rKTs


H425

(e-text produced by ACIP)

see text in transliteration
212b
།།རྒྱ་གར་སྐད་དུ། ཤྲཱི་བཛྲ་ཙཎྜ་ཙིཏྟ་གུ་ཧྱ་ཏནྟྲ། བོད་སྐད་དུ། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད། དཔལ་གཏུམ་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། འོག་མིན་གྱི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་ན་སྐུ་དང ། གསུང་དང ། ཐུགས་དང ། ཡོན་ཏན་དང ། འཕྲིན་ལས་གཟིགས་པའི་བདེ་བར་གཤེགས་པ་ཐམས་ཅད་ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུ་དང ། སྤྲུལ་པའི་སྐུ་དང ། རྡོ་རྗེའི་སྐུ་དང ། མངོན་པར་བྱང་ཆུབ་པའི་སྐུས་འགྲོ་བའི་དོན་མཛད་དོ། །བརྗོད་མེད་དོན་གྱི་གསུང་དང ། དགོངས་པ་བརྡའི་གསུང་དང ། ཚངས་པ་དབྱངས་ཀྱི་གསུང་དང ། དབྱེར་མི་བྱེད་པའི་གསུང་དང ། རིག་པ་བྱིན་གྱིས་བརླབས་ཀྱི་གསུང་གིས་འགྲོ་བའི་དོན་མཛད་དོ། །ཆོས་ཀྱི་དབྱིངས་ཀྱི་ཐུགས་དང ། མེ་ལོང་ལྟ་བུའི་ཐུགས་དང ། མཉམ་པ་ཉིད་ཀྱི་ཐུགས་དང ། སོ་སོར་ཀུན་རྟོག་གི་ཐུགས་དང ། བྱ་བ་གྲུབ་པའི་ཐུགས་ཀྱིས་འགྲོ་བའི་དོན་མཛད་དོ།། གནས་དང ། གདན་ཁྲི་དང ། འཁོར་དང ། འདུལ་བའི་ཞིང་དང ། སྐུ་འོད་ཟེར་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་མཛད་དོ། རྒྱས་པ་དང ། དབང་དང ། དྲག་པོ་དང ། ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཀྱིས་འགྲོ་བའི་དོན་མཛད་དོ། །དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་རིགས་ལྔ་དང་རིགས་གསུམ་ལ་སོགས་པའི་སངས་རྒྱས་ཀྱིས་སེམས་ཅན་འདུལ་བའི་
213a
༄#། །དུས་ལ་བབ་པར་གཟིགས་ནས་མ་ཆགས་པའི་ཐུགས་རྗེས་རྣམ་པ་སྣ་ཚོགས་པའི་སྤྲུལ་པས་འགྲོ་བའི་དོན་མཛད་པའོ། །དེའི་ཚེ་ན་ལྷ་མ་སྲིན་ཤིན་ཏུ་དྲགས་པ་དང་དྲེགས་པའི་རུ་དྲ་ཞེན་ཆགས་ཀྱི་དམན་གནས་པ། ང་རྒྱལ་གྱི་རི་རབ་ལ་གནས་པ། ཕྲག་དོག་གི་རླུང་སེམས་ལ་འཚུབ་པ། གཏི་མུག་མུན་པའི་གཡུང་དྲུང་ན་གནས་པ། དེ་ལྟ་བུ་དག་འདུལ་བའི་དུས་ལ་བབ་པར་གཟིགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་གཅིག་ཏུ་གྱུར་ཏེ་མི་གནས་པའི་ཡེ་ཤེས་ཆེན་པོ་ལས་རྡོ་རྗེའི་རིགས་དང ། བུདྡྷ་རིགས་དང ། རིན་པོ་ཆེའི་རིགས་དང ། པདྨའི་རིགས་དང ། ལས་ཀྱི་རིགས་སུ་གྱུར་ཏེ། སོ་སོའི་ཡུམ་དང་ཆས་ནས་བཞུགས་ཏེ་ཐུགས་འདུས་པའི་ཕྱིན་གྱིས་བརླབས་ལས་ཐམས་ཅད་ཀྱི་རིགས་ཀྱི་སངས་རྒྱས་སྐུ་བཻ་ཌཱུརྱའི་རང་བཞིན་ལྟར་སྔོ་བ། སྔོན་པོ་སྣང་བ། སྔོ་བར་གྱུར་པ། རིན་པོ་ཆེ་ཨིནྡྲ་ནི་ལ་ལྗང་གུ་ལྟ་བུའི་ཁ་དོག་ཏུ་སྣང་བ། ལྕང་ལོ་ཅན་གྱི་ཆ་བྱད། ཕྱག་ན་རྡོ་རྗེ་བསྣམས་ནས་ཐུགས་ཀར་བརྟན་པ་བྱུང་ངོ ། །བྱུང་བར་གྱུར་ཏོ། །དེའི་མཐུ་དང་སྟོབས་ཀྱིས་འཇིག་རྟེན་ན་གནས་པའི་དྲེགས་པ་ཅན་བཏུལ་ཏེ་དམ་ལ་བཏགས་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །དཔལ་རྡོ་རྗེ་གཏུམ་པ་ཐམས་ཅད་གསང་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།ཡང་དེའི་ཚན་ཉོན་
213b
མོངས་པ་ལ་གནས་པའི་སེམས་ཅན་ཞི་བས་མི་འདུལ་བར་གྱུར་པ་དག་གནས་པ་ལས་རིགས་ལྔའི་བཅོམ་ལྡན་འདས་རྣམས་ཀྱིས་གསང་བའི་བདག་པོ་ལ་བཀའ་བསྒོ་བ་སྟེ། ཀྱེ་གསང་སྔགས་དང ། རིག་སྔགས་དང ། གཟུགས་སྔགས་ཀུན་གྱི་བདག་པོ་ཞི་བས་མི་འདུལ་བའི་སེམས་ཅན་ལ་ཐམས་ཅད་ཁྲོས་པའི་ཚུལ་གྱིས་གདུལ་བར་གྱིས་ཤིག་ཅེས་བཀའ་སྩལ་ཏོ། །ོཾ་བཛྲ་པཱ་ཎི་ཀྲོ་དྷ་ཀྲོ་དྷ་ཧཱུཾ་ཧཱུཾ་ཞེས་ཆེད་དུ་བརྗོད་པ་ལན་གསུམ་ཆེད་དུ་བརྗོད་པ་ལས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་སྔོན་པོ་ཅན་མཆེ་བ་གཙིགས་ཤིང་འཚམ་པ། མིག་མ་མ་དག་གི་ཕུང་པོ་ལྟར་འབར་བ། དབུགས་དུར་ཁྲོད་ཀྱི་མེ་ལྟར་འབར་བ། འཇིགས་པའི་ང་རོ་བསྐལ་པའི་དུས་མཐའ་ལྟར་སྒྲོག་པ། ལག་པ་དང་རྐང་པའི་ཀླུའི་རྒྱལ་པོ་ནོར་བུ་དང་ནོར་རྒྱས་ཀྱི་བུས་བརྒྱན་པ། ཀླུའི་རྒྱལ་པོ་ནག་པོ་དང་ཉེ་ནག་པོས་སེ་རལ་ཁར་བརྒྱན་པ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་འབར་བས་རྣ་ཆ་བྱས་པ། སྤྲུལ་གདུག་པ་འབར་བ་ཟ་བ། བྱ་བཞིན་རྒྱས་པ། སྨིན་མ་སེར་ནག་དཔྲལ་བ་ལ་བསྡུས་པ། གཤིན་རྗེའི་ཆ་བྱད་ཅན། ལྕེ་གློག་ལྟར་འགྱུར་བ། གསུས་པོ་ཆེ་སྦྲུལ་ཟ་བ། ལག་པའི་ཐལ་མོ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ། ཀླུའི་རྒྱལ་པོ་འདབ་བཟང་སྐ་རགས་སུ་བཅིངས་པ། ཨ་ལ་ལ་ཞེས་འཇིགས་པར་བྱེད་པ། སྐྲག་པར་བྱེད་པ། རྒྱ་མཚོའི་ཟབས་སུ་དཔག་ཚད་བརྒྱད་ཁྲི་ཡོད་
214a
༄#། །པ་རྐང་པའི་པུས་མོ་ཙམ་དུ་ཕྱིན་པ། དབང་པོ་དང་ཉི་མ་ཕྲག་པ་ལ་ཁུར་བ། ཀླུ་ཐམས་ཅད་བརླག་པར་བྱེད་པ། ཧ་ལའི་གང་རྒྱངས་ཆེན་པོས་དགོད་པས་ཀུན་ཏུ་འཁྲུག་པར་བྱེད་པ། ཁམས་གསུམ་འཇིགས་ཤིང་སྐྲག་པར་བྱེད་པ། ཀླུ་རྣམས་འཆི་བར་བྱེད་པ་ཞིག་བྱུང་སྟེ། རང་གི་གཟུངས་སྔགས་འདི་ཆེད་དུ་བརྗོད་དོ། །ཏདྱ་ཐཱ། བྷོ་བྷོ་བ་ན་ནཱ་ག་ཨ་དྷི་པ་ཏ་ཡེ། ཨི་དཾ་ནཱི་ལཱམྦ་ར་དྷ་ར་ཤ་རཱི་རཾ། བཛྭ་པཱ་ཎི་ཧྲི་ད་ཡཾ། ཡཿ ས་མཱ་ཏི་ཀྲ་མ་ཐ། མུ་ཀུ་ལ་ཨུཏ་ས་ད་ནཾ་བྷ་བི་ཥྡྱ་ཏི། ཏདྱ་ཐཱ། བུདྡྷ་བུདྡྷ་བི་བུདྡྷ་བི་བུདྡྷ། མཱ་ཏི་ཀྲ་མ་ཐཱ། ཧ་ར་ཧ་ར་ནཱ་གཱ་ཎཱཾ། པྲ་ཧ་ར་པྲ་ཧ་ར་ནཱ་གཱ་ནཾ། ཙྪིནྡ་ཙྪིནྡ་གཱ་ཧྲྀ་ད་ཡཱ་ནི། བྷིནྡ་བྷིནྡ་ནཱ་ག་མཱརྨ་ནི། བྷི་ཤཱིརྱནྟུ་ནཱ་ག་ཤ་རཱི་རཾ། བི་སྥོ་ཊ་ཡ་ནཱ་ག་ན་ཡ་ན་ནི། ཏདྱ་ཐཱ་ཧཱུཾ་ཕཊ། ནཱ་ག་བི་དཱ་ར་ཎཱ་ཡ་ཕཊ། ནཱ་གོཏ་སཱ་ད་ནཱ་ཡ་ཕཊ། ནཱི་ལཱཾ་བ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་པ་རཱ་ཀྲ་མཱ་ཡ་ཕཊ། ཀྲྀ་ཏཱནྟཱ་ཡ་ཕཊ། ཀྲྀ་ཏཱ་ནྱ་རཱུ་པཱ་ཡ་ཕཊ། རོ་ཥཎཱ་ཡ་ཕཊ། ཏྲཱ་ས་མཱ་ཡ་ཕཊ། ཀུ་བྷཱཎྜ་ཨུད་སཱ་ད་ནཱ་ཡ་ཕཊ། པྲེ་ཏ་པི་ཤཱ་ཙ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཡཀྵ་ཨ་པསྨ་ར་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦ་བིགྷྞ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། སརྦ་ཤ་ཏྲཱུཾ་སཾ་གྷ། བི་ནཱ་ཤ་ཀ་རཱ་ཡ་ཕཊ། ནཱི་ལཱམ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་བ་ཡ་ཏི་སཝཱཧཱ། དེ་སྐད་ཅེས་བཀའ་སྩལ་མ་ཐག་ཏུ་དྲེགས་པ་ཅན་ཕལ་པ་དག་
214b
རི་མོ་བཞིན་གཡོ་བ་མེད་པར་གྱུར་ཏེ། བརྒྱལ་རབ་ཏུ་བརྒྱལ་བ་ལས་ཕྱིར་དྲན་པས་སངས་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གསང་བའི་བདག་པོ། ཁྱོད་ནི་ཐུགས་རྗེའི་མངའ་བདག་ཀུན་གྱི་མགོན་དང་སྐྱབས་སུ་གྱུར་བ་ལགས་ན། བདག་ཅག་གི་སྡུག་བསྔལ་འདི་ལས་ཐར་པར་མཛད་དུ་ཞེས་གསོལ་ཏོ། །དེ་ནས་དྲེགས་པ་ཅན་དེ་དག་དམ་ལ་བཏགས་ཏེ་དབང་བསྐུར་དམ་ཚིག་ཕོག་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དཔལ་རྡོ་རྗེ་གཏུམ་པོ་ཐམས་ཅད་གསང་བའི་རྒྱུད་ལས། དྲེགས་པ་ཅན་ཕལ་པ་བཏུལ་བའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་འཇིག་རྟེན་གྱི་དྲེགས་པ་ཅན་དག་ཤིན་ཏུ་ཡང་དྲེགས་པར་གྱུར་བ་དག་འདི་ལྟ་སྟེ། ཀླུ་རྒྱལ་རིགས་ཀྱི་རྒྱལ་པོ་རྒྱ་མཚོ་ཞེས་བྱ་བ་དང ། རྗེའུ་རིགས་ཀྱི་རྒྱལ་པོ་ཀུན་ནས་གདུགས་ཞེས་བྱ་བ་དང ། བྲམ་ཟེའི་རིགས་ཀྱི་རྒྱལ་པོ་ཆུ་ལྷ་ཞེས་བྱ་བ་དང ། གདོལ་བའི་རྒྱལ་པོ་ཤཱི་ལ་བུ་ཀ་ར་ཞེས་བྱ་བ་དང ། བདུད་ཀྱི་རྒྱལ་པོ་སྐོས་རྗེ་དྲང་དཀར་དང ། གཟའ་རྒོད་ཆེན་པོ་དང ། དཀར་པོ་བུང་གི་ཐོབ་ཚུགས་ཅན་དང ། བཙན་གྱི་རྒྱལ་པོ་དམར་པོ་སྲོག་ལེན་དང ། གཤིན་རྗེའི་རྒྱལ་པོ་དམིགས་པ་དང ། མ་མོའི་རྒྱལ་མོ་མཁའ་དབྱིངས་ཀྱི་ཡུམ་གཤིན་རྗེའི་སྲིད་མོ་ཕུང་བྱེད་\?\་ལ་སོགས་པ་དང ། ཤིན་ཏུ་དྲེགས་པ་ཅན་གྱིས་འཇིག་རྟེན་ཕུང་བར་བྱེད་པ་དག་མ་ཐུལ་བ་ལས་ལོངས་སྤྱོད་རྫོགས་པའི་སྐུ་ལྔས། ཀྱེ་གསང་བའི་བདག་པོ།
215a
