rKTs


H451

(e-text produced by ACIP)

see text in transliteration
89b
།།རྒྱ་གར་སྐད་དུ་སུ་པྲ་ཏི་ཥྠ་ཏ་ནྟྲ་སཾ་གྲ་ཧ། བོད་སྐད་དུ། རབ་ཏུ་གནས་པ་མདོར་བསྡུས་པའི་རྒྱུད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཆལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་རྡོ་རྗེ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བརྡུངས་པ་དང ། བྲིས་པ་དང ། འབུར་དུ་བྱས་པ་ལ་སོགས་
90a
༄#། །པ་རབ་ཏུ་གནས་པའི་ཆོ་ག་གསུངས་པ། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང ། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །ལས་རྣམས་ཀུན་ལ་མཁས་པས་སོ། །སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ། །ཞི་བ་ལ་སོགས་རོ་ཡིས་ལྡན། །ཚད་ཀྱིས་ཚད་ལ་ཕབ་ཅིང་བཟང ། །དེ་འདྲ་རབ་ཏུ་གནས་པར་འགྱུར། །ཡང་ཐོག་མཆོད་རྟེན་སོགས་གནས་དང ། །ཁྱིམ་དང་ལྷ་ཡི་གནས་རྣམས་སུ། །སངས་རྒྱས་ལ་སོགས་རབ་གནས་ནི། །ཆོ་ག་དག་དང་ལྡན་པས་བྱ། །ཆོ་ག་དམན་པས་མི་བྱ་སྟེ། །རབ་གནས་རྟག་པར་བཀྲ་མི་ཤིས། །འཇིག་རྟེན་འདིར་ཡང་སྡུག་བསྔལ་ལ། །འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། །དེ་བས་འབད་པ་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཆོ་ག་བདག་ཉིད་ནུས་པ་ཡིས། །བརྟག་པ་ལས་གསུངས་ཚུལ་ལེགས་པས། །དེ་བྱས་བསོད་ནམས་ཆེ་བ་ནི། །མཐོང་དང་མི་མཐོང་རྣམས་སུ་སྐྱེ། །སྐུ་གཟུགས་སྔགས་ཀྱི་མཚན་ཉིད་ཀྱིས། །དེ་ལ་བྱིན་རླབས་འཇུག་པར་འགྱུར། །གང་དུ་སྐུ་གཟུགས་རྫོགས་པ་ལ། །བྱིན་མ་བརླབས་པར་རིང་གནས་ན། །དེ་ལ་བཀྲ་མི་ཤིས་འབྱུང་ཞིང ། །ཇི་སྲིད་མཆོད་པར་དེ་མི་འོས། །དཔེར་ན་སྐྱེས་བུ་ལ་ལ་ཞིག་
90b
རིག་པའི་མཚན་ཉིད་སྤངས་པ་ན། །འཇིག་རྟེན་དུན་གྱི་མཆོད་མི་བྱེད། །དེ་དེ་བཞིན་དུ་གཟུགས་བརྙན་དེ། །རབ་གནས་མ་བྱས་གཟུགས་བརྙན་ལ། །གང་གིས་མཆོད་ཅིང་ཕྱག་བེད་པ། །དམ་ཚིག་བྲལ་ཞིང་སྔགས་དམན་པས། །སྦྱིན་སྲེག་ཐལ་བ་འབྲས་མེད་མཚུངས། །དེ་བཞིན་དུ་ཡང་སྔགས་གནས་པས། །ཆོས་ལྡན་མཆོད་པ་བྱེད་པ་གང ། །དེ་ཡི་ལས་ཀྱི་རྣམ་སྨིན་གྱིས། །སྐྱེ་པ་རུ་ནི་མཆོད་པར་འགྱུར། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་བ། བཅོམ་ལྡན་འདས། ཆོས་ཐམས་ཅད་རབ་ཏུ་མི་གནས་པ་ལགས་ན། ཇི་ལྟར་ན་རྒྱལ་བ་རྣམས་ཀྱིས་རབ་ཏུ་གནས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སངས་རྒྱས་ཀུན་ནི་རབ་ཏུ་བཞུགས། །རབ་ཏུ་གནས་པ་གང་ནའང་མེད། །ཀུན་ཏུ་མཁའ་ལྟར་གནས་པ་ལ། །གཅིག་ཤོས་ཀྱིས་ནི་རབ་ཏུ་བརྟགས། །འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས། །རབ་ཏུ་གནས་པར་རབ་ཏུ་བརྟགས། །དམ་པའི་དོན་དུ་དཔྱད་པ་ན། །གང་ཞིག་གང་གིས་གང་དུ་བརླབ། །གཟོད་མ་ནས་ནི་སྐྱེ་མེད་པ། །ཅི་འདྲས་ཇི་ལྟར་རབ་ཏུ་གནས། །དང་པོའི་ལས་ཅན་སེམས་ཅན་རྣམས། །རྟོགས་པའི་རྒྱུ་རུ་བཤད་པར་ཟད། །དང་པོར་རེ་ཞིག་ཡོངས་སུ་བརྟགས་པའི་གནས་ཡོངས་སུ་སྦྱངས་པ་དང ། གདུགས་དང ། རྒྱལ་མཚན་དང་
91a
༄#། །བླ་རེ་དང ། བ་དན་བསྒྲེང་བ་རྣམས་སུ་མཆོག་ཏུ་གསོལ་བ་འདེབས་པས་གསོལ་བ་བཏབ་པའི་བླ་མ་སྤོས་དང ། མེ་ཏོག་ལ་སོགས་པ་དང་ལྡན་པས་ཚེས་དང ། རྒྱུ་སྐར་ཤིས་པ་ལ་སློབ་དཔོན་ལེགས་པར་མཉམ་པར་གཞག་པས་རབ་ཏུ་གནས་པའི་སར་འཁོད་དེ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ལ་སོགས་པ་རིགས་ལྔ་དང་རབ་ཏུ་འབྲེལ་བ་ཡིན་ལ། དེ་བཞིན་དུ་རབ་ཏུ་འབྲེལ་བའི་དཀྱིལ་འཁོར་གྱི་ཚོགས་ས་ཡོངས་སུ་གཟུང་ཞིང་ཐིག་གདབ་པ་དང ། རྡུལ་ཚོན་གྱི་ལས་དང ། གསོལ་བ་གདབ་པ་ལ་སོགས་པ་བྱས་ལ། རྩ་བའི་སྔགས་སམ། རྒྱུད་ཀྱི་དགོངས་པས་སའི་གཏེར་དུ་ནོར་བུའམ། སོར་གདུབ་བཅུག་ལ། དེ་ནས་ལྷའི་ཁང་པར་རང་གི་སློབ་མ་དང་པོར་བཅུག་སྟེ། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་སྐུར་བལྟས་ལ། ལྷ་ལ་མངོན་པར་ཕྱོགས་ཏེ་ཕྱག་འཚལ་ཞིང ། །ཇི་ལྟར་འབྱོར་བའི་མེ་ཏོག་ཐལ་མོ་དང ། །དྲི་ཆུ་གཙང་མས་ཆོ་ག་བཞིན་བརྟགས་ལ། །ཏིང་ངེ་འཛིན་ལ་ལེགས་གནས་པས། །ཞབས་བསིལ་མེ་ཏོག་སྤོས་སོགས་ལྡན། །རྣམ་པར་མི་རྟོག་སེམས་ཀྱིས་ནི། །མཆོད་ཡོན་རྣམས་ནི་ཕུལ་བྱས་ལ། །མཉམ་པར་གཞག་པས་སྔགས་འདི་ཡིས། །ལན་
91b
