rKTs


H420

(e-text produced by ACIP)

see text in transliteration
187b
།།རྒྱ་གར་སྐད་དུ། ཙ་ཏུར་དེ་ཝི་བ་རི་པྲྀཙྪཱ། བོད་སྐད་དུ། ལྷ་མོ་བཞིས་ཡོངས་སུ་ཞུས་པ།་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ལྷ་མོ་བཞི་དང་མཉམ་ལྡན་ཞིང ། །སངས་རྒྱས་གཟུགས་ཀྱིས་ཉེར་བརྒྱན་པ། །ཤིན་ཏུ་དགའ་བའི་སྦྱོར་ཆེན་ལ། །རྡོ་རྗེ་སེམས་དཔའ་ཆེར་བཞུགས་ཏེ། །འོད་ཟེར་འཆང་ཞིང་འཁྲིགས་པ་ཡི། །གསང་ཆེན་ཆོས་ཀྱི་འབྱུང་གནས་ལ། །བྱང་ཆུབ་སེམས་ནི་འཕྲོས་ནས་སུ། །ཆོས་ཀྱི་དབྱིངས་གནས་ཞུ་མཛད་དོ། ཞུ་བའི་དངོས་པོ་དེ་མཐོང་ནས། །ལྷ་མོ་སྤྱན་མས་ཡོངས་ཞུས་པ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ། །ཚིག་འདི་དག་ནི་གསོལ་བ་སྟེ། །ཆོས་ཀྱི་དབྱིངས་རྣམས་འཕྲོ་བ་ནི། །གང་ལས་སྐྱེ་བར་འགྱུར་པ་ལགས། །དང་པོ་ཇི་ལྟར་འོང་བ་ཡིན། །དེ་བཞིན་ཕྱིར་འགྲོ་ཇི་ལྟར་ལགས། །ཡན་ལག་མེད་པ་གང་དེ་ནི། །ཡན་ལག་དང་བཅས་འགྱུར་ནས་སུ། །ལུས་དངོས་འགྱུར་བ་ཇི་ལྟར་ལགས། །
188a
༄#། །མིག་དང་རྣ་བ་སྣ་དང་ནི། །དེ་བཞིན་ལྕེ་དང་ལུས་དང་ཡིད། །དབང་པོ་ཕུང་པོའི་དངོས་རྣམས་དང ། །ཁམས་རྣམས་སུ་ནི་འཇུག་པ་ཡང ། །མ་རིག་བག་ཆགས་སྲེད་པ་ཡིས། །བཅིངས་པའི་ཉོན་མོངས་འདོད་ཆགས་སོགས། །རྣམ་པར་ཤེས་པ་སྣ་ཚོགས་པ། །ཇི་ལྟར་དངོས་སུ་འདུས་པ་ལགས། །དངོས་པོ་མེད་པ་སྒོམ་པའི་གཟུགས། །གཟུགས་སོགས་སྤྱོད་ཡུལ་མཚན་ཉིད་རྣམས། །རང་བཞིན་མེད་ཅིང་དམིགས་མེད་ལ། །དམིགས་པ་དང་བཅས་ཇི་ལྟར་ལགས། །དེ་དག་ངོ་མཚར་ཆེན་པོ་ནི། །བདག་གི་ཐེ་ཚོམ་ལྷ་ས་བཀའ་སྩོལ། །དེ་ལྟར་ཞུས་མ་ཐག་ཏུ་ནི། །བཅོམ་ལྡན་རྡོ་རྗེ་སེམས་དཔས་གསུངས། །ཤེས་རབ་ཟབ་མོ་ཟད་མེད་ནི། །ཉོན་ཅིག་སྤྱན་མ་བཤད་པར་བྱ། །གཡད་དུ་མེད་ཅིང་ཤེས་བྱ་མིན། །དེ་བཞིན་དཔྱད་མཁན་གྱིས་ཤེས་དཀའ། །སངས་རྒྱས་ཀུན་གྱི་གསང་ཆེན་ནི། །ནམ་མཁའ་ནམ་མཁའི་སྤྱོད་ཡུལ་ལོ། །མི་ཤེས་མུན་པས་བསྒྲིབས་པས་ན། །ཉན་ཐོས་རྣམས་ཀྱིས་ཤེས་པ་མིན། །སྤྱོད་ཡུལ་བག་ཆགས་ཤེས་མཁན་སྟེ། །རང་སངས་རྒྱས་སུ་སྤྲུལ་པས་ཏེ། །དེ་དག་ཀུན་གྱིས་ཀྱང་མི་ཤེས། །ཤེས་མེད་སོ་སོའི་སྐྱེ་གནས་དག་།མ་འོངས་པ་དང་འདས་པ་དང ། །ད་ལྟར་བྱུང་བའི་དུས་གསུམ་ལ། །བྱོལ་སོང་བག་ཆགས་ལས་བྱུང་བའི། །དུད་འགྲོ་ཡི་དགས་སྐྱེ་བ་རྣམས། །དེ་ཀུན་གྱིས་ཀྱང་མི་ཤེས་ཏེ། །སངས་རྒྱས་
