཚེ་འཕོས་ནས་ལུས་ཕྱི་མ་མ་བླངས་ཀྱི་བར་དུ་ཚེ་ལེན་པའི་རྒྱུ་དང་རྐྱེན་དུ་གྱུར་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་
Kha447b
རྒྱུ་མ་རིག་པ་དང་སྲེད་པ་ནི་དེའི་རྒྱུ་དེའི་རྐྱེན་དུ་འགྱུར་ཏེ། མ་རིག་པ་དང་སྲེད་པ་གཉིས་ཀྱི་རྒྱུ་དང་རྐྱེན་གྱི་དབང་གིས་འཚོ་བ་གནས་པར་འགྱུར་རོ། །རིགས་ཀྱི་བུ། རྒྱུ་དང་རྐྱེན་གྱི་ཕྱིར་ལུས་ཉིད་སྲོག་ཡིན་ལ་སྲོག་ཉིད་ཀྱང་ལུས་ཡིན་ནོ། །རྒྱུ་དང་རྐྱེན་གྱི་ཕྱིར་ལུས་ཀྱང་གཞན་ལ་སྲོག་ཀྱང་གཞན་ཏེ། མཁས་པ་ཤེས་རབ་ཅན་ནི་ཕྱོགས་གཅིག་ཏུ་ལུས་ཀྱང་ཐ་དད་ལ་སྲོག་ཀྱང་ཐ་དད་དོ་ཞེས་མི་སྨྲའོ། །ཀུན་ཏུ་རྒྱུས་གསོལ་པ། བཅོམ་ལྡན་འདས་བདག་ལ་རྣམ་པར་གྲོལ་ཞིང་བསྟན་ཏེ། རྒྱུ་དང་འབྲས་བུ་མངོན་པར་རྟོགས་པར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་རྒྱུ་རྒྱུའང་ཕུང་པོ་ལྔ་ཡིན་ཏེ། འབྲས་བུའང་ཕུང་པོ་ལྔ་ཡིན་ནོ། །རིགས་ཀྱི་བུ། གལ་ཏེ་སེམས་ཅན་དག་མེ་མ་བུས་ན་དུད་པ་མེད་དོ། །ཀུན་ཏུ་རྒྱུས་གསོལ་པ། བཅོམ་ལྡན་འདས། བདག་གིས་ནི་འཚལ་ཏོ་རྟོགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ཇི་ལྟ་བུར་ཤེས་ཤིང་རྟོགས། གསོལ་པ། བཅོམ་ལྡན་འདས། ཞུགས་ཞེས་བགྱི་བ་ནི་ཉོན་མོངས་པ་སྟེ། སེམས་ཅན་དམྱལ་བ་དང ། ཡི་དྭགས་དང ། བྱོལ་སོང་གི་སྐྱེ་གནས་དང ། ལྷ་དང་མིའི་གནས་སུ་ཤིན་ཏུ་འབར་བའོ། །དུད་པ་ཞེས་བགྱི་བ་ནི་ཉོན་མོངས་པའི་འབྲས་བུ་སྨིན་པ་སྟེ། མི་རྟག་པ་དང ། མི་གཙང་བ་དང ། ཤིན་ཏུ་
Kha448a
༄#། །བཙོག་པས་ན་དུད་པ་ཞེས་བགྱི་སྟེ། སེམས་ཅན་གང་ཉོན་མོངས་པ་མ་བྱས་ན་དེ་ལ་ཉོན་མོངས་པའི་རྣམ་པར་སྨིན་པའི་འབྲས་བུ་མ་མཆིས་ཏེ། དེ་བས་ན་དེ་བཞིན་གཤེགས་པས་མེ་མ་བུས་ན་དུད་པ་མེད་དོ་ཞེས་གསུངས་སོ། །བཅོམ་ལྡན་འདས། བདག་ནི་ཡང་དག་པར་ལྟ་བ་ལགས་ན། ཐུགས་བརྩེ་བའི་སླད་དུ་རབ་ཏུ་འབྱུང་བར་ཅི་གནང་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་ཏུ་རྒྱུ་འདི་རབ་ཏུ་བྱུང་ལ་བསྙེན་པར་རྫོགས་པར་གྱིས་ཤིག། དེ་ནས་ཀོཎྜི་ཎྱས་སངས་རྒྱས་ཀྱིས་བཀའ་སྩལ་པ་དེ་བཞིན་དུ་དགེ་སློང་གི་དགེ་འདུན་ལ་དད་པ་གསོལ་ནས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་ནས་ཞག་ལྔ་ལོན་པ་དང་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །མུ་སྟེགས་ཅན་གྱི་འཁོར་གྱི་ནང་ན་གཞན་ཡང་ཀུན་ཏུ་རྒྱུ་པུ་ན་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་ཁྱོད་ཀྱིས་འཇིག་རྟེན་ན་རྟག་པའི་ཆོས་གཟིགས་པས་རྟག་ཅེས་གསུང་ངམ། དེ་སྐད་ཅེས་གསུངས་པ་བདེན་ནམ་རྫུན་ནམ། རྟག་གམ་མི་རྟག་གམ། རྟག་པ་དང་མི་རྟག་པ་ལགས་སམ། རྟག་པའང་མ་ཡིན། མི་རྟག་པའང་མ་ཡིན་པ་ལགས་སམ། མཐའ་མཆིས་སམ་མཐའ་མ་མཆིས་པ་
Kha448b
ལགས་སམ། མཐའ་མཆིས་ཀྱང་མཆིས་ལ། མཐའ་མ་མཆིས་ཀྱང་མ་མཆིས་པ་ལགས་སམ། མཐའ་མཆིས་པའང་མ་ལགས། མཐའ་མ་མཆིས་པའང་མ་ལགས་སམ། ལུས་ཀྱང་ལགས་སྲོག་ཀྱང་ལགས་སམ། ལུས་དང་སྲོག་ཐ་དད་པ་ལགས་སམ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་འགྲོ་བ་ལྟ་བུའམ། འགྲོ་བ་ལྟ་བུ་མ་ལགས་སམ། འགྲོ་བ་ལྟ་བུ་ལགས་ཀྱང་ལགས་ལ། འགྲོ་བ་ལྟ་བུ་མ་ལགས་ཀྱང་མ་ལགས་སམ། འགྲོ་བ་ལྟ་བུའང་མ་ལགས། འགྲོ་བ་ལྟ་བུ་མ་ལགས་པའང་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕུ་ན། ངས་ནི་འཇིག་རྟེན་ན་རྟག་པའམ། བདེན་པའམ། རྫུན་པའམ། མི་རྟག་པའམ། རྟག་པའམ། རྟག་པའང་མ་ཡིན། མི་རྟག་པའང་མ་ཡིན་པའམ། མཐའ་ཡོད་པའམ། མཐའ་མེད་པའམ། མཐའ་ཡོད་པའང་ཡིན། མཐའ་མེད་པའང་ཡིན་པའམ། མཐའ་ཡོད་པའང་མ་ཡིན། མཐའ་མེད་པའང་མ་ཡིན་པའམ། ལུས་ཡིན་པའམ། སྲོག་ཡིན་པའམ། ལུས་དང་སྲོག་ཐ་དད་པའམ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་འགྲོ་བ་ལྟ་བུའམ། མི་འགྲོ་བ་ལྟ་བུའམ། འགྲོ་བ་ལྟ་བུའང་ཡིན་ལ་མི་འགྲོ་བ་ལྟ་བུའང་ཡིན་པའམ། འགྲོ་བ་ལྟ་བུའང་མ་ཡིན། འགྲོ་བ་ལྟ་བུ་མ་ཡིན་པའང་མ་ཡིན་པར་མ་གསུངས་སོ། །པུ་ནས་གསོལ་པ་
Kha449a
༄#། །གཽ་ཏ་མ། སྐྱོན་ཅི་ཞིག་གཟིགས་ན་དེ་སྐད་ཅེས་མི་གསུང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་གང་ཞིག་འཇིག་རྟེན་ནི་རྟག་སྟེ། འདི་ནི་བདེན་གྱི་གཞན་ནི་རྫུན་ནོ་ཞེས་སྨྲ་ན་དེ་ནི་ལྟ་བའོ། །ལྟ་བས་ལྟ་བའི་གནས་ནི་འདུ་བྱེད་དུ་ལྟ་བས་ལྟ་བ། ཆགས་པར་ལྟ་བ། བཅིངས་པར་ལྟ་བ། སྡུག་བསྔལ་དུ་ལྟ་བ། ལེན་པར་ལྟ་བ། འཇིག་པར་ལྟ་བ། གདུང་བར་ལྟ་བ། ཀུན་ནས་དཀྲིས་པར་ལྟ་བ་ཞེས་བྱའོ། །པུ་ན། བྱིས་པ་སོ་སོའི་སྐྱེ་བོ་ནི་ལྟ་བས་ཀུན་ཏུ་དཀྲིས་པས་ན། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང་མ་བྲལ་ཏེ་རྒྱུད་དྲུག་ཏུ་འཁོར་ནས་སྡུག་བསྔལ་ཚད་མེད་པ་མྱོང་སྟེ། འགྲོ་བ་ལྟ་བུ་མ་ཡིན་པ་དང ། མི་འགྲོ་བ་ལྟ་བུ་མ་ཡིན་པའི་བར་དུ་དེ་བཞིན་དུ་རིག་པར་བྱའོ། །པུ་ན། ལྟ་བ་དེ་ལ་དེ་ལྟ་བུའི་སྐྱོན་ཡོད་པར་མཐོང་བས་དེ་བས་ན་མ་ཆགས་ཏེ་གཞན་ལའང་མི་སྟོན་ཏོ། །པུ་ནས་གསོལ་པ། གཽ་ཏ་མ། དེ་ལྟ་བུའི་སྐྱོན་གཟིགས་ཏེ་མ་ཆགས་མི་སྟོན་ན། གཽ་ཏ་མ། ད་ལྟ་ཅི་ལ་ཆགས། ཅི་ཞིག་སྟོན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཆགས་པར་ལྟ་བ་ནི་འཁོར་བའི་ཆོས་ཞེས་བྱའོ། །དེ་བཞིན་གཤེགས་པ་ནི་འཁོར་བའི་ཆོས་དང་བྲལ་བས་མ་ཆགས་པ་ཞེས་བྱའོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ནི་མཐོང་བ་དང་སྟོན་པ་ཞེས་
Kha449b
བྱའི། ཆགས་པ་ཞེས་མི་བྱའོ། །པུ་ནས་གསོལ་པ། གཽ་ཏ་མ། ཇི་ལྟ་བུར་གཟིགས། ཇི་ལྟ་བུར་སྟོན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ངས་ནི་སྡུག་བསྔལ་དང ། ཀུན་འབྱུང་བ་དང ། འགོག་པ་དང ། ལམ་གསལ་བར་གཟིགས་ཏེ། དེ་བས་ན་འཕགས་པའི་བདེན་པ་བཞི་རྣམ་པར་ཕྱེ་སྟེ་སྟོན་ཏོ། །ངས་དེ་ལྟ་བུ་དག་གཟིགས་པས་ལྟ་བ་ཐམས་ཅད་དང ། སྲེད་པ་ཐམས་ཅད་དང ། འཐབ་པ་ཐམས་ཅད་དང ། ང་རྒྱལ་ཐམས་ཅད་ཡོངས་སུ་སྤངས་ཏེ། དེ་བས་ན་བདག་ནི་ཡོངས་སུ་དག་པའི་ཚངས་པར་སྤྱོད་པ་དང་ལྡན་ཞིང་བླ་ན་མེད་པའི་རབ་ཏུ་ཞི་བས་རྟག་པའི་སྐུ་ཐོབ་པར་གྱུར་ཏོ། །རྟག་པའི་སྐུ་འདི་ནི་ཤར་ཕྱོགས་དང ། ནུབ་ཕྱོགས་དང ། ལྷོ་ཕྱོགས་དང ། བྱང་ཕྱོགས་མ་ཡིན་ནོ། །པུ་ནས་གསོལ་པ། ཅིའི་རྒྱུ་ཅིའི་རྐྱེན་གྱིས་རྟག་པའི་སྐུ་ཤར་ཕྱོགས་དང ། ལྷོ་ཕྱོགས་དང ། ནུབ་ཕྱོགས་དང ། བྱང་ཕྱོགས་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ངས་ཁྱོད་ལ་ཅི་དང་ཅི་དྲིས་པ་དེ་དང་དེའི་ལན་ཡིད་བཞིན་དུ་སྨྲོས་ཤིག་།རིགས་ཀྱི་བུ། འདི་ཁྱོད་ཀྱིས་ཡིད་ལ་ཇི་སྙམ། ཁྱོད་ཀྱི་མདུན་དུ་མེ་ཆེན་པོ་ཞིག་བུས་ན་མེ་འབར་བའི་ཚེ་ཁྱོད་ཀྱང་འབར་བས་ཤེས་མོད། དེ་བཞིན་ནོ། །མེ་ཤི་བའི་ཚེ་ཁྱོད་ཀྱང་ཤི་བར་ཤེས་མོད། དེ་བཞིན་ནོ། །པུ་ན། གལ་ཏེ་མི་
Kha450a
༄#། །ཞིག་གིས་ཁྱོད་ལ་མེའི་ཕུང་པོ་འདི་འབར་བ་གང་ནས་འོངས། ཤི་བ་ན་གར་སོང་ཞེས་འདྲི་ན་དེ་ལ་ཁྱོད་ཇི་སྐད་ཅེས་བྱ། པུ་ནས་གསོལ་བ། གཽ་ཏ་མ། གལ་ཏེ་དེ་སྐད་ཅེས་འདྲི་བ་ཞིག་མཆིས་ན་དེ་ལ་བདག་གིས་འདི་སྐད་ཅེས་བགྱིའོ། །མེ་འབར་བ་ནི་རྐྱེན་མང་པོ་ལ་ལྟོས་སོ། །རྐྱེན་རྙིང་པ་ནི་ཟད། རྐྱེན་གསར་གྱིས་མ་བསྣན་པས་ན་མེ་ཟད་པ་ཞེས་བགྱིའོ། །གལ་ཏེ་གཞན་ཡང་མེ་ཤི་ནས་གང་ཕྱོགས་སུ་སོང་ཞེས་འདྲི་ན། དེ་ལ་ཇི་སྐད་ཅེས་བྱ། གསོལ་བ། གཽ་ཏ་མ། དེ་ལ་བདག་གིས་རྐྱེན་ཟད་ནས་མེ་ཤིའང་ཕྱོགས་སུ་སོང་བ་མ་མཆིས་སོ་ཞེས་བགྱིའོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། གལ་ཏེ་མི་རྟག་པའི་གཟུགས་ཡོད་པ་ནས་མི་རྟག་པའི་རྣམ་པར་ཤེས་པའི་བར་དུ་ཡོད་ན་སྲེད་པའི་རྐྱེན་གྱིས་འབར་རོ། །འབར་བ་ཞེས་བྱ་བ་ནི་སྲིད་པ་ཉི་ཤུ་རྩ་ལྔ་པོ་མྱོང་བའོ། །དེ་བས་ན་འབར་བའི་དུས་ན་མེ་འདི་ནི་ཤར་ཕྱོགས་སམ། ནུབ་ཕྱོགས་སམ། ལྷོ་ཕྱོགས་སམ། བྱང་ཕྱོགས་ཞེས་བརྗོད་དུ་རུང་ངོ ། །ད་ལྟར་གྱི་སྲེད་པ་འགགས་ཏེ་སྲིད་པ་ཉི་ཤུ་རྩ་ལྔ་པོའི་རྣམ་པར་སྨིན་པའི་འབྲས་བུ་མེ་འབར་ན་དེ་ལ་ནི་ཤར་ཕྱོགས་སམ། ལྷོ་དང ། ནུབ་དང ། བྱང་ཕྱོགས་ཞེས་བརྗོད་དུ་མེད་དོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་
Kha450b
ནི་མི་རྟག་པའི་གཟུགས་མེད་པ་ནས། མི་རྟག་པའི་རྣམ་པར་ཤེས་པའི་བར་དུ་མེད་དེ། དེ་བས་ན་སྐུ་ནི་རྟག་པ་ཡིན་ནོ། །གལ་ཏེ་སྐུ་རྟག་པ་ཡིན་ན། ཤར་ཕྱོགས་སམ། ལྷོའམ་ནུབ་བམ། བྱང་ཕྱོགས་ཞེས་བརྗོད་དུ་མེད་དོ། །པུ་ནས་གསོལ་པ། བདག་གིས་དཔེ་ཞིག་གསོལ་བར་འཚལ་ན། དེ་བཞིན་གཤེགས་པས་གསན་པར་ཅི་གནང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །བསམས་པ་བཞིན་དུ་སྨྲོས་ཤིག་།བཅོམ་ལྡན་འདས། དཔེར་ན། གྲོང་ཁྱེར་ཆེན་པོ་ཞིག་གི་ཕྱི་རོལ་ན་ཤིང་སཱ་ལའི་ཚལ་གྱི་ནང་ན་ཤིང་གཅིག་ཅིག་སྔར་སྐྱེས་ཏེ་ལོ་བརྒྱ་ལོན་ནོ། །དེའི་ཚེ་ན་ཚལ་གྱི་བདག་པོ་དེ་དུས་དུས་སུ་ཆུ་ཆུ་ཞིང་ལས་བགྱིད་དོ། །ཤིང་དེའི་ཤུན་པ་རུལ་ན་ཤུན་པ་དང ། ལོ་མ་དང ། ཡལ་ག་ཀུན་ས་ལ་ལྟུང་སྟེ། ནང་གི་སྙིང་པོ་འབའ་ཞིག་ལུས་སོ། །དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། ཇི་ཙམ་དུ་རུལ་པར་གྱུར་པ་ཐམས་ཅད་ཟད་ནས་ཡང་དག་པའི་ཆོས་འབའ་ཞིག་ལུས་སོ། །བཅོམ་ལྡན་འདས། བདག་རབ་ཏུ་དབྱུང་བར་གསོལ་ལོ། །བཅོམ་ལྡན་འདས་ཀྱིས་ལེགས་པར་འོངས་སོ། ། ཞེས་བཀའ་སྩལ་ནས། དེ་མ་ཐག་ཏུ་དགེ་སློང་དུ་གྱུར་ཏེ་ཟག་པ་ཟད་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །གཞན་ཡང་ཀུན་ཏུ་རྒྱུ་རྣམ་པར་དག་པ་ཞེས་བྱ་
Kha451a
༄#། །བས་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ། སོ་སོའི་སྐྱེ་བོ་དག་ཆོས་གང་མ་རྟོགས་ན་འཇིག་རྟེན་རྟག་པ་དང ། མི་རྟག་པ་དང ། རྟག་པའང་ལགས་ལ་མི་རྟག་པའང་ལགས་པ་དང ། རྟག་པའང་མ་ལགས་ལ་མི་རྟག་པའང་མ་ལགས་པ་ནས། འགྲོ་བ་ལྟ་བུའང་མ་ལགས། མི་འགྲོ་བའང་མ་ལགས་པའི་བར་དུ་ལྟ་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གཟུགས་མི་ཤེས་པ་ནས། རྣམ་པར་ཤེས་པའི་བར་དུ་མི་ཤེས་པས་ན་འཇིག་རྟེན་རྟག་པ་ནས། འགྲོ་བ་ལྟ་བུའང་མ་ཡིན། མི་འགྲོ་བ་ལྟ་བུའང་མ་ཡིན་པའི་བར་དུ་ལྟ་བར་གྱུར་ཏོ། །ཀུན་ཏུ་རྒྱུས་གསོལ་པ། གཽ་ཏ་མ། སེམས་ཅན་གྱིས་ཆོས་གང་དག་རྟོགས་ན་འཇིག་རྟེན་རྟག་པ་ནས། འགྲོ་བ་ལྟ་བུའང་མ་ཡིན། མི་འགྲོ་བ་ལྟ་བུའང་མ་ཡིན་པའི་བར་དུ་མི་ལྟ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གཟུགས་ཤེས་པ་ནས། རྣམ་པར་ཤེས་པའི་བར་དུ་ཤེས་ན། འཇིག་རྟེན་རྟག་པ་ནས། འགྲོ་བ་ལྟ་བུའང་མ་ཡིན། མི་འགྲོ་བ་ལྟ་བུའང་མ་ཡིན་པའི་བར་དུ་མི་ལྟ་བར་འགྱུར་རོ། །ཀུན་ཏུ་རྒྱུས་གསོལ་པ། བཅོམ་ལྡན་འདས། འཇིག་རྟེན་རྟག་པ་དང་མི་རྟག་པ་བདག་ལ་རྒྱས་པར་ཕྱེ་སྟེ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་
Kha451b
བཀའ་སྩལ་པ། རིགས་ཀྱི་བུ། གང་ཞིག་གིས་རྙིང་པ་ནི་སྤངས་ནས་ལས་གསར་མ་བྱས་ན་གང་ཟག་དེས་ནི་རྟག་པ་དང་མི་རྟག་པ་རྟོགས་པར་འགྱུར་རོ། །ཀུན་ཏུ་རྒྱུས་གསོལ་པ། བཅོམ་ལྡན་འདས། བདག་གིས་ནི་རྟོགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ཇི་ལྟ་བུར་མཐོང ། ཇི་ལྟར་བུར་རྟོགས། གསོལ་པ། བཅོམ་ལྡན་འདས། རྙིང་པ་ནི་མ་རིག་པ་དང་སྲེད་པའོ། །གསར་པ་ནི་ལེན་པ་དང་སྲིད་པ་སྟེ། དེ་ལ་གང་ཞིག་གིས་མ་རིག་པ་དང་སྲེད་པ་ཡོངས་སུ་སྤངས་ཏེ། ལེན་པ་དང་སྲིད་པ་མི་བགྱིད་ན་གང་ཟག་དེ་ནི་རྟག་པ་དང་མི་རྟག་པ་ཡང་དག་པར་རྟོགས་ཏེ། བདག་གིས་ནི་ཡང་དག་པའི་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་གྱུར་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པས་བདག་རབ་ཏུ་དབྱུང་བ་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀཽཎྜི་ནྱ་ལ་བཀའ་སྩལ་པ། ཀུན་ཏུ་རྒྱུ་འདི་རབ་ཏུ་ཕྱུང་ལ་བསྙེན་པར་རྫོགས་པར་གྱིས་ཤིག། དེ་ནས་ཀཽཎྜི་ནྱས། བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་དགེ་འདུན་ལ་གསོལ་བ་དང་ཞུ་བའི་ལས་བྱས་ནས་རབ་ཏུ་ཕྱུང་ངོ ། །དེ་ནས་ཞག་བཅོ་ལྔ་ལོན་པ་དང ། ཟག་པ་ཀུན་ཟད་དེ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །གཞན་ཡང་ཀུན་ཏུ་རྒྱུ་བེའུ་ཞེས་བྱ་བས་འདི་སྐད་
Kha452a
༄#། །ཅེས་གསོལ་ཏོ། །གཽ་ཏ་མ། བདག་ཞུ་བ་ཞུ་ན་ཅི་གནང་ངམ། དེ་བཞིན་གཤེགས་པ་ཅང་མི་གསུང་སྟེ། དེ་བཞིན་དུ་ལན་གཉིས། ལན་གསུམ་གྱི་བར་དུའོ། །བེའུས་ཡང་གསོལ་པ། གཽ་ཏ་མ། བདག་ནི་ཁྱོད་དང་མཛའ་བོ་ཡིན་ཏེ། བདག་ཅག་གཉིས་ཀྱི་དོན་ཡང་གཉིས་སུ་མེད་ན། བདག་གིས་དྲིས་པ་ཅིའི་ཕྱིར་ཅང་མི་གསུང་བར་བཞུགས། དེ་ནས་བཅོམ་ལྡན་འདས་ཐུགས་ལ་འདི་སྙམ་དུ་དགོངས་སོ། །ཀུན་ཏུ་རྒྱུ་འདི་རང་བཞིན་གྱིས་མཉེན་ཏེ་དེས་ལ་ཤིན་ཏུ་དྲང་བས། ང་དང་བཤེས་ཏེ་དྲི་བ་འདྲི་བའང་ཀླན་ཀ་འཚོལ་བའི་ཕྱིར་མ་ཡིན་ན། ཅི་དང་ཅི་དྲིས་པ་དེ་དང་དེའི་ལན་གདབ་བོ་སྙམ་དུ་དགོངས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་བེའུ། ལེགས་སོ། །ལེགས་སོ། །ཅི་དང་ཅི་འདོད་པ་དྲིས་ཤིག་དང ། དེ་དང་དེའི་ལན་གདབ་པར་བྱའོ། །བེའུས་གསོལ་པ། གཽ་ཏ་མ། འཇིག་རྟེན་ན་དགེ་བ་མཆིས་སམ། དེ་བཞིན་ནོ། །གཽ་ཏ་མ། མི་དགེ་བ་མཆིས་སམ། དེ་བཞིན་ནོ། །ཀུན་ཏུ་རྒྱུ་བེའུས་གསོལ་པ། གཽ་ཏ་མ། བདག་ཅག་ལ་བསྟན་ཅིང་བཤད་དེ། དགེ་བ་དང་མི་དགེ་བའི་ཆོས་བདག་གིས་རྟོགས་པར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ངས་ནི་དོན་དེ་དག་སྟོན་པ་ལ་
Kha452b
ཤིན་ཏུ་རྒྱས་པར་མཁྱེན་མོད་ཀྱི། ད་ཁྱོད་ལ་ཕྱོགས་ཙམ་ཞིག་བཤད་པར་བྱའོ། །རིགས་ཀྱི་བུ། འདོད་པ་ནི་མི་དགེ་བ་སྟེ། རྣམ་པར་གྲོལ་བ་ལ་འདོད་པ་ནི་དགེ་བའོ། །ཞེ་སྡང་དང ། གཏི་མུག་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །སྲོག་གཅོད་པ་ནི་མི་དགེ་བའོ། །སྲོག་གཅོད་པ་ཡོངས་སུ་སྤངས་པ་ནི་དགེ་བ་ནས། ངན་པར་ལྟ་བའི་བར་དུ་རྒྱས་པར་རིག་པར་བྱའོ། །རིགས་ཀྱི་བུ། ངས་ནི་ཁྱོད་ལ་དགེ་བ་དང་མི་དགེ་བའི་ཆོས་རྣམ་པ་གསུམ་དང ། དགེ་བ་དང ། མི་དགེ་བའི་ཆོས་རྣམ་པ་བཅུའང་བསྟན་ཅིང་བཤད་པ་ཡིན་ནོ། །གལ་ཏེ་ངའི་ཉེ་གནས་སུ་གྱུར་པ་གང་ཞིག་དགེ་བ་དང་མི་དགེ་བ་རྣམ་པ་གསུམ་ནས། དགེ་བ་དང ། མི་དགེ་བའི་ཆོས་རྣམ་པ་བཅུའི་བར་དུ་བྱེ་བྲག་ཕྱེད་དེ་ནན་ཏན་དུ་བྱེད་ན་གང་ཟག་དེས་ནི་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་མེད་པར་འགྱུར་བ་དང ། ཟག་པ་ཐམས་ཅད་ཟད་པ་དང ། སྲིད་པ་ཐམས་ཅད་ཡོངས་སུ་གཅོད་པར་འགྱུར་རོ། །ཀུན་ཏུ་རྒྱུས་གསོལ་པ། གཽ་ཏ་མ། བཅོམ་ལྡན་འདས་ཀྱིས་བསྟན་པ་ལ། དགེ་སློང་འགའ་ཙམ་ཡང་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང ། ཟག་པ་ཐམས་ཅད་ཟད་པ་དང ། སྲིད་པ་ཐམས་ཅད་ཡོངས་སུ་བཅད་པ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། སངས་
Kha453a
༄#། །རྒྱས་ཀྱི་བསྟན་པ་ལ། འདོད་ཆགས་དང་ཞེ་སྡང་དང ། གཏི་མུག་དང ། ཟག་པ་ཐམས་ཅད་དང ། སྲིད་པ་ཐམས་ཅད་ཟད་པ་གཅིག་གམ། གཉིས་སམ། གསུམ་མམ། ལྔའམ། བརྒྱར་མ་ཟད་ཀྱི། དེ་ལྟ་བུའི་དགེ་སློང་ནི་གྲངས་མེད་དོ། །གཽ་ཏ་མ། དགེ་སློང་ལྟ་ཞོག་ལ། སངས་རྒྱས་ཀྱི་བསྟན་པ་ལ། དགེ་སློང་མ་འགའ་ཙམ་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང ། ཟག་པ་ཐམས་ཅད་དང ། སྲིད་པ་ཐམས་ཅད་ཟད་པ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། སངས་རྒྱས་ཀྱི་བསྟན་པ་ལ་དགེ་སློང་མ་གཅིག་གམ། གཉིས་སམ། གསུམ་མམ། ལྔའམ། བརྒྱར་མ་ཟད་ཀྱི། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང ། ཟག་པ་ཐམས་ཅད་དང ། སྲིད་པ་ཐམས་ཅད་ཟད་པའི་དགེ་སློང་མ་ནི་གྲངས་མེད་དོ། །བེའུས་གསོལ་པ། གཽ་ཏ་མ། དགེ་སློང་ཕ་དང ། དགེ་སློང་མའང་ཞོག་ལ། སངས་རྒྱས་ཀྱི་བསྟན་པ་ལ། དགེ་བསྙེན་འགའ་ཙམ་ཡང་ཚུལ་ཁྲིམས་བསྲུང་བ་ལ་བརྩོན་ཞིང་ཚངས་པར་སྤྱོད་པ་ཡོངས་སུ་དག་པ་དང ། ཐེ་ཚོམ་གྱི་ཕ་རོལ་ཏུ་ཕྱིན་ཏེ། ཐེ་ཚོམ་གྱི་དྲ་བ་ཡོངས་སུ་ཆོད་པ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། སངས་རྒྱས་ཀྱི་བསྟན་
Kha453b
པ་ལ་དེ་ལྟ་བུའི་དགེ་བསྙེན་གཅིག་གམ། གཉིས་སམ། གསུམ་མམ། ལྔའམ། བརྒྱར་མ་ཟད་ཀྱི། ཚུལ་ཁྲིམས་བསྲུང་བ་ལ་བརྩོན་ཞིང་ཚངས་པར་སྤྱོད་པ་ཡོངས་སུ་དགེ་ནས་ཀུན་ནས་ཉོན་མོངས་པ་ཐ་མ་ལྔ་པོ་བཅད་དེ་ལན་གཅིག་ཕྱིར་མི་ལྡོག་པ་ཐོབ་ནས་ཐེ་ཚོམ་གྱི་ཕ་རོལ་ཏུ་ཕྱིན་ཏེ་ཐེ་ཚོམ་གྱི་དྲ་བ་ཡོངས་སུ་བཅད་པའི་དགེ་བསྙེན་ནི་གྲངས་མེད་དོ། །བེའུས་གསོལ་\?\། གཽ་ཏ་མ། དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་ཕའང་ཞོག་ལ། སངས་རྒྱས་ཀྱི་བསྟན་པ་ལ་དགེ་བསྙེན་མ་འགའ་ཙམ་ཚུལ་ཁྲིམས་བསྲུང་བ་ལ་བརྩོན་ཞིང་ཚངས་པར་སྤྱོད་པ་ཡོངས་སུ་དག་པ་དང ། ཐེ་ཚོམ་གྱི་ཕ་རོལ་ཏུ་ཕྱིན་ཏེ། ཐེ་ཚོམ་གྱི་དྲ་བ་ཆོད་པ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་རིགས་ཀྱི་བུ། སངས་རྒྱས་ཀྱི་བསྟན་པ་ལ་དགེ་བསྙེན་མ་དེ་ལྟ་བུ་གཅིག་གམ། གཉིས་སམ། གསུམ་མམ། ལྔའམ། བརྒྱར་མ་ཟད་ཀྱི། ཚུལ་ཁྲིམས་བསྲུང་བ་ལ་བརྩོན་ཞིང་ཚངས་པར་སྤྱོད་པ་ཡོངས་སུ་དག་པ་དང ། ཀུན་ནས་ཉོན་མོངས་པ་ཐ་མ་ལྔ་པོ་ཆོད་ནས་ལན་གཅིག་ཕྱིར་མི་ལྡོག་པ་ཐོབ་ནས་ཐེ་ཚོམ་གྱི་ཕ་རོལ་ཏུ་ཕྱིན་ཏེ་ཐེ་ཚོམ་གྱི་དྲ་བ་ཆོད་པའི་དགེ་བསྙེན་མ་ནི་གྲངས་མེད་དོ། །བེའུས་གསོལ་པ། སངས་རྒྱས་ཀྱི་བསྟན་པ་ལ་ཚུལ་ཁྲིམས་བསྲུང་བ་ལ་བརྩོན་ཞིང་ཚངས་པར་
Kha454a
༄#། །སྤྱོད་པ་ཡོངས་སུ་དག་པ་དང ། ཐེ་ཚོམ་གྱི་དྲ་བ་ཡོངས་སུ་བཅད་པའི་དགེ་སློང་ཕ་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་ལྟ་ཞོག་ལ། སངས་རྒྱས་ཀྱི་བསྟན་པ་ལ་དགེ་བསྙེན་འགའ་ཙམ་ཡང་འདོད་པ་ལྔ་ལ་ལོངས་མི་སྤྱོད་ཅིང་ཐེ་ཚོམ་གྱི་དྲ་བ་ཆོད་པ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། སངས་རྒྱས་ཀྱི་བསྟན་པ་ལ་དགེ་བསྙེན་དེ་ལྟ་བུ་ནི་གཅིག་གམ། གཉིས་སམ། གསུམ་མམ། ལྔའམ། བརྒྱར་མ་ཟད་ཀྱི། ཀུན་ནས་ཉོན་མོངས་པ་གསུམ་བཅད་ནས་རྒྱུན་དུ་ཞུགས་པ་ཐོབ་ནས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་བསྲབས་ཏེ། ལན་གཅིག་ཕྱིར་ལྡོག་པ་ཐོབ་པའི་དགེ་བསྙེན་ཡང་གྲངས་མེད་དོ། །དགེ་བསྙེན་ཇི་ལྟ་བ་བཞིན་དུ་དགེ་བསྙེན་མའང་རྒྱས་པར་རིག་པར་བྱའོ། །བེའུས་གསོལ་པ། བཅོམ་ལྡན་འདས། བདག་དཔེ་ཞིག་གསོལ་བར་དད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་ལེགས་ཀྱི། ཇི་དགའ་བར་སྨྲོས་ཤིག་།བཅོམ་ལྡན་འདས། དཔེར་ན། ཀླུའི་རྒྱལ་པོ་དགའ་བོ་དང་བསྙེན་དགའ་བོ་ཀུན་ཏུ་ཁྱབ་པར་ཆར་ཆེན་པོ་འབེབས་པ་དང་འདྲ་བར་དེ་བཞིན་གཤེགས་པའི་ཆོས་ཀྱི་ཆར་ཡང་དེ་དང་འདྲ་སྟེ། དགེ་བསྙེན་དང ། དགེ་བསྙེན་མ་ལ་མཉམ་པར་ཕབ་བོ། །བེའུས་གསོལ་
Kha454b
པ།་བཅོམ་ལྡན་འདས། གལ་ཏེ་མུ་སྟེགས་ཅན་དག་རབ་ཏུ་བྱུང་བར་གསོལ་ན་དེ་བཞིན་གཤེགས་པ་ཟླ་བ་དུའི་བར་དུ་བརྟག་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཟླ་བ་བཞིའི་བར་དུ་བརྟག་དགོས་ཏེ། གཅིག་ཏུ་ངེས་པ་ནི་མ་ཡིན་ནོ། །བཅོམ་ལྡན་འདས། གལ་ཏེ་གཅིག་ཏུ་མ་ངེས་ན་ཐུགས་རྗེ་ཆེན་པོས་བདག་རབ་ཏུ་དབྱུང་བར་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀཽཎྜི་ནྱ་ལ་བཀའ་སྩལ་པ། ཀུན་ཏུ་རྒྱུ་བེའུ་འདི་རབ་ཏུ་ཕྱུང་ལ་བསྙེན་པར་རྫོགས་པར་གྱིས་ཤིག་།དེ་ནས་ཀཽཎྜི་ནྱས་སངས་རྒྱས་ཀྱི་བཀའ་བཞིན་དུ་དགེ་སློང་གི་དགེ་འདུན་ལ་གསོལ་བ་དང་ཞུ་བའི་ལས་བྱས་ནས་རབ་ཏུ་ཕྱུང་ངོ ། །དེ་ནས་ཞག་བཅོ་ལྔ་ལོན་པ་དང་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །འབྲས་བུ་ཐོབ་ནས་ཡང་འདི་སྙམ་དུ་སེམས་སོ། །གང་ཤེས་རབ་ཀྱིས་སློབ་པའི་སྒོ་ནས་ཐོབ་པར་འགྱུར་བ་ནི་བདག་གིས་དེ་ཐོབ་པས་སངས་རྒྱས་མཐོང་བར་ཟད་དོ་སྙམ་ནས་སངས་རྒྱས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང ། བཅོམ་ལྡན་འདས་ལ་མགོ་བོས་ཕྱག་བཙལ་ཏེ་བསྟི་སྟང་བྱས་ནས་ཕྱོགས་གཅིག་ཏུ་འདུག་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཤེས་རབ་གང་བསླབ་པ་ལས་ཐོབ་པར་འགྱུར་བ་ནི་བདག་གིས་ཐོབ་ལགས་ན། བདག་གིས་བསླབ་པ་མ་མཆིས་པའི་ཤེས་རབ་ཐོབ་པར་འགྱུར་བ་བསྟན་དུ་གསོལ། བཅོམ་
Kha455a
༄#། །ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ཆོས་གཉིས་ཏེ། ཞི་གནས་དང་ལྷག་མཐོང་ལ་བརྩོན་འགྲུས་སུ་ནན་ཏན་བྱའོ། །རིགས་ཀྱི་བུ། དགེ་སློང་གང་ཞིག་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འདོད་ན་ཆོས་རྣམ་པ་གཉིས་པོ་ལ་བརྩོན་འགྲུས་སུ་ནན་ཏན་བྱའོ། །གང་ཞིག་གིས་ལན་གཅིག་ཕྱིར་ལྡོག་པ་དང ། ལན་གཅིག་ཕྱིར་མི་ལྡོག་པ་དང ། དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འདོད་ནའང་ཆོས་རྣམ་པ་གཉིས་པོ་ལ་ནན་ཏན་བྱའོ། །རིགས་ཀྱི་བུ། དགེ་སློང་གང་ཞིག་བསམ་གཏན་བཞི་དང ། ཚད་མེད་པ་བཞི་དང ། མངོན་པར་ཤེས་པ་དྲུག་དང ། སྐྱེས་བུ་བརྒྱད་དང ། མཆོག་གི་གནས་བརྒྱད་དང ། རྩོད་པ་མེད་པའི་ཡེ་ཤེས་དང ། སྤྱི་བོའི་ཡེ་ཤེས་དང ། མཐར་ཕྱིན་པའི་ཡེ་ཤེས་དང ། སོ་སོར་ཡང་དག་པར་ཤེས་པ་བཞི་དང ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང ། ཟད་པའི་ཡེ་ཤེས་དང ། མི་སྐྱེ་བའི་ཡེ་ཤེས་ཐོབ་པར་འདོད་པའང་ཆོས་གཉིས་ལ་ནན་ཏན་བྱའོ། །རིགས་ཀྱི་བུ། གང་ཞིག་གིས་ས་བཅུ་དང ། མ་སྐྱེས་པའི་ཆོས་ཀྱི་བཟོད་པ་དང ། མཚན་ཉིད་མེད་པའི་ཆོས་ཀྱི་བཟོད་པ་དང ། བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་བཟོད་པ་དང ། །འཕགས་པའི་སྤྱོད་པ་དང ། ཚངས་པར་སྤྱོད་པ་དང ། ལྷས་སྤྱོད་པ་དང ། བྱང་ཆུབ་སེམས་དཔས་སྤྱོད་པ་དང ། ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་དང ། ཡེ་
Kha455b
ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་དང ། སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པའི་ཏིང་ངེ་འཛིན་དང ། སའི་ཏིང་ངེ་འཛིན་དང ། ཕྱིར་མི་ལྡོག་པའི་ཏིང་ངེ་འཛིན་དང ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང ། སངས་རྒྱས་ཀྱི་སྤྱོད་པ་འདོད་པའང་ཆོས་རྣམ་པ་གཉིས་པོ་ལ་ནན་ཏན་བྱའོ། །བེའུས་དེ་སྐད་ཅེས་ཐོས་ནས་བཅོམ་ལྡན་འདས་ལ་ཕྱག་བཙལ་ཏེ་ཕྱིར་བྱུང་ནས་ཤིང་སཱ་ལའི་ཚལ་དུ་ཆོས་གཉིས་པོ་ལ་ནན་ཏན་བྱས་པས་རིང་པོར་མ་ཐོགས་པར་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །དེའི་ཚེ་ན་དགེ་སློང་གྲངས་མེད་པ་ཞིག་སངས་རྒྱས་གང་ན་བར་འདོང་བ་ལས་བེའུས་མཐོང་ནས་བཙུན་པ་གར་འདོང་ཞེས་སྨྲས་སོ། །དགེ་སློང་རྣམས་ཀྱིས་སྨྲས་པ།་བདག་ཅག་ནི་སངས་རྒྱས་ཀྱི་སྤྱན་སྔར་མཆིའོ། །བེའུས་ཡང་གསོལ་པ། བཙུན་པ་དག། སངས་རྒྱས་ཀྱི་སྤྱན་སྔར་གཤེགས་ན་བེའུའི་མཆིད་ནས་ཆོས་རྣམ་པ་གཉིས་ལ་ནན་ཏན་བགྱིས་ན་བསླབ་པ་མ་མཆིས་པའི་ཤེས་རབ་ཐོབ་སྟེ། བཅོམ་ལྡན་འདས་ཀྱི་བཀའ་དྲིན་དྲན་པའི་སླད་དུ་མྱ་ངན་ལས་འདའོ་ཞེས་གསོལ་ཅིག། དེའི་ཚེ་དགེ་སློང་དེ་རྣམས་སངས་རྒྱས་གང་ན་བ་དེར་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སློང་བེའུ་ཡི་མཆིད་ནས་བདག་ནི་བསླབ་པ་མ་མཆིས་པའི་ཤེས་རབ་ཐོབ་ནས་བཅོམ་ལྡན་འདས་ཀྱི་
Kha456a
༄#། །བཀའ་དྲིན་གཟོ་བའི་སླད་དུ་མྱ་ངན་ལས་འདའོ་ཞེས་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དེའུ་དགྲ་བཅོམ་པའི་འབྲས་བུ་ཐོབ་ཀྱི། དེའི་ལུས་ལ་ཁྱེད་མཆོད་པ་གྱིས་ཤིག་།དེའི་ཚེ་དགེ་སློང་རྣམས་སངས་རྒྱས་ཀྱི་བཀའ་བཞིན་དུ་རུས་བུ་གང་ན་བ་དེར་སོང་ནས་མཆོད་པ་ཆེན་པོ་བྱས་སོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་ལྔ་བཅུ་གསུམ་པ། དེའི་ཚེ་ཀུན་ཏུ་རྒྱུ་ཚེམ་བུ་ཅན་གྱིས་ཡང་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་གསུང་བ་ལྟར་སྐྱེ་བ་གྲངས་མེད་པའི་བར་དུ་དགེ་བ་དང་མི་དགེ་བ་བགྱིས་པའང་ཕྱིས་མ་འོངས་པའི་དུས་སུའང་དགེ་བ་དང་མི་དགེ་བའི་ལུས་ཐོབ་པར་འགྱུར་རོ་ཞེས་བགྱིས་པ་དེ་མི་རུང་ངོ། །དེ་ཅིའི་སླད་དུ་ཞེ་ན། གཽ་ཏ་མ་གསུང་བ་ལྟར་ཉོན་མོངས་པའི་རྒྱུ་ལས་ལུས་ཐོབ་པར་གྱུར་ཏོ་ཞེས་བགྱི་བ། ཇི་སྟེ་ཉོན་མོངས་པའི་རྒྱུ་ལས་ལུས་ཐོབ་པར་གྱུར་ན་ལུས་སྔའམ་ཉོན་མོངས་པ་སྔ། ཇི་སྟེ་ཉོན་མོངས་པ་སྔ་ན་ཅི་ལ་གནས། །གང་ན་གནས། ཅི་སྟེ་ལུས་སྔ་ན་ཉོན་མོངས་པའི་རྒྱུ་ལས་ཐོབ་ཅེས་བགྱིར་རུང་ངམ། དེ་བས་ན་ཉོན་མོངས་པ་སྔ་ཞེས་བགྱིར་ཡང་མི་རུང་ལ། ལུས་སྔ་ཞེས་བགྱིར་ཡང་མི་རུང་ངོ ། །དུས་གཅིག་གོ་ཞེས་བགྱིར་ཡང་མི་རུང ། །སྔ་ཕྱི་དུས་གཅིག་ཅེས་བགྱིར་ཡང་ཆོས་མ་མཆིས་སོ། །
Kha456b
དེ་བས་ན་བདག་ནི་ཆོས་ཐམས་ཅད་རང་བཞིན་དུ་ཟད་དེ། རྒྱུ་དང་རྐྱེན་ལས་ནི་མ་ཡིན་ནོ་ཞེས་སྨྲའོ། །གཞན་ཡང་གཽ་ཏ་མ་སྲ་བ་ནི་སའི་རང་བཞིན། གཤེར་བ་ནི་ཆུའི་རང་བཞིན་ཚ་བ་ནི་མེའི་རང་བཞིན། གཡོ་བ་ནི་རླུང་གི་རང་བཞིན། ཐོགས་པ་མེད་པ་ནི་ནམ་མཁའི་རང་བཞིན་ཏེ། ཆེན་པོ་ལྔའི་རང་བཞིན་ནི་རྒྱུ་དང་རྐྱེན་གྱིས་ཡོད་པ་མ་ལགས་སོ། །ཅི་སྟེ་འཇིག་རྟེན་ན་ཆོས་གཅིག་ཙམ་གྱི་རང་བཞིན་རྒྱུ་དང་རྐྱེན་གྱིས་མཆིས་པ་མ་ལགས་ན། ཆོས་ཐམས་ཅད་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། རྒྱུ་དང་རྐྱེན་གྱིས་མཆིས་པ་མ་ལགས་སོ།། ཇི་སྟེ་ཆོས་གཅིག་ཙམ་ཡང་རྒྱུ་དང་རྐྱེན་གྱིས་མཆིས་པ་ལགས་ན། ཅིའི་སླད་དུ་ཆེན་པོ་ལྔའི་རང་བཞིན་རྒྱུ་དང་རྐྱེན་ལས་མ་གྱུར། གཽ་ཏ་མ། སེམས་ཅན་གྱིས་དགེ་བའི་ལུས་དང་མི་དགེ་བའི་ལུས་ཀྱིས་རྣམ་པར་གྲོལ་བ་ཐོབ་པའང་རང་བཞིན་ལགས་ཀྱི། རྒྱུ་དང་རྐྱེན་ལས་ནི་མ་ལགས་སོ། །དེ་བས་ན་ཆོས་ཐམས་ཅད་རང་བཞིན་གྱིས་ཡོད་ཀྱི་རྒྱུ་དང་རྐྱེན་ལས་ནི་མ་ཡིན་པར་བདག་སྨྲའོ། །གཞན་ཡང ། གཽ་ཏ་མ། འཇིག་རྟེན་ནི་དགོས་པའི་གནས་གཅིག་ཏུ་ཆད་པའོ། །དཔེར་ན། ཤིང་མཁན་ན་རེ། ཤིང་འདི་ནི་ཤིང་རྟ་དང་ཁྱོགས་སུ་འོས་སོ།། ཤིང་འདི་ནི་སྒོ་དང ། ཁྲི་དང་ཁྲིའུར་རུང་ངོ་ཞེས་སྨྲ་བ་དང ། དཔེར་ན། གསེར་མགར་གྱིས་བརྡུངས་སུ་བྱས་ཏེ་དཔྲལ་བ་ལ་བཏགས་པ་ནི་ཕྲེང་བ་ཞེས་བྱ། མགུལ་དུ་བཏགས་པ་ནི་
Kha457a
༄#། །དོ་ཤལ་ཞེས་བྱ། དཔུང་པ་ལ་བཏགས་པ་ནི་དཔུང་རྒྱན་ཞེས་བྱ། སོར་མོ་ལ་བཏགས་པ་ནི་སོར་གདུབ་ཅེས་བྱ་སྟེ། དགོས་པའི་གནས་ངེས་པས་ན་རང་བཞིན་ངེས་པ་ཞེས་བྱའོ། །གཽ་ཏ་མ། སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། རྒྱུད་ལྔའི་རང་བཞིན་ཡོད་པས་སེམས་ཅན་དམྱལ་བ་དང ། ཡི་དྭགས་དང ། བྱོལ་སོང་དང ། ལྷ་དང ། མིའོ།། ཇི་སྟེ་དེ་ལྟ་བུ་ལགས་ན་རྒྱུ་དང་རྐྱེན་ལས་འགྱུར་ཞེས་བགྱིར་རུང་ངམ། གཽ་ཏ་མ། གཞན་ཡང་སེམས་ཅན་ཐམས་ཅད་རང་བཞིན་སོ་སོ་སྟེ། དེ་བས་ན་ཐམས་ཅད་རང་བཞིན་ཞེས་བགྱིའོ། །དཔེར་ན། རུས་སྦལ་ཐང་ལས་སྐྱེས་ཀྱང་ཆུར་འགྲོ་བ་དང ། བེའུ་འབྲངས་མ་ཐག་ཏུ་ནུ་བ་དང ། ཉ་མཆིལ་བ་མིད་པ་དང ། སྤྲུལ་གདུག་པ་བྱུང་མ་ཐག་ཏུ་ས་ཟ་བ་དང ། དེ་དག་ལ་སོགས་པ་སུས་བསྟན། དཔེར་ན། ཚེར་མ་རང་བཞིན་གྱིས་རྣོ་བ་དང ། བྱའི་འདབ་མ་རང་བཞིན་གྱིས་ཁ་དོག་ཐ་དད་པ་ལྟར་འཇིག་རྟེན་གྱི་སེམས་ཅན་ཡང་དེ་དང་འདྲ་སྟེ། དབང་པོ་རྣོ་བ་དང ། རྟུལ་བ་དང ། ཕྱུག་པ་དང ། དབུལ་བ་དང ། བཟང་བ་དང ། ངན་པ་དང ། རྣམ་པར་གྲོལ་བ་ཐོབ་པ་དང ། སྲིད་པ་ཐ་མ་ཐོབ་པར་གྱུར་ཏེ། དེ་བས་ན་ཆོས་ཐམས་ཅད་རང་བཞིན་སོ་སོ་བར་རིག་པར་བྱའོ། །གཞན་ཡང་གཽ་ཏ་མ་གསུང་བ་ལྟར་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ནི་རྒྱུ་དང་རྐྱེན་ལས་སྐྱེས་ཏེ། གདུག་པ་
Kha457b
གསུམ་གྱི་རྒྱུ་དང་རྐྱེན་ནི་ཡུལ་ལྔ་ཡིན་ནོ་ཞེས་བགྱི་བ་དེའང་མི་རུང་ངོ ། །དེ་ཅིའི་སླད་དུ་ཞེ་ན། དཔེར་ན། སེམས་ཅན་གཉིད་ལོག་བའི་ཚེ་ཡུལ་ལྔ་མངོན་དུ་མི་སྤྱོད་ཀྱང་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་སྐྱེས་ཏེ་མངལ་ན་འདུག་པ་དང ། མངལ་ནས་བྱུང་མ་ཐག་པའང་ཡུལ་ལྔའི་བཟང་པོ་དང ། ངན་པ་བྱེ་བྲག་མི་ཕྱེད་ཀྱང་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་སྐྱེའོ། །དྲང་སྲོང་འཕགས་པའི་རྣམས་དགོན་པར་གནས་པའང་ཡུལ་ལྔ་མངོན་དུ་མི་སྤྱོད་ཀྱང ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་སྐྱེའོ། །ཁ་ཅིག་ནི་ཡུལ་དྲུག་གི་དབང་གིས་འདོད་མི་ཆགས་པ་དང ། ཞེ་མི་སྡང་བ་དང ། གཏི་མི་མུག་པའང་ཡོད་དེ། དེ་བས་ན་རྒྱུ་དང་རྐྱེན་ལས་ཆོས་ཐམས་ཅད་སྐྱེའོ་ཞེས་ངེས་པ་མེད་ཀྱི། རང་བཞིན་དུ་ཟད་དོ། །གཽ་ཏ་མ། གཞན་ཡང་འཇིག་རྟེན་ན་ཁ་ཅིག་ནི་དབང་པོ་ལྔ་དང་མི་ལྡན་ཡང་ལོངས་སྤྱོད་ཆེན་པོ་དང་ལྡན་ཞིང་དབང་དུ་འགྱུར་བའང་ཡོད་དོ། །ཁ་ཅིག་ནི་དབང་པོ་དང་ལྡན་ཡང་ངན་ཅིང་དབུལ་ལ་དབང་མེད་དེ་གཞན་གྱི་བྲན་བྱེད་པའང་ཡོད་ན། ཇི་སྟེ་རྒྱུ་དང་རྐྱེན་ལས་གྱུར་ན་ཅིའི་སླད་དུ་དེ་ལྟར་གྱུར། །དེ་བས་ན་ཆོས་ཐམས་ཅད་རང་བཞིན་ནི་སོ་སོ་སྟེ་རྒྱུ་དང་རྐྱེན་ལས་མ་ཡིན་ནོ། །གཽ་ཏ་མ། གཞན་ཡང་འཇིག་རྟེན་ན་བུས་པ་ཤེད་མ་བྱེ་བའང་ཡུལ་ལྔ་བྱེ་བྲག་མི་ཕྱེད་མོད་ཀྱི། བར་འགའ་ནི་དགོད། བར་འགའ་ནི་ངུའོ། །དགོད་པའི་ཚེ་ནི་དགའ་
Kha458a