༄#། །དྲེགས་པ་ཕོ་མོ་དག་ཐུལ་བར་མ་གྱུར་ཏེ། ཐམས་ཅད་ཀྱི་ཐབས་ཀྱིས་དྲེགས་པ་ཉོན་མོངས་པ་འདུལ་བར་བྱའོ། །ཞེས་བཀའ་སྩལ་ཏོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་གསང་བའི་བདག་པོ་ལ་འདི་སྐད་ཅེས་གསུངས་སོ། །འཇིག་རྟེན་གྱི་དྲེགས་པ་འདི་དག་འདོད་ཆགས་ལ་གནས་པས་སེམས་ཅན་ལ་རྣམ་པར་འཚེའི། ཀུན་གྱི་ལུས་དང་སྲོག་མ་རླུངས་པར་བྱེད་པས་ཁྱོད་ཀྱིས་ཐམས་ཅད་ཁྲོས་པའི་ཚུལ་གྱིས་ཐུལ་ཅིག་ཅེས་བསྒོའོ། །ཕྱོགས་བཅུའི་ཞིང་ཁམས་རྣམ་པར་དག་པ་ན་བཞུགས་པའི་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་དང ། རིགས་སོ་སོར་ཀུན་ནས་འདུས་པ་རྣམས་ཀྱང་གསུང་གཅིག་གི་ང་རོས་འདི་སྐད་ཅེས་གསུངས་སོ། །གསང་བའི་བདག་པོ། ཁྱོད་ཤིན་ཏུ་ཁྲོས་པའི་ཚུལ་སྟོན་ལ་མ་འཕྱིས་པའི་སྟོབས་ཀྱིས་དྲེགས་པ་ཅན་ཐུལ་ཅིག་ཅེས་བསྒོའོ། །གཞན་ཡང་རིག་སྔགས་དང ། གསང་སྔགས་དང ། གཟུངས་སྔགས་ཀྱི་བདག་པོ་ཐམས་ཅད་འདུས་ཏེ་རིགས་ཀྱི་བདག་པོ་དང ། རིགས་ཀྱི་ཡུམ་དང ། རིགས་ཀྱི་ཁྲོ་བོ་དང ། རིགས་ཀྱི་སྤྲུལ་པ་དང ། རིགས་ཀྱི་ཕོ་ཉ་མོ་ལ་སོགས་པ་ཐམས་ཅད་འདུས་ནས་མགྲིན་གཅིག་ཏུ་བཀའ་སྩལ་པ། གསང་བའི་བདག་པོ། །གདུལ་བྱའི་ཞིང་འདི་དག་ཞི་བའི་ཆ་བྱད་ཀྱིས་མི་འདུལ་བས་ཞེ་སྡང་དང ། གདུག་སེམས་སུ་བཅས་པ། ཉོན་
215b
མོངས་པ་རང་དགའ་མར་སྤྱོད་པ། འདོད་པའི་སྐོམ་གྱིས་གདུངས་པ་འདི་དག་ཁྱོད་ཀྱི་མཐུའི་སྟོབས་ཀྱི་ཤིན་ཏུ་ཁྲོས་པའི་ཆ་བྱང་སྟོན་ལ་མ་འཕྱི་བར་མྱུར་བར་རབ་ཏུ་ཐུལ་ཅིག་ཅེས་བཀའ་བསྒོའོ། །དེ་ནས་སྐུ་མི་སྣང་བ་ཡེ་ཤེས་ཆེན་པོའི་ངང་ལ་བཞུགས་སོ། །དཔལ་རྡོ་རྗེ་གདུལ་པོ་ཐུགས་གསང་བའི་རྒྱུད་ལས། ཁྲོ་བོར་བཀའ་བསྒོ་བའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་རིགས་ལྔ་ཡུམ་གཉིས་སུ་མེད་པའི་མཁའ་ལས་ཐུགས་རྗེའི་ཁྲོས་པའི་ས་བོན་ཧཱུཾ་མཐིང་ནག་ཧ་ལ་ནག་པོའི་མདོག་ལྟ་བུ་འོད་ཟེར་སྣ་ཚོགས་འབར་བ། རབ་ཏུ་འབྱུང་བ། ཀུན་ཏུ་རབ་ཏུ་འབར་བ་དག་བྱུང་སྟེ། དེའི་བྱིན་གྱི་རླབས་ལས་ཐུགས་རྗེའི་བྱིན་གྱི་རླབས་ལས་ཨེ་མཐིང་ནག་དང ། ཡཾ་སྔོན་སྐྱ་དང ། རཾ་ཁཾ་དམར་ནག་དང ། སུཾ་སེར་ནག་དང ། རཾ་དམར་ནག་དང ། ཀེཾ་དཀར་སྐྱ་དང ། སྣ་ཚོགས་པའི་བྷྲུཾ་འཕྲོས་པར་གྱུར་ཏོ། །དེ་དག་གི་འཕྲོ་འདུ་ལས་གྲུ་གསུམ་མཐིང་ནག་ནི་ནམ་མཁའ་དང ། སྔོ་སྐྱ་རླུང་ཟླ་གམ་དང ། དམར་ནག་རཀྟའི་རྒྱ་མཚོ་དང ། སེར་ནག་ཞིང་ཆེན་ས་གཞི་དང ། དཀར་སྐྱ་ཀེང་རུས་རི་རབ་དང ། སྣ་ཚོགས་རིན་པོ་ཆེའི་གཞལ་ཡས་ཁང་མཐིང་ནག་རྡོ་རྗེ་རྒྱ་གྲམ་ལས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་གྱུར་ཏོ། །ཆོས་ཉིད་མི་འགྱུར་ལྷུན་གྱིས་གྲུབ་པའི་ལྟེ་བ་མཐིང་ནག་ཟླུམ་པོ་འཕྲིན་ལས་རྣམ་པ་བཞིས་ལྷུན་གྱིས་གྲུབ་པའི་རྒྱ་གྲམ་གྱི་རྩེ་མོ་ཕྱོགས་བཅུར་འཕྲོ་བ། བར་
216a
༄#། །མཚམས་རིན་པོ་ཆེ་སྣ་བཞི་ལས་ལྷུན་གྱིས་གྲུབ་པ། གྲུ་ཆད་རིན་པོ་ཆེ་ལྗང་གུར་སྣང་བ། སྒོ་བཞི་རིན་པོ་ཆེ་སྣ་བཞི་ཚད་མེད་པ་བཞིའི་འཕྲིན་ལས་སུ་སྣང་བ།་སྣ་ཚོགས་ཀྱི་རྒྱན་རང་བཞིན་དུ་སྣང་བ་རང་བྱུང་བར་གྱུར་ཏོ། །དེ་ནས་ཧཱུཾ་མཐིང་ནག་ཁྲོ་བོའི་ས་བོན་དེ་ལས་སྣ་ཚོགས་རྡོ་རྗེ་ཕྲ་མོའི་འོད་ཚ་ཚ་ལྟར་འཕྲོ་བ། རྡོ་རྗེ་ཕྲ་མོའི་འོད་ཟེར་ལས་རྡོ་རྗེ་ལྕགས་ཀྱུ་ཕྲ་མོ་བསམ་གྱིས་མི་ཁྱབ་པས་འཇིག་རྟེན་གྱི་དྲེགས་པ་ཅན་ཀུན་དང ། སྲོག་ལ་རྔམ་པའི་སྲིན་པོ་ཕོ་མོ་སྣ་ཚོགས་པ་བཀུག་སྟེ་གཞལ་ཡས་ཁང་གི་ཕྱི་རོལ་ཏུ་ཤིང་རྩ་བ་ནས་བསྒྱེལ་བ་བཞིན་དུ་གྱུར་ཏེ་རི་མོ་བཞིན་གཡོ་བ་མེད་པར་གྱུར་ཏོ། །མཐུའི་བྱིན་གྱི་རླབས་ཀྱིས་འཁོར་ལོའི་ལྟེ་དབུས་སུ་རྡོ་བ་བསྒྱུར་བ་བཞིན་དུ་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་སྟི་ར་བཾ་ཞེས་བརྗོད་པས་སྲིན་པོ་ཕོ་མོ་དྲན་པ་རྙེད་དེ་མདུན་དུ་གྱུར་ཏོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། གཞལ་ཡས་ཁང་ལྷུན་གྱིས་གྲུབ་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཐུགས་རྗེ་ཁྲོས་པའི་ཧཱུཾ་མཐིང་ནག་འོད་འབར་བ་ལས་དེ་བཞིན་གཤེགས་པ་ཀུན་གསུང་གཅིག་གིས་ཨ་བྷི་རོ་ཥ་ཎ་ཧཱུཾ་ཞེས་གསུངས་པ་ལས་ཁྲོ་གཉེར་བསྡུས་ཤིང་ཞལ་བགྲད་པས་དུག་གསུམ་རྩད་ནས་གཅོད་པའི་མཆེ་བ་ཟུར་གསུམ་གཙིགས་པ། དེ་ལྟར་
216b
འབར་བའི་ཆ་བྱད་དུ་སྣང་བ་ཞིག་བྱུང་སྟེ། འཇིག་རྟེན་གྱི་ཁམས་ཆེན་པོ་གསུམ་གཡོས། རབ་ཏུ་གཡོས། ཀུན་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་པར་གྱུར་ཏོ། །དཔལ་རྡོ་རྗེ་གཏུམ་པོ་ཐམས་ཅད་གསང་བའི་རྒྱུད་ལས། འབར་བའི་ཁྲོ་བོ་ཁྲོས་པའི་ཚུལ་དུ་བསྐྱེད་པའི་ལེའུ་སྟེ་ལྔ་པའོ།། །།དེའི་ཚེ་དེའི་དུས་ན་དུས་གསུམ་གྱི་ཐེག་པའི་བདག་པོ་ཐམས་ཅད་འདུས་ཏེ། ཡེ་ཤེས་ཀྱི་མཁའ་གསང་བའི་བུམ་པས་འབར་བའི་ཁྲོ་བོ་དེའི་ལུས་ཀུན་བཀྲུས་ཏེ་ཡེ་ཤེས་ཀྱི་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར་རོ། །དག་པར་འཁྲུ་བར་བྱེད་པའི་ཉེ་ཤིང་བ་དང ། སྒྲིབ་པ་སྦྱོང་ཞིང་ཀུན་ཏུ་སྐྱོབ་པར་བྱེད་པའི་ཕུར་མོའི་ཐལ་བ་དང ། ཆོས་ཉིད་ཀྱི་རྩ་དང ། ཡེ་ཤེས་ཀྱི་བཅུད་མར་ལ་སོགས་པས་འགྲོ་བ་རྣམས་ཀྱི་ཚུལ་དང་ལྡན་པའི་ཕྱིར་དབང་བསྐུར་རོ། །ཡེ་ཤེས་ཀྱི་ཁྲོ་བོ་དེ་ལུས་ལ་སིམ་ཞིང་རྒྱས་ཏེ་བདེ་བ་སྐྱེས་པར་གྱུར་ཏོ། །དེ་ནས་རིགས་ཐམས་ཅད་ཀྱི་བདག་པོ་སངས་རྒྱས་ལྔ་ཡུམ་དང་བཅས་པས་བདེ་བ་ལ་སྙོམས་པར་ཞུགས་ཏེ་གཉིས་སུ་མེད་པའི་མཁའ་ལས་ཡེ་ཤེས་ཀྱི་ཡིག་འབྲུ་ཀིཥཾ་མཐིང་ག་དང ། ཀིཥཾ་དཀར་མོ་དང ། ཀིཥཾ་སེར་པོ་དང ། ཀིཥཾ་དམར་པོ་དང ། ཀིཥཾ་ལྗང་གུ་དང ། ཀིཥཾ་སྣ་ཚོགས་ཀྱི་མདོག་ཏུ་སྣང་བ་དག་ཐོན་ཏེ་གསུང་གཅིག་གིས་སྐྱེད་སྐུལ་གྱི་སྔགས་བཀའ་སྩལ་པ། ཧཱུཾ་ཨེ་ཡཾ་རཾ་ཁཾ་སུ་རཾ་ཀེཾ་བྲུཾ། ཨ་བྷི་རོ་ཥ་ཎ་ཧཱུཾ། ཨོཾ་ཉི་མ་ས་སླ་ལ་ནཱཾ་ག་རུ་ཌ་ཙ་ལེ་ཙ་ལེ་
217a
༄#། །ཧཱུཾ་ཕཊ། ཅེས་གསུངས་པ་ལས་ཡེ་ཤེས་ལས་སྤྲུལ་པ་ཁྱུང་མཐིང་ག་དང ། དཀར་པོ་དང ། སེར་པོ་དང ། དམར་པོ་དང ། ལྗང་གུ་དང ། སོ་སོ་ནས་སྣ་ཚོགས་པ་འདུས་པའི་ཁྱུང་ལུས་དཀར་བ། གཤོག་པ་སྔོ་བ། རཝ་ཡེ་ཤེས་སྤུ་གྲི་འབར་བ། གདུག་པ་ཅན་འདྲེན་ཅིང་ཟ་བ། འབར་བའི་ཁྲོ་བོའི་ཐུགས་རྗེ་ལ་གནས་པར་གྱུར་ཏོ། །ལུས་ཁ་དོག་ལྔ་ལ་མཆུ་གནམ་ལྕགས་ཀྱི་རྡོ་རྗེ་ལས་གྲུབ་པ། གཤོག་པ་ནམ་མཁའི་མཐའ་མ་ཁེབས་པ། མིག་གསེར་ཞུན་མ་བཞིན་དུ་སྣང་བ། གདུག་པའི་སྤྲུལ་རིགས་བཞི་སོ་སོར་ཟ་བ་དག་སྤྱི་གཙུག་དང ། དཔྲལ་བ་དང ། རྣ་ལྟག་གཡས་གཡོན་དང ། དབུའི་ལྟག་ཁུང་ལ་སོགས་པར་གནས་སོ། །རིགས་སོ་སོ་ཕྱག་མཚན་སོ་སོས་དབང་བསྐུར་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱི་བདག་པོས་འཁོར་ལོ་སྤྱི་གཙུག་ཏུ་བྱིན་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སཝ་བྷཱ་ཝ་ཨཱཏྨ་ཀོཉཧཾ། ཞེས་གསུང་ཞིང་འཁོར་ལོ་བྱིན་ནོ། །གསུང་གི་རིགས་ཀྱི་བདག་པོས་ཀྱང ། ཱཿ སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སཝ་བྷཱ་བ་ཨཱཏྨ་ཀོཉཧཾ། ཞེས་གསུང་ཞིང་ཆོས་ཀྱི་འཁོར་ལོ་མགྲིན་པར་བཞག་གོ་།ཐུགས་ཀྱི་རིགས་ཀྱི་བདག་པོས་ཀྱང ། ཧཱུཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སཝ་བྷཱ་ཝ་ཨཱཏྨ་ཀོཉཧཾ། ཞེས་ཐུགས་ཀར་རྡོ་རྗེ་བཞག་གོ་།ཡོན་ཏན་གྱི་རིགས་ཀྱི་བདག་པོས་ཀྱང ། སཝཱ་སརྦ་ཏ་ཐཱ་ག་ཏ་རཏྣ་གུ་ཧྱ་ཨ་བྷི་ཥིཉྩ་མཱཾ།
217b
ཞེས་རྒྱ་གྲམ་དང་ལྟེ་བར་རིན་པོ་ཆེ་འབར་བ་བཞིག་གོ་།ལས་ཀྱི་རིགས་ཀྱི་བདག་པོས་ཀྱང ། ཧཱ་སརྦ་ཏ་ཐཱ་ག་ཏ་ཀརྨ་གུ་ཧྱ་ཨ་བྷི་ཥིཉྩ་མཱཾ། ཡེ་ཤེས་ཀྱི་ཁྲོ་ཆུང་སྐུ་ཆུང་ལ་སྤྱན་ཆེ་བ། རྡོ་རྗེ་དང་སྡིགས་མཛུབ་འཛིན་པ། དཀར་པོ་དང ། དམར་པོ་དང ། སེར་པོ་དང ། ལྗང་གུ་དང ། མཐིང་ག་ལ་སོགས་ཏེ་སྣ་ཚོགས་པའི་ཁྲོ་ཆུང་ཐོན་ནོ། །ཐོན་པར་གྱུར་ཏོ། །དེ་དག་གི་བྱིན་གྱི་རླབས་ཀྱིས་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་པར་གྱུར་ཏོ། །སྲེག་པའི་བསྐལ་བའི་སྒྲ་ཙམ་ཡང་གྲག་པར་གྱུར་ཏོ། །དེ་དག་ཚུར་འདུས་ཤིང་ནམ་མཁའ་ལ་བབས་ནས་འཁོར་ལོ་འབར་བའི་ལྟེ་དབུས་སུ་གནས་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གཅིག་གིས། རོ་ཥ་ཎ་ཡཀྵ་གྲྀཧྞ་གྲྀཧྞ་ཕཊ་ཅེས་གསུངས་པ་ལས་ཡེ་ཤེས་ཀྱི་ཁྲོ་བོ་སྐུ་དུག་ཧ་ལ་ནག་པོའི་མདོག་ལྟར་འཚེར་བ། ཡེ་ཤེས་རྔམ་པའི་སྤྱན་གསུམ་བསྐལ་པའི་གློག་ལྟར་འཁྱུག་ཅིང་གདུག་པ་ཉི་མའི་འོད་ཟེར་བཞིན་གང་ལ་བལྟས་པ་བརླག་ནུས་ཤིང་ཚ་བ། སྨིན་མ་རྔམ་པའི་གློག་དྲག་པོ་བཞིན་སེར་ནག་ཏུ་འབར་བས་གཏི་མུག་དང ། ཉོན་མོངས་པའི་མུན་པ་སེལ་བར་བྱེད་པ་དང ། སྨ་ར་སེར་ནག་ལ་ཡེ་ཤེས་ཀྱི་མེ་འབར་བ། ཉོན་མོངས་པའི་བག་ཆགས་སྲེག་པ། ཉོན་མོངས་པ་གཏི་མུག་འཇོམས་པར་བྱེད་པའི་གླང་པོ་ཆེའི་ཀོ་རློན་གསོལ་བ། ཉོན་མོངས་པའི་ཞེ་སྡང་འདུལ་བའི་