188b
སྤྱོད་ཡུལ་གསང་ཆེན་ནོ། །སྙིང་པོ་ཤིན་ཏུ་སྙིང་པོའི་མཆོག་།གང་དེ་ཀུན་བདག་ལ་གནས་པའི། །སངས་རྒྱས་ཀུན་གྱི་གསང་ཆེན་ནི། །ལྷ་མོ་ཁྱོད་ལ་བཤད་པར་བྱ། །བྱང་ཆུབ་སེམས་དཔའ་འོད་གསལ་བ། །ཟླ་བ་ཤེལ་དང་མཉམ་པའི་འོད། །དེ་ཉིད་ཡེ་ཤེས་ལྔ་ཡི་དངོས། །ཡུངས་ཀར་ཆེ་བའི་ཚད་ཙམ་མོ། །དེ་ཡི་དབུས་སུ་བཞུགས་པའི་ལྷ། །མི་གསལ་གསལ་བའི་གཟུགས་ཅན་ཏེ། །ཕྱེད་ཚད་ཙམ་གྱི་ཕྲ་མོའི་མཆོག་།ཡིད་ཀྱི་དངོས་པོའི་ཐིག་ལེའི་གཟུགས། །རྟག་ཏུ་སྙིང་གི་དབུས་གནས་པ། །འོད་ཟེར་ཆེན་པོ་འབར་བ་ཅན། །ཇི་སྙེད་དགུ་པའི་བར་དུ་ནི། །དཔྲལ་བ་ལ་གནས་རྐང་མཐིལ་བར། །ཐིག་ལེ་དེ་ཁོ་ནར་བསྡུས་ཏེ། །ལྟེ་བའི་དབུས་སུ་རྣམ་པར་གནས། །ཆ་ཤས་ལྔ་པ་ཙམ་ཡིན་ཏེ། །བཅུ་གཉིས་ཀྱི་ནི་ཐ་མ་ལ། །ཆ་ཤས་དྲུག་གིས་མཚན་པ་ཉིད། །ང་རོ་ཐིག་ལེས་བརྒྱན་བྱེད་པ། །རྡོ་རྗེ་ཁོང་ནས་ཕྱུང་ནས་སུ། །ས་བོན་སྐྱེ་གནས་དབུས་བཞག་སྟེ། །ཆོས་ཀྱི་དབྱིངས་ནི་ཞུ་བར་བྱེད། །དེ་ནི་རིམ་པར་བསྐྱེད་བྱེད་ན། །སྒོ་དགུ་ལ་ནི་ཀུན་ཏུ་འགྲོ། །ཁྱབ་ཅིང་ཁྱབ་གནས་འགྲོ་ཀུན་ལ། །མི་གཡོ་ལ་སོགས་གཡོ་དང་བཅས། །ཚངས་སོགས་ལྷ་དང་ལྷ་མིན་གྱི། །གཞི་ནི་དེ་ལས་གྱུར་པའོ། །གང་ལས་གཙོ་བོར་སྐྱེད་བྱེད་པ། །ས་དང་ནམ་མཁའ་དེ་ཞེས་གསུངས། །ཇི་སྙེད་ལུས་ལ་གནས་པའི་བར། །དེ་ཡིས་ལས་དང་ལས་མིན་བྱེད། །དགེ་དང་མི་དགེ་བསམ་པ་ཡང ། །བྱ་བའི་ལས་ཀུན་བྱེད་པ་ཡིན། །སྦྱོར་
189a
༄#། །བརྟག་ཏུ་དེ་གསུངས་ཏེ། །མཆོད་བསྒོམ་པར་གསུངས་པ་ཡིན། །གང་ཚེ་ལས་ཀྱི་ལུས་ཞིག་ན། །དེ་ཚེ་དེ་ཡི་རང་མཐུ་ཡིན། །དེ་འདྲའི་ལུས་སུ་དེ་འགྱུར་ཏེ། །གང་གིས་གཡོ་དང་མི་གཡོ་ཁྱབ། །ནམ་མཁའ་མཉམ་པ་ཉིད་འདྲ་བ། །དེ་ནི་གནས་པར་ཤེས་པར་བྱ། །བཅུ་ཡི་གཉིས་མཐའ་ཚིག་གི་དོན། །གང་གིས་རྟག་ཏུ་བསྒོམས་བྱས་ན།། དེས་ནི་དངོས་གྲུབ་རྒྱས་པ་ཡི། །རྡོ་རྗེ་འཛིན་པར་བདག་ཉིད་འགྱུར། །སོ་དང་མཆུ་དང་རྐན་དང་