༄#། །བར་ཤེས་ཀྱི། དུ་བའི་ཚེ་ནི་མི་དགའ་བར་ཤེས་སོ། །དེ་བས་ན་ཆོས་ཐམས་ཅད་སོ་སོའི་རང་བཞིན་ཡོད་དོ། །གཽ་ཏ་མ། གཞན་ཡང་འཇིག་རྟེན་གྱི་ཆོས་ལ་རྣམ་པ་གཉིས་ཏེ། ཡོད་པ་དང ། མེད་པའོ། །ཡོད་པ་ནི་ནམ་མཁའོ། །མེད་པ་ནི་རི་བོང་གི་རཝའོ། །དེ་ལྟར་ཆོས་གཉིས་པོའང་ཡོད་པའང་རྒྱུ་དང་རྐྱེན་མ་ཡིན། མེད་པའང་རྒྱུ་དང་རྐྱེན་མ་ཡིན་ཏེ། དེ་བས་ན་ཆོས་ཐམས་ཅད་རང་བཞིན་དུ་ཟད་ཀྱི། རྒྱུ་དང་རྐྱེན་ལས་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་སྨྲ་བ་ལྟར་ཆེན་པོ་ལྔའི་རང་བཞིན་དང་འདྲ་བར་ཆོས་ཐམས་ཅད་ཀྱང་དེ་དང་འདྲའོ་ཞེས་བྱ་བ་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཁྱོད་ཀྱི་ཆོས་ལ་ཆེན་པོ་ལྔ་རྟག་པ་ཡིན་ན་ཅིའི་ཕྱིར་ཆོས་ཐམས་ཅད་རྟག་པ་མ་ཡིན་ནོ་ཞེས་སྨྲས། ཇི་སྟེ་འཇིག་རྟེན་གྱི་དངོས་པོ་མི་རྟག་པ་ཞིག་ཡིན་ན་ཆེན་པོ་ལྔའི་རང་བཞིན་ཅིའི་ཕྱིར་མི་རྟག་པ་མ་ཡིན། ཇི་སྟེ་ཆེན་པོ་ལྔ་རྟག་པ་ཞིག་ཡིན་ན་འཇིག་རྟེན་གྱི་དངོས་པོའང་རྟག་པ་ཡིན་པའི་རིགས་ཏེ། དེ་བས་ན་ཁྱོད་ཀྱིས་ཆེན་པོ་ལྔའི་རང་བཞིན་ཡོད་པས་རྒྱུ་དང་རྐྱེན་ལས་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱང་ཆེན་པོ་ལྔ་དང་འདྲའོ་ཞེས་བྱ་བ་མི་རུང་ངོ ། །རིགས་ཀྱི་བུ་ཁྱོད་སྨྲ་བ་ལྟར་དགོས་པའི་གནས་ངེས་པ་ན་རང་བཞིན་ཡོད་དོ་ཞེས་བྱ་བ་ཡང་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་དང་རྐྱེན་ལས་མིང་ཁྱེར་ཐོབ་པའི་ཕྱིར་རོ། །
Kha458b
ཇི་སྟེ་རྒྱུ་ལས་མིང་ཁྱེར་ཐོབ་ན་དོན་ཡང་རྒྱུ་ལས་མིང་ཁྱེར་ཐོབ་བོ། །ཇི་ལྟར་རྒྱུ་ལས་མིང་ཁྱེར་ཐོབ་པ་ཞེ་ན། དཔེར་ན། དཔྲལ་བར་བཏགས་པ་ནི་ཕྲེང་བ་ཞེས་བྱ་བ་དང ། མགུལ་དུ་བཏགས་པ་ནི་དོ་ཤལ་ཞེས་བྱ་བ་དང ། ལག་པ་ལ་བཏགས་པ་ནི་གདུ་བུ་ཅེས་བྱ་བ་དང ། ཤིང་རྟ་ལ་བཏགས་པ་ནི་འཁོར་ལོ་ཞེས་བྱ་བ་དང ། ཤིང་དང་རྩཝ་ལས་འབར་ན་ཤིང་དང་རྩཝའི་མེ་ཞེས་བྱ་བ་དང ། རིགས་ཀྱི་བུ།་ཤིང་ཐོག་མ་སྐྱེས་པ་ན་མདའ་དང ། མདུང་གི་རང་བཞིན་མེད་མོད་ཀྱི། །རྒྱུ་དང་རྐྱེན་གྱིས་བཟོས་མདའ་དང་མདུང་དུ་བྱེད་དོ། །དེ་བས་ན་ཆོས་ཐམས་ཅད་ལ་རང་བཞིན་ཡོད་ཅེས་བྱ་བའི་མི་རིགས་སོ། །རིགས་ཀྱི་བུ་ཁྱོད་སྨྲ་བ་ལྟར་རུས་སྦལ་ཐང་ལས་སྐྱེས་ཀྱང་རང་བཞིན་གྱིས་ཆུར་འགྲོ་བ་དང ། བེའུ་འབྲངས་མ་ཐག་ཏུ་རང་བཞིན་གྱིས་ནུའོ་ཞེས་བྱ་བ་དེའང་མི་རུང་ངོ ། ། དེ་ཅིའི་ཕྱིར་ཞེ་ན། ཆུར་འགྲོ་བ་རྒྱུ་དང་རྐྱེན་མ་ཡིན་ལ། གཉིས་ཀ་རྒྱུ་དང་རྐྱེན་མ་ཡིན་པར་འདྲ་ན། ཅིའི་ཕྱིར་མེའི་ནང་དུ་མི་འགྲོ། །བེའུ་འབྲངས་མ་ཐག་ཏུ་རང་བཞིན་གྱིས་ནུ་བ་རྒྱུ་དང་རྐྱེན་མ་ཡིན། གཉིས་ཀ་རྒྱུ་དང་རྐྱེན་མ་ཡིན་པར་འདྲ་བས་ཅིའི་ཕྱིར་རཝ་ལ་མི་ནུ། །རིགས་ཀྱི་བུ། ཇི་སྟེ་ཆོས་ཐམས་ཅད་ལ་རང་བཞིན་ཡོད་དེ། བསྟན་ཅིང་བསླབས་ཀྱང་སྐྱེད་སྤོགས་མེད་དོ་ཞེས་སྨྲ་ན་ཡོད་དུ་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ད་ལྟར་བསྟན་ཅིང་བསླབ་པ་ལས་སྐྱེད་སྤོགས་ཡོད་པར་སྣང་སྟེ། དེ་བས་ན་རང་བཞིན་ཞེས་བྱ་བ་མེད་པར་རིག་པར་བྱའོ། །རིགས་ཀྱི་བུ། ཇི་
Kha459a
༄#། །སྟེ་ཆོས་ཐམས་ཅད་ལ་རང་བཞིན་ཞེས་བྱ་བ་ཡོད་ན་བྲམ་ཟེ་ཐམས་ཅད་ལུས་ཀྱི་ལས་དག་པར་བྱ་བའི་ཕྱིར་ལུག་བསད་དེ་ལྷ་རྗེད་པའི་མི་རིགས་སོ། །ཇི་སྟེ་རྗེད་པས་དག་པར་གྱུར་ན་རང་བཞིན་ཡང་མེད་པར་རིག་པར་བྱའོ། །རིགས་ཀྱི་བུ། འཇིག་རྟེན་གྱི་སྨྲ་བའི་ཆོས་ལ་རྣམ་པ་གསུམ་སྟེ། བྱ་བ་དང ། བྱེད་པ་དང ། བྱས་པའོ། །ཇི་སྟེ་ཆོས་ཐམས་ཅད་ལ་རང་བཞིན་ཡོད་ན་ཅིའི་ཕྱིར་འཇིག་རྟེན་ན་རྣམ་པ་གསུམ་དུ་བཏགས་པར་གྱུར། རྣམ་པ་གསུམ་དུ་བཏགས་པ་ལས་ན་ཐམས་ཅད་ལ་རང་བཞིན་མེད་པར་མངོན་ནོ། །རིགས་ཀྱི་བུ། ཇི་སྟེ་ཆོས་ཐམས་ཅད་ལ་རང་བཞིན་ཡོད་ན་ཆོས་ཐམས་ཅད་ལ་སོ་སོར་ངེས་པའི་རང་བཞིན་ཡོད་པར་འགྱུར་རོ། །ཇི་སྟེ་གཅིག་ཏུ་ཆད་པའི་ངེས་པའི་རང་བཞིན་ཡོད་ན་བུ་རམ་གྱི་ཤིང་ལས་ཅིའི་ཕྱིར་སྐོམ་དང ། ཤ་ཁ་ར་དང ། བུ་རམ་དང ། ཆང་དང ། ཁ་བའི་ཆང་དུ་འགྱུར། ཇི་སྟེ་རང་བཞིན་གཅིག་ན་ཅིའི་ཕྱིར་དངོས་པོ་དེ་དག་བྱུང་བར་གྱུར། ཇི་སྟེ་དངོས་པོ་གཅིག་པོ་ལས་དེ་ལྟ་བུ་དག་བྱུང་ན། ཆོས་ཐམས་ཅད་ལ་རང་བཞིན་གཅིག་ཏུ་ངེས་ཏེ། སོ་སོའི་རང་བཞིན་གཅིག་ཏུ་མི་རུང་བར་རིག་པར་བྱའོ། །རིགས་ཀྱི་བུ། ཇི་སྟེ་ཆོས་ཐམས་ཅད་རང་བཞིན་གཅིག་ཏུ་ངེས་ན། ཅིའི་ཕྱིར་འཕགས་པ་དག་བུ་རམ་ཤིང་གི་སྐོམ་དང ། ཤ་ཁ་ར་དང ། བུ་རམ་
Kha459b
གྱི་ཚེ་བཏུང་དུ་རུང་ལ། ཆང་གི་ཚེ་བཏུང་དུ་མི་རུང་ཞིང་ཕྱིར་ཡང་ཁ་བའི་ཆང་དུ་གྱུར་པ་ན་བཏུང་དུ་རུང ། དེ་བས་ན་ངེས་པའི་རང་བཞིན་མེད་པར་རིག་པར་བྱའོ། །ཇི་སྟེ་ངེས་པའི་རང་བཞིན་མེད་ན་རྒྱུ་དང་རྐྱེན་ལས་མ་གྱུར་ཅེས་བྱར་ག་ལ་རུང ། རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་ཐམས་ཅད་ལ་རང་བཞིན་ཡོད་དོ་ཞེས་བྱ་བ་ཇི་ལྟ་བུར་དཔེ་བསྟན་དུ་རུང ། ཇི་སྟེ་དཔེ་བརྗོད་དུ་ཡོད་ན་ཆོས་ཐམས་ཅད་ལ་རང་བཞིན་མེད་པར་རིག་པར་བྱ། ཇི་སྟེ་རང་བཞིན་ཡོད་ན་ནི་དཔེ་བྱར་མེད་པར་རིག་པར་བྱའོ། །འཇིག་རྟེན་ན་མཁས་པ་ཤེས་རབ་ཅན་དཔེ་སྟོན་ཏེ། དེ་བས་ན་ཆོས་ཐམས་ཅད་རང་བཞིན་མེད་པ་དང ། རང་བཞིན་གཅིག་ཏུ་ངེས་པ་མེད་པར་རིག་པར་བྱའོ། །རིགས་ཀྱི་བུ་ཁྱོད་སྨྲ་བ་ལྟར་ལུས་སྔའམ་ཉོན་མོངས་པ་སྔ་ཞེས་བྱ་བ་དེའང་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ཇི་སྟེ་ངས་ལུས་སྔའོ་ཞེས་བརྗོད་ན་ནི་ཁྱོད་ཀྱིས་ང་དང་མཐུན་ནོ་ཞེའམ། ལུས་མི་སྔའོ་ཞེས་བརྒལ་དུའང་རུང་ན། རིགས་ཀྱི་བུ། སེམས་ཅན་ཐམས་ཅད་ཀྱི་ལུས་དང་ཉོན་མོངས་པ་ནི་གཉིས་ཀ་སྔ་ཕྱི་མེད་དེ། དུས་གཅིག་ཏུ་ཡོད་དོ། །དེ་ལྟར་དུས་གཅིག་ཏུ་ཡོད་མོད་ཀྱི། འོན་ཀྱང་ཉོན་མོངས་པའི་རྒྱུ་ལས་ལུས་ཡོད་པར་གྱུར་གྱི། ལུས་ཀྱི་རྒྱུ་ལས་ཉོན་མོངས་པར་གྱུར་པ་མ་ཡིན་ནོ། །ཇི་སྟེ་ཁྱོད་ཀྱི་ཡིད་ལ། དཔེར་ན། མིའི་མིག་གཉིས་ཀྱང་དུས་གཅིག་ཏུ་ཐོབ་སྟེ། གཅིག་ལ་གཅིག་མི་བལྟོས་པ་ནི་གཡས་པ་གཡོན་པ་
Kha460a
༄#། །ལ་མི་ལྟོས་ལ། གཡོན་པའང་གཡས་པ་ལ་མི་ལྟོས་པ་དང་འདྲ་བར་ཉོན་མོངས་པ་དང་ལུས་ཀྱང་དེ་དང་འདྲ་བར་སེམས་ན་དེའང་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། འཇིག་རྟེན་ན་མིག་གིས་བལྟར་སྣང་བ་མེ་མར་གྱི་སྙིང་པོ་དང ། སྣང་བ་གཉིས་དུས་གཅིག་ཏུ་ཡོད་མོད་ཀྱི། སྙིང་པོའི་རྒྱུས་སྣང་བར་གྱུར་གྱི། སྙིང་པོ་མེད་པ་ལས་སྣང་བ་ནི་མ་ཡིན་ནོ། །རིགས་ཀྱི་བུ། ཅི་ཁྱོད་ཀྱི་ཡིད་ལ་ལུས་མི་སྔ་བས་རྒྱུ་མེད་པར་སེམས་ན་དེའང་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ཇི་སྟེ་ལུས་སྔ་བས་རྒྱུ་དང་རྐྱེན་མེད་པའི་ཕྱིར་མེད་པ་ཞེས་བྱ་བ་ན་ལྟ་ཁྱོད་ཀྱང་ཆོས་ཐམས་ཅད་ལ་རྒྱུ་དང་རྐྱེན་མེད་དོ་ཞེས་སྨྲ་བའི་རིགས་སོ། །ཇི་སྟེ་བལྟར་མི་སྣང་བའི་ཕྱིར་དེ་སྐད་ཅེས་མི་སྨྲ་ནའང་ད་ལྟར་རྫ་མ་ལ་སོགས་པ་རྒྱུ་དང་རྐྱེན་ལས་བྱུང་བར་མངོན་སུམ་དུ་བལྟར་སྣང་ན་ཅིའི་ཕྱིར་དེ་སྐད་ཅེས་མི་སྨྲ། །ཇི་ལྟར་རྫ་མ་དང་འདྲ་བར་ལུས་སྔ་བའི་རྒྱུ་དང་རྐྱེན་ཀྱང་དེ་བཞིན་དུ་རིག་པར་བྱའོ། །རིགས་ཀྱི་བུ། སྣང་ཡང་རུང་མི་སྣང་ཡང་རུང་ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལས་བྱུང་གི་རང་བཞིན་མེད་དོ། །རིགས་ཀྱི་བུ། ཇི་སྟེ་ཆོས་ཐམས་ཅད་ལ་རང་བཞིན་ཡོད་དེ། རྒྱུ་དང་རྐྱེན་མེད་དོ་ཞེས་སྨྲ་ན། ཁྱོད་ཅིའི་ཕྱིར་ཆེན་པོ་བཞི་ཡོད་དོ་ཞེས་སྨྲ། ཆེན་པོ་བཞིའི་རང་བཞིན་ཉིད་ནི་རྒྱུ་དང་རྐྱེན་ཡིན་ནོ། །རིགས་ཀྱི་བུ། ཆེན་པོ་བཞིའི་རྒྱུ་དང་རྐྱེན་ནི་དེ་ལྟ་བུ་ཡིན་
Kha460b
མོད་ཀྱི། ཆོས་ཐམས་ཅད་ཀྱང་ཆེན་པོ་བཞིའི་རྒྱུ་དང་རྐྱེན་དུ་མཐུན་ནོ་ཞེས་སྨྲ་བའི་མི་རིགས་སོ། །དཔེར་ན་འཇིག་རྟེན་གྱི་གཏམ་དུ་རབ་ཏུ་བྱུང་བ་ཐམས་ཅད་ནི་ཚུལ་ཁྲིམས་བསྲུང་བ་ལ་བརྩོན་པ་ཡིན་པས་གདོལ་བ་ལ་སོགས་པའང་དེ་བཞིན་དུ་ཚུལ་ཁྲིམས་བསྲུང་བ་ལ་བརྩོན་པ་ཡིན་ནོ་ཞེས་བརྗོད་པ་དང་འདྲ་བར་འགྱུར་རོ། །རིགས་ཀྱི་བུ་ཁྱོད་སྨྲ་བ་ལྟར་ཆེན་པོ་བཞི་ལ་ངེས་པའི་རང་བཞིན་ཡོད་དོ་ཞེས་སྨྲ་བ་ནི་ངས་བལྟས་ན་རང་བཞིན་དེ་ནི་འགྱུར་བ་སྟེ་ངེས་པ་མ་ཡིན་ནོ། །རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་ལ་མར་དང ། སྤྲ་ཚིལ་དང ། སྲ་རྩི་ལ་ས་ཞེས་བྱ་སྟེ། ཁྱོད་ཀྱིས་ས་ཞེས་བཏགས་པ་དེ་ནི་མ་ངེས་ཏེ། བར་བར་ནི་ཆུ་ལྟ་བུར་ཡང་བཏུབ། །བར་བར་ནི་ས་ལྟ་བུར་ཡང་བཏུབ་སྟེ། དེ་བས་ན་རང་བཞིན་གྱི་སྲ་བའོ་ཞེས་བྱར་མི་རུང་ངོ ། །རིགས་ཀྱི་བུ་ཁྱོད་ཀྱི་ཆོས་ལ་ཚོན་མོ་སྟེང་དང ། ཞ་ཉེ་དང ། ཟངས་དང ། ལྕགས་དང ། གསེར་དང ། དངུལ་ལ་མེའོ་ཞེས་བྱ་བ་དེ་ལ་རང་བཞིན་བཞི་ཡོད་དེ།་འབབ་པའི་ཚེ་ནི་ཆུ་ཞེས་བྱ། གཡོ་བའི་ཚེ་ནི་རླུང་ཞེས་བྱ། ཚ་བའི་ཚེ་ནི་མེ་ཞེས་བྱ། སྲ་བའི་ཚེ་ནི་ས་ཞེས་བྱ་བ་ན་ཅིའི་ཕྱིར་དེ་ལ་ངེས་པར་མེའི་རང་བཞིན་ནོ་ཞེས་གདགས། རིགས་ཀྱི་བུ། ཆུའི་རང་བཞིན་ནི་འབབ་པ་སྟེ། གལ་ཏེ་ཆུ་འཁྱགས་ཀྱང་དེ་ལ་ས་ཞེས་མི་བྱའོ། །འོན་ཀྱང་ཆུ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དབའ་རླབས་གཡོ་པའི་ཚེ་རླུང་ཞེས་མི་
Kha461a
༄#། །བྱའོ། །དེ་ལྟར་གཡོ་བ་ལ་རླུང་ཞེས་མི་བྱ་ན་འཁྱགས་ཀྱང་ཆུ་མ་ཡིན་ཞེས་བྱར་མི་རུང་ངོ ། །དེ་ལྟར་དངོས་པོ་གཉིས་པོའང་རྒྱུ་དང་རྐྱེན་ལས་གྱུར་ན་ཅིའི་ཕྱིར་ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལས་མ་གྱུར་ཅེས་སྨྲ། རིགས་ཀྱི་བུ། ཇི་སྟེ་དབང་པོ་ལྔ་རང་བཞིན་གྱིས་མཐོང་བ་དང ། ཐོས་པ་དང ། ཚོར་བ་དང ། ཤེས་པ་དང ། རེག་པའང་རང་བཞིན་ཡིན་ཏེ། རྒྱུ་དང་རྐྱེན་ལས་མ་གྱུར་ཏོ་ཞེས་བྱ་བ་ནི་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། རང་བཞིན་ཉིད་ཀྱིས་རང་བཞིན་མི་འགྱུར་བ་ཞིག་ཡིན་ན་མིག་གི་རང་བཞིན་མཐོང་བའང་རྟག་ཏུ་མཐོང་བའི་རིགས་ཏེ། མཐོང་བ་དང་མི་མཐོང་བའི་དུས་ཀྱང་མེད་པའི་རིགས་སོ། །དེ་བས་ན་རྒྱུ་དང་རྐྱེན་གྱིས་མཐོང་གི། རྒྱུ་དང་རྐྱེན་མེད་པ་ལས་མ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ་ཁྱོད་སྨྲ་བ་ལྟར་འདོད་ཆགས་སྐྱེ་བ་དང ། རྣམ་པར་གྲོལ་བ་ནི་ཡུལ་ལྔའི་རྒྱུ་ལས་མ་ཡིན་ནོ་ཞེས་བྱ་བ་དེ་ཡང་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། འདོད་ཆགས་སྐྱེ་བ་དང ། རྣམ་པར་གྲོལ་བ་ཡུལ་ལྔ་པོའི་རྒྱུ་ལས་མ་གྱུར་མོད་ཀྱི། མི་དགེ་བ་རྣམ་པར་རྟོག་པའི་ཕྱིར་འདོད་ཆགས་སྐྱེའོ། །དགེ་བ་རྣམ་པར་རྟོག་པའི་ཕྱིར་རྣམ་པར་གྲོལ་བར་འགྱུར་རོ། །རིགས་ཀྱི་བུ། ནང་གི་རྒྱུ་དང་རྐྱེན་གྱིས་འདོད་ཆགས་སྐྱེ་བ་དང ། རྣམ་པར་གྲོལ་བར་འགྱུར་རོ། །ཕ་རོལ་གྱི་རྒྱུ་དང་རྐྱེན་
Kha461b
གྱིས་སྐྱེ་ཞིང་རྒྱས་པར་འགྱུར་རོ། །དེ་བས་ན་ཁྱོད་ཆོས་ཐམས་ཅད་ལ་སོ་སོའི་རང་བཞིན་ཡོད་དེ། འདོད་ཆགས་སྐྱེ་བ་དང ། རྣམ་པར་གྲོལ་བའང་ཡུལ་ལྔའི་རྒྱུ་ལས་མ་ཡིན་ཞེས་བྱ་བ་དེ་མི་རུང་ངོ ། །རིགས་ཀྱི་བུ་ཁྱོད་སྨྲ་བ་ལྟར་དབང་པོ་རྣམས་དང་ལྡན་པ་རྣམས་ནི་དབུལ་ཕོངས་ལ་དབང་པོའང་མེད། དབང་པོ་དང་མི་ལྡན་ཞིང་ཉམས་པ་ནི་ལོངས་སྤྱོད་ཆེ་ཞིང་དབང་དང་ལྡན་ཏེ། དེ་ལས་བལྟས་ན་རང་བཞིན་ཡོད་དེ། རྒྱུ་དང་རྐྱེན་ལས་མ་ཡིན་ནོ་ཞེས་བྱ་བ་དེ་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ནི་ལས་ལས་འབྲས་བུ་རྣམ་པར་སྨིན་ཏེ། དེ་ལྟར་འབྲས་བུ་རྣམ་པར་སྨིན་པའང་རྣམ་པ་གསུམ་སྟེ། མངོན་སུམ་དུ་སྨིན་པ་དང ། སྐྱེས་ནས་སྨིན་པ་དང ། ཕྱིས་སྨིན་པའོ། །དབུལ་ཕོངས་པ་དང ། ཕྱུག་སྐྱིད་པ་དང ། དབང་པོ་དང་ལྡན་པ་དང ། མི་ལྡན་པའང་སོ་སོའི་ལས་ཡིན་ནོ། །རང་བཞིན་ཡོད་ན་དབང་པོ་དང་ལྡན་པ་ནི་ལོངས་སྤྱོད་ཆེ་བའི་རིགས། ལོངས་སྤྱོད་ཆེ་བ་ནི་དབང་པོ་དང་ལྡན་པའི་རིགས་སོ། །དེ་དེ་ལྟར་མ་གྱུར་པས་དེ་བས་ན་ངེས་པར་རང་བཞིན་མེད་དེ། རྒྱུ་དང་རྐྱེན་ལས་གྱུར་ཏོ། །རིགས་ཀྱི་བུ་ཁྱོད་སྨྲ་བ་ལྟར་འཇིག་རྟེན་ན་བྱིས་པ་ཤེད་མ་བྱེ་བ་ཡུལ་ལྔ་པོ་བྱེ་བྲག་མི་ཕྱེད་པས་བར་བར་ནི་ངུ ། བར་བར་ནི་དགོད་དེ། དེ་བས་ན་ཐམས་ཅད་ལ་རང་བཞིན་ཡོད་དེ་ཞེས་བྱ་བ་དེའང་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ཇི་སྟེ་རང་བཞིན་
Kha462a
༄#། །ཡོད་ན་དགོད་པའང་རྟག་ཏུ་དགོད། ངུ་བའང་རྟག་ཏུ་ངུ་བའི་རིགས་ཏེ། རེས་འགའ་ནི་དགོད། རེས་འགའ་ནི་ངུ་བའི་མི་རིགས་སོ། །དེ་ལྟར་རེས་འགའ་ནི་དགོད།་རེས་འགའ་ནི་ངུ་བ་ལས་ན་ཐམས་ཅད་རྒྱུ་དང་རྐྱེན་ལས་འགྱུར་བར་རིག་པར་བྱ་སྟེ། དེ་བས་ན་ཆོས་ཐམས་ཅད་ལ་རང་བཞིན་ཡོད་དེ་རྒྱུ་དང་རྐྱེན་ལས་མ་ཡིན་ནོ་ཞེས་བྱ་བའི་མི་རིགས་སོ། །ཀུན་ཏུ་རྒྱུས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལས་བྱུང་བ་ཡིན་ན། ལུས་འདི་རྒྱུ་དང་རྐྱེན་གང་ལས་བྱུང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། ལུས་འདིའི་རྒྱུ་དང་རྐྱེན་ནི་ཉོན་མོངས་པ་དང་ལས་སོ། །ཀུན་ཏུ་རྒྱུས་གསོལ་པ། བཅོམ་ལྡན་འདས། ལུས་འདི་ཉིད་ཉོན་མོངས་པ་དང ། ལས་ལས་གྱུར་ན་ཉོན་མོངས་པ་དང་ལས་འདི་གཅད་དུ་རུང་ངམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཀུན་ཏུ་རྒྱུས་ཡང་གསོལ་པ།་བཅོམ་ལྡན་འདས། བདག་ལ་རྣམ་པར་ཕྱེ་སྟེ་བསྟན་པས་བདག་གིས་ཐོས་ནས་གནས་འདི་ཉིད་ལས་མ་གཡོས་པར་ཡོངས་སུ་ཆོད་པར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གལ་ཏེ་མཐའ་གཉིས་ཤེས་ལ་དབུ་མ་ལ་ཐོགས་པ་མེད་ན་གང་ཟག་དེས་ནི་ཉོན་མོངས་པ་དང ། ལས་ཡོངས་སུ་ཆོད་པར་འགྱུར་
Kha462b
རོ། །ཀུན་ཏུ་རྒྱུས་གསོལ་པ། བཅོམ་ལྡན་འདས། བདག་གིས་ནི་ཤེས་ཤིང་རྟོགས་ཏེ། དམ་པའི་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་གོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་ཇི་ལྟར་བུར་ཤེས་ཤིང་རྟོག། གསོལ་པ། བཅོམ་ལྡན་འདས། མཐའ་གཉིས་ནི་གཟུགས་དང ། གཟུགས་ཀྱི་རྣམ་པར་གྲོལ་བའོ། །དབུ་མ་ཞེས་བགྱི་བ་ནི་འཕགས་པའི་ལམ་བརྒྱད་དེ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པའང་དེ་བཞིན་དུ་རྒྱས་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །རིགས་ཀྱི་བུ། མཐའ་གཉིས་ཤིན་ཏུ་རྟོགས་ཏེ། ཉོན་མོངས་པ་དང ། ལས་ཡོངས་སུ་ཆོད་དོ། །གསོལ་པ། བཅོམ་ལྡན་འདས། བདག་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་གསོལ་ལོ། །བཅོམ་ལྡན་འདས་ཀྱིས་ལེགས་པར་འོངས་སོ་ཞེས་བཀའ་སྩལ་པས་དགེ་སློང་དུ་གྱུར་ཏེ། དེའི་ཚེ་ཁམས་གསུམ་གྱི་ཉོན་མོངས་པ་ཀུན་ཆོད་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །དེ་ནས་གཞན་ཡང་བྲམ་ཟེ་ཤིན་ཏུ་རྒྱས་པར་ཞེས་བྱ་བས་ཡང་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ། བདག་ཅི་སེམས་པ་མཁྱེན་ནམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། མྱ་ངན་ལས་འདས་པ་ནི་རྟག་པའོ། །འདུས་བྱས་ནི་མི་རྟག་པའོ། །ཡོན་པོ་ནི་ངན་པར་ལྟ་བའོ། །དྲང་པོ་ནི་འཕགས་པའི་ལམ་
Kha463a
༄#། །མོ། །བྲམ་ཟེས་གསོལ་པ། གཽ་ཏ་མ། ཅིའི་རྒྱུ་ཅིའི་རྐྱེན་གྱིས་དེ་སྐད་ཅེས་གསུངས། བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱི་ཡིད་ལ་བསོད་སྙོམས་བྱེད་པ་ནི་རྟག་པ། མགྲོན་དུ་པོས་པ་ནི་མི་རྟག་པ། ཡོན་པོ་ནི་མ་རབས། དྲང་པོ་ནི་རྒྱལ་མཚན་ནོ་སྙམ་སེམས་ཏེ། དེ་བས་ན་མྱ་ངན་ལས་འདས་པ་ནི་རྟག་པ། འདུས་བྱས་ནི་མི་རྟག་པ། ཡོན་པོ་ནི་ངན་པར་ལྟ་བ། དྲང་པོ་ནི་འཕགས་པའི་ལམ་བརྒྱད་དེ། ཁྱོད་ཀྱིས་སྔོན་སེམས་པ་ལྟ་བུ་ནི་མ་ཡིན་ནོ། །བྲམ་ཟེས་གསོལ་པ། གཽ་ཏ་མ། བདག་གིས་བསམས་པ་ཡང་དག་པར་མཁྱེན་ནོ། །འཕགས་པའི་ལམ་བརྒྱད་ཀྱིས་སེམས་ཅན་ཐམས་ཅད་རྣམ་པར་གྲོལ་བར་འགྱུར་རམ། དེའི་ཚེ་བཅོམ་ལྡན་འདས་ཅང་མི་གསུང་སྟེ་ལན་མ་བཏབ་བོ། །བྲམ་ཟེས་གསོལ་པ། གཽ་ཏ་མ། བདག་གིས་བསམས་པ་མཁྱེན་ན་ཅིའི་སླད་དུ་བདག་གིས་ཞུས་པའི་ལན་མ་གནང་ནས་ཅང་མི་གསུང་བར་བཞུགས། དེ་ནས་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱས་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་ཆེན་པོ། གལ་ཏེ་འཇིག་རྟེན་མཐའ་ཡོད་དམ་མཐའ་མེད་ཅེས་འདྲི་ན་དེ་བཞིན་གཤེགས་པ་ཆོས་ཉིད་ཀྱིས་ཅང་མི་གསུང་སྟེ་ལན་མི་འདེབས་སོ། །འཕགས་པའི་ལམ་བརྒྱད་ནི་དྲང་པོའོ། །མྱ་ངན་ལས་འདའ་པ་ནི་རྟག་པའོ། །གལ་ཏེ་འཕགས་པའི་ལམ་བརྒྱད་ལ་ནན་ཏན་བྱས་ན་རྣམ་པར་གྲོལ་
Kha463b
བ་ཐོབ་པར་འགྱུར་རོ། །ཇི་སྟེ་ནན་ཏན་མ་བྱས་ན་ཐོབ་པར་མི་འགྱུར་རོ། །བྲམ་ཟེ་ཆེན་པོ། དཔེར་ན། མཁར་ཆེན་པོ་ཞིག་ངོས་བཞི་ན་ཐར་པའི་ཁུང་དང་ལམ་མེད་དེ། སྒོ་གཅིག་པུ་ཡོད་ན་དེའི་སྒོ་སྲུང་མཁས་པ་ཤེས་རབ་དང་ལྡན་ན་གང་གཏང་བའི་རིགས་པ་ནི་གཏོང་ངོ ། །གང་གཏང་བའི་མི་རིགས་པ་ནི་མི་གཏོང་སྟེ། ཇི་སྙེད་རྒྱུ་བ་གྲངས་ཉིད་མི་ཤེས་ཀྱང ། རྒྱུ་བ་ཐམས་ཅད་སྒོ་དེ་ལ་རྒྱུ་བར་ངེས་པར་ཤེས་སོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའང་དེ་དང་འདྲ་སྟེ། མཁར་ནི་མྱ་ངན་ལས་འདའ་བའི་དཔེའོ། །སྒོ་ནི་འཕགས་པའི་ལམ་བརྒྱད་ཀྱི་དཔེའོ། །སྒོ་སྲུང་ནི་དེ་བཞིན་གཤེགས་པའི་དཔེའོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པས་ཟད་པ་དང་མི་ཟད་པའི་ལན་མ་གསུངས་མོད་ཀྱི། ཇི་ཙམ་དུ་ཟད་པར་འགྱུར་བ་དེ་ནི་འཕགས་པའི་ལམ་བརྒྱད་ནན་ཏན་བྱེད་པ་ལས་འགྱུར་རོ། །བྲམ་ཟེས་སྨྲས་པ། ལེགས་སོ། །ལེགས་སོ། །བཙུན་པ་ཀཽཎྜི་ནྱ། དེ་བཞིན་གཤེགས་པ་དམ་པའི་ཆོས་སྟོན་པ་ལ་ཤིན་ཏུ་མཁས་སོ། །བདག་ཀྱང་མཁར་དང་ལམ་ཤེས་ཤིང་སྒོ་སྲུང་ལྟ་བུར་དད་དོ། །ཀཽཎྜི་ནྱས་སྨྲས་པ། ལེགས་སོ། །བྲམ་ཟེ། བླ་ན་མེད་པ་རྒྱ་ཆེ་བའི་སེམས་བསྐྱེད་པ་ལེགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཤེས་ཀཽཎྜི་ནྱ། དེ་སྐད་མ་ཟེར་ཅིག་།བྲམ་ཟེ་འདི་ནི་ད་གདོད་དེ་ལྟར་སེམས་བསྐྱེད་པ་མ་ཡིན་གྱི། ཀཽཎྜི་ནྱ། སྔོན་འདས་པའི་དུས་
Kha464a
༄#། །ན་བཅོམ་ལྡན་འདས་ཚད་མེད་པ་སྙེད་འདས་པའི་སྔ་རོལ་ན་སངས་རྒྱས་བཅོམ་ལྡན་འདས་ཀུན་ཏུ་འོད་ཅེས་བྱ་བ། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པ། མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ། བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མིའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་གཤེགས་ཏེ། སངས་རྒྱས་དེ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ནས་བསྐལ་པ་བཟང་པོ་འདིར་མངོན་པར་སངས་རྒྱས་ཏེ། ཆོས་ཀྱི་མཚན་ཉིད་ཁོང་དུ་ཆུད་ཅིང་རྟོགས་ནས་ཡུན་རིང་མོད་ཀྱི། སེམས་ཅན་གྱི་ཕྱིར་མུ་སྟེགས་ཅན་དུ་སྟོན་ཏེ། མི་ཤེས་པ་ལྟར་བྱེད་དོ། །དེ་བས་ན་ཀཽཎྜི་ནྱ་ཁྱོད་བླ་ན་མེད་པའི་སེམས་བསྐྱེད་པ་ལེགས་སོ། །ལེགས་སོ་ཞེས་མ་ཟེར་ཅིག་།དེའི་ཚེ་བཅོམ་ལྡན་འདས་མཁྱེན་བཞིན་དུ་ཚེ་དང་ལྡན་པ་ཀཽཎྜི་ནྱ་ལ་དགེ་སློང་དགའ་བོ་དེ་ལྟར་གང་ན་འདུག་ཅེས་བཀའ་སྩལ་ཏོ། །ཚེ་དང་ལྡན་པ་ཀཽཎྜི་ནྱས་གསོལ་པ། བཅོམ་ལྡན་འདས། དགེ་སློང་དགའ་བོ་ནི་དེ་ལྟར་ཤིང་སཱ་ལའི་ཚལ་འདི་ནས་དཔག་ཚད་བཅུ་གཉིས་ཀྱི་ཕ་རོལ་ན་བདུད་དྲུག་ཁྲི་བཞི་སྟོང་སྙེད་ཀྱིས་ཡོངས་སུ་གཙེ་ཞིང་མཆིས་སོ། །བདུད་དེ་རྣམས་དེ་བཞིན་གཤེགས་པའི་གཟུགས་སུ་སྤྲུལ་ནས།
Kha464b
ལ་ལ་ནི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡིན་ནོ་ཞེས་སྨྲ། ལ་ལ་ནི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་ཏེ་འབྱུང་བ་མ་ཡིན་ནོ་ཞེས་སྨྲ། ལ་ལ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཆོས་ཐམས་ཅད་རྟག་པ་ཡིན་ནོ་ཞེས་སྨྲ། ལ་ལ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཆོས་ཐམས་ཅད་མི་རྟག་པ་ཡིན་ནོ་ཞེས་སྨྲ། ལ་ལ་ནི་ཕུང་པོ་ལྔ་བདེན་པ་ཡིན་ནོ་ཞེས་སྨྲ། ལ་ལ་ནི་སྒྱུ་མ་ཡིན་ནོ་ཞེས་སྨྲ་སྟེ། དེ་བཞིན་དུ་སྐྱེད་མཆེད་དང ། ཁམས་དང ། རྒྱས་པར་རོ། །ལ་ལ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡོད་དོ་ཞེས་སྨྲ། ལ་ལ་ནི་རྐྱེན་བཞི་འབའ་ཞིག་ཡོད་དོ་ཞེས་སྨྲ། ལ་ལ་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང ། སྤྲུལ་པ་ལྟ་བུ་དང ། སྨིག་རྒྱུ་བ་ལྟ་བུའོ་ཞེས་སྨྲ། ལ་ལ་ནི་ཐོས་པའི་རྒྱུ་ལས་ཆོས་ཐོབ་བོ་ཞེས་སྨྲ། ལ་ལ་ནི་བསམས་པའི་རྒྱུ་ལས་ཆོས་ཐོབ་བོ་ཞེས་སྨྲ། ལ་ལ་ནི་བསྒོམས་པའི་རྒྱུ་ལས་ཆོས་ཐོབ་བོ་ཞེས་སྨྲ། ལ་ལ་ནི་མི་སྡུག་པ་ཡང་དག་པར་རྟོགས་པའི་ཆོས་སྨྲ། ལ་ལ་ནི་དབུགས་ཕྱི་ནང་དུ་རྒྱུ་བའི་ཆོས་སྨྲ། ལ་ལ་ནི་དྲན་པ་ཉེ་བར་བཞག་པ་བཞི་ཡང་དག་པར་རྟོག་པ་སྨྲ། ལ་ལ་ནི་ཡང་དག་པའི་སྤྱོད་པའི་དོན་གསུམ་དང་ཐབས་མཁས་པ་བདུན་པོ་སྨྲ། ལ་ལ་ནི་དྲོད་དང ། སྤྱི་བོ་དང ། བཟོད་པ་དང ། འཇིག་རྟེན་མཆོག་གི་ཆོས་དང ། སློབ་པ་དང ། མི་སློབ་པ་དང ། བྱང་ཆུབ་སེམས་དཔའི་ས་དང་པོ་ནས་ས་བཅུ་པའི་བར་དུ་སྨྲའོ། །ལ་ལ་
Kha465a
༄#། །ནི་སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པ་སྨྲ། ལ་ལ་ནི་མདོའི་སྡེ་དང ། དབྱངས་ཀྱིས་བསྙད་པའི་སྡེ་དང ། ཚིགས་སུ་བཅད་པའི་སྡེ་དང།་ལུང་དུ་བསྟན་པའི་སྡེ་དང ། ཆེད་དུ་བརྗོད་པའི་སྡེ་དང ། ད་ལྟར་དང ། འདས་པའི་སྡེ་དང ། སྐྱེས་པ་རབས་ཀྱི་སྡེ་དང ། གླེང་གཞིའི་སྡེ་དང ། རྟོགས་པ་བརྗོད་པའི་སྡེ་དང ། རྨད་དུ་བྱུང་བའི་སྡེ་དང ། ཤིན་ཏུ་རྒྱས་པའི་སྡེ་དང ། གཏན་ལ་དབབ་པར་བསྟན་པའི་སྡེའང་སྨྲའོ། །ལ་ལ་ནི་དྲན་པ་ཉེ་བར་བཞག་པ་བཞི་དང ། ཡང་དག་པར་སྤོང་བ་བཞི་དང ། རྫུ་འཕྲུལ་གྱི་རྐང་པ་བཞི་དང ། དབང་པོ་ལྔ་དང ། སྟོབས་ལྔ་དང ། བྱང་ཆུབ་ཀྱི་ཡན་ལག་བདུན་དང ། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་སྨྲའོ། །ལ་ལ་ནི་ནང་སྟོང་པ་ཉིད་དང ། ཕྱི་སྟོང་པ་ཉིད་དང ། ཕྱི་ནང་སྟོང་པ་ཉིད་དང ། འདུས་བྱས་སྟོང་པ་ཉིད་དང ། འདུས་མ་བྱས་སྟོང་པ་ཉིད་དང ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང ། རང་བཞིན་སྟོང་པ་ཉིད་དང ། དོར་བ་མེད་པ་སྟོང་པ་ཉིད་དང ། མི་དམིགས་པ་སྟོང་པ་ཉིད་དང ། རང་གི་མཚན་ཉིད་སྟོང་པ་ཉིད་དང ། མཚན་མ་མེད་པ་སྟོང་པ་ཉིད་དང ། ཕུང་པོ་སྟོང་པ་ཉིད་དང ། ཁམས་སྟོང་པ་དང ། སྐྱེ་མཆེད་སྟོང་པ་དང ། དགེ་བ་སྟོང་པ་དང ། མི་དགེ་བ་སྟོང་པ་དང ། ལུང་དུ་མི་སྟོན་པ་སྟོང་པ་དང ། བྱང་ཆུབ་སྟོང་པ་དང ། ལམ་སྟོང་
Kha465b
པ་དང ། མྱ་ངན་ལས་འདས་པ་སྟོང་པ་དང ། སྤྱོད་པ་སྟོང་པ་དང ། ཐོབ་པ་སྟོང་པ་དང ། དོན་དམ་པ་སྟོང་པ་དང ། སྟོང་པ་ཉིད་སྟོང་པ་ཉིད་དང ། ཆེན་པོ་སྟོང་པ་ཉིད་ཀྱང་སྟོན་ཏོ། །ལ་ལ་ནི་མངོན་པར་ཤེས་པ་སྟོན་ཏོ། །ལུས་ལས་ཆུ་དང་མེ་འབྱུང་སྟེ། ལུས་ཀྱི་སྟོད་ནས་ཆུ་འབབ་ན། ལུས་ཀྱི་སྨད་ནས་མེ་འབར། ལུས་ཀྱི་སྨད་ནས་ཆུ་འབབ་ན། ལུས་ཀྱི་སྟོད་ནས་མེ་འབར། མཆན་གཡས་པ་འོག་ཏུ་ཕབ་ན་མཆན་གཡོན་ནས་ཆུ་འབྱུང ། མཆན་གཡོན་པ་འོག་ཏུ་ཕབ་ན་མཆན་གཡས་ནས་ཆུ་འབྱུང ། མཆན་ཁུང་གཅིག་ནས་འབྲུག་བསྒྲགས་ན་མཆན་ཁུང་གཅིག་ནས་ཆར་འབབ་པའང་སྟོན་ཏོ། །ལ་ལ་ནི་སངས་རྒྱས་ཀྱི་ཞིང་མང་པོའང་སྟོན་ཏོ། །ལ་ལ་ནི་བྱང་ཆུབ་སེམས་དཔའ་ཐོག་མ་ལྷུམས་ནས་བལྟམས་ནས་གོམ་པ་བདུན་བདུན་གཤེགས་པ་དང ། ཕོ་བྲང་ན་འདོད་པ་ལྔ་ལ་ལོངས་སྤྱོད་པ་དང ། ཐོག་མ་རབ་ཏུ་བྱུང་བ་དང ། དཀའ་བ་མཛད་པ་དང ། བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་ཏེ་ཏིང་ངེ་འཛིན་དུ་ཞུགས་པ་དང ། བདུད་ཀྱི་སྡེ་རྣམས་ཕབ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང ། རྫུ་འཕྲུལ་ཆེན་པོ་བསྟན་ནས་ཡོངས་སུ་མྱ་ངན་ལས་འདའ་བའང་སྟོན་ཏོ། །བཅོམ་ལྡན་འདས། དགེ་སློང་དགའ་བོས་དེ་ལྟ་བུའི་དངོས་པོ་དག་མཐོང་ནས། དེ་ཡིད་ལ་འདི་སྙམ་དུ་རྫུ་འཕྲུལ་སྔོན་མ་མཐོང་བ་འདི་དག་སུས་བྱས། བཅོམ་ལྡན་འདས། ཤཱཀྱ་ཐུབ་པས་མཛད་པ་མ་ཡིན་ནམ་
Kha466a
༄#། །སྙམ་སེམས་ཏེ། ལངས་སམ། སྨྲའམ་ཅི་བགྱི་བའི་གཏོལ་མ་མཆིས་སོ། །དགེ་སློང་དགའ་བོ་ནི་བདུད་ཀྱི་ཞགས་པས་ཟིན་པའང་འདི་སྙམ་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པ་ནི་སོ་སོར་མི་མཐུན་ན། བདག་གིས་ད་གང་གཟུང་སྙམ་སེམས་སོ། །བཅོམ་ལྡན་འདས། དགེ་སློང་དགའ་བོ་ནི་ད་ལྟར་སྡུག་བསྔལ་ཆེན་པོ་མྱོང་སྟེ། དེ་བཞིན་གཤེགས་པ་ཡིད་ལ་དྲན་ཡང་དཔུང་གཉེན་དུ་འགྱུར་བ་མ་མཆིས་པས། འཁོར་གྱི་དཀྱིལ་འཁོར་འདིར་མ་མཆིས་པ་ལགས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འཁོར་གྱི་དཀྱིལ་འཁོར་འདི་ན་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སྐྱེ་བ་གཅིག་ལོན་པ་དང ། བྱང་ཆུབ་ཏུ་སེམས་བསྐྱེད་ནས་སྐྱེ་བ་ཚད་མེད་པ་སྙེད་ལོན་ཏེ། སངས་རྒྱས་ཚད་མེད་པ་སྙེད་ལ་མཆོད་པས་མཆོད་པ་སེམས་ཤིན་ཏུ་བརྟན་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ཡོངས་སུ་རྫོགས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡོངས་སུ་རྫོགས་ཏེ། ཡོན་ཏན་དང་ལྡན་པ་ཡུན་རིང་པོ་ནས། སངས་རྒྱས་ཚད་མེད་པ་སྙེད་ལ་བསྙེན་བཀུར་བགྱིས་ནས་ཚངས་པར་སྤྱོད་པ་ཡོངས་སུ་དག་པ་
Kha466b
དང ། བྱང་ཆུབ་ཀྱི་སེམས་ལས་ཕྱིར་མི་ལྡོག་པ་དང ། ཕྱིར་མི་ལྡོག་པའི་བཟོད་པ་ཐོབ་པ་དང ། ཕྱིར་མི་ལྡོག་པའི་གཟུངས་ཐོབ་པ་དང ། ཆོས་ཀྱི་བཟོད་པ་ཐོབ་པ་དང ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་ཏེ། ཏིང་ངེ་འཛིན་ཚད་མེད་པ་ཐོབ་པ་འདི་དག་གིས་ནི་ཐེག་པ་ཆེན་པོའི་མདོ་སྡེ་ལ་ནམ་དུའང་ཐེ་ཚོམ་མི་འབྱུང་ཞིང ། དཀོན་མཆོག་གསུམ་མཚན་ཉིད་གཅིག་པ་དང ། རྟག་པ་དང ། གནས་པ་དང ། མི་འགྱུར་མི་འཕོ་བ་རྣམ་པར་འབྱེད་ཅིང་སྟོན་པ་ལའང་ཤིན་ཏུ་མཁས་ཏེ། བསམ་གྱིས་མི་ཁྱབ་པའི་ཆོས་ཐོས་ན་ཡང་ངོ་མཚར་རྨད་དུ་མི་འཛིན་ལ། སྟོང་པ་ཉིད་རྣམ་པ་མང་པོ་ཐོས་ཀྱང་སེམས་མི་ཞུམ་མི་སྐྲག་པས་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱང་མངོན་དུ་རྟོགས་པར་བགྱིད། མདོ་སྡེ་བཅུ་གཉིས་ཀྱང་འཛིན་ཅིང་དོན་ལའང་ཤིན་ཏུ་མཁས་ཏེ། དེ་མ་ལགས་པ་སངས་རྒྱས་ཚད་མེད་པ་སྙེད་ཀྱི་མདོ་སྡེ་གསུང་རབ་བཅུ་གཉིས་ཀྱང་འཛིན་ནུས་པ་མཆིས་ན་ཅིའི་སླད་དུ་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་མི་ནུས་སྙམ་དགོངས་ནས་ཀཽཎྜི་ཎྱ་ལ་དགེ་སློང་དགའ་བོ་ག་རེ་ཞེས་བཀའ་སྩལ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ལེགས་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུངས་ཤིག་།རིགས་ཀྱི་བུ། ང་མངོན་པར་སངས་རྒྱས་ནས་ལོ་སུམ་ཅུ་ལྷག་ལོན་ཏེ། རྒྱལ་
Kha467a
༄#། །པོའི་ཁབ་ན་བཞུགས་པ་ན་དེའི་ཚེ་དེའི་དུས་ན་ངས་དགེ་སློང་རྣམ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། དགེ་སློང་དག་ཁྱེད་སུ་ཞིག་གིས་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་བཅུ་གཉིས་འཛིན་ཅིང་ངའི་གཡོག་ཀྱང་བྱེད་ལ། བདག་གི་དོན་ཡང་བྱེད་ནུས་ཞེས་བཀའ་སྩལ་པ་ན། འཁོར་གྱི་ནང་ན་ཚེ་དང་ལྡན་པ་ཀུན་ཤེས་ཀཽ་ཎཌི་ཎྱས་ང་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གིས་ནི་དེ་བཞིན་གཤེགས་པས་གསུངས་པའི་གསུང་རབ་བཅུ་གཉིས་འཛིན་ཅིང ། དེ་བཞིན་གཤེགས་པས་མཛད་པའི་གཡོག་དང ། བདག་གི་དོན་ཀྱང་བགྱིད་ནུས་སོ་ཞེས་གསོལ་ཏོ། །དེ་ལ་ངས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཎྜི་ཎྱ་ཁྱོད་ཉིད་ཀྱང་རྒས་འཁོགས་ཏེ། གཡོག་སྦྱིན་དགོས་ན་ཁྱོད་ཀྱིས་ངའི་གཡོག་ཇི་ལྟར་བྱ། དེ་ནས་ཤཱ་རིའི་བུས་གསོལ་བ། བདག་གིས་ནི་གསུང་རབ་ཐམས་ཅད་འཛིན་ཅིང་མཛད་པ་ཐམས་ཅད་ཀྱི་གཡོག་ཀྱང་བགྱིད་ལ། བདག་གི་དོན་ཡང་བགྱིད་ནུས་སོ་ཞེས་གསོལ་ཏོ། །དེའི་ཚེ་ཤཱ་རིའི་བུ་ལའང་ཁྱོད་ཉིད་ཀྱང་རྒས་འཁོགས་ཏེ་གཡོག་དགོས་ན། ངའི་གཡོག་ཇི་ལྟར་བྱ་ཞེས་བཀའ་སྩལ་པ་ནས་དགྲ་བཅོམ་པ་ལྔ་བརྒྱའི་བར་དུ་གསོལ་ནས་ངས་མ་གནང་བ་ནི་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །དེའི་ཚེ་མཽངྒལ་ཡ་ན་འཁོར་དེའི་ནང་དུ་འདུས་
Kha467b
པར་གྱུར་ཏེ། དེ་ཡིད་ལ་འདི་སྙམ་དུ་བསམས་སོ། །དེ་བཞིན་གཤེགས་པས་དགེ་སློང་ལྔ་བརྒྱ་བོ་གང་ཡང་གཡོག་ཏུ་མ་གནང་ན། བཅོམ་ལྡན་འདས། ཐུགས་གང་ལ་དད་སྙམ་བསམས་ཏེ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ན་དེ་བཞིན་གཤེགས་པའི་ཐུགས་དགའ་བོ་ལ་དགྱེས་པ་ནི་ཇི་ལྟར་ཉི་མ་ཐོག་མ་ཤར་ན་ནུབ་ཕྱོགས་ཀྱི་རྩིག་ངོས་ལ་སྣང་བ་དང་འདྲ་བར་སེམས་ཀྱིས་རྟོགས་ནས་ཏིང་ངེ་འཛིན་ལས་ལངས་ཏེ། ཀཽ་ཎྜི་ཎྱ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ། བདག་གིས་བརྟགས་ན་དེ་བཞིན་གཤེགས་པ་ནི་ཞམ་རིང་དུ་དགའ་བོ་དགྱེས་སོ། །དེ་ནས་ཀཽ་ཎྜི་ཎྱ་དགྲ་བཅོམ་པ་ལྔ་བརྒྱ་དང་བཅས་ཏེ་དགའ་བོ་གང་ན་བར་སོང་ནས་དགའ་པོ་ལ་འདི་སྐད་ཅེས་སྨྲས་སོ། །དགའ་བོ་ཁྱོད་དེ་བཞིན་གཤེགས་པའི་ཞམ་རིང་དུ་བསྐོས་ཀྱི། བཟོད་པ་ལོང་ཞིག། དགའ་བོས་སྨྲས་པ། བཙུན་པ། བདག་གིས་ནི་དེ་བཞིན་གཤེགས་པའི་ཞམ་རིང་བགྱིད་པའི་རྔོ་མི་ཐོགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་སེང་གེའི་རྒྱལ་པོའམ། ཀླུའམ། མེ་ལྟ་བུར་བྱིན་ཆེ་བ་ལགས་ཏེ། བདག་ནི་ཤིན་ཏུའང་ཞན་པས་ཞམ་རིང་བགྱིད་པའི་རྔོ་མི་ཐོགས་སོ། །དགེ་སློང་རྣམས་ཀྱིས་སྨྲས་པ། དགའ་བོ་ཁྱོད་ངེད་ཀྱིས་བསྒོ་བ་བཞིན་དུ་དེ་བཞིན་གཤེགས་པའི་ཞམ་རིང་གྱིས་ཤིག་།ཕན་པ་དང་བདེ་བ་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་ལན་གཉིས་ལན་གསུམ་གྱི་བར་དུ་བསྒོའོ། །ཡང་
Kha468a