218a
༄#། །རྟགས་སུ་གཅན་གཟན་གྱི་རྒྱལ་པོ་སྟག་གི་ཤམ་ཐབས་བགོས་པ། ཉོན་མོངས་པ་ཕྲག་དོག་འདུལ་བར་བྱེད་པའི་གཟིག་གི་མགོ་བོས་བརྒྱན་པ། ཉོན་མོངས་པའི་འཁོར་བ་མ་སྤངས་པས་ཞིང་ཆེན་གྱི་གཡང་གཞི་གསོལ་བ། སྦྲུལ་དཀར་ཁྲས་དབུ་བརྒྱན་པ། སེར་ཁྲས་མགུར་ཆུ་བྱས་པ། དམར་ཁྲས་ཕྱག་གདུབ་བྱས་པ། ལྗང་ཁྲས་སྐེད་བཅིངས་བྱས་པ། ནག་ཁྲས་ཞབས་གདུབ་བྱས་པ། དུག་གསུམ་ངང་གིས་མི་སྤོང་བར་ཉོན་མོངས་པའི་ཤ་ཁྲག་གསོལ་བ། སྐུ་དང་གསུང་དང་ཐུགས་དང་ལྡན་བའི་ཐོད་པ་སྐམ་པོ་དང ། རློན་པ་དང ། ནེ་ཕྲེང་གིས་སྐུ་ལ་བརྒྱན་པ། ཆོས་ཉིད་སྐྱེ་བ་མེད་པའི་དོན་དང་ལྡན་ཞིང་འཁོར་བ་ཁྲག་ཞག་དང་འདྲ་བ་ལ་ཐུགས་རྗེས་གཟིགས་པའི་ཕྱིར་ཞག་གི་ཟོ་རིས་ཀྱིས་སྐུ་ལ་བརྒྱན་པ། ཐེག་པ་ཆེན་པོའི་དབང་གིས་ཐམས་ཅད་འདུལ་བའི་ཕྱིར་ཐལ་ཆེན་གྱི་ཚོམ་བུས་སྐུ་ལ་བརྒྱན་པ། ཆོས་ཉིད་སྐྱེ་བ་མེད་པའི་དོན་དང་ལྡན་ཞིང་དབུ་འབར་བར་ཆ་བྱད་དུ་སྣང་སྟེ། དབུ་སྐྲ་སྔོ་ནག་ལ་རལ་པའི་ཅོད་པན་གྱིས་བསྒྱིངས་པ། ཞབས་གཡས་པ་བརྗིད་པའི་ཚུལ་གྱིས་བསྐུམ་ནས་གནས་པ། ཞབས་གཡོན་པ་དྲག་པོའི་ཚུལ་གྱིས་བགྲད་ནས་གནས་པ། སྲོག་ལ་རྔམ་པའི་སྲིན་པོ་ཕོ་མོ་བརྫིས་པ། ཕྱག་གཡས་པ་ན་རྡོ་རྗེ་རྩེ་ལྔ་རྡེག་པའི་ཚུལ་དུ་འཛིན་པ། གཡོན་པ་ན་སྡིགས་པའི་མཛུབ་མོ་
218b
འཕྱར་བ་དག་ཏུ་སྣང་བ་ཞེས་རྒྱ་གྲམ་དང ། རལ་གྲི་འབར་བས་ཡན་ལག་བཞི་ལ་ལས་ཀྱི་བྱེད་པ་པོར་དབང་བསྐུར་རོ། །དམ་རྫས་བདུད་རྩི་རྣམ་པ་ལྔས་དབང་བསྐུར་ནས་འཕྲིན་ལས་ཐམས་ཅད་ཀྱི་བྱེད་པ་པོར་དབང་བསྐུར་ཏེ། དེ་ཡང་གཉིས་སུ་མེད་པའི་རོལ་པས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐེག་པ་གསང་བའི་རྒྱུད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འབར་བའི་ཁྲོ་བོ་ལ་དབང་བསྐུར་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་དཔལ་རྡོ་རྗེ་གཏུམ་པོ་ལག་ན་རྡོ་རྗེས་སྡིགས་མཛུབ་ནི། བསྒྲེང ། རྡོ་རྗེ་ནི། སྦར་ནས་འབར་བའི་ཁྲོ་བོའི་ལྟ་བས་ཀུན་ཏུ་བལྟས་ཏེ་སྤྱན་ནི། བཟློག་།ཞལ་ནི། བགྲད་ནས་རྔམ་པའི་སྒྲ་སྐད་ནི། ཧ་ཧ། ཧཱུཾ་ཧཱུཾ། ཨ་ལ་ལ། ཨཾ་ཨཾ། དྷི་དྷི། ཧོ་ཧོ་ཞེས་པའི་བྱིན་རླབས་ལས་ཕྲག་པ་གཉིས་རབ་ཏུ་འབར་ཏེ་རྡོ་རྗེ་ཁྲོ་བོ་དཀར་བ། རྣམ་པར་དཀར་བ་དག་མཐའ་ཡས་པ་ཐོན་ཏོ། །དཔྲལ་བ་རྣམ་པར་འབར་བ་ལས་ཁྲོ་བོ་མཐིང་ག་སྣ་ཚོགས་པ་ཐོན་ཏོ། །མགྲིན་པ་རབ་ཏུ་འབར་བ་ལས་ཁྲོ་བོ་དམར་པོ་རྣམ་པར་དམར་བ་དག་ཐོན་ཏོ། །ཐུགས་ཀ་རབ་ཏུ་འབར་བ་ལས་རྡོ་རྗེ་ཁྲོ་བོ་ནག་པོ་རབ་ཏུ་འབར་བ་སྣ་ཚོགས་པ་ཐོན་ཏོ། །སྐུ་ལྟེ་བ་རབ་ཏུ་འབར་བ་ལས་ཁྲོ་བོ་ལྗང་གུ་རབ་ཏུ་འབར་བ་དག་ཐོན་ཏོ། །འབར་བའི་ཁྲོ་བོ་དེ་དག་ཀྱང་འབར་བ། རབ་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་བ། མེ་ལྕེ་ལྟ་བུ་སྟེ། ཤིན་ཏུ་རྔམ་པ། ཤིན་ཏུ་འཇིགས་པ། དགོད་པའི་མདོག་
219a
༄#། །ཏུ་སྣང་བ། ལོག་སྲེད་ཅན་དག་ལ་གཤེ་བའི་མདོག་ཏུ་སྣང་བ། ཐམས་ཅད་ཐུགས་རྗེ་ཆེན་པོས་ཀུན་ལ་ཁྱབ་པ། ཐུགས་ཞི་བ་དང ། རྒྱས་པ་དང ། དབང་དང་དྲག་པོ་དང ། འཕྲིན་ལས་བཞིས་སྐུའི་དངོས་པོ་ཤིན་ཏུ་བསྒྱུར་ཏེ་འགྲོ་བའི་དོན་མཛད་དོ། །ཞལ་ནས་རྔམ་པའི་སྒྲ་སྒྲོག་པ་དེ་དག་ཀུན་ཀྱང་ཁྲོ་བོའི་སྟང་སྟབས་དང ། མཆོང་པ་དང ། འགྱིང་པ་དང ། རྩེ་བ་དང ། སྤྱན་བགྲད་པ་དང ། མཆེ་བ་གཙིགས་པ་དང ། ཁྲོ་གཉེར་མི་བཟད་པ་གཙིགས་པ་ཤིན་ཏུ་མི་བཟད་པའི་ཁྲོ་བོར་སྤྲུལ་ཏེ་རྩི་མཆོག་གི་རྒྱལ་པོ་མ་གི་ཏའི་དྲིར་ལྡན་པས་གདུག་པ་ཅན་ཀུན་གྱི་སྙིང་རབ་ཏུ་རུལ་པར་བྱེད་པ་དེ་ལྟ་བུའི་འབར་བའི་ཁྲོ་བོ་དེ་དག་སྤྲུལ། རབ་ཏུ་སྤྲུལ་པར་གྱུར་ཏོ། །དེ་ནས་རྔམ་པའི་གསུང་གིས་དྲག་པོའི་སྔགས་བཀའ་སྩལ་པ། ཨོཾ་བཛྲ་ཙཎྜ། ཨོཾ་པི་པུ་ལི། ཨོཾ་བཛྲ་ཙཎྜ་པྲ་བ་ར་ནཱ་ག་།ོཾ་བཛྲ་ཙཎྜ་མ་ཧཱ་ནཱ་ག་ཧྲྀ་ད་ཡ། ཨཱ་བརྟེ། ཛྭ་ལ་ཛྭ་ལ། སརྦ་ནཱ་ག་ཧྲྀ་ད་ཡཱ་ནི། ཨཱ་ཝརྟེ་ཛྭ་ལི། སརྦ་ནཱ་ག་ཧྲྀ་ད་ཡཱ་ནི། ཀི་མི་ཀི་མི། ནཱ་ག་ཀུ་ལ་ནི་བི་དྷྭཾ་ས་ནི། ཧ་ན་ཧ་ན། སརྦ་ནཱ་ག་དུཥྚཾ། ཧྲྀ་ད་ཡཱ་ནི། ད་ཧ་ད་ཧ། སརྦ་དུཥྚན་ནཱ་ག་བནྡྷ་ནི། པ་ཙ་པ་ཙ། པ་ཙ་ཡ་པ་ཙ་ཡ། སརྦ་དུཥྚཾ་ནཱ་ག་ནཱཾ། ཨ་ཀྲ་མ་ཨ་ཀྲ་མ། སཱུ་ཏྲ་མ་ས་ཀ་ར་བི་མ་ལི། བི་ཀྲ་མ། མ་ཧཱ་ནཱ་ག་ཏེ་ཛ་བ་རེ་སཝཱཧཱ། ཞེས་པས་དེ་དག་ཐམས་ཅད་ཡུར་ཡུར་པོར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་
219b
པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་པར་གྱུར་ཏོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། དབང་དུ་བསྡུས་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་དྲེགས་པ་ཅན་དེ་དག་ཟིལ་གྱིས་མནན་པའི་ཕྱིར་རྡོ་རྗེ་ནམ་མཁའ་ལ་གསོར་བས་དྲེགས་པ་ཅན་དེ་དག་ཤིང་ལོ་རླུང་གིས་བསྐྱོད་པ་བཞིན་ནོ།། དེ་ནས་རྔམ་པའི་གསུང་དང ། བརྗིད་པའི་སྐུ་ལས་འདི་སྐད་གསུངས་སོ། །ཁྲོ་བོའི་རྒྱལ་པོ་ང་ཉིད་ཀྱིས། །སྲིད་པ་གསུམ་ན་གནས་པ་ཡང ། །ཐམས་ཅད་མ་ལུས་ཟིལ་གྱིས་མནན།། རིགས་བཞི་ཀླུ་རྒྱལ་འཁོར་དང་བཅས། །གཟི་བྱིན་དྲག་པོས་མནན་པར་བྱ། །ང་ནི་མཐུ་སྟོབས་བདག་པོ་སྟེ། །རྔམ་པའི་གསུང་དང་བརྗིད་པའི་སྐུ། །ཕྱག་རྒྱ་དྲག་པོས་ཟིལ་གྱིས་མནན།། ཞེས་ཆེད་དུ་བརྗོད་པ་བརྗོད་ནས་བརྗིད་གནོན་གྱི་ཕྱག་རྒྱ་ཞེས་བྱ་བ་བཅས་ཏེ་ཕྱག་སོར་མོ་བསྣོལ་ཏེ་མཐེ་བོང་གཉིས་དང་མཐེ་ཆུང་གཉིས་སོ་སོར་རྩེ་སྤྲད་ནས་བརྐྱང་ངོ ། །ཕྱག་གི་མཐིལ་འཁོར་ལོ་ཅན་ཡང་ཐུར་དུ་བསྟན་ཏེ་ཤིན་ཏུ་མི་བཟད་པའི་སྔགས་བཀའ་སྩལ་པ། ཨོཾ་བཛྲ་ཙཎྜ་བཛྲ་པཱ་ཎི་ཧཱུཾ་ཧཱུཾ། ག་རུ་ཌ་བྷཀྵེ་ཧཱུཾ་ཧཱུཾ། ཛེཾ་མཱ་ལ་བ་རི་ཙི། ཙི་སྲི་ཙ་ཧཱུཾ་ཕཊ། ཅེས་ཆེད་དུ་བརྗོད་པས་དྲེགས་པ་ཅན་དང་ཀླུ་ཐམས་ཅད་མྱོས་རབ་ཏུ་མྱོས་ནས་བཀའ་བཞིན་བགྱིའོ། །ཞེས་གསོལ་ཏོ། །དེ་དག་ཐམས་ཅད་ཀྱང་མྱོས་པའི་ཆུ་དྲག་པོ་འཐུངས་པ་ལྟ་བུའམ།
220a
༄#། །སྐྱེས་བུ་གཉིད་ཀྱིས་གདུངས་པ་ལྟ་བུ་སྟེ། དེ་དག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་པ། ཀྱེ་མ། གསང་བའི་བདག་པོ་བཅོམ་ལྡན་འདས། རིག་སྔགས་བདག་པོ་ཁྲོ་བོའི་རྒྱལ། །ཁྱོད་ཀྱི་རིག་སྔགས་དམོད་པ་ཡིས། །ཤིན་ཏུ་མི་བཟད་རབ་ཏུ་མྱོས། །འབངས་སུ་མཆི་ཞིང་བཀའ་བཞིན་འཚལ། །ཐུགས་རྗེ་ཅན་གྱིས་བདག་ཅག་ལ། །རབ་ཏུ་དགོངས་ཤིང་འབངས་སུ་མཆི། །སླད་མ་རྣམས་ལ་འཚེ་མི་བགྱིད། །ཅེས་དམ་བཅས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། དྲེགས་པ་ཅན་ཟིལ་གྱིས་མནན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་སུམ་ཅུ་རྩ་གསུམ་གྱི་ལྷའི་སྡེ་དཔོན་ཆེན་པོ་བརྒྱ་བྱིན་ཞེས་བྱ་བ་ག་ལ་བ་དེར་འོངས་ཏེ་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་པས་མཆོད་ནས་རྡོ་རྗེ་ཁྲོ་བོ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཁྲོ་བོའི་བདག་པོ་ཆེན་པོ། །དྲེགས་པ་གདུག་པ་ཅན་འདི་དག་ནི། ཤིན་ཏུ་མ་རུངས་པར་གྱུར་ན། འདི་དག་བྲིད་ནས་བསྟན་པ་གནས་པའི་ཐབས་ཀྱི་སྤྲོ་བ་མཛད་དུ་གསོལ་ཞེས་གསོལ་བ་ལས། ལྷའི་དབང་པོ་ཉོན་ཅིག་།ཀླུ་རྣམས་ཀྱི་རྫས་རྣམས་རྫས་སྣ་ཚོགས་པ་བསགས་ལ། བདག་ཉིད་ཀྱི་ལུས་དག་ཅིང་གཙང་བར་བྱས་ལ་ལོངས་མ་སྤྱད་པའི་རས་དཀར་པོ་བགོས་ཏེ་མངར་བ་དང་གསུར་བའི་དྲི་ཞིམ་པོ་དང་ལྡན་པའི་ཐིག་ལེས་ལུས་བྱུགས་ལ་བུ་རམ་དང །
220b