ལྕེ། །མགུལ་གནས་གང་ལ་ཡོད་པ་ནི། །གང་ལ་དེ་ནི་ཡིག་འབྲུ་ཉིད། །དེ་ནི་ཟད་དང་གནས་ཕྱིར་རོ། །བརྗོད་པ་མེད་ཅིང་ཐེ་ཚོམ་མེད། །སྒྲ་ཡིག་རྣམ་པར་སྤངས་པ་ནི། །རང་གི་ཕྱི་ནང་དེ་བཞིན་ཉིད། །བྱང་ཆུབ་སེམས་ནི་འདིར་གསུངས་སོ། །ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལས། ལྷ་མོ་སྤྱན་མས་ཡོངས་སུ་ཞུས་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ལྷ་མོ་མཱ་མ་ཀྱིས། །རྡོ་རྗེ་ཅན་ལ་འདི་ཞུས་ཏེ། །བྱང་ཆུབ་སེམས་ཀྱི་རིམ་པ་ཡིས། །ཁ་སྙིང་ལྟེ་བ་གསང་བ་ལ། །འགྲོ་དང་ཕྱིར་འོང་བསྟན་པ་ནི། །རྡོ་རྗེ་ཆེན་མོས་བཀའ་སྩལ་འཚལ། །ཆ་ཤས་རྣམ་པ་དུ་ཞིག་གསུངས། །གནས་ཀྱི་རྣམ་པ་བསྒྱུར་བ་དུ། །ཁ་དོག་རྣམ་པ་དུ་ཞིག་གསུངས། །དེ་བཞིན་གདན་ཡང་ཇི་ལྟར་འཚལ། །རྡོ་རྗེ་ཅན་གྱིས་བཀའ་སྩལ་པ། །ཆ་ཤས་བཞི་དང་མཉམ་ལྡན་ཞིང ། །པདྨ་བཞི་ལ་ཡང་དག་གནས། །སྙིང་གའི་པདྨ་
189b
ལ་གནས་ནག་།ཁ་ཡི་པདྨ་ལ་གནས་དཀར། །ང་རོ་ལྟེ་བའི་པདྨར་གནས། །གསང་བའི་པདྨ་ང་རོ་མཐར། །སྟབས་ཀྱི་མཐའ་རུ་འགྲོ་བྱེད་པས། །ཐིག་ལེའི་སྦྱོར་བར་རབ་ཏུ་གནས། །སྣོམ་བྱེད་པ་དང་ཐོས་བྱེད་པ། །དེ་ཚེ་མཐོང་བྱེད་ཟ་བྱེད་པ། །རེག་པར་བྱེད་ཀྱང་དེ་ཁོ་ནས། །བདེ་དང་སྡུག་བསྔལ་ཚོར་བྱེད་པའོ། །གང་ལས་བཞང་བྱེད་བཟའ་བྱེད་པ། །དེ་བཞིན་ཚོ་དེ་དང་དུ་བ།། འབྱེད་པ་གཅོད་པ་དེ་ཁོ་ནས། །ཆོ་ག་རྣམ་པ་མང་པོ་ཤེས། །རྒྱལ་པོ་དོན་ཡང་བྱེད་པར་འགྱུར། །དབང་ཕྱུག་དོན་ཡང་བྱེད་པར་འགྱུར། །བྲམ་ཟེ་རྒྱལ་པོ་རྗེའི་རིགས་དང ། །དམངས་རིགས་སྨད་པའི་རིགས་རྣམས་དང ། །བུད་མེད་དུ་མ་སྤྲུལ་པར་བྱེད། །དུད་འགྲོ་ཡི་དྭགས་སྐྱེ་བ་དང ། །གཟུགས་ཅན་རྣམས་དང་གཟུགས་མེད་དང ། །དེ་བཞིན་འདོད་པའི་སྲིད་རྣམས་ལས། ། འབྱུང་བ་ཐམས་ཅད་སྐྱེད་བྱེད་པ། །དེ་ཉིད་ཁོ་ན་རྫུ་འཕྲུལ་འཕང་གནས། །དེ་ལྟར་དེ་བཞིན་ཉིད་ཤེས་པ། །དམ་པའི་ཡིག་འཕང་གནས། །དེ་ལྟར་དེ་བཞིན་ཉིད་ཤེས་པ། །དམ་པའི་ཡིག་འབྲུ་ཤེས་པ་གང ། །དེས་ནི་གསང་ཆེན་ཤེས་པས་ཏེ། །གང་དེས་བདག་ཉིད་ཀུན་གནས་པ། །ཁ་དོག་མེད་ཅིང་ཁ་དོག་དམར། །ཁ་དོག་དཀར་དང་སེར་བ་ཡི། །ཐིག་ལེའི་གཟུགས་སུ་བསྒྱུར་བ་འདིས། །འགྲོ་དང་ཕྱིར་འོང་རྣམ་པར་བསྟན། །གང་དེ་རིག་པ་རྫུ་འཕྲུལ་ཆེ། །མཐའ་ཡས་བཅས་པ་སྣ་ཚོགས་གཟུགས། །སྐྱེ་དང་བསྡུས་དང་འཇིག་པ་ལ། །ཐིག་ལེའི་གཟུགས་སུ་རབ་