༄#། །དགའ་བོས་སྨྲས་པ། བཙུན་པ། བདག་ནི་ཕན་པ་དང་བདེ་བ་ཆེན་པོའང་མི་འཚལ་ཏེ། དེ་བཞིན་གཤེགས་པའི་ཞམ་རིང་ཡང་རྡོ་མི་ཐོགས་སོ་ཞེས་སྨྲས་སོ། །དེ་ནས་མཽངྒལ་གྱིས་དགའ་བོ་ལ་སྨྲས་པ། ཁྱོད་མི་ཤེས་སོ། །དགའ་བོས་སྨྲས་པ། བཙུན་པ། བདག་ལ་བསྟན་དུ་གསོལ། །མོངྒལ་གྱིས་སྨྲས་པ། དེ་བཞིན་གཤེགས་པས་སྔར་དགེ་འདུན་གྱི་ནང་ན་ཞམ་རིང་བ་བཏུས་ན་དགྲ་བཅོམ་པ་ལྔ་བརྒྱས་ཞམ་རིང་དུ་གསོལ་ཀྱང ། དེ་བཞིན་གཤེགས་པས་མ་གནང་སྟེ། བདག་གིས་ཏིང་ངེ་འཛིན་དུ་ཞུགས་ཏེ་བལྟས་ན། དེ་བཞིན་གཤེགས་པའི་ཐུགས་ཁྱོད་ལ་དགྱེས་པར་རྟོགས་ན། ཁྱོད་ཅིའི་ཕྱིར་མི་བཏུབ། དགའ་བོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ཐལ་མོ་སྦྱར་ཏེ་པུས་མོ་བཙུགས་ནས་འདི་སྐད་ཅེས་སྨྲས་སོ། །བཙུན་པ། ཇི་སྟེ་དེ་ལྟ་བུ་ཞིག་ལགས་ན། དེ་བཞིན་གཤེགས་པས་བདག་གིས་གསོལ་པ་རྣམ་གསུམ་ཞིག་གནང་ན། བདག་གིས་དགེ་འདུན་གྱི་བཀའ་བཞིན་དུ་དེ་བཞིན་གཤེགས་པའི་ཞམ་རིང་བགྱིའོ་ཞེས་སྨྲས་སོ། །མཽངྒལ་གྱིས་སྨྲས་པ། ཁྱོད་ཅི་དང་ཅི་འདོད། དགའ་བོས་སྨྲས་པ། བདག་གིས་འདོད་པ་གསུམ་ནི་ཇི་སྟེ་དེ་བཞིན་གཤེགས་པས་ན་བཟའ་རྙིང་པ་བདག་ལ་སྩལ་ན་བདག་མི་འཚལ་དུ་གནང་བ་དང ། ཇི་སྟེ་དེ་བཞིན་གཤེགས་པ་སྦྱིན་བདག་གི་དེར་གཤེགས་ན་
Kha468b
བདག་མི་མཆི་བ་དང ། བདག་དུས་མ་མཆིས་པར་གང་ཡང་མཆི་བར་གནང་ན། བདག་གིས་དགེ་འདུན་གྱི་བཀའ་བཞིན་དུ་དེ་བཞིན་གཤེགས་པའི་གཡོག་བགྱིའོ། །དེ་ནས་ཀཽ་ཎྜི་ཎྱ་དང ། དགེ་སློང་ལྔ་བརྒྱ་པོ་རྣམས་ཕྱིར་ང་གང་ན་བར་ལྷགས་ནས་ང་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་གིས་དགེ་སློང་དགའ་བོ་ལ་བསྒོ་ན། སྨོན་པ་རྣམ་པ་འདི་གསུམ་གནང་ན་བདག་གིས་དགེ་འདུན་གྱི་བཀའ་བཞིན་དུ་བགྱིའོ་ཞེས་མཆིའོ། །འཇམ་དཔལ། ངས་དེའི་ཚེ་ན་དགའ་བོ་ལ་ཤིན་ཏུ་ལེགས་སོ། །ལེགས་སོ་ཞེས་བྱ་བ་བྱིན་ནོ། །དགེ་སློང་དགའ་བོ་ནི་ཤེས་རབ་དང་ལྡན་པས་དཔྱས་སུ་འགྱུར་བ་སྔ་ནས་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་དག་ཁྱོད་ནི་གོས་དང་ཟས་ཀྱི་ཕྱིར་དེ་བཞིན་གཤེགས་པའི་གཡོག་བྱེད་དོ་ཞེས་སྨྲ་བར་གྱུར་ཏེ། དེ་བས་ན་ན་བཟའ་རྙིང་པ་མི་འདོད་ཅིང་མགྲོན་དུ་མི་འགྲོའོ་ཞེས་སྨྲས་པ་ཡིན་ནོ། ཀཽ་ཎྜི་ཎྱས་དགེ་སློང་དགའ་བོ་ནི་ཤེས་རབ་དང་ལྡན་པས་ཇི་སྟེ་འགྲོ་བ་ལ་དུས་དང་ཚོད་བཟུང་ན། འཁོར་བཞི་པོ་ལ་ཕན་པ་དང་བདེ་བའི་དོན་རྒྱས་པར་བྱེད་མི་ནུས་ཏེ། དེ་བས་ན་འགྲོ་བ་ལ་དུས་མེད་པར་གསོལ་པ་ཡིན་ནོ། །ཀཽ་ཎྜི་ཎྱ། ངས་ནི་དགེ་སློང་དགའ་བོས་གསོལ་པ་རྣམ་པ་གསུམ་པོ་ཡིད་བཞིན་དུ་གནང་ངོ ། །དེ་ནས་མཽངྒལ་ཕྱིར་དགེ་སློང་དགའ་བོའི་གྲན་དུ་སོང་སྟེ། དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱིས་གསོལ་པ་རྣམ་པ་གསུམ་པོ་ཁོ་བོས་
Kha469a
༄#། །གསོལ་ནས་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོས་ཐམས་ཅད་གནང་ངོ ། །དགའ་བོས་སྨྲས་པ། བཙུན་པ། གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་གཡོག་བགྱིའོ་ཞེས་སྨྲས་སོ། །འཇམ་དཔལ། དགའ་བོས་ངའི་གཡོག་ལོ་ཉི་ཤུ་ལྷག་ཅིག་བྱས་ཏེ་བསམ་གྱིས་མི་ཁྱབ་པ་རྣམ་པ་བརྒྱད་དང་ལྡན་ནོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ། ལོ་ཉི་ཤུ་ལྷག་གི་བར་དུ་ངའི་གཡོག་བྱས་ཀྱང་ངའི་ཕྱི་བཞིན་མགྲོན་དུ་མི་འགྲོ་བ་ཡིན། ངའི་གཡོག་བྱས་ནས་དེ་ཙམ་གྱི་བར་དུ་ན་བཟའ་རྙིང་པ་མི་འདོད་པ་ཡིན། ངའི་གཡོག་བྱས་ནས་ངའི་དྲུང་དུ་འོང་བ་ན་དུས་མ་ཡིན་པར་མི་འོང་བ་ཡིན། ངའི་གཡོག་བྱེད་དེ་ཉོན་མོངས་པ་དང་ལྡན་ཡང་ངའི་ཞམ་རིང་དུ་རྒྱལ་པོའི་ཕོ་བྲང་དང ། རིགས་ཆེན་པོ་བཙུན་པའི་གནས་སུ་ཕྱིན་ཏེ། བུ་མོ་བཟང་མོ་དང་ལྷ་དང་ཀླུའི་བུ་མོ་མཐོང་ཡང་འདོད་པའི་སེམས་མི་སྐྱེ་བ་ཡིན། ངའི་གཡོག་བྱས་ནས་ངས་གསུངས་པའི་མདོ་སྡེ་བཅུ་གཉིས་བཟུང་ནས་ལན་གཅིག་ཐོས་ནས་ཕྱིར་འདྲི་མི་སྲིད་དེ། ཇི་ལྟར་སྣོད་གཅིག་གི་ནང་ན་ཆུ་ཡོད་པ་སྣོད་གཅིག་གི་ནང་དུ་བྱོ་བ་དང་འདྲ་བ་ཡིན་ཏེ། འདྲི་བ་གཅིག་མ་གཏོགས་པ་ནི་རྒྱལ་ཚབ་བེ་རོ་ཞེས་བྱ་བས་ཤཱཀྱ་རིགས་བསད་ནས་གྲོང་ཁྱེར་སེར་སྐྱ་བ་ཤིག་པ་ན། དགའ་བོ་དེའི་ཚེ་ཤིན་ཏུ་མི་དགའ་ནས་སྐད་ཆེན་པོར་ངུས་ཏེ་ང་གང་ན་བར་འོང་ནས་
Kha469b
ང་ལ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པའང་གྲོང་ཁྱེར་འདིར་བལྟམས་ལ། བདག་ཀྱང་འདིར་བཙས་ཏེ། ཤཱཀྱ་རིགས་སུ་མཐུན་ན་ཅིའི་སླད་དུ་དེ་བཞིན་གཤེགས་པ་ནི་མདངས་ཡོད་པའི་འོད་ཅན་དུ་གྱུར་ལ། བདག་ནི་མདངས་མ་མཆིས་པར་གྱུར་ཅེས་གསོལ་ནས། ངས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། དགའ་བོ། ང་ནི་སྟོང་པའི་ཏིང་ངེ་འཛིན་ལ་ནན་ཏན་མཛད་པས་ཁྱོད་དང་མི་འདྲ་བ་ཡིན་ནོ། །དེ་ནས་ལོ་གསུམ་འདས་ནས་ཕྱིར་ང་ལ་འདི་སྐད་ཅེས་ཞུས་སོ། །བཅོམ་ལྡན་འདས། བདག་སྔོན་གྲོང་ཁྱེར་སེར་སྐྱར་དེ་བཞིན་གཤེགས་པ་ལ་སྟོང་པའི་ཏིང་ངེ་འཛིན་ཞུས་པ་བདེན་ནམ་རྫུན་ཞེས་ཞུས་ནས་ངས་དགའ་བོ་ལ་དེ་དེ་བཞིན་ནོ། །དེ་དེ་བཞིན་ནོ། །ཞེས་བཀའ་སྩལ་བ་ཡིན། ངའི་གཡོག་བྱས་ནས་ཕ་རོལ་གྱི་སེམས་ཤེས་པའི་ཡེ་ཤེས་མ་ཐོབ་མོད་ཀྱི། དེ་བཞིན་གཤེགས་པ་ཏིང་ངེ་འཛིན་གང་ལ་བཞུགས་པ་ཤེས་པ་ཡིན། ངའི་གཡོག་བྱས་ནས་སྨོན་ལམ་གྱི་ཡེ་ཤེས་མ་ཐོབ་མོད་ཀྱི། སེམས་ཅན་གང་དེ་བཞིན་གཤེགས་པའི་སྤྱན་སྔར་ཕྱིན་ན་དགེ་སྦྱོང་གི་འབྲས་བུ་མངོན་སུམ་དུ་ཐོབ་པ་དང ། ཕྱིས་ཐོབ་པར་འགྱུར་བ་དང ། ལྷ་དང་མིའི་ལུས་གང་གིས་ཐོབ་པ་མངོན་སུམ་དུ་རྟོགས་པ་ཡིན། ངའི་གཡོག་བྱས་ནས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ཐམས་ཅད་ཁོང་དུ་ཆུད་ཅིང་རྟོགས་པ་ཡིན་ནོ། །རིགས་ཀྱི་བུ། དགེ་སློང་དགའ་བོ་ནི་དེ་ལྟར་
Kha470a
༄#། །བསམ་གྱིས་མི་ཁྱབ་པའི་ཆོས་བརྒྱད་དང་ལྡན་ཏེ། དེ་བས་ན་དགེ་སློང་དགའ་བོ་ནི་མང་དུ་ཐོས་པའི་མཛོད་ཡིན་ནོ་ཞེས་གྲགས་སོ། །རིགས་ཀྱི་བུ། དགེ་སློང་དགའ་བོ་ནི་ཆོས་རྣམ་པ་བརྒྱད་དང་ལྡན་པས་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་བཅུ་གཉིས་འཛིན་པར་འགྱུར་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། དད་པའི་དབང་པོ་ཤིན་ཏུ་བརྟན་པ་དང ། ཤིན་ཏུ་དྲང་བ་དང ། ལུས་ལ་ནད་མེད་པ་དང ། བརྩོན་འགྲུས་དང་ལྡན་པ་དང ། དྲན་པ་དང་ལྡན་པ་དང ། ང་རྒྱལ་མེད་པ་དང ། ཏིང་ངེ་འཛིན་དང་ཤེས་རབ་ཏུ་ལྡན་པ་དང ། ཐོས་པ་ལས་ཤེས་རབ་སྐྱེ་བ་དང་ལྡན་པ་ཡིན་ཏེ། འཇམ་དཔལ། སངས་རྒྱས་རྣམ་པར་གཟིགས་ཀྱི་ཉེ་གནས་མྱ་ངན་མེད་ཅེས་བྱ་བའང་འདི་བཞིན་དུ་ཆོས་བརྒྱད་དང་ལྡན་ནོ། །དེ་བཞིན་གཤེགས་པ་གཙུག་ཏོར་ཅན་གྱི་ཉེ་གནས་ཙ་པ་ཀ་ལ་དང ། སངས་རྒྱས་ཐམས་ཅད་སྐྱོབ་ཀྱི་ཉེ་གནས་ཨུ་པ་ཤནྟ་དང ། སངས་རྒྱས་ལོག་པར་དད་སེལ་གྱི་ཉེ་གནས་པ་ཏེ་ཞེས་བྱ་བ་དང ། སངས་རྒྱས་གསེར་ཐུབ་བསོད་སྐྱབས་ཀྱི་ཉེ་གནས་སོ་ཏེ་ཞེས་བྱ་བ་དང ། སངས་རྒྱས་འོད་སྲུང་གི་ཉེ་གནས་ཡ་བ་མི་ཏ་ཞེས་བྱ་བའང་ཐམས་ཅད་ཆོས་བརྒྱད་དང་ལྡན་ཏེ། ད་ལྟར་ངའི་དགའ་བོའང་ཆོས་བརྒྱད་དང་ལྡན་ནོ། །དེ་བས་ན་དགེ་སློང་དགའ་བོ་ནི་མང་དུ་ཐོས་པའི་མཛོད་
Kha470b
ཅེས་གྲགས་སོ། །རིགས་ཀྱི་བུ་ཁྱོད་སྨྲ་བ་ལྟར་འཁོར་གྱི་དཀྱིལ་འཁོར་འདི་ན་བྱང་ཆུབ་སེམས་དཔའ་ཚད་མེད། མཐའ་ཡས་པ་ཞིག་འདུས་མོད་ཀྱི། བྱང་ཆུབ་སེམས་དཔའ་དེ་དག་ཀྱང་བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོས་བྱེད་དཀའ་བ་བྱེད་དེ། དེ་ལྟར་བྱམས་པ་དང ། སྙིང་རྗེའི་དབང་གིས་སོ་སོ་ན་ལས་ཡོད་ལ། འཁོར་རྣམས་གདུལ་བ་དང ། བདག་གི་ལུས་བརྒྱན་པའི་ལས་བྱེད་དེ། དེ་བས་ན་ང་ཡོངས་སུ་མྱ་ངན་ལས་འདས་ན་མདོ་སྡེ་སྡེ་བཅུ་གཉིས་རྒྱས་པར་སྒྲོགས་མི་ནུས་སོ། །ཇི་སྟེ་བྱང་ཆུབ་སེམས་དཔས་བར་བར་སྒྲོགས་ནའང་གཞན་དག་ཡིད་མི་ཆེས་སོ། །འཇམ་དཔལ། དགེ་སློང་དགའ་བོ་ནི་ངའི་གཅུང་ཡིན་ཏེ། ལོ་ཉི་ཤུ་ལྷག་གི་བར་དུ་ངའི་གཡོག་བྱས་ནས་ཅི་ཐོས་པ་ཐམས་ཅད་ཡོངས་སུ་འཛིན་པ་ནི་ཇི་ལྟར་སྣོད་གཅིག་གི་ཆུ་གཅིག་གི་ནང་དུ་བྱོ་བ་བཞིན་ནོ། །དེ་བས་ན་ངས་དགའ་བོ་ག་རེ་ཞེས་དྲིས་ཏེ། ཡོངས་སུ་མྱ་ངན་ལས་འདའ་བའི་མདོ་སྡེ་འདི་འཛིན་དུ་གཞུག་པའི་ཕྱིར་བོས་སོ། །དགེ་སློང་དགའ་བོས་གང་མ་ཐོས་པའི་རྣམས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ལ་ཤིན་ཏུ་རྒྱས་པར་སྟོན་ཏེ། དགའ་བོས་ཅི་ཐོས་པ་ཐམས་ཅད་ཁོང་དུ་ཆུད་ཅིང་རྟོགས་པར་འགྱུར་རོ། །འཇམ་དཔལ། དགེ་སློང་དགའ་བོ་ནི་ད་ལྟར་འདི་ནས་དཔག་ཚད་བཅུ་གཉིས་ཀྱི་ཕ་རོལ་གནས་གཞན་ཞིག་ན་བདུད་དྲུག་ཁྲི་བཞི་སྟོང་སྙེད་ཀྱིས་རྣམ་པར་གཙེ་ཞིང་འདུག་
Kha471a
༄#། །གི་།ཁྱོད་སོང་ལ་སྐད་ཆེན་པོས་བདུད་རྣམས་ལ་ལེགས་པར་ཉོན་ཅིག་།ལེགས་པར་ཉོན་ཅིག་།དེ་བཞིན་གཤེགས་པས་གསུངས་པའི་གཟུངས་ཆེན་པོ་འདི་ཡིན་ནོ་ཞེས་བསྒོ་ཞིག་།ལྷ་དང ། ཀླུ་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང ། མི་མ་ཡིན་པ་དང་།རིའི་ལྷ་དང ། ཤིང་གི་ལྷ་དང ། ཆུའི་ལྷ་དང ། རྒྱ་མཚོའི་ལྷ་དང ། ཁྱིམ་གྱི་ལྷ་ལ་སོགས་ཏེ། ལྷ་ཐམས་ཅད་ཀྱིས་གཟུངས་ཀྱི་མིང་འདི་ཐོས་པ་ཙམ་གྱིས་བསྟི་སྟང་མི་བྱེད་པའམ། གཟུངས་ཀྱི་མིང་མི་འཛིན་པ་གང་ཡང་མེད་དོ། །གཟུངས་འདི་ནི་སངས་རྒྱས་གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱིས་གསུངས་ཏེ། བུད་མེད་ཀྱི་ལུས་སྤོང་ཞིང་སྔོན་གྱི་གནས་དྲན་པར་འགྱུར་རོ། །གལ་ཏེ་ཚངས་པར་སྤྱོད་པ་དང ། ཤ་མི་ཟ་བ་དང ། ཆང་མི་འཐུང་བ་དང ། དཀུ་བག་མི་ཟ་བ་དང ། གནས་དབེན་པ་ལ་དགའ་བ་དང ། རྣམ་པ་འདི་ལྔ་ལྟར་བྱས་ཏེ། དད་པའི་སེམས་ཀྱིས་གཟུངས་འདི་ཀློག་གམ། འདོན་ཏམ། གླེགས་བམ་དུ་འདྲི་ན་གང་ཟག་དེས་ནི་སྡིག་པ་མི་དགེ་བའི་ལས་ཁྲག་ཁྲིག་བདུན་ཅུ་རྩ་བདུན་ལས་འདས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔགས་ལ། ཨ་མ་ལེ། བི་མ་ལེ། ནི་རྨ་ལེ། མུ་ག་ལེ། ཧེ་མ་ལ་ཛ་གརྦེ། ས་མནྟ་
Kha471b
བྷ་དྲེ། ཤ་བ་ཐ་ས་དནྣེ། པ་ར་མ་ཨརྠ་སཱ་དྷ་ཎེ། མ་ན་སེ། ཨ་ཤུདྡྷེ། བི་ལ་གི་། མ་ལེ་ཏེ། བ་ལམྨི། བ་ལམྦ་སཝ་རེ། པུ་ཎྱེ་པུ་ཎྱེ། མ་མོ་ལ་དཻ། དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལས་གཟུངས་དེ་མ་ནོས་ནས་དགའ་བོ་གང་ན་བར་སོང་སྟེ། བདུད་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །བདུད་ཀྱི་འཁོར་ཁྱོད་ལེགས་པར་ཉོན་ཅིག་ངས་བཅོམ་ལྡན་འདས་ལས་མནོས་པའི་གཟུངས་བརྗོད་པར་བྱའོ་ཞེས་སྨྲས་སོ། །བདུད་ཀྱི་རྒྱལ་པོས་གཟུངས་འདི་ཐོས་མ་ཐག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བདུད་ཀྱི་ལས་ཡོངས་སུ་སྤངས་ནས་དགའ་བོའང་བཏང་ངོ ། །འཇམ་དཔལ་གཞོན་ནུ་དགའ་བོ་དང་བཅས་ཏེ་ཕྱིར་སངས་རྒྱས་གང་ན་བར་འོངས་ནས་ཕྱིན་པ་དང ། དགའ་བོས་སངས་རྒྱས་ལ་ཕྱག་བཙལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤིང་སཱ་ལའི་ཚལ་གྱི་ཕྱི་རོལ་ན་ཀུན་ཏུ་རྒྱུ་ཤིན་ཏུ་བཟང་པོ་ཞེས་བྱ་བ་ལོ་བརྒྱ་ཉི་ཤུ་ལོན་ཏེ་རྒས་ཤིང་འཁོགས་པ། མངོན་པར་ཤེས་པ་ལྔ་ཐོབ་ཀྱང་ང་རྒྱལ་མ་བཏང་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟེང་གི་ཏིང་ངེ་འཛིན་ཐོབ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་བཟུང་སྟེ། མྱ་ངན་ལས་འདའ་བར་འདུ་ཤེས་སོ། །ཁྱོད་སོང་ལ་ཤིན་ཏུ་བཟང་པོ་ལ་འདི་སྐད་ཅེས་བསྒོ་
Kha472a
༄#། །ཞིག་།དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་བ་ནི་མེ་ཏོག་ཨུ་དུམྦ་ར་དང་འདྲ་སྟེ། དོ་ནུབ་ནམ་གྱི་གུང་ལ་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་ཀྱི། བྱ་བ་ཡོད་ན་དུས་ལ་བབ་ཀྱི། ཕྱིས་འགྱོད་པའི་སེམས་སྐྱེས་ས་རེ་ཞེས་གྱིས་ཤིག་།དགའ་བོ་ཁྱོད་ཀྱིས་བསྒོ་ན་གདོན་མི་ཟ་བར་ཉན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཁྱོད་སྔོན་སྐྱེ་བ་ལྔ་བརྒྱའི་བར་དུ་ཤིན་ཏུ་བཟང་པོའི་བུར་སྐྱེས་ཏེ། དགའ་ཞིང་འདོད་པའི་བག་ཆགས་ད་དུང་མ་ཟད་པས། དེ་བས་ན་ཁྱོད་ཀྱིས་བསྒོ་བའི་ཚིག་ཉན་པར་འགྱུར་རོ། ། དེ་ནས་དགའ་བོ་སངས་རྒྱས་ཀྱི་བཀའ་བཞིན་དུ་ཤིན་ཏུ་བཟང་པོ་གང་ན་བར་སོང་ནས་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ། འདི་ལྟར་རིག་པར་གྱིས་ཤིག་།དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་བ་ནི་མེ་ཏོག་ཨུ་དུམྦ་ར་དང་འདྲ་སྟེ། དོ་ནུབ་ནམ་གྱི་གུང་ལ་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་ཀྱི། བྱ་བ་ཅི་ཡོད་པ་ད་དུས་ལ་བབ་ཀྱི། ཕྱིས་འགྱོད་པ་མེད་པར་བྱའོ། །ཤིན་ཏུ་བཟང་པོས་སྨྲས་པ། ལེགས་སོ། དགའ་བོ། བདག་དེ་བཞིན་གཤེགས་པ་གང་ན་བར་འགྲོའོ། །དེ་ནས་དགའ་བོ་ཤིན་ཏུ་བཟང་པོ་དང་འགྲོགས་ཏེ། སངས་རྒྱས་གང་ན་བར་འོངས་ནས་ཤིན་ཏུ་བཟང་པོས་སངས་རྒྱས་ལ་སྙུན་གསོལ་ནས་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ། བདག་གིས་ཞུ་བ་ཞུ་ན་།བདག་གིས་
Kha472b
བསམས་པ་བཞིན་དུ་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་བཟང་པོ། དུས་ལ་བབ་ཀྱི། ཅི་དང་ཅི་འདོད་པ་དྲིས་ཤིག་དང ། ངས་དེ་དང་དེའི་ལན་སྨྲ་བར་བྱའོ། །གསོལ་པ། གཽ་ཏ་མ། དགེ་སྦྱོང་དང་བྲམ་ཟེ་དག་འདི་སྐད་སྨྲ་བ་མཆིས་སོ། །སེམས་ཅན་ཐམས་ཅད་སྡུག་བསྔལ་བ་དང་བདེ་བ་མྱོང་བ་ནི་ཐམས་ཅད་ཀྱང་སྔོན་གྱི་ལས་ལགས་ཏེ། དེ་བས་ན་གལ་ཏེ་ཚུལ་ཁྲིམས་བསྲུང་བ་ལ་བརྩོན་ཞིང་ལུས་དང་སེམས་སྡུག་བསྔལ་བར་གྱུར་ན། སྔོན་གྱི་ལས་ཟད་པར་འགྱུར་རོ། །སྔོན་གྱི་ལས་ཟད་ན་སྡུག་བསྔལ་ཟད་པར་འགྱུར་རོ། །སྡུག་བསྔལ་ཟད་ན་མྱ་ངན་ལས་འདའོ་ཞེས་མཆི་བའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གལ་ཏེ་དགེ་སྦྱོང་ངམ། བྲམ་ཟེ་དག་དེ་སྐད་ཅེས་སྨྲ་བ་ཡོད་ན། དེ་ལ་ཐུགས་བརྩེ་བའི་ཕྱིར་ཡང་དང་ཡང་དེའི་དྲུང་དུ་གཤེགས་ནས་དེ་ལ་ཁྱོད་འདི་སྐད་ཅེས་སྨྲ་བ་བདེན་ནམ་ཞེས་དྲིས་ཏེ། དེས་བདག་དེ་སྐད་ཅེས་སྨྲས་པ་བདེན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཽ་ཏ་མ། བདག་གིས་མངོན་དུ་མཐོང་སྟེ། སེམས་ཅན་ཁ་ཅིག་སྡིག་པ་མི་དགེ་བའི་ཆོས་བྱེད་ལ་ལོངས་སྤྱོད་དང་དབང་དུ་ལྡན་པ་ཡོད་དོ། །ཁ་ཅིག་ནི་དགེ་བའི་\?\་ལས་བྱེད་ཀྱང་དབུལ་ཕོངས་ཏེ་དབང་དང་མི་ལྡན་ནོ། །ཁ་ཅིག་ནི་ལས་མང་དུ་བྱས་ཀྱང་ནོར་མི་ཐོབ་ལ། ཁ་ཅིག་ནི་མ་བསྒྲུབས་ཀྱང་རང་ཐོབ་བོ། །ཁ་ཅིག་ནི་བྱམས་
Kha473a
༄#། །པའི་སེམས་དང་ལྡན་ཏེ་སྲོག་མི་གཅོད་ཀྱང་ཚེ་ཐུང་ལ། ཁ་ཅིག་ནི་སྲོག་གཅོད་པ་ལ་དགའ་ཡང་ཚེ་མཐར་ཕྱིན་པ་ཡོད་དོ། །ཁ་ཅིག་ནི་ཚངས་པར་སྤྱོད་པ་ཡོངས་སུ་དག་ཅིང་ཚུལ་ཁྲིམས་བསྲུང་བ་ལ་བརྩོན་པ་རྣམ་པར་གྲོལ་བ་ཐོབ་པ་དང་མི་ཐོབ་པའང་ཡོད་དེ། དེ་བས་ན་བདག་གིས་སེམས་ཅན་ཐམས་ཅད་སྡུག་བསྔལ་བ་དང ། བདེ་བ་མྱོང་བ་ནི་སྔོན་གྱི་ལས་ཀྱི་རྒྱུ་དང་རྐྱེན་ཡིན་ནོ་ཞེས་སྨྲ་ན། ཤིན་ཏུ་བཟང་པོ། དེ་ལ་ངས་ཡང་འདི་སྐད་ཅེས་འདྲིའོ། །ཁྱོད་ཀྱིས་འདས་པའི་ལས་ཡང་དག་པར་མཐོང་ངམ། གལ་ཏེ་ལས་ཡོད་པ་ཞིག་ཡིན་ན་མང་ངམ་ཉུང ། ད་ལྟར་དཀའ་ཐུབ་སྤྱོད་པས་ཇི་ཙམ་ཞིག་མེད་པར་འགྱུར། ལས་དེ་ཟད་པར་འགྱུར་བ་ཞིག་གམ། ཟད་པར་མི་འགྱུར་ལས་དེ་ཟད་པར་འགྱུར་ན་ཐམས་ཅད་ཟད་དམ་ཞེས་འདྲིའོ། །ཇི་སྟེ་དེས་ང་ལ་མི་ཤེས་སོ་ཞེས་སྨྲ་ན། ངས་དེའི་ཕྱིར་དཔེ་འདི་བཤད་པར་བྱའོ། །འདི་ལྟ་སྟེ། དཔེར་ན། མི་ཞིག་ལ་དུག་མདས་ཕོག་ན། དེའི་གཉེན་བཤེས་དག་མདའ་འབྱིན་པའི་སྨན་པ་བཙལ་ནས་མདའ་ཕྱུང་ན་དེའི་ལུས་རབ་ཏུ་བདེ་བར་འགྱུར་ཏེ། ཕྱིས་ལོ་བཅུ་ལོན་ཀྱང་སྨན་པ་དེས་མདའ་ཕྱུང་ནས་རྨ་ཁ་སྨན་གྱིས་བསྐུས་པས་སོས་པར་གྱུར་ཏེ་རབ་ཏུ་བདེ་བ་ཡིན་ནོ་སྙམ་གསལ་བར་དྲན་ནོ། །ཁྱོད་ཀྱིས་སྔོན་འདས་པའི་ལས་ཀྱང་མི་ཤེས་ན། ཇི་ལྟར་ད་
Kha473b
ལྟར་དཀའ་ཐུབ་སྤྱོད་པས་འདས་པའི་ལས་མེད་པར་བྱེད་ནུས་པར་ཤེས་ཞེས་འདྲིའོ། །གལ་ཏེ་དེས་ཡང་འདི་སྐད་དུ། གཽ་ཏ་མ་ཁྱོད་ལའང་འདས་པའི་ལས་ཡོད་ན། ང་ཡང་འབའ་ཞིག་གི་འདས་པའི་ལས་ལ་སྨད་དུ་ཅི་ཡོད། གཽ་ཏ་མས་གསུངས་པའི་མདོ་སྡེ་ལས་ཀྱང་འདི་སྐད་ཅེས་གསུངས་ཏེ། ཕྱུག་ཅིང་ལོངས་སྤྱོད་དང་ལྡན་ལ་དབང་ཆེ་བ་ཞིག་མཐོང་ན་འདི་ནི་སྔོན་སྦྱིན་པ་བྱས་པ་ཡིན་ནོ་ཞེས་བགྱི་བ་དེ་སྔོན་གྱི་ལས་མ་ཡིན་ནམ་ཞེས་སྨྲ་ན་ཡང ། དེ་ལ་ངས་འདི་སྐད་ཅེས་བྱའོ། །དེ་ནི་རྗེས་སུ་དཔག་པས་ཤེས་པ་ཡིན་གྱི། ཡང་དག་པར་ཤེས་པ་ཞེས་མི་བྱའོ། །ངའི་བསྟན་པ་ལ་ཁ་ཅིག་ནི་རྒྱུའི་དབང་གིས་འབྲས་བུ་ཤེས་ལ། ཁ་ཅིག་ནི་འབྲས་བུ་ལས་རྒྱུ་ཤེས་པའང་ཡོད་དོ། །སངས་རྒྱས་ཀྱིས་བསྟན་པ་ལ་ནི་འདས་པའི་ལས་ཀྱང་ཡོད་ལ། ད་ལྟར་གྱི་ལས་ཀྱང་ཡོད་དེ། ཁྱོད་ནི་དེ་ལྟ་མ་ཡིན་གྱི། འདས་པའི་ལས་འབའ་ཞིག་ཡོད་ལ། ད་ལྟར་གྱི་ལས་མེད་དོ། །ཁྱོད་ཀྱི་ཆོས་ནི་ཐབས་དང་སྦྱོར་བས་ལས་གཅོད་པ་མ་ཡིན་ཏེ། ངའི་བསྟན་པ་ནི་དེ་ལྟ་མ་ཡིན་གྱི། ཐབས་དང་སྦྱོར་བས་གཅོད་དོ། །ཁྱོད་ནི་ལས་ཟད་ན་སྡུག་བསྔལ་ཟད་ཅེས་ཟེར་ཏེ། ང་ནི་དེ་ལྟ་མ་ཡིན་གྱི། ཉོན་མོངས་པ་ཟད་ན་ལས་དང་སྡུག་བསྔལ་ཟད་པར་འགྱུར་ཏེ། དེ་བས་ན་ཁྱོད་ཀྱི་འདས་པའི་ལས་ལ་ང་སྨོད་པ་ཡིན་ནོ། །ཡང་འདི་སྐད་དུ་གཽ་ཏ་མ། བདག་ནི་མི་ཤེས་ཀྱི། སློབ་དཔོན་གྱིས་འདི་སྐད་དུ་བཤད་
Kha474a
༄#། །དེ་།བདག་མ་ཉེས་སོ་ཞེས་ཟེར་ན། ཡང་ངས་དེ་ལ་ཁྱོད་ཀྱི་སྟོན་པ་སུ་ཡིན་ཞེས་བྱའོ། །དེས་ངའི་སྟོན་པ་ནི་འོད་སྲུང་རྫོགས་བྱེད་ཡིན་ནོ་ཞེས་ཟེར་ན་།ཡང་ངས་དེ་ལ་ཁྱོད་ཀྱི་སྟོན་པ་ལ་འདས་པའི་ལས་ཤེས་སམ་ཞེས་ལེགས་པར་འདྲིན་ཅི་ཉེས་ཞེས་བྱའོ། །ཇི་སྟེ་ཁྱོད་ཀྱི་སྟོན་པ་མི་ཞེས་ཟེར་ན། ཁྱོད་དེའི་ཚིག་ཅིའི་ཕྱིར་ཉན། ཇི་སྟེ་ཤེས་ཞེས་སྨྲ་ན་ཡང་འདི་སྐད་འདྲིའོ། །སྡུག་བསྔལ་བའི་རྒྱུ་ཐ་མས་སྡུག་བསྔལ་རབ་དང་འབྲིང་མྱོང་བར་འགྱུར་རམ། སྡུག་བསྔལ་གྱི་རྒྱུ་འབྲིང་གིས་སྡུག་བསྔལ་ཐ་མ་དང་རབ་མྱོང་བར་འགྱུར་རམ། སྡུག་བསྔལ་གྱི་རྒྱུ་རབ་ཀྱིས་སྡུག་བསྔལ་འབྲིང་དང་ཐ་མར་འགྱུར་རམ་ཞེས་དྲི་སྟེ། ཇི་སྟེ་མི་འགྱུར་རོ་ཞེས་སྨྲ་ན་ཡང་འདི་སྐད་དུ། སྟོན་པ་ཁྱོད་ཅིའི་ཕྱིར་སྡུག་བསྔལ་དང་བདེ་བ་མྱོང་བ་ནི་འདས་པའི་འབའ་ཞིག་ཡིན་གྱི། ད་ལྟར་གྱི་མ་ཡིན་ནོ་ཞེས་སྨྲ་།ཡང་འདི་སྐད་དུ་ད་ལྟར་གྱི་སྡུག་བསྔལ་དེ་འདས་པའི་དུས་ཀྱི་ལས་ཡིན་ནམ་ཞེས་དྲིས་ཤིག་།ཇི་སྟེ་འདས་པའི་དུས་ནས་ཡོད་ན་འདས་པའི་ལས་ནི་ཐམས་ཅད་ཟད་པ་ཡིན་ནོ། །ཇི་སྟེ་ཐམས་ཅད་ཟད་པ་ཞིག་ཡིན་ན་ཅིའི་ཕྱིར་ད་ལྟར་གྱི་ལུས་འདིར་མྱོང་བར་འགྱུར། ཇི་སྟེ་འདས་པའི་དུས་ལ་མེད་ན་ད་ལྟར་གྱི་དུས་འབའ་ཞིག་ན་ཡོད་པ་ཞིག་ཡིན་ན། ཅིའི་ཕྱིར་སེམས་ཅན་རྣམས་ཀྱི་སྡུག་བསྔལ་དང་བདེ་བ་ནི་ཐམས་
Kha474b
ཅད་སྔོན་གྱི་ལས་ཡིན་ནོ་ཞེས་སྨྲ་།ཁྱོད་ཀྱིས་གལ་ཏེ་ད་ལྟར་དཀའ་ཐུབ་སྤྱོད་པས་འདས་པའི་ལས་མེད་པར་འགྱུར་ཞེ་ན། ད་ལྟར་གྱི་དཀའ་ཐུབ་ཀྱི་སྤྱོད་པ་ཅིས་མེད་པར་འགྱུར། མེད་པར་མི་འགྱུར་བ་ཞིག་ཡིན་ན་སྡུག་བསྔལ་ནི་རྟག་པར་འགྱུར་རོ། །སྡུག་བསྔལ་རྟག་པ་ཞིག་ཡིན་ན་ཅིའི་ཕྱིར་སྡུག་བསྔལ་ལས་རྣམ་པར་གྲོལ་ལོ་ཞེས་སྨྲ། །ཇི་སྟེ་སྤྱོད་པ་གཞན་ཞིག་གིས་དཀའ་ཐུབ་སྤྱོད་པ་མེད་པར་བྱེད་ན། འདས་པ་ནི་ཟད་པ་ཡིན་ན་ཇི་ལྟར་སྡུག་བསྔལ་ཡོད་པར་རུང ། སྐྱེས་བུ་དེ་ལྟར་དཀའ་ཐུབ་སྤྱོད་པ་དེ་བདེ་བའི་ལས་བྱས་པས་སྡུག་བསྔལ་གྱི་འབྲས་བུ་མྱོང་བར་འགྱུར་བ་ཡོད་དམ། སྡུག་བསྔལ་གྱི་ལས་བྱས་པས་བདེ་བའི་འབྲས་བུ་མྱོང་བར་འགྱུར་བ་ཡོད་དམ། སྡུག་བསྔལ་ཡང་མེད་བདེ་བའང་མེད་པའི་ལས་ཀྱིས་འབྲས་བུ་མི་མྱོང་བ་ཡོད་དམ། ད་ལྟར་གྱི་རྣམ་པར་སྨིན་པ་ལས་སྐྱེ་བའི་རྣམ་པར་སྨིན་པར་འགྱུར་བ་ཡོད་དམ། སྐྱེ་བའི་རྣམ་པར་སྨིན་པ་ལས་ད་ལྟར་གྱི་རྣམ་པར་སྨིན་པར་འགྱུར་བ་ཡོད་དམ། རྣམ་པར་སྨིན་པ་གཉིས་པོ་ལས་རྣམ་པར་སྨིན་པ་མེད་པར་འགྱུར་བ་ཡོད་དམ། ངེས་པར་རྣམ་པར་སྨིན་པ་ལས་རྣམ་པར་སྨིན་པ་མེད་པར་འགྱུར་བ་ཡོད་དམ། རྣམ་པར་སྨིན་པ་མེད་པ་ལས་ངེས་པར་རྣམ་པར་སྨིན་པ་ཡོད་དམ་ཞེས་དྲིས་ཤིག་།ཇི་སྟེ། གཽ་ཏ་མ། མེད་ཅེས་ཟེར་ན་།ངས་ཡང་དེ་ལ་འདི་སྐད་ཅེས་བྱའོ། །ཇི་སྟེ་དེ་ལྟར་མི་འགྱུར་ན་ཅིའི་ཕྱིར་དཀའ་
Kha475a
༄#། །ཐུབ་སྤྱོད། དེ་བས་ན་ངེས་པར་འདས་པའི་ཆོས་ཀྱང་ཡོད་ལ། ད་ལྟར་གྱི་རྒྱུ་དང་རྐྱེན་ཡང་ཡོད་དེ། དེ་བས་ན་ངས་ཉོན་མོངས་པའི་རྐྱེན་གྱིས་ལས་སྐྱེས་སོ། །ལས་ཀྱི་རྐྱེན་གྱིས་རྣམ་པར་སྨིན་པ་མྱོང་བར་གྱུར་ཏོ་ཞེས་གསུངས་སོ། །དེ་བས་ན་སེམས་ཅན་ཐམས་ཅད་ལ་སྔ་མ་འདས་པའི་ལས་དང ། ད་ལྟར་གྱི་རྒྱུ་དང་རྐྱེན་ཡོད་པར་རིག་པར་བྱ་སྟེ། སྔོན་འདས་པའི་ཚེ་ལས་ཡོད་མོད་ཀྱི། ད་ལྟར་གྱི་དུས་ཀྱི་ཟས་དང་སྐོམ་གྱི་རྒྱུ་དང་རྐྱེན་དགོས་སོ། །སྐྱེས་བུ་ཁྱོད་ཇི་སྟེ་སོ་སོའི་སྐྱེ་བོ་དག་བདེ་བ་མྱོང་བ་དང་སྡུག་བསྔལ་མྱོང་བ་ནི་སྔོན་འདས་པའི་ལས་ཀྱི་རྒྱུ་དང་རྐྱེན་ཡིན་ནོ་ཞེས་སྨྲ་ནའང་དེ་མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དཔེར་ན། སྐྱེས་བུ་ཞིག་རྒྱལ་པོ་ལ་དགྲར་འགྱུར་བ་བསད་ན། དེའི་རྒྱུ་དེའི་རྐྱེན་གྱིས་ནོར་དང་རིན་པོ་ཆེ་མང་དུ་ཐོབ་བོ། །དེ་ལྟར་ནོར་དང་རིན་པོ་ཆེ་ཐོབ་པས་ད་ལྟར་གྱི་དུས་ན་བདེ་བ་མྱོང་བར་འགྱུར་ཏེ། དེ་ནི་ད་ལྟར་གྱི་དུས་སུ་བདེ་བར་འགྱུར་བའི་རྒྱུ་བྱས་ནས། ད་ལྟར་གྱི་དུས་སུ་བདེ་བ་མྱོང་བ་ཡིན་ནོ། །འདི་ལྟ་སྟེ། དཔེར་ན། མི་ཞིག་རྒྱལ་པོའི་སྲས་གང་སྡུག་པ་ཞིག་བསད་ན། དེའི་རྒྱུ་དེའི་རྐྱེན་གྱིས་ལུས་དང་སྲོག་ཡལ་བར་འགྱུར་ཏེ་།དེ་ནི་ད་ལྟར་གྱི་དུས་སུ་སྡུག་བསྔལ་དུ་འགྱུར་བའི་རྒྱུ་བྱས་ནས་ད་ལྟར་གྱི་དུས་སུ་སྡུག་བསྔལ་རྣམ་པར་སྨིན་པ་ཡིན་ནོ། །སྐྱེས་བུ་སེམས་ཅན་ཐམས་ཅད་ཀྱི་ད་ལྟར་གྱི་དུས་ཀྱི་རྒྱུ་ནི་
Kha475b
ཆེན་པོ་བཞི་དང ། དུས་དང ། ཚོད་དང ། ས་དང ། མེ་ལས་གྱུར་ཏེ། སྡུག་བསྔལ་དང ། བདེ་བ་མྱོང་ངོ ། །དེ་བས་ན་སེམས་ཅན་ཐམས་ཅད་ནི་ངེས་པར་སྔོན་གྱི་ལས་ཀྱིས་སྡུག་བསྔལ་དང ། བདེ་བ་མྱོང་བ་ཡིན་ནོ། །སྐྱེས་བུ་ཇི་སྟེ་ལས་བཅད་པའི་རྒྱུ་དང་རྐྱེན་གྱི་མཐུ་ལས་རྣམ་པར་གྲོལ་བར་འགྱུར་ན། འཕགས་པ་ཐམས་ཅད་རྣམ་པར་གྲོལ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་སྔོན་གྱི་ལས་ནི་ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། །དེ་བས་ན་ངས་ནི་འཕགས་པའི་ལམ་བསྒོམ་པ་ནི། ལམ་གྱིས་ཐོག་མ་དང་ཐ་མ་པའི་ལས་རྣམ་པར་བཟློག་པར་འགྱུར་རོ་ཞེས་གསུངས་སོ། །སྐྱེས་བུ་ཇི་སྟེ་དཀའ་ཐུབ་སྤྱོད་པས་ལམ་ཐོབ་ན་བྱོལ་སོང་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་ཐོབ་པའི་རིགས་སོ། །དེ་བས་ན་སྔར་སེམས་གདུལ་བར་བྱའོ། །ལུས་གདུལ་བ་མ་ཡིན་ནོ། །དེ་བས་ན་ངས་མདོ་སྡེ་ལས་ཀྱང་གསུངས་ཏེ། ཚལ་གཅོད་ན་ཤིང་མ་གཅོད་ཅིག་།དེ་ཅིའི་ཕྱིར་ཞེ་ན། ཚལ་ལས་འཇིགས་པ་སྐྱེའི། ཤིང་ལས་སྐྱེ་བ་མ་ཡིན་ནོ། །ལུས་གདུལ་བར་འདོད་ན་སྔར་སེམས་གདུལ་བར་བྱའོ། །སེམས་ནི་ཚལ་གྱི་དཔེའོ། །ལུས་ནི་ཤིང་གི་དཔེའོ། །ཤིན་ཏུ་བཟང་པོས་གསོལ་པ། བཅོམ་ལྡན་འདས། བདག་གིས་ནི་སེམས་སྔར་བཏུལ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ཇི་ལྟར་བུར་སེམས་སྔར་བཏུལ།
Kha476a
༄#། །ཤིན་ཏུ་བཟང་པོས་གསོལ་པ། བཅོམ་ལྡན་འདས། བདག་གིས་ནི་འདོད་པ་ལ་མི་རྟག་པ་དང ། བདེ་བ་མེད་པ་དང ། ཡོངས་སུ་མ་དག་པར་ཡིད་ལ་བྱས་ཏེ། གཟུགས་ལ་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པར་བརྟགས་སོ། །དེ་ལྟར་རྟོགས་ནས་འདོད་པའི་ཁམས་ཀྱི་ཉོན་མོངས་པ་ཆོད་དེ། གཟུགས་ཀྱི་སྐྱེ་མཆེད་ཐོབ་བོ། །དེ་བས་ན་བདག་གིས་ནི་སེམས་སྔར་བཏུལ་ལོ། །དེ་ནས་གཟུགས་ལ་བརྟགས་ན་གཟུགས་ནི་མི་རྟག་སྟེ། རྨའམ། ཤུ་བའམ། གདུག་པའམ། གཟུགས་རྔུ་ལྟ་བུར་རྟོགས་སོ། །གཟུགས་མེད་པ་ལ་ནི་རྟག་པ་དང ། རྣམ་པར་དག་པ་དང ། རབ་ཏུ་ཞི་བར་མཐོང་སྟེ། དེ་ལྟར་རྟོགས་ནས་གཟུགས་ཀྱི་ཁམས་ཀྱི་ཉོན་མོངས་པ་ཟད་པས་གཟུགས་མེད་པའི་སྐྱེ་མཆེད་ཐོབ་བོ། །དེ་བས་ན་བདག་གིས་སེམས་ནི་སྔར་བཏུལ་ལོ། །དེ་ནས་ཡང་འདུ་ཤེས་ལ་བརྟགས་ན་མི་རྟག་པ་དང ། རྨ་དང ། ཤུ་བ་དང ། གདུག་པ་དང ། ཟུག་རྔུ་ལྟ་བུར་རྟོགས་ཏེ། དེ་ལྟར་རྟོགས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟེང་གི་ཏིང་ངེ་འཛིན་ཐོབ་བོ། །དེ་ལྟར་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟེང་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་ཏེ། རབ་ཏུ་ཞི་བ། རྣམ་པར་དག་པ། ལྟུང་པ་མེད་པ། རྟག་པ་མི་འགྱུར་བ་སྟེ། དེ་བས་ན་བདག་གིས་སེམས་བཏུལ་
Kha476b
ལོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་ལྔ་བཅུ་བཞི་བ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ཇི་ལྟར་ན་སེམས་བཏུལ། ཁྱོད་ཀྱིས་ཐོབ་པ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟེང་གི་ཏིང་ངེ་འཛིན་ཏེ། དེའང་འདུ་ཤེས་ཞེས་བྱའོ། །མྱ་ངན་ལས་འདའ་བ་ནི་འདུ་ཤེས་མེད་པ་ཡིན་ན་ཅིའི་ཕྱིར་མྱ་ངན་ལས་འདའ་བ་ཐོབ་པ་ཞེས་བྱ། རིགས་ཀྱི་བུ་ཁྱོད་ཀྱིས་སྔར་འདུ་ཤེས་སྦོམ་པོ་ལ་ནི་སྨོད་ན་ད་ཅིའི་ཕྱིར་འདུ་ཤེས་ཕྲ་མོ་ལ་ཆགས་ཏེ་སྨད་པ་མི་ཤེས། དེ་ལྟར་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟེད་ཡང་འདུ་ཤེས་ཞེས་བྱ་སྟེ། རྨ་ལྟ་བུ། ཤུ་བ་ལྟ་བུ། གདུག་པ་ལྟ་བུ། ཟུག་རྔུ་ལྟ་བུའོ། །རིགས་ཀྱི་བུ་ཁྱོད་ཀྱི་སྟོན་པ་ཨུར་ཏོ་ལམ་པ་དབང་པོ་རྣོ་ལ་ཡིད་གཞུངས་པའང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་མ་ཆོད་དེ། ལས་ངན་པ་མྱོང་བར་འགྱུར་ན་གཞན་ལྟ་སྨོས་ཀྱང་ཅི་དགོས། ཤིན་ཏུ་བཟང་པོས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་སྲིད་པ་ཐམས་ཅད་གཅོད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། གལ་ཏེ་ཡང་དག་པའི་འདུ་ཤེས་སྤྱོད་ན་གང་ཟག་དེས་ནི་སྲིད་པ་ཐམས་ཅད་ཆོད་པར་འགྱུར་རོ། །ཤིན་ཏུ་བཟང་པོས་གསོལ་པ། བཅོམ་ལྡན་འདས། ཡང་དག་པའི་འདུ་ཤེས་ཞེས་བགྱི་བ་ཇི་ལྟ་བུ་ལགས། རིགས་ཀྱི་བུ། འདུ་ཤེས་མེད་པའི་འདུ་
Kha477a
༄#། །ཤེས་ནི་ཡང་དག་པའི་འདུ་ཤེས་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་འདུ་ཤེས་མ་མཆིས་པའི་འདུ་ཤེས་ཞེས་བགྱི། རིགས་ཀྱི་བུ།་ཆོས་ཐམས་ཅད་ལ་བདག་གི་མཚན་ཉིད་མེད། གཞན་གྱི་མཚན་ཉིད་མེད། བདག་དང་གཞན་གྱི་མཚན་ཉིད་མེད། རྒྱུ་མེད་པའི་མཚན་ཉིད་མེད། བྱས་པའི་མཚན་ཉིད་མེད། སོང་བའི་མཚན་ཉིད་མེད། བྱེད་པའི་མཚན་ཉིད་མེད། མྱོང་བའི་མཚན་ཉིད་མེད། ཆོས་ཀྱི་མཚན་ཉིད་མེད། ཆོས་མ་ཡིན་པའི་མཚན་ཉིད་མེད། ཕོ་དང་མོའི་མཚན་ཉིད་མེད། སྐྱེས་བུའི་མཚན་ཉིད་མེད། རྡུལ་ཕྲ་མོའི་མཚན་ཉིད་མེད། དུས་དང་ཚོད་ཀྱི་མཚན་ཉིད་མེད། བདག་ཏུ་བྱས་པའི་མཚན་ཉིད་མེད། གཞན་དུ་བྱས་པའི་མཚན་ཉིད་མེད། བདག་དང་གཞན་དུ་བྱས་པའི་མཚན་ཉིད་མེད། ཡོད་པའི་མཚན་ཉིད་མེད། མེད་པའི་མཚན་ཉིད་མེད། སྐྱེས་པའི་མཚན་ཉིད་མེད། བསྐྱེད་པའི་མཚན་ཉིད་མེད། རྒྱུའི་མཚན་ཉིད་མེད། རྒྱུ་ལས་རྒྱུར་འགྱུར་བའི་མཚན་ཉིད་མེད། འབྲས་བུའི་མཚན་ཉིད་མེད། འབྲས་བུ་ལས་འབྲས་བུར་འགྱུར་བའི་མཚན་ཉིད་མེད། ཉིད་དང་མཚན་གྱི་མཚན་ཉིད་མེད། སྣང་པ་དང་མུན་པའི་མཚན་ཉིད་མེད། མཐོང་བའི་མཚན་ཉིད་མེད། མཐོང་བར་བྱེད་པའི་མཚན་ཉིད་མེད། ཐོས་པའི་མཚན་ཉིད་མེད། ཐོས་པར་བྱེད་པའི་མཚན་ཉིད་
Kha477b
མེད། ཚོར་བ་དང་ཤེས་པའི་མཚན་ཉིད་མེད། ཚོར་བ་དང་ཤེས་པར་བྱེད་པའི་མཚན་ཉིད་མེད། བྱང་ཆུབ་ཀྱི་མཚན་ཉིད་མེད། བྱང་ཆུབ་ཐོབ་པར་བྱེད་པའི་མཚན་ཉིད་མེད། ལས་ཀྱི་མཚན་ཉིད་མེད། ལས་ཀྱི་བདག་པོའི་མཚན་ཉིད་མེད། ཉོན་མོངས་པའི་མཚན་ཉིད་མེད། ཉོན་མོངས་པའི་བདག་པོའི་མཚན་ཉིད་མེད་པའོ། །རིགས་ཀྱི་བུ་མཚན་ཉིད་གང་དུ་འགོག་པ་དེ་ནི་ཡང་དག་པའི་མཚན་ཉིད་ཅེས་བྱའོ། །རིགས་ཀྱི་བུ། ཆོས་ཐམས་ཅད་ནི་མི་བདེན་པ་སྟེ། གང་དུ་འགོག་པ་དེ་ནི་ཡང་དག་པ་ཞེས་བྱ། ཡང་དག་པའི་འདུ་ཤེས་ཞེས་བྱ། ཆོས་ཀྱི་དབྱིངས་ཞེས་བྱ། མཐར་ཕྱིན་པའི་ཡེ་ཤེས་ཞེས་བྱ། དོན་དམ་པ་ཞེས་བྱ། དོན་དམ་པའི་སྟོང་བ་ཉིད་ཅེས་བྱའོ། །རིགས་ཀྱི་བུ། མཚན་ཉིད་དང ། ཆོས་ཀྱི་དབྱིངས་དང ། མཐར་ཕྱིན་པའི་ཡེ་ཤེས་དང ། དོན་དམ་པའི་བདེན་པ་དང ། དོན་དམ་པའི་སྟོང་བ་ཉིད་ལ་ཤེས་རབ་ཐ་མས་ཡང་དག་པར་སྤྱོད་ན་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཤེས་རབ་འབྲིང་གིས་ཡང་དག་པར་སྤྱོད་ན་རང་རྒྱལ་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཤེས་རབ་མཆོག་གིས་ཡང་དག་པར་སྤྱོད་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཆོས་འདི་བསྟན་པ་ན་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་སྟོང་གིས་ཚེ་གཅིག་གིས་ཐོགས་པའི་ཡང་དག་པའི་འདུ་ཤེས་ཐོབ་བོ། །བྱང་ཆུབ་སེམས་དཔའ་ཁྲི་ལྔ་སྟོང་སྙེད་ཀྱིས་ཚེ་གཉིས་ཀྱིས་
Kha478a