ཤ་ཁ་ར་དང ། སྦྲང་རྩི་མུར་བར་བྱས་ལ་ཞག་བདུན་ནམ་དགུའི་གོང་ནས་ཁ་ཟས་ངན་བ་སྤང་བར་བྱའོ། །ལུས་ཀྱི་རྣམ་པ་ལ་རྨ་བྱའི་སྒྲོ་ལྔ་བཙུགས་ཏེ་ཤེས་རབ་ཅན་གྱིས་བྱའོ། ། ཀླུའི་སྨན་སྣ་ཚོགས་པ་དང་འཇམ་པའི་འབྲུ་བསྲེས་པའི་ཕྱེ་མ་མངར་བའི་ཆུས་སྦྲུས་ཏེ་རི་ལུ་ཤ་རྟུག་གི་འབྲུ་ཙམ་བརྒྱ་རྩ་བརྒྱད་བྱའོ། །ཀླུ་སྨན་རྣམ་པ་ཐ་དད་པ་ཡང་བླུགས་ཏེ་དཀར་གསུམ་ལ་སོགས་པ་དང་ལྡན་པར་བྱའོ། །དེ་ནས་ཐུགས་རྗེ་ཆེན་པོས་གཟིགས་ཏེ། ཀླུའི་རྒྱལ་པོ་འཁོར་དང་བཅས། །དགའ་དང་གུས་པས་སྤྱན་འདྲེན་གྱི། །བརྩེ་ཞིང་གདུངས་པས་ཚུར་ཤོག་ཅིག་།དགའ་ཞིང་གུས་པས་མངན་མི་སེམས། །ཀུན་ཀྱང་བརྩེ་བས་ཚུར་ཤོག་ཅིག་།ཅེས་བཀའ་སྩལ་པས་དེ་དག་ཀུན་གྱི་དབང་པོ་ཀུན་ཀྱང་ཤིན་ཏུ་དྭངས་པར་གྱུར་ནས་ཤ་རིད་ལ་སྦྲང་མ་འདུས་པ་ལྟ་བུ་སྟེ། ཀུན་ཀྱང་དགའ་བའི་མདངས་དང་ཆས་ནས་གང་ན་བ་དེར་འཁོད་དོ། །སྔགས་བཀའ་སྩལ་པ། ནཱ་ག་རཱ་ཛ་ས་མ་ཡ་སཝཱཧཱ། ཞེས་བཀའ་སྩལ་པས། ཀུན་ཀྱང་ཚིམ་པར་གྱུར་ཏོ། །དེ་དག་ཀུན་གྱིས་ཀྱང་མགྲིན་གཅིག་གིས་དམ་ཚིག་གི་རིམ་པ་ཕུལ་བ། དཔའ་བོ་ཆེན་པོ་ཁྲོ་བོའི་བདག་།ཁྱོད་ཀྱི་བཀའ་ལས་འདས་གྱུར་ན། །བདག་ཅག་རྣམས་ཀྱི་མགོ་ལུས་སྙིང ། །དུམ་བུར་གས་ནས་རུལ་བར་ཤོག་།ཏདྱ་ཐཱ། ཨོཾ་ཙ་ཊཱ་ཙ་ཊཱ། བི་ཙི་ཊུ། ཤ་ཐ་ཤ་ཐ། སཝ་ཙ་རཱ་ཙི་ཏེ་སཝཱཧཱ། ཞེས་གསོལ་ཏོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་
221a
༄#། །རྒྱུད་ལས། གདུག་པ་ཅན་བཀའ་ལ་བཏགས་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་དབང་པོ་ཆེན་པོས་གསོལ་པ། །ཀྱེ་རྡོ་རྗེ་ཁྲོ་བོ་དག་།དྲེགས་པ་ཅན་འདི་དག་ཤིན་ཏུ་མ་རུངས་པར་གྱུར་ན། ལ་ལ་ནི། རུས་པ་ཆག་ཅིང་གྲུགས། །ལ་ལ་དག་ནི། ཚེའི་འདུ་བྱེད་མཐའ་ལ་གཏུགས་སུ་ཉེ། ལ་ལ་དག་ནི། ནམ་མཁའ་ལྡིང་དབུའི་གཙུག་ཏོག་ན་གནས་པས་ལེན་པའི་སྡུག་བསྔལ་གྱིས་གཟིར། ལ་ལ་དག་ནི། ཁྲག་བསྐམས། ལ་ལ་དག་ནི། སེན་མོ་དང་ཡན་ལག་ཆག་།ལ་ལ་དག་ནི། གཏི་མུག་གི་གཉིད་ལོག་པས་བྱང་ཆུབ་ཀྱི་སྙིང་པོ་མི་ཤེས། ལ་ལ་དག་ནི། རྩ་དང་རྒྱུས་པ་ཆད་དེ་ནད་རྣམ་པ་སྣ་ཚོགས་ཀྱིས་གདུངས། ལ་ལ་དག་ནི། ལུས་ཀུན་ཚ་བའི་ནད་ཀྱིས་ཉམ་ཐག་།ལ་ལ་དག་ནི། རྩེ་ཤིང་མིང་ཡང་མི་གྲག་།ལ་ལ་དག་ནི། ཉོན་མོངས་པ་རྒྱས་ཏེ་སེམས་བསྐྱེད་པ་རྗེས་སུ་དྲན་ཡང་དེ་བཞིན་གཤེགས་པའི་ཞལ་མི་མཐོང ། ལ་ལ་དག་ནི་།ཡི་དྭགས་ཀྱི་ཁམས་ལྟ་བུ་སྟེ་ཁ་ཟས་ཀྱི་སྐལ་བ་དང་མི་ལྡན་ན། འདི་དག་གསོ་བའི་ཐབས་བཀའ་སྩལ་དུ་གསོལ་ཞེས་གསོལ་པ་ལས། ལྷའི་དབང་པོ་དག་།དབང་པོའི་ལག་པས་ནི། ལག་པ་ཆད་པ་སོས་པར་འགྱུར་རོ། །ཆུ་སྲིན་སྡེ་མོས་ནི། སེན་མོ་ཆག་པ་སོས་པར་འགྱུར་རོ། །ནཱ་ག་གེ་སར་གྱིས་ནི། བྱང་ཆུབ་ཀྱི་སེམས་བསྐྱེད་པ་རྗེས་སུ་དྲན་པར་འགྱུར་
221b
རོ། །ནཱ་ག་པུཥྤ་ས་ནི། ཀླུའི་གནས་མེ་ཏོག་གི་ནགས་ཚལ་དུ་འགྱུར་རོ། །གུ་གུམ་གྱི་དྲི་ཆེན་པོས་ནི། དེ་མ་ཡིན་པ་ཐམས་ཅད་བསྲེགས་ནས་ཀླུའི་སྣ་ལ་བསྣམས་པ་ཙམ་གྱིས་སྔོན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དྲན་པར་འགྱུར་རོ། །འབྲས་ཡོས་ཀྱིས་ནི། ཀླུའི་ནད་ཐམས་ཅད་འཚོ་བར་འགྱུར་རོ། །ཐང་ཀ་བྱ་རྒྱུས་སྤྲུ་ཤེལ་གྱིས་ནི། རྩ་རྒྱུད་ཆད་པ་སོས་པར་འགྱུར་རོ། །ག་པུར་གྱིས་ནི། རྩ་བའི་ནད་སོས་ནས་ལུས་ཀྱི་བཅུད་ཀུན་ཚིམ་པར་བྱེད་དོ། །དར་ལེ་བརྒན་གྱིས་ནི། ཀ་རུ་ནས་འཇིགས་པ་ལས་སྐྱོབ་པར་བྱེད་དོ། །མཚན་དང ། བྱེ་ཚན་དང ། གཅེར་བུ་དང ། རྒྱལ་པོའི་ཆད་པ་དང ། ས་གཡོ་བ་དང ། གཞན་གྱི་རིག་སྔགས་ཀྱིས་གནས་འགུལ་བ་དང ། ཕུར་བུས་འདེབས་པ་ལས་ཐར་པར་བྱེད་དོ། །མཚལ་གྱིས་ཁྲག་བསྐམས་པ་སོས་པར་བྱེད་དོ། །དུང་གིས་རུས་པ་ཆག་པ་སོས་པར་བྱེད་དོ། །རས་སྐུད་དམར་པོས་ནི། །སྲོག་འགགས་པ་ཚངས་པའི་ཚེ་དང་ལྡན་པར་བྱེད་དོ། །དཀར་དང་མངར་གྱིས་ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པར་བྱེད་དོ། །དེ་དག་ཀུན་ཀྱང་རིན་པོ་ཆེའི་བུམ་པའམ། ཁམ་པོར་ལྟ་བུར་མཆུ་ལྔ་བར་བླུགས་ནས་སྦས་ན། གང་ཉམས་པ་དེ་སོགས་པར་འགྱུར་རོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། ཀླུ་གསོ་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ལྷའི་དབང་པོས་གསོལ་བ། ཀྱེ་རྡོ་རྗེ་ཁྲོ་བོ་ཆེན་པོ། །འདི་དག་བསྡིགས་ན་ཇི་ལྟར་
222a
༄#། །བསྡིགས། །གེགས་དག་གཅད་པ་ཇི་ལྟ་བུ། །བརླག་པར་བྱ་བ་ཇི་ལྟ་བུ། །རྡོ་རྗེ་ཁྲོ་བོས་བཀའ་སྩལ་པ། །ཉོན་ཅིག་དབང་པོ་རྣམ་པར་རྒྱལ། །བསྡིགས་པ་བྱ་བ་འདི་དག་གོ། ཤིན་ཏུ་ཁྲོས་བཅས་མགོ་བསྟོད་ལ། །མཁའ་ལྡིང་ཀ་རུར་སྤྲུལ་པར་བྱ། །རྡོ་རྗེ་ཁྲོ་བོ་འཚོལ་བ་གདོན། །ཕྱོགས་བཅུར་རྡོ་རྗེ་སྤྲོ་བར་བྱ། །ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཙཎྜ་ཨོཾ་ཨཱ།ན་ག་པྲ་ཐ་པྲ་ཐ། ཧཱུཾ་ནཱ་ག་ནཱ་ཤ་ཡ་ཕཊ། ཅེས་བཀའ་སྩལ་པས་དྲེགས་པ་ཅན་དེ་དག་ལུས་ལ་བཅད་ཐུབས་ཀྱི་སྡུག་བསྔལ་བྱུང་གིས་དགོས་ཏེ་འཕྲལ་ཉིད་དུ་གདུག་པ་ཅན་དེ་དག་ཤིན་ཏུ་བྲེད་པར་གྱུར་ཏེ་བཀའ་བཞིན་དུ་ཉན་ནོ། །ཤིན་ཏུ་འཇིགས་སྔགས་ནས་བཅོམ་ལྡན་འདས་ཐུགས་རྗེས་གཟིགས་སུ་གསོལ་ཞེས་བཀའ་ཉན་ནོ། །དེ་ནས་གེགས་བཅད་པར་འདོད་ན། །སྦྱིན་སྲེག་བཞིན་ལས་བྱའོ། །གང་ན་བདེར་ཆབ་སྙམས་ལ། །ནག་པོ་དྲེ་དང་ལྡན་པར་བྱུག་།ཟུར་གསུམ་སུམ་བརྩེགས་ཐུར་དུ་བརྐོ། །ཁ་ཁྱེར་ཐམས་ཅད་རྡོ་རྗེ་ནག་།དབུས་སུ་གཞལ་ཡས་རྒྱ་གྲམ་བྲི། །སེ་སྐྱེར་གདུག་པའི་ཤིང་དག་ལ། །ཟུར་གསུམ་ཁྲུ་དོའི་ཚད་དུ་བརྩིག་།ལོགས་ལ་རཀྟའི་ཚར་ཚར་གཏང ། །ཚེར་ཅན་ནག་པོ་ཟུར་གསུམ་ཤིག་།བྲག་ནག་སྐྱེས་པའི་ཚེར་ནག་ཤུག་།སོར་ནི་འདུན་བདུན་ཚད་དུ་བྱ། །མ་དུ་ཟུར་གསུམ་སོར་གསུམ་ཚད། །འབྲུ་ཆན་ནག་པོ་ར་ཀཏར་སྦྱར། །མིང་བྱ་སྦྱིན་སྲེག་རབ་ཏུས་པར། །
222b
བརྒྱ་རྩ་བརྒྱད་དེ་ཉི་ཤུ་གཅིག་།དམིགས་པ་ཆེ་གེའི་ལིངྒ་ནི། །དྲི་མ་ཁྲག་དག་དང ། །སྐྲ་དང་རྐང་རྗེས་གོས་ལ་སོགས། །ཚོགས་པར་པགས་ལ་ཨ་མུ་ཀཾ། དེ་ལ་ཛ་ཧཱུཾ་བཾ་ཧོས་དགུག་།ཡི་དྭགས་གང་གནས་མཚོན་པ་བླ། །སྦྲུལ་གདུག་དམིགས་པའི་གཟུགས་སུ་བྱ། །གནོན་པར་བྱེད་པ་མཚོན་བྱས་ཛ། །སྙིང་གར་བྲིས་ལ་ང་རྒྱལ་མདུན། །ཐུན་བྲབ་གདབ་སྔགས་བསྐོར་བཅས་དབུལ། །མཱ་ར་ཡ་དང་བཅས་པའོ། །ནག་པོའི་ཆས་མགོ་ར་སྟན་ས། །སྟོད་གཡོགས་སྔོན་པོ་ཕུ་རུང་ནག་།གཡང་གཞི་སྲིད་པའི་སྤྱི་བླུགས་མགོ་།དགང་བླུགས་མཆོག་ཆེན་གཟར་བུས་བྱ། །ཁམ་སྐྱོང་ཟུར་གསུམ་རྫས་རྣམས་གསག་།མཆོད་སྦྱིན་ང་དང་མགོན་བྱེད་ལའོ། །མེ་ཡི་ལྷ་ཡང་ང་ཉིད་དོ། །མཱ་ར་ཡ་ཕཊ། སུཾ་བྷ་ནི་སུཾ་བྷ་ཧཱུཾ། སྦྱིན་སྲེག་བྱས་པའི་ཐལ་བ་ལ། །ང་ཡི་གདུང་དུ་བསྒྲུབ་པར་བྱ། །ནང་དུ་དགྲ་བོའི་བརྡ་ཡང་གཞུག། ཡང་སེང་ལྡེང་ཕུར་བུས་གཟུང ། །མཚམས་ཀྱང་སྣ་ལྔའི་ཚོན་གྱིས་དབྱེ། །དེ་ནས་དེ་ལ་དམིགས་པས་སོ། །ོཾ་བཛྲ་ཙཎྜ་སཝ་བྷཱ་བ་དྷརྨཱ་དྷཱ་ཏུ་ཨ། ཨོཾ་བཛྲ་རཏྣ་པཉྩ་ཏྲཾ། ཨོཾ་བཛྲ་ཨ་མྲྀ་ཏ་པཱ་ཎི་སཝཱཧཱ། ཨོཾ་བཛྲ་ཨཱ་ཀོ་ཊ་ཡ་མུད་ཀ་ར་བཛྲ་ཧ་ན་ཧ་ན་ཧཱུཾ། ཨོཾ་བཛྲ་ཙཎྜ་བཛྲ་བྷ་བ་ཡེ་སཝཱཧཱ། ཨོཾ་བཛྲ་ཨར་ཛེ་བིར་ཛེ་སཝཱཧཱ། ཨོཾ་བཛྲ་ཨ་མྲྀ་ཏེ་ཨཱ་ཡུ་ཥེ་སཝཱཧཱ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ ་ཎ་ཧཱུཾ་ཕཊ། བྲུཾ་སྐ་ནི་སྐ། ཨོཾ་བཛྲ་དྷརྨཱ་ཏེ་སཝཱཧཱ། ཨོཾ་བཛྲ་ཙ་ཎྜ་
223a
༄#། །པྲ་མ་ཏ་ན་ཡེ་སཝཱཧཱ། ཙཎྜ་པུཥྤེ་སཝཱཧཱ། དག་པ་ཆེན་པོ་བདེ་བའི་མཆོག་།ཡེ་ཤེས་རྡོ་རྗེ་ཐོ་བས་བརྡུང ། །དེ་ལས་བྱིན་རླབས་དེ་ལ་བླུགས། །ཡེ་ཤེས་ཐོ་བས་ཉོན་མོངས་བརྡུང ། །དམིགས་པ་ཛ་མར་དག་གིས་དགུག་།མ་གཏུན་རྡོ་རྗེ་རྒྱ་གྲམ་ཉིད། །གནས་ཉིད་ལྷ་ཡི་གཞལ་ཡས་ཁང ། །ཐམས་ཅད་ལྷ་ཡི་ན་བཟའ་ལྡན། །དེ་གཞུག་བདུད་དང་ཉོན་མོངས་མནན། །ང་ཉིད་དུ་ཡང་འགྱུར་བར་བསམ། །ཙཎྜ་པུཥྤ་ཡེ་སཝཱཧཱ། མཚན་དང་དཔེ་བྱད་རྒྱུན་མི་འཆད། །དང་པོར་སྦྱོར་བས་མཆོད་པར་བྱ། །བ་ཡིས་བཀྲུ་བྱ་སྤོས་ཀྱིས་བྱུག་།ཤིན་ཏུ་གཙང་བ་དག་གིས་ཕྱི། །ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། །དྲེགས་པ་ཅན་ཚར་བཅད་པའི་ལེའུ་བཅུ་གཅིག་པའོ།། །།དེ་ནས་ལྷའི་དབང་པོས་གསོལ་པ། །ཀྱེ་མ་གནོད་འདུལ་ཁྲོ་བོའི་རྒྱལ། །དྲེགས་པ་སྲུང་བའི་ཐབས་ནི་གང ། །སྲུང་ཐབས་རྣམ་པ་དུ་དང་ལྡན་།གནོད་འདུལ་ཆེན་པོ་བཀའ་སྩོལ་ཅིག་།ཉོན་ཅིག་དབང་པོ་ཀུན་གྱི་བདག་།སྔགས་རྫས་ཏིང་འཛིན་འདུས་པ་བཞི། །དངོས་ཏེ་དགོངས་པ་ཐམས་ཅད་བྱེད། །རྡོ་རྗེ་བྲག་དང་རིན་ཆེན་ཚུལ། །དུག་དང་མེ་བཞིན་མཚོན་ཆ་འདྲ། །དུས་མིན་འཆི་ལས་རབ་ཏུ་ཟློག་།སངས་རྒྱས་ཀུན་གྱི་མཐུ་དང་ལྡན། །དེ་འཆད་དངོས་གྲུབ་མཆོག་ཆེན་འཐོབ། །ངལ་དུ་ཀུན་ཏུ་ཞུགས་དང་མཚུངས། །སངས་རྒྱས་