190a
༄#། །གནས་སོ། །གང་གིས་བརྒྱད་ཁྲི་རྩ་བཞིའི་ཆོས། །སྟོང་ཕྲག་བརྒྱ་རུ་ཤེས་ན་ཡང ། །དེ་ཡི་དེ་ཉིད་མི་ཤེས་ཏེ། །དེ་དག་ཀུན་ཀྱང་འབྲས་མེད་དོ། །བཅུ་གཉིས་ལྔ་ཡི་ལྔ་པ་ཡང ། །བརྒྱད་ཀྱི་མཐའ་རུ་འབྱུང་བ་འདིས། །སྒྲ་ཡིག་དང་པོ་ཡི་གེ་ཨ། །ལྔ་པ་ཡིས་ནི་ཡང་དག་བརྒྱན། །སྙིང་རྗེ་ཆེན་པོ་ལས་བྱུང་བ། །ཁ་མར་བལྟས་པའི་དུར་གས་བརྟགས། །གདོད་མ་མཐའ་མ་མེད་པའི་ལྷ། །དེ་ནི་སྤྱི་བོར་བསྟན་པ་ཡིན། །དེ་དག་གསང་ཆེན་དམ་པ་ཡིན། །ལྷ་མོ་བདག་གིས་རབ་བསྟན་ཏོ། །ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལས།་ལྷ་མོ་མཱ་མ་ཀཱིས་ཞུས་པ་སྟེ་ལེའུ་གཉིས་པའོ།། །།དེ་ནས་ལྷ་མོ་གོས་དཀར་མོས། །ཡན་ལག་ཀུན་གྱིས་བཏུད་ནས་སུ། །ཐལ་མོ་སྙིང་གར་སྦྱར་བྱས་ཏེ། །རྡོ་རྗེ་སེམས་དཔའ་ལ་གསོལ་བ། །ཆོས་ཀྱི་དབྱིངས་ཀྱི་བསྡུས་པ་དང ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །རང་བཞིན་ཉིད་ནི་ཇི་ལྟར་ལགས། །ལྷ་ཡི་དབང་ཕྱུག་ཁྱོད་ལ་ཞུ། །གང་གིས་འོད་ཀྱི་གོང་བུར་བསྡུ། །རྡོ་རྗེ་སེམས་དཔའ་ཇི་ལྟར་ལགས། །གསུངས་ཤིག་དེ་ཉིད་ཡིག་འབྲུའི་ཚིག། འདུས་པ་གསུངས་པ་ཇི་ལྟར་ལགས། །ཆུ་ཁམས་དང་ནི་མེ་ཡི་ཁམས། །ཇི་ལྟར་རོ་ནི་མཉམ་པོར་འགྱུར། །མ་ལས་སྐྱེ་བ་གསུམ་ཙམ་དང ། །དེ་བཞིན་ཕ་ལས་སྐྱེ་བ་གསུམ། །དེ་དག་དྲུག་སོགས་གོང་བུ་ལས། །ཇི་ལྟར་མི་རྣམས་སྐྱེ་བ་ལགས། །སངས་རྒྱས་
190b
གཟུགས་ནི་བདག་མི་འཚལ། །ཐུབ་པ་ཆེན་པོས་བཀའ་སྩལ་མཛོད། །རྡོ་རྗེ་ཅན་གྱིས་བཀའ་སྩལ་བ། །གསང་བ་ཤིན་ཏུ་གསང་གྱུར་བ། །ཉོན་ཅིག་ལྷ་མོ་བཤད་པར་བྱ།། སྐྱེ་གནས་དབུས་སུ་རྩ་གཉིས་ནི། །གཡོན་དང་དེ་བཞིན་གཡས་པ་སྟེ། །གཡོན་དུ་བྱང་ཆུབ་སེམས་ཞེས་བྱ། །གཡས་སུ་དེ་བཞིན་རཀྟ་འོ། །དེ་གཉིས་ཕྲད་ནས་གཅིག་འགྱུར་བ། །ཆོས་ཀྱི་དབྱིངས་ནི་འདུས་པ་ཡིན། །མུན་པ་སྐུ་སྟེ་རྡུལ་གསུང་གཟུགས། །ཐུགས་ཀྱི་རང་བཞིན་སྙིང་སྟོབས་ཏེ། །