༄#། །ཆོས་ཀྱི་དབྱིངས་ཐོབ་བོ། །བྱང་ཆུབ་སེམས་དཔའ་ཉི་ཁྲི་ལྔ་སྟོང་གིས་མཐར་ཕྱིན་པའི་ཡེ་ཤེས་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སུམ་ཁྲི་ལྔ་སྟོང་གིས་དོན་དམ་པའི་བདེན་པ་ཐོབ་བོ། །དོན་དམ་པའི་བདེན་པ་ནི་དོན་དམ་པའི་སྟོང་བ་ཉིད་ཅེས་ཀྱང་བྱ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཅེས་ཀྱང་བྱའོ། །བྱང་ཆུབ་སེམས་དཔའ་བཞི་ཁྲི་ལྔ་སྟོང་སྙེད་ཀྱིས་ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་ཐོབ་བོ། །ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་ནི་རྒྱ་ཆེན་པོའི་ཏིང་ངེ་འཛིན་ཅེས་བྱ། ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་ལྔ་ཁྲི་ལྔ་སྟོང་གིས་ནི་ཕྱིར་མི་ལྡོག་པའི་བཟོད་པ་ཐོབ་པར་གྱུར་ཏོ། །ཕྱིར་མི་ལྡོག་པའི་བཟོད་པ་ནི་ཆོས་ཀྱི་བཟོད་པ་ཞེས་ཀྱང་བྱ། ཆོས་དབྱིངས་ལྟ་བུ་ཞེས་ཀྱང་བྱའོ། །བྱང་ཆུབ་སེམས་དཔའ་དྲུག་ཁྲི་ལྔ་སྟོང་སྙེད་ཀྱིས་ནི་གཟུངས་ཐོབ་པར་འགྱུར་རོ། །གཟུངས་དེ་ནི་དྲན་པ་ཆེན་པོའི་སེམས་ཞེས་ཀྱང་བྱ། ཐོགས་པ་མེད་པའི་ཡེ་ཤེས་ཞེས་ཀྱང་བྱའོ། །བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྔ་སྟོང་སྙེད་ཀྱིས་ནི་སེང་གེའི་སྒྲ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །སེང་གེའི་སྒྲའི་ཏིང་ངེ་འཛིན་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་ཀྱང་བྱ། ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་ཅེས་ཀྱང་བྱའོ། །བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་ལྔ་སྟོང་སྙེད་ཀྱིས་ནི་མཉམ་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །མཉམ་པའི་ཏིང་ངེ་
Kha478b
འཛིན་དེ་ནི་བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོ་ཞེས་ཀྱང་བྱའོ། །སེམས་ཅན་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་བར་གྱུར་ཏོ། །སེམས་ཅན་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ནི་རང་སངས་རྒྱས་ཀྱི་སེམས་བསྐྱེད་དོ། །སེམས་ཅན་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ནི་ཉན་ཐོས་སུ་སེམས་བསྐྱེད་པར་གྱུར་ཏོ། །མི་དང་ལྷའི་བུ་མོ་སྟོང་ཕྲག་ཉི་ཤུ་སྙེད་ནི་མངོན་དུ་བུད་མེད་ཀྱི་ལུས་ལས་སྐྱེས་པའི་ལུས་སུ་གྱུར་ཏོ། །ཤིན་ཏུ་བཟང་པོ་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །དེའི་ཚེ་ཤིན་ཏུ་བཟང་པོས་བཅོམ་ལྡན་འདས་ལས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ཆོས་ཤིན་ཏུ་ཟབ་མོ་ཐོས་ནས་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་གྱུར་ཏེ། ཡོངས་སུ་དག་པའི་ཆོས་མཐོང་ནས་དམ་པའི་ཆོས་འདོད་པས་ངན་པར་ལྟ་བ་ཡོངས་སུ་སྤངས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ཤིན་ཏུ་བརྟན་པར་གྱུར་ནས་དེ་བཞིན་གཤེགས་པ་ལས་རབ་ཏུ་འབྱུང་བར་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། །ལེགས་སོ། །ཤིན་ཏུ་བཟང་པོ། །ལེགས་པར་འོངས་པའི་དགེ་སློང་ཡིན་ཏེ། འཕགས་པ་རྣམས་ཀྱང་དགྱེས་པས་སངས་རྒྱས་ཀྱི་བྱང་ཆུབ་ལ་ལེགས་པར་ཞུགས་སོ། །ཤིན་ཏུ་བཟང་པོ་རབ་ཏུ་དགའ་མགུ་རངས་ནས་མོས་པ་ཚད་མེད་པར་གྱུར་ཏེ། དེའི་ཚེ་སྐྲ་དང་ཁ་
Kha479a
༄#། །སྤུ་རང་བྱི་ནས་དགེ་སློང་དུ་གྱུར་ཏོ། །ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་ཆུ་སེམས་ཀྱི་དབྱེ་ལ་བཅུས་པས་འཆིང་བས་མ་བཅིངས་ཏེ་ཟག་པ་ཟད་ནས་སེམས་རྣམ་པར་གྲོལ་བའི་དགྲ་བཅོམ་པར་གྱུར་ཏོ། །ཤིན་ཏུ་བཟང་པོ་དགྲ་བཅོམ་པའི་འབྲས་བུ་ཐོབ་ནས་སངས་རྒྱས་ལ་ཉེ་བར་བསྙེན་ཏེ། བཅོམ་ལྡན་འདས་ཀྱི་ཞལ་དུ་མིག་མི་འཛུམ་པར་བལྟ་ཞིང ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས། བུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ། མྱ་ངན་དང་དགའ་བ་དུས་གཅིག་ཏུ་གྱུར་ནས་སྔོན་གྱི་ཉེས་པ་འགྱོད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གིས་གདུག་པའི་ལུས་འདིས་ཡུན་རིང་པོ་ནས་བདག་བསླུས་པས། ཡུན་རིང་པོར་མ་རིག་པ་ངན་པ་ལྟ་བུའི་ནང་དུ་ནུབ་པས་ཁམས་གསུམ་དུ་འཁོར་ཞིང་མུ་སྟེགས་ཅན་གྱི་ཆོས་ཀྱིས་གླགས་པར་གྱུར་ཏོ། །ཀྱི་ཧུད། ཀྱི་ཧུད། ཤིན་ཏུ་གནོད་པ་ཆེན་པོར་གྱུར་པ་ལས། ང་ནི་དེ་བཞིན་གཤེགས་པའི་བཀའ་དྲིན་གྱིས་དམ་པའི་ཆོས་ལ་ཞུགས་པར་གྱུར་ཏོ། །བཅོམ་ལྡན་འདས་ཡེ་ཤེས་ཀྱི་རྒྱ་མཚོའི་ཐུགས་རྗེ་ཆེན་པོ་ཚད་མ་མཆིས་པ་ནི་བསྐལ་པའི་བར་དུའང་བཀའ་དྲིན་ལ་ལན་མི་ལོན་ནོ་སྙམ་སེམས་སོ། །ཤིན་ཏུ་བཟང་པོས་དེ་སྐད་ཅེས་གསོལ་ནས་མ་ཆི་མ་བླགས་
Kha479b
ཏེ།་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ནི་རྒས་འཁོགས་ཏེ་སྡུག་བསྔལ་ལས་ནི་རྣམ་པར་མ་གྲོལ་གྱི། འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ནི་རབ་ཏུ་གཙེ་བར་གྱུར་ན། བཅོམ་ལྡན་འདས། ཐུགས་བརྩེ་བའི་སླད་དུ་ཚུལ་ཁྲིམས་བསྟན་ཏེ་མགོན་དང་སྐྱབས་མཛད་ཅིང ། རེ་ཞིག་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་ལོ། །དེའི་ཚེ་བཅོམ་ལྡན་འདས་ཅང་མི་གསུང་ནས་མ་གནང་ངོ ། །ཤིན་ཏུ་བཟང་པོས་གསོལ་པ་བཞིན་དུ་མ་གནང་ནས་མྱ་ངན་གྱིས་ཡིད་རབ་ཏུ་གདུངས་ཏེ་སྐད་ཆེན་པོས་འདི་སྐད་ཅེས་སྨྲས་སོ། །ཀྱི་ཧུད། ཀྱི་ཧུད། འཇིག་རྟེན་སྟོངས་སོ། །འཇིག་རྟེན་སྟོངས་སོ། །ང་ནི་འཇིགས་པ་ཆེན་པོས་བསྙེན་ནས་ཤིན་ཏུ་གདུང་བ་མངོན་དུ་གྱུར་ཏོ། །ཀྱི་ཧུད། ཀྱི་ཧུད། སེམས་ཅན་གྱིས་བསོད་ནམས་ཟད་པས་ཡང་དག་པའི་ཤེས་རབ་ཀྱི་མིག་ལྡོངས་སོ་ཞེས་སྨྲས་ནས་རབ་ཏུ་ཆོ་ངེས་རྡུང་ཞིང་སྐད་ཀྱང་མི་ཕྱིན་པ་ཙམ་དུ་དུས་ནས་ལུས་ཁྲག་གིས་རྒྱས་སོ། །སྐད་ཆེན་པོ་ཕྱུང་སྟེ་དུས་ནས། དེ་བཞིན་གཤེགས་པའི་སྤྱན་སྔར་ལུས་ས་ལ་བརྡབས་པས་དེར་བརྒྱལ་ནས་རིང་ཞིག་ལོན་པ་དང ། ཕྱི་སངས་ཏེ་དུ་བཞིན་དུ་བཅོམ་ལྡན་འདས་ལ་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་བ་མཐོང་མི་བཟོད་དེ། སེམས་རབ་ཏུ་གདུང་ནས་ཤིན་ཏུ་གཅགས་སོ། །བདག་ཀྱང་རྫས་སོ་མ་
Kha480a
༄#། །བཏང་བ་དང་འདྲ་བའི་ལུས་གདུག་པ་ཅན་འདི་དང་འགྲོགས་མི་འཚལ་ཏེ། བདག་སྔར་མཆིའི། བཅོམ་ལྡན་འདས་ནི་སླད་ཀྱིས་མྱ་ངན་ལས་འདའ་བར་གཤེགས་སུ་གསོལ། དེའི་ཚེ་ཤིན་ཏུ་བཟང་པོས་དེ་སྐད་ཅེས་གསོལ་ནས། ཆོ་ངེས་རྡུང་ཞིང་དེ་ཉིད་དུ་མྱ་ངན་ལས་འདའ་བར་ཞུགས་སོ། །དེའི་ཚེ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ཀླུང་གངྒཱའི་བྱེ་མ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོ་དང ། དགེ་སློང་དང ། དགེ་སློང་མ་དང ། འཇིག་རྟེན་དུ་བཅས་པའི་ལྷ་དང ། མི་དང ། ལྷ་མ་ཡིན་ལ་སོགས་པ་ཐམས་ཅད་ཀྱིས་སྐད་མཐུན་པར་འདི་སྐད་ཅེས་སྨྲས་སོ། །ཀྱི་ཧུད། ཀྱི་ཧུད། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ནང་གཅིག་ཏུ་བོར་བས་གནས་མ་མཆིས། རྟེན་མ་མཆིས། སྐྱབས་མ་མཆིས། མགོན་མ་མཆིས་ཏེ། ཤིན་ཏུ་གཅགས་སོ་ཞེས་སྨྲས་ནས་ཐམས་ཅད་དུས་ཏེ། གཅིག་ལ་གཅིག་འཇུ་ཞིང་བྲང་དུ་ཁུ་ཚུར་གྱིས་རྡེག་པས་བརྒྱལ་ནས་ཕྱོགས་ཀྱང་བསླད་དེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་གཡོས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་གསུང་རྣམ་པ་བརྒྱད་དང་ལྡན་པས་འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེད་བུས་པ་ཆུང་ངུ་ལྟར་མ་དུ་བར་སོ་སོ་ནས་དུ་བ་ཐོང་ལ། སེམས་མ་འཁྲུགས་པར་གྱིས་
Kha480b
ཤིག་།ཁྱེད་འདུ་བྱེད་ཀྱི་སྡུག་བསྔལ་འཁོར་བའི་རྒྱ་མཚོ་འདིར་བསམ་པ་དག་པ་ལ་ནན་ཏན་བྱ་ཞིང་རྗེས་སུ་དྲན་པའི་ཤེས་རབ་མ་བརྗེད་ཅིག་།ཡང་དག་པའི་ཡེ་ཤེས་ཀྱིས་སྲིད་པ་ལས་འབྱུང་བ་ལ་བརྩོན་པར་གྱིས་ཤིག་།ཁམས་གསུམ་དུ་ལུས་མྱོང་བ་ནི་སྡུག་བསྔལ་གྱི་འཁོར་ལོ་མཐའ་མེད་པ་སྟེ། མ་རིག་པའི་རྗེ་བོ་དང ། འདོད་པའི་བདུད་ཀྱི་རྒྱལ་པོས་ལུས་དང་སེམས་བཀོལ་བའི་བྲན་དུ་མི་འགྱུར་བར་བྱའོ། །སྤྱོད་པའི་ཁམས་ལ་དམིགས་པས་འཁོར་བའི་ལས་བྱེད་དེ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གིས་སྐད་ཅིག་སྐད་ཅིག་ཏུ་རྣམ་པར་གཙེས་ནས་བསྐལ་པ་ཚད་མེད་པའི་བར་དུ་སྡུག་བསྔལ་མྱོང་བར་གྱུར་ན། མཁས་པ་ཤེས་རབ་ཅན་སུ་ཞིག་དེ་ལ་མི་རྟོག་།ཁྱེད་རྣམས་འདི་ལྟར་རིག་པར་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་ཐོབ་ཀྱང ། ངས་འདིར་བསམ་གྱིས་མི་ཁྱབ་པའི་ཐབས་བསྟན་པའི་ཕྱིར་འཇིག་རྟེན་གྱི་ཆོས་དང་མཐུན་པར་མྱ་ངན་ལས་འདའ་བར་བསྟན་ཏེ། དེའང་སོ་སོའི་སྐྱེ་བོ་དག་ལུས་གློག་ལྟ་བུར་ཤེས་པར་བྱ་ཞིང་གཅགས་པའི་སེམས་བསྐྱེད་པའི་ཕྱིར་རོ། །འཁོར་བའི་འོད་པ་འབབ་པ་ནི་ཤིན་ཏུ་དྲག་ཅིང་མྱུར་
Kha481a
༄#། །ལ།་འདུ་བྱེད་རྣམས་ནི་འཁོར་བར་འཁོར་རོ། །ཆོས་ཉིད་ཀྱིས་དེ་བཞིན་ཏེ། དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་བ་ནི་ཤིན་ཏུ་ཟ་བ་ལ་བསམ་གྱིས་མི་ཁྱབ་པས་དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་རྣམས་ལའང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤིན་ཏུ་བཟང་པོ་འདི་སྔོན་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་ཏེ། སངས་རྒྱས་དེ་དག་ལས་དགེ་བའི་རྩ་བ་ཤིན་ཏུ་བསྐྱེད་ནས་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་རྟག་ཏུ་གཅེར་བུ་པ་མུ་སྟེགས་ཅན་གྱི་ཆོས་ལ་རབ་ཏུ་བྱུང་སྟེ་སྤྱད་པ་སྤྱོད་ཅིང ། ཐབས་མཁས་པའི་ཤེས་རབ་ཀྱིས་ངན་པར་ལྟ་བ་ལོག་པར་ཞུགས་པའི་སེམས་ཅན་རྣམས་ཡང་དག་པའི་ཡེ་ཤེས་ལ་དགོད་པར་བྱེད་དོ། །ཤིན་ཏུ་བཟང་པོ་འདི་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་མྱ་ངན་ལས་འདའ་ཀར་ང་དང་ཕྲད་ནས་དམ་པའི་ཆོས་ཐོས་པར་གྱུར་ཏོ། །དམ་པའི་ཆོས་ཐོས་ནས་ཀྱང་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །དགྲ་བཅོམ་པའི་འབྲས་བུ་ཐོབ་ནས་ཀྱང་མྱ་ངན་ལས་འདའ་བར་ཞུགས་སོ། །ང་ཐོག་མ་མངོན་པར་སངས་རྒྱས་ནས་ཚེ་དང་ལྡན་པ་ཅང་ཤེས་ཀཽཎྜི་ནྱ་རབ་ཏུ་ཕྱུང་ངོ ། །ཐ་མ་མྱ་ངན་ལས་འདའ་གར་ཤིན་ཏུ་བཟང་
Kha481b
པོ་བཏུལ་ནས་མཛད་པའི་མཐར་ཕྱིན་ཏེ། མཛད་པ་མེད་པས་ང་ཡུན་དུ་བཞུགས་ཀྱང་དེ་ལས་མཛད་པ་གཞན་མེད་དོ། །དེའི་ཚེ་བཅོམ་ལྡན་འདས་དེ་སྐད་ཅེས་གསུངས་ནས་ཤུགས་ནར་ཅེས་མཛད་དེ། ལེགས་སོ། །ལེགས་སོ། །ཤིན་ཏུ་བཟང་པོ་སངས་རྒྱས་ཀྱི་དྲིན་ལེགས་པར་གླན་ཏོ། །ཁྱེད་ཀྱིས་དེའི་རུས་བུ་ལ་མཆོད་པ་བྱ་ཞིང་མཆོད་རྟེན་གྱིས་ཤིག་།དེའི་ཚེ་འཁོར་མང་པོ་རྣམས་ཤིན་ཏུ་མི་དགའ་སྟེ་མཆི་མ་བླགས་ནས། སངས་རྒྱས་ཀྱི་བཀའ་བཞིན་དུ་སྤོས་ཀྱི་ཤིང་དང ། མར་གྱིས་དེའི་རུས་བུ་བསྲེགས་སོ། །ཤིན་ཏུ་བཟང་པོའི་རུས་བུ་བསྲེགས་པ་ནས་མེའི་ནང་ན་འོད་ཆེན་པོ་བཏང་སྟེ། ཆོ་འཕྲུལ་རྣམ་པ་བཅོ་བརྒྱད་མངོན་དུ་བསྟན་ཏོ། །ལུས་ཀྱི་སྟོད་ནས་ཆུ་འབབ་ན་ལུས་ཀྱི་སྨད་ནས་མེ་འབར། མཆན་ཁུང་གཡས་ནས་མེ་འབར་ན་མཆན་ཁུང་གཡོན་ནས་ཆུ་འབབ། ཆུང་ངུ་ལས་ཆེན་པོར་གྱུར་ནས་ཆེན་པོ་ལས་ཆུང་ངུར་གྱུར་ཏེ། ནམ་མཁའ་ཡང་ཡོངས་སུ་གང་བར་བྱས་སོ། །དེའི་ཚེ་འཁོར་ཚད་མེད་པ་རྣམས་དང ། མུ་སྟེགས་ཅན་ངན་པར་ལྟ་བའི་སེམས་ཅན་དག་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཡང་དག་པར་ལྟ་བ་ལ་ཞུགས་སོ། །ཤིན་ཏུ་བཟང་པོས་ཆོ་འཕྲུལ་མངོན་པར་བསྟན་ནས་ཕྱིར་མེའི་ནང་དུ་ཞུགས་སོ། །དེར་བསྲེགས་ནས་འཁོར་མང་པོ་རྣམས་རིང་བསྲེལ་བསྡུས་ཏེ། མཆོད་རྟེན་བྱས་ནས་མཆོད་པ་བྱེད་དོ། །འཕགས་པ་ཡོངས་སུ་མྱ་ངན་ལས་
Kha482a
༄#། །འདས་པ་ཆེན་པོའི་མདོ་ལས། ཚེ་དང་ལྡན་པ་ཅང་ཤེས་ཀཽཎྜི་ནྱའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགའ་བོ་དང་འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་མྱ་ངན་ལས་འདས་ནས་ཁྱེད་འཁོར་རྣམ་པ་བཞི་དག་མྱ་ངན་ལས་འདས་པ་ཆེན་པོ་འདི་འཛིན་པ་ལ་བརྩོན་པར་གྱིས་ཤིག་།ངས་ནི་བསྐལ་པ་ཁྲག་ཁྲིག་ཚད་མེད་པའི་བར་དུ་ཤིན་ཏུ་ཐོབ་དཀའ་བའི་མྱ་ངན་ལས་འདས་པའི་ཆོས་ཀྱི་གཞུང་འདི་བསྒྲུབས་ནས་ད་ལྟར་བསྟན་པ་ཡིན་ནོ། །ཁྱེད་རྣམས་འདི་ལྟར་རིག་པར་གྱིས་ཤིག་།ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ཆོས་ཀྱི་གཞུང་འདི་ནི་ཕྱོགས་བཅུ་ན་དུས་གསུམ་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་རིན་པོ་ཆེ་རྡོ་རྗེའི་གཏེར་རྟག་པ་དང ། བདེ་བ་དང ། བདག་དང ། ཡོངས་སུ་དག་པ་དང ། ཡོངས་སུ་རྫོགས་པ། མ་གོད་པ་སྟེ། སངས་རྒྱས་ཐམས་ཅད་ཀྱང་མྱ་ངན་ལས་འདའ་བ་འདིས་ཡོངས་སུ་མྱ་ངན་ལས་འདའ་སྟེ། མཐར་ཕྱིན་པ། ལྷག་མ་མ་ལུས་པ། སངས་རྒྱས་ཐམས་ཅད་ཀྱང་སྐུ་ཚེ་འདིར་གཏོང་བས་མྱ་ངན་ལས་འདའ་བ་ཞེས་བྱའོ། ། ཁྱེད་ཀྱིས་སངས་རྒྱས་ཀྱི་དྲིན་ལ་ཡང་དག་པར་ལན་གློན་ཞིང་བྱང་ཆུབ་མྱུར་དུ་ཐོབ་པར་འདོད་པ་དང ། སངས་རྒྱས་རྣམས་ཀྱིས་སྤྱི་བོ་ནས་དབང་བསྐུར་ཞིང་གང་ནས་གང་དུ་
Kha482b
སྐྱེས་ཀྱང་ཡང་དག་པར་རྗེས་སུ་དྲན་པ་མི་བརྗེད་པར་འདོད་པ་དང ། ཕྱོགས་བཅུའི་སངས་རྒྱས་མངོན་སུམ་དུ་གཤེགས་ཏེ། ཉིན་མཚན་དུ་སྐྱོབ་པར་འདོད་པ་དང ། སེམས་ཅན་ཐམས་ཅད་ཀྱིས་འཇིག་རྟེན་ལས་འདའ་བའི་ཆོས་ཐོབ་པར་འདོད་ན། ཡོངས་སུ་མྱ་ངན་ལས་འདའ་བའི་མདོ་སྡེ་འདི་ལ་བརྩོན་འགྲུས་སུ་ནན་ཏན་བྱའོ། །བཅོམ་ལྡན་འདས་ཀྱིས་ཡང་དགའ་བོ་ལ་བཀའ་སྩལ་པ། ང་མངོན་པར་སངས་མ་རྒྱས་པ་ནའང་མུ་སྟེགས་ཅན་ཨུར་ཏུ་ལམ་པའི་བསྟན་པ་ལ་ཞུགས་ཏེ། བསམ་གཏན་བཞི་དང ། ཏིང་ངེ་འཛིན་བརྒྱད་སློབ་པ་ལ་ཞུགས་ནས་དེའི་བསྟན་པ་བཞིན་དུ་བྱས་སོ། །མངོན་པར་སངས་རྒྱས་ནས་དེའི་ཆོས་སྨད་དེ་མཐར་གྱིས་ཤིན་ཏུ་བཟང་པོའང་བཏུལ་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཞག་གོ་།དེ་བཞིན་གཤེགས་པའི་ཡེ་ཤེས་ཆེན་པོའི་མེས་ངན་པར་ལྟ་བའི་རྒྱལ་མཚན་བསྲེགས་པ་ནི་ཇི་ལྟར་ཤིང་ལོ་སྐམ་པོ་མེ་ཆེན་པོའི་ནང་དུ་བཅུག་པ་དང་འདྲའོ། །དགའ་བོ་ངའི་གཉེན་དུ་གྱུར་པ་ཤཱཀྱ་རིགས་ལ་ཤིན་ཏུ་ཐུགས་བརྩེའོ། །ང་མྱ་ངན་ལས་འདས་ནས་ཁྱོད་ཀྱིས་བརྩོན་འགྲུས་སུ་ལེགས་པར་སྟོན་ཅིང་ཆོས་ཤིག་།ངའི་ཉེ་གནས་རྣམས་དམ་པའི་ཆོས་བསྟན་ཏེ། རྩེད་མོ་དང་བག་མེད་པར་སྤྱོད་ཡུལ་རྣམས་ལ་འཇུག་པ་དང ། ངན་པར་ལྟ་བའི་ཆོས་ལ་སྤྱོད་པར་མི་འགྱུར་བ་དང ། ཁམས་གསུམ་གྱི་སྡུག་བསྔལ་ལས་ནི་རྣམ་པར་མ་གྲོལ་ན་མྱུར་དུ་རྣམ་
Kha483a
༄#། །པར་གྲོལ་བར་བྱ་བ་དང ། རྙོག་མ་ལྡའི་འདོད་པ་ལ་ཤིན་ཏུ་འཇིགས་པ་བསྐྱེད་དེ་མགོན་མེད་པའི་འདུ་ཤེས་བསྐྱེད་པར་བྱ་བ་དང ། མིའི་ལུས་ལན་གཅིག་སྟོར་ནས་ཕྱིར་ཐོབ་པར་དཀའ་བ་དང ། ཚེ་གཅིག་ཏུ་བག་བྱ་བ་དང ། མི་རྟག་པའི་གདོན་ཆེན་པོ་ལས་རྣམ་པར་ཐར་བར་བྱ་བ་དང ། སེམས་ཅན་ལ་སྙིང་རྗེ་བ་བསྐྱེད་དེ་སེམས་ཅན་གྱི་སྲོག་མི་གཅོད་པ་དང ། ཆུང་ངུ་ན་གྲོག་སྦུར་གྱི་བར་དུ་མི་འཇིགས་པ་སྦྱིན་པ་དང ། ལུས་ཀྱི་ལས་ཡོངས་སུ་དག་པས་འཇིག་རྟེན་གྱི་ཁམས་བཟང་པོར་སྐྱེ་བ་དང ། ངག་གི་ལས་ཡོངས་སུ་དག་པས་ཉེས་པའི་སྐྱོན་ཐམས་ཅད་དང་བྲལ་བར་འགྱུར་བ་དང ། ཤ་མི་ཟ་བ་དང ། ཆང་མི་འཐུང་བ་དང ། སེམས་ཀྱི་སྦྲུལ་གདུལ་ཞིང་བྱང་ཆུབ་ཀྱི་ལམ་ལ་དགོད་པ་དང ། དགེ་བ་དང་སྡིག་པའི་རྣམ་པར་སྨིན་པ་ལུས་ཀྱི་གྲིབ་མ་བཞིན་དུ་འབྲང་བར་འདུ་བྱེད་ཀྱི་ལས་ལ་ཤིན་ཏུ་བརྟག་པ་དང ། དུས་གསུམ་གྱི་འབྲས་བུ་ཡོངས་སུ་འཁོར་པ་མེད་པར་མི་འགྱུར་བ་དང ། སྐྱེ་བ་འདི་ཆུད་གསན་ནས་ཕྱིས་འགྱོད་ཀྱང་མི་ཕན་པར་སྟོན་ཅིང་ཆོངས་ཤིག་།ང་མྱ་ངན་ལས་འདའ་བའི་དུས་ལ་བབ་ཏེ་ཁྱོད་ལ་བསྟན་པ་འདི་དག་ཡིན་ནོ། །དེའི་ཚེ་ན་དགའ་བོས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཐོས་ནས། ལུས་དང་སེམས་འདར་ཞིང་གཡོ་སྟེ། ཤིན་ཏུ་འཁྲུགས་ནས་མྱ་ངན་གྱིས་
Kha483b
གདུངས་ཏེ་སྐད་ཀྱང་མ་ཕྱིན་ལ། བརྒྱལ་བ་ཙམ་དུ་འཁྲུགས་ནས་དེ་བཞིན་གཤེགས་པའི་སྤྱན་སྔར་ཤི་བ་བཞིན་དུ་གྱུར་ཏོ། །དེ་ནས་མ་འགགས་པས་དགའ་བོ་ལ་སྤྲོ་བ་བསྐྱེད་དེ་མྱ་ངན་བ་སངས་ནས་འདི་སྐད་ཅེས་སྨྲས་སོ། །ཁྱོད་དེ་ལྟར་མྱ་ངན་མ་བྱེད་ཅིག་།དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་བའི་དུས་ལ་བབ་སྟེ། དེང་བཞུགས་ཀྱང་སང་མི་བཞུགས་སོ། །ཁྱོད་ཀྱིས་ངས་སྨྲས་པ་བཞིན་དུ་ཞུ་བ་རྣམ་པ་བཞི་པོ་འདི་ཞུས་ཤིག་།སངས་རྒྱས་མྱ་ངན་ལས་འདས་ནས་དགེ་སློང་སྒྲུབ་སྡེ་ཁྱིམ་སུན་འབྱིན་པ་དང ། འདོད་ལྡན་སྡིག་ཏོ་ཅན་དང་ཇི་ལྟར་ལྷན་ཅིག་ཏུ་གནས་ཤིང་བསྟན་པ་བཞིན་དུ་བགྱི་བ་དང ། དེ་བཞིན་གཤེགས་པ་འཇིག་རྟེན་ན་བཞུགས་ན་སྟོན་པ་སངས་རྒྱས་ཀྱིས་མཛད་ན། བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་སྟོན་པ་སུས་བགྱི་བ་དང ། དེ་བཞིན་གཤེགས་པ་འཇིག་རྟེན་ན་བཞུགས་ན། དེ་བཞིན་གཤེགས་པ་ལ་གནས་ཤིང་བརྟེན་ན་མྱ་ངན་ལས་འདས་པའི་འོག་ཏུ་སུ་ལ་གནས་ཤིང་བ་རྟེན་པ་དང ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཆོས་ཀྱི་སྡེ་སྣོད་བསྡུ་བ་ན། མདོ་སྡེ་ཐམས་ཅད་ཀྱི་མགོ་ནན་ལ་ཇི་སྐད་བྱ་བ་ཞུས་ཤིག་ཅེས་སྨྲས་སོ། །དེའི་ཚེ་དགའ་བོའི་རྨི་ལམ་ན་མ་འགགས་པས་སྨྲས་པ་ལྟ་བུར་ཞུ་བ་བཞི་པོ་ཞུས་ཤིག་ཅེས་སྨྲས་པ་ཐོས་ནས་བགས་ཀྱིས་སངས་ཏེ། ཞུ་བ་བཞི་པོ་བཅོམ་ལྡན་
Kha484a
༄#། །འདས་ལ་ཞུས་སོ། །བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཅིའི་ཕྱིར་འདི་ལྟར་མི་དགའ་ཞིང་ཤིན་ཏུ་མྱ་ངན་བྱེད། སངས་རྒྱས་ཀྱིས་གདུལ་བའི་མཛད་པ་ཀུན་མཛད་དོ། །ཆོས་ཉིད་ཀྱིས་འདི་ལྟར་གཤེགས་པ་ཡིན་ནོ། །ལེགས་སོ། །ལེགས་སོ། །དགའ་བོ་ཁྱོད་ཀྱིས་ཞུ་བ་བཞི་པོ་འདི་ནི་ནང་གི་ཐ་མར་ཞུས་པ་སྟེ། འཇིག་རྟེན་དུ་བཅས་པ་ཐམས་ཅད་ལ་ཕན་པ་དང་བདེ་བར་འགྱུར་བ་ཡིན་ནོ། །དེ་བས་ན་ལེགས་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུངས་ཤིག་།དེ་བཞིན་ནོ། །བཅོམ་ལྡན་འདས། ཞེས་གསོལ་ནས་བཅོམ་ལྡན་འདས་ལ་སླར་ཉན་ཏོ། །བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་འདྲི་བ་ལྟར་སངས་རྒྱས་མྱ་ངན་ལས་འདས་ནས་དགེ་སློང་དྲུག་སྡེ་དང ། འདོད་ལྡན་སྡིག་ཏོ་ཅན་ཁྱིམ་སུན་འབྱིན་པ་དང་ཇི་ལྟ་བུར་ལྷན་ཅིག་ཏུ་གནས་ཤིང་བསྟན་པ་ལ་གནས་པར་འགྱུར་ཞེས་དྲིས་པ་ནི། དགའ་བོ། དགེ་སློང་འདོད་ལྡན་རང་བཞིན་གྱིས་མ་རུངས་པ་ང་མྱ་ངན་ལས་འདས་ནས་རང་དུལ་ཞིང་ངེས་པར་འགྱུར་ཏེ། སྡིག་ཏོའི་སེམས་ཀྱང་སྤོང་བར་འགྱུར་རོ། །དགའ་བོ།་དེའི་ནུ་བོ་ཀུན་དགའ་བོ་འདོད་པ་དང་ལྡན་ཏེ་མ་རུངས་པ་དང ། དེ་བཞིན་གཤེགས་པས་ཐབས་མཁས་པས་བསྟན་ཅིང་བཅོས་ནས་དེའི་དབང་པོ་དང་ཤེས་རབ་ཅི་ལྕོགས་
Kha484b
པས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་བསྟན་ཏོ། །འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ནས་རྒ་ཤི་དང ། ཟློས་པའི་མྱ་ངན་དང ། སྨྲེ་སྔགས་འདོན་པའི་བར་དུ་ཐམས་ཅད་ཀྱང་མ་རིག་པ་འདོད་པའི་ཐིབས་པོའོ། །འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཁམས་གསུམ་དུ་གང་ནས་རྒྱུད་དྲུག་ཏུ་འཁོར་ཏེ། སྡུག་བསྔལ་ཆེན་པོའི་རྩ་བ་ནི་མ་རིག་པ་ཡིན་ནོ། །དེ་ལྟར་ཤེས་རབ་ཀྱི་རང་བཞིན་གྱིས་དག་པ་བརྟགས་ནས། སྲིད་པའི་སྐྱོན་མ་རིག་པ་ཡོངས་སུ་གཅོད་དོ། །རྩ་བ་འགགས་པས་མ་རིག་པ་འགག་གོ་།མ་རིག་པ་འགགས་པས་འདུ་བྱེད་འགགས་ནས། རྒ་ཤི་དང ། ཟློས་པའི་མྱ་ངན་དང ། སྨྲེ་སྔགས་འདོན་པའི་བར་དུ་འགག་གོ། དེ་ལྟར་ཡང་དག་པར་སྤྱོད་པ་ན་སེམས་གནས་པར་གྱུར་ཏེ།་ཏིང་ངེ་འཛིན་དུ་ཞུགས་སོ། །ཏིང་ངེ་འཛིན་གྱི་ཤུགས་ཀྱིས་བསམ་གཏན་དང་པོ་ཐོབ་བོ། །དེ་ནས་མཐར་གྱིས་བསམ་གཏན་བཞིའང་ཐོབ་ནས་དྲན་པ་ཡང་དག་པའི་སེམས་ཀྱིས་དེ་ལྟར་ནན་ཏན་བྱས་ནས་འབྲས་བུ་བླ་མའང་རང་ཐོབ་སྟེ། ཁམས་གསུམ་གྱི་སྡུག་བསྔལ་ཡོངས་སུ་སྤོང་བར་འགྱུར་རོ། །དགའ་བོ། དེའི་ཚེ་ན་དགེ་སློང་ཀུན་དགའ་བོས་ད་ལྟར་བསམ་པ་ཤིན་ཏུ་དག་པས་ངས་བསྟན་པ་བཞིན་དུ་བརྩོན་འགྲུས་སུ་ནན་ཏན་བྱེད་པས། རིང་པོ་མི་ཐོགས་པར་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འགྱུར་རོ། །དགའ་བོ། ང་མྱ་ངན་
Kha485a
༄#། །ལས་འདས་ནས་ཁྱོད་ཀྱིས་ངས་བསྟན་པ་བཞིན་དུ་དྲུག་སྡེ་དང ། འདོད་ལྡན་ལ་སྟོན་ཅིག་དང ། དགེ་སློང་དེ་དག་བསམ་པ་དག་པས་རྣམ་པར་དག་པའི་དམ་པའི་ཆོས་འདི་ལ་བརྟེན་ཏེ། རིང་པོ་མི་ཐོགས་པར་འབྲས་བུ་མཆོག་ཐོབ་པར་འགྱུར་རོ། །དགའ་བོ། དེ་བས་ན་མ་རིག་པ་ལས་ཁམས་གསུམ་དུ་འཁོར་བའི་ཤིང་ཆེན་པོ་སྐྱེས་ཏེ། འདོད་པའི་རླུང་གིས་ཁྱེར་ནས། ཡུན་རིང་པོར་སྡུག་བསྔལ་གྱིས་ཉིན་མཚན་དུ་གདུངས་ཏེ། མུན་པ་ནག་པོའི་འཁོར་བའི་ཀ་བ་ལ་འཁོར་ཞིང་རྣམ་པར་ཤེས་པ་དྲུག་གི་ཡལ་ག་དང།་ངན་པར་རྟོག་པའི་རྩ་བ་དང ། མ་རིག་པའི་དབའ་རླབས་དང ། སེམས་དང་རྣམ་པར་ཤེས་པ་ཁོལ་པོ་ལྟ་བུས་ཡུལ་དྲུག་ལ་རྒྱུ་ཞིང ། སྡུག་བསྔལ་གྱི་ས་བོན་བཏབ་ནས་ཕྱིར་བཟློག་པ་མེད་དེ། རྒྱལ་པོ་དང་འདྲ་བར་དབང་ཆེ་བས་ན་མ་རིག་པ་ནི་རྗེ་བོ་ལྟ་བུ་སྟེ། སྐད་ཅིག་སྐད་ཅིག་ཏུ་གནོན་པར་བྱེད་པར་སེམས་ཅན་གྱིས་མ་ཚོར་བར་འཁོར་བ་ན་རྒྱུན་དུ་འཁོར་བར་གྱུར་ཏོ། །དགའ་བོ། སེམས་ཅན་ཐམས་ཅད་ནི་མ་རིག་པ་འདིའི་དབང་གིས་འདོད་པའི་ཉོན་མོངས་པ་ལ་ཞུགས་ཏེ། བདག་ཏུ་ལྟ་བས་ཟིལ་གྱིས་མནན་ནས་ཉོན་མོངས་པ་རྗེ་བོ་ལྟ་བུ་བརྒྱད་ཁྲི་བཞི་སྟོང་གིས་ལུས་བཀོལ་ཏེ་ལུས་ཞིག་ཀྱང་རང་དབང་དུ་མི་འགྱུར་རོ། །དགའ་བོ། མ་རིག་པའི་སྡུག་བསྔལ་འགགས་ཏེ་ཁམས་གསུམ་ཟད་ན་དེའི་ཕྱིར་
Kha485b
འཇིག་རྟེན་ལས་འདའ་བ་ཞེས་བྱའོ། །དགའ་བོ། གང་གིས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་མཐར་བདག་མེད་ཅིང་ཡོངས་སུ་དག་པའི་སྤྱོད་ཡུལ་ལ་ཞུགས་པར་རྟོགས་ན། དེས་ནི་ཁམས་གསུམ་གྱི་མེ་ཆེན་པོ་ཡོངས་སུ་སྤོང་བར་འགྱུར་རོ། །དགའ་བོ། དེ་བཞིན་གཤེགས་པ་ནི་ཡང་དག་པར་གསུང་བ་སྟེ། ཡང་དག་པའི་གསུང་གིས་ཁྱོད་ལ་གཏམས་པ་འདི་ཁྱོད་ཀྱིས་ལེགས་པར་ནན་ཏན་གྱིས་ཤིག་།དགའ་བོ་ཁྱོད་ཀྱིས་ཞུ་བ་ལྟར་སངས་རྒྱས་མྱ་ངན་ལས་འདས་ཏེ་འཇིག་རྟེན་ན་མི་བཞུགས་ན་སྟོན་པ་སུས་དྱ་ཞེས་བྱ་བ་ནི། དགའ་བོ། ཚུལ་ཁྲིམས་ནི་ཁྱོད་ཀྱི་སྟོན་པ་ཆེན་པོ་ཡིན་གྱི། དེ་ལ་གནས་ཏེ་ནན་ཏན་བྱས་ན། འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་དང ། ཤེས་རབ་ཐོབ་པར་འགྱུར་རོ། །དགའ་བོ་ཁྱོད་ཞུ་བ་ལྟར་སངས་རྒྱས་མྱ་ངན་ལས་འདས་ནས་ཅི་ལ་གནས་ཤིང་བརྟེན་ཅེས་བྱ་བ་ནི། དགའ་བོ། །དྲན་པ་ཉེ་བར་བཞག་པ་བཞི་ལ་གནས་ཏེ་སེམས་བརྒྱན་ནས་གནས་པར་བྱའོ། །ལུས་ལ་ལུས་ཀྱི་རྗེས་སུ་བརྟགས་ཏེ་ནམ་མཁའ་དང་འདྲ་བར་རྟོགས་ན་ལུས་ལ་ལུས་ཀྱི་རྗེས་སུ་དྲན་པ་ཉེ་བར་བཞག་པ་ཞེས་བྱའོ། །ཚོར་བ་ལ་ཚོར་བའི་རྗེས་སུ་དྲན་པར་བྱས་ཏེ། ཚོར་བ་ཕྱི་རོལ་ནའང་མི་གནས། ནང་ནའང་མི་གནས། གཉིས་ཀའི་བར་ནའང་མི་གནས་པར་རྟོགས་ན་ཚོར་བ་ལ་ཚོར་བའི་རྗེས་སུ་དྲན་པ་ཉེ་བར་བཞག་པ་ཞེས་བྱའོ། །སེམས་ལ་སེམས་
Kha486a
༄#། །ཀྱི་རྗེས་སུ་བརྟགས་ཏེ། སེམས་ནི་མིང་ཙམ་དུ་ཟད་དེ། མིང་ཉིད་དང་ཡང་བྲལ་བར་རྟོགས་ན་སེམས་ལ་སེམས་ཀྱི་རྗེས་སུ་དྲན་པ་ཉེ་བར་བཞག་པ་ཞེས་བྱའོ། །ཆོས་ལ་ཆོས་ཀྱི་རྗེས་སུ་བརྟགས་ཏེ་དགེ་བའི་ཆོས་སུའང་མི་དམིགས། མི་དགེ་བའི་ཆོས་སུའང་མི་དམིགས་ན་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་བཞག་པ་ཞེས་བྱའོ། །དགའ་བོ་ཁྱོད་ཞུ་བ་ལྟར་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཆོས་ཀྱི་མཛོད་བསྡུས་པ་ན། མདོ་སྡེ་ཐམས་ཅད་ཀྱི་མགོ་ནན་ལ་ཇི་སྐད་གདགས་ཞེས་བྱ་བ་ནི། དགའ་བོ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཆོས་ཀྱི་མཛོད་བསྡུས་པའི་མདོ་སྡེ་ཐམས་ཅད་ཀྱི་མགོ་ནན་ལ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།་བཅོམ་ལྡན་འདས་ཆེ་གེ་མོ་ཞིག་ན་འཁོར་རྣམ་བཞི་དང་ཐབས་གཅིག་ཏུ་བཞུགས་ཏེ། མདོ་སྡེ་འདི་གསུངས་སོ་ཞེས་ཐོགས་ཤིག་།དེའི་ཚེ་དགའ་བོས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་སངས་རྒྱས་འཇིག་རྟེན་ན་བཞུགས་ཀྱང་རུང ། མྱ་ངན་ལས་འདས་ཀྱང་རུང ། སྦྱིན་བདག་དད་པས་དེ་བཞིན་གཤེགས་པ་ལ་གསེར་དང ། དངུལ་དང ། རིན་པོ་ཆེ་སྣ་བདུན་དང ། ལོངས་སྤྱོད་ཀྱི་ཡོ་བྱད་མང་པོ་ཕུལ་ནས་ཇི་ལྟ་བུར་སུ་ལ་བཞག་པར་བགྱི། བཅོམ་ལྡན་འདས་ཀྱིས་དགའ་བོ་
Kha486b
ལ་བཀའ་སྩལ་པ། གལ་ཏེ་སངས་རྒྱས་མངོན་དུ་བཞུགས་ན། སངས་རྒྱས་ལ་ཅི་ཕུལ་བ་ཐམས་ཅད་དགེ་འདུན་ལ་གཏད་པར་བྱའོ། །གལ་ཏེ་སངས་རྒྱས་མྱ་ངན་ལས་འདས་ནས་ཡོན་བདག་དད་པས་སངས་རྒྱས་ལ་བསྔོས་ཤིང་ཕུལ་བ་ཐམས་ཅད་སངས་རྒྱས་ཀྱི་སྐུ་གཟུགས་དང ། སངས་རྒྱས་ཀྱི་ན་བཟའ་དང ། རིན་པོ་ཆེ་སྣ་བདུན་གྱི་བ་དན་དང ། གདུགས་སུ་བྱ་ཞིང་མར་བསུང་ཅན་དང ། རིན་པོ་ཆེའི་མེ་ཏོག་ཉོས་ཏེ་སངས་རྒྱས་ལ་མཆོད་པ་བྱའོ། །སངས་རྒྱས་ལ་མཆོད་པ་བྱ་བ་མ་གཏོགས་པར་གཞན་དུ་སྤྱད་དུ་མི་རུང་ངོ ། །གལ་ཏེ་གཞན་དུ་སྤྱད་ན་སངས་རྒྱས་ཀྱི་དཀོར་བརྐུས་པ་ཡིན་ནོ། །དགའ་བོས་ཡང་གསོལ་པ། བཅོམ་ལྡན་འདས། སངས་རྒྱས་བཞུགས་པ་ན། གལ་ཏེ་སྐྱེས་བུ་ཞིག་གིས་གསེར་དང ། དངུལ་དང ། རིན་པོ་ཆེ་སྣ་བདུན་དང ། གཞལ་མེད་ཁང་དང ། བུ་དང ། ཆུང་མ་དང ། བྲན་ཁོལ་དང ། གོས་དང ། ཟས་དང ། བདེ་བའི་ཡོ་བྱད་ཐམས་ཅད་ཕུལ་ནས་བསྟི་སྟང་དང་བཅས་པས་ཕྱག་བྱས་ཏེ། མཆོད་པ་བྱས་པ་དང ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས། གལ་ཏེ་སྐྱེས་བུ་ཞིག་གིས་གསེར་དང ། དངུལ་དང ། རིན་པོ་ཆེ་སྣ་བདུན་དང ། བུ་དང ། ཆུང་མ་དང ། བྲན་ཁོལ་དང ། གོས་དང ། ཟས་དང ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་ཕུལ་ཏེ། དད་པའི་སེམས་ཀྱིས་
Kha487a
༄#། །བསྟི་སྟང་དང་བཅས་པས་ཕྱག་འཚལ་ཏེ་མཆོད་པ་བྱས་ན། བཅོམ་ལྡན་འདས། དེ་ལྟར་སྐྱེས་བུ་དེ་གཉིས་ཀྱིས་དད་པའི་སེམས་ཀྱིས་མཆོད་པ་བགྱིས་ན་བསོད་ནམས་གང་གིས་མང་དུ་ཐོབ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སྐྱེས་བུ་དེ་གཉིས་ཀྱིས་དེ་ལྟར་དད་པའི་སེམས་ཀྱིས་མཆོད་ན་བསོད་ནམས་ཐོབ་པའི་ཁྱད་པར་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་མྱ་ངན་ལས་འདས་ཀྱང་ཆོས་ཀྱི་སྐུ་ནི་རྟག་པ་ཡིན་པས་དད་པའི་སེམས་ཀྱིས་མཆོད་ན་བསོད་ནམས་འདྲ་སྟེ་ཁྱད་པར་མེད་དོ། །དགའ་བོས་ཡང་གསོལ་པ། བཅོམ་ལྡན་འདས། སངས་རྒྱས་མངོན་དུ་བཞུགས་པ་ལ་གལ་ཏེ་སྐྱེས་བུ་ཞིག་དད་པའི་སེམས་ཀྱིས་གོང་དུ་སྨོས་པ་དང་འདྲ་བར་བསྟི་སྟང་དང་བཅས་པས་མཆོད་པ་བགྱིད་པ་དང ། སངས་རྒྱས་མྱ་ངན་ལས་འདས་ནས་གལ་ཏེ་སྐྱེས་བུ་ཞིག་དད་པའི་སེམས་ཀྱིས་གོང་དུ་སྨོས་པ་དང་འདྲ་བར་བསྟི་སྟང་དང་བཅས་པས་སངས་རྒྱས་ཀྱི་སྐུ་གདུང་རིལ་པོ་ལ་མཆོད་པ་བགྱིས་ན། བཅོམ་ལྡན་འདས། སྐྱེས་བུ་དེ་གཉིས་གང་གིས་བསོད་ནམས་མང་དུ་ཐོབ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སྐྱེས་བུ་དེ་གཉིས་ཀྱི་བསོད་ནམས་ནི་མཉམ་པས་ཁྱད་པར་མེད་དེ། བསོད་ནམས་ཚད་མེད། དཔག་ཏུ་མེད་པར་རྒྱ་ཆེ་བས་སྡུག་བསྔལ་གྱི་མཐར་ཕྱིན་པའི་བར་དུ་བསོད་ནམས་མི་ཟད་དོ། །
Kha487b
དགའ་བོས་ཡང་གསོལ་པ། བཅོམ་ལྡན་འདས། སངས་རྒྱས་མངོན་དུ་བཞུགས་པ་ལ། གལ་ཏེ་སྐྱེས་བུ་ཞིག་དད་པའི་སེམས་ཀྱིས་གོང་དུ་སྨོས་པའི་མཆོད་པའི་ཡོ་བྱད་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པ་དང ། སངས་རྒྱས་མྱ་ངན་ལས་འདས་ནས། གལ་ཏེ་སྐྱེས་བུ་ཞིག་དད་པའི་སེམས་ཀྱིས་བསྟི་སྟང་དང་བཅས་པས་དེ་བཞིན་གཤེགས་པའི་སྐུ་གདུང་ཕྱེད་ལ་མཆོད་པ་བགྱིས་ན། བཅོམ་ལྡན་འདས། སྐྱེས་བུ་དེ་གཉིས་གང་གིས་བསོད་ནམས་མང་དུ་ཐོབ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སྐྱེས་བུ་དེ་གཉིས་དད་པའི་སེམས་ཀྱིས་མཆོད་ན། བསོད་ནམས་ལ་ཁྱད་པར་མེད་དེ། བསོད་ནམས་ཀྱི་ཕུང་པོ་ཚད་མེད་དཔག་ཏུ་མེད་དོ། །དགའ་བོ། གལ་ཏེ་སྐྱེས་བུ་ཞིག་གིས་དད་པའི་སེམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་གདུང་བཞི་ཆ་གཅིག་གམ། བརྒྱད་ཆ་གཅིག་གམ། བཅུ་དྲུག་གི་ཆ་གཅིག་གམ། བརྒྱའི་ཆ་གཅིག་གམ། སྟོང་གི་ཆ་གཅིག་གམ། ཁྲིའི་ཆ་གཅིག་གམ། ཀླུང་གངྒཱའི་བྱེ་མའི་ཆ་གཅིག་ཙམ་ནས་ཆུང་ངུ་ན་ཡུངས་ཀར་ཙམ་གཅིག་ལ། དད་པའི་སེམས་ཀྱིས་བསྟི་སྟང་དང་བཅས། རིམ་གྲོ་དང་བཅས་པས་མཆོད་པ་དང་བསྟོད་པ་བྱས་པ་དེའི། གལ་ཏེ་སངས་རྒྱས་མངོན་དུ་བཞུགས་པ་ལ་བསྟི་སྟང་དང་བཅས་པས་མཆོད་པ་བྱས་ན། སྐྱེས་བུ་དེ་གཉིས་ཀྱི་བསོད་ནམས་ནི་ཐམས་ཅད་ཁྱད་པར་མེད་པར་མཉམ་སྟེ། ཚད་མེད་དཔག་ཏུ་མེད་དོ། །དགའ་བོ་
Kha488a
༄#། །སངས་རྒྱས་མངོན་དུ་བཞུགས་སམ། མྱ་ངན་ལས་འདས་ཀྱང་རུང ། གང་ཞིག་དད་པའི་སེམས་ཀྱིས་བསྟི་སྟང་དང་བཅས་པས་ཕྱག་འཚལ་ཏེ། བླ་མར་བྱས།་བཀུར་སྟིར་བྱས། བསྟོད་པ་བྱས་ན། སྐྱེས་བུ་དེ་གཉིས་ཀྱི་བསོད་ནམས་ཐོབ་པ་ནི་གཉིས་སུ་མེད། དབྱེར་མེད་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགའ་བོ་དང་འཁོར་མང་པོ་རྣམས་ལ་བཀའ་སྩལ་པ། ང་མྱ་ངན་ལས་འདས་ནས་གནམ་གྱི་སྟེང་ངམ། མིའི་འཇིག་རྟེན་ན། སེམས་ཅན་གྱིས་ངའི་སྐུ་གདུང་ལག་ཏུ་ཐོབ་སྟེ། མྱ་ངན་དང་དགའ་བ་བཅས་པས་བསྟི་སྟང་དུ་ཕྱག་འཚལ་ཏེ་དད་པའི་སེམས་ཀྱིས་མཆོད་པ་བྱས་ན། བསོད་ནམས་ཚད་མེད་དཔག་ཏུ་མེད་པ་ཐོབ་པར་འགྱུར་རོ། །དགའ་བོ། གང་གིས་དེ་བཞིན་གཤེགས་པའི་སྐུ་གདུང་མཐོང་ན། དེས་ནི་སངས་རྒྱས་མཐོང་ངོ ། །སངས་རྒྱས་མཐོང་བ་དེས་ནི་ཆོས་མཐོང་ངོ ། །ཆོས་མཐོང་བ་དེས་ནི་དགེ་འདུན་མཐོང་ངོ ། །དགེ་འདུན་མཐོང་བ་དེས་ནི་མྱ་ངན་ལས་འདས་པ་མཐོང་ངོ ། །དགའ་བོ་དེ་བས་ན་དཀོན་མཆོག་གསུམ་ནི་རྟག་པ་གནས་པ་མི་འགྱུར་མི་འཕོ་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་ཀྱི་གནས་སུ་འགྱུར་བར་རིག་པར་བྱའོ། །དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་བདག་ཅག་གིས་ཆོ་ག་གང་དང་སྦྱར་ཏེ་དེ་བཞིན་གཤེགས་
Kha488b