223b
ཀུན་གྱི་སྲས་སུ་དགོངས། །གང་ཞིག་གསང་སྔགས་འདི་འཆང་བ། །ཀུན་གྱིས་ང་དང་འདྲ་བར་མཐོང ། །གང་ཞིག་གསང་སྔགས་འདི་འཆང་བ། །ང་ཉིད་རྒྱུན་དུ་དེ་ན་གནས། །འཇིག་རྟེན་དུ་ནི་བདེ་བ་འབྱུང ། །འདས་དང་སངས་རྒྱས་ཀུན་དང་མཚུངས། །རྩིབས་བཅུ་དབུས་དང་བཅུ་གཅིག་ལ། །ཡིག་འབྲུ་ཁྱམས་བཅས་བརྡ་བྲིའོ། །ཆུ་འཁྱགས་དག་ལ་ཡུངས་ཀར་རོ། །གྲུ་ཆར་ལ་ནི་ས་ཞག་མོ། །གཞན་ལ་སྲད་བུ་སྔོན་པོ་ལ། །མདུད་པ་རེ་ལ་རེ་རེའོ། །ཆུ་འམ་ཡིད་ནི་རང་ལའོ། །ཤ་རི་རཾ་དང་མ་གྷི་ཏ། །གསེར་དང་རྨ་བྱ་གྲུ་པའི་སྦུ། །བལ་ཚོན་སྣ་ལྔའི་སྲད་བུ་ལ། ། ཙཀྲ་བྲིས་ལ་མགུལ་དང་གཙུག་།མོ་གཡོན་ཕོ་གཡས་བསྲུང་བར་བྱ། །ཆུས་ནི་ཡམས་དང་དུག་ལས་ཐར། །མཾ་ས་དྲི་དང་རཀྟ་དང ། །ཁུ་བ་ཆུ་དག་སྦྱར་རམ་བཟའ། །སངས་རྒྱས་ལྔ་ཡི་དངོས་གྲུབ་སྟེ། །ཀུན་གྱིས་སྤྱད་པར་བྱ་བ་ཡིན། །མཛེ་དང་རླུང་གི་གནོད་པ་སེལ། །ཚེ་རིང་ལུས་ཀྱང་རྒྱས་པ་ཡང ། །བྱང་ཆུབ་དཀར་དམར་མདངས་དང་ལྡན། །ཡམས་དང་མི་གཙང་དངོས་པོ་སེལ། །དྲི་ཡི་ཆུ་ཡི་ཡོན་ཏན་ནི། །ཀླད་རྐང་ཕོ་ལོག་གྲང་བ་སེལ། །ཤིན་ཏུ་ཟབ་སྟེ་གསང་བའི་མཆོག་།སྐལ་ལྡན་རྟོགས་པ་རྣམས་ཀྱིས་སྤྱད་པ་ལས། །སྐལ་མེད་བློ་དམན་རྣམས་ཀྱིས་ག་ལ་ཡིན། །ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། །སྲུང་བའི་འཁོར་ལོའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ལྷའི་དབང་པོས་འདི་སྐད་ཅེས་
224a
༄#། །གསོལ་ཏོ། །སླད་མའི་ཚེ་སླད་མའི་དུས་ན་སེམས་ཅན་གདུག་པ་ཅན་གྱི་དུག་བསལ་བའི་མཚན་ཉིད་དང ། ཞུགས་བསྟན་དུ་གསོལ། །ཉོན་ཅིག་དབང་པོ་ཆེན་པོ་ལེགས་པར་རབ་ཏུ་ཡིད་ལ་ཟུངས་ཤིག་།མཚན་ཉིད་རྣམས་ནི། འདི་ལྟ་སྟེ། རུས་པ་ཤ་དང་པགས་པ་དང ། །རྩ་དང་ཁྲག་དང་ནང་གྲོལ་ལོ། །བཅུད་དང་ཆུས་ཏེ་ལུས་ཀྱི་སྟོབས། ། ལུས་ཀྱི་རྩི་དང་མདོག་དང་དབྱིབས། །རེག་པ་ཆུ་དང་ཆུ་སེར་དང ། །ཀླད་པ་ལྷ་བ་ལུས་ཀུན་ལ། །ཞུགས་ས་རྣམས་ནི་བཅོ་བརྒྱད་ཏེ། །འོན་ཀྱང་གཅིག་སོགས་གྲངས་ཀྱིས་བརྟག་།རུས་པ་ལ་ཞུགས་པ་ནི། ལུས་སྐེམ་པ་དང ། ཟུག་གཟེར་ཆེ་བ་དང ། ན་ཐང་ངེ་བ་དང ། ཐིག་ལེར་ན་པའོ། །ཤ་ལ་ཞུགས་པ་ནི། ལུས་བེབས་སེ་འདུག་པ་དང ། ལུས་ལྟི་སེ་འདུག་པ་དང ། མདོག་ནག་པ་དང ། དྲི་མ་ངན་པ་སྔར་འོང་བ་དང ། ཤ་རོ་འབྱུང་བའོ། །པགས་པ་ལ་ཞུགས་པ་ནི། ཤ་འཕྲིག་པ་དང་མདོག་སྐྱ་བའོ། །རྩ་ལ་ཞུགས་པ་ནི། ལུས་སྤྲིང་བེར་བ་དང ། རྟགས་དེ་ནི། བཟློག་དཀའ་བའོ། །སྦྲིད་ལུག་དང་ནི་སྤྲིད་ལྕི་དང ། །ཚ་བ་འཛག་དང་ཚ་རབ་དང ། །ཚ་ཀེར་བ་དང་ཚ་བྲེང་བ། །ལུས་ལ་སོགས་པ་ཚ་ཐང་བ། །ཚ་བེར་བ་དང་ཡན་ལག་བྲབ། །ཁྲག་ལ་ཞུགས་པ་ནི། སྣ་ནས་ཁྲག་ཀྱང་སྐབས་སུ་འཛག་།ཚ་བེར་བ་དང་ལྕི་ཡོར་བ། །གདོང་པ་རྟག་ཏུ་དམར་བ་དང ། །འོ་མའི་སྤྲིས་མ་ལྟར་འོང་
224b
ངོ ། །ནང་གྲོལ་ལ་ཞུགས་པ་ནི། གློ་སྙིང་མི་བདེ་སྐྱུག་ཏིང་ངེ ། །སྙིང་འདར་སྙིང་ཡང་མི་དགའ་སྟེ། །དེ་ན་བཟློག་པར་དཀའ་བའོ། །བཅུད་ལ་ཞུགས་པ་ལ་བཞི་སྟེ། ས་བོན་མི་འབྱུང་མཚན་མི་ལྡང ། །ཁུ་བ་སྐྱོ་མའི་མདོག་ཏུ་འོང ། །ཁུ་བ་དྭངས་སྙིགས་ཕྱེད་ནས་འོང ། །ཆུ་ལ་ཞུགས་པ་ནི། གསུམ་སྟེ། སྦུགས་ཆུ་རྒྱ་སྐྱེགས་ཁུ་ལྟར་འོང ། །སྣ་ཆུ་རྟག་ཏུ་སྐྱ་བོར་འོང ། །མིག་གི་ཆ་ཡང་རྟ་པར་འཛག་།དུག་བ་སེར་བུ་བྱུང་ཙམ་གྱིས། །གཞན་པས་རབ་ཏུ་མྱུར་བར་འཇིག་།ལུས་ཀྱི་སྟོབས་ལ་ཞུགས་པ་ནི། སྒྱིད་ལུག་པ་དང་སྐྱི་ཞུམ་པ། །ལུས་ཀྱི་རྒྱུ་བ་ཉལ་ཉལ་འོང ། །ལུས་ཀྱི་རྩི་ལ་ཞུགས་པ་ནི། རྩིལ་སོགས་ཏེ་ལུས་ཀྱི་དྲི། །བྱ་ཡི་པགས་བཞིན་སང་གིས་འགྲོ། །མདོག་ལ་ཞུགས་པ་ནི། ལྕེ་ནི་བཙོད་ཀྱི་མདག་བཞིན་འོང ། །དབྱིབས་ལ་ཞུགས་པ་ནི། ལུས་ཀྱང་གཉེར་ཆུང་དག་གིས་ཁེངས། །སོར་མོ་བྱི་བའི་མཇུག་མ་འདྲ། །རེག་པ་ལ་ཞུགས་པ་ནི། སྣ་རྩེ་ལ་སོགས་ལག་རྩེ་རྣམས། །ཚ་ཡམ་ཚ་བེར་ལུས་གཙེ་བ། ། གཡའ་བར་འོང་བ་དག་ཡིན་ནོ། །ཆུ་བ་ལ་ཞུགས་པ་ནི། །ཡན་ལག་རེངས་ཤིང་ན་བ་དང ། །ཤ་འབུར་བ་དང་གྲང་སིང་སིང ། །ཡན་ལག་ཚོགས་རྣམས་ཁོལ་བ་འོ། །ཆུ་སེར་ལ་ཞུགས་པ་ནི།་ཆུ་སེར་ལ་ལྔ་སྟེ། ཟ་ཁོལ་ཁོལ། ཟ་ཙག་ཙག་།ཚ་ལྗིབས་ལྗིབས། ལུས་ལ་ཆུ་ལྒང་ཡོད་པའོ། །ཆུ་ལྒང་བྱུང་ནས་རིད་མི་ལུས། །ལུས་ལ་འབྲུམ་རྗེས་སྲན་མ་འདྲའོ། །དེ་ནི་བཟློག་
225a
༄#། །པར་སླ་བའོ། །ཀླད་པ་ལ་ཞུགས་པ་ནི། མགོ་བོ་ཕྱིང་ཕྱིང་སྐྲངས་པ་དང ། །འཐོམ་དང་བེམ་མེ་བ་དག་དང ། །སྐྲ་རྣམས་ནུལ་གྱིས་བྱི་ལ་སོགས། །ལྷ་བ་ལ་ཞུགས་པ་ནི། གདོང་པ་ཚ་ལམ་ལམ་འོང་བ་དང ། གྲང་སེར་སེར་འོང་བའོ། །དེ་ནི། བཟློག་པར་སླ་བའོ། །ལུས་ཧྲིལ་གདོང་ཡང་ཐལ་སྐྱའི་མདོག་།དེ་ནི་བཟློག་པར་དཀའ་བ་འོ། ། ཤིན་ཏུ་ཁྲོ་བོའི་ཀླུ་རྣམས་ནི། །རྟགས་དང་མི་ལྡན་ཐུགས་ཀྱིས་འོང ། །བཟློག་དཀའ་རྨ་ཚོགས་མི་འཚོ་རྟགས་མི་ལྡན། །བཟློག་སླ་གཞན་ཡང་ཡན་ལག་ཕྲ་བ་དང ། །སྦོམ་དང་ཐུང་དང་རེངས་ལ་སོགས། །ཀླུའི་མཚན་ཉིད་དུ་ཤེས་པར་བྱའོ། །བཟློག་དཀའ་རྨ་ཚོགས་མི་འཚོ་རྟགས་མི་ལྡན། །བཟློག་སླ་གཞན་ཡང་ཡན་ལག་ཕྲ་བ་དང ། །སྦོམ་ལས་ལས་འབྱུང་བ་དག་ཀྱང་ཡོད། །དེ་དག་གི་ནི་མཚན་ཉིད་ནི། །མཁས་པས་སོ་སོར་ཤེས་པར་བྱའོ། །ནད་གཞི་ལས་བྱུང་སྨན་སོགས་དང ། །འཕྲོད་པའི་ཟས་ནི་ཕན་པ་ཡིན། །ནད་རྣམས་གཞན་མ་ཡུན་མི་རྟག་།འདི་འདྲའི་མཚན་ཉིད་ཤེས་པར་བྱ། །ཤེས་ནས་མྱུར་དུ་བརྩོན་འགྲུས་ཀྱིས། །སྣ་ཚོགས་ཐབས་ལེ་མ་རྨོངས་པས། །ཟློག་པའི་ལས་ལ་འབད་པར་བྱ། །ཆུ་ཡི་ཐིགས་པ་ཕྲ་མོ་ཡིས། །དུས་སུ་བྱུང་བ་རྡོ་བ་འབིགས། །གདུག་པའི་དབང་ཅན་ཞ་རིང་ཡང ། །ལེ་ལོ་དང་བྲལ་རྩེ་གཅིག་སེམས། །རྒྱུན་དུ་ལྷ་སྒོམ་
225b
བཟླས་བརྗོད་ཀྱིས། །གདུག་པའི་ནད་ལས་ཐར་པར་ངེས། །རྩོལ་བ་ཆེ་ལ་སོམ་ཉི་བྲལ། །གང་བསམས་དེ་ལས་མི་འགྲུབ་མེད། །འཁོར་བའི་ཕུང་པོ་སྲོག་བཅས་ལ། །མངོན་སུམ་ཉིད་དུ་མཐོང་འགྱུར་གྱི། །བརྩོན་པ་དོར་བར་མི་བྱའོ། །ཅེས་དཔལ་གཏུམ་པོ་ཆེན་པོས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། མཚན་ཉིད་བརྟག་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ལྷའི་དབང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སླད་མའི་དུས་དག་ན། གདུག་པ་ཅན་གྱི་ཡི་དྭགས་རྣམས། །དུག་རྣམས་དབྱུང་ན་ཇི་ལྟར་དབྱུང ། །མཆོད་པའི་ལས་རྣམས་ཇི་ལྟར་བྱ། །ཆོས་ཀུན་བདག་པོས་བཀའ་སྩོལ་ཅིག་།ཅེས་གསོལ་ཏོ། །བཀའ་སྩལ་པ། ལྷའི་དབང་པོ་ཉོན་ཅིག་།མཆོད་པའི་ལས་དག་བྱེད་འདོད་ནི། །གཉིས་དགོན་གཙུག་ལག་ཆུ་མིག་འགྲམ། །མཚེ་འུ་ལྟེང་ཀ་ཁྲོན་པའི་སྟེང ། །དབྱར་ཟླ་གསུམ་ལ་གནས་པར་བྱ། །དབྱིབས་ལེགས་རན་མཛེས་བྱི་དོར་བྱ། །བ་ཡི་རྣམ་ལྔ་སྦོས་དང་དྲི། །ཐིག་ལེ་ལྔ་དང་ལྡན་པར་བྱ། །དབུས་སུ་ཧཱུཾ་བྲི་གསལ་བར་བྱ། །ོཾ་ཕཱ་ཕོ་ཕཻ་ཕོཾ། །འདི་དག་གཞི་ལས་རྫོགས་པར་བསྐྱེད། །ཀླུ་ཡི་རྒྱལ་པོ་རྒྱ་མཚོ་ནི། །ལུས་དཀར་རིན་ཆེན་སྦྲུལ་མགོ་གསུམ། །ལག་ན་རིན་ཆེན་སྡོང་བུ་འོ། །ཀླུ་ཡི་རྒྱལ་པོ་ཀུན་ནས་གདུགས། །སྤྲུལ་མགོ་གཉིས་པ་ཁ་དོག་སེར། །རིན་ཆེན་འབར་བ་ལག་ནའོ་
226a
༄#། །ཆུ་ལྷ་མགོ་ལྔ་ཁ་དོག་དམར། །ལག་ན་པདྨ་འབར་བའོ། །ཀླུ་རྒྱལ་ཤིང་ལ་བུ་ར་ཀ་།ལག་ན་སྤྲིན་ཕུང་ཁ་དོག་ལྗང ། །རྒྱལ་དང་རྗེ་དང་བྲ་མ་ཟེ་དམངས། །སོ་སོའི་རིགས་ཀྱི་རྒྱལ་པོ་སྟེ། །སྤྲ་ཚིལ་ཞ་ཉེ་བག་ཟན་ལ། །གཟུགས་སུ་ཡང་ན་མཛེས་པར་བྱ། །སེམས་ཅན་འཁོར་གྱིས་བསྐོར་བར་བྱ། །ཀླུ་སྨན་སྣ་ཚོགས་དཀར་དང་དམར། །ཚོགས་པར་བྱས་ལ་མཆོད་སྦྱིན་བྱ། །ཁམ་ཕོར་སྦུ་གུ་མཆུ་ལྔ་པར། །བླུགས་ལ་ཁ་བཅད་གནས་སུ་སྦ། །གསོ་བར་བྱ་བའི་ལས་ནི་རབ། །སྤྱན་དྲང་གདན་དང་ཕྱག་སྐྱབས་བསྟོད། །སྨོན་ལམ་ལ་སོགས་རྒྱ་ཆེར་བྱ། །བདེན་པ་བདར་ཞིང་བསྡིག་པར་བྱ། །དུག་རྣམས་དབྱུང་བའི་ལས་དག་ནི། །རཾ་ཡཾ་ཁཾ་ལས་བྱུང་བ་ཡི། །འཁོར་ལོ་རྣམ་གསུམ་མེ་རླུང་ཆུ། །སྲེག་གཏོར་བཀྲུ་བྱ་སྟོང་ཉིད་ཀྱིས། །འཁོར་ལོ་ཆེན་པོ་གནས་པར་བྱ། །ཧཱུཾ་ལས་གྱུར་པར་ལྡན་པར་བྱ། །བཟང་སྐྱོབ་པ་དང་དོགས་ཉེས་དང ། །མཉམ་དང་ལྡན་པས་མཆོད་པ་བྱ། ། དེ་ནང་དེ་བཞེངས་མཚན་ནས་བརྗོད། །ཉ་སྟོང་དུས་མཆོད་སྲི་ཞུས་བསྐོར། །དེས་ནི་དོན་རྣམས་འགྲུབ་པར་འགྱུར། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། དུག་དབྱུང་ཞིང་མཆོད་པ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བཀའ་སྩལ་པ། །དུས་ངན་ཐ་མར་