རྡུལ་ནི་རཀྟ་བྱང་ཆུབ་སེམས། །མུན་པ་དེ་བཞིན་བསྐྱེད་པ་ཡིན། །རྡོ་རྗེ་པདྨ་མཉམ་སྦྱར་ནས། །རང་བཞིན་མཉམ་པའི་རོར་འགྱུར་རོ། །དྲི་ཆེན་ཆུ་དང་ཤེལ་མེ་ཏོག་།དེ་བཞིན་ལྔ་པ་བྱང་ཆུབ་སེམས། །བདུད་རྩི་ལྔ་དངོས་གོང་བུར་བསྡུས། །དེ་ལས་རྡོ་རྗེ་འདིར་གསུངས་སོ། །ཆ་ཤས་གཉིས་པ་དང་ལྡན་པ། །དེ་བཞིན་དགུ་བ་ཡབ་ཡིན་ནོ། །དེ་སྐད་གསུངས་པ་དེ་ལ་ནི། །སུམ་ཅུ་དང་ནི་བཅུ་དང་ནི། །དེ་བཞིན་ལྔ་པའི་ས་བོན་ཏེ། །ཆ་ཤས་གཉིས་པ་ལྔ་ཡི་ནི། །དྲུག་གི་བཏགས་པ་དེས་བྱུང་བ། །དེ་ནི་ཐིག་ལེར་གསུངས་པའོ། །ཆོས་ཀྱི་དབྱིངས་ཀྱི་ཡི་གེ་བྲུཾ། །སྐྱེ་གནས་པདྨ་ལ་གནས་པ། །དེ་ཉིད་ས་བོན་སཝཱཧཱ་མཐའ། །འདུས་པ་ལ་ནི་ཤེས་པར་བྱ། །ཆུ་ཁམས་ཕ་ལས་སྐྱེས་ཞེས་བྱ། །མེ་ཡི་ཁམས་ནི་མ་ལས་སྐྱེས། །ཤ་དང་ཁྲག་དང་པགས་པ་ཡང ། །མ་ལས་སྐྱེས་པ་ཞེས་བཤད་དོ། །ཚིལ་དང་རྐང་དང་ཁུ་བ་
191a
༄#། །ནི། །ཕ་ལས་སྐྱེས་ཞེས་བཤད་པ་ཡིན། །གོང་བུར་ཡང་དག་འདུས་པ་ནི། །དེ་དག་ཙམ་དུ་བཤད་པ་ཡིན། །གཟུགས་དང་ཚོར་བ་འདུ་ཤེས་དང ། །དེ་བཞིན་འདུ་བྱེད་རྣམ་ཤེས་རྣམས། །སངས་རྒྱས་དངོས་པོ་ལྔ་ཡི་གཟུགས། །ཕུང་པོ་ཞེས་བྱར་བཤད་པའོ། །ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལས། ལྷ་མོ་གོས་དཀར་མོས་ཞུས་པ་སྟེ་ལེའུ་གསུམ་པའོ།། །།དེ་ནས་བཞད་པའི་ཞལ་གྱུར་ཏེ། །ལྷ་མོ་སྒྲོལ་མ་བཅོམ་ལྡན་མས། །རྡོ་རྗེ་སེམས་དཔའ་ལ་ཞུས་པ། །ཆོས་ཀྱི་དབྱིངས་ཀྱི་སྒྲུབ་པ་ནི། །གསུངས་ཤིག་རྡོ་རྗེ་ཅན་ཆེན་པོ།། །།རྫས་རྣམས་སྒྲུབ་པ་བཀའ་སྩལ་འཚལ། །དེ་བཞིན་རིག་པའི་སྔགས་རྣམས་ཀྱང ། །དཀྱིལ་འཁོར་རྣམས་ནི་བརྟག་པ་དང ། །སྦྱིན་སྲེག་སོ་སོར་བྱ་བ་དང ། །དེ་བཞིན་མཆོད་པའི་ཆོ་ག་ཡང ། ཁྱད་པར་དུ་ཡང་བཀའ་སྩལ་འཚལ། །དེ་ལྟར་ལྷ་མོས་ཞུས་མ་ཐག་།རྡོ་རྗེ་སེམས་དཔས་བཀའ་སྩལ་པ། །ཆོས་ཀྱི་དབྱིངས་ཀྱི་སྒྲུབ་ཐབས་ནི། །ཉོན་ཅིག་ལྷ་མོ་བཤད་པར་བྱ། །གཟུགས་དང་སྒྲ་དང་དྲི་དང་ནི། །དེ་བཞིན་རོ་དང་རེག་ལ་སོགས། །ཁམས་བཅོ་བརྒྱད་པོ་དེ་དག་ཀྱང ། །ཆོས་ཀྱི་དབྱིངས་ཞེས་བྱ་བའོ། །དེ་དག་ཉིད་ལས་བྱུང་བ་ནི། །བྱང་ཆུབ་སེམས་ཞེས་ཤེས་པར་བྱ། །བྱང་ཆུབ་སེམས་ལས་དོང་བུ་སྐྱེས། །གོང་བུ་ལས་ཀྱང་ཡིད་བསྐྱེད་དོ། །ཡིད་ལས་ནམ་མཁའི་ཁམས་ཀྱང་ནི། ཁམས་རྣམས་དང་ནི་