པའི་སྐུ་ཞུགས་ལ་བཞེན་ན་སྐུ་གདུང་འཐོབ་ཅིང་དད་པས་མཆོད་པར་འགྱུར། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ང་མྱ་ངན་ལས་འདས་ནས་ཁྱེད་ཀྱིས་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཐབས་སུ་བསྲེགས་ཤིག་།དགའ་བོས་ཡང་གསོལ་པ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་བསྲེག་པའི་ཆོ་ག་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི་ཤི་ནས་ཞག་བདུན་གྱི་བར་དུ་འཇོག་སྟེ། གདོད་ལྕགས་ཀྱི་སྒྲོམ་གྱི་ནང་དུ་འཛུད་དོ། །སྒྲོམ་དུ་བཅུག་ནས་འབྲུ་མར་བསུང་ཅན་གྱིས་སྒྲོམ་གྱི་ནང་དུ་བཀང་ནས། ཁ་ལེགས་པར་བཅད་དེ་ཡང་ཞག་བདུན་དུ་འཇོག་གོ་།དེ་ནས་སྒྲོམ་ནས་ཕྱུང་སྟེ་སྤོས་ཆུས་བཀྲུའོ། །སྤོས་ཆུས་བཀྲུས་ནས་བདུག་སྤོས་ཀྱིས་མཆོད་ཅིང་གདུགས་ལ་ཤིང་བལ་གྱིས་ལུས་ཀུན་དཀྲིའོ། །ཤིང་བལ་གྱིས་དཀྲིས་པའི་སྟེང་དུ་རས་དཀར་པོ་བཟང་པོ་ཡུག་སྟོང་གིས་མཐར་ཆགས་སུ་དཀྲིའོ། །དེ་ལྟར་དཀྲིས་ནས་སྒྲོམ་གྱི་ནང་དུ་འབྲུ་མར་བསུང་ཅན་གྱིས་བཀང་སྟེ། རྒྱལ་པོའི་རུས་བུ་ཕྱིར་སྒྲོམ་གྱི་ནང་དུ་བཅུག་ལ་སྒྲོམ་གྱི་ཁ་ལེགས་པར་བཅད་དོ། །ཤིང་བསུང་ཅན་གྱི་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟའི་སྟེང་དུ་དྲངས་ཏེ། ཤིང་རྟའི་ངོས་བཞིའང་རྒྱན་ཕྱང་སྦྱངས་ཤིང་རིན་པོ་ཆེ་སྣ་ཚོགས་ཀྱིས་ཀྱང་ཤིང་རྟ་སྦྲའོ། །གྲངས་མེད་པའི་མེ་ཏོག་དང ། བ་དན་དང ། རིན་པོ་ཆེ་སྣ་བདུན་གྱི་གདུགས་
Kha489a
༄#། །དང ། རྒྱལ་མཚན་དང ། སྤོས་བཟང་པོ་སྣ་ཚོགས་དང ། ལྷའི་རོལ་མོས་བསྐོར་ཞིང་མཆོད་པ་བྱའོ། །དེ་ནས་ཤིང་བསུང་ཅན་གྱི་ནང་རི་མོ་དང་ལྡན་པ་དང ། མར་བསུང་ཅན་གྱིས་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་རུས་བུ་བསྲེག་གོ་།དེ་ལྟར་བསྲེགས་ནས་རིང་བསྲེལ་བསྡུས་ཏེ་གྲོང་ཁྱེར་ཆེན་པོའི་བཞི་མདོར་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་སྒོ་བཞི་བཀོད་པ་བྱས་ཏེ། རིང་བསྲེལ་དེའི་ནང་དུ་བཞག་ལ་འཇིག་རྟེན་དུ་བཅས་པ་ཐམས་ཅད་ཀྱིས་རྗེས་སུ་ཡི་རང་བས་བལྟར་བཞུག་གོ་།དགའ་བོ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དེ་བསོད་ནམས་ཅུང་ཟད་ཅིག་གིས་རྒྱལ་པོའི་ཐབས་ཐོབ་ཀྱང་སྲིད་པ་ལས་རྣམ་པར་མ་གྲོལ། འདོད་པ་ལྔ་དང་ལྡན་ཏེ། བཙུན་མོ་དང་ཕོ་བྲང་གི་སླས་སུ་བཅས། ངན་པར་ལྟ་བ་དང་གདུག་པ་གསུམ་དུ་བཅས། ཉོན་མོངས་པ་དང་ཀུན་ནས་ཉོན་མོངས་པ་བ་སྤུའི་ཉག་མ་ཙམ་ཡང་མ་སྤངས་པ་ཤི་ནས་འཇིག་རྟེན་དུ་བཅས་པས་དེ་ལྟ་བུའི་ཆོ་ག་བྱེད་ཅིང ། མཆོད་རྟེན་བརྩིགས་ནས་ཐམས་ཅད་རྗེས་སུ་ཡི་རང་ཞིང་བལྟ་ན། དགའ་བོ། དེ་བཞིན་གཤེགས་པ་ལྟ་ཅི་སྨོས་ཏེ། བསྐལ་པ་ཚད་མེད་མཐའ་ཡས་དཔག་ཏུ་མེད་གྲངས་མེད་པ་ནས་བཙུན་མོ་དང ། ཕོ་བྲང་གི་སླས་དང ། འདོད་པ་ལ་ཡོངས་སུ་སྤངས་ཏེ། འཇིག་རྟེན་གྱི་ཆོས་ལ་བ་མོའམ་སེར་བ་ལྟ་བུར་རྟོགས་ནས་རྩོལ་
Kha489b
དཀའ་བ་བཙལ་ཏེ་ཤིན་ཏུ་སྤྱོད་དཀའ་བ་སྤྱད་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་འཇིག་རྟེན་ལས་འདས་པའི་སྤྱོད་དཀའ་བ་སྤྱད་དེ། ཕྱོགས་བཅུ་ན་དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱིས་མཛད་པ་ཡོངས་སུ་དག་པའི་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་དང ། རྣམ་པར་གྲོལ་བ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་སྟོན་པ་དང ། ཕ་རོལ་ཏུ་ཕྱིན་པ་དྲུག་མ་བསྒྲུབས་པ་གང་ཡང་མེད་ལ། གཞན་ཡང་དེ་བཞིན་གཤེགས་པའི་སྟོབས་བཅུ་དང ། སྙིང་རྗེ་ཆེན་པོ་དང ། མི་འཇིགས་པ་བཞི་དང ། རྣམ་པར་ཐར་པའི་སྒོ་གསུམ་དང ། སྟོང་པ་ཉིད་བཅོ་བརྒྱད་དང ། མངོན་པར་ཤེས་པ་དྲུག་དང ། སྤྱན་ལྔ་དང ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང ། མ་འདྲེས་པའི་ཆོས་བཅོ་བརྒྱད་དང ། མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུ་དང ། སངས་རྒྱས་ཐམས་ཅད་ཀྱི་སྐུ་ཚེ་དང ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་སྦྱང་བ་དང ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང ། སྤྱོད་དཀའ་བ་ཐམས་ཅད་དང ། དགེ་བ་སྡུད་པའི་ཚུལ་ཁྲིམས་དང ། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་དང།་སྡོམ་པའི་ཚུལ་ཁྲིམས་དང ། ཡོན་ཏན་ཐམས་ཅད་དང ། ཡེ་ཤེས་ཐམས་ཅད་དང ། རྒྱན་ཐམས་ཅད་དང ། སྨོན་ལམ་ཆེན་པོ་ཐམས་ཅད་དང ། ཐབས་མཁས་པ་ཐམས་ཅད་
Kha490a
༄#། །དང།་དེ་ལ་སོགས་ཏེ་བསམ་གྱིས་མི་ཁྱབ་པའི་བསོད་ནམས་དང་ཡེ་ཤེས་ཐམས་ཅད་ཡོངས་སུ་རྫོགས་པར་ལྷུན་གྱིས་གྲུབ་སྟེ། མི་དགེ་བ་ཐམས་ཅད་ཀྱང་ཡོངས་སུ་བཅད། ཉོན་མོངས་པ་ཐམས་ཅད་ཀྱང་ཡོངས་སུ་བཅད། ཉོན་མོངས་པའི་བག་ཆགས་ཐམས་ཅད་ཀྱང་ཡོངས་སུ་བཅད་དེ། བདེན་པ་བཞི་དང ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ཤིན་ཏུ་རྟོགས་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་རྣམ་པ་བཞི་བཏུལ་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་གྱུར་ནས་དེ་ལྟ་བུའི་དམ་པའི་ཆོས་ཐམས་ཅད་ལ་ནན་ཏན་བྱས་པས་སངས་རྒྱས་ཐམས་ཅད་ཀྱིས་གསུང་མཐུན་པར་ལེགས་སོ། །ལེགས་སོ་ཞེས་བཀའ་སྩལ་ནས། མཐུན་པར་ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་ཆུ། ཆོས་ཀྱི་སྐུའི་སྤྱི་བོར་དབང་བསྐུར་ཏེ། གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ་ཞེས་བསྒྲགས་སོ། །དེ་བས་ན་ང་ནི་ད་ལྟར་ལྷ་དང་མི་རྣམས་ཀྱི་སྟོན་པ་སྟེ། ཕྱོགས་བཅུར་རྣམ་པར་སངས་རྒྱས་པ་མཐར་ཕྱིན་པ་བཅོམ་ལྡན་འདས་ཞེས་བྱ་སྟེ། ལྷ་དང་མིའི་ནང་ན་དཔེ་ཟླ་མེད་པ། སེམས་ཅན་ཐམས་ཅད་ལ་སྒྲ་གཅན་འཛིན་དང་འདྲ་བར་གཟིགས་པས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པ། མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ།
Kha490b
བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མིའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་སྟེ། འཇིག་རྟེན་ལ་ཐུགས་བརྩེ་བར་མཛད་པ་ཀུན་མཛད་ནས་སེམས་ཅན་གྱི་ཕྱིར་མྱ་ངན་ལས་འདས་ན། འཇིག་རྟེན་གྱི་ཆོས་བཞིན་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟར་སེམས་ཅན་ཐམས་ཅད་ཀྱིས་མཆོད་པ་བྱེད་པར་འགྱུར་བར་བྱའོ། །དགའ་བོ།་ང་མྱ་ངན་ལས་འདས་ནས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟར་ཞག་བདུན་གྱི་བར་དུ་ཞོག་ལ། གདོད་ལྕགས་ཀྱི་སྒྲོམ་དུ་ཆུག་ཅིག་།ལྕགས་ཀྱི་སྒྲོམ་དུ་བཅུག་ནས་མར་བསུང་ཅན་གྱིས་ལོང་ལ་ཁ་ལེགས་པར་ཆོད་ཅིག་།སྒྲོམ་ཡང་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་སྤྲས་ཤིང་བརྒྱན་ལ་སྒྲོམ་འཁོར་བར་རིན་པོ་ཆེའི་རྒྱལ་མཚན་དང ། སྤོས་དང ། མེ་ཏོག་གིས་མཆོད་པ་གྱིས་ཤིག་།དེ་ལྟ་བུར་ཞག་བདུན་དུ་མཆོད་ནས་སྒྲོམ་ནས་ཕྱུང་ལ། སྤོས་ཆུས་ལེགས་པར་ཁྲུས་ཤིག་།དེ་ལྟར་སྤོས་ཆུས་དེ་བཞིན་གཤེགས་པའི་སྐུ་ལེགས་པར་བཀྲུས་ནས་ཤིང་བལ་གྱིས་སྐུ་ཁྱབ་པར་དཀྲིས་ཤིག་།དེའི་སྟེང་དུ་རིན་ཐང་མེད་པའི་རས་དཀར་པོ་ཡུག་སྟོང་གིས་དཀྲིས་ཤིག་།དེ་ལྟར་དཀྲིས་ནས་ཕྱིར་ལྕགས་ཀྱི་སྒྲོམ་དུ་ཆུག་ལ་མར་བསུང་ཅན་གྱིས་བཀང་སྟེ་ཁ་ལེགས་པར་ཆོད་ཅིག་།དེ་ནས་གོ་ཤིཪྴ་ཙནྡན་དང ། ་ག་རུ་དང ། ཤིང་བསུང་ཅན་ཐམས་ཅད་དང་བཅས་སུ་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟའི་
Kha491a
༄#། །སྟེང་དུ་ཞོག་ལ། རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་ཏེ་སྲེག་པའི་གནས་སུ་དྲོངས་ཤིག་།རིན་པོ་ཆེའི་རྒྱལ་མཚན་གྲངས་མེད་པ་དང ། རིན་པོ་ཆེའི་གདུགས་གྲངས་མེད་པ་དང ། རིན་པོ་ཆེའི་གོས་གྲངས་མེད་པ་དང ། གྲངས་མེད་པའི་ལྷའི་རོལ་མོ་དང ། གྲངས་མེད་པའི་མེ་ཏོག་དང ། སྤོས་ཀྱིས་ནམ་མཁའ་ཡང་གང་བ་ཙམ་དུ་མཆོད་པ་གྱིས་ལ་ངུས་ཤིག་།ལྷ་དང ། མི་དང ། འཁོར་ཐམས་ཅད་ཀྱིས་སྤོས་ཀྱི་ཤིང་ཙནྡན་དང ། ་ག་རུ་དང ། མར་བསུང་ཅན་གྱིས་བསྲེགས་ལ་ངུས་ཤིག ། དེ་ལྟར་བསྲེགས་ནས་ལྷ་དང ། མི་དང ། འཁོར་རྣམ་བཞིས་རིང་བསྲེལ་བསྡུས་ལ། རིན་པོ་ཆེ་སྣ་བདུན་གྱི་བུམ་པར་བཅུག་སྟེ། གྲོང་ཁྱེར་ཆེན་པོའི་ལམ་གྱི་བཞི་མདོར་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བྱས་ལ། རིང་བསྲེལ་མཆོད་ན་སེམས་ཅན་དག་བསོད་ནམས་ཆེན་པོ་ཐོབ་ཅིང ། སྲིད་པ་གསུམ་གྱི་སྡུག་བསྔལ་སྤངས་ནས་མྱ་ངན་ལས་འདའ་བའི་བདེ་བ་ཐོབ་པར་འགྱུར་རོ། །དགའ་བོ། །འཁོར་རྣམ་པ་བཞི་པོས། སངས་རྒྱས་ཀྱི་སྐུ་གདུང་གི་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བྱས་ནས་གཞན་ཡང་མཆོད་རྟེན་གསུམ་བྱའོ།། གང་ཞེ་ན། འདི་ལྟ་སྟེ། རང་སངས་རྒྱས་ཀྱི་མཆོད་རྟེན་དང ། དགྲ་བཅོམ་པའི་མཆོད་རྟེན་དང ། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་མཆོད་རྟེན་ཏེ། འཇིག་རྟེན་དུ་བཅས་པས་
Kha491b
སྐྱབས་སུ་འགྲོ་བའི་གནས་ཤེས་པར་བྱ་བའི་ཕྱིར་རོ། །དགའ་བོས་གསོལ་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་འཇིག་རྟེན་དུ་གཤེགས་པ་ན་སེམས་ཅན་ལ་ཐུགས་བརྩེ་བའི་སླད་དུ་སྟོབས་བཅུ་དང ། ཐུགས་རྗེ་ཆེན་པོ་དང ། མི་བསྙེངས་པ་བཞི་དང ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་དང ། བདེན་པ་བཞི་དང ། རྣམ་པར་ཐར་པའི་སྒོ་གསུམ་དང ། ཚངས་པའི་དབྱངས་རྣམ་པ་བརྒྱད་ཀྱིས་ཁམས་གསུམ་དུ་བསྒྲགས་པ་དང ། ཁ་དོག་རྣམ་པ་ལྔ་དང་ལྡན་པའི་བྱམས་པའི་འོད་ཀྱིས་ལམ་རྒྱུད་དྲུག་སྣང་བ་མཛད་ནས་སེམས་ཅན་གྱི་བསམ་པ་བཞིན་དུ། ལ་ལ་ནི་འབྲས་བུ་བཞི་དང ། ཐེག་པ་གཉིས་ལ་སྤྱོད་པར་གྱུར། ལ་ལ་ནི་ཟག་པ་མེད་པ་འདུས་མ་བྱས་པའི་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་གྱུར། ལ་ལ་ནི་མི་འགོག་པ་མི་སྐྱེ་བའི་བྱང་ཆུབ་ཀྱི་ས་ནོན་པར་གྱུར། ལ་ལ་ནི་ཚད་མེད་པའི་གཟུངས་རྣམས་ཐོབ་པར་གྱུར། ལ་ལ་ནི་སྤྱན་ལྔ་དང་མངོན་པར་ཤེས་པ་དྲུག་ཐོབ་པར་གྱུར། ལ་ལ་ནི་ངན་སོང་གསུམ་ལས་ཐར་བར་གྱུར། ལ་ལ་ནི་མི་ཁོམ་པ་བརྒྱད་དང་བྲལ་བར་གྱུར། ལ་ལ་ནི་ལྷ་དང་མིའི་འཇིག་རྟེན་གསུམ་གྱི་སྡུག་བསྔལ་དང་བྲལ་བར་གྱུར་ཏེ། དེ་བཞིན་གཤེགས་པའི་བྱམས་པའི་ཤུགས་རྣམ་པར་དག་པ་དང ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་ཆོས་ཀྱི་གཟུང་བསམ་གྱིས་
Kha492a
༄#། །མི་ཁྱབ་པས་མྱ་ངན་ལས་འདའ་བའི་བར་དུ་འཇིག་རྟེན་དུ་བཅས་པ། ལྷ་དང་མི་དང་འཁོར་རྣམ་པ་བཞིས་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བྱས་ཏེ་རིང་བསྲེལ་ལ་མཆོད་ན་བསོད་ནམས་ཆེན་པོ་ཐོབ་ཅིང་སོ་སོའི་སྐྱེ་བོ་དག་ཁམས་གསུམ་གྱི་སྡུག་བསྔལ་ལས་ཐར་ཅིང་ཡང་དག་པའི་རྣམ་པར་གྲོལ་བ་ལ་འཇུག་པར་འགྱུར་ཏེ། དེ་བས་ན་སངས་རྒྱས་མྱ་ངན་ལས་འདས་ནས་འཇིག་རྟེན་དུ་བཅས་པ་ལྷ་དང ། མི་དང ། འཁོར་ཐམས་ཅད་ཀྱིས་སངས་རྒྱས་ཀྱིས་མཛད་པའི་དྲིན་ཆེན་པོ་དང ། བྱམས་པ་ཚད་མ་མཆིས་པ་རྗེས་སུ་བཟུང་བའི་སླད་དུ་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བགྱིད་ཅིང་རིང་བསྲེལ་ལ་མཆོད་པ་བགྱིད་པ་ནི་འོས་ན། བཅོམ་ལྡན་འདས། མཆོད་རྟེན་རྣམ་པ་གསུམ་པོ་བགྱིས་པས་སེམས་ཅན་རྣམས་ལ་སྨན་པ་ཅི་མཆིས་ན་མཆོད་རྟེན་བགྱིས་ཤིང་མཆོད་པ་བགྱི། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ།་རང་སངས་རྒྱས་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཆོས་ཤིན་ཏུ་ཟབ་མོ་རྟོགས་ནས་སྲིད་པ་ཐམས་ཅད་ལས་རྣམ་པར་གྲོལ་ཏེ། ཉེས་པའི་སྐྱོན་ཐམས་ཅད་བྲལ་ནས་ལྷ་དང་མིའི་བསོད་ནམས་ཀྱི་ཞིང་དུ་འགྱུར་ཏེ། དེ་བས་ན་མཆོད་རྟེན་བྱས་ཏེ་མཆོད་ན་བསོད་ནམས་འཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པའི་འོག་ཏུ་འགྲོ་བ་མང་པོ་
Kha492b
འབྲས་བུ་མཆོག་ཐོབ་པར་བྱེད་པའི་ཕྱིར་རོ། །དགའ་བོ། དགྲ་བཅོམ་པ་ནི་སྐྱེ་བའི་ཕྱོགས་ཟད་དེ་སྲིད་པ་ཕྱི་མ་མི་ལེན་ལ་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པས་འཇིག་རྟེན་གྱི་བསོད་ནམས་ཀྱི་ཞིང་དུ་འགྱུར་ཏེ། དེ་བས་ན་མཆོད་རྟེན་བྱས་ཏེ་མཆོད་ན་བསོད་ནམས་ཐོབ་པ་ནི་རང་སངས་རྒྱས་ཀྱི་འོག་ཏུ་དེ་མང་སྟེ། དེས་ཀྱང་འགྲོ་བ་རྣམ་པར་གྲོལ་བར་བྱེད་དོ། །དགའ་བོ། འཁོར་ལོས་བསྒྱུར་བའི་རྒྱལ་པོའང་ཁམས་གསུམ་གྱི་ཉོན་མོངས་པ་ལས་རྣམ་པར་མ་གྲོལ་མོད་ཀྱི། བསོད་ནམས་ཀྱི་ཤུགས་ཀྱིས་གླིང་བཞི་ལ་དབང་སྟེ། དགེ་བ་བཅུའི་ལས་ཀྱིས་སེམས་ཅན་གྱི་སྲིད་བྱེད་པས་སེམས་ཅན་དེ་དག་གི་བཀུར་སྟིའི་གནས་ཡིན་ཏེ། དེ་བས་ན་འཁོར་རྣམ་བཞིས་མཆོད་རྟེན་བྱས་ཏེ་མཆོད་ན་བསོད་ནམས་ཚད་མེད་པ་ཐོབ་པར་འགྱུར་རོ། །དགའ་བོས་ཡང་གསོལ་པ། བཅོམ་ལྡན་འདས། སངས་རྒྱས་མྱ་ངན་ལས་འདས་ནས་བདག་ཅག་འཁོར་རྣམ་བཞིས་གང་དུ་དེ་བཞིན་གཤེགས་པའི་སྐུ་ཞུགས་ལ་བཞེན་ན། དེ་བཞིན་གཤེགས་པའི་རིང་བསྲེལ་ཐོབ་པར་འགྱུར་བ། བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སངས་རྒྱས་མྱ་ངན་ལས་འདས་ནས་འཁོར་རྣམ་བཞིས་གལ་ཏེ་རྩ་མཆོག་གི་གྲོང་ཁྱེར་གྱི་ནང་དུ་ང་བསྲེགས་ན། གྲོང་ཁྱེར་དེའི་མི་དག་རྒྱལ་པོའི་ལས་ཀྱི་ཆད་པ་དང་
Kha493a
༄#། །རྩོད་པ་ཚད་མེད་པ་འབྱུང་སྟེ། ཐམས་ཅད་ཀྱིས་བསོད་ནམས་མཉམ་པར་མི་ཐོབ་བོ། །དགའ་བོ། གལ་ཏེ་འཁོར་རྣམ་བཞིའི་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་ང་བསྲེགས་ན་འཇིག་རྟེན་པ་དག་བསོད་ནམས་མཉམ་པར་ཐོབ་བོ། །དགའ་བོས་གསོལ་པ། བཅོམ་ལྡན་འདས། སངས་རྒྱས་མྱ་ངན་ལས་འདས་ནས་ཞུགས་ལ་བཞེན་པའི་འོག་ཏུ་འཁོར་རྣམ་བཞིས་རིང་བསྲེལ་བསྡུས་ཏེ། རིན་པོ་ཆེའི་བུམ་པར་སྩལ་ནས་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་གང་དུ་བརྩིག་ན་ཐམས་ཅད་དད་པའི་སེམས་སྐྱེ་ཞིང་མཆོད་པར་འགྱུར་བ་བཅོམ་ལྡན་འདས་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སངས་རྒྱས་མྱ་ངན་ལས་འདས་ཏེ་བསྲེགས་ནས་འཁོར་རྣམ་བཞིས་རིང་བསྲེལ་བསྡུས་ཏེ། རིན་པོ་ཆེ་སྣ་བདུན་གྱི་བུམ་པར་ཆུག་ལ་རྩཝ་མཆོག་གི་གྲོང་ཁྱེར་གྱི་ནང་དུ་ལམ་གྱི་བཞི་མདོར་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བང་རིམ་བཅུ་གསུམ་དང་ལྡན་པ།་ཕང་ལོ་དང་བཅས་པ་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་ཅིང་སྤྲས་པ། འཇིག་རྟེན་ཐམས་ཅད་ཀྱིས་མཆོག་ཏུ་བྱ་བའི་བ་དན་གྱིས་ཤིན་ཏུ་བརྒྱན་པ། ངོས་བཞིའི་བུ་ཤུའང་རིན་པོ་ཆེ་སྣ་བདུན་ལས་བྱས་པ། ཐམས་ཅད་དུ་རྒྱན་གྱིས་རབ་ཏུ་སྤྲས་པ། མཆོད་རྟེན་དེ་རིམ་པ་གཅིག་ཅིང་ཡང་ངོས་བཞིར་སྒོ་རེ་རེ་བཏོད་པ། སྐར་ཁུང་ཐད་ཀར་འབབ་པའི་ནང་
Kha493b
དུ་རིན་པོ་ཆེ་ཆེན་པོའི་བུམ་པ་བཅུག་སྟེ། འཁོར་རྣམ་བཞིས་མཆོད་པ་བྱའོ། །དགའ་བོ། རང་སངས་རྒྱས་ཀྱི་མཆོད་རྟེན་ནི་རིམ་པ་བཅུ་གཅིག་དང་ལྡན་པ། རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱིས་སྤྲས་པར་བྱའོ། །དགའ་བོ། དགྲ་བཅོམ་པའི་མཆོད་རྟེན་ནི་རིམ་པ་བཞི་དང་ལྡན་པ་སྟེ། དེའང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲའོ། །དགའ་བོ། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་མཆོད་རྟེན་ཡང་རིན་པོ་ཆེ་སྣ་བདུན་ལས་བྱས་ཏེ། རིམ་པ་དང་བཅས་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཁམས་གསུམ་གྱི་སྲིད་པའི་སྡུག་བསྔལ་ལས་མ་གྲོལ་བའི་ཕྱིར་རོ། ། དེའི་ཚེ་མ་འགགས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་མྱ་ངན་ལས་འདས་ཏེ་ཞུགས་ལ་བཞེན་ནས་ལྷ་དང ། མི་དང ། འཁོར་རྣམ་བཞིས་དེ་བཞིན་གཤེགས་པའི་རིང་བསྲེལ་ཇི་ལྟར་བགོས་ན་ཐམས་ཅད་ཀྱིས་མཆོད་པར་འགྱུར། དེའི་ཚེ་བཅོམ་ལྡན་འདས་ཀྱིས་མ་འགགས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་མྱ་ངན་ལས་འདས་ནས་ལྷ་དང་མི་ལ་སོགས་པས་སངས་རྒྱས་ཀྱི་རིང་བསྲེལ་བསྡུས་ཏེ། ཤིན་ཏུ་མཉམ་པའི་སེམས་ཀྱིས་ཁམས་གསུམ་དང ། རྒྱུ་དྲུག་ཐམས་ཅད་ལའང་བགོས་ཏེ། མཆོད་པ་བྱེད་པར་འགྱུར་བར་བྱའོ། །དེའི་ཚེ་བརྒྱ་བྱིན་ལྷའི་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ནི་དེ་བཞིན་གཤེགས་པ་
Kha494a
༄#། །ལས་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་ཕྱེད་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་ལྷའི་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་སྲས་སྒྲ་གཅན་འཛིན་དང་འདྲ་བར་གཟིགས་ཏེ། དེ་བས་ན་ཁྱོད་རིང་བསྲེལ་གྱི་ཕྱེད་འདོད་དོ་ཞེས་མ་ཟེར་ཅིག་།དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་སྙོམས་པར་མཛད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་ལྷའི་དབང་ཕྱུག་ལ་བཀའ་སྩལ་པ། ངས་ཁྱོད་ལ་འགྲམ་པ་གཡས་པའི་ཚེམས་མཆེ་བ་གཅིག་སྦྱིན་གྱི། ཁྱོད་ཀྱིས་ལྷའི་འཇིག་རྟེན་དུ་མཆོད་རྟེན་བྱོས་ལ་མཆོད་ཅིག་དང ། ཁྱོད་ཀྱིས་བསོད་ནམས་ཟད་མི་ཤེས་པ་ཐོབ་པར་འགྱུར་རོ། ། དེའི་ཚེ་ལྷ་དང་མི་ཐམས་ཅད་ཆོ་ངེས་འདེབས་ཤིང་ངུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་བཞི་པོ་ལ་བཀའ་སྩལ་པ། སངས་རྒྱས་མྱ་ངན་ལས་འདའ་བ་ལ་ལྷ་དང་མི་ལ་སོགས་པ་ཁྱེད་མྱ་ངན་མ་བྱེད་ཅིག་།དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ཀྱང་རིང་བསྲེལ་རྟག་ཏུ་མཆོད་དུ་ཡོད་ལ། གཞན་ཡང་བླ་ན་མེད་པའི་ཆོས་ཀྱི་དཀོན་མཆོག་མདོ་སྡེ་དང ། འདུལ་བ་དང ། ཆོས་མངོན་པ་ཡོད་དོ། །དེ་བས་ན་དཀོན་མཆོག་གསུམ་དང ། བདེན་པ་བཞི་རྟག་ཏུ་འཇིག་རྟེན་ན་ཡོད་དེ། སེམས་ཅན་དག་
Kha494b
དད་པས་མཆོད་པའི་གནས་ཡོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིང་བསྲེལ་ལ་མཆོད་པ་ནི་སངས་རྒྱས་དཀོན་མཆོག་མཆོད་པ་ཡིན་ནོ། །སངས་རྒྱས་མཐོང་བ་དེས་ནི་ཆོས་ཀྱི་སྐུ་མཐོང་ངོ ། །ཆོས་མཐོང་བ་དེས་ནི་འཕགས་པ་མཐོང་ངོ ། །འཕགས་པ་མཐོང་བ་དེས་ནི་བདེན་པ་བཞི་མཐོང་ངོ ། །བདེན་པ་བཞི་མཐོང་བ་དེས་ནི་མྱ་ངན་ལས་འདའ་བ་མཐོང་ངོ ། ། དེ་བས་ན་དཀོན་མཆོག་གསུམ་ནི་རྟག་པ་གནས་པ་མི་འགྱུར་མི་འཕོ་བ་སྟེ། འཇིག་རྟེན་གྱི་གནས་དང་རྟེན་དུ་འགྱུར་བར་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་རྣམས་ལ་བཀའ་སྩལ་པ། ཁྱེད་སྡུག་བསྔལ་གྱིས་གདུངས་པར་འགྱུར་བའི་མྱ་ངན་ཆེན་པོ་མ་བྱེད་ཅིག་།ང་ནི་མྱ་ངན་ལས་འདའ་བར་གཤེགས་སུ་ཉེའི། ཚུལ་ཁྲིམས་སམ། གནས་སམ། རྟག་པའམ། མི་རྟག་པའམ། དཀོན་མཆོག་གསུམ་མམ། བདེན་པ་བཞིའམ། ཕ་རོལ་ཏུ་ཕྱིན་པ་དྲུག་གམ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ལས་ཐེ་ཚོམ་དུ་གྱུར་པ་ཡོད་ན། མྱུར་དུ་དྲིས་ཤིག་།འདྲི་བ་འདི་ནི་ཐ་མར་འདྲི་བ་སྟེ། སངས་རྒྱས་མྱ་ངན་ལས་འདས་ནས་འགྱོད་པ་མེད་པར་བྱའོ་ཞེས་ལན་གསུམ་གྱི་བར་དུ་བཀའ་སྩལ་ཏོ། །དེའི་ཚེ་འཁོར་རྣམ་བཞི་ལ་སོགས་པ་མྱ་ངན་གྱིས་ཡིད་གདུངས་ཏེ། སྐད་བརྣངས་ནས་ཡི་ཆད་པ་ཙམ་དུ་ཡིད་ལ་གཅགས་ཏེ། མྱ་ངན་གྱིས་བརྒྱལ་ལོ། །སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་མཆི་མ་ཕྱིས་
Kha495a
༄#། །ནས་ཅང་མི་སྨྲ་སྟེ་ཞུ་བའང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཁོར་བཞི་པོ་འདི་དག་ཐམས་ཅད་ནི་ཚུལ་ཁྲིམས་དང ། གནས་དང ། དཀོན་མཆོག་གསུམ་དང ། བདེན་པ་བཞི་མངོན་སུམ་དུ་རྟོགས་ཏེ་ཐེ་ཚོམ་མེད་པར་གྱུར་ཏོ། །དེ་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་བཞི་པོ་ལ་ཐེ་ཚོམ་མེད་པར་ཐུགས་ཀྱིས་མཁྱེན་ནས་ལེགས་སོ། །ཤིན་ཏུ་ལེགས་སོ། །འཁོར་བཞི་པོ་ཁྱེད་དཀོན་མཆོག་གསུམ་དང ། བདེན་པ་བཞི་ཤིན་ཏུ་རྟོགས་ཏེ་ཐེ་ཚོམ་མེད་པ་ནི་ཇི་ལྟར་ཆུ་དང་པས་དྲི་མ་བཀྲུས་པ་དང་འདྲ་སྟེ། ཁྱེད་ཀྱང་བརྩོན་འགྲུས་ཀྱིས་ཤིག་དང ། མྱུར་དུ་འབྱུང་བའི་ལམ་ཐོབ་པར་འགྱུར་གྱི། བརྒྱལ་བ་ཙམ་དུ་མྱ་ངན་མ་བྱེད་ཅིག་།དེའི་ཚེ་བཅོམ་ལྡན་འདས་སེང་གེའི་ཁྲི་ལ་བཞུགས་བཞིན་དུ་གསེར་ལྟ་བུ་ལ་ཕྱག་གིས་ན་བཟའ་སྦྱར་མ་བཞག་ནས་གསེར་བཙོ་མའི་ཁ་དོག་ལྟ་བུའི་སེང་གེའི་ཐོང་ག་དཔལ་བེའུ་ཕྱུང་སྟེ་འཁོར་མང་པོ་རྣམས་ལ་བསྟན་ནས་ལྷ་དང ། མི་དང།་འཁོར་མང་པོ་རྣམས་ལ་ངའི་སྐུ་ཁ་དོག་གསེར་བཙོ་མ་ལྟ་བུ་ལ་ལྟོས་ཤིག་ཅེས་བཀའ་སྩལ་ཏོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ།་བམ་པོ་ལྔ་བཅུ་ལྔ་པ། དེའི་ཚེ་འཁོར་རྣམ་བཞི་དང ། ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སྐུ་གསེར་བཙོ་མའི་ཁ་དོག་ལྟ་བུ་ལ་མིག་མི་འཛུམ་པས་བལྟས་པས་རབ་
Kha495b
ཏུ་བདེ་བ་ནི་ཇི་ལྟར་དགེ་སློང་དག་བསམ་གཏན་གསུམ་པ་ལ་རེག་པ་དང་འདྲ་བར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་གསེར་བཙོ་མའི་ཁ་དོག་ལྟ་བུའི་སྐུ་འཁོར་མང་པོ་ལ་བསྟན་ནས།་མྱ་ངན་ལས་འདའ་བ་ཆེན་པོའི་འོད་ཟེར་ཚད་མེད་དཔག་ཏུ་མེད་པ་ཁྲག་ཁྲིག་བརྒྱད་སྟོང་སྙེད་བཀྱེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་པས་ཉི་ཟླའི་འོད་ཀྱང་ཟིལ་གྱིས་ནོན་ཏེ། དེ་ལྟར་འོད་བཀྱེ་ནས་འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་ནི་ཁྱེད་ཀྱི་ཕྱིར་བསྐལ་པ་བགྲང་ཡས་པའི་བར་དུ་ཤིན་ཏུ་སྤྱོད་དཀའ་བ་སྤྱད་དེ། ལུས་ཀྱི་ཡན་ལག་ལག་པ་དང ། རྐང་པའང་གཏུབས་ནས་ཤིན་ཏུ་སྤྱོད་དཀའ་བ་ཐམས་ཅད་སྤྱད་དེ། སྙིང་རྗེ་ཆེན་པོའི་སྨོན་ལམ་གྱི་དབང་གི་རྙོག་པ་ལྔའི་འཇིག་རྟེན་གྱི་ཁམས་འདིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ། རྡོ་རྗེ་ལྟ་བུར་མི་འཇིག་པའི་གསེར་བཙོ་མའི་ཁ་དོག་གི་སྐུ་མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ་ཚད་མེད་པའི་འོད་ཟེར་གྱིས་ཐམས་ཅད་དུ་སྣང་བར་བྱས་པ་ཐོབ་སྟེ། འོད་ཟེར་གྱིས་རེག་གམ། སྐུ་མཐོང་བ་ཙམ་གྱིས་ཀྱང་རྣམ་པར་མ་གྲོལ་བ་མེད་དོ། །བཅོམ་ལྡན་འདས་ཀྱིས་ཡང་འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སངས་རྒྱས་འཇིག་རྟེན་དུ་གཤེགས་
Kha496a
༄#། །པ་ཤིན་ཏུ་དཀའ་བ་ནི་མེ་ཏོག་ཨུ་དུམྦ་ར་དང་འདྲ་སྟེ། ཤིན་ཏུ་མཐོང་བར་དཀའོ། །ཁྱེད་ཀྱིས་ནང་གི་ཐ་མར་ངའི་སྐུ་མཐོང་བར་འགྱུར་བ་འདི་ལ་དོན་མེད་པར་མི་བྱའོ། །སྔོན་གྱི་སྨོན་ལམ་གྱི་མཐུས་རྙོག་པའི་འཇིག་རྟེན་གྱི་ཁམས་འདིར་གཤེགས་ཏེ། ད་ནི་གདུལ་བའི་མཛད་བ་མཛད་ནས་ང་མྱ་ངན་འདར་ཉེའོ། །ཁྱེད་ལ་སོགས་པ་སེམས་རྩེ་གཅིག་ཏུ་ངའི་སྐུ་གསེར་བཙོ་མའི་ཁ་དོག་ལྟ་བུ་ལ་ཤིན་ཏུ་ལྟོས་ཤིག་།ཁྱེད་ཀྱང་ཡོངས་སུ་དག་པའི་ལས་ལ་ནན་ཏན་བྱས་ན་འབྲས་བུ་འདི་ཐོབ་པར་འགྱུར་རོ། །དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་དུ་ཡང་དང་ཡང་ལན་གསུམ་གྱི་བར་དུ་བཀའ་སྩལ་ནས། གསེར་བཙོ་མ་ལྟ་བུའི་སྐུ་འཁོར་མང་པོ་རྣམས་ལ་མངོན་དུ་བསྟན་ཏོ། །དེ་ནས་རིན་པོ་ཆེ་སྣ་བདུན་གྱི་སེང་གེའི་ཁྲི་ལས་བཞེངས་ཏེ། སྟེང་གི་ནམ་མཁའ་ལ་ཤིང་ཏ་ལ་བདུན་སྲིད་དུ་འཕགས་ནས་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ཡོངས་སུ་མྱ་ངན་ལས་འདར་ཉེའི། ཁྱེད་ལ་སོགས་པ་འཁོར་མང་པོ་རྣམས་ངའི་སྐུ་གསེར་བཙོ་མའི་ཁ་དོག་ལྟ་བུ་ལ་ལྟོས་ཤིག་།དེ་བཞིན་དུ་མཐར་གྱིས་ཤིང་ཏ་ལ་གཅིག་སྲིད་དུ་འཕགས་ནས་ད་ནི་མྱ་ངན་ལས་འདར་ཉེའི། ཁྱེད་ལ་སོགས་པ་འཁོར་མང་པོ་རྣམས་བསམ་པ་ཤིན་ཏུ་དགས་པས་ངའི་སྐུ་གསེར་བཙོ་མའི་ཁ་དོག་ལྟ་བུ་ལ་ལྟོས་ཤིག་ཅེས་ལན་བདུན་གྱི་བར་དུ་
Kha496b
བཀའ་སྩལ་ཏོ། །དེ་ནས་ནམ་མཁའ་ལས་བབས་ཏེ་སེང་གེའི་ཁྲི་ལ་བཞུགས་ནས་ཡང་འཁོར་མང་པོ་རྣམས་ལ་ང་ཡོངས་སུ་མྱ་ངན་ལས་འདར་ཉེའི། ཁྱེད་ལ་སོགས་པ་བསམ་པ་ཤིན་ཏུ་དག་པས་ངའི་སྐུ་གསེར་བཙོ་མའི་ཁ་དོག་ལྟ་བུ་ལ་ལྟོས་ཤིག་ཅེས་བཀའ་སྩལ་ཏེ། དེ་ནས་ཡང་བཅོམ་ལྡན་འདས་སེང་གེའི་ཁྲི་ལས་བཞེངས་ནས་སྟེང་གི་ནམ་མཁའ་ལ་ཤིང་ཏ་ལ་གཅིག་སྲིད་དུ་འཕགས་ནས་འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ཡོངས་སུ་མྱ་ངན་ལས་འདར་ཉེའི། ཁྱེད་ལ་སོགས་པ་བསམ་པ་དག་པས་ངའི་སྐུ་གསེར་བཙོ་མའི་ཁ་དོག་ལྟ་བུ་ལ་ལྟོས་ཤིག་།དེ་བཞིན་དུ་ཤིང་ཏ་ལ་བདུན་སྲིད་དུ་འཕགས་ནས་ལན་བདུན་གྱི་བར་དུ་ང་ཡོངས་སུ་མྱ་ངན་ལས་འདར་ཉེའི་།ཁྱེད་ལ་སོགས་པ་འཁོར་མང་པོ་རྣམས་ངའི་སྐུ་གསེར་བཙོ་མའི་ཁ་དོག་ལྟ་བུ་ལ་ལྟོས་ཤིག་ཅེས་བཀའ་སྩལ་ཏོ། །དེ་ནས་ནམ་མཁའ་ལས་ཕྱིར་བབས་ནས་སེང་གེའི་ཁྲི་ལ་བཞུགས་ཏེ་འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ཡོངས་སུ་མྱ་ངན་ལས་འདར་ཉེའི། ཁྱེད་ལ་སོགས་པ་བསམ་པ་དག་པས་ངའི་སྐུ་གསེར་བཙོ་མའི་ཁ་དོག་ལྟ་བུ་ལ་ལྟོས་ཤིག་།དེ་ནས་བཅོམ་ལྡན་འདས་ཡང་སེང་གེའི་ཁྲི་ལས་བཞེངས་ནས་སྟེང་གི་ནམ་མཁའ་ལ་ཤིང་ཏ་ལ་གཅིག་གི་སྲིད་དུ་འཕགས་ནས་འཁོར་མང་པོ་རྣམས་ལ་
Kha497a
༄#། །བཀའ་སྩལ་པ། ང་ཡོངས་སུ་མྱ་ངན་ལས་འདར་ཉེའི། ཁྱེད་ལ་སོགས་པ་བསམ་པ་དག་པས་ངའི་སྐུ་གསེར་བཙོ་མའི་ཁ་དོག་ལྟ་བུ་ལ་ལྟོས་ཤིག་ཅེས། དེ་བཞིན་དུ་ཡང་དང་ཡང་ཤིང་ཏ་ལ་བདུན་སྲིད་དུ་འཕགས་ནས་ལན་བདུན་གྱི་བར་དུ་ང་ནི་ཡོངས་སུ་མྱ་ངན་ལས་འདར་ཉེའི། ཁྱེད་ལ་སོགས་པ་བསམ་པ་དག་པས་ངའི་སྐུ་གསེར་བཙོ་མའི་ཁ་དོག་ལྟ་བུ་ལ་ལྟོས་ཤིག་ཅེས་ལན་བདུན་གྱི་བར་དུ་བཀའ་སྩལ་ཏོ། །དེ་ནས་ཡང་ནམ་མཁའ་ལས་བབས་ནས་སེང་གེའི་ཁྲི་ལ་བཞུགས་ཏེ།་ཡང་འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ཡོངས་སུ་མྱ་ངན་ལས་འདར་ཉེའི། ཁྱེད་ལ་སོགས་པ་བསམ་པ་དག་པས་ངའི་སྐུ་གསེར་བཙོ་མའི་ཁ་དོག་ལྟ་བུ་ལ་ལྟོས་ཤིག་།དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གསེར་བཙོ་མའི་ཁ་དོག་ལྟ་བུ་མངོན་པར་བསྟན་ཏེ། འཁོར་མང་པོ་རྣམས་ལ་མངོན་སུམ་དུ་བསྟན་པའི་ཕྱིར། དེ་ལྟར་ལན་གསུམ་གྱི་བར་དུ་སྟེང་གི་ནམ་མཁའ་ལ་ཤིང་ཏ་ལ་བདུན་སྲིད་དུ་འཕགས་ནས། ལན་གསུམ་གྱི་བར་དུ་ནམ་མཁའ་ལས་ཕྱིར་བབས་ནས་སེང་གེའི་ཁྲི་ལ་བཞུགས་ཏེ། དེ་བཞིན་དུ་ཡང་དང་ཡང་ལན་ཉི་ཤུ་རྩ་བཞིའི་བར་དུ་འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ཡོངས་སུ་མྱ་
Kha497b
ངན་ལས་འདར་ཉེའི། ངའི་སྐུ་རྡོ་རྗེ་ལྟ་བུར་བརྟན་པ། མི་འཇིག་པ་གསེར་བཙོ་མའི་ཁ་དོག་ལྟ་བུ་འཇིག་པ་མེད་པ་ལ་ལྟོས་ཤིག་།མེ་ཏོག་ཨུ་དུམྦ་ར་ལྟར་ཤིན་ཏུ་མཐོང་དཀའ་བ་ཡིན་གྱི། ཁྱེད་ལ་སོགས་པས་ཤེས་པར་གྱིས་ཤིག་།ང་ཡོངས་སུ་མྱ་ངན་ལས་འདར་ཉེའི། ཁྱེད་ལས་སོགས་པ་སེམས་རྩེ་གཅིག་ཏུ་ངའི་སྐུ་གསེར་བཙོ་མའི་ཁ་དོག་ལྟ་བུ་ལ་ཤིན་ཏུ་ལྟོས་ཤིག་།དཔེར་ན། མི་ཞིག་ཚ་བས་གདུངས་ཏེ་ཤིན་ཏུ་སྐོམ་པ་ཆུ་གྲང་མོ་འཐུངས་ན་ངོམས་པར་འགྱུར་བ་ལས་གཞན་མི་སེམས་པ་དང་འདྲ་བར་ཁྱེད་ལ་སོགས་པའང་དེ་དང་འདྲ་སྟེ། ང་ཡོངས་སུ་མྱ་ངན་ལས་འདར་ཉེའི། ཁྱེད་ལ་སོགས་པ་བསམ་པ་དག་པས་ཤིན་ཏུ་ལྟོས་ཤིག་།འདི་ནི་ནང་གི་ཐ་མར་མཐོང་བ་སྟེ། མཐོང་བ་འདི་ལས་ཕྱིན་ཆད་མཐོང་བའི་དུས་མེད་ཀྱི། ཁྱེད་ལ་སོགས་པ་འཁོར་མང་པོ་རྣམས་ཕྱིན་ཆད་འགྱོད་པ་མེད་པར་ལྟ་བས་ངོམས་པར་གྱིས་ཤིག་།དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་རྣམས་ལའང་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་མྱ་ངན་ལས་འདས་ནས་ཁྱེད་ལ་སོགས་པ་འཁོར་མང་པོ་རྣམས་སྲིད་བ་གསུམ་ལ་མྱུར་དུ་འདའ་བའི་ཕྱིར་རྒྱས་པར་ནན་ཏན་དུ་སྤྱོད་པ་ལ་ལེ་ལོ་མེད་པར་བག་ཡོད་གྱིས་ཤིག་།དེའི་ཚེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ལྷ་དང ། མི་དང ། འཁོར་རྣམ་པ་བཞི་ལ་སོགས་པ་མྱ་ངན་ལས་འདའ་བའི་
Kha498a
༄#། །འོད་ཀྱིས་རེག་ནས་སངས་རྒྱས་ལ་ལྟ་བ་ཐམས་ཅད་ཀྱི་ངན་སོང་གསུམ་དང ། མི་ཁོམ་པ་བརྒྱད་དང ། འཇིག་རྟེན་གྱི་ལྷ་དང ། མིའི་ཉོན་མོངས་པ་དང ། རྩ་བ་བཞི་དང ། མཚམས་མེད་པ་ལྔའི་ཁ་ན་མ་ཐོ་བའི་སྡིག་པ་ཐམས་ཅད་ལྷག་མ་མ་ལུས་པར་ཡོངས་སུ་བྱང་སྟེ་རྣམ་པར་གྲོལ་བ་ཐོབ་པར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་གསེར་བཙོ་མའི་ཁ་དོག་ལྟ་བུའི་སྐུ་ཕྱུང་སྟེ་ཡང་དང་ཡང་ལྟོས་ཤིག་ཅེས། འཁོར་མང་པོའི་རྣམས་ལ་བཀའ་སྩལ་ནས་སླར་ཆོས་གོས་སྦྱར་མ་སྐུ་ལ་གསོལ་ཏོ། །འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། བསྟན་པ་གཞག་པའི་ལེའུ་སྟེ་བཅུ་བཞི་པའོ།། །།བཅོམ་ལྡན་འདས་ཀྱིས་ཡང་འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ནི་ད་དུས་ལ་བབ་སྟེ། སྐུ་ཀུན་ཏུ་གཙེ་ཞིང་ནའོ་ཞེས་བཀའ་སྩལ་ནས་བསམ་གཏན་དང་པོ་ལ་འཇུག་ཅིང་མྱ་ངན་ལས་འདའ་བའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་ཀུན་བརྟགས་ཏེ་ཞི་ཞིང་འགོག་པའི་ཏིང་ངེ་འཛིན་ལ་འཇུག་གོ་།དེའི་ཚེ་བཅོམ་ལྡན་འདས་དེ་སྐད་གསུངས་མ་ཐག་ཏུ་བསམ་གཏན་དང་པོ་ལ་ཞུགས་སོ། །བསམ་གཏན་དང་པོ་ལས་བྱུང་ནས་བསམ་གཏན་གཉིས་པ་ལ་ཞུགས་སོ། །བསམ་གཏན་གཉིས་པ་ལས་བྱུང་ནས་བསམ་གཏན་གསུམ་པ་ལ་ཞུགས་སོ། །
Kha498b