226b
གྱུར་པའི་ཚེ། །སྡིག་ལ་མི་འཛེམ་མི་དགེ་སྤྱོད། །མཚམས་མེད་བྱེད་ཅིང་ཆོས་བསྐོར་འཇིགས། །མཛེད་དང་ཤུ་བ་གཡན་པ་དང ། །བསྐམས་དང་ཞ་གྲུབ་གཞོགས་ཕྱེད་ན། །དེའི་ཚེ་ང་ཡི་བསྟན་པ་འབྱུང ། །ཉོན་ཅིག་དབང་པོ་འཁོར་གྱི་མཆོག་།ལོག་སྲེད་གདུལ་དཀའ་གདོལ་པ་ཅན། །ཞི་བས་མི་འདུལ་གང་ཟག་གི་།གཤེད་དུ་འཁོར་ལོ་འདི་བསྐོས་སོ། །ཀྲོ་དྷ་རཱ་ཛའི་གཟུངས་བཅས་ལ། །རྡོ་རྗེ་རྒྱ་གྲམ་མཐའ་བསྐོར་རྡོ་རྗེའི་ར། །བརྩོན་འགྲུས་བཞི་ལྡན་དབུས་དང་ལྔ་རུ་དེའོ། །དེ་ལས་རྒྱས་པ་དག་ཏུ་བསྐོར་འདོད་ན། །དེ་ལ་ཁྱད་པར་ཁྱམས་དང་ཡི་གེ་ནི། །བཅུ་གཅིག་ལྡན་བྱས་མཚོན་རེའི་མིང་རུས་གཅར། །ཁྱམས་གཅིག་ཧཱུཾ་དང་མིང་རུས་མང་ན་སྤྲག་།དབུས་ཁྱམས་སྔགས་བྲི་མང་ན་དེ་དང་སྦྲག་།གཅིག་ལ་རྡོ་རྗེ་ཧཱུཾ་བར་མང་ན་གཅར། །རྐང་པ་མོས་མ་ཤིགས་ན་ཕོ་ཡི་ལས། །དེ་མ་བྱུང་ན་ཕོ་མོ་སྦྲག་པའི་ལས། །བསོད་ནམས་ཅན་གྱི་སྐལ་བཟང་མ་ཐུལ་ན། །སྲིད་པའི་གཏོང་ཟློག་འཁོར་ལོ་དཀྲུགས་ཏེ་བསྐོར། །རོ་རས་ལ་བྲི་བྱ་རོག་འུག་པའི་སྒྲོ། །སྨྱུག་གུ་བྱས་ལ་གདན་ནག་ཡིག་སྤོན་འབྲི། །དྲི་དགོད་ཤིང་བསྲེགས་བོང་ཁྲག་བོང་དུག་སྦྱར། །དབུས་དང་བཙོན་ཁང་བཞི་པོར་ཧཱུཾ་བར་བཅད། །དགོས་པ་ཀུན་བྱེད་ལས་རྣམས་ཐམས་ཅད་ཀྱི། །སྔགས་འདི་ཕོ་དང་མོར་བྲི་བར་དུ་བསད། །ོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཕོ་དང་མོར་བསྐོར་རབས་ཆད་
227a
༄#། །ཕོ་མོར་གཞུག་།དབུས་ཀྱི་ཧཱུཾ་བཏགས་སྲད་བུ་ཚངས་བུག་དབྱུང ། །ཡཀྵ་ཁ་ཕཊ་ཕྱོགས་བཞིར་གཞག་པར་བྱ། །རྡོ་རྗེ་རབ་ཏུ་ཧཱུཾ་བར་དེ་བར་གཞག་།དུག་སྣ་ཁྲག་སྣས་ག་འུ་ནག་པོར་བྱུག་།གུ་གུ་རྒྱ་ཚིལ་ཚིལ་ཆེན་ར་ལུག་རྨང་ཁ་ནི། །ཁུ་བ་ནག་པོས་བྱ་བར་རབ་ཏུ་ཤིས། །བོང་གྲི་ནག་པོའི་རྡོག་མ་དྲི་རྒོད་ཤི་སྐྲ་དང ། །ཡུགས་ས་མོ་ཡི་སྐྲ་ཤད་སྐུད་པས་དཀྲི། །ཡུགས་ས་མོ་ཡི་དོར་རྟས་དྲིལ་ལ་སྦ། །ཕོ་མོའི་ཐོད་པ་སྟེང་འོག་རྒྱ་གྲམ་བྲི། །རི་རབ་མནན་བྱས་མཐའ་གཉིས་དང་པོ་བཞི། །བང་རིམ་སྔགས་བྲིས་སྟེང་དུ་རྒྱ་གྲམ་དགབ། །རྒྱ་གྲམ་འོག་ཁུང་སྟེང་དུ་ཁྲུ་དོའི་ཚད། །བང་རིམ་བཞི་ལ་སྔགས་འདི་སྐུ་གསུང་ཐུགས། །ང་ཡི་རི་རབ་དག་ཏུ་མཚོན་ཕྱིར་བྲི། །ོཾ་ལཾ་ཧཱུཾ་ལཾ་སྟཾ་བྷཱ་ནཱཾ།་ཨོཾ་བཛྲ་ཙཎྜ་ནཱ་ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། །དྲག་པོ་འཁོར་ལོའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེའི་ཚེ་དེ་སྐད་ཅེས་བཀའ་སྩལ་པའི་མཐུས་འཇིག་རྟེན་གྱི་ཁམས་ཀྱང་གཡོས། རབ་ཏུ་གཡོས་སོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ལ་ནི། གཡས་སུ་འཁོར་བའི་ཚུལ་གྱིས་འཁྲུགས་སོ། །ལ་ལ་ནི།་གཡོན་དུ་འཁོར་བའི་ཚུལ་གྱིས་འཁྲུགས་སོ། །ལ་ལ་ནི། བླ་འོག་དགྱེ་དགུའི་ཚུལ་གྱིས་འཁྲུགས་སོ། །ལ་ལ་ནི། མཐོ་དམན་དང་གྲུམ་པའི་ཚུལ་གྱིས་འཁྲུགས་ཏེ།
227b
དེ་དག་ན་གནས་པའི་གདུག་པ་ཅན་ཐམས་ཅད་རབ་ཏུ་མྱོས་ནས་ཁ་ནས་ཁྲག་ངན་སྐྱུགས་པ་དག་ཀྱང་བསྐུས་ཏེ། ཐམས་ཅད་ཀྱང་གན་བ་དེར་ཐད་དུ་འདུས་ནས་ཕྱག་འཚལ་ཏེ་མགྲིན་གཅིག་ཏུ་སྐད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ། སྔ་མ་མ་མཐོང་ཁྲོ་བདག་འཇིགས་པའི་སྐུ། །རབ་ཏུ་གྲགས་པ་ཡ་མཚན་ཨེ་མ་ཧོ། །ཐུགས་རྗེས་དགོངས་ཤིག་བདག་ཅག་འབངས་སུ་མཆི། །དེ་ལས་འགལ་ན་དམྱལ་བར་ལྟུང་བར་ཤོག་།ཅེས་གསོལ་ཞིང་འཁོད་དོ། །དེ་ནས་བདུད་ཀྱི་རྒྱལ་པོ་སྐོས་ཀྱི་བདག་པོ་བདུད་བྱེ་བ་འབུམ་ཕྲག་དང་བཅས་པས་མགྲིན་གཅིག་གིས་སྲོག་གི་སྙིང་པོ་ཕུལ་བ། བཅོམ་ལྡན་འདས། །བདག་ཅག་གི་རིག་པ་འདི་བཞེས་སུ་གསོལ། །ོཾ་ནག་པོ་ཏྲི་ཊ་ཏྲི་ཊ་ཏྲི་ལིང་ཏྲ་ཏ་ཧ་ཀེ་ཎ། བདག་ཅག་གི་རིག་པ་འདི་གང་ན་གནས་པ་དེར་བདུད་ཀྱིས་འགལ་བར་མི་བགྱིད་དོ། །གང་ཡིད་ལ་དགོངས་པ་དེ་གྲུབ་པར་བགྱིད་དོ། །ཕས་བྱད་སྔགས་དང་སྦྱོར་བ་བཏང་བ་ཡང་ཕྱིར་ལྡོག་གོ་།དེ་ནས་གཟའ་རྒོད་ཆེན་པོ་རཱ་ཧུ་ལ་འཁོར་གཟའ་འབུམ་ཕྲག་དང་བཅས་པས་མགྲིན་གཅིག་གིས་རང་རྟགས་སྲོག་གི་སྙིང་པོ་ཕུལ་བ། ཤུ་ཤུ་རཀྵ་ཚལ་པ་ཀྲོ་དྷ་ཀྲོ་ལཱི་ཤཝ་ར། རཱ་ཧཱུ་ལ། ཙ་ཏི་ཙ་ཏི།་བདག་ཅག་གི་རིག་པ་འདི་གང་ན་གནས་པ་དེར་གཟའ་རྣམས་ཀྱིས་འགལ་བར་མི་བགྱིད་དོ། །ཕས་བཏང་བ་ཡང་སླར་དེ་ཉིད་ལ་མཆིའོ། །འདི་འཛིན་པ་ལ་ཅི་འཚལ་བ་ཡང་
228a
༄#། །སྩོལ་བར་བགྱིད་དོ། །དེ་ནས་དཀར་པོ་དུང་གི་ཐོར་ཚུགས་ཅན་ལ་སོགས་པའི་རྒྱལ་པོ་འཁོར་འབུམ་ཕྲག་དང་བཅས་པ་ལྷགས་ནས་མགྲིན་གཅིག་གིས་རང་རྟགས་སྲོག་གི་སྙིང་པོ་ཕུལ་བ། པྲ་མ་ཎ་པུ་ཌི་ད་ཥ་ཨ་བརྟཱ་རཱ་ཛཱ། དྷ་ན་རཀྵ་ཙི་ཏ་ཕྱུང་ཙིཏ་རཱ་ཛཱ་ཕྱུང ། རཱ་ཛཱ་ཙིཏྟ་གཏུབས། །བདག་གི་རིག་པ་འདི་གང་ན་གནས་པ་དེར་ཡུལ་འཁོར་དང་དཔག་ཚད་དུ་འགལ་བར་མི་བགྱིད་དོ། །ཕས་བཏང་བ་ཡང་དེ་ཉིད་ལ་སླར་མཆིའོ། །དེ་ནས་བཙན་དམར་པོ་སྲོག་ལེན་བཙན་འབུམ་ཕྲག་དུ་མ་དང་བཅས་པས་མགྲིན་གཅིག་གིས་རང་རྟགས་སྲོག་གི་སྙིང་པོ་ཕུལ་བ། ཨཱ་བི་ཤཝ་རཱ་ཛཱ་ཏྲི་ལིཾ། བདག་ཅག་འཁོར་དང་བཅས་པ་རྣམས་འདི་ལས་འདའ་བར་མི་བགྱིད་དོ། །ཕས་བཏང་བར་གྱུར་ཀྱང་དེ་ཉིད་ལ་མཆིའོ། །དེ་ནས་གཤིན་རྗེའི་རྒྱལ་པོ་དམིགས་པ་ཞེས་བྱ་བ་འཁོར་དང་བཅས་པས་མགྲིན་གཅིག་ཏུ་རང་རྟགས་སྲོག་གི་སྙིང་པོ་ཕུལ་བ། ཡ་མ་རཱ་ཛཱ་ཡ་མ་ཙིཏྟ། བདག་གི་རིག་པ་སྤྱོད་པ་དེར་བདག་གི་གནོད་པ་མི་སྤོབས་ལགས་ཏེ། །གནོད་པའི་རྒྱུན་སྤངས་ནས་ཕས་བཏང་བ་ཡང་སླར་དེ་ཉིད་ལ་མཆིའོ། །དེ་ནས་མ་མོའི་རྒྱལ་མོ་མཁའ་དབྱིངས་ཀྱི་ཡུམ་ལྔ་དང ། བདུད་ཀྱི་གཤིན་རྗེའི་སྲིད་མོ་སྲིད་པའི་ཕུང་བྱེད་རེ་མ་ཏི་ལ་སོགས་པ་མ་མོའི་ཚོགས་དཔག་ཏུ་མེད་པ་དག་གིས་རང་རྟགས་སྲོག་གི་སྙིང་པོ་ཕུལ་བ། རག་མོ་མཱ་མཱ་
228b
རུ་ལུ་སྙིང་ཁ་རཀྵ་ཛ་བཱ་ལམ་མ་བྷྱོ་བྷྱོ། བདག་ཅག་གི་གསང་བའི་སྔགས་འདི་སྤྱོད་པ་དེར་སྲུང་བ་དང ། བསྐྱབ་པ་བགྱིད་དོ། །འཁོར་དང་བཅས་ཏེ་བཀའ་གཞན་བགྱིད་དོ། །ཕས་བཏང་བ་ཡང་སླར་དེ་ཉིད་ལ་མཆིའོ། །དེ་ནས་ཀླུ་འཁོར་དང་བཅས་པས་མགྲིན་གཅིག་ཏུ་རང་རྟགས་སྲོག་གི་སྙིང་པོ་ཕུལ་བ། །ནཱ་ག་རཱ་ཛཱ་ནཱ་ག་ནི། གང་ན་རིག་སྔགས་ཀྱི་རྒྱལ་པོ་སྤྱོད་པ་དེར་བདག་ཀླུའི་གནོད་པའི་རྒྱུན་སྤོང་ངོ ། །ཕས་བཏང་བ་ཡང་སླར་དེ་ཉིད་ལ་མཆིའོ། །ཞེས་སོ་སོ་ནས་རང་རྟགས་སྲོག་གི་སྙིང་པོ་ཕུལ་ཏེ་དམ་བཅས་སོ། །དེ་ནས་དབང་པོ་ཆེན་པོས་ཁྲོ་བོའི་བདག་པོ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །སྲིད་པའི་དབང་པོ་འདི་རྣམས་ཀུན། །འཁོར་ལོས་བཟློག་ན་ཇི་ལྟར་བཟློག་།ཟློག་ཐབས་ཁྱད་པར་བཀའ་སྩོལ་ཅིག་།བཀའ་སྩལ་པ། ཉོན་ཅིག་ལྷ་ཡི་དབང་པོ་ཁྱོད། །མཱ་ར་ཡའི་ཙཀྲ་དག་ལས། །སོ་སོའི་མནྟྲ་འཁོར་བར་བྲི། །བྱད་སྔགས་ཕྱིར་བཟློག་དེ་ལ་ཡང ། །ས་མ་ཡ་དང་བཟློག་བཏགས་སོ། །མཆུ་གསུམ་སྙིང་ལྤགས་མེད་པའི་ཐོད་པ་དང ། །རོ་ཉེ་སྦལ་ཤུགས་ཕག་ཐོད་རྣལ་གྲི་མོ། །དྲི་རྒོད་སྐྱུང་ཀ་ཐོད་ཆེན་ནང་དག་ཏུ། །རབ་ཏུ་དྲག་ཏུ་བསྐོར་ཏེ་འཁོར་ལོ་གཞུག་།འོད་འགྲོ་འགྲུལ་སྲང་རྒྱ་གྲམ་ལམ་དག་ཏུ། །ེ་དོང་བྲུ་བྱས་རྒྱ་སོལ་མི་ཁྱིར། །རྟ་ཁྲག་རྨེ་ཁྲག་ནག་པོས་སྦྱངས་ལ་བསྐུ། །དབུས་བཅུག་མཐའ་སྐོར་མནན་པའི་ལས་དག་བྱ། །ཡང་ན་ཐུན་དུ་སྦགས་ལ་
229a
༄#། །ཁྲོས་པས་འཕང ། །ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། །དྲེགས་པས་སྲོག་གི་སྙིང་པོ་ཕུལ་བ་དང ། མངོན་སྤྱོད་དྲག་པོའི་ལས་ཀྱིས་བཟློག་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ལྷའི་དབང་པོས་གསོལ་བ། ཀྱེ། བསྟན་པ་འཇིག་པའི་དུས་དག་ན། །ཐུན་གྱིས་ཚར་གཅད་བསྟན་དུ་གསོལ། །བཀའ་སྩལ་པ། ལྷའི་དབང་པོ་ཉོན་ཅིག་།རྫས་དང་སྔགས་བཅས་ཏིང་འཛིན་གསུམ། །ཁྲོས་པས་ཞེ་སྡང་བསྐྱེད་པར་བྱེད། །ཞེས་དང་དྲན་པས་གདུག་རྫས་གསག ། ཡུངས་ཀར་ཡུངས་ནག་སྐེ་ཚེ་ཏིལ། །གཟེ་མ་སྐྱེར་བ་སེ་བའི་ཚེར། །ཐུན་སྔགས་འདི་བཟླས་བརྣགས་ཀླ་བྲབ། ། མུ་ཀཾ་ནི་གཏོར་མ་འམ། །མཚན་ལྡན་ཀ་པཱ་ལ་རུ་གཞུག། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། མཱ་ར་ཡ་ཐུན་ཕོབ། དབང་པོ་ལ་ཡཾ། སྲོག་ལ་ཡཾ། ཙི་ཏ་ལ་ཡཾ། གོ་རོ་ཏ་ན་ལ་ཡཾ། གཟས་པའི་མཚན་སྨོས་རྡོ་རྗེའི་ཐོག་ཏུ་དབབ། །གང་དམིགས་གཟས་པའི་མཐུ་དང་རྫུ་འཕྲུལ་རྣམས། །བདག་ལ་བསྡུ་བྱས་རྟོག་པའི་བག་ཆགས་བཀྲུ། །སྔགས་འདིར་རོལ་ཅིག་བརྗོད་ཅིང་བྷ་ལིང་དགྲིལ། །ོཾ་བ་ལིཾ་ཏ། བ་ལིཾ་པཱུ་ཛ་ཨརྒྷཾ་པྲ་ཏཱིཙྪ་ཧོཿ ། བཛྲ་ཀྲོ་དྷ་ཙནྡ། བ་ལིཾ་ཁཱ་ཧི་ཁ་ཧི། བཛྲ་ཀྲོ་དྷ་ཙཎྜ་ཧ་ཧ་ཧ། ཧེ་ཧེ་ཧེ། བྷ་ཊ་སཝཱཧཱ། སྤྲུལ་དང་སྤལ་པ་ཉ་དང་ཆུ་སྲིན་སྙིང ། །ཤ་ཆེན་ཁྲག་ཆེན་ལོངས་སྤྱོད་རྣམ་པ་ཀུན།།