191b
སྐྱེ་མཆེད་རྣམས། །དབང་པོ་ཕུང་པོ་འབྱུང་བ་རྣམས། །དེ་ལྟར་དབྱིངས་སུ་བསྡུ་བ་སྟེ། །བསྡུ་བ་དེ་ནི་བསྟན་བྱས་པ། །ཆོས་ཀྱི་དབྱིངས་ཀྱི་སྒྲུབ་པ་ཡིན། །དེ་བས་ནན་ཏན་ཐམས་ཅད་ཀྱི།། སྒྲུབ་པ་ཡང་དག་སྤྱད་པར་བྱའོ། །ཇི་ལྟར་གལ་པོ་ཞེས་དངོས་ཀྱིས། །བསྒྲུབ་པར་བྱ་བ་རབ་ཏུ་བརྟག་།ཆོས་དབྱིངས་སྒྲུབ་པ་བཤད་ནས་སུ། །རྫས་བརྒྱད་ཡན་ལག་སྒྲུབ་པ་བཤད། །རིལ་བུ་མིག་སྨན་དངོས་གྲུབ་དང ། །ས་འོག་རལ་གྲིའི་དངོས་གྲུབ་དང ། །ནམ་མཁར་འཕུར་དང་མི་སྨང་དང ། །འཆི་བ་མེད་དང་ནད་འཇོམས་དང ། །མིག་དང་གླང་པོ་ཆེ་དང་རྟ། །གླང་དང་ཁྱི་དང་བོང་བུ་དང ། །རྔ་མོ་མ་ཧེ་སྦྱང་ཀི་རྣམས། །ཆ་ནི་མཉམ་པོ་བྱ་བའོ། །མཐེ་བོང་ཚིགས་ཚད་ཙམ་དུ་ནི། །ཤིན་ཏུ་མཉམ་པར་བཞག་ནས་སྦྱར། །དྲི་ཆེན་ཆུ་དང་རཀྟ་དང ། །བྱང་ཆུབ་སེམས་ནི་ཚད་ཙམ་ནི། །སྔགས་བཟླས་ནས་ནི་སྦྱར་བྱས་ཏེ། །བྱིན་གྱིས་བརླབས་ཀྱང་བྱ་བ་འོ། །ཕྱག་འཚལ་དང་ནི་ཡི་གེ་ཨཱཿ ། །དབུས་སུ་དེ་བཞིན་ཧཱུཾ་བྱས་ཏེ། །འབར་བའི་ཧཱུཾ་ཡིག་འབར་བྱེད་པ། །དགུ་པོ་དེ་ནི་རབ་ཏུ་བསྒྲུབ། །ལན་ནི་ཉི་ཤུ་རྩ་གཅིག་ཏུ། །སྔགས་བཟླས་ནས་ནི་ཕྱེ་མར་བརྟག་།ཡུངས་ཀར་ལྔ་ཡི་ཚད་ཙམ་དུ། །ལྔ་དང་ལྔ་ནི་འབྱོར་བར་བྱ། །ཚེས་བརྒྱད་དང་ནི་བཅུ་བཞི་ལ། །རིལ་བུ་རྣམས་ནི་བྱས་ནས་སུ། །པདྨའི་སྣོད་ལ་བཞག་བྱས་ཏེ། །སྟོང་ཕྲག་བརྒྱར་ནི་བཟླ་བར་བྱ། །མཚམས་བཞི་ལ་ནི་བསྒོམས་བྱས་ནས། །ཉིན་དང་མཚན་དུ་བཟའ་བར་
192a
༄#། །བྱ། །དེ་ནི་བསྐལ་པའི་མཐའ་བར་ཡང ། །དངོས་གྲུབ་རྒྱས་པར་འགྲོ་བ་སྟེ། །གཟི་བརྗིད་མདངས་དང་སྟོབས་བརྩོན་འགྲུས། །ལྔ་པ་ལ་ནི་སྨོན་ལམ་ཡང ། ། མངོན་པར་ཤེས་པ་ལྔ་ཐོབ་པ། །རིལ་བུ་ཆེན་པོ་ཟོས་ཕྱིར་རོ། །རྫས་ཀྱི་སྒྲུབ་པ་རྣམས་རྫོགས་ནས། །རིག་པའི་སྔགས་རྣམས་བདག་ལ་སྩོལ། །ཡི་གེ་ཨེ་དང་བཾ་ཡིག་དང ། །ལཾ་ཡིག་དབུས་སུ་ཡང་དག་གནས། །དང་པོའི་མདོག་ནི་དམར་པོ་སྟེ། །གཉིས་པ་ཡི་ནི་མདོག་དཀར་བ། །གསུམ་པ་ཁ་དོག་སེར་བ་རྣམས། །བྷ་གའི་དབུས་སུ་བསྒོམ་པར་བྱ། ། འཁོར་ལོ་ལྟར་ནི་བསྐོར་བ་ནི། །ཉིན་ཕྱེད་དང་ནི་མཚན་ཕྱེད་ལ། །རིག་པ་དེ་ནི་རབ་འབྱོར་ན། །དེ་ནི་སྐད་ཅིག་ཁོ་ནར་འགྲུབ། །ལྷ་མོ་ལྷ་མིན་བུ་མོ་དང ། །མི་ཡི་བུ་མོ་རྣམ་པ་བཞི། ། ས་ཡི་དཀྱིལ་འཁོར་ཀུན་ཏུ་ནི། །སྔགས་ཀྱིས་བཀུག་ནས་སྤྱད་པར་བྱ། །སྒོམ་པ་དེ་བཞིན་རིག་པའི་སྔགས། །བདག་གིས་བཤད་པ་ཟིན་བྱས་ཏེ། །དཀྱིལ་འཁོར་རྣམས་ནི་བཤད་པར་བྱ། །དགའ་མ་སེམས་ཀྱིས་རྩེ་གཅིག་ཉོན། །དཀྱིལ་འཁོར་ལུས་ཞེས་གསུངས་པ་སྟེ། །དཀྱིལ་འཁོར་བྷ་གར་བསྟན་པ་ཡིན། །དཀྱིལ་འཁོར་བྱང་ཆུབ་སེམས་དང་ནི། །དཀྱིལ་འཁོར་གསུམ་དུ་བརྟགས་པ་ནི། །བརྟགས་པ་རྣམས་ཀྱང་འདུས་པ་སྟེ། །གང་དུ་གཙོ་བོ་སྐྱེད་པར་བྱེད། །ཕུང་པོ་རྣམས་ནི་སངས་རྒྱས་གསུངས། །འབྱུང་བ་རིག་
192b
མར་བརྟགས་པའོ། །ཆགས་པ་ལྕགས་ཀྱུ་ཁོ་ན་སྟེ། །ཞགས་པ་པདྨར་ཆུད་བྱེད་པ། །ཁ་ཕྲད་པ་ནི་སྒྲོག་ཡིན་པར། །སྒྲ་བསྒྲགས་པ་ནི་དྲིལ་བུར་བཤད། །སྤོས་ནི་དྲི་ཆེན་ཞེས་གསུངས་ཏེ། མེ་ཏོག་རཀྟ་ཞེས་འདོད་དོ། །མར་མེ་ཤ་རྣམས་ཁོ་ན་ཡིན། །དྲི་ནི་བྱང་ཆུབ་སེམས་ཞེས་འདོད། །སྒེག་མོ་ལིངྒར་བསྟན་པ་སྟེ། །ཕྲེང་བ་བྷ་ག་ཁོ་ན་ཡིན། །དབྱངས་མ་དབུགས་སུ་བསྟན་པ་དང ། །གར་མཁན་མ་ནི་རྣལ་འབྱོར་ཏེ། །བཅོམ་ལྡན་འདས་ཀྱིས་བཟང་པོར་གསུངས། །དེ་རྟོགས་པ་ནི་སྐལ་བཟང་ཡིན། །རྟོགས་པ་དེ་རྣམས་བྱམས་པ་སོགས། །དེ་ལྟར་ནང་གི་བདག་ཉིད་གསུངས། །དཀྱིལ་འཁོར་གཞན་ནི་སྔོན་བཤད་ཟིན། །སྦྱིན་སྲེག་ལས་ནི་བཤད་པར་བྱ། །ཉོན་ཅིག་སྦྱིན་སྲེག་རྣམ་པ་བཞི། །སྦྱིན་སྲེག་ཕྱི་དང་ནང་གསུངས་ཏེ། །ཕྱི་ནི་སྔོན་དུ་བསྟན་པ་ཡིན། །ཉོན་ཅིག་ཁྱོད་ཀྱིས་ནང་གི་ནི། །པདྨ་བཞི་རྣམས་འབྱོར་པ་ནི། །ལུས་ཀྱི་དབུས་སུ་ཉེ་བར་གནས། །མེ་དང་དེ་བཞིན་རླུང་དང་ནི། །དབང་ཆེན་དང་ནི་ཆུ་དེ་བཞིན། ། རླུང་གིས་མེ་ནི་འབར་བྱས་ཏེ། །ཆུ་ཡིས་ཡོངས་སུ་སྨིན་པར་བྱེད། །དབང་ཆེན་དཀྱིལ་འཁོར་ལས་བྱུང་བ། །གང་དུ་མེ་ནི་བསྐྱོད་པའོ། །ར་ཡིག་མངོན་སྤྱོད་ཡི་གེ་སྟེ། །ཡ་ཡིག་དབང་གི་ལས་ཁོ་ན། །ལ་ཡིག་རྒྱས་པར་འགྱུར་བ་སྟེ། །བ་ཡིག་ཞི་བ་ཞེས་གསུངས་སོ། །གང་ཞིག་ཟས་དང་བཏུང་བ་ནི། །དེ་དག་ཐམས་ཅད་ཆུ་ལ་སྟེ། །པདྨར་ཀྵ་ཡིག་ཁ་མར་ལྟ། །སྙིང་གི་