བསམ་གཏན་གསུམ་པ་ལས་བྱུང་ནས་བསམ་གཏན་བཞི་པ་ལ་ཞུགས་སོ། །བསམ་གཏན་བཞི་པ་ལས་བྱུང་ནས་ནམ་མཁའ་ཡས་སྐྱེ་མཆེད་སྟེང་ལ་ཞུགས་སོ། ། ནམ་མཁའ་ཡས་སྐྱེ་མཆེད་སྟེང་ལས་བྱུང་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྟེང་ལ་ཞུགས་སོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྟེང་ལས་བྱུང་ནས་ཅུང་ཟད་མེད་མིན་སྐྱེ་མཆེད་སྟེང་ལ་ཞུགས་སོ། །ཅུང་ཟད་མེད་མིན་སྐྱེ་མཆེད་སྟེང་ལས་བྱུང་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟེང་ལ་ཞུགས་སོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟེང་ལས་བྱུང་ནས་འགོག་པ་ཟད་པའི་ཏིང་ངེ་འཛིན་ལ་ཞུགས་སོ། །འགོག་པ་ཟད་པའི་ཏིང་ངེ་འཛིན་ལས་བྱུང་ནས་ཕྱིར་ཡང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟེང་ལ་ཞུགས་སོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟེང་ལས་བྱུང་ནས་ཕྱིར་ཡང་ཅུང་ཟད་མེད་མིན་སྐྱེ་མཆེད་སྟེང་ལ་ཞུགས་སོ། །ཅུང་ཟད་མེད་མིན་སྐྱེ་མཆེད་སྟེང་ལས་བྱུང་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྟེང་ལ་ཞུགས་པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྟེང་ལས་བྱུང་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟེང་ལ་ཞུགས་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟེང་ལས་བྱུང་ནས་བསམ་གཏན་བཞི་པ་ལ་ཞུགས་སོ། །བསམ་གཏན་བཞི་པ་ལས་བྱུང་ནས་བསམ་གཏན་
Kha499a
༄#། །གསུམ་པ་ལ་ཞུགས་སོ། །བསམ་གཏན་གསུམ་པ་ལས་བྱུང་ནས་བསམ་གཏན་གཉིས་པ་ལ་ཞུགས་སོ། །བསམ་གཏན་གཉིས་པ་ལས་བྱུང་ནས་བསམ་གཏན་དང་པོ་ལ་ཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་དེ་ལྟར་ཡན་མན་དུ་བསམ་གཏན་དུ་ཞུགས་ནས་འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ངས་ཤིན་ཏུ་ཟབ་པའི་ཤེས་རབ་ཀྱིས་ཁམས་གསུམ་གྱི་རྒྱུད་དྲུག་གི་སེམས་ཅན་ཐམས་ཅད་དང ། རི་དང ། རྒྱ་མཚོ་དང ། ས་ཆེན་པོ་ལ་གནས་པའི་སྲོག་ཆགས་ཐམས་ཅད་ལ་བརྟགས་ན་ཁམས་གསུམ་འདི་དག་ནི་རང་བཞིན་དང་བྲལ་བ། རབ་ཏུ་ཞི་བ། ནམ་མཁའི་མཚན་ཉིད་དང་འདྲ་བས་གདགས་སུ་མེད་པ། རྣམ་པར་ཤེས་པ་མེད་པ། སྲིད་པ་ཐམས་ཅད་ཡོངས་སུ་བཅད་པ། ཐོག་མ་ནས་མཉམ་པ། མཐོ་དམན་གྱི་འདུ་ཤེས་མེད་པ། མཐོང་བ་མེད་པ། ཐོས་པ་མེད་པ། ཚོར་བ་མེད་པ། ཤེས་པ་མེད་པ། བཅིངས་པ་མེད་ང ། རྣམ་པར་གྲོལ་བ་མེད་པ། སེམས་ཅན་མེད་པ། སྲོག་མེད་པ། མ་སྐྱེས་པ། མ་བྱུང་བ། མི་ཟད་པ། མི་འགོག་པ། འཇིག་རྟེན་མ་ཡིན། འཇིག་རྟེན་མ་ཡིན་པའང་མ་ཡིན་པ། མྱ་ངན་ལས་འདའ་བ་དང་འཁོར་བ་དམིགས་སུ་མེད་པ། གཉིས་ཀའི་མཐའ་མཉམ་པ་ནི་ཆོས་ཐམས་ཅད་མཉམ་པའི་ཕྱིར་རོ། །བས་
Kha499b
མཐར་གནས་པ། ཅིའང་མི་བྱེད་པ། མཐར་རྣམ་པར་བཞག་པ། ངེས་པར་དམིགས་སུ་མེད་པ། མི་གནས་པའི་ཆོས་ལས་ཆོས་ཀྱི་མཚན་ཉིད་ཀྱི་བྱ་བ་བྱེད་པ། མཚན་མ་ཐམས་ཅད་ཡོངས་སུ་བཅད་ནས་ཅིའང་མེད་པ་སྟེ།་ཆོས་ཀྱི་མཚན་ཉིད་ནི་དེ་དག་ཡིན་ནོ། །གང་གིས་དེ་ལྟར་ཤེས་ན་འཇིག་རྟེན་ལས་འདའ་བ་ཞེས་བྱའོ། །གང་གིས་དེ་ལྟར་མི་ཤེས་པ་དེ་ནི་འཁོར་བའི་ཐོག་མའི་མཐའ་ཞེས་བྱའོ། །དེ་བས་ན་ཁྱེད་ལ་སོགས་པ་མ་རིག་པ་ཡོངས་སུ་བཅད་དེ། འཁོར་བའི་ཐོག་མའི་མཐའ་དགག་གོ་།དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཡང་འཕར་བའི་བསམ་གཏན་ལ་ཞུགས་སོ། །བསམ་གཏན་དང་པོ་ལས་བྱུང་ནས་བསམ་གཏན་གསུམ་པ་ལ་ཞུགས་སོ། །བསམ་གཏན་གསུམ་པ་ལས་བྱུང་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟེང་ལ་ཞུགས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟེང་ལས་བྱུང་ནས་ཅུང་ཟད་མེད་མིན་སྐྱེ་མཆེད་སྟེང་ལ་ཞུགས་སོ། །ཅུང་ཟད་མེད་མིན་སྐྱེ་མཆེད་སྟེང་ལས་བྱུང་ནས་འགོག་པ་ཟད་པའི་འདུ་ཤེས་ཀྱི་ཏིང་ངེ་འཛིན་ལ་ཞུགས་སོ། །འགོག་པ་ཟད་པའི་ཏིང་ངེ་འཛིན་ལས་བྱུང་ནས་ཕྱིར་ཡང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟེང་ལ་ཞུགས་སོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟེང་ལས་བྱུང་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྟེང་ལ་ཞུགས་སོ། །རྣམ་ཤེས་མཐའ་
Kha500a
༄#། །ཡས་སྐྱེ་མཆེད་སྟེང་ལས་བྱུང་ནས་བསམ་གཏན་བཞི་པ་ལ་ཞུགས་སོ། །བསམ་གཏན་བཞི་པ་ལས་བྱུང་ནས་བསམ་གཏན་གསུམ་པ་ལ་ཞུགས་སོ། །བསམ་གཏན་གསུམ་པ་ལས་བྱུང་ནས་བསམ་གཏན་གཉིས་པ་ལ་ཞུགས་སོ། །བསམ་གཏན་གཉིས་པ་ལས་བྱུང་ནས་བསམ་གཏན་དང་པོ་ལ་ཞུགས་སོ། །དེ་ལྟར་ན་ཡན་མན་དུ་འཕར་བའི་བསམ་གཏན་ལ་ཞུགས་ནས་ཡང་འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ངས་ཤེས་རབ་ཆེན་པོས་ཁམས་གསུམ་ན་གནས་པ་ཇི་ཙམ་སྲོག་ཡོད་པ་དང ། སྲོག་མེད་པ་དང ། གང་ཟག་དང ། ཆོས་ཐམས་ཅད་ལ་བརྟགས་ན་ཐམས་ཅད་མཐར་ཕྱིན་པ་སྟེ། རྣམ་པར་བཅིངས་པ་མེད་པ། རྣམ་པར་གྲོལ་བ་མེད་པ། བདག་པོ་མེད་པ། གནས་མེད་པ། གཟུང་དུ་མེད་པ། ཁམས་གསུམ་ལས་འདས་པའང་མ་ཡིན། སྲིད་པ་ཀུན་ཏུ་འཇུག་པའང་མ་ཡིན་ཏེ། ཐོག་མ་ནས་རྣམ་པར་དག་པ། དྲི་མ་མེད་པ། ཉོན་མོངས་པ་མེད་པ། ནམ་མཁའ་དང་མཉམ་པ། མཉམ་པ་མེད་པ། མི་མཉམ་པའང་མ་ཡིན་པ། རྟོག་པ་དང ། རྣམ་པར་རྟོག་པ་ཟད་པ། རྟོག་པ་ཐམས་ཅད་ཞི་པ་སྟེ། དེ་ལྟར་ཆོས་ཀྱི་མཚན་ཉིད་དེ་ནི་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་སྟེ། ཆོས་འདི་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ན་རྣམ་པར་གྲོལ་བ་ཞེས་བྱ་སྟེ། བུས་བ་མ་རབས་ཀྱིས་མི་མཐོང་བས་ན་མ་རིག་
Kha500b
པ་ཞེས་བྱའོ། །དེ་སྐད་ཅེས་བཀའ་སྩལ་ནས་ཕྱིར་ཡང་འཕར་བའི་བསམ་གཏན་ལ་ཞུགས་ཏེ། བསམ་གཏན་དང་པོ་ལས་བྱུང་ནས་འགོག་པ་ཟད་པའི་ཏིང་ངེ་འཛིན་གྱི་བར་དང ། འགོག་པ་ཟད་པའི་ཏིང་ངེ་འཛིན་ལས་བྱུང་བ་ནས་བསམ་གཏན་དང་པོ་ལ་འཇུག་པའི་བར་དུ་དེ་བཞིན་དུ་ཡན་མན་འཕར་བའི་བསམ་གཏན་ལ་ཞུགས་ནས། ཡང་འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ངས་སངས་རྒྱས་ཀྱི་སྤྱན་གྱིས་ཁམས་གསུམ་གྱི་ཆོས་ཐམས་ཅད་ལ་བརྟགས་ན། མ་རིག་པའི་ཐོག་མའི་མཐའ་ནི་རང་བཞིན་གྱིས་རྣམ་པར་གྲོལ་བ་སྟེ། ཕྱོགས་བཅུར་བཙལ་ཀྱང་དམིགས་སུ་མེད་པ་ནི་རང་བཞིན་མེད་པའི་ཕྱིར་རོ། །དེའི་རྒྱུར་འགྱུར་བ་ཡལ་ག་དང་ལོ་མའང་རྣམ་པར་གྲོལ་བ་སྟེ། མ་རིག་པ་རྣམ་པར་གྲོལ་བས་རྒ་ཤིའི་བར་དུའང་རྣམ་པར་གྲོལ་ལོ། །དེ་བས་ན་ང་ནི་རྟག་ཏུ་རབ་ཏུ་ཞི་བའི་སྣང་བ་ལ་གནས་པས་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །དེའི་ཚེ་དགའ་བོ་མྱ་ངན་གྱིས་ཤིན་ཏུ་ཡིད་གདུངས་ཏེ།་མྱོས་འཁྲུགས་ནས་མི་དྲན་པ་ནི་ཇི་ལྟར་ཆང་གིས་མྱོས་པ་དང་འདྲ་སྟེ། འཁོར་རྣམ་བཞིའང་མི་མཐོང་མི་ཤེས་ལ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་སམ། མྱ་ངན་ལས་མ་འདས་པ་མི་ཤེས་མི་རྟོགས་སོ། །དེའི་ཚེ་བཅོམ་ལྡན་འདས་དེ་ལྟར་ལན་གསུམ་གྱི་བར་དུ་འཕར་བའི་བསམ་གཏན་ལ་ཞུགས་ཏེ་ཆོས་ཀྱི་དབྱིངས་ལ་ཐུག་གི་བར་དུ་བརྟགས་ནས་
Kha501a
༄#། །འཁོར་མང་པོ་རྣམས་ལ་ལན་གསུམ་དུ་ཆོས་བསྟན་ཏོ། །དེ་བཞིན་གཤེགས་པས་དེ་བཞིན་དུ་ཡང་དང་ཡང་ལན་ཉི་ཤུ་རྩ་བདུན་གྱི་བར་དུ་བསམ་གཏན་དུ་ཞུགས་སོ། །དགའ་བོས་མི་ཤེས་པས་སངས་རྒྱས་ལན་གཅིག་བསམ་གཏན་དུ་འཇུག་པ་ན་ལན་གཅིག་དྲིས་ཏེ། དེ་བཞིན་དུ་ལན་ཉི་ཤུ་རྩ་བདུན་གྱི་བར་དུ་སངས་རྒྱས་མྱ་ངན་ལས་འདས་སམ། མྱ་ངན་ལས་མ་འདས་ཞེས་མ་འགགས་པ་ལ་དྲིས་སོ། །དེ་བཞིན་དུ་མ་འགགས་པས་ཀྱང་དེ་བཞིན་གཤེགས་པ་བསམ་གཏན་དུ་ཞུགས་ཏེ། མྱ་ངན་ལས་མ་འདས་སོ་ཞེས་ལན་ཉི་ཤུ་རྩ་བདུན་གྱི་བར་དུ་སྨྲས་སོ། །དེའི་ཚེ་འཁོར་དེ་དག་ཐམས་ཅད་འཁྲུག་ཅིང་མྱོས་པས། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་སམ། མྱ་ངན་ལས་མ་འདས་མི་ཤེས་མི་རྟོགས་སོ། །དེའི་ཚེ་བཅོམ་ལྡན་འདས་ལན་གསུམ་གྱི་བར་དུ་བསམ་གཏན་དུ་ཞུགས་ནས་ལན་གསུམ་གྱི་བར་དུ་འཁོར་རྣམས་ལ་ཆོས་བསྟན་ཏེ། རིན་པོ་ཆེ་སྣ་བདུན་གྱི་ཁྲི་ལ་གློ་གཡས་པ་ཕབ་ནས་གཟིམས་ཏེ། དབུ་ནི་བྱང་ཕྱོགས་སུ་བསྟན། ཞབས་ནི་ལྷོ་ཕྱོགས་སུ་བསྟན། ཞལ་ནི་ནུབ་ཕྱོགས་སུ་གཟིགས་ཏེ། རྒྱབ་ནི་ཤར་ཕྱོགས་སུ་བསྟན་ནས་གཟིམས་སོ། །རིན་པོ་ཆེ་སྣ་བདུན་གྱི་ཁྲིའང་ཕྲེང་བ་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་བརྒྱན་ཏོ། །སྔ་ལའི་ཤིང་ཟུང་
Kha501b
བཞི་ཡ་བརྒྱད་ཡོད་དེ། ནུབ་ཕྱོགས་ཀྱི་ཟུང་གཅིག་ནི་དེ་བཞིན་གཤེགས་པའི་མདུན། ཤར་ཕྱོགས་ཀྱི་ཟུང་གཅིག་ནི་དེ་བཞིན་གཤེགས་པའི་རྒྱབ། བྱང་ཕྱོགས་ཀྱི་ཟུང་གཅིག་ནི་དེ་བཞིན་གཤེགས་པའི་དབུ་རོལ། ལྷོ་ཕྱོགས་ཀྱི་ཟུང་གཅིག་ནི་དེ་བཞིན་གཤེགས་པའི་ཞབས་རོལ་ལོ། །དེའི་ཚེ་བཅོམ་ལྡན་འདས་ཤིང་སཱ་ལའི་དྲུང་ན་རིན་པོ་ཆེའི་ཁྲི་ལ་གཟིམས་ནས་བསམ་གཏན་བཞི་པ་ལ་ཞུགས་ཏེ། ཅང་མི་གསུང་ཞིང་ནམ་གྱི་དགུང་ལ་ཡོངས་སུ་མྱ་ངན་ལས་འདས་སོ། །སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་སཱ་ལའི་ཤིང་ཤར་དང་ནུབ་ཀྱི་ཟུང་གཉིས་ཀྱང་ཤིང་གཅིག་ཏུ་གྱུར། ལྷོ་དང་བྱང་གི་ཟུང་གཉིས་ཀྱང་ཤིང་གཅིག་ཏུ་གྱུར་ཏེ། རིན་པོ་ཆེའི་ཁྲི་ལ་གདུགས་ལྟ་བུར་གྱུར་ནས། དེའི་ཚེ་ཤིང་དེ་ཉིད་ཀྱང་ངང་པའི་གཤོག་པ་ལྟར་སྐྱ་བོར་གྱུར་ཏེ། ཡལ་ག་དང ། ལོ་མ་དང ། མེ་ཏོག་དང ། འབྲས་བུའང་ལྷགས། ཤུན་པའང་གོགས། ཤིང་ཉིད་ཀྱང་གས་ནས་མཐར་གྱིས་བསྐམས་ཏེ་ལྷག་མ་མ་ལུས་པར་ཆག་གོ་།དེའི་ཚེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་ཀླུང་གངྒཱའི་བྱེ་མ་སྙེད་ཀྱི་ས་ཆེན་པོ་ཤིན་ཏུ་གཡོས་ནས་སྐད་ཆེན་པོ་རྣམ་པ་སྣ་ཚོགས་བྱུང་བ་ལས། ཀྱི་ཧུད། ཀྱི་ཧུད། འཇིག་རྟེན་སྟོངས་སོ་ཞེས་མི་རྟག་པ་དང ། སྡུག་བསྔལ་བ་དང ། སྨྲེ་སྔགས་
Kha502a
༄#། །འདོན་པའི་སྒྲ་བྱུང་ངོ ། །དེའི་ཚེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རི་བཏང་ཟུང་དང ། རི་བཏང་ཟུང་ཆེན་པོ་དང ། རི་ཁོ་ར་ཁོར་ཡུག་དང ། རི་ཁོ་ར་ཁོར་ཡུག་ཆེན་པོ་དང ། རི་རབ་ལྷུན་པོ་དང ། རི་བསུང་ཅན་དང ། རིན་པོ་ཆེའི་རི་དང ། རྡོ་རྗེའི་རི་དང ། རི་ནག་པོ་དང ། ས་ཆེན་པོ་ལ་གནས་པའི་རི་ཐམས་ཅད་དུས་གཅིག་ཏུ་སྒྲ་བྱུང་ནས་ཐམས་ཅད་རྡིབ་སྟེ། སྐད་ཆེན་པོ་འཇིག་རྟེན་གྱི་ཁམས་སུ་གྲགས་པ་ལས། ཀྱི་ཧུད། ཀྱི་ཧུད། ནང་གཅིག་ཏུ་འཇིག་རྟེན་ལ་མགོན་མེད་པར་གྱུར་ཏེ། ཤེས་རབ་ཀྱི་ཉི་མ་ནུབ་ནས་མྱ་ངན་ལས་འདས་པ་ཆེན་པོའི་རི་འགྱེལ་ཏོ། །སེམས་ཅན་ཐམས་ཅད་ཀྱི་བྱམས་པའི་ཡབ་ཡང་དག་པར་འདས་ཏེ། མཆོད་པ་བྱ་བའི་ལྷའང་མི་མཐོང་བར་གྱུར་ཏོ་ཞེས་གྲགས་སོ། །དེའི་ཚེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྒྱ་མཚོ་ཆེན་པོའང་འཁྲུག་ཅིང་ཁོལ་ཏེ་རྙོག་པར་གྱུར། དཔའ་རླབས་དྲག་པོ་ལས་སྐད་རྣམ་པ་སྣ་ཚོགས་གྲགས་པ་ནི། ཀྱི་ཧུད། ཀྱི་ཧུད། ཡང་དག་པར་རྫོགས་པའི་སངས་རྒྱས་འདས་ནས་སེམས་ཅན་གྱི་ཁ་ན་མ་ཐོ་བའི་སྡིག་པ་དང་སྡུག་བསྔལ་ནི་སྲིད་པའི་གངས་ཆེན་མཚོར་འཁོར་ཞིང་འབབ་པར་གྱུར་ཏེ། ཡང་དག་པའི་ལམ་སྟོར་ན། ནམ་ཞིག་རྣམ་པར་གྲོལ་བར་འགྱུར་ཞེས་གྲགས་
Kha502b
པར་གྱུར་ཏོ། །དེའི་ཚེ་གཙང་པོ་དང ། ཆུ་བོ་དང ། འབབ་ཆུ་དང ། ལུང་བ་དང ། ལུང་ཕྲན་གྱི་ཆུ་དང ། ཆུ་མིག་དང ། རྫིང་བུ་དང ། ལྟེང་ཀ་དང ། ཁྲོན་པ་ཐམས་ཅད་ཀྱང་འབོ་ཞིང་ཆུ་བསྐམས་པར་གྱུར་ཏོ། །དེའི་ཚེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་ས་ཆེན་པོ་དང ། ནམ་མཁའི་ཁམས་ཀྱང་མུན་པ་ཆེན་པོར་གྱུར་ཏོ། །ཉི་ཟླའི་འོད་ཀྱང་མི་སྣང་ཞིང་འཇིག་རྟེན་གྱི་ཁམས་ཐམས་ཅད་མུན་པར་གྱུར་ཏོ། །དེ་མ་ཐག་ཏུ་རླུང་ནག་པོ་གཡོས་ནས་སྐད་ཆེན་པོ་ཕྱུང་སྟེ། རྡུལ་དང་བྱེ་མས་འཚུབས་པར་གྱུར་ཏོ། །དེའི་ཚེ་ས་ཆེན་པོ་ལས་སྐྱེས་པའི་ཤིང་གེལ་བ་དང ། ནགས་ཚལ་དང ། རྩི་ཤིང་ལ་སོགས་པའི་མེ་ཏོག་དང ། འབྲས་བུ་དང ། ལོ་མ་དང ། ཡལ་ག་ཐམས་ཅད་ཀྱང་ཆག་ནས་ས་ལ་ལྷགས་ཏེ་ལྷག་མ་ཙམ་ཡང་མ་ལུས་པར་གྱུར་ཏོ། །དེ་ནས་དེ་མ་ཐག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་ཐམས་ཅད་ཀྱང་སྟེང་གི་ནམ་མཁའ་ལ་ཤིན་ཏུ་མི་དགའ་བས་དུས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་རབ་ཏུ་གཡོས་ནས་རྣམ་པ་སྣ་ཚོགས་ཀྱི་ལྷའི་མེ་ཏོག་དང ། ལྷའི་སྤོས་བརྒྱ་སྟོང་གྲངས་མེད་པ་ཆར་བཞིན་དུ་ཕབ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རི་རབ་ལྷུན་པོ་ཙམ་དུ་སྤུངས་ཏེ། དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་སོ། །སྟེང་གི་ནམ་མཁའ་ལ་གཞན་
Kha503a
༄#། །ཡང་གྲངས་མེད་པའི་ལྷའི་རྒྱལ་མཚན་དང ། ལྷའི་བ་དན་དང ། ལྷའི་ཕྲེང་བ་དང ། ལྷའི་གདུགས་དང ། ལྷའི་ནོར་བུ་རིན་པོ་ཆེ་ཆར་བཞིན་དུ་ཕབ་པ་ནི་ནམ་མཁའི་ཁམས་ཡོངས་སུ་གང་སྟེ། རིན་པོ་ཆེའི་ཁང་བུ་བརྩེགས་མར་གྱུར་ནས་ངོས་བཞི་རིན་པོ་ཆེ་སྣ་བདུན་གྱི་ཕྲེང་བས་ཤིན་ཏུ་བརྒྱན་པ། མེ་ཏོག་གི་འོད་དང་ལྡན་པས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་སོ། །སྟེང་གི་ནམ་མཁའ་ལ་གཞན་ཡང་ལྷའི་རོལ་མོ་རྔ་དང ། གར་དང ། གླུ་རྣམ་པ་མང་པོ་ལས། ཀྱི་ཧུད། ཀྱི་ཧུད། སངས་རྒྱས་མྱ་ངན་ལས་འདས་པས་འཇིག་རྟེན་སྟོངས་སོ། །སེམས་ཅན་གྱི་མིག་ལྡོངས་པས་ཉོན་མོངས་པའི་སྲིན་མོ་དར་ཏེ་སྡུག་བསྔལ་གྱི་འདུ་བྱེད་རྒྱུན་མི་འཆད་པས་ན་འཁོར་བའི་འཁོར་ལོ་རྒྱུན་དུ་འཁོར་རོ་ཞེས་གྲགས་སོ། །དེའི་ཚེ་དགའ་བོ་སེམས་འཁྲུགས་ཏེ་མྱོས་བརྒྱལ་ནས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་སམ། མྱ་ངན་ལས་མ་འདས་པ་མི་རྟོགས་མི་ཤེས་ཀྱི། འཇིག་རྟེན་གྱི་ཁམས་སྔོན་ལས་གྱུར་བ་འབའ་ཞིག་མཐོང་ནས་སངས་རྒྱས་མྱ་ངན་ལས་འདས་སམ་ཞེས་མ་འགགས་པ་ལ་དྲིས་སོ། །མ་འགགས་པས་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་སོ། །དེའི་ཚེ་དགའ་མོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ས་ལ་བརྒྱལ་ཏེ་རོ་བཞིན་དུ་གྱུར་
Kha503b
ནས་དབུགས་ཀྱང་མི་རྒྱུ་སྟེ། ཅིའང་མི་ཚོར་རོ། །དེ་ནས་མ་འགགས་པས་དགའ་བོའི་གདོང་ལ་ཆུ་གྲང་མོས་བཏབ་ནས་བསླང་ངོ ། །དེ་ནས་ཐབས་མཁས་པའི་ཚིག་གིས་སྤྲོ་བ་བསྐྱེད་པའི་ཕྱིར་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱི་ཧུད། ཀྱི་ཧུད་སྡུག་གོ་།མྱ་ངན་ཆེན་པོ་མ་བྱེད་ཅིག་།དེ་བཞིན་གཤེགས་པ་ནི་འདུལ་བའི་མཛད་པ་ཀུན་མཛད་ནས། ལྷ་དང ། མི་ལ་སོགས་པ་ཐམས་ཅད་ཀྱིས་བཞུགས་སུ་གསོལ་ཀྱང་མ་གནང་གི་།མྱ་ངན་ཆེན་པོས་སེམས་འཁྲུགས་པར་མ་བྱེད་ཅིག་།ཀྱི་ཧུད། ཀྱི་ཧུད། ཇི་ལྟར་བྱ། ད་ཇི་ལྟར་བྱ། ནང་གཅིག་ཏུ་ལྷ་དང་མིའི་སྟོན་པ་མཛད་པའི་མཐར་ཕྱིན་ནས་བཞུགས་སུ་མ་གནང་ངོ ། །ད་བདག་ཅག་རེ་ཞིག་མྱ་ངན་བསང་ངོ་ཞེས་སྤྲོ་བ་བསྐྱེད་ནས། དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་མྱ་ངན་ལས་འདས་མོད་ཀྱི། འོན་ཀྱང་རིང་བསྲེལ་དང ། བླ་ན་མེད་པའི་ཆོས་ཀྱི་དཀོན་མཆོག་འཇིག་རྟེན་ན་རྟག་ཏུ་བཞུགས་ཏེ། སེམས་ཅན་ཀྱི་གནས་དང ། རྟེན་དུ་འགྱུར་བ་ཡོད་དེ། དེ་བས་ན་བདག་ཅག་གིས་བརྩོན་འགྲུས་སུ་སངས་རྒྱས་ཀྱི་ཆོས་དཀོན་མཆོག་སེམས་ཅན་ལ་བྱིན་ཏེ། སྡུག་བསྔལ་ལས་རྣམ་པར་བསྒྲལ་བས་སངས་རྒྱས་ཀྱི་དྲིན་ལ་ལན་གླན་པར་བྱའོ་ཞེས་སྨྲས་སོ། །དེའི་ཚེ་དགའ་བོ་སྤྲོ་བ་བསྐྱེད་པ་ཐོས་ནས་བགས་ཀྱིས་སངས་ཏེ། སྐད་བརྣངས་བ་ཙམ་དུ་མཆི་མ་བླགས་ནས་མྱ་ངན་གྱིས་ནོན་ཏོ། །དེའི་ཚེ་རྩཝ་མཆོག་
Kha504a
༄#། །གི་གྲོང་ཁྱེར་ཤིང་སཱ་ལའི་ཚལ་ཁོ་ར་ཁོར་ཡུག་དཔག་ཚད་བཅུ་གཉིས་ཀྱི་ནང་ལྷ་དང་མིས་ཡོངས་སུ་གང་བ་ནི་ཁབ་ཀྱི་རྩེ་མོ་ཙམ་ལའང་སེམས་ཅན་ཚད་མེད་པ་སྙེད་ཡོད་དེ། བར་ནས་སྟོང་པ་མེད་ཀྱང་གཅིག་ལ་གཅིག་མི་བདེ་ཞིང་ཕན་ཚུན་གནོན་པར་འགྱུར་བ་མེད་དོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་གྲངས་མེད་པ་དང ། འཁོར་མང་པོ་ཐམས་ཅད་མི་དྲན་ཏེ་བརྒྱལ་ནས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་སམ། མྱ་ངན་ལས་མ་འདས་པ་མི་རྟོགས་མི་ཤེས་ཀྱི། སྔོན་དང་མི་འདྲ་བར་ལྡེག་ཅིང་གཡོ་བ་འབའ་ཞིག་མཐོང་ནས་ཐམས་ཅད་ཀྱིས་མ་འགགས་པ་ལ་སངས་རྒྱས་མྱ་ངན་ལས་འདས་སམ་ཞེས་དྲིས་སོ། །དེ་ནས་མ་འགགས་པས་འཁོར་མང་པོ་རྣམས་དང ། འཇིག་རྟེན་དུ་བཅས་པ་ལྷ་དང་མི་ཐམས་ཅད་ལ་སངས་རྒྱས་བཅོམ་ལྡན་འདས་ནི་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་སྨྲས་སོ། །དེ་ནས་འཁོར་གྲངས་མེད་པ་ཐམས་ཅད་ཀྱིས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ཐམས་ཅད་བརྒྱལ་ཏེ་ས་ལ་འགྱེལ་ནས། སྡུག་བསྔལ་གྱིས་ཤིན་ཏུ་གདུངས་པས་སྐད་ཀྱང་མི་ཕྱིན་ཏེ། ལ་ལ་ནི་སངས་རྒྱས་ཀྱི་ཞམ་རིང་དུ་ཐལ་གྱུར་ཤིའོ། །ལ་ལ་ནི་སེམས་སྟོང་པར་གྱུར་ཏོ། །ལ་ལ་ནི་ལུས་དང་སེམས་ཤིན་ཏུ་འབར་བར་གྱུར་ཏོ། །ལ་ལ་ནི་གཅིག་གི་ལག་པ་ལ་གཅིག་འཇུས་ཏེ་སྐད་
Kha504b
བ་རྣངས་པ་ཙམ་དུ་མཆི་མ་བླགས་ནས་དུས་སོ། །ལ་ལ་ནི་བྲང་ལ་ཁུ་ཚུར་གྱིས་བརྡེག་ཅིང་སྐད་ཆེན་པོས་འབོད་དོ། །ལ་ལ་ནི་མགོ་ལ་ཐལ་མོས་རྡེབས་ཤིང་རང་གི་སྐྲ་འབལ་ལོ། ། ལ་ལ་ནི་འདི་སྐད་དུ། ཀྱི་ཧུད། ཀྱི་ཧུད། སྡུག་བསྔལ་གྱིས་གདུངས་སོ་ཞེས་སྨྲའོ། །ལ་ལ་ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་ཧ་ཅང་ཡང་སྔ་ཆེས་སོ་ཞེས་སྨྲའོ། །ལ་ལ་ནི་བདག་ཅག་གི་ལྷ་སྟོར་ཏོ་ཞེས་སྨྲའོ། །ལ་ལ་ནི་འཇིག་རྟེན་སྟོང་ཏེ་སེམས་ཅན་གྱི་མིག་ལྡོངས་སོ་ཞེས་སྨྲའོ། །ལ་ལ་ནི་ཉོན་མོངས་པའི་སྲིན་མོ་མངོན་དུ་བྱུང་ངོ་ཞེས་སྨྲའོ། །ལ་ལ་ནི་སེམས་ཅན་གྱི་དགེ་བའི་མྱུ་གུ་དང་ས་བོན་འགགས་སོ་ཞེས་སྨྲའོ། །ལ་ལ་ནི་བདུད་ཀྱི་སྡེ་རྣམས་དགའ་སྟེ་གོ་ཆའང་ཕུད་དོ་ཞེས་སྨྲའོ། །ལ་ལ་ནི་བདག་གི་ལུས་འདི་མི་རྟག་གོ་ཞེས་སྨོད་དོ། །ལ་ལ་ནི་ཡང་དག་པར་སྤྱོད་པས་རྣམ་པར་གྲོལ་བར་གྱུར་ཏོ། །ལ་ལ་ནི་མགོན་དང་སྐྱབས་མེད་པར་གྱུར་ཏོ་ཞེས་སྨྲའོ། །ལ་ལ་ནི་ལུས་ལས་ཁྲག་མངོན་དུ་ཟག་ཅིང་ས་ལ་འབབ་པར་གྱུར་ཏོ། །དེའི་ཚེ་རྣམ་པ་ཐ་དད་པའི་སྒྲ་སྐད་ཆེན་པོས་འཇིག་རྟེན་གྱི་ཁམས་ཀུན་གཡོས་པར་གྱུར་ཏེ། དེའི་ཚེ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་བདག་པོ་ཚངས་པའི་རྒྱལ་པོ་ཆེན་པོའང ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པར་ཤེས་ནས་ལྷའི་འཁོར་དང་བཅས་ཏེ་བསམ་གཏན་དང་པོ་ནས་བབས་ནས་སྐད་ཆེན་པོས་ངུས་ཏེ། དེ་བཞིན་
Kha505a
༄#། །གཤེགས་པའི་སྤྱན་སྔར་བརྒྱལ་ནས་ས་ལ་འགྱེལ་ཏོ། །རིང་ཞིག་ལོན་ནས་ཕྱིར་སངས་ཏེ། སངས་རྒྱས་ཀྱི་སྤྱན་སྔར་ཚིགས་སུ་བཅད་པས་འདི་སྐད་ཅེས་དུས་སོ། །བཅོམ་ལྡན་འདས་ནི་སྔོན་གྱི་སྨོན་ལམ་གྱིས། བདག་ཅག་ཕྱིར་དུ་མི་མཇེད་འཇིག་རྟེན་གཤེགས། །ཚད་མེད་དབང་དུ་འགྱུར་བའི་མཐུ་བཅས་ནས། ། ཕོངས་པ་ཆོས་འདོད་འགྲོ་བ་རྣམས་ཀྱང་བཏུལ། །མཁས་པའི་ཐབས་ཀྱིས་ཅི་རིགས་ཆོས་བསྟན་ནས། །སེམས་ཅན་མི་བདེར་འགྱུར་བ་གང་ཡང་མེད། །སྲིད་པ་གསུམ་གྱི་སྡུག་བསྔལ་ལས་བཏོན་ཏེ། མཐར་ཕྱིན་མྱ་ངན་འདའ་བའི་ལམ་ལ་བཀོད། །བཅོམ་ལྡན་སེམས་ཅན་རྣམས་ལ་བྱམས་པའི་ཡུམ། །སེམས་ཅན་ཀུན་ལ་སྙིང་བརྩེ་ཞོ་བླུད་པ། །ཇི་སྟེ་ཐམས་ཅད་ནང་གཅིག་རབ་སྤངས་ནས། ལྷ་མི་ཕོངས་པའི་མགོན་མ་མཆིས་པར་མཛད། །ཀྱི་ཧུད་འགྲོ་བའི་དགེ་བའི་མྱུ་གུ་ཡང ། སྐྱེ་བའི་ཆུ་ནི་འབབ་པའི་དུས་མ་མཆིས། །དགེ་བའི་མྱུ་གུ་ཁད་ཀྱིས་འགགས་ནས་སུ། །སྡུག་པའི་ལས་ཀྱིས་བསྡུས་ནས་ངན་སོང་འགྲོ། །འཇིག་རྟེན་སྟོངས་སོ་ད་ནི་ཇི་ལྟར་བགྱི། །སེམས་ཅན་ཡང་དག་པར་ཤེས་རབ་མི་ལྡོང་སོ། །མ་རིག་མུན་པ་འཐོམ་ཞིང་འགྲོ་བས་ན། །སྲིད་པ་གསུམ་དུ་ལྟུང་ཞིང་འཁོར་བར་གྱུར། །སེམས་ཅན་སྡིག་པ་མགོན་མེད་ཇི་ལྟར་བགྱི། །
Kha505b
རིང་བསྲེལ་དག་ལ་བརྟེན་ནས་གྲོལ་བར་ཤོག་།དེ་བཞིན་གཤེགས་ལ་གསོལ་བའི་སྙིང་རྗེའི་མཐུས། །སྡུག་བསྔལ་ལས་ནི་གྲོལ་བའི་སྐྱབས་སུ་ཤོག་།ཀྱི་ཧུད་ཇི་ལྟར་འཇིག་རྟེན་ངན་པ་འདིར། །བཅོམ་ལྡན་བདག་ཅག་སྤངས་ནས་མྱ་ངན་འདའ། །དེའི་ཚེ་བརྒྱ་བྱིན་ལྷའི་དབང་ཕྱུག་འཁོར་དང་བཅས་ཏེ་སྟེང་གི་ནམ་མཁའ་ལས་བབས་ནས། ཀྱི་ཧུད། ཀྱི་ཧུད་ཅེས་སྐད་ཆེན་པོ་ཕྱུང་སྟེ་དུས་ནས་མཆི་མ་བླགས་ཏེ། དེ་བཞིན་གཤེགས་པའི་སྤྱན་སྔར་བརྒྱལ་ནས་ས་ལ་འགྱེལ་ཏོ། །དེ་ནས་རིང་ཞིག་ལོན་པ་དང་གདོང་ཕྱིར་སངས་ཏེ་མྱ་ངན་གྱིས་ཡིད་གདུངས་ནས་སངས་རྒྱས་ཀྱི་སྤྱན་སྔར་ཚིགས་སུ་བཅད་པ་འདིས་ངུས་སོ། །བཅོམ་ལྡན་བསྐལ་པར་དཀའ་བ་མཛད་པ་ནི། བདག་དང་འགྲོ་བ་རྣམས་ཀྱི་སླད་དུ་སྟེ། །བླ་ན་མེད་པའི་བྱང་ཆུབ་རབ་བརྙེས་ནས། །འགྲོ་བ་ཀུན་ལ་བུ་གཅིག་བཞིན་དུ་གསོ། །ཆོས་སྦྱིན་སྨན་ནི་སྨན་གྱི་ནང་ན་མཆོག་།ནད་གསོ་སྨན་པའི་ནང་ན་སྨན་པ་གཙོ། །ཐུགས་རྗེ་ཆེན་པོའི་སྤྲིན་གྱིས་ཀུན་བསྐྱབས་ནས། །བདུད་རྩི་ཤེས་རབ་ཆར་ནི་ཀུན་ལ་ཕབ། །ཤེས་རབ་ཉི་མའི་འོད་ཀྱིས་མ་རིག་མུན་པ་སེལ། །མ་རིག་སེམས་ཅན་འཕགས་པའི་ལམ་ཡང་མཐོང ། །འཕགས་པའི་བྱམས་པའི་འོད་ཀྱིས་རྒྱུད་དྲུག་སྣང་མཛད་ནས། །སྲིད་པ་རྣམ་གསུམ་འོད་ཀྱིས་སེག་ནས་རྣམ་པར་གྲོལ། །ཅི་ཡི་སླད་དུ་བྱམས་པ་ཆེན་པོའི་ཐུགས་
Kha506a
༄#། །བཏང་ནས། །མྱ་ངན་འདས་སོ་མི་མཐོང་ཇི་ལྟར་བགྱི། །སྔོན་གྱི་ཐུགས་རྗེ་ཆེན་པོའི་ཡི་དམ་ག་རེ་ན། །མཆིལ་མ་བཞིན་དུ་སེམས་ཅན་ཡོངས་སུ་སྤངས། ། བདག་ལ་སོགས་དེ་སེམས་ཅན་ཐམས་ཅད་ནི། །ཇི་ལྟར་བེའུ་དག་མས་བོར་ངེས་པར་འཆི་བ་བཞིན། །འཁོར་བཞི་གཅིག་གི་ལག་ལ་གཅིག་འཇུས་ནས། །བྲང་བརྡུང་ངུ་བའི་སྐད་ཀྱིས་འཇིག་རྟེན་གསུམ་ཡང་གཡོས། །ཀྱི་ཧུད་ཀྱི་ཧུད་སྲིད་པར་འཁོར་བ་འདི་ཐམས་ཅད། །ཐམས་ཅད་ནང་གཅིག་ཏུ་ནི་སྐྱབས་མ་མཆིས་པར་གྱུར། །རེ་སྡུག་བདག་ཅག་བསོད་ནམས་ཟད་པ་རྣམས། དགེ་བའི་མྱུ་གུ་ཚིག་པ་རླན་པའི་དུས་མ་མཆིས། །ཆོས་ཀྱི་དཀོན་མཆོག་རིང་བསྲེལ་འོད་ཟེར་གྱིས། །སྣང་བར་མཛད་ཅིང་སྲིད་པ་གསུམ་ལས་གྲོལ་བར་ཤོག་།ཀྱི་ཧུད་ཤིན་ཏུ་སྡུག་གོ་བདག་ཅག་རྣམས། །ནམ་ཞིག་སླར་ཡང་དེ་བཞིན་གཤེགས་པ་མཐོང་བར་འགྱུར། །དེའི་ཚེ་མ་འགགས་པའང་མྱ་ངན་གྱིས་གདུངས་ཏེ་དུས་ནས་ལུས་ཀྱང་འདར་བར་གྱུར་ཏེ། སངས་རྒྱས་ཀྱི་སྤྱན་སྔར་པུས་མོ་བཙུགས་ནས་ཚིགས་སུ་བཅད་པ་འདི་སྐད་ཅེས་བསྟོད་དོ། །སངས་རྒྱས་ཆོས་ཀྱི་རྒྱལ་པོས་བདག་ཅག་རབ་ཏུ་གསོས། །བདག་ཅག་ཆོས་ཀྱི་སྐོམ་བླུད་ཆོས་ཀྱི་སྐུ་ཡང་བསྐྱེད། །སེམས་ཅན་ཆོས་ཀྱི་སྐུ་ཡང་མངོན་པར་མ་གྲུབ་ཅིང ། ཤེས་རབ་འཚོ་བའི་
Kha506b
ཚོགས་ཀྱང་ཡོང་མ་བསགས། །རྣམ་པ་བརྒྱད་དང་ལྡན་པའི་དབྱངས་ཀྱིས་རབ་བསྟན་ཅིང ། །འཁོར་རྣམས་ཐོས་ནས་བྱང་ཆུབ་རྟོགས་པར་མཛད་པའི་རིགས་སོ། །རྟག་ཏུ་བྱམས་ཆེན་ཁ་དོག་ལྔ་ཡིད་འོད་བཀྱེ་ཞིང ། །འཁོར་རྣམས་འོད་ཀྱིས་རེག་ནས་རྣམ་པར་གྲོལ་བར་མཛེད། །ཅི་ཡི་སླད་དུ་ཡོངས་སུ་མྱ་ངན་འདས་གཤེགས་ནས། །སྡུག་བསྔལ་སྤྱོད་པའི་སེམས་ཅན་ཅི་ལ་འཇུག་པར་བགྱི། །ཀྱི་ཧུད་བཅོམ་ལྡན་འདས་ནི་བྱམས་པ་ཆེན་པོ་སྤངས། །བདག་ཅག་མགོན་མ་མཆིས་པས་ངེས་པར་འཆི། །བཅོམ་ལྡན་འདས་ཀྱིས་ཐབས་སུ་བསྟན་པར་འཚལ་མོད་ཀྱི། །བདག་ཅག་མྱ་ངན་མི་བགྱིད་པ་ཡི་གཏོལ་མ་མཆིས། །འཁོར་བཞི་མྱོས་ཤིང་འཁྲུགས་ཏེ་བརྒྱལ་ནས་སེམས་ཀྱང་སྟོར། །དུ་བའི་སྐད་ཀྱིས་གནམ་ས་འཇིག་རྟེན་གསུམ་ཡང་མགུལ། །བཅོམ་ལྡན་ཉག་གཅིག་བདེ་བ་ཆེན་པོ་ལ་བཞུགས་ན། །འགྲོ་བ་མང་པོའི་སྡུག་བསྔལ་ཆེན་པོ་ཇི་ལྟར་བགྱི། །བཅོམ་ལྡན་འདས་པའི་དུས་ན་བདག་ཅག་རྣམས་ཀྱི་ཕྱིར། ། བསྐལ་པ་མང་པོར་དབུ་དང་ཕྱག་དང་ཞབས་ཀྱང་བཏང ། །བླ་ན་མེད་པའི་བྱང་ཆུབ་མངོན་པར་སངས་རྒྱས་ནས། །རིང་པོར་མི་བཞུགས་མྱ་ངན་ལས་ནི་འདའ་བར་གཤེགས། །བདག་ཅག་འཁོར་བཞི་མ་རིག་ཐིབས་པོར་གནས་པས་ན། །བདུད་ཀྱི་རྒྱལ་པོ་དགའ་ཞིང་སྤྲོ་བས་གོ་ཆའང་བོར། །ཀྱི་ཧུད་བཅོམ་ལྡན་འདས་ནི་ཐུགས་རྗེ་ཆེན་པོ་ཡིས། །རིང་བསྲེལ་བྱམས་
Kha507a
༄#། །པའི་འོད་ཀྱིས་བདག་ཅག་བསྐྱབས་པར་ཤོག་།འཁོར་བཞི་པོ་ལ་བཅོམ་ལྡན་ཐུགས་བརྩེའི་ཕྱིར། །ཆོས་ཀྱི་དཀོན་མཆོག་ཕན་པ་ཟད་མི་ཤེས་པར་ཤོག་།བདག་ཅག་རྣམས་ནི་འཕྲལ་དུ་འཆི་བར་མ་གྱུར་ཏེ། འཚོ་བའི་ལྷག་མ་འདི་ཙམ་གྱིས་ནི་ཅི་ཞིག་ནུས། །ཀྱི་ཧུད་ཤིན་ཏུ་སྡུག་བསྔལ་བཟོད་པར་དཀའ། །ད་ནི་སླན་ཆད་བཅོམ་ལྡན་མཐོང་བའི་དུས་མ་མཆིས། །དེའི་ཚེ་དགའ་བོ་བགས་ཀྱིས་སངས་ནས། ཐལ་མོ་མགོ་ལ་རྡེབས་ཤིང་བྲང་ལ་ཁུ་ཚུར་གྱིས་བརྡེབས་ནས་སྐད་བརྣངས་ཤིང་སྡུག་བསྔལ་ལུས་ཀྱིས་མི་བཟོད་པ་ཙམ་དུ་ངུས་ནས་སངས་རྒྱས་ཀྱི་སྤྱན་སྔར་པུས་མོ་བཙུགས་ཏེ་ངུ་བའི་ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ། །བདག་སྔོན་བཅོམ་ལྡན་འདས་དང་སྨོན་ལམ་མཐུ་གཅིག་པས། །མཐུན་པར་གཅིག་ཏུ་ཤཱཀྱའི་རིགས་སུ་སྐྱེས་པར་གྱུར། །དེ་བཞིན་གཤེགས་པ་མངོན་པར་བྱང་ཆུབ་སངས་རྒྱས་ནས། །བདག་གིས་ལོ་ནི་ཉི་ཤུ་ལྷག་གཅིག་གཡོག་ཀྱང་བགྱིས། །དད་པའི་སེམས་ཀྱིས་བསྙེན་པར་བགྱི་བ་མ་ངོམས་བཞིན། །ནང་གཅིག་བོར་ནས་ཡོངས་སུ་མྱ་ངན་འདའ་བར་གཤེགས། ། ཀྱི་ཧུད་ཀྱི་ཧུད་སྡུག་བསྔལ་ཆེན་པོས་གདུངས་པར་གྱུར། །ཡུན་དུ་སྡུག་བསྔལ་གྱིས་ནི་སེམས་ཀྱང་རབ་ཏུ་གཟིར། །བདག་གི་ལུས་ཀྱང་སྲིད་པའི་དྲ་བ་ལས་མ་གྲོལ། །མ་
Kha507b
རིག་པ་ཡི་སྒོ་ང་ལས་ཀྱང་ཕྱིར་མ་བྱུང ། །བཅོམ་ལྡན་འདས་ཀྱིས་མ་རིག་སྒོ་ང་མ་བཅག་པར། །ཅི་ཡི་སླད་དུ་ཡོངས་སུ་མྱ་ངན་འདའ་བར་གཤེགས། །བདག་ནི་གསར་དུ་བཙས་པའི་བུ་དང་མཚུངས་པ་ལ། །མ་ཡིས་བོར་ན་གདོན་མི་འཚལ་བར་འཆི་བར་འགྱུར། །ཅི་ཡི་སླད་དུ་བཅོམ་ལྡན་འདས་ཀྱིས་ཡོངས་སུ་སྤངས་ནས། །ཉག་གཅིག་ཁམས་གསུམ་ལས་ནི་འདས་ནས་བདེ་བར་བཞུགས། །བཅོམ་ལྡན་འདས་ལ་བདག་གིས་འགྱོད་ཅིང་མཐོལ་བ་ནི། །དགུང་ལོ་ཉི་ཤུའི་བར་དུ་ཞམ་རིང་འཚལ་བ་ན། །སྤྱོད་ལམ་བཞི་པོ་ལེ་ལོའི་དབང་དུ་གྱུར་པས་ན། །འཕགས་པའི་ཐུགས་དང་འགལ་ཞིང་མཉེས་པར་མ་བགྱིས་པ། །ཡང་དག་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཆེན་པོ་ཡིས། །བདག་ལ་བདུད་རྩི་སྩལ་ཅིང་བདེ་བ་མཛད་པར་ཤོག་།བདག་གིས་ཕྱི་མའི་བསྐལ་པ་མཐའ་ཡི་བར་དུ་ཡང ། །རྟག་ཏུ་བཅོམ་ལྡན་འདས་ཀྱི་ཞམ་རིང་བྱེད་པར་ཤོག་།བཅོམ་ལྡན་འདས་ནི་ཐུགས་རྗེ་ཆེན་པོའི་འོད་ཟེར་གྱིས། །ཐམས་ཅད་འཇིག་རྟེན་ཁམས་སུ་བདག་ནི་སྐྱོབ་པར་ཤོག་།ཀྱི་ཧུད་ཀྱི་ཧུད་ཚིག་གིས་བརྗོད་མི་ནུས། །འཕགས་པའི་དྲིན་སྨྲར་སྐད་ཀྱང་མི་ཕྱིན་ཏོ། །དེའི་ཚེ་ཀླུང་གངྒཱ་གྲངས་མེད་པ་བྱེ་མ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་དང ། འཇིག་རྟེན་དུ་བཅས་པ་ལྷ་དང་མི་ཐམས་ཅད་གཅིག་གི་ལག་པ་ལ་གཅིག་གིས་འཇུས་ནས་ཤིན་ཏུ་ངུ་ཞིང་ཆོ་ངེས་འདོན་
Kha508a
༄#། །པ་ལས་སོ་སོ་ནས་སྤྲོ་བ་བསྐྱེད་དེ། ཅི་ནུས་ཀྱིས་གྲངས་མེད་པའི་ལྷའི་སྤོས་དང ། ལྷའི་མེ་ཏོག་མནད་ར་བ་དང ། མནད་ར་བ་ཆེན་པོ་དང ། མཉཛུ་ཤ་ཀ་དང ། མྙྫུ་ཤ་ཀ་ཆེན་པོ་དང ། གྲངས་མེད་པའི་ལྷ་དང་མིའི་འཇིག་རྟེན་གྱི་རྒྱ་མཚོ་ངོས་ཀྱི་ཙནྡན་དང ། ་ཀ་རུ་དང ། རྣ་པ་བརྒྱ་སྟོང་སྙེད་ཀྱི་སྤོས་སྦྱར་མ་དང ། གྲངས་མེད་པའི་བྱུག་།སྤོས་དང ། སྤོས་ཆུ་དང ། རིན་པོ་ཆེའི་གདུགས་དང ། རིན་པོ་ཆེའི་རྒྱལ་མཚན་དང ། རིན་པོ་ཆེའི་བ་དན་དང ། མུ་ཏིག་དང ། དོ་ཤལ་ནམ་མཁའི་ཁམས་ཡོངས་སུ་གང་བ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕབ་ནས་མཆོད་པ་བྱས་སོ། །དེའི་ཚེ་རྩཝ་མཆོག་གི་གྲོང་ཁྱེར་གྱི་སྐྱེས་པ་དང ། བུད་མེད་དང ། ཁྱེའུ་དང ། བུ་མོ་ཐམས་ཅད་ཀྱིས་ཀྱང་ཤིན་ཏུ་དུས་ནས་སོ་སོ་ནས་གྲངས་མེད་པའི་མེ་ཏོག་དང ། སྤོས་དང ། རྒྱལ་མཚན་དང ། གདུགས་ལ་སོགས་པ་སྔ་མ་བས་ཤིན་ཏུ་ལྷག་པར་སྦྱར་ཏེ། དེ་བཞིན་གཤེགས་པའི་སྤྱན་སྔར་ཕབ་ནས་མཆོད་པ་བྱས་སོ། །དེའི་ཚེ་ཕྱོགས་བཞིའི་མགོན་པོ་བཞི་ལྷའི་འཁོར་དང་བཅས་ཏེ་ཤིན་ཏུ་ངུས་ནས་སོ་སོ་ནས་གྲངས་མེད་པའི་མེ་ཏོག་དང་སྤོས་ལ་སོགས་པ་མཆོད་པའི་ཡོ་བྱད་སྔ་མ་བས་སུམ་འགྱུར་གྱིས་ལྷག་པ་བཤམས་ནས་ངུས་བཞིན་དུ་དེ་བཞིན་གཤེགས་པའི་སྤྱན་སྔར་ལྷགས་ཏེ་མཆོད་པ་བྱས་སོ། །གནམ་
Kha508b
རིམ་པ་ལྔའི་ལྷས་ཀྱང་དེ་བཞིན་དུ་སྔ་མ་བས་ཤིན་ཏུ་ལྷག་པ་བཤམས། གཟུགས་ཀྱི་ཁམས་དང ། གཟུགས་མེད་པའི་ཁམས་ཀྱི་ལྷ་རྣམས་ཀྱང་མཆོད་པའི་ཡོ་བྱད་སྔ་མ་བས་ཤིན་ཏུ་ལྷག་པ་བཤམས་ནས་མཆོད་པ་བྱས་སོ། །དེའི་ཚེ་རྩཝ་མཆོག་གི་གྲོང་ཁྱེར་ན་གནས་པའི་སྐྱེས་པ་དང ། བུད་མེད་མཆི་མ་བླགས་ཏེ་ངུས་ནས། མངང་ཇི་ལྟར་བཏང་བ་མི་ཤེས་ནས་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ན་ཇི་ལྟ་བུའི་ཚུལ་དུ་མདང་གཏང་བར་བགྱི། །དེ་ནས་བརྒྱ་བྱིན་ལྷའི་དབང་ཕྱུག་གིས་གོང་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ་བཞིན་དུ། །འཁོར་ལོས་བསྒྱུར་བའི་རྒྱལ་པོའི་མདང་བཏང་བ་བཞིན་བྱའོ་ཞེས་སྨྲས་སོ། །དེའི་ཚེ་རྩཝ་མཆོག་གི་གྲོང་ཁྱེར་གྱི་མི་ཐམས་ཅད་འདུས་ཏེ་གྲོང་ཁྱེར་དུ་ཞུགས་ནས་ལྕགས་ཀྱི་སྒྲོམ་བྱས་ཏེ། རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་ནས། རིན་ཐང་མེད་པའི་རས་དཀར་པོ་བཟང་པོ་ཡུག་སྟོང་དང་གྲངས་མེད་པའི་ཤིང་བལ་ཤིན་ཏུ་འཇམ་པའང་བཤམས་སོ། །གཞན་ཡང་གྲངས་མེད་པའི་ཤིང་ཙནྡན་དང ། ་ཀ་རུ་དང ། གཞན་ཡང་ཁྲི་ཕྲག་བརྒྱ་སྟོང་སྙེད་ཀྱི་སྤོས་སྦྱར་མ་དང ། སྤོས་ཀྱི་འདག་གུ་དང ། སྤོས་ཆུ་དང ། གདུགས་དང ། བ་དན་དང ། མེ་ཏོག་ལ་སོགས་པ། སྤྲིན་ལྟར་ནམ་མཁའ་ལ་ཡོངས་སུ་གང་བ་མཐོ་ཁྱད་རི་རབ་ལྷུན་པོ་ཙམ་བཤམས་སོ། །དེ་ལྟ་བུ་དག་བཤམས་
Kha509a
༄#། །ནས་མཆི་མ་བླགས་ཏེ་དེ་བཞིན་གཤེགས་པའི་སྤྱན་སྔར་ཕབ་ནས། མྱ་ངན་གྱིས་ཡིད་གདུངས་བཞིན་དུ་མཆོད་པ་བྱས་སོ། །དེའི་ཚེ་རྩཝ་མཆོག་གི་གྲོང་ཁྱེར་གྱི་མི་ཐམས་ཅད་དང ། །འཁོར་མང་པོ་ཐམས་ཅད་ཀྱང་མཆི་མ་བླགས་ཏེ་ངུས་ནས། གཞན་ཡང་ཚད་མེད་པ་སྙེད་ཀྱི་སྤོས་དང ། མེ་ཏོག་དང ། རྒྱལ་མཚན་དང ། གདུགས་ལ་སོགས་ཏེ་མཆོད་པའི་ཡོ་བྱད་སྤྲིན་ལྟ་བུར་ནམ་མཁའ་ཡོངས་སུ་གང་བར་བཤམས་ནས་གཅིག་གི་ལག་པ་ལ་གཅིག་འཇུས་ཏེ། བྲང་ལ་ཁུ་ཚུར་གྱིས་རྡེག་ཅིང་ཆོ་ངེའི་སྒྲས་སྟོང་ཆེན་པོའང་གཡོས་ཏེ། དེ་བཞིན་གཤེགས་པའི་སྤྱན་སྔར་ཕབ་ནས་མཆོད་པའི་ཡོ་བྱད་ཀྱིས་མཆོད་པ་བྱས་སོ། །དེའི་ཚེ་འཁོར་མང་པོ་རྣམས་སྐད་བརྣངས་པ་ཙམ་གྱིས་ངུས་ནས། །བཀུར་སྟིར་བྱ་བའི་ཕྱིར་སོ་སོ་ནས་རས་དཀར་པོའི་སླེབ་མོས་དེ་བཞིན་གཤེགས་པའི་སྐུ་བཏེག་སྟེ། ལྕགས་ཀྱི་སྒྲོམ་གྱི་ནང་དུ་བཅུག་ནས་མར་བསུང་ཅན་གང་བར་བླུགས་ཏེ།་སྒྲོམ་གྱི་ཁ་བཅད་དོ། །དེའི་ཚེ་རྩཝ་མཆོག་གི་གྲོང་ཁྱེར་གྱི་ཕོ་མོས་ཐམས་ཅད་ཀྱང་བསོད་ནམས་འདོད་པའི་ཕྱིར། །དེ་བཞིན་གཤེགས་པའི་ཡོན་ཏན་འདོད་པའི་ཕྱིར་ལྷ་དང ། མི་དང ། འཁོར་མང་པོས་དེ་བཞིན་གཤེགས་པའི་པུར་སྒྲོམ་འདེགས་སུ་མ་བཅུག་གི། ཀུན་གྱིས་བགྲོས་ནས་ཟླ་མེད་པའི་གྱད་སྟོབས་པོ་ཆེ་བཞིས་འདེ་གས་པར་བྱས་སོ། །གྱད་བཞི་པོས་གོས་