229b
ཤེས་རབ་མཆོག་གི་ཕྱག་རྒྱ་ཆེར་བསམས་ལ། །ཡཾ་གཏོར་རཾ་བསྲེག་ཁཾ་བཀྲུས་བདུད་རྩིའི་མཆོག་ཏུ་བསྒྱུར། ། མྲྀ་ཏ་དག་སྔགས་འདིས་སྦྱང་བར་བྱ། །ོཾ་ཨཱཿ ཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ། བཛྲ་ཨ་མྲྀ་ཏ་ཧཱུཾ་ཧྲཱི་ཐཱ། ཨོཾ་མ་ཧཱ་རཀྟ་ཛྭ་ལ་རཾ་ཁཾ། ཁཱ་ཧི་ཁཱ་ཧི། ཧཱུཾ་ཧཱུཾ་ཧཱུཾ། ཧཱ་ཧཱ་ཧཱ། ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོའི་ཚོགས། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཀུན། །ཕྱོགས་བཅུའི་ཞིང་ཁམས་གང་བར་རབ་དམིགས་ལ། །སྐྱོ་མེད་དད་པས་ཉིན་མཚན་བརྩོན་པར་བྱ། །མི་དམིགས་མཉམ་བཞག་ཡེ་ཤེས་རབ་ལྡན་པ། །སྐུ་གསུང་དུས་གསུམ་སངས་རྒྱས་ཐམས་ཅད་དང ། །སེམས་དཔའ་སེམས་མ་ཁྲོ་བོ་ཁྲོ་མོའི་ཚོགས། །མཆོད་པ་ཆེན་པོ་དེ་མཉེས་སྦྱིན་བྱའི་སེམས་ཅན་ཚིམ། །ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། །ཐུན་དྲག་མཆོད་སྦྱིན་གྱི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ལྷའི་དབང་པོ་ལ་སོགས་ཏེ་རི་རབ་དང ། །བར་སྣང་ལ་སོགས་པ་ལ་གནས་པའི་ལྷ་ཐམས་ཅད་ཀྱི་མེ་ཏོག་དང ། ཕྲེང་བ་དང ། སྤོས་དང ། ཕྱེ་མ་དང ། ལྷའི་ན་བཟའ་དང ། ཞལ་ཟས་དང ། རྒྱན་སྣ་ཚོགས་བ་དང ། བདུག་སྤོས་དང ། །སིལ་སྙན་དང ། །བྱུག་པ་དང ། སྒྲ་སྣ་ཚོགས་པ་དང ། སྤོས་སྣ་ཚོགས་པ་ཐོགས་ནས་ལྷགས་སོ། །འཇིག་རྟེན་པ་དེ་དག་ཀྱང་རང་རང་གི་མཆོད་པ་སྣ་ཚོགས་པ་ཐོགས་ནས་ལྷགས་ཏེ་ཞེས་དང་གུས་པ་བྱས་ཏེ་ཐམས་ཅད་ཀྱང་
230a
༄#། །མགྲིན་གཅིག་གི་ང་རོས་གསོལ་པ། ཁྲོ་རྒྱལ་སྐུ་ལ་དྲི་མ་མི་མངའ་ཡང ། །དཀར་ཆབ་མངར་ཆབ་སྤོས་ཀྱི་ཆབ། །སྨན་ཆབ་བདུད་རྩིའི་ཆབ་ལ་སོགས། ། ཁྱོད་ཀྱི་སྐུ་ལ་ཁྲུས་ཆབ་གསོལ། །ཱ་ཧ་ར་ཧཱུཾ། ག་བུར་བཟང་དྲུག་སྨན་གྱི་དྲི། ། ག་རུ་དང་དུ་རུ་སྐ། །གླ་རྩི་སྤོས་ཀྱི་དྲི་ལ་སོགས། །འགགས་པ་མེད་པར་ཤངས་ལ་འབུལ། །དྷུ་པ་པཱུ་ཛ་མེ་གྷ་ཧཱུཾ། རིན་ཆེན་ལྔ་ཡི་མེ་ཏོག་དང ། །ཆུ་ལས་སྐྱེས་དང་ཐང་ལས་སྐྱེས། །ཡིད་ཀྱིས་སྤྲུལ་པའི་མེ་ཏོག་རྣམས། །རྡོ་རྗེ་འཛིན་གྱི་དབུ་ལ་འབུལ། །པུཥྤ་པཱུ་ཛ་མེ་གྷ་ཧཱུཾ། འབྲུ་ཡི་མར་མེ་རྩི་ཡི་མར། །འདམ་བུ་སྣང་གསལ་རིན་ཆེན་སྒྲོན། །སྤོབ་པ་བཅུད་ལེན་སྒྲོན་མ་རྣམས། །ཁྲོ་བོ་གཏུམ་པོའི་སྤྱན་ལ་འབུལ། །ཱ་ལོ་ཀེ་པཱུ་ཛ་མེ་གྷ་ཧཱུཾ། རྣམ་ལྔའི་སྤོས་དང་སྨན་ལྔར་སྦྱར། །ར་ས་ཡེ་དང་ཨ་མྲྀ་ཏ། །རྡོ་རྗེ་འཛིན་ལ་དྲི་མཆོག་འབུལ། །གནྡྷེ་པཱུ་ཛམེ་གྷ་ཧཱུཾ། རོ་མཆོག་བརྒྱ་ལྡན་བདུད་རྩི་མཆོག་།བདེ་བར་བཞེས་ཏེ་དགྱེས་པར་དགོངས། ། མྲྀ་ཏཱ་བྷ་ར་ཧཱུཾ། ཀུན་ཏུ་གྲགས་པའི་སྒྲ་རྣམས་མ་ལུས་དང ། །དམ་ཆོས་སྒྲ་སྒྲོག་སིལ་སྙན་འབུལ། །སྥ་ར་ཎ་ཁཾ་ཞེས་མགྲིན་གཅིག་གིས་གསོལ་ནས་དེ་ཉིད་དུ་སྤྲོ་བའི་ཚུལ་གྱིས་གནས་པར་གྱུར་ཏོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། །དྲེགས་པའི་འཁོར་དག་གིས་སྲི་ཞུ་དང་གུས་པས་མཆོད་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།
230b
དེ་ནས་རྡོ་རྗེ་ཁྲོ་བོ་དེས་དྲེགས་པའི་འཁོར་དེ་དག་ལ་དམ་ཚིག་ཆེད་དུ་སྤྱད་པ་འདི་བཀའ་སྩལ་ཏོ། །མི་གནས་མཐའ་ལས་འདས་པ་སེམས་ཉིད་མཆོག་།སྣ་ཚོགས་ཆོ་འཕྲུལ་འབྱུང་བས་ཀུན་གྱི་གཞི། །མ་བཅོས་རང་བཞིན་རྐྱེན་གྱིས་བྱས་པ་མེད། །དེ་ལ་གནས་ན་རང་དམ་བསྲུང་བ་ཡིན། །དེ་བཞིན་གྱུར་ཀྱང་འོད་འགྱེད་ཆེད་དུ་བླངས། །ནོར་བུ་འབར་བ་མ་མཐོང་སྟོན་པ་དང ། །ཐུགས་རྗེའི་བྱིན་གྱི་རླབས་ཀྱིས་གདུང་བའི་ནད་སེལ་བ། །བདུད་རྩི་ལྟ་བུའི་ཚིག་གིས་ཚིམ་བྱེད་པ། །ཀུན་གཞིའི་ཡུལ་དུ་ནུས་པའི་དབང་འབོགས་ཤིང ། །ཐུགས་རྗེས་སྐྱོབ་པར་མཛད་པའི་མགོན་པོ་དང ། །དུས་གསུམ་སངས་རྒྱས་ཀུན་བས་གཉན་པ་སྟེ། །སྙིང་བཞིན་སྐྱོ་མེད་རྨི་ལམ་ནང་དུ་བསྐུར། །ངག་གི་རྡོ་རྗེ་ཆུ་བོའི་རྒྱུན་བཞིན་དྲང ། །སྐྱོ་མེད་ཉིན་མཚན་དུས་སུ་བརྩོན་པར་བྱ། །རྡོ་རྗེའི་ཕྲག་པར་མི་གསེང་བསྡམས་ལ་དྲངས། །རྫུན་མེད་ཚིག་གིས་དམ་པ་དེ་ལ་བསྟོད། །བཤད་པའི་དབང་རྣམས་རབ་ཏུ་མ་བསྟན་ན། །རྡོ་རྗེའི་ལྕེ་ལ་བདུད་རྩི་འཇིག་གྱུར་ཀྱང ། །གཞན་ལ་ཟེར་ཐིགས་འགའ་ཡང་སྤྲོ་མི་བྱ། །གསང་འོས་གཉེར་གཏད་སྔགས་དང་མཚན་རྣམས་གསང ། །དུས་གསུམ་འགྱུར་མེད་རྡོ་རྗེའི་སྐུ་མཆོད་དེ། །ན་དང་འཆི་སོགས་ལས་ཀྱི་རྣམ་སྨིན་དང ། །སྡུག་བསྔལ་མི་བཟད་ཉམ་ཐག་ཅི་བྱུང་ཡང ། །ལྷག་པར་དྲན་པ་བསྐྱེད་དེ་རྗེས་སུ་གཟུང ། །འགྲོ་ཉལ་འདུག་ཟ་སྤྱོད་
231a
༄#། །ལམ་རྣམ་པ་བཞིར། །མི་བརྗེད་ཤེས་རབ་དག་གིས་རྗེས་སུ་གཟུང ། །སློབ་དཔོན་མཚང་དང་གསང་ཚིག་ཡི་དམ་ལྷ། །སྲོག་གི་ཕྱིར་ཡང་རྟག་ཏུ་མི་སྤོང་ངོ ། ། བཞི་པ་དེ་བཞིན་དེ་ལ་དེ་མི་སེམས། །དྲན་པས་རྗེས་སུ་དེ་ལ་གཟུང་བར་བྱ། །སྨིག་ཆུ་རྒྱུན་བཞིན་བརྟུལ་ཞུགས་བྱ་བ་བསྐྱེད། །དེ་ལས་འགལ་བའི་བརྟུལ་ཞུགས་རབ་ཏུ་སྤྱད། ། རྡོལ་ཞིང་ཟག་འགྱུར་དུག་ཅན་སྨད་པའི་སྣོད། །དེ་རུ་མུ་ཏིག་བདུད་རྩི་མི་བླུགས་ལྟར། །ཐབས་ཀྱི་སྤྱོད་པས་རྣམ་དབྱེ་ཤེས་པར་བྱ། །དཔག་ཚད་ཀུན་ཏུ་ཉམས་པ་རྣམ་པར་སྤོང ། ། དེ་དག་འགལ་ན་རྡོ་རྗེ་དམྱལ་བ་ཡི། །སྡུག་བསྔལ་ཆུ་བོ་རེག་ཅིང་བཟོད་དཀའ་བར། །དུས་གསུམ་རྣམས་དང་ང་ཡིས་བརྗོད་མི་ནུས། །གཞན་ནས་གཞན་འཕང་ཐར་བའི་དུས་ཀྱང་མེད། །མ་ཉམས་རྒལ་དཀར་འགྲོ་བར་གདོན་མི་ཟ། །ང་དང་དུས་གསུམ་ཀུན་ཀྱང་དེ་ལ་དགོངས། །གང་ལ་དམིགས་པའི་འབྲས་བུ་ཆུད་མི་ཟ། །ཕྱོགས་སྐྱོང་རྣམས་ཀྱིས་དམ་སྐྱོང་དེ་ལ་སྲུང ། །ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། ས་མ་ཡ་བཀོད་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་འཁོར་དེ་དག་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཉོན་ཅིག་འདུས་པའི་འཁོར་རྣམས་ཀུན། །དོན་དམ་དབྱེར་མེད་ཕྱོགས་ཆ་ཀུན་དང་བྲལ། །མི་ལེན་མི་གནས་མི་སྤོང་མི་འགོག་ཅིང ། །རང་བཞིན་གནས་པ་
231b
དལ་འཆོས་སུ་མེད། །རྟོག་པའི་གནས་མིན་ཕྲ་བའི་སྤྱོད་ཡུལ་མིན། །དངོས་པོར་མི་གནས་མཚན་མ་ཀུན་དང་བྲལ། །སྒྲོ་དང་སྐུར་བས་དེ་ལ་དཔག་མི་དཔོགས། །སྟོང་པ་མ་ཡིན་ཐ་སྙད་དེ་ལས་འདས། །མི་གནས་མི་རྟོག་རྐྱེན་གྱིས་བསྐྱེད་པ་མེད། །དངོས་བྲལ་ཀུན་གྱི་མཐའ་འདས་བརྗོད་དུ་མེད། །འདི་ཞེས་ངེས་པ་དེ་ལ་མཚོན་དུ་མེད། །དུས་གསུམ་བདག་པོ་སངས་རྒྱས་ཐམས་ཅད་ཀྱི། །ཡབ་ཡུམ་ཤུལ་དང་ཀུན་གྱི་དངོས་པོ་ཡིན། །སེམས་ཅན་འཇིག་རྟེན་ཁམས་ཀྱི་རང་བཞིན་དང ། །བུདྡྷ་འཇིག་རྟེན་ཁམས་ཀྱི་རང་བཞིན་ཀུན། །གཅིག་སྟེ་རྣམ་གྲངས་ཡོངས་ཀྱིས་དེ་ལས་མེད། །གང་ཡང་མ་འགགས་གཅིག་ཏུ་ངེས་པ་མེད། །ཐ་སྙད་བརྗོད་བྲལ་སངས་རྒྱས་ཀུན་གྱི་དངོས། །དེ་ལྟར་གྲོལ་བ་རྣལ་འབྱོར་མཆོག་གི་ལམ། །ཕྲ་བའི་སྒོ་མོ་རྣམས་ཀྱིས་རྗེས་དཔག་དཀའ། །དེ་ལ་སྤྲོ་དང་བསྡུ་བའི་དབང་པོ་མེད། །གཟུགས་དང་ཁ་དོག་རྣམ་པ་གང་དུ་ཡང ། །དེ་ཉིད་མ་གྲུབ་དེ་ལ་གཉེན་པོ་མེད། །འབྱུང་བ་ཆེན་པོ་ནམ་མཁའི་རང་བཞིན་ལ། །ཁུ་རླངས་འཇའ་ཚོན་ན་བུན་སྤྲིན་ལ་སོགས། །ཐན་བྲག་ལྷགས་རླུང་ལ་སོགས་གང་བྱུང་ཡང ། །ནམ་མཁའ་ཆེན་པོ་དེ་ལ་གཡོ་བ་མེད། །དང་པོ་བྱུང་ཡང་དེ་ཡི་ངང་ལས་བྱུང ། །ཐ་མར་ཞི་ཡང་དེ་ཡི་ངང་དུ་ཞི། །དེ་དག་དེ་ཡི་ནང་དུ་འུབས་ཀྱིས་ཆུ་བ། །ཡངས་སོ་ཆེ་འོ་ནམ་མཁའི་ཁོག་པར་གནས། །ཁམས་གསུམ་སེམས་ཅན་དུས་
232a