193a
༄#། །པདྨར་བཙུད་པར་བྱ། །ལྟེ་བའི་པདྨར་འགྲོ་ཕྱི་རོལ། །ཁ་སྦྱོར་ཚུལ་གྱི་སྦྱོར་བ་ཡིས། །གསང་བའི་པདྨར་འགྲོ་མ་ཐག་།ཐལ་བར་མཐའ་རུ་རྣམ་པར་བསྟན། ། དེ་ལྟར་སྦྱིན་སྲེག་བདག་བཤད་པ། །ཉིན་དང་མཚན་དུ་བྱ་བ་སྟེ། །རྟག་པར་རྒྱུན་དུ་ཟས་ཟོས་ན། །ཚེ་འདི་ཁོ་ནར་འགྲུབ་པར་འགྱུར། །རྒས་པ་མེད་ཅིང་ནད་ཀྱང་མེད། །འཆི་བ་མེད་ཅིང་འབྲས་རྣམས་མེད། །དེ་ནི་གློ་བུར་འཆི་བ་མེད། །འཚེ་བ་ཐམས་ཅད་ཟད་འགྱུར་ཞིང ། །རྨི་ལམ་ངན་ཡང་ཞི་བར་འགྱུར། །བཟང་པོ་སྐལ་པར་གསོན་པ་སྟེ། །སེམས་ཅན་ཐམས་ཅད་དགའ་བར་སྨྲ། །མཐོང་བ་ཙམ་གྱིས་བསྐུལ་བྱེད་དོ། །སྦྱིན་སྲེག་ལས་རྣམས་བཤད་བྱས་ནས། །ལྷ་མོ་མཆོད་པ་བསྟན་པར་བྱ། །དྲི་དང་ཕྲེང་སོགས་གོས་རྣམས་དང ། །སྤོས་མེ་ཟས་དང་ལྷ་བཤོས་ཀྱིས། །དབང་པོ་གཉིས་ནི་རབ་འབྱོར་ནས། །བདག་ལ་མཆོད་པ་རྣམས་ནི་བྱ། །བདག་ནི་ཐམས་ཅད་སངས་རྒྱས་ཉིད། །སངས་རྒྱས་ཀུན་གྱི་གནས་ཡིན་ཏེ། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྣལ་འབྱོར་པས་ནི་རྟག་ཏུ་མཆོད། །གང་ཞིག་འགའ་ཡང་བྱ་བའི་ལས། །རྣལ་འབྱོར་པ་ཡིས་མཆོད་པར་བསྒོམ། །ཟས་དང་བཏུང་བ་དེ་བཞིན་གོས།། དེ་བཞིན་དྲི་དང་ཕྲེང་ཁོ་ནས། །རིག་མ་བཞི་ཡིས་རྣམ་བརྒྱན་པའི། །བདག་ནི་ལྷ་ཉིད་བསམ་པར་བྱ། །དེ་ལྟར་བཤད་ནས་རྡོ་རྗེ་དེ། །ཅང་མི་གསུང་བའི་དངོས་པོར་བཞུགས། །དེ་ནས་ལྷ་
193b
མོ་བཞི་རྣམས་ཀྱིས། །ཕྱག་གི་ཐལ་མོ་སྦྱར་གྱུར་ཏེ། །དགྱེས་པས་རབ་ཏུ་ཞལ་བཞད་ནས། །རབ་ཏུ་དང་བའི་སེམས་ཀྱིས་ནི། །རྣམ་པར་མི་རྟོག་པ་ཐོབ་སྟེ། །དང་མི་གསུང་བར་བཞུགས་གྱུར་ཏོ། །ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལས། ལྷ་མོ་སྒྲོལ་མས་ཞུས་པའི་ལེའུ་སྟེ་བཞི་པའོ།། །།ཐམས་ཅད་ཀྱི་གསང་བའི་མཆོག་དམ་པ་གསང་ཆེན་ཞེས་བྱ་བའི་རྒྱུད་ལྷ་མོ་བཞིས་ཡོངས་སུ་ཞུས་པ་དཔལ་ཨོ་ཌྱན་གྱི་ཡུལ་ནས་བྱུང་བ་རྣལ་འབྱོར་མ་ཆེན་མོའི་དེ་ཁོ་ན་ཉིད་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི་ཉིད་ཀྱིས་བསྒྱུར་ཅིང་ཞུས་ཏེ་བཤད་ནས་གཏན་ལ་ཕབ་པ།