Kha509b
དང་རྒྱན་བཀྲོལ་ཏེ་དེ་བཞིན་གཤེགས་པའི་པུར་སྒྲོམ་འདེགས་པའི་ཕྱིར་གྲོང་ཁྱེར་གྱི་ནང་དུ་འོངས་ཏེ། མཆོད་པ་བྱས་ནས་མཐུ་ཅི་ཡོད་པས་བཏེག་ཀྱང་མ་ཐེག་གོ་།དེ་ནས་གྲོང་ཁྱེར་དེའི་གྱད་སྟོབས་པོ་ཆེ་བརྒྱད་ཀྱིས་པུར་སྒྲོམ་འདེགས་པར་བྱས་ཏེ། སོ་སོའི་གོས་དང་རྒྱན་བཀྲོལ་ནས་མཆོད་པ་བྱས་ཏེ་མཐུ་ཅི་ཡོད་པས་རྩལ་ཀྱང་མ་ཐེག་གོ། །དེ་ནས་གྲོང་ཁྱེར་དེའི་སྟོབས་པོ་ཆེ་བཅུ་དྲུག་གིས་འདེགས་པར་བྱས་ཏེ་གོས་དང་རྒྱན་བཀྲོལ་ནས། སངས་རྒྱས་ཀྱི་སྒྲོམ་འདེགས་པར་རྩལ་ཀྱང་ཐེག་པར་མ་གྱུར་ཏོ། །དེའི་ཚེ་མ་འགགས་པས་སྟོབས་པོ་ཆེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཇི་སྟེ་གྲོང་ཁྱེར་འདིའི་ནང་གི་སྐྱེས་པ་དང ། བུད་མེད་དང ། ཁྱེའུ་དང ། བུ་མོ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་པུར་སྒྲོམ་གྲོང་ཁྱེར་གྱི་ནང་དུ་བཀུར་བར་རྩོལ་ཡང་མི་ཐེག་ན། ཁྱེད་འབའ་ཞིག་གིས་མི་ཐེག་པ་ལྟ་ཅི་སྨོས་ཏེ། ཁྱེད་རྣམས་ཀྱིས་འཁོར་མང་པོ་དང་ལྷ་རྣམས་ཀྱི་སྟོབས་ཀྱིས་བསྟང་བར་གསོལ་ཏེ་སྒྲོམ་བ་ཏེག་ན། གྲོང་ཁྱེར་དུ་བཀུར་ནུས་པར་འགྱུར་རོ་ཞེས་མ་འགགས་པས་སྨྲས་མ་ཐག་ཏུ། དེའི་ཚེ་བརྒྱ་བྱིན་ལྷའི་དབང་ཕྱུག་རིན་པོ་ཆེ་སྣ་བདུན་གྱི་གདུགས་དམ་པ་དང ། གྲངས་མེད་པའི་མེ་ཏོག་དང ། སྤོས་དང ། རྒྱལ་མཚན་དང ། བ་དན་དང ། ལྷའི་རོལ་མོ་བཤམས་ནས། ལྷའི་འཁོར་དང་བཅས་
Kha510a
༄#། །ཏེ་ཤིན་ཏུ་ངུས་ནས་ནམ་མཁའ་ལས་འཕགས་ཏེ། འཕགས་པའི་བུར་སྒྲོམ་ལ་མཆོད་པ་བྱེད་དོ། །གནམ་རིམ་པ་དྲུག་གི་ལྷ་དང ། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ཀྱང་བརྒྱ་བྱིན་ལྷའི་དབང་ཕྱུག་དང་འདྲ་བར་པུར་སྒྲོམ་ལ་མཆོད་པ་བྱེད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀུན་ལ་ཐུགས་རྗེས་ཁྱབ་པར་མཛད་ཅིང ། འཇིག་རྟེན་དུ་བཅས་པ་ཐམས་ཅད་ཀྱི་མཉམ་པར་བསོད་ནམས་ཁྱད་པར་མེད་པར་མཛད་པའི་ཕྱིར་ཤིང་སཱ་ལའི་ཚལ་ནས། བུར་སྒྲོམ་ཤིང་ཏ་ལ་གཅིག་གི་སྲིད་དུ་སྟེང་གི་ནམ་མཁའ་ལ་འཕགས་ནས་གཤེགས་པར་གྱུར་གྱི། རྩཝ་མཆོག་གི་གྲོང་ཁྱེར་གྱི་མི་ཐམས་ཅད་དང ། འཇིག་རྟེན་དུ་བཅས་པ་ལྷ་དང ། མི་དང ། འཁོར་ཐམས་ཅད་ཀྱིས་ཀྱང་སངས་རྒྱས་ཀྱི་སྒྲོམ་བཏེག་པར་མ་གྱུར་ཏོ། །དེའི་ཚེ་བརྒྱ་བྱིན་ལྷའི་དབང་ཕྱུག་འཁོར་རྣམས་དང་བཅས་ཏེ། རིན་པོ་ཆེ་སྣ་བདུན་གྱི་གདུགས་ཆེན་པོ་རིན་པོ་ཆེའི་ཀ་བ་བཞི་དང་ལྡན་པ་རིན་པོ་ཆེ་སྣ་བདུན་གྱི་དོ་ཤལ་གྱིས་ངོས་བཞི་བརྒྱན་པ། སྟེང་གི་ནམ་མཁའ་ལས་དེ་བཞིན་གཤེགས་པའི་སྒྲོམ་ཁེབས་པར་བྱས་ནས། གྲངས་མེད་པའི་སྤོས་དང ། མེ་ཏོག་དང ། རྒྱལ་མཚན་དང ། བ་དན་དང ། དོ་ཤལ་དང ། ལྷའི་རོལ་མོ་དང ། དར་གྱི་ལྡ་ལྡི་སྣ་ཚོགས་ཀྱིས་ནམ་མཁའ་ལ་མཆོད་པ་བྱས་སོ། །གནམ་
Kha510b
རིམ་པ་དྲུག་གི་བར་གྱི་ལྷ་དང ། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ཀྱང་མཆོད་པའི་ཡོ་བྱད་བརྒྱ་བྱིན་པས་ལྷག་པར་བཤམས་ནས་དེ་བཞིན་གཤེགས་པའི་བུར་སྒྲོམ་ལ་མཆོད་པ་བྱས་སོ། །དེའི་ཚེ་རྩཝ་མཆོག་གི་གྲོང་ཁྱེར་གྱི་མི་ཐམས་ཅད་ཀྱིས། དེ་བཞིན་གཤེགས་པའི་པུར་སྒྲོམ་སྟེང་གི་ནམ་མཁའ་ལ་འཕགས་པ་མཐོང་ནས་བྲང་བརྡུངས་ཏེ་སྐད་ཆེན་པོ་ཕྱུང་ནས་དུས་སོ། །དེའི་ཚེ་ལྷ་དང་མི་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་པུར་སྒྲོམ་ལ་མཆོད་པ་བྱ་བའི་ཕྱིར་རིན་པོ་ཆེ་སྣ་བདུན་དང ། མུ་ཏིག་དང ། མེ་ཏོག་དང ། སྤོས་དང ། དོ་ཤལ་དང ། དར་གྱི་ལྔ་ལྡི་རྣམ་པ་མང་པོ་སྤྲིན་བཞིན་དུ་ནམ་མཁའི་ཁམས་ཡོངས་སུ་གང་བར་བྱས་ཏེ་ཤིན་ཏུ་ངུས་ནས། དེ་བཞིན་གཤེགས་པའི་རིན་པོ་ཆེ་སྣ་བདུན་གྱི་པུར་སྒྲོམ་ལ་མཆོད་དེ། ཐམས་ཅད་སྐད་མཐུན་པར་ཀྱི་ཧུད། ཀྱི་ཧུད། བདག་ཅག་ལ་བསོད་ནམས་མ་མཆིས་པས་དེ་བཞིན་གཤེགས་པའི་པུར་སྒྲོམ་མ་ཐེག་སྟེ། བདག་ཅག་ལ་མགོན་སྐྱབས་མ་མཆིས། དགེ་བའི་རྩ་བའི་སྐལ་པ་མ་མཆིས་སོ་ཞེས་སྨྲས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་གསེར་གྱི་པུར་སྒྲོམ་ཤིང་སཱ་ལའི་ཚལ་གྱི་ནམ་མཁའ་ལས་དལ་གྱིས་གཤེགས་ཏེ། རྩཝ་མཆོག་གི་གྲོང་ཁྱེར་གྱི་ནུབ་སྒོར་ཞུགས་སོ། །དེའི་ཚེ་རྩཝ་མཆོག་གི་གྲོང་ཁྱེར་ན་གནས་པའི་དགེ་བསྙེན་མ་ཐམས་
Kha511a
༄#། །ཅད་དང ། བྱང་ཆུབ་སེམས་དཔའ་དང ། ཉན་ཐོས་གྲངས་མེད་པ། ལྷ་དང ། མི་དང ། འཁོར་མང་པོས་སྟེང་གི་ནམ་མཁའ་དང ། ས་ལ་ཡོངས་སུ་གང་བར་དེ་བཞིན་གཤེགས་པའི་པུར་སྒྲོམ་གྱི་ཕྱི་བཞིན་དོང་ནས་།གཅིག་གི་ལག་པ་ལ་གཅིག་གིས་འཇུ་ཞིང་སྐད་ཆེན་པོ་ཕྱུང་སྟེ་ངུས་ནས་བྲང་ལ་ཁུ་ཚུར་གྱིས་བརྡེགས་ཏེ། སོ་སོ་ནས་གྲངས་མེད་པའི་མེ་ཏོག་དང ། སྤོས་དང ། རིན་པོ་ཆེའི་རྒྱལ་མཚན་དང ། བ་དན་དང ། གདུགས་ཀྱིས་སའི་སྟེང་དང ། ནམ་མཁའ་ཡང་ཡོངས་སུ་གང་བར་བཤམས་ཏེ། དེ་བཞིན་གཤེགས་པའི་པུར་སྒྲོམ་ལ་མཆོད་པར་བྱེད་དོ། །རྩཝ་མཆོག་གི་གྲོང་ཁྱེར་ནི་ངོས་གཅིག་ཀྱང་དཔག་ཚད་བཞི་བཅུ་རྩ་བརྒྱད་ཡོད་དོ། ། དེའི་ཚེ་དེ་བཞིན་གཤེགས་པའི་རིན་པོ་ཆེ་སྣ་བདུན་གྱི་པུར་སྒྲོམ་སྟེང་གི་ནམ་མཁའ་ལ་དལ་གྱིས་གཤེགས་ཏེ། རྩཝ་མཆོག་གི་གྲོང་ཁྱེར་གྱི་ཤར་སྒོ་ནས་བྱུང་ནས། གཡས་ཕྱོགས་ནས་འཁོར་ཏེ་གྲོང་ཁྱེར་གྱི་ལྷོ་སྒོར་ཞུགས་སོ། །དེ་ནས་བགས་ཀྱིས་ནམ་མཁའ་ལ་གཤེགས་ཏེ། བྱང་སྒོ་ནས་གཡས་ཕྱོགས་སུ་འཁོར་ཏེ་ནུབ་སྒོར་ཞུགས་སོ། །དེ་བཞིན་དུ་ལན་གསུམ་གྱི་བར་དུ་བསྐོར་ནས་སྟེང་གི་ནམ་མཁའ་ལ་དལ་གྱིས་གཤེགས་ཏེ། ཕྱིར་ཡང་ནུབ་སྒོར་ཞུགས་ནས་ཤར་སྒོར་བྱུང་སྟེ། གཡས་
Kha511b
ནས་བསྐོར་ནས་བྱང་སྒོར་ཞུགས་སོ། །དེ་ནས་ཡང་ནམ་མཁའ་ལ་དལ་གྱིས་གཤེགས་ཏེ། ལྷོ་སྒོར་བྱུང་ནས་གཡས་ནས་བསྐོར་ཏེ་བྱང་སྒོར་ཞུགས་ནས་ལན་བཞི་བསྐོར་ཏོ། །དེ་བཞིན་དུ་གཡས་ཕྱོགས་ནས་གྲོང་ཁྱེར་རྩཝ་མཆོག་ལན་བདུན་གྱི་བར་དུ་བསྐོར་ཏེ། །དེའི་ཚེ་རིན་པོ་ཆེ་སྣ་བདུན་གྱི་པུར་སྒྲོམ་གྲོང་ཁྱེར་གྱི་ནང་དུ་ཞུགས་པ་ན་འཁོར་མང་པོ་ཐམས་ཅད་མཆི་མ་བླགས་ཏེ་ངུས་ནས་སོ་སོ་ནས་གྲངས་མེད་པའི་སྤོས་ཀྱི་ཤིང་ཙནྡན་དང ། རིན་པོ་ཆེའི་སྤོས་ཀྱི་ཤིང་རི་མོ་དང་བསུང་དུ་ལྡན་པ་འཇིག་རྟེན་གྱི་ཁམས་ཀུན་བྲོ་བར་བྱེད་པ་ཐོགས་ཤིང་གཞན་ཡང་རིན་པོ་ཆེའི་རྒྱལ་མཚན་དང ། བ་དན་དང ། གདུགས་དང ། སྤོས་དང ། མེ་ཏོག་དང ། དོ་ཤལ་གྲངས་མེད་པ་བཤམས་ཏེ། དེ་བཞིན་གཤེགས་པའི་མདད་མཛད་པའི་གནས་སུ་མཆོད་པ་བྱས་སོ། །དེའི་ཚེ་ཕྱོགས་བཞིའི་མགོན་པོ་ཆེན་པོ་དང ། ལྷའི་འཁོར་དང་བཅས་ཏེ་ངུས་ནས་ལྷ་རྫས་ཀྱི་ཙནྡན་དང ། ་ཀ་རུ་ཕྱི་ནང་ཀུན་བསུང་དང་ལྡན་པ། བསུང་གིས་མདད་པ་སྔོམས་ཤིང་རྟའི་འཁོར་ལོ་ཙམ་ལྔ་བརྒྱ་དང ། དེ་མ་ཡིན་པའི་རིན་པོ་ཆེའི་སྤོས་དང ། རིན་པོ་ཆེའི་རྒྱལ་མཚན་དང ། རིན་པོ་ཆེའི་གདུགས་དམ་པ་དང ། མེ་ཏོག་གི་ཕྲེང་བ་ལ་སོགས་པ་བཤམས་ཏེ། མཆོད་པ་བྱ་བའི་ཕྱིར་མདད་མཛད་པའི་གནས་སུ་ལྷགས་སོ། །གནམ་རིམ་པ་གཉིས་ཀྱི་ལྷས་ནི་ཤིང་སྟོང་བཤམས་སོ། །གནམ་རིམ་
Kha512a
༄#། །པ་གསུམ་པའི་ལྷས་ནི་ཤིང་ཉིས་སྟོང་བཤམས་སོ། །རིམ་པ་བཞི་པའི་ལྷས་ནི་ཤིང་སུམ་སྟོང་བཤམས་སོ། །རིམ་པ་ལྔ་པའི་ལྷས་ནི་ཤིང་བཞི་སྟོང་བཤམས་སོ། །རིམ་པ་དྲུག་པའི་ལྷས་ནི་ཤིང་ལྔ་སྟོང་སྙེད་བཤམས་ཏེ། སོ་སོ་ནས་བ་དན་དང ། མེ་ཏོག་ལ་སོགས་པ་ཐོགས་ཏེ་དུས་ནས་མཆོད་པ་བྱ་བའི་ཕྱིར་མདད་མཛད་པའི་གནས་སུ་ལྷགས་སོ། །དེའི་ཚེ་གཟུགས་ཡོད་པའི་ཁམས་དང ། གཟུགས་མེད་པའི་ཁམས་ཀྱི་ལྷ་རྣམས་ནི་སྤོས་དང ། མེ་ཏོག་འབའ་ཞིག་ཐོགས་ཏེ། མདད་མཛད་པའི་གནས་སུ་ལྷགས་ནས་མཆོད་པ་བྱེད་དོ། །དེ་ནས་འཇིག་རྟེན་དུ་བཅས་པ་འཁོར་མང་པོ་རྣམས་ཀྱང ། སོ་སོ་ནས་སྤོས་ཙནྡན་གྱི་ཤིང་དང ། ་ག་རུ་དང ། མེ་ཏོག་དང ། སྤོས་དང ། བ་དན་དང ། གདུགས་ལ་སོགས་པ་ཐོགས་ཏེ། ངུས་ནས་མཆོད་པ་བྱ་བའི་ཕྱིར་མདད་ཀྱི་གནས་སུ་ལྷགས་སོ། །དེའི་ཚེ་མ་འགགས་པ་མིག་མཆི་མས་གང་སྟེ་དྲག་ཏུ་དུས་ནས། ལྷ་དང་མི་རྣམས་ལས་ཤིང་ཙནྡན་དང ། ་ག་རུ་དྲུག་སྟོང་སྙེད་རི་མོ་དང ། བསུང་དུ་ལྡན་པ། ཀུན་ཏུ་ཤིན་ཏུ་མདད་པ་བསླངས་ནས་མདད་ཀྱི་གནས་སུ་བཞག་གོ་།མཚོ་མ་དྲོས་པ་ངོས་བཞི་ཆུ་ཞེང་གབ་པ་དཔག་ཚད་ཉིས་བརྒྱ་ཡོད་དེ། གཙང་པོ་ཆེན་པོ་བཞི་འབབ་བོ། །བཅོམ་ལྡན་འདས་ཐོག་མ་མངོན་པར་སངས་རྒྱས་
Kha512b
པ་ན་གཙང་པོ་གངྒཱའི་བྱང་ཕྱོགས་ཀྱི་འགྲམ་ན་ཙནྡན་གྱི་ཤིང་དྲུང་གཅིག་སྐྱེས་ཏེ། སྦོམས་ཁྱད་ཤིང་རྟའི་འཁོར་ལོ་ཙམ་ལ་གནམ་འཕང་དུ་ཤིང་ཏ་ལ་བདུན་སྲིད་དེ། བསུང་ཤིན་ཏུ་མདད་པས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་དོ། །ཤིང་དེའི་ལྷ་ཡང་ཤིང་དེ་དང་ཅིག་ཅར་སྐྱེས་ཏེ། རྟག་ཏུ་སྤོས་དེས་སངས་རྒྱས་ཀུན་ལ་མཆོད་པར་བྱེད་དོ། །སངས་རྒྱས་མྱ་ངན་ལས་འདས་པ་ན་ཙནྡན་གྱི་ཤིང་དེའང་ལོ་མ་དང་ཤུན་པ་ལྷགས་ནས་བསྐམས་ཏེ་ཤིང་གི་ལྷ་ཡང་དེར་ཤིའོ། །དེ་ནས་ལྷ་གཞན་རྣམས་ཀྱིས་ཤིང་དེ་བླངས་ནས་མདད་ཀྱི་གནས་སུ་བསྐྱལ་ཏེ་མཆོད་པ་བྱས་སོ། །ས་གཞི་དེ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མདད་ཀྱི་གནས་ཏེ། སངས་རྒྱས་བཅོམ་ལྡན་འདས་སྔོན་གྱི་སྨོན་ལམ་གྱི་མཐུས་གནས་དེ་ཉིད་དུ་མདད་མཛད་དོ། །གནས་དེ་ན་སྔོན་གྱི་སངས་རྒྱས་རྣམས་ཀྱི་རིན་པོ་ཆེའི་མཆོད་རྟེན་ཡང་གྲངས་མེད་པ་ཞིག་ཡོད་དོ། །གནས་དེ་ནི་རྡོ་རྗེ་ལྟར་མི་འཇིག་ཅིང་ཤིན་ཏུ་བརྟན་པའོ། །དེའི་ཚེ་དེ་བཞིན་གཤེགས་པའི་པུར་སྒྲོམ་ནམ་མཁའ་ལ་དལ་གྱིས་གཤེགས་ཏེ་མདད་ཀྱི་གནས་སུ་ཕྱིན་པ་དང ། བགས་ཀྱིས་ཇེ་དམའ་ཇེ་དམའ་ནས་རིན་པོ་ཆེ་སྣ་བདུན་གྱི་ཁྲི་དར་གྱི་ལྡ་ལྡི་དང ། དོ་ཤལ་ཡོངས་སུ་བརྒྱན་པ་ལ་གཤེགས་ཏེ། དེ་ནས་དེའི་བར་དུ་ཞག་བདུན་འདས་སོ། །དེའི་ཚེ་རྩཝ་མཆོག་གི་གྲོང་ཁྱེར་གྱི་སྐྱེས་པ་དང ། བུད་མེད་ཐམས་ཅད་དང ། གྲངས་མེད་
Kha513a
༄#། །པའི་བྱང་ཆུབ་སེམས་དཔའ་དང ། ཉན་ཐོས་དང ། སུམ་ཅུ་རྩ་གསུམ་གནམ་གྱི་ལྷ་ཐམས་ཅད་མྱ་ངན་གྱིས་ཡིད་གདུངས་ཏེ་རབ་ཏུ་དུས་ནས་བ་དན་དང ། གདུགས་དང ། རིན་པོ་ཆེའི་རྒྱལ་མཚན་དང ། སྤོས་དང ། མེ་ཏོག་ལ་སོགས་པ་ཐོགས་ཏེ། སངས་རྒྱས་ཀྱི་པུར་སྒྲོམ་གྱི་ཕྱི་བཞིན་ཞག་བདུན་གྱི་བར་དུ་འབྲང་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ལྷ་དང་མི་ཐམས་ཅད་ལ་སྐོམ་པ་དང་བཀྲེས་པའི་འདུ་ཤེས་མེད་དེ། ཟས་མི་སེམས་ཀྱི། དེ་བཞིན་གཤེགས་པ་དྲན་པའི་ཕྱིར་དུ་བ་འབའ་ཞིག་བྱེད་དོ། །དེ་བཞིན་གཤེགས་པའི་པུར་དེ་ལྟར་ཞག་བདུན་ལོན་ནས་སྒྲོམ་གྱི་ནང་ནས་ཕྱིར་དབྱུང་བ་ན་རྩཝ་མཆོག་གི་གྲོང་ཁྱེར་གྱི་སྐྱེས་པ་དང ། བུད་མེད་དང ། འཁོར་གྲངས་མེད་པ་ཐམ་ཅད་ཀྱིས་ངུས་པའི་སྒྲས་འཇིག་རྟེན་གྱི་ཁམས་ཀྱང་གཡོས་ནས། གཞན་ཡང་མེ་ཏོག་དང ། སྤོས་དང ། ལྷའི་རྒྱལ་མཚན་དང ། གདུགས་དང ། གྲངས་མེད་པའི་ལྷའི་རོལ་མོ་མང་པོས་སངས་རྒྱས་ཀྱི་པུར་ལ་དུས་ཏེ་མཆོད་པ་བྱས་སོ། །དེའི་ཚེ་འཁོར་མང་པོ་རྣམས་མཆི་མ་བླགས་ནས་རས་དཀར་པོ་འཇམ་པོས་ལག་པ་དཀྲིས་ཏེ་བསྟི་སྟང་དང་བཅས་པའི་སེམས་ཀྱིས་རིན་པོ་ཆེའི་སྒྲོམ་ནས་དེ་བཞིན་གཤེགས་པའི་སྐུ་གསེར་བཙོ་མའི་ཁ་དོག་དང་ལྡན་པ། མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུར་ལྡན་པ། རྡོ་རྗེ་ལྟར་མི་
Kha513b
འཇིག་པའི་ཆོས་ཅན་དལ་གྱིས་ཕྱུང་སྟེ། རིན་པོ་ཆེ་སྣ་བདུན་གྱི་ཁྲི་ལ་བཞག་གོ་།དེའི་ཚེ་ན་འཁོར་མང་པོ་རྣམས་ཤིན་ཏུ་དུས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་གཡོས་པར་གྱུར་ཏོ། །གཞན་ཡང་སྤོས་དང ། མེ་ཏོག་དང ། གདུགས་དང ། རོལ་མོ་ལ་སོགས་པས་མཆོད་པ་བྱས་ནས་ངུས་སོ། །དེས་འཁོར་མང་པོ་རྣམས་དུ་ཞིང་མཆི་མ་བླགས་ནས་སོ་སོ་ནས་སྤོས་ཆུ་དང ། བྱུག་སྤོས་གྲངས་མེད་པ་སྙེད་ཀྱིས་དེ་བཞིན་གཤེགས་པའི་སྐུ་མཚན་སུམ་ཅུ་རྩ་གཉིས་དང ། དབེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པ་དང་ལྡན་པ། རྡོ་རྗེ་ལྟ་བུར་མི་འཇིག་པ། གསེར་བཙོ་མའི་ཁ་དོག་ལྟ་བུ། དབུ་དང་ཞབས་ཀྱི་བར་དུ་བཀྲུས་སོ། །དེ་ནས་རིན་པོ་ཆེའི་སྒྲོམ་ཡང་ཡོངས་སུ་དག་པར་བཀྲུས་སོ། །དེའི་ཚེ་འཁོར་མང་པོ་རྣམས་ཤིན་ཏུ་དུས་ཏེ་མཆི་མ་བླགས་ནས་ལྷའི་སྤོས་དང ། རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་གིས་གཏོར་ནས་གྲངས་མེད་པའི་རིན་པོ་ཆེ་རྒྱལ་མཚན་དང ། གདུགས་དང ། བ་དན་ནམ་མཁའི་ཁམས་ཡོངས་སུ་གང་བས་མཆོད་པ་བྱས་ནས་ངུས་སོ། །དེ་ནས་འཁོར་མང་པོ་རྣམས་ངུས་བཞིན་དུ་གྲངས་མེད་པའི་ཤིང་བལ་ཐོགས་ནས་དེ་བཞིན་གཤེགས་པའི་སྐུ་གསེར་བཙོ་མ་ལྟ་བུ་དཀྲིས་སོ། །དེ་ལྟར་ཤིང་བལ་གྱིས་དཀྲིས་པའི་སྟེང་དུ་རིན་ཐང་མེད་པའི་རས་དཀར་པོ་ཡུག་སྟོང་གིས་དེ་བཞིན་
Kha514a
༄#། །གཤེགས་པའི་སྐུ་དཀྲིས་སོ། །དེ་ལྟར་དཀྲིས་ནས་འཁོར་མང་པོ་རྣམས་བརྒྱལ་བ་ཙ་མ་དུ་ཤིན་ཏུ་ངུས་ནས། གཞན་ཡང་རིན་པོ་ཆེའི་མེ་ཏོག་དང ། སྤོས་དང ། རིན་པོ་ཆེའི་རྒྱལ་མཚན་དང ། རིན་པོ་ཆེའི་གདུགས་དང ། ལྷའི་རོལ་མོ་ལ་སོགས་པས་མཆོད་པ་བྱས་ཏེ་ངུས་སོ། །དེ་ནས་འཁོར་མང་པོ་རྣམས་ངུས་བཞིན་དུ་སོ་སོ་ནས་རས་དཀར་པོ་སླེབ་མོས་དེ་བཞིན་གཤེགས་པའི་སྐུ་བཏེག་ནས་རིན་པོ་ཆེའི་སྒྲོམ་གྱི་ནང་དུ་བཅུག་སྟེ། མར་བསུང་ཅན་གྱིས་བཀང་ནས་སྒྲོམ་གྱི་ཁ་བཅད་དོ། །དེ་ནས་འཁོར་མང་པོ་རྣམས་ཤིན་ཏུ་ངུ་བའི་སྒྲ་འཇིག་རྟེན་གྱི་ཁམས་ཀུན་ཏུ་གྲགས་པར་གྱུར་ཏེ། གཞན་ཡང་མེ་ཏོག་དང ། སྤོས་དང ། བ་དན་དང ། གདུགས་དང ། རོལ་མོ་ལ་སོགས་པས་རིན་པོ་ཆེའི་སྒྲོམ་ལ་མཆོད་ནས་ངུས་སོ། །དེ་ནས་འཁོར་མང་པོ་ཐམས་ཅད་ཀྱིས་བསགས་པའི་སྤོས་ཀྱི་ཤིང་དྲི་བསུང་ཤིན་ཏུ་མདད་པ་རི་རབ་ལྷུན་པོ་ཙམ་བརྩིགས་ཏེ་བཅེར་བ་སྤོས་ཀྱི་ཁང་པ་བརྩེགས་པ་ལྟ་བུར་གྱུར་ནས་ངོས་བཞི་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་ཅིང་གདུགས་དང ། རྒྱལ་མཚན་དང ། བ་དན་དང ། སྤོས་དང ། མེ་ཏོག་དང ། དོ་ཤལ་དང ། དར་གྱི་ལྡ་ལྡི་སྤྲིན་ལྟ་བུར་ནམ་མཁའི་ཁམས་ཡོངས་སུ་གང་བ་ཙམ་གྱིས་བརྒྱན་ནས་ལྷའི་རོལ་མོའི་མཆོད་པ་བྱས་སོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་
Kha514b
པ་ཆེན་པོའི་མདོ། བམ་པོ་ལྔ་བཅུ་དྲུག་པ་སྟེ་ཐ་མ། དེ་ནས་ལྷ་དང ། མི་དང ། འཁོར་རྣམས་ཀྱིས་པུར་སྒྲོམ་བཏེག་སྟེ། སྤོས་ཀྱི་ཁང་པ་བརྩེགས་མའི་སྟེང་དུ་བཞག་པ་ན་ཤིན་ཏུ་སྐད་ཆེན་པོ་ཕྱུང་སྟེ་བྲང་བརྡུངས་ནས་ངུས་པའི་སྒྲ་ཆེན་པོས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གྲགས་ཤིང་གཡོས་པར་གྱུར་ཏེ། གཞན་ཡང་རིན་པོ་ཆེའི་རྒྱལ་མཚན་དང ། གདུགས་དང།་སྤོས་དང ། མེ་ཏོག་དང ། ལྷའི་རོལ་མོས་མཆོད་ནས་ངུས་སོ། །དེ་ནས་བསྟི་སྟང་བྱ་བའི་ཕྱིར་སོ་སོ་ནས་རས་དཀར་པོའི་སླེབ་མོས་དེ་བཞིན་གཤེགས་པའི་པུར་སྒྲོམ་བཏེག་སྟེ། ཤིན་ཏུ་བརྒྱན་པའི་སྤོས་ཀྱི་ཤིང་གི་སྟེང་དུ་བཞག་ནས་ཆོ་ངེས་འདོན་ཞིང་བརྒྱལ་ཏོ། །དེ་ནས་ཕྱིར་སངས་ནས་འདི་སྐད་དུ། ཀྱི་ཧུད། ཀྱི་ཧུད། འཇིག་རྟེན་ན་མགོན་དང་སྐྱབས་མེད་པར་གྱུར་ཏོ་ཞེས་སྨྲས་ནས་མཆི་མ་བླགས་ཏེ། མེ་ཏོག་དང ། སྤོས་དང ། རིན་པོ་ཆེའི་རྒྱལ་མཚན་དང ། བ་དན་དང ། གདུགས་དང ། ལྷའི་རོལ་མོས་མཆོད་པ་བྱས་སོ། །དེ་ནས་དེ་བཞིན་གཤེགས་པའི་པུར་སྒྲོམ་སྤོས་ཀྱི་ཤིང་གི་སྟེང་དུ་བཞག་སྟེ། མེ་གཏོང་བ་ན་འཁོར་མང་པོ་ཐམས་ཅད་ཤིན་ཏུ་ངུས་ཏེ། སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གྲགས་པར་གྱུར་ཏེ། ངུས་ནས་དེ་བཞིན་གཤེགས་པའི་པུར་སྒྲོམ་དེ་ལ་མཆོད་པ་བྱས་སོ། །དེ་ནས་འཁོར་མང་པོ་རྣམས་ངུས་ནས་རིན་པོ་ཆེ་སྣ་བདུན་གྱི་སྤོས་ཀྱི་སྒྲོན་མེ་ཤིང་རྟའི་འཁོར་
Kha515a
༄#། །ལོ་ཙམ་འཇིག་རྟེན་གྱི་ཁམས་སྣང་བར་བྱས་ནས་ཐམས་ཅད་དུས་གཅིག་ཏུ་སྐད་ཆེན་པོ་ཕྱུང་སྟེ་ངུས་པས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་ནས་མེ་ཏོག་དང་སྤོས་ཀྱིས་ཡོངས་སུ་མཆོད་པ་བྱས་སོ། །དེའི་ཚེ་རིན་པོ་ཆེའི་སྒྲོན་མེ་སྤོས་ཀྱི་ཤིང་བརྩིགས་པའི་དྲུང་དུ་ཕྱིན་མ་ཐག་ཏུ་རང་ཤིའོ། །དེ་ནས་ལྷ་ཐམས་ཅད་ཀྱིས་ཀྱང་བླ་ན་མེད་པའི་རིན་པོ་ཆེ་སྣ་བདུན་གྱི་མེ་ཆེན་པོ་ཐོགས་ཏེ། མེའི་འོད་ཀྱིས་ཀུན་ཏུ་སྣང་བར་བྱས་ནས་ངུས་བཞིན་དུ་སྤོས་ཀྱི་ཤིང་བརྩིགས་པའི་དྲུང་དུ་ཕྱིན་མ་ཐག་ཏུ་མེ་དེའང་རང་ཤིའོ། །དེ་ནས་རྒྱ་མཚོའི་ལྷ་ཐམས་ཅད་ཀྱང་རྒྱ་མཚོའི་ནང་གི་མེ་རིན་པོ་ཆེ་སྣ་བདུན་གྱི་སྒྲོན་མེའི་འོད་ཟེར་གྲངས་མེད་པ་དང་ལྡན་པ་ཐོགས་ཏེ། སྤོས་ཀྱི་ཤིང་བརྩིགས་པ་ལ་བསྲེགས་ན་མེ་དེའང་རང་ཤིའོ། །དེའི་ཚེ་འཁོར་མང་པོ་རྣམས་ཤིན་ཏུ་ངུས་ནས་མཆོད་པ་ཐམས་ཅད་ཀྱིས་མཆོད་དེ། དེ་བཞིན་གཤེགས་པ་མཛད་པ་ཅིའི་མཐར་མཁྱེན་ན། སྤོས་ཀྱི་ཤིང་ལ་མེ་མཆེད་དུ་མ་བཏུབ་པ་མ་རྟོགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཐུགས་རྗེ་ཆེན་པོ་ཀུན་ལ་ཁྱབ་པ་འོད་སྲུང་གི་འཁོར་ལ་གཞེས་ཏེ་གདོད་ཞུགས་ཀྱིས་བཞེན་ཏོ། །དེའི་ཚེན་འོད་སྲུང་ཆེན་པོ་འཁོར་ལྔ་བརྒྱ་དང་བྱ་རྒོད་སྤུངས་པའི་རི་ལ་འཁོད་དོ། །རི་དེ་རྩཝ་མཆོག་གྲོང་ཁྱེར་ནས་དཔག་ཚད་ལྔ་
Kha515b
བཅུ་ཡོད་དེ། དེ་ན་ལུས་དང་སེམས་རབ་ཏུ་ཞི་བའི་ཏིང་ངེ་འཛིན་ལ་ཞུགས་པ་ལས་དངངས་ནས་ལུས་ཀྱང་འདར་ཞིང་གཡོས་སོ། །དེ་ནས་ཏིང་ངེ་འཛིན་ལས་བྱུང་སྟེ་བལྟས་ན་ས་དང་རི་ཀུན་རབ་ཏུ་གཡོས་པ་མཐོང་ནས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པར་ཤེས་ཏེ། འཁོར་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ངའི་སྟོན་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་ནས་ཞག་བདུན་ལོན་ཏེ། སྒྲོམ་གྱི་ནང་དུའང་བཅུག་གོ་།ཀྱི་ཧུད། ཀྱི་ཧུད། མྱུར་དུ་དེ་གཞིན་གཤེགས་པ་གང་ན་བར་དོང་ངོ ། །གལ་ཏེ་ཞུགས་ལ་བཞེན་པར་གྱུར་ན་དེ་བཞིན་གཤེགས་པའི་སྐུ་མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུར་ལྡན་པ་ཡོངས་སུ་དག་པ་མཐོང་བར་མི་འགྱུར་རོ་ཞེས་སྨྲས་ནས་འོད་སྲུང་གིས་བཅོམ་ལྡན་འདས་ལ་བསྟི་སྟང་བྱ་བའི་ཕྱིར། རྫུ་འཕྲུལ་གྱིས་ནམ་མཁའ་ལ་མ་སོང་གི་།འཁོར་དང་བཅས་ཏེ་ལམ་དུ་ཞུགས་ནས་དེ་བཞིན་གཤེགས་པ་གང་ན་བར་མྱུར་དུ་དུས་བཞིན་དུ་སོང་ནས་ཞག་བདུན་གྱིས་རྩཝ་མཆོག་གི་གྲོང་ཁྱེར་དུ་ཕྱིན་ཏོ། །གྲོང་ཁྱེར་གྱི་ཤར་སྒོར་བྲམ་ཟེ་ཞིག་ལྷའི་མེ་ཏོག་གཅིག་ཐོགས་ཏེ་འོངས་པ་དང་ཕྲད་ནས་འོད་སྲུང་གིས་དེ་ལ་ཀྱེ་ག་ལས་འོངས་ཞེས་དྲིས་སོ། །དེས་སྨྲས་པ། བདག་སངས་རྒྱས་མྱ་ངན་ལས་འདས་པ་ཞུགས་ལ་བཞེན་པའི་གནས་ནས་འོངས་སོ། །ཞེས་སྨྲས་སོ། །།འོད་སྲུང་གིས་མེ་ཏོག་འདི་དག་ག་ལས་
Kha516a
༄#། །རྙེད་ཅེས་དྲིས་ན་ཞུགས་ལ་བཞེན་པའི་གནས་སུ་ལྷའི་མེ་ཏོག་འདི་རྙེད་དོ་ཞེས་སྨྲས་སོ། །འོད་སྲུང་གིས་མེ་ཏོག་འདི་ཁོ་བོ་བསླང་ངོ་ཞེས་སྨྲས་ན་མི་རུང་ངོ ། །བདག་འདི་གཉེན་པ་རྣམས་བསྟེན་ཅིང་ཁྱིམ་དུ་མཆོད་པ་བྱར་འགྲོའོ་ཞེས་སྨྲས་སོ། །འོད་སྲུང་གིས་ཅུང་བལྟའོ་ཞེས་སྨྲས་ནས་ལག་གིས་བླངས་ཏེ། སྤྱི་བོ་ལ་བཞག་མ་ཐག་དེར་བརྒྱལ་ཏེ་ས་ལ་འགྱེལ་ཏོ། །རིང་ཞིག་ལོན་པ་དང་ཕྱིར་སངས་ནས་ངུས་ཏེ། དེ་བཞིན་གཤེགས་པའི་སྐུ་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ། གསེར་བཙོ་མའི་ཁ་དོག་ལྟ་བུ་དེ་ཕྱིན་ཆད་མི་མཐོང་ངོ་ཞེས་སྨྲས་ནས། འཁོར་དང་བཅས་ཏེ་གྲོང་ཁྱེར་རྩཝ་མཆོག་གི་བྱང་སྒོར་ཞུགས་ཏེ། གྲོང་ཁྱེར་གྱི་ནང་དུ་ཕྱིན་ནས་དགེ་སློང་གི་གནས་ཤིག་ཏུ་ཞུགས་ནས་དགེ་སློང་དག་ཅིག་འདུས་ཤིང་འཁོད་པ་དག་མཐོང་ངོ ། །དགེ་སློང་དེ་དག་གིས་འོད་སྲུང་ལ་ཁྱོད་ལམ་རིང་པོ་ནས་འོངས་ན་ཉོན་མོངས་ཤིང་མི་བདེ་བར་མ་གྱུར་ཏམ། བདེ་བར་འདུག་ལ་བསོད་སྙོམས་སྡོད་ཅིག་ཅེས་སྨྲས་སོ། །འོད་སྲུང་གིས་སྨྲས་པ། ཁོ་བོའི་སྟོན་པ་ཆེན་པོ་མྱ་ངན་ལས་འདས་ན། བདག་བྲོད་པ་ཅི་ཞིག་ཡོད་དེ།་འདིར་བདེ་བར་འདུག་ཅིང་བསོད་སྙོམས་བསྡད་དུ་རུང་ངམ། དགེ་སློང་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱི་སྟོན་པ་སུ་ཡིན། འོད་སྲུང་གིས་སྨྲས་པ། ཅི་ཁྱེད་མི་ཤེས་སམ། ཀྱི་
Kha516b
ཧུད།་བདག་གི་སྟོན་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཡིན་ཏེ། ད་ཡོངས་སུ་མྱ་ངན་ལས་འདས་སོ། །དགེ་སློང་རྣམས་ཀྱིས་དེ་སྐད་ཅེས་ཐོས་ནས་སོ་སོ་ནས་འདི་སྐད་ཅེས་སྨྲས་སོ། །ལེགས་སོ། །ལེགས་སོ། །དེ་བཞིན་གཤེགས་པ་འཇིག་རྟེན་ན་བཞུགས་ན་ཚུལ་ཁྲིམས་དམ་པས་བདག་ཅག་མི་བཟོད་དེ། བདག་ཅག་དེ་བཞིན་དུ་སྤྱོད་མི་ནུས་པ་ལས། ད་མྱ་ངན་ལས་འདས་ནས་ཚུལ་ཁྲིམས་བསྡམས་པའང་ད་ལྷོད་པར་གྱུར་གྱི། རེ་ཞིག་མ་རིངས་པར་བསོད་སྙོམས་སྡོད་ཅིག་ཅེས་སྨྲས་སོ། །སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ལྷ་རྣམས་དང ། འོད་སྲུང་གི་འཁོར་རྣམས་རྣ་བ་འགགས་པར་བྱས་པས་དགེ་སློང་སྡིག་ཅན་རྣམས་ཀྱིས་སྨྲས་པའི་ཚིག་ཐོས་པར་མ་གྱུར་གྱི། འོད་སྲུང་འབའ་ཞིག་གིས་ཐོས་སོ། །དེ་ནས་འོད་སྲུང་འཁོར་རྣམས་དང་བཅས་ཏེ་ཤིན་ཏུ་དུས་ནས་སངས་རྒྱས་ག་ན་བར་མྱུར་བར་སོང་ངོ ། །དེའི་ཚེ་འོད་སྲུང་འཁོར་དང་བཅས་ཏེ་འདི་སྙམ་དུ་བསམས་སོ། །བདག་ཅག་གིས་ཇི་ལྟ་བུར་མཆོད་པའི་ཡོ་བྱད་རྙེད་ཅིང་སངས་རྒྱས་ལ་མཆོད་པར་འགྱུར་སྙམ་བསམས་ནས་འོད་སྲུང་གིས་འདི་སྐད་ཅེས་སྨྲས་སོ། །བདག་ཀྱང་གྲོང་ཁྱེར་འདིར་སྐྱེས་ཏེ། མཆོད་པའི་ཡོ་བྱད་བསླངས་ན་རྙེད་པར་འགྱུར་ཡང་དག་སྙམ་ནས་འཁོར་རྣམས་དང་བཅས་ཏེ་གྲོང་ཁྱེར་དེར་མཐར་གྱིས་བསླངས་སོ། །མཐར་གྱིས་བསླངས་ནས་རས་དཀར་པོ་བཟང་པོ་ཡུག་སྟོང་ཡང་རྙེད། དེ་མ་ཡིན་པ་གཞན་
Kha517a
༄#། །ཡང་ཤིང་བལ་གྲངས་མེད་པ་དང ། ཚད་མེད་པའི་མེ་ཏོག་རིན་པོ་ཆེ་དང ། བྱུག་སྤོས་དང ། སྤོས་ཆུ་དང ། སྤོས་ཀྱི་མར་དང ། རིན་པོ་ཆེའི་རྒྱལ་མཚན་དང ། རིན་པོ་ཆེའི་གདུགས་དང ། བ་དན་དང ། རོལ་མོ་དང ། དོ་ཤལ་རྣམ་པ་སྣ་ཚོགས་དང ། དར་གྱི་ལྡ་ལྡི་ལ་སོགས་པ་རྙེད་དོ། །དེ་ནས་འོད་སྲུང་འཁོར་དང་བཅས་ཏེ་མཆོད་པའི་ཡོ་བྱད་ཅི་རྙེད་པ་ཐོགས་ནས་མྱུར་བར་གྲོང་ཁྱེར་གྱི་ནུབ་སྒོར་བྱུང་ནས་འོད་སྲུང་གིས་ཞུགས་ལ་བཞེན་པའི་གནས་ན། འཁོར་མང་པོ་ཐམས་ཅད་ཤིན་ཏུ་ངུ་ཞིང་ཆོ་ངེས་འདེབས་པའི་སྒྲའང་ཐོས།་ཀུན་གྱིས་བརྒྱ་བྱིན་དབང་ཕྱུག་ལ་དེ་མཆོད་པ་ནི་བྱས་ན་བཞེན་པའི་མེ་ག་ལས་རྙེད་ཅེས་འདྲི་བ་དང ། བརྒྱ་བྱིན་གྱིས་འཁོར་མང་པོ་རྣམས་ལ་རེ་ཞིག་འོད་སྲུང་ལ་བསྡད་དགོས་སོ་ཞེས་བྱ་བའང་ཐོས་ཏེ། བརྒྱ་བྱིན་གྱིས་འཁོར་མང་པོ་རྣམས་ལ་དེ་སྐད་ཅེས་སྨྲས་པ་ཐོས་མ་ཐག་ཏུ་འོད་སྲུང་ཆེན་པོ་འཁོར་དང་བཅས་ཏེ་ངུ་བཞིན་དུ་དེར་ལྷགས་སོ། ། འཁོར་གྱི་དཀྱིལ་འཁོར་རྣམས་ཀྱིས་གོ་ཕྱེ་ནས་འོད་སྲུང་གིས་རྒྱང་ནས་སངས་རྒྱས་ཀྱི་པུར་སྒྲོམ་མཐོང་བ་དང ། འཁོར་དང་བཅས་ཏེ་ཕྱག་བཙལ་ནས་ཤིན་ཏུ་ངུས་ཏེ་ཆོ་ངེས་བཏབ་ནས་བརྒྱལ་ལོ། །དེ་ནས་རིང་ཞིག་ལོན་ནས་ཕྱིར་སངས་ཏེ་བགས་ཀྱིས་དྲུང་དུ་བསྙེན་ནས། འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །བདག་གིས་ཇི་ལྟ་བུར་འཕགས་པའི་པུར་
Kha517b
སྒྲོམ་དབྱེ་བར་བགྱི་འཁོར་རྣམས་ཀྱིས་སྨྲས་པ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་དེ་རིང་དུ་ཞག་བདུན་གསུམ་ལོན་ཏེ། དེ་ཙམ་ཞིག་པ་སྙམ་ན་ཇི་ལྟར་སྒྲོམ་དབྱེ་བར་བྱ།་འོད་སྲུང་གིས་སྨྲས་པ། དེ་བཞིན་གཤེགས་པའི་སྐུ་ནི་རྡོ་རྗེ་ལྟ་བུར་སྲ་བ། བརྟན་པ། རྟག་པ། བདེ་བ། ཡོངས་སུ་དག་པ། མི་འཇིག་པ་སྟེ། ཡོན་ཏན་གྱི་བསུང་ཤིན་ཏུ་མངད་པ། ཙནྡན་གྱི་དྲི་ལྟ་བུ་ཡིན་ནོ་ཞེས་སྨྲས་ནས་ཤིན་ཏུ་ངུས་ཏེ། དེ་བཞིན་གཤེགས་པའི་པུར་སྒྲོམ་གྱི་དྲུང་དུ་བསྙེན་ཏོ། །དེའི་ཚེ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་ཀུན་ལ་སྙོམས་པས་འོད་སྲུང་གི་ཕྱིར་པུར་སྒྲོམ་ཀྱི་ཁ་རང་བྱེ་ནས་རས་དཀར་པོ་སྟོང་གིས་དཀྲིས་པ་དང་ཤིང་བལ་གྱི་དཀྲིས་པའང་རང་གྲོལ་ཏེ། མཚན་སུམ་ཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། གསེར་བཙོ་མའི་ཁ་དོག་ལྟ་བུ། སྲ་ཞིང་བརྟན་པའི་སྐུ་འོད་སྲུང་ལ་མངོན་པར་བསྟན་ཏོ། །འོད་སྲུང་འཁོར་དང་བཅས་པས་དེ་ལྟ་བུ་དག་མཐོང་ནས་ཤིན་ཏུ་ངུས་དེ་བརྒྱལ་ནས་འགྱེལ་ཏེ། །དེ་ནས་རིང་ཞིག་ལོན་པ་དང་ཕྱིར་སངས་ནས་མིག་མཆི་མས་གང་བཞིན་དུ་འཁོར་རྣམས་དང་བཅས་ཏེ། སྤོས་ཀྱི་ཤིང་བརྩིགས་བ་ལ་འཛེགས་ནས། པུར་སྒྲོམ་ལ་ཤིན་ཏུ་བསྙེན་ཏེ་ཆོ་ངེས་བཏབ་ནས་མེ་ཏོག་དང ། སྤོས་དང ། རྒྱལ་མཚན་དང ། གདུགས་དང ། བ་དན་དང ། དོ་ཤལ་དང ། རོལ་མོ་ལ་སོགས་པས་མཆོད་དེ། བྱུག་སྤོས་དང ། སྤོས་ཆུས་དེ་བཞིན་
Kha518a
༄#། །གཤེགས་པའི་སྐུ་གསེར་བཙོ་མའི་ཁ་དོག་ལྟ་བུ་བཀྲུས་ནས་སྤོས་ཀྱིས་བདུགས་ཤིང ། མེ་ཏོག་གིས་གཏོར་ཏེ་ངུས་ནས་མཆོད་པ་བྱས་སོ། །དེ་ལྟར་བཀྲུས་ནས་འོད་སྲུང་འཁོར་དང་བཅས་ཏེ་ཅི་རྙེད་པའི་ཤིང་བལ་གྱིས་དེ་བཞིན་གཤེགས་པའི་སྐུ་དཀྲིས་སོ། །དེའི་སྟེང་དུ་ཤིང་བལ་རྙིང་གིས་ཀྱང་དཀྲིས་སོ། །དེའི་སྟེང་དུ་བསླངས་པའི་རས་དཀར་པོ་ཡུག་སྟོང་གིས་དཀྲིས་སོ། །དེའི་སྟེང་དུ་རས་རྙིང་པ་སྟོང་གིས་ཀྱང་དཀྲིས་སོ། །དེ་ལྟར་རིམ་པ་དུ་མར་དེ་བཞིན་གཤེགས་པའི་སྐུ་དཀྲིས་ནས་པུར་སྒྲོམ་གྱི་ཁའང་བཅད་དེ། རིན་པོ་ཆེ་སྣ་བདུན་གྱིས་ཤིན་ཏུ་བརྒྱན་ཏེ། དེའི་ཚེ་འོད་སྲུང་ཤིན་ཏུ་ངུས་ནས་འཁོར་དང་བཅས་ཏེ་གཡས་ཕྱོགས་ནས་ལན་བདུན་བསྐོར་ཏེ། མིག་མཆི་མས་གང་བཞིན་དུ་ཐལ་མོ་སྦྱར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་སོ། །ཀྱི་ཧུད་ཀྱི་ཧུད་འཕགས་པ་བཅོམ་ལྡན་འདས། །བདག་ནི་སྡུག་བསྔལ་ཤིན་ཏུ་གདུངས་པར་གྱུར། །ཐུགས་རྗེ་ཆེན་པོས་བདག་ལ་མི་གཞེས་པར། །ཅི་ཡི་སླད་དུ་མྱུར་བར་མྱ་ངན་འདས། །བྱ་རྒོད་སྤུངས་པའི་རི་ལ་སྙོམས་པར་ཞུགས་པ་ན། །ཀུན་ཏུ་བལྟས་ཀྱང་དེ་བཞིན་གཤེགས་མ་མཐོང ། །བལྟས་ན་བཅོམ་ལྡན་མྱ་ངན་འདས་མཐོང་ནས། །ཤིན་ཏུ་འདར་ཏེ་སེམས་ཀྱང་དངངས་པར་གྱུར། །འཇིག་རྟེན་ཁམས་ཀྱང་མུན་
Kha518b
པར་གྱུར་ནས་སུ། །རི་དང་ས་ཆེན་དག་ཀྱང་རབ་ཏུ་གཡོས། །བཅོམ་ལྡན་མྱ་ངན་འདས་པར་དེར་རྟོགས་ཏེ། །མྱུར་དུ་མཆིས་ཀྱང་བཅོམ་ལྡན་འདས་མ་མཐོང ། །བཅོམ་ལྡན་ཐུགས་རྗེས་བདག་ལམ་ཁྱབ་པས། །བདག་གིས་སངས་རྒྱས་མྱ་ངན་འདས་མ་མཐོང ། །བདག་ལ་བསྟན་པ་གསུང་གཅིག་མ་བཞག་པས། །བདག་ལ་མགོན་མ་མཆིས་ན་ཅི་ལ་གནས། །བཅོམ་ལྡན་བདག་ནི་སྡུག་བསྔལ་ཤིན་ཏུ་གདུངས། །སེམས་ཀྱང་མྱོས་ནས་ཤིན་ཏུ་སླད་པར་གྱུར། །བདག་གིས་བཅོམ་ལྡན་དབུ་ལ་ཕྱག་འཚལ་ལམ། །འོན་ཏེ་བཅོམ་ལྡན་དཔལ་བེའུ་ལ་ཕྱག་འཚལ། ། འོན་ཏེ་འཕགས་པའི་ཕྱག་ལ་ཕྱག་འཚལ་ལམ། །འོན་ཏེ་བཅོམ་ལྡན་རྐེད་པ་ལ་ཕྱག་འཚལ། །དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་ལམ། །འོན་ཏེ་བཅོམ་ལྡན་ལྟེ་བ་ལ་ཕྱག་འཚལ། །ཀྱི་ཧུད་བཅོམ་ལྡན་མྱ་ངན་འདས་མ་མཐོང ། །བདག་ལ་ཕྱག་འཚལ་གནས་ནི་བསྟན་དུ་གསོལ། །བཅོམ་ལྡན་བཞུགས་ན་འཁོར་རྣམས་ཀུན་ལ་བདེ། །མྱ་ངན་འདས་ན་ཐམས་ཅད་སྡུག་བསྔལ་ནོན། །ཀྱི་ཧུད་ཀྱི་ཧུད་སྡུག་བསྔལ་ཤིན་ཏུ་གདུངས། །ཐུགས་རྗེ་ཆེན་པོ་ཕྱག་གནས་བསྟན་དུ་གསོལ། །དེའི་ཚེ་འོད་སྲུང་དུས་ནས་ཚིགས་སུ་བཅད་པ་དེ་སྐད་ཅེས་སྨྲས་མ་ཐག་ཏུ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོས་ཞབས་གཉིས་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་མཚན་སྒྲོམ་གྱི་ཕྱི་རོལ་ཏུ་མངོན་པར་བསྟན་ཏེ། འཁོར་ལོ་རྩིབས་
Kha519a
༄#། །སྟོང་དང་ལྡན་པ་ལས་འོད་ཟེར་སྟོང་སྙེད་བཀྱེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་སྣང་བར་བྱས་སོ། །དེའི་ཚེ་འོད་སྲུང་འཁོར་རྣམས་དང་བཅས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་མཐོང་ནས་ཐམས་ཅད་ཀྱིས་ཕྱག་བཙལ་ཏེ་དུས་ནས་བརྒྱལ་ལོ། །དེ་ནས་རིང་མོ་ཞིག་ལོན་ནས་ཕྱིར་སངས་ཏེ། འཁོར་དང་བཅས་པས་ཤིན་ཏུ་དུས་ཏེ་གཡས་ནས་ལན་བདུན་བསྐོར་ནས་སངས་རྒྱས་ལ་ཕྱག་བཙལ་ཏེ། དུ་བའི་སྒྲས་འཇིག་རྟེན་གྱི་ཁམས་ཀྱང་གཡོས་ནས། སངས་རྒྱས་ཀྱི་ཞབས་ལ་ཚིགས་སུ་བཅད་པས་འདི་སྐད་ཅེས་སྨྲས་སོ། །བདེ་གཤེགས་མཐར་ཕྱིན་ཐུགས་རྗེ་ཆེན་པོ་ནི། །སྙོམས་པར་བྱམས་པའི་འོད་ནི་གཉིས་སུ་མེད། །སེམས་ཅན་རྣམ་པར་སྨིན་ན་གར་ཡང་སྟོན། །ཞབས་གཉིས་འཁོར་ལོ་རྩིབས་སྟོང་ལྡན་པ་མཐོང ། །བདག་གི་དད་པའི་སེམས་ཀྱིས་གུས་ཕྱག་འཚལ། །འཁོར་ལོའི་མཚན་དང་ལྡན་པའི་ཞབས་གཉིས་ལའོ། །འཁོར་ལོའི་མཚན་ལས་འོད་སྟོང་རབ་བཀྱེ་ནས། །ཕྱོགས་བཅུའི་སངས་རྒྱས་ཞིང་ཀུན་སྣང་བར་མཛད། །བདག་གི་སྤྱི་བོས་གུས་པར་ཕྱག་ཀྱང་འཚལ། །འཁོར་ལོའི་མཚན་དང་ལྡན་པའི་འོད་ཟེར་ལའོ། །སྐྱེ་བོ་འོད་ཀྱིས་ཕོག་ནས་རྣམ་པར་གྲོལ། །ངན་སོང་གསུམ་དང་བགེགས་བརྒྱད་སྡུག་བསྔལ་སྤངས། །བདག་གི་སྤྱི་བོས་གུས་པར་ཕྱག་འཚལ་བ། །འཁོར་ལོའི་འོད་ཀྱིས་ངན་སོང་སྒྲོལ་བ་
Kha519b