༄#། །གསུམ་སངས་རྒྱས་རྣམས། །དོན་དམ་ང་ཡི་རང་བཞིན་ང་ཉིད་ཡིན། །ཀུན་ཀྱང་དགེ་དང་སྡིག་སོགས་གང་བྱས་ཀྱང ། །རང་བྱུང་འཕྲུལ་ལྡན་དེ་ལ་འཕེལ་འགྲིབ་མེད། །རང་བྱུང་ཡེ་ཤེས་རྒྱུ་རྐྱེན་དངོས་པོ་མེད། །སེམས་ཅན་སངས་རྒྱས་གཉིས་ཤེས་རྟོག་གི་བུ། །དེ་ལ་དབྱེ་དང་མིང་དང་ཡིག་ཚོགས་མེད། །ཅེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། གཞི་བྱང་ཆུབ་སྙིང་པོའི་རྒྱུའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་དྲེགས་པའི་འཁོར་དེ་དག་ངོ་མཚར་དུ་གྱུར་ནས་མགྲིན་གཅིག་གིས་འཛུམ་པའི་མདངས་ཀྱིས་མངོན་པར་བསྟོད་པ། ཨེ་མ་ཧོ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །རྡོ་རྗེ་རྡོ་རྗེ་འཛིན་པ་ཆེ། །རྡོ་རྗེ་སྐུ་སྟེ་ཆེ་བ་པོ། །མི་ཤེས་དྲི་མ་ཀུན་འཇོམས་པ། །སངས་རྒྱས་ཀུན་པས་སྔར་སངས་རྒྱས། །འགྲོ་བའི་མགོན་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་ལུས་ཏེ་ལུས་ཀྱི་མཆོག་།ལུས་རྣམས་ཐ་དད་རྣམ་སྤྲུལ་ཅིང ། །ལུས་དམན་པ་དག་འཇིགས་པར་མཛད། །ལུས་ཀྱི་ངེས་དོན་གཏིང་དཔག་དཀའ། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་འབར་བ་ཆེར་འབར་བ། །འབར་བའི་འོད་ཀྱིས་སྡང་བ་འཇོམས། ། རྡོ་རྗེ་ཤུགས་ཏེ་ཤུགས་ཆེ་བ། །རྡོ་རྗེའི་མཚོན་ཆེན་ཕྱག་འཚལ་བསྟོད། །ཕྱག་ན་རྡོ་རྗེ་ཡེ་ཤེས་ཆེ། །ཞལ་གྱི་རྡོ་རྗེ་སྡང་བ་འབིགས། །རྡོ་རྗེ་མཆེ་བ་རྣོ་བ་ཆེ། །ཆེ་བ་རྒྱ་མཚོ་གསུང་ཆེན་
232b
བསྟོད། །རྡོ་རྗེ་པདྨ་བྱང་ཆུབ་ཆེ། །ཐུགས་ཉིད་སངས་རྒྱས་རང་བྱུང་བ། །རྡོ་རྗེ་རྒྱ་ཆེ་ཐུགས་ཀྱི་མཆོག་།རྡོ་རྗེ་རྣལ་འབྱོར་ཐུགས་ཆེན་བསྟོད། །འཇིགས་བྱེད་དྲག་པོ་ནག་པོ་ཆེ། །རྡོ་རྗེ་འཇིག་བྱེད་སྡང་བྱེད་པ། །སྒྲུབ་དཀའ་སྒྲུབ་ལེགས་ཡོན་ཏན་ཆེ། །ཡོན་ཏན་རྡོ་རྗེ་མཆོག་ལེགས་བསྟོད། །རྡོ་རྗེ་ཁྲོ་བོ་དྲག་པོ་ཆེ། །ཧ་ལ་ཧ་ལ་ནག་པོ་ཆེ། །རྟོག་པའི་དུས་ངན་རྣམ་པར་སྦྱོང ། ། རྡོ་རྗེ་སེམས་དཔའ་ཕྱག་འཚལ་བསྟོད། །ཅེས་མངོན་པར་བསྟོད་དོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། འཁོར་གྱིས་མངོན་པར་བསྟོད་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་ལྷའི་དབང་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་རྡོ་རྗེ་ཁྲོ་བོ་ཁྱོད། དུས་ངན་བསྟན་པ་མི་གནས་ཚེ་འཇིག་རྟེན་ཁམས་སུ་ཆུ་འཁྱགས་དབབ་པའི་ཐབས་བཀའ་སྩལ་དུ་གསོལ། བཀའ་སྩལ་བ། ཉོན་ཅིག་དབང་པོ་ཆེན་པོ། །འཇིག་རྟེན་ཕུང་བར་བྱན་ནཱ་གའི་ཆུ་འཁྱགས་དབབ། གསང་བའི་ལས་རབ་འདི་ནི་རབ་ཏུ་ནག་།ན་མོ་བུདྡྷ་ཡ། བཛྲ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཨོཾ་བཛྲ་ཙཎྜ། ཀི་ལི་ཀི་ལི། ཙཎྜ་མོ་ར་ཅི་ན། ཙཎྜ་ཙཎྜེ། ནཱ་ག་བནྡྷཱ་ཡ་ཕཌ་སཝཱཧཱ། སོར་བརྒྱད་སེང་ལྡེང་ཕུར་བུ་གུ་གུལ་དང ། ཚིལ་ཆེན་སྨེ་ཁྲག་བྱུག་ཅིང་བདུག་།རྩ་གཟིར་སྔགས་བཤམས་གདགས་པ་བཅའ། །ཐོག་མའི་གོང་ནང་གྲངས་མེད་བཟླས་པའི་མཆོག་།ཀླུ་གནས་བཏབ་ན་ཁྱུང་གིས་མི་ཐར་འཆིང ། །
233a
༄#། །ཕྱོགས་བཏབ་ལྡོག་འགྱུར་ཞིང་བཏབ་འབུ་སྲིན་ཟ། །ལྡུམ་ར་རྟ་བྲེས་གནག་ར་ར་ལུག་གནས། །བཏབ་ན་མི་སྐྱེ་རི་སྙིལ་ཆུ་ཡང་ལྡོག་།ཕལ་བའི་གྲོང་དང་རྒྱལ་པོའི་ཕོ་བྲང་སྒོར་བཏབ་ན། །ཕལ་པའི་གྲོང་འཇིག་རྒྱལ་པོའི་ཁོར་གྱི་མི། །འབྱེར་ཞིང་ནད་ཀྱིས་ཐེབས་འགྱུར་ཕྱུང་ན་ཐར། །ནཱ་གའི་གནས་བཏབ་ཐམས་ཅད་འཆིང་བར་འགྱུར། །ནག་པོ་གནས་སུ་སོང་ལ་ལས་འདི་བྱ། །བྱང་བལྟས་ཆུ་མིག་རྔོམ་དང་ངན་སྐྱིབས་ནག་།མགོ་ན་རྡོ་ནག་དྲེགས་པ་ཆགས་པ་ཡོད། །གནས་དེར་ཨེ་ནག་འདོམ་བཞི་རྩེ་མོ་ལྷོ། །དཀར་ནག་རྡོ་བ་གླང་དམར་རཝ་སྐྱེད་བྱ། །སྐམ་པོ་དུམ་བཞིར་ཕྱི་རོལ་ཁྲག་དུག་ནག་།ར་ཁྱི་མི་ཁྲག་བསྐོལ་བྱ་ཏིང་འཛིན་བསམ། །ག་རུའི་སྤྲུལ་པ་མང་པོ་ཤིན་ཏུ་གཅེས། །དཀར་ནག་དུང་བས་དྲན་བསྐྱེད་དབང་དུ་བསྡུ། །དེ་ནས་ཁྱུང་བསྐུལ་བ་ཞེས་བྱ་བ་འདི་གསུངས་སོ། །ཧྲཱིཿ ། དཔག་བསམ་ཤིང་ལས་བཞེངས་པའི་ག་རུ་ཊ། །ཡེ་ཤེས་གཤོག་པ་འབར་བ་གསེར་གྱི་མིག་།རྡོ་རྗེའི་མཆུ་སྡེར་ཐོགས་མེད་ལྕགས་ཀྱུ་ཅན། །རི་རབ་རྩེ་ནས་རྒྱ་མཚོའི་གཏིང་དུ་སླེབ། །ཀླུ་རྒྱལ་གདན་དུ་འདིངས་ཤིང་ཀླུ་ཕྲུག་ཟས་སུ་ཟ། །ཀླུ་རྣམས་བཀའ་ལས་མ་འདའ་ཆུ་འཁྱགས་ཕོབ། །བརྗིད་གནོན་མནྟྲ་མུ་ཏྲས་ཟིལ་གྱིས་མནན། །ནཱ་ག་རཱ་ཛ་ཕུཊྚ་ཕུཏྟ། སྟོང་བཟླས་བཤམས་སྤྲེལ་བནྡྷ་ཆུ་མིག་བརྡབ། །
233b
ཀླུ་གཟུགས་སྤྲུལ་མགོ་བདུན་སྔོན་སྒྱེད་ཀར་བཞག་།མགོ་ལ་ཁྲག་བྱུང་འདི་ཉིད་རྩ་བརྒྱད་བཟླས། །ནཱ་ག་ནཱ་ག་ལ་ཁྲག་ནད་མགོ་ལ་ཕོབ། །ནཱ་ག་མགོ་ལ་ཁྲག་ཐུན་རྦད། རྩ་བརྒྱད་བརྗོད་ཅིང་ཐབ་བྱ་ཁྲག་ལྷག་དང ། །ཐལ་འཇིམ་བྷནྡྷ་ཆུ་མིག་ནང་དུ་བརྡབ། །ཐོག་དང་སེར་བ་ཇི་ལྟར་འདོད་བཞིན་འོང ། །ནཱ་གའི་གཟུགས་ནི་ནག་པོ་གེལ་ཆགས་ཆེ། །མིག་ནས་གློག་འགྱུ་ཁ་ནས་ཁྲགས་ར་འབབ། །དེ་ལྟར་བསམས་ན་ཀླུ་འཁྲུག་སེར་བ་འབེབས། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། །འཇིག་རྟེན་ཐོག་སེར་གྱི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་ཡང་ལྷའི་དབང་པོས་ཞུས་པ། མཐར་ཐུག་དྲག་པོའི་ལས་ཀྱིས་ཇི་ལྟར་དབབ། །རྫས་དང་སྔགས་བཅས་དྲག་པོའི་སྦྱར་ཐབས་གང ། །སྦ་གནས་དུས་ཚོད་མཛེས་པ་གང་ལ་བགྱི། །སྲུང་བའི་གོ་རིམ་བཅས་པ་ཇི་ལྟར་ལགས། །ཞེས་ཞུས་པ་ལས། བཀའ་སྩལ་བ། ཉོན་ཅིག་སྐལ་ལྡན་ལྷའི་དབང་པོ། །རྫས་དང་སྔགས་བཅས་དྲག་པོའི་སྦྱོར་པ་འདིའོ། །མཛེ་ཤ་མཛེ་ཚིལ་ཐོད་པ་ཚིལ་ཆེན་དུད། །གཞོབ་རྣམས་བླུགས་ཏེ་སྤྲ་བའི་མེ་དང་སྤྲོད། །ཡུགས་སའི་ཞབས་དྲིལ་ཁར་ནག་བཅིངས་བྱས་ལ། །ཆུ་མིག་འགྲམ་སར་སེང་ལྡེང་ཕུར་བ་གདབ། །སྟོན་ཟླ་ར་འབྲིང་གཟའ་རྒོད་རྒྱུ་དུས་གཏད། །སྐྱ་རེངས་ཤར་དང་ཉི་ཕྱེད་ཉ་ལ་གཏད། །རྫས་མཆོག་མ་ཕྱུང་ཆུ་འཁྱགས་ཉིན་རེ་འབབ། །དེ་ནས་ཀླུ་རྣམས་
234a
༄#། །ཀུན་གྱི་གཉེན་པོ་རཀྟ་ཙ་མུཎྜི་ཞེས་བྱ་བ་འདིས་བསྐུལ་བཀའ་སྩལ་ཏོ། །ཧཱུཾ།་སྐུ་ནི་གནམ་ལྕགས་འབར་བ་ལ། །དམར་སེར་མེ་ཡི་རལ་པ་ཅན། །དམར་སེར་མི་ཡི་རལ་བ་ཅན། །ཁམས་གསུམ་སྲིད་གསུམ་ཁ་ན་ཁྱེར། །སྲིད་པ་གསུམ་ནི་ལྟོ་ན་འཕྱོ། །ཡ་འགལ་གནམ་ལ་མ་འགལ་ས། །ཉི་མའི་སྨན་དང་སྤྱན་ནས་འཆར། །ཟླ་བའི་སྐྱིན་ཏང་ཞལ་ནས་འཆར། །རི་རབ་རྩེ་དགུ་ཕྱག་ན་བསྣམས། །མི་བཟད་འབར་མ་གཏུམ་ཆེན་མོ། །ཕྱག་ན་རྡོ་རྗེའི་བཀའ་ཉན་མ། །འདུལ་བའི་གཉེན་པོ་ཀླུ་འདུལ་མ། །ཐུགས་དམ་ཀླུ་ཡི་བནྡྷ་འདྲེན། །ཟས་སུ་ཀླུ་ཡི་ཤ་ལ་ཟ། །ཀླུ་ཡི་གནས་རིས་དབང་དུ་སྡུད། །སྔགས་བཀའ་སྩལ་པ། ཨོཾ་ནཱ་ག་ཞུང་ཐུན། ཛྭ་ལ་ཛྭ་ལ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ཕཌ་ཕཌ་སཝཱཧཱ། ལས་ཀྱི་གོ་ཆ་དྲུག་ནི་རབ་ཏུ་གཅེས། །ལོག་གནོན་གྱི་སྔགས་བཀའ་སྩལ་པ། ནཱ་ག་ལི་དུ་མ་ལ་ཡ་ས་དོ་མ་དྷེ་བ་ཀུ་རུ་ཧཱུཾ་ཧཱུཾ། ཛཿ ཛཿ བྷྱོ་བྷྱོ། འཁོར་ལོ་ཚུལ་དུ་ལུས་ལའོ། །ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། མཐར་ཐུག་དྲག་པོའི་ལས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་འཁོར་དེ་དག་གིས་ཞུས་པ། བཅོམ་ལྡན་ཉིད་ཀྱི་མཚམས་བཅད་ཇི་ལྟར་གཟུང་བར་བགྱི་ཞེས་གསོལ་བ་དང ། བཀའ་སྩལ་པ། འདུལ་བའི་ཚོགས་ཉོན་ཅིག་།ངའི་རང་བཞིན་ནི། དུས་གསུམ་གྱི་བདེ་བར་གཤེགས་པར་
234b
རྟོགས་པར་བྱོས་ཤིག་།ངའི་རང་བཞིན་ནི། སྐྱ་བ་མེད་པར་རྟོགས་པར་བྱོས་ཤིག་།ངའི་རང་བཞིན་ནི། འགག་པ་མེད་པར་རྟོགས་པར་བྱོས་ཤིག་།ངའི་རང་བཞིན་ནི། སྟོང་པ་ཉིད་དུ་རྟོགས་པར་བྱོས་ཤིག་།ང་གང་ཡིན་པ་དེ་ནི། གསང་བའི་བདག་པོའོ། །ང་གང་ཡིན་པ་དེ་ནི། རྡོ་རྗེ་སེམས་དཔར་རྟོགས་པར་བྱོས་ཤིག་།ང་གང་ཡིན་པ་དེ་ནི། ཁམས་གསུམ་རྣམ་པར་རྒྱལ་བར་རྟོགས་པར་བྱོས་ཤིག་།ང་གང་ཡིན་པ་དེ་ནི། གཏུམ་པོ་ཆེན་པོ་ཉིད་དུ་རྟོགས་པར་བྱོས་ཤིག་།ང་གང་ཡིན་པ་དེ་ནི། ཆོས་སོ། །ཆོས་ཀྱི་ཕུང་པོའོ། །ཞེས་བཀའ་སྩལ་པས་དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་ཤིང་དགའོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། ཡོངས་སུ་གཏང་བའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།རྒྱ་གར་གྱི་མཁན་པོ་ཨ་བཱ་ཡུ་ག་ཏའི་ཞལ་སྔ་ནས་ཞུས་ནས་བོད་ཀྱི་ལོཙྪ་བ་ཆོས་ཀྱི་བརྩོན་འགྲུས་ཀྱིས་བསྒྱུར་བ་རྫོགས་སོ།།