ལའོ། །བཅོམ་ལྡན་སྔོན་ནི་བསྐལ་པ་གྲངས་མེད་པར། །བདག་ཅག་སླད་དུ་ཤིན་ཏུ་དཀའ་བ་མཛད། །དེ་དབང་རྡོ་རྗེ་ལྟ་བུའི་སྐུ་རྙེད་ནས། །ཞབས་ཀྱི་འོག་ནས་འོད་ཟེར་སྟོང་ཡང་བཀྱེ། །སྐྱབས་གསོལ་སྤྱི་བོས་གུས་པར་ཕྱག་འཚལ་བ། །སེམས་ཅན་བདེ་བར་མཛད་པའི་འཁོར་ལོ་ལའོ། །ཐམས་ཅད་ཕྱིར་དུ་བསོད་ནམས་ཀུན་བསགས་ནས། །བྱང་ཆུབ་ཤིང་དྲུང་རྣམ་བཞི་བདུད་ཀྱང་བཏུལ། །བདུད་བཞི་བཏུལ་ནས་མུ་སྟེགས་ཅན་ཡང་ཕབ། །དེ་བས་སེམས་ཅན་ཡང་དག་ལྟ་བར་གྱུར། །བདག་གི་སྤྱི་བོས་གུས་པར་ཕྱག་འཚལ་བ། །སེམས་ཅན་ཡང་དག་ལྟ་བའི་འོད་ཟེར་ཞབས། །སངས་རྒྱས་ཀུན་གྱི་བྱམས་པའི་ཕ་དང་མཚུངས། །ཞབས་ཀྱི་འོད་ཀྱང་མཉམ་པར་སེམས་ཅན་སྒྲོལ། །བདག་གིས་སྐྱབས་གསོལ་གུས་པར་ཕྱག་འཚལ་བ། སྡུག་བསྔལ་སྤོང་བའི་ཞབས་ཀྱི་འཁོར་ལོ་ལའོ། །བདག་གིས་ཞབས་ཀྱི་འཁོར་ལོའི་འོད་མཐོང་ནས། །དགའ་དང་མི་དགའ་སེམས་ཀྱང་ཤིན་ཏུ་གདུངས། །བདག་གིས་སྨྲེ་སྔགས་འདོན་ཅིང་ཕྱག་འཚལ་བ། །རྩིབས་སྟོང་ལྡན་པའི་འཁོར་ལོའི་མཚན་ལའོ། །སྐྱབས་གསོལ་ཕྱག་འཚལ་ཞབས་ཀྱི་འཁོར་ལོའི་འོད། །མཐར་ཕྱིན་ཐེག་པས་འཇིག་རྟེན་གསུམ་ལས་འདའ། ། གུས་པར་ཕྱག་འཚལ་ལྷ་མི་སྐྱབས་མཆི་ཞབས། །འཁོར་ལོའི་འོད་ཀྱིས་སྲིད་གསུམ་སྡུག་བསྔལ་སྣང ། །སྐྱེ་བོ་སྡུག་བསྔལ་སྒོ་ལས་མ་གྲོལ་རྣམས། །ཞབས་ཀྱི་འཁོར་ལོའི་འོད་ལ་སྐྱབས་
Kha520a
༄#། །ཀྱང་གསོལ། །བདག་ཅག་འཁོར་བ་ལས་ནི་ཡོངས་སུ་མ་གྲོལ་བ། །ཞབས་ཀྱི་འཁོར་ལོས་ཡོངས་སུ་གྲོལ་བར་མཛོད། །ཀྱི་ཧུད་རེ་སྡུག་སོ་སོའི་སྐྱེ་བོ་རྣམས། ། ཡུན་རིང་ཞབས་ཀྱི་འཁོར་ལོའི་འོད་མི་མཐོང ། །འཁོར་ལོ་བཅོམ་ལྡན་ཐུགས་རྗེ་ཆེན་པོ་ཡིས། །རྩིབས་སྟོང་ལྡན་པའི་འཁོར་ལོའི་ཞབས་ཀྱི་འོད། །ཀྱི་ཧུད་དེང་འདིར་འཁོར་ལོའི་མཚན་མཐོང་བ། །དེ་ནི་སླན་ཆད་མཐོང་བའི་དུས་མ་མཆིས། །དེའི་ཚེ་འོད་སྲུང་འཁོར་དང་བཅས་ཏེ་ཚིགས་སུ་བཅད་པ་དེ་སྐད་ཅེས་སྨྲས་ནས་ཡང་བརྒྱལ་ཏེ་ས་ལ་འགྱེལ་ཏོ། །དེ་ནས་རིང་ཞིག་ལོན་ནས་ཕྱིར་སངས་ཏེ་མྱ་ངན་བསངས་སོ། །བཅོམ་ལྡན་འདས་ཀྱི་རྩིབས་སྟོང་ལྡན་པའི་འཁོར་ལོའི་མཚན་གྱི་ཞབས་གཉིས་ཀྱང་ཕྱིར་སྒྲོམ་གྱི་ནང་དུ་ནུབ་ནས་མི་སྣང་བར་གྱུར་ཏོ། །དེའི་ཚེ་ན་གྲོང་ཁྱེར་དེའི་སྐྱེས་པ་དང ། བུད་མེད་དང ། ལྷ་དང་མི་མང་པོ་ཐམས་ཅད་ཀྱིས་འོད་སྲུང་ཆེན་པོ་དེ་ལྟར་གྱུར་པ་མཐོང་ནས། །ཡང་བྲང་བརྡུངས་ཏེ་དུད་མོ་ཆེན་པོ་དེ་སྐད་ཕྱུང་སྟེ་ངུས་ནས་དུད་མོའི་སྒྲས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཚད་མེད་པར་གྲགས་ཏེ། སོ་སོ་ནས་མཆོད་པའི་ཡོ་བྱད་ཀྱིས་ཡང་མཆོད་དོ། །དེའི་ཚེ་ན་རྩཝ་མཆོག་གི་གྲོང་ཁྱེར་ན་གནས་པའི་གྱང་སྟོབས་པོ་ཆེ་བཞི་ཞིག་ལུས་ཡོངས་སུ་བརྒྱན་ཏེ། རིན་པོ་ཆེ་སྣ་བདུན་གྱི་མེ་ཤིང་རྟའི་འཁོར་ལོ་ཙམ་ཐོགས་ནས། སྤོས་ཀྱི་ཤིང་བཅེར་བ་བསྲེགས་ན་མེ་རང་ཤིའོ། །དེ་ལ་འོད་སྲུང་གིས་འདི་སྐད་ཅེས་
Kha520b
སྨྲས་སོ། །འཕགས་པ་ཆེན་པོའི་རིན་པོ་ཆེའི་པུར་སྒྲོམ་ནི་ཁམས་གསུམ་གྱི་མེས་འཚིག་པར་མི་ནུས་ན་གྱད་ཁྱེད་ཀྱི་མེས་འཚིག་པ་ལྟ་ཅི་སྨོས། གྲོང་ཁྱེར་དེ་ན་གཞན་ཡང་གྱད་སྟོབས་པོ་ཆེ་བརྒྱད་ཀྱིས་རིན་པོ་ཆེ་སྣ་བདུན་གྱི་མེ་ཆེན་པོ་ཐོགས་ཏེ། པུར་སྒྲོམ་གྱི་དྲུང་དུ་བཞག་ན་མེ་དེའང་རང་ཤིའོ། །གཞན་ཡང་གྱད་སྟོབས་པོ་ཆེ་བཅུ་དྲུག་གིས་རིན་པོ་ཆེ་སྣ་བདུན་གྱི་མེ་ཆེན་པོ་ཐོགས་ཏེ། སྤོས་ཀྱི་ཤིང་བསྲེགས་ན་མེ་དེའང་རང་ཤིའོ། །གཞན་ཡང་གྱད་སུམ་ཅུ་རྩ་དྲུག་སྙེད་ཀྱིས་རིན་པོ་ཆེ་སྣ་བདུན་གྱི་མེ་ཆེན་པོ་ཐོགས་ཏེ་བསྲེགས་ན་མེ་དེའང་རང་ཤིའོ། །དེའི་ཚེ་འོད་སྲུང་ཆེན་པོས་གྱད་རྣམས་དང་འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་འདི་ལྟར་རིག་པར་གྱིས་ཤིག་།གལ་ཏེ་ལྷ་དང་མི་ལ་སོགས་པའི་མེ་ཐམས་ཅད་ཀྱིས། དེ་བཞིན་གཤེགས་པའི་པུར་སྒྲོམ་འཚིག་པར་མི་འགྱུར་གྱི། མི་ནུས་བཞིན་དུ་ལས་སྟོ་བར་འགྱུར་བ་མ་བྱེད་ཅིག་།དེའི་ཚེ་གྲོང་ཁྱེར་དེའི་སྐྱེས་པ་དང ། བུད་མེད་དང ། ལྷ་དང ། མི་ལ་སོགས་པ་འཁོར་མང་པོ་ཐམས་ཅད་ཀྱིས་ཤིན་ཏུ་དུས་ནས་མཆོད་པའི་ཡོ་བྱད་ཐམས་ཅད་ཀྱིས་ཀྱང་མཆོད་དེ། དུས་གཅིག་ཏུ་ཕྱག་འཚལ་ནས་ལན་བདུན་བསྐོར་ཏེ། དུས་པའི་དུད་མོའི་སྒྲས་སྟོང་གསུམ་གྱི་འཇིག་རྟེན་ཀྱི་ཁམས་སུ་གྲགས་པར་གྱུར་ཏོ། །དེའི་ཚེ་དེ་བཞིན་གཤེགས་པས་ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་ཐུགས་ཀ་ནས་མེ་མཆེད་དེ། སྒྲོམ་གྱི་ཕྱི་རོལ་དུ་འབར་ནས་བགས་ཀྱིས་སྤོས་
Kha521a
༄#། །ཤིང་བརྩིགས་པ་ལ་མཆེད་དེ། ཞག་བདུན་ལོན་ནས་མེ་ཤི་བར་གྱུར་ཏོ། །དེའི་ཚེ་ན་གྲོང་ཁྱེར་དེའི་སྐྱེས་པ་དང ། བུད་མེད་དང ། ལྷ་དང་མི་ལ་སོགས་པའི་འཁོར་མང་པོ་རྣམས་ཞག་བདུན་གྱི་བར་དུ་རྒྱུན་མི་འཆད་པར་དུ་ཞིང་མཆོད་པའང་རྒྱུན་དུ་བྱེད་དོ། །དེའི་ཚེ་ན་ཕྱོགས་བཞིའི་མགོན་པོ་བཞིའི་ཡིད་ལ་འདི་སྙམ་བསམས་སོ། ། བདག་ཅག་གིས་སྤོས་ཀྱི་ཆུས་མེ་བསད་དེ། སྐུ་གདུང་མྱུར་དུ་བསླངས་ལ་ལྷའི་འཇིག་རྟེན་དུ་མཆོད་པ་བྱའོ་སྙམ་བསམས་ནས། སོ་སོ་ནས་རིན་པོ་ཆེ་སྣ་བདུན་གྱིས་སྤྲས་པའི་གསེར་གྱི་བུམ་པ་སྤོས་ཆུས་ཡོངས་སུ་བཀང་བ་ཐོགས་ཏེ། གཞན་ཡང་རི་རབ་ལྷུན་པོའི་ངོས་བཞི་ན་བདུད་རྩིའི་འོ་མ་ཟག་པའི་ཤིང་སྦོམ་ཁྱད་འདོམ་སྟོང་གིས་འཁོར་བ། མཐོ་ཁྱད་དཔག་ཚད་བརྒྱར་ཕྱིན་པའང་དུས་གཅིག་ཏུ་མགོན་པོ་བཞི་དང་བཅས་ཏེ་ཞུགས་ལ་བཞེན་པའི་གནས་སུ་ཕྱིན་ནས། ཤིང་གི་འོ་མ་དང་སྤོས་ཆུ་ཅིག་ཅར་དུ་མེའི་སྟེང་དུ་བླུགས་ན་མེ་སྔར་བས་ཆེར་མཆེད་དེ་མ་ཤིའོ། །དེའི་ཚེ་ན་རྒྱ་མཚོའི་ལྷ་ཀླུའི་རྒྱལ་པོ་རྒྱ་མཚོ་མཆིང་རྣམས་དང ། གཙང་པོའི་ལྷ་དང ། ཆུ་ཀླུང་གི་ལྷ་རྣམས་ཀྱིས་དེ་ལྟར་མེ་མ་ཤི་བ་མཐོང་ནས། དེ་དག་ཀྱང་སོ་སོ་ན་ས་འདི་སྙམ་དུ་བསམས་སོ། །བདག་ཅག་གིས་སྤོས་ཆུ་ཐོགས་ལ་མེ་བསད་དེ། སྐུ་གདུང་མྱུར་དུ་བསྡུས་ཏེ་བདག་ཅག་གི་གནས་སུ་
Kha521b
མཆོད་པ་བྱའོ་སྙམ་བསམས་ནས་སོ་སོ་ནས་རིན་པོ་ཆེའི་བུམ་པ་སྤོས་ཆུ་ཚད་མེད་པས་བཀང་བ་ཐོགས་ནས་དུས་གཅིག་ཏུ་ཞུགས་ལ་བཞེན་པའི་གནས་སུ་ལྷགས་ཏེ། ཆུས་བླུགས་ཀྱང་མེ་ཤི་བར་མ་གྱུར་གྱི་ཕྱིར་མཆེད་དོ། །དེའི་ཚེ་མ་འགགས་པས་རྒྱལ་པོ་ཆེན་པོ་བཞི་དང ། རྒྱ་མཚོའི་ལྷ་ལ་སོགས་པ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་སྤོས་ཆུ་ཐོགས་ཏེ་མེ་གསོད་པ་འདི་སྐུ་གདུང་འདོད་པའི་ཕྱིར་མ་ཡིན་ནམ། དེ་དག་གིས་དེ་བཞིན་ནོ་ཞེས་སྨྲས་སོ། །མ་འགགས་པས་རྒྱལ་པོ་ཆེན་པོ་བཞི་ལ་སྨྲས་པ། ཁྱེད་ནི་ཤིན་ཏུའང་འདོད་པ་ཆེའོ། །ཁྱེད་གནམ་གྱི་སྟེང་ལྷའི་ཁམས་སུ་གནས་ཏེ། སྐུ་གདུང་ཀུན་ཁྱོད་འདོད་པ་ལྟར་ལྷའི་ཁམས་སུ་བསྐུར་ན་ས་ལ་གནས་པའི་མི་རྣམས་ཀྱིས་དེར་མཆོད་པ་བྱེད་དུ་འགྲོར་རུང་ངམ། རྒྱ་མཚོའི་ལྷ་རྣམས་ལའང་འདི་སྐད་ཅེས་སྨྲས་སོ། །ཁྱེད་ནི་རྒྱ་མཚོའི་ནང་དང ། གཙང་པོའི་ནང་ན་གནས་ཏེ་དེ་བཞིན་གཤེགས་པའི་སྐུ་གདུང་རིལ་གྱིས་ཁྱེད་ལ་བསྐུར་ན་ས་ལ་གནས་པའི་མི་རྣམས་ཀྱིས་ཇི་ལྟར་དེ་དག་ཏུ་མཆོད་པ་བྱ་བར་འགྱུར་ཞེས་སྨྲས་སོ། །དེའི་ཚེ་ཕྱོགས་བཞིའི་མགོན་པོ་བཞི་ཉེས་པ་བཤགས་ནས་ཕྱིར་ལྷའི་གནས་སུ་དོང་ངོ ། །དེའི་ཚེ་རྒྱ་མཚོའི་ལྷ་དང ། གཙང་པོའི་ལྷ་རྣམས་ཀྱང་ཉེས་པ་བཤགས་ནས་འཕགས་པ་ཁྱོད་གསུང་བ་བཞིན་ནོ་ཞེས་སྨྲས་ནས་ཕྱིར་གནས་སུ་དོང་ངོ ། །དེའི་ཚེ་བརྒྱ་བྱིན་ལྷའི་དབང་ཕྱུག་རིན་པོ་ཆེ་སྣ་བདུན་གྱི་བུམ་པ་དང །
Kha522a
༄#། །མཆོད་པའི་ཡོ་བྱད་ཐོགས་ཏེ། ཞུགས་ལ་བཞེན་པའི་གནས་སུ་ལྷགས་མ་ཐག་ཏུ་མེའང་རང་ཤི་བར་གྱུར་ཏོ། །དེ་ནས་བརྒྱ་བྱིན་གྱིས་རིན་པོ་ཆེའི་པུར་སྒྲོམ་དབྱེ་ཞིང་དེ་བཞིན་གཤེགས་པའི་ཚེམས་མཆེ་བ་བསླང་བར་སྩལ་པ་ལས་མ་འགགས་པས་བརྒྱ་བྱིན་ལ་ཁྱོད་ཅི་བྱེད་ཅེས་སྨྲས་སོ། །བརྒྱ་བྱིན་གྱིས་སྨྲས་པ། བདག་དེ་བཞིན་གཤེགས་པའི་ཚེམས་མཆེ་བ་ལྷའི་འཇིག་རྟེན་དུ་མཆོད་པ་བྱའོ་ཞེས་སྨྲས་སོ། །མ་འགགས་པས་སྨྲས་པ། དེ་ལྟར་ཁྱོད་གཅིག་པུས་སླར་བསླང་དུ་མི་རུང་གི་།འཁོར་རྣམས་ཚོགས་ཏེ་གདོད་བགོ་བར་བྱའོ་ཞེས་སྨྲས་སོ། །བརྒྱ་བྱིན་གྱིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་སྔར་རིང་བསྲེལ་ཚེམས་མཆེ་བ་གཅིག་གནང་བས་ན་བདག་མཆིས་མ་ཐག་ཏུ་མེའང་རང་ཤི་པར་གྱུར་ཏོ་ཞེས་སྨྲས་ནས། རིན་པོ་ཆེའི་པུར་སྒྲོམ་ཕྱེ་སྟེ། སངས་རྒྱས་ཀྱི་འགྲམ་པ་གཡས་པའི་ཚེམས་མཆེ་བ་གོང་མ་གཅིག་ལྷའི་འཇིག་རྟེན་དུ་སྤྱན་དྲངས་ནས་མཆོད་རྟེན་བྱས་ཏེ་མཆོད་དོ། །དེའི་ཚེ་ན་སྲིན་པོ་ཤིན་ཏུ་མྱུར་བ་དང་ལྡན་པ་གཉིས་ཤིག་ལུས་མི་སྣང་བར་སྤས་ནས་བརྒྱ་བྱིན་གྱི་ཕྱི་བཞིན་དུ་སངས་རྒྱས་ཀྱི་ཚེམས་མཆེ་བ་གཉིས་བརྐུས་ན། འཁོར་མང་པོ་ཀུན་གྱིས་མ་ཚོར་རོ། །དེའི་ཚེ་ན་གྲོང་ཁྱེར་དེའི་སྐྱེས་པ་དང ། བུད་མེད་དང ། འཁོར་མང་པོ་ཐམས་ཅད་ཀྱིས་རིང་བསྲལ་རྟོད་དུ་ཆ་བ་ལས་མ་འགགས་པས་འདི་སྐད་ཅེས་
Kha522b
སྨྲས་སོ། །ཁྱེད་རྣམས་རེ་ཞིག་སྡོད་ཅིག་།དེ་བཞིན་གཤེགས་པས་གསུངས་པའི་ལུང་བཞིན་དུ་ལེགས་པར་བགོས་ཏེ་མཆོད་པ་བྱའོ། །དེའི་ཚེ་ན་གྲོང་ཁྱེར་དེའི་སྐྱེས་པ་དང ། བུད་མེད་དང ། འཁོར་མང་པོས་མ་འགགས་པས་སྨྲས་པ་མ་ཐོས་པ་རྣམས་སོ་སོ་ནས་མཚོན་ཤཀྟི་དང ། མདའ་གཞུ་དང ། རལ་གྲི་དང ། ཞགས་པ་ལ་སོགས་ཏེ་མཚོན་མང་པོ་ཐོགས་ནས་རིང་བསྲེལ་རྟོད་དུ་ཆས་སོ། །དེ་ནས་གྲོང་ཁྱེར་དེའི་མི་རྣམས་ཀྱིས་དེ་བཞིན་གཤེགས་པའི་པུར་སྒྲོམ་ཕྱེ་ན་ཤིང་བལ་དང ། རས་དཀར་པོའང་ཅང་མ་འཚིག་པར་འཁོར་རྣམས་ཀྱིས་མཐོང་ནས་ལྷག་པར་མྱ་ངན་གྱིས་ཡིད་གདུངས་ཏེ་མཆི་མ་བླགས་ནས་དུས་སོ། །དེ་ནས་དུས་བཞིན་དུ་མཆོད་དེ་ཕྱག་བཙལ་ནས། པུས་མོའི་ལྷ་ང་ས་ལ་བཙུགས་ཏེ་ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པའི་དབང་སྒྱུར་ཆེན་པོའི་ཤུགས། །འཇིག་རྟེན་ཐམས་ཅད་ཀུན་ལ་དབང་སྒྱུར་མཛད། །ཐུགས་རྗེ་ཆེན་པོ་སྔོན་གྱི་སྨོན་ལམ་གྱིས། སྲིད་པའི་རྒྱ་མཚོར་སེམས་ཅན་ཡོངས་སུ་སྒྲོལ། །ཚད་མེད་ཡེ་ཤེས་མངོན་པར་ཤེས་པའི་མཐུ། །ཐོགས་པ་མེད་པ་སྲིད་པའི་འཁོར་བར་འཇུག་།སྐུ་གཅིག་ལས་ནི་སྐུ་མང་རྣམ་པར་སྟོན། །སྐུ་མང་སྐུ་གཅིག་དེ་བཞིན་ཚད་ཀྱང་མེད། །འདུལ་བར་འགྱུར་བ་བྱིན་གྱི་རླབས་ཀྱིས་མཐོང ། །རྒྱུ་མེད་པ་ལ་མྱ་ངན་འདའ་བ་སྟོན། །བདག་ཅག་བསོད་ནམས་ཟད་དེ་རྒྱུ་མེད་པས། །དེ་བཞིན་
Kha523a
༄#། །གཤེགས་པས་ཡོངས་སུ་བཏང་བར་གྱུར། །དེ་བཞིན་གཤེགས་པའི་རིན་ཆེན་པུར་སྒྲོམ་ནི། །གྱད་ཀུན་བཟློག་སྟེ་བཏེག་ཀྱང་བསྐྱོད་མ་ནུས། །ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་འཕགས་པ་ནི། །སྟེང་གི་ནམ་མཁའ་ཏ་ལ་གཅིག་གི་སྲིད། །མཁའ་ལས་རྩཝ་མཆོག་གྲོང་ཁྱེར་བསྐོར་ཅིང་གཤེགས། །ཞག་བདུན་གྱིས་ནི་གྲོང་ཁྱེར་ལན་བདུན་བསྐོར།། དེ་ལྟར་བསྐོར་ནས་ཞུགས་བཞེན་གནས་སུ་གཤེགས། །མ་འདྲེས་པ་ཡི་རྫུ་འཕྲུལ་མཛད་པ་ནི། །ལྷ་མིར་བཅས་པ་ཐམས་ཅད་དཔོག་མི་ནུས། །བཅོམ་ལྡན་ཡོངས་སུ་མྱ་ངན་འདས་པ་ནི། །རྡོ་རྗེ་ལྟ་བུར་མི་འཇིག་དབང་སྒྱུར་མཐུ། །ཐམས་ཅད་མེས་ནི་བཞེན་པར་མ་གྱུར་ཏོ། །ཐུགས་ཀ་ནས་ནི་བྱམས་པའི་མེ་ཕྱུང་ནས། །ཞག་བདུན་བར་དུ་བཞེན་པར་གྱུར་པ་བསྟན། །ལྷ་མིར་བཅས་པས་སོད་པར་མ་གྱུར་གྱི། །བཅོམ་ལྡན་ཐུགས་རྗེ་ཆེན་པོའི་ཤུགས་བསྟན་པས། །བརྒྱ་བྱིན་ལྷགས་མ་ཐག་ཏུ་མེ་ཡང་ཤི་།ཤིང་བལ་བཟང་པོས་སངས་རྒྱས་སྐུ་དཀྲིས་པ། །མེ་ཆེན་མང་བསྲེགས་འཚིག་པར་མ་གྱུར་ཏོ། །རས་དཀར་རིན་ཆེན་པུར་སྒྲོམ་བཅུག་པ་ཡང ། །མེ་ཡི་ནང་ན་འཚིག་པར་མ་གྱུར་པས། །དེ་བཞིན་གཤེགས་པའི་དབང་སྒྱུར་མཐུས་རྟོགས་སོ། །ཆོས་ཀྱི་དབང་སྒྱུར་ཆོས་ཀྱི་རྒྱལ་པོ་ལས། །ཕྱག་འཚལ་ཐུགས་རྗེ་འཇིག་རྟེན་མགོན་པོ་ལའོ། །འཕགས་པའི་ནང་ན་བསྙེངས་མེད་ཕྱག་ཀྱང་འཚལ། །ཕྱག་འཚལ་
Kha523b
ཀུན་ཏུ་ཐུགས་རྗེ་ཆེན་པོའི་སྟོབས། །ཕྱག་འཚལ་བྱིན་གྱིས་བརླབས་པ་དབང་སྒྱུར་བ། །བདག་ཅག་སླན་ཆད་བཅོམ་ལྡན་འདས་དང་བྲལ། །སྡུག་བསྔལ་ནང་དུ་ནུབ་ཀྱང་མགོན་སྐྱབས་མེད། །ཀྱི་ཧུད་ཀྱི་ཧུད་འཕགས་པ་བཅོམ་ལྡན་འདས། །ཡུན་དུ་དྲལ་ནས་མཐོང་བའི་དུས་མ་མཆིས། །དེའི་ཚེ་ན་འཁོར་མང་པོ་རྣམས་ཚིགས་སུ་བཅད་པ་དེ་དག་སྨྲས་ནས། ཤིན་ཏུ་ངུས་ཏེ་སོ་སོ་ནས་མཆོད་པའི་ཡོ་བྱད་ཐོགས་ཏེ་མཆོད་པ་བྱས་སོ། །དེའི་ཚེ་ན་མ་འགགས་པས་འཇིག་རྟེན་དུ་བཅས་པ་ལྷ་དང ། མི་དང ། འཁོར་མང་པོ་དང ། གྲོང་ཁྱེར་དེའི་མི་ཐམས་ཅད་ཀྱི་ཕྱིར་པུར་སྒྲོམ་གྱི་དྲུང་དུ་བསྙེན་ཏེ། རས་དང་ཤིང་བལ་གྱིས་དཀྲིས་པ་ལ་བལྟས་ན། འོད་སྲུང་གིས་དཀྲིས་པའི་རས་དཀར་པོ་ཡུག་སྟོང་དང ། གྲོང་ཁྱེར་གྱི་མི་རྣམས་ཀྱིས་ཕུལ་བའི་རས་དཀར་པོ་ཡུག་སྟོང་ལ་ཐ་མ་གཉིས་དང་ཤིང་བལ་ནི་མ་འཚིག་གི་།གཞན་ཐམས་ཅད་ནི་མེས་འཚིག་གོ་།དེ་ནས་མ་འགགས་པས་རས་དཀར་པོ་རྣམས་དང ། ཤིང་བལ་གྱི་རྣམས་དུམ་བུར་གཤེགས་ཏེ། འཁོར་མང་པོ་རྣམས་ལ་བགོས་ནས་རིན་པོ་ཆེའི་མཆོད་རྟེན་བྱས་ཏེ་མཆོད་དོ། །མ་འགགས་པས་རས་འཚིག་པའི་གཞོབ་ཀྱང་སོ་སོར་བགོས་ནས་རིན་པོ་ཆེའི་མཆོད་རྟེན་བྱས་ཏེ་མཆོད་དོ། །ཐལ་བ་གཞན་ནི་བགོར་ཡང་མི་ཁོམ་པར་སོ་སོར་བསླངས་ནས་མཆོད་རྟེན་བྱས་ཏེ་མཆོད་དོ། །གྲོང་ཁྱེར་དེའི་མི་རྣམས་ཀྱིས་སྔ་ནས་མགར་བ་ལ་གསེར་གྱི་སྒྲོམ་སེང་གེའི་ཁྲིས་བཏེག་པ་རིན་པོ་ཆེ་སྣ་
Kha524a
༄#། །བདུན་གྱིས་ཡོངས་སུ་བརྒྱན་པ་བརྒྱད་བྱས་སོ། །རིན་པོ་ཆེའི་སྒྲོམ་བརྒྱད་པོ་དེ་དག་རེ་རེའང་ཁལ་ཕྱེད་ཕྱེད་ཤོང་བ་སྟེ། རིན་པོ་ཆེ་སྣ་བདུན་གྱི་སེང་གེའི་ཁྲིའི་སྟེང་དུ་བཞག་གོ་།རིན་པོ་ཆེ་སྣ་བདུན་གྱི་སེང་གེའི་ཁྲི་བརྒྱད་པོ་དེ་རེ་རེ་ཞིང་ཡང་གྱད་སུམ་ཅུ་རྩ་གཉིས་སྙེད་རིན་པོ་ཆེ་སྣ་བདུན་གྱི་རྒྱན་གྱིས་ཡོངས་སུ་བརྒྱན་པ། ལུས་ལ་དར་སྣ་ཚོགས་ཀྱིས་དཀྲིས་པ་དག་གིས་རིན་པོ་ཆེ་སྣ་བདུན་གྱི་སེང་གེའི་ཁྲི་བཏེག་གོ་།སེང་གེའི་ཁྲི་དེ་རེ་རེའི་སྟེང་ཡང་རིན་པོ་ཆེའི་རྒྱན་གྱིས་ཡོངས་སུ་བརྒྱན་པའི་བུ་མོ་བརྒྱད་བརྒྱད་ཀྱིས་རིན་པོ་ཆེ་སྣ་བདུན་གྱི་སྒྲོམ་འཛིན་ཏོ། །ཁྲི་དེ་རེ་རེའི་སྟེང་ཡང་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བརྒྱན་པའི་བུ་མོ་བརྒྱད་བརྒྱད་ཀྱིས་རིན་པོ་ཆེ་སྣ་བདུན་གྱི་གདུགས་ཐོགས་ཏེ། གསེར་སྒྲོམ་ཡོངས་སུ་བཀབ་བོ། །ཁྲི་དེ་རེ་རེའི་སྟེང་ན་གཞན་ཡང་ལུས་ཡོངས་སུ་བརྒྱན་པའི་བུ་མོ་བརྒྱད་བརྒྱད་ཀྱིས་སོ་སོ་ནས་རིན་པོ་ཆེ་སྣ་བདུན་གྱི་རལ་གྲི་ཐོགས་ཏེ། རིན་པོ་ཆེ་སྣ་བདུན་གྱི་སྒྲོམ་བསྲུང་ངོ ། །ཁྲི་དེ་རེ་རེའི་སྟེང་ན་གཞན་ཡང་ལུས་ཡོངས་སུ་བརྒྱན་པའི་བུ་མོ་བརྒྱད་བརྒྱད་ཀྱིས་སོ་སོ་ནས་བྱ་བུམ་ཐོགས་ཏེ་སྒྲོམ་གྱི་ངོས་བཞིན་འགྲེང་ངོ ། །ཁྲི་དེ་རེ་རེ་ལའང་མི་ཚད་མེད་པ་སྙེད་ཀྱིས་སོ་སོ་ནས་ལྷའི་རོལ་མོ་དང ། རྒྱལ་མཚན་དང ། བ་དན་དང ། རིན་པོ་ཆེའི་གདུགས་དང ། སྤོས་དང ། མེ་ཏོག་དང ། དོ་ཤལ་ཐོགས་ཏེ་འཁོར་བར་བསྐོར་
Kha524b
ནས་མཆོད་པ་བྱེད་དོ། །ཁྲི་དེ་རེ་རེ་ལ་གཞན་ཡང་མི་ཚད་མེད་པ་སྙེད་སོ་སོ་ནས་མདའ་གཞུ་དང ། མཚོན་ཤཀྟི་དང ། ཞགས་པ་དང ། ལྕགས་ཀྱུ་དང ། དགྲ་ཆའང་ཚང་བར་ཐོགས་ཏེ་ཡོངས་སུ་བསྐོར་ནས་རྩཝ་མཆོག་གི་གྲོང་ཁྱེར་ནས་བྱུང་སྟེ། ཞུགས་ལ་བཞེན་པའི་གནས་གང་ན་བར་དོང་ངོ ། །རིན་པོ་ཆེ་སྣ་བདུན་གྱི་སེང་གེའི་ཁྲི་བརྒྱད་པོ་སོང་བའི་རྗེས་བཞིན་དུ་གྲོང་ཁྱེར་དེའི་མི་དག་གིས་སོ་སོ་ནས་གྲངས་མེད་པའི་སྤོས་ཀྱི་འདག་གུ་དང ། སྤོས་ཆུ་ཐོགས་ཏེ་གྱད་རྣམས་སོང་བའི་རྗེས་བཞིན་དུ་སྤོས་ཀྱི་འདག་གུས་བྱུགས་ཏེ། གྲོང་ཁྱེར་ནས་ཞུགས་ལ་བཞེན་པའི་བར་དུ་སྤོས་ཀྱིས་ལམ་ཡོངས་སུ་དག་ཅིང་ཤིན་ཏུ་ཡངས་པ་བྱས་སོ། །ལམ་དེའི་གཡས་གཡོན་ན་གྲངས་མེད་པའི་རིན་པོ་ཆེའི་རྒྱལ་མཚན་དང ། བ་དན་དང ། གདུགས་དང ། སྤོས་དང ། མེ་ཏོག་དང ། མུ་ཏིག་དང ། དོ་ཤལ་དང ། དར་གྱི་ལྡ་ལྡི་དང ། རོལ་མོ་དང ། གླུ་གར་ལ་སོགས་པ་ཐམས་ཅད་ཀྱིས་ལམ་གཡས་གཡོན་བརྒྱན་ཏེ། བཅོམ་ལྡན་འདས་ཀྱི་རིང་བསྲེལ་སླར་གཤེགས་པ་སྡོད་དོ། །དེ་ནས་གྱད་རྣམས་ཀྱིས་རིན་པོ་ཆེ་སྣ་བདུན་གྱི་སེང་གེའི་ཁྲི་བརྒྱད་པོ་བཏེག་སྟེ་ཞུགས་ལ་བཞེན་པའི་གནས་སུ་ཕྱིན་ནས་ཐམས་ཅད་ཀྱིས་སྐད་ཀྱིས་བརྣངས་པ་ཙམ་དུ་ཤིན་ཏུ་ངུས་ནས་དུད་མོའི་སྒྲ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གྲགས་པར་གྱུར་ཏེ། སོ་སོ་ནས་དད་པའི་སེམས་ཀྱིས་མཆོད་པ་བྱས་སོ། །དེའི་ཚེ་བཅོམ་ལྡན་འདས་ཐུགས་
Kha525a
༄#། །རྗེ་ཆེན་པོའི་ཤུགས་ཀྱིས་རྡོ་རྗེ་ལྟ་བུའི་སྐུ་རིང་བསྲེལ་ཕྲ་མོར་གསོལ་ཏེ། ཚེམས་མཆེ་བ་བཞི་ནི་སོ་བཞིན་དུ་བཞག་གོ་།དེ་ནས་འཁོར་མང་པོ་རྣམས་ཀྱིས་དེ་ལྟར་སྐུ་གདུང་ཕྲ་མོར་གྱུར་པ་མཐོང་ནས། ལྷག་པར་མྱ་ངན་གྱིས་ཡིད་གདུངས་ཏེ་དུས་ནས་མཆོད་པར་བྱས་སོ། །དེ་ནས་མ་འགགས་པ་དང ། གྲོང་ཁྱེར་གྱི་མི་རྣམས་ཀྱིས་མིག་མཆི་མས་གང་བཞིན་དུ་རིང་བསྲེལ་རྣམས་བསྡུས་ནས་སེང་གེའི་ཁྲིའི་སྟེང་དུ་རིན་པོ་ཆེ་སྣ་བདུན་གྱི་སྒྲོམ་དུ་བླུགས་ཏེ། སྒྲོམ་བརྒྱད་པོ་གང་ནས་སྐུ་གདུང་ཡང་ཟད་པར་གྱུར་ཏོ། །དེའི་ཚེ་འཇིག་རྟེན་དུ་བཅས་པ་ལྷ་དང་མི་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ཀྱི་སྐུ་གདུང་གསེར་གྱི་སྒྲོམ་གྱི་ནང་དུ་གཤེགས་པ་མཐོང་ནས། ལྷག་པར་མྱ་ངན་གྱིས་ཡིད་གདུངས་ཏེ་དུས་ནས་མཆོད་པ་བྱས་སོ། །དེའི་ཚེ་གྲོང་ཁྱེར་དེ་ན་གནས་པའི་སྟོབས་པོ་ཆེ་རྣམས་དང ། སྐྱེས་པ་དང ། བུད་མེད་རྣམས་བཅོམ་ལྡན་འདས་ཀྱི་རིང་བསྲེལ་གྱི་སྒྲོམ་རྩཝ་མཆོག་གི་གྲོང་ཁྱེར་དུ་གཤེགས་པ་ན། འཁོར་མང་པོ་རྣམས་ལྷག་པར་ཤིན་ཏུ་ངུས་ནས་མཆི་མ་བླགས་ཏེ་མཆོད་པ་བྱས་སོ། །དེ་ནས་སྟོབས་པོ་ཆེ་རྣམས་འཁོར་དང་བཅས་པ་ཤིན་ཏུ་དུས་ནས་རིན་པོ་ཆེ་སྣ་བདུན་གྱི་སེང་གེའི་ཁྲི་བརྒྱད་པོ་བཏེག་སྟེ་སྤོས་ཀྱི་བདག་གུས་བསྐུས་པའི་ལམ་ཐོག་ཐག་ཏུ་རྩཝ་མཆོག་གི་གྲོང་ཁྱེར་དུ་གཤེགས་སོ། །དེ་ནས་ལྷ་དང ། མི་དང་འཁོར་
Kha525b
མང་པོ་རྣམས་ཤིན་ཏུ་ངུས་ཏེ། དུད་མོའི་སྒྲ་འཇིག་རྟེན་གྱི་ཁམས་ཀུན་ཏུ་གྲགས་པར་གྱུར་ཏེ། སོ་སོ་ནས་ཅི་ཐོགས་པའི་མཆོད་པའི་ཡོ་བྱད་ཀྱིས་དེ་བཞིན་གཤེགས་པའི་སྐུ་གདུང་མཆོད་ནས་གྲོང་ཁྱེར་གྱི་ནང་དུ་ལམ་གྱི་གཞི་མདོར་བཞག་གོ་།དེའི་ཚེ་གྲོང་ཁྱེར་རྩཝ་མཆོག་ན་གནས་པའི་མི་རྣམས་ཀྱིས་དམག་གྲངས་མེད་པ་རྣམ་བཞི་བཤམས་ནས། གོ་ཆ་དང་མཚོན་ཆ་སྣ་ཚང་བར་ཐོགས་ཏེ། གྲོང་ཁྱེར་རྩཝ་མཆོག་གི་ངོས་བཞི་འཁོར་བར་རིམ་པ་གྲངས་མེད་པར་བསྐོར་ནས་སྡོད་པའང་རིང་བསྲེལ་གཞན་གྱིས་ཕྲོགས་ཀྱིས་དོགས་ནས་བསྲུང་བ་ཙམ་གྱི་ཕྱིར་དམག་བཤམས་ཀྱི། འཐབ་པའི་སེམས་ནི་མེད་དོ། །གཞན་ཡང་སྔགས་མཁན་ཆེན་པོ་ལྔ་བརྒྱ་སྙེད་ཀྱིས་བགེགས་མི་འབྱུང་བར་བྱ་བའི་ཕྱིར་གྲོང་ཁྱེར་གྱི་སྒོ་བཞི་བསྲུངས་སོ། །གཞན་ཡང་རིན་པོ་ཆེའི་རྒྱལ་མཚན་དང ། བ་དན་དང ། གདུགས་དང ། བརྒྱན་རྣམ་པ་སྣ་ཚོགས་དང ། བྱ་བུམ་ལ་སོགས་པ་གྲོང་ཁྱེར་གྱི་གྲཝ་བཞིར་མཆོད་པའི་རྒྱལ་མཚན་དུ་བཙུགས་སོ། །དེ་ནས་གྲོང་ཁྱེར་དེའི་སྐྱེས་པ་དང ། བུད་མེད་དང ། ལྷ་དང ། མི་ལ་སོགས་པ་འཁོར་མང་པོ་ཐམས་ཅད་སྐད་ཆེན་པོར་རྒྱུན་མི་འཆད་པར་དུས་ཏེ། མཆོད་པའི་ཡོ་བྱད་ཅི་འབྱོར་བས་དད་པའི་སེམས་ཀྱིས་མཆོད་པ་བྱས་སོ། །རིན་པོ་ཆེ་སྣ་བདུན་གྱི་སེང་གེའི་ཁྲི་བརྒྱད་པོ་དེ་རེ་རེ་ལའང་སྔགས་མཁན་ལྔ་བརྒྱས་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། ཡི་དྭགས་དང ། སྲིན་པོ་ལ་སོགས་པས་ཕྲོགས་ཀྱིས་
Kha526a
༄#། །དོགས་ནས་བསྲུངས་སོ། །དེ་ལྟར་ཞག་གཅིག་ལོན་ནས་དེ་བཞིན་གཤེགས་པ་སྔོན་བལྟམས་པའི་ཡུལ་སེར་སྐྱའི་རྒྱལ་པོ་འཁོར་ཤཱཀ་གི་རིགས་ལ་སོགས་པ་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པ་མ་ཚོར་ཏེ། སངས་རྒྱས་མྱ་ངན་ལས་འདས་ནས་ཞག་བདུན་གསུམ་ལོན་པ་དང ། གདོད་ཚོར་ནས། ཡུལ་སེར་སྐྱའི་རྒྱལ་པོ་ཤཱཀ་གི་རིགས་དང་བཅས་ཏེ་རབ་ཏུ་དུས་ནས་མྱུར་བར་གྲོང་ཁྱེར་རྩཝ་མཆོག་གང་ན་བར་ལྷགས་ཏེ། དམག་གྲངས་མེད་པ་རྣམས་ཀྱིས་བསྐོར་བ་དང ། གྲོང་ཁྱེར་གྱི་གྲཝ་བཞིར་རིན་པོ་ཆེའི་རྒྱལ་མཚན་དང ། བ་དན་བཙུགས་པའང་མཐོང ། གྲོང་ཁྱེར་གྱི་སྒོ་བཞིར་སྔགས་མཁན་མང་པོ་འདུག་པའང་མཐོང་ནས། རྒྱལ་པོ་དང་ཤཱཀྱའི་རིགས་རྣམས་ཀྱིས་སངས་རྒྱས་མྱ་ངན་ལས་འདས་སམ་ཞེས་སྨྲས་སོ། །སྔགས་མཁན་གྱིས་སྨྲས་པ། སངས་རྒྱས་མྱ་ངན་ལས་འདས་ནས་ཞག་བདུན་བཞི་ལོན་ཏེ། ཞུགས་ལ་བཞེན་ནས། ད་ལྟར་རིང་བསྲེལ་བགོད་དོ། །རྒྱལ་པོས་སྨྲས་པ། བདག་ཅག་ནི་བཅོམ་ལྡན་འདས་ཀྱི་གཉེན་ལགས་ཏེ། བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་བདག་ཅག་གིས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་ནི་མ་ཚོར་ན། ད་བདག་ཅག་གིས་དེ་བཞིན་གཤེགས་པའི་སྐུ་གདུང་བལྟར་འགྲོ་ན། ཁྱེད་ཀྱིས་མ་འགེགས་པར་ལམ་དང་སྒོ་ཕྱེ་ཞིག་།སྔགས་
Kha526b
མཁན་དང ། དམག་རྣམས་ཀྱིས་དེ་སྐད་ཅེས་སྨྲས་པ་ཐོས་ནས། རྒྱལ་པོ་དང ། ཤཱཀ་གི་རིགས་རྣམས་ནང་དུ་བཏང་ངོ ། །དེ་དག་གིས་བཅོམ་ལྡན་འདས་ཀྱི་སྐུ་གདུང་མཐོང་ནས་སྐད་བརྣངས་པ་ཙམ་དུ་དུད་མོས་བཏབ་སྟེ། གཡས་ཕྱོགས་ནས་ལན་བདུན་བསྐོར་ནས། མཆི་མ་ཕྱིས་ཏེ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པའི་རིང་བསྲེལ་ཆ་གཅིག་ཙམ་བདག་ཅག་གི་མཆོད་པའི་གནས་སུ་བྱིན་ཅིག་ཅེས་སྨྲས་སོ། །འཁོར་མང་པོ་རྣམས་ཀྱིས་སྨྲས་པ། ཁྱེད་ཤཱཀ་གི་རིགས་ཀྱང་ཡིན་ལ་གཉེན་དུའང་བཤེས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་ཁྱེད་ལ་མ་བྱིན་ཏེ། རིང་བསྲེལ་འདི་དག་ཀྱང་སོ་སོ་ནས་བདག་པོ་ཡོད་པས་ཁྱེད་ཀྱིས་མི་ཐོབ་ཀྱི། ཕྱིར་དེང་ཞིག་ཅེས་སྨྲས་སོ། །དེའི་ཚེ་ན་རྒྱལ་པོ་དང་ཤཱཀ་གི་རིགས་རྣམས་ཀྱིས་རིང་བསྲེལ་གྱི་སྐལ་བ་མ་ཐོབ་པས་མྱ་ངན་གྱིས་ཡིད་གདུངས་ཏེ། དུས་ནས་ས་ལ་བརྒྱལ་ལོ། །དེ་ནས་རིང་ཞིག་ལོན་པ་དང་ཕྱིར་སངས་ནས་མི་དགའ་བཞིན་འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་བཅོམ་ལྡན་འདས་ནི་བདག་ཅག་གི་ཤཱཀ་གི་རིགས་ཡིན་ཏེ། ཁྱེད་ལ་ཐུགས་བརྩེ་བའི་ཕྱིར་འདིར་མྱ་ངན་ལས་འདས་ན། ཅིའི་ཕྱིར་བདག་ཅག་ལ་རིང་བསྲེལ་གྱི་ཤས་ཙམ་ཡང་མི་སྦྱིན་ཞེས་སྨྲས་ནས། རིང་བསྲེལ་ལ་ཕྱག་བཙལ་ཏེ་ལན་བདུན་བསྐོར་ནས་ངུས་བཞིན་དུ་ཁྲོས་ཏེ་ཕྱིར་དོང་ངོ ། །དེའི་ཚེ་ཡུལ་དབུས་འགྱུར་འཆང་གི་རྒྱལ་པོ་མ་སྐྱེས་དགྲ་ཕ་བསད་
Kha527a
༄#། །པས་ཤིན་ཏུ་འགྱོད་དེ། ལུས་ལ་འབྲུམ་བུ་མ་རུངས་པ་བྱུང་སྟེ། བཅོམ་ལྡན་འདས་ཀྱི་འོད་ཟེར་ཟླ་བ་ཞེས་བྱ་བ་ལུས་ལ་རེག་ནས་འབྲུམ་བུའང་བགས་ཀྱིས་སོས་ཏེ། བཅོམ་ལྡན་འདས་གང་ན་བར་ལྷགས་ཏེ་མཐོལ་ཚངས་སོ། །བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོས་བདུད་རྩིའི་ཆོས་ཀྱི་སྨན་གྱིས་ལུས་བཀྲུས་ཏེ། །ཁ་ན་མ་ཐོ་བའི་སྡིག་བྱང་ནས་ཕྱིར་ཕོ་བྲང་དུ་དོང་ནས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའང་མ་ཚོར་རོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་ནུབ་མོ་རྨི་ལམ་འདི་དག་རྨིས་སོ། །ཟླ་བ་ས་ལ་ལྟུང་ནས་ས་ལ་ཉི་མ་ཤར་ཏེ་སྐར་མ་སྤྲིན་ལ་ཆར་བཞིན་དུ་འབབ་པ་དང ། དུད་པ་ས་ལས་བྱུང་ནས་སྐར་མའི་གཟའ་བདུན་པོ་གནམ་ལ་མངོན་དུ་སྣང་བ་དང ། གནམ་ལ་མེའི་ཕུང་པོ་ཆེན་པོ་འབར་ཏེ་མཁའ་ལ་མངོན་དུ་འབར་ནས་དུས་གཅིག་ཏུ་ས་ལ་ལྷུང་སྙམ་རྨིས་ནས། དེ་མ་ཐག་ཏུ་སད་དེ་ཤིན་ཏུ་དངངས་ནས་བློན་པོ་རྣམས་བསྡུས་ཏེ། འདི་ལྟ་བུ་ཞིག་རྨིས་ན་ཅི་ལ་ལྟ་ཞེས་བཀའ་སྩལ་ཏོ། །བློན་པོ་རྣམས་ཀྱིས་གསོལ་པ། འདི་ནི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་ལྟས་ལགས་ཏེ། སངས་རྒྱས་མྱ་ངན་ལས་འདས་ནས་ཁམས་གསུམ་ན་ལམ་རྒྱུད་དྲུག་གི་སེམས་ཅན་ལ་ཉོན་མོངས་པ་ཀུན་ནས་ལྡང་བས་མེ་ཆེན་པོ་གནམ་ལས་ལྟུང་བ་ལགས་སོ། །སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས། ཟླ་བ་ལྟ་བུའི་ཐུགས་རྗེའི་འོད་དང ། ཀུན་ལ་སྙོམས་པར་ཁྱབ་པའི་ཤེས་
Kha527b
རབ་ནུབ་པར་འགྱུར་བས་ཟླ་བ་ས་ལ་ལྷུང་བ་ལགས་སོ། །སྐར་མ་ས་ལ་ལྟུང་བ་ནི་སངས་རྒྱས་མྱ་ངན་ལས་འདས་ནས། སྤྱོད་ལམ་བརྒྱད་ཁྲི་དང ། ཚུལ་ཁྲིམས་ཐམས་ཅད་ལས་སྐྱེ་བོ་ཐམས་ཅད་འགལ་བར་བྱེད་དོ། །སངས་རྒྱས་ཀྱི་བཀའ་བཞིན་དུ་མི་བྱེད་ཀྱི། ལོག་པའི་ཆོས་སྤྱོད་པས་སེམས་ཅན་དམྱལ་བར་ལྟུང་ངོ ། །ཉི་མ་ས་ལ་ལྟུང་བ་ནི་སངས་རྒྱས་མྱ་ངན་ལས་འདས་ནས། ངན་སོང་གསུམ་ཀྱི་སྡུག་བསྔལ་གྱི་ཕུང་པོ་ཉི་མ་ལྟ་བུར་འཇིག་རྟེན་དུ་ཤར་བས་རྨི་ལམ་འདི་དག་རྨིས་པ་ལགས་སོ། །རྒྱལ་པོས་དེ་སྐད་ཅེས་ཐོས་ནས་ནམ་དགུང་ཚིགས་ན་བློན་པོའི་འཁོར་དང་བཅས་ཏེ། གྲོང་ཁྱེར་རྩཝ་མཆོག་དང་ཉེ་བ་ཞིག་ཏུ་ལྷགས་ནས། དམག་གི་ཚོགས་གྲངས་མེད་པ་རྣམ་བཞིས་རྩཝ་མཆོག་གི་གྲོང་ཁྱེར་རིམ་པ་གྲངས་མེད་པར་བསྐོར་བ་དང ། སྒོ་བཞི་ན་བགེགས་བསྲུང་བའི་སྔགས་མཁན་ལ་སོགས་པའང་མཐོང་ནས་སྔགས་མཁན་ལ་འདི་སྐད་ཅེས་སྨྲས་སོ། །ཅི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་སམ། སྔགས་མཁན་གྱིས་སྨྲས་པ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས་དེང་དུ་ཞག་བདུན་བཞི་ལོན་ཏེ། འཁོར་མང་པོ་རྣམས་ད་ལྟར་སྐུ་གདུང་བགོད་དོ། །རྒྱལ་པོས་སྨྲས་པ། བདག་གིས་སངས་རྒྱས་མྱ་ངན་ལས་འདས་པ་མ་རྟོགས་ཏེ། རྨི་ལམ་དུ་ལྟས་ངན་པ་མཐོང་ནས་བློན་པོ་རྣམས་ཀྱིས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་ལྟས་ཡིན་ནོ་ཞེས་སྨྲས་ནས་བདག་ཅག་འདིར་ལྷགས་ན། བདག་ཅག་དེ་བཞིན་གཤེགས་པའི་
Kha528a
༄#། །རྡོ་རྗེ་ལྟ་བུའི་སྐུ་གདུང་ལ་ཕྱག་འཚལ་དུ་འགྲོ་བའི་ལམ་ཕྱེ་ཞིག་ཅེས་སྨྲས་སོ། །སྔགས་མཁན་རྣམས་ཀྱིས་རྒྱལ་པོ་གྲོང་ཁྱེར་གྱི་ནང་དུ་བཏང་ངོ ། །ལམ་གྱི་བཞི་མདོར་སེང་གེའི་ཁྲིའི་སྟེང་ན་གསེར་གྱི་སྒྲོམ་དུ་རིང་བསྲེལ་བཞག་ནས། འཁོར་མང་པོ་ཐམས་ཅད་ཀྱིས་དུ་བཞིན་དུ་མཆོད་པ་བྱེད་པ་མཐོང་ནས། རྒྱལ་པོ་འཁོར་དང་བཅས་ཏེ་ཕྱག་བྱས་ནས་ངུས་ཏེ། གཡས་ཕྱོགས་ནས་ལན་བདུན་བསྐོར་ནས་མཆོད་པ་བྱས་སོ། །དེ་ནས་རྒྱལ་པོས་འཁོར་མང་པོ་ལ་དེ་བཞིན་གཤེགས་པའི་རིང་བསྲེལ་ཤས་ཀྱི་ཅི་གནང་ཞེས་གསོལ་ནས། འཁོར་རྣམས་ཀྱིས་སྨྲས་པ། རྒྱལ་པོ་ཆེན་པོ། འཕྱིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་བགོ་བའང་སུ་ལ་གནང་བ་སྔར་བཀའ་སྩལ་པས། རྒྱལ་པོའི་སྐལ་བ་མེད་ཀྱི། སླར་དེངས་ཤིག་།རྒྱལ་པོ་མ་སྐྱེས་དགྲས་དེ་སྐད་ཅེས་སྨྲས་པ་ཐོས་ནས་གསོལ་བ་བཞིན་དུ་མ་གྱུར་པས་མི་དགའ་བཞིན་དུ་རིང་བསྲེལ་ལ་ཕྱག་བཙལ་ཏེ་ཕྱིར་དོང་ངོ ། །དེའི་ཚེ་ཡུལ་ཡངས་པ་ཅན་གྱི་རྒྱལ་པོའང་སངས་རྒྱས་མྱ་ངན་ལས་འདས་ནས་ཞག་བདུན་གསུམ་ལོན་ནས་གདོད་རྟོགས་ཏེ། འཁོར་དང་བཅས་སུ་རྩཝ་མཆོག་གི་གྲོང་ཁྱེར་གྱི་དྲུང་དུ་ལྷགས་སོ། །རྩཝ་མཆོག་གི་གྲོང་ཁྱེར་ལ་དམག་གི་ཚོགས་གྲངས་མེད་པས་རིམ་པ་གྲངས་མེད་པར་བསྐོར་བ་མཐོང་ངོ ། །དེའི་ཚེ་ཡུལ་ཨ་ཀ་ལེག་གི་རྒྱལ་པོ་སངས་རྒྱས་མྱ་ངན་ལས་འདས་ནས་ཞག་བདུན་གསུམ་ལོན་ནས་གདོད་ཚོར་ཏེ། མྱུར་བར་རྩཝ་
Kha528b
མཆོག་གི་གྲོང་ཁྱེར་དུ་ལྷགས་ནས་གྲོང་ཁྱེར་རྩཝ་མཆོག་ན་དམག་གི་ཚོགས་གྲངས་མེད་པས་རིམ་པ་གྲངས་མེད་པར་བསྐོར་བ་མཐོང་ངོ ། །དེའི་ཚེ་ཡུལ་བྱི་ནུ་ཏིའི་རྒྱལ་པོ་མི་འཇིགས་པ་ཞེས་བྱ་བའང་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས་ཞག་བདུན་གསུམ་ལོན་ནས་གདོད་ཚོར་རོ། །དེའི་ཚེ་ཡུལ་ཙ་ལ་ཀའི་རྒྱལ་པོའང་སངས་རྒྱས་མྱ་ངན་ལས་འདས་ནས་ཞག་བདུན་གསུམ་ལོན་ནས་གདོད་ཚོར་རོ། །དེའི་ཚེ་རྒྱལ་པོ་ཤི་ཀན་ཞེས་བྱ་བའང་སངས་རྒྱས་མྱ་ངན་ལས་འདས་ནས་ཞག་བདུན་གསུམ་ལོན་ནས་གདོད་ཚོར་རོ། །དེའི་ཚེ་བ་ཤ་ལ་མུ་སྟེགས་ཅན་གྱི་རྒྱལ་པོའང་སངས་རྒྱས་མྱ་ངན་ལས་འདས་ནས་ཞག་བདུན་གསུམ་ལོན་ནས་གདོད་ཚོར་ཏེ། བློན་པོའི་འཁོར་དང་བཅས་ནས་གྲོང་ཁྱེར་རྩཝ་མཆོག་ཏུ་ལྷགས་ཏེ། གྲོང་ཁྱེར་རྩཝ་མཆོག་ལ་དམག་གི་ཚོགས་གྲངས་མེད་པས་བསྐོར་ཏེ་བསྲུང་བ་དང ། སྒོ་བཞིར་ཡང་སྔགས་མཁན་གྱིས་སྒོ་སྲུང་བ་མཐོང་ནས་སྔགས་མཁན་ལ་འདི་སྐད་ཅེས་སྨྲས་སོ། །ཅི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་སམ་སྔགས་མཁན་གྱི་སྨྲས་པ། སངས་རྒྱས་མྱ་ངན་ལས་འདས་ནས་ཞག་བདུན་བཞི་ལོན་ཏེ། ད་ལྟར་འཁོར་མང་པོ་སྐུ་གདུང་བགོ་བའི་ལས་བྱེད་དོ། །བདག་ཅག་གིས་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའང་མ་ཚོར་ཏེ། དེ་བཞིན་གཤེགས་པའི་རིང་བསྲེལ་ལ་ཕྱག་འཚལ་དུ་འགྲོ་ན། ཁྱེད་ལམ་ཕྱེ་ཞིག་ཅེས་སྨྲས་སོ། །སྔགས་མཁན་གྱིས་རྒྱལ་པོ་གྲོང་ཁྱེར་གྱི་
Kha529a
༄#། །ནང་དུ་བཏང་ནས། ལམ་གྱི་བཞི་མདོར་སེང་གེའི་ཁྲིའི་སྟེང་ན་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པའི་གསེར་གྱི་སྒྲོམ་དུ་རིང་བསྲེལ་བཞུགས་པ་མཐོང་ནས་ཐམས་ཅད་ཀྱིས་དུས་སུམ་གཅིག་ཏུ་ཕྱག་འྩལ་ཏེ། དུས་ནས་གཡས་ཕྱོགས་སུ་ལན་བདུན་བསྐོར་ཏེ། མཆོད་པ་ཅི་འབྱོར་བས་མཆོད་པ་བྱས་སོ། །རྒྱལ་པོས་སྨྲས་པ། བདག་ཅག་གིས་ནི་སངས་རྒྱས་རྒྱས་མྱ་ངན་ལས་འདས་པ་སྔར་མ་ཚོར་ན། དེ་བཞིན་གཤེགས་པའི་སྐུ་གདུང་ལ་ཤས་ཀྱིས་མཆོད་པའི་རྟེན་དུ་ཅི་གནང་ཞེས་གསོལ་ཏོ། །འཁོར་རྣམས་ཀྱིས་སྨྲས་པ་སྐུ་གདུང་བགོ་བ་ལ་ཆོ་ག་སྔར་བཀའ་སྩལ་ཏེ། རྒྱལ་པོ་སྐལ་པ་མེད་ཀྱི། སླར་དེངས་ཤིངས། རྒྱལ་པོ་འཁོར་དང་བཅས་ཏེ་སྐུ་གདུང་མ་ཐོབ་པས་མྱ་ངན་གྱིས་ཡིད་གདུངས་ཏེ། སྐུ་གདུང་ལ་ཕྱག་བཙལ་ནས་དུས་བཞིན་དུ་ཕྱིར་དོང་ངོ ། །འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་རྫོགས་སོ།། །།མདོ་མྱ་ངན་ལས་འདས་པ་ཆེན་པོ་རྒྱ་ནག་ནས་བསྒྱུར་བ་འདི་རྒྱ་ནག་གི་མཁན་པོ་ཝང་ཕབ་ཞཝུན་དང ། དྷར་མའི་གཞི་འཛིན་དགེ་བའི་བློ་གྲོས་དང ། ལོ་ཙྪ་བ་རྒྱ་མཚོའི་སྡེས་བསྒྱུར་ཅིང་ཞུང་ཏེ་གཏན་ལ་ཕབ་པའོ།། །།