གསུམ་པར་དུ་བརྗོད་པར་བྱའོ། །ོཾ་ས་མ་ཡ་སྟྭཾ་ས་མ་ཡ་ཧོ་ཨ་ཧཾ། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་དུ་ནི་གནས་པ་ལས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་བརྙན་འདིར་བཞུགས་ཤིག་།འདི་རུ་མགོན་པོ་རྟག་བཞུགས་ནས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང ། །འདི་ཞེས་བྱ་བའི་དོན་སླད་དུ། ། བདག་གི་འབྱོར་པ་ཉིད་ཀྱིས་ནི། །ཅི་འབྱོར་པ་ཡི་མཆོད་པ་རྣམས། །མེ་ཏོག་ལ་སོགས་འདི་བཞེས་ཤིག་།བདག་དང་སླེབ་མར་བཅས་པ་ལ། །རྗེས་སུ་བརྩེ་བས་དགོངས་སུ་གསོལ། །ཀུན་གྱིས་འདི་ལ་བྱིན་བརླབ་ཅིང ། །དེ་ཉིས་དུ་ནི་བཞུགས་པར་རིགས། །སྐུ་གཟུགས་སྟ་གོན་ལེགས་བྱས་ལ། །དེ་ནས་རྟག་པར་མཉམ་པར་བརྩམ། །སློབ་མ་སྨྱུང་བར་གནས་པ་ཡི། །དེ་ལྟར་ཐམས་ཅད་སྤྱད་བྱས་ལ། །སྔགས་པས་མཆོད་པའི་ཆོ་ག་སོགས། །བླ་མ་ཡིས་ནི་གང་བསྒོ་བ། །མ་ཚོགས་པ་ཀུན་བསྒྲུབ་པར་བྱ། །མཆོད་སྦྱིན་འབྲས་བུ་ཆེན་པོ་འགྱུར། །དེ་ནས་སྔགས་པས་སྙན་གསན་དབབ། །གདན་ལ་བསྟིམ་བྱས་མཆོད་ཡོན་དང ། མཆོད་པ་གཏོར་མ་སྤོས་མེ་ཏོག་།དེ་བཞིན་དུ་ནི་མར་མེ་དག་།སྔགས་དང་ལྡན་པས་དབུལ་བར་བྱ། །སྐུ་གཟུགས་མདུན་དུ་ཕྱག་བྱས་ལ། །ན་བཟའ་སེར་པོས་གཡོགས་བྱ་ཞིང ། །དེ་ནས་སྔགས་པས་འདུ་བྱ་བ། །ཁྱད་པར་དུ་ནི་བདུག་
92a
༄#། །པར་བྱ། །དེ་ནས་བསྒྲུབ་ཕྱིར་དེ་ལ་ནི། །དེ་ལ་ལན་གཅིག་གཏོར་བྱ་བ། །དེ་ནས་དེ་ལ་སྔགས་འདིས་ན། །མེ་དང་དེ་ནས་ཆུ་ལ་གཏོར། །ོཾ་སརྦ་པཱ་བཾ་ད་ཧ་ན་བྫྲཱ་ཡ་སཝཱ་ཧཱ། ཞེས་བྱ་བས་སོ། །དེ་ནས། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །དོན་བཞིན་དུ་ནི་བསྒོམ་བྱ་སྟེ། །དེ་ནས་གནས་གསུམ་རྣམས་སུ་བསྟིམ། །ོཾ་ཧཱུཾ་ཨཱཿ ་ཡི་ཡི་གེ་གསུམ། །ོཾ་ཡིག་སྦྱིན་བོར་བསྟིམ་བྱ་ཞིང ། །སྙིང་གར་ཧཱུཾ་གི་ཡི་གེར་འགྱུར། །ངག་གི་ཕྱོགས་སུ་ཨཱཿ ་ཡིག་གོ་།སྐུ་གསུང་ཐུགས་ནི་བསྒྲུབ་པར་བྱ། །ཡང་ན། གང་གི་ས་བོན་གང་ཡིན་པ། །དེ་ཡི་ཐུགས་གར་དེ་དགོད་དོ། །ཕྱག་རྒྱ་སྔགས་ཀྱིས་རབ་བསྐུལ་ཞིང ། །ཅི་རིགས་པ་ནི་སྙན་གསན་དབབ། །གསེར་རམ་དངུལ་ལམ་ཟངས་མའམ། །རྡོ་དང་དེ་བཞིན་ཤིང་དང་ནི། །ས་འམ་དུང་ཆོས་དེ་བཞིན་ཏེ། །ཡང་ན་ཤིང་ལོའི་འདབ་མ་རྣམས། །མཆོད་ཡོན་སྣོད་དུ་སྦྱར་བར་བྱ། །དེ་བཞིན་བུམ་པ་གསེར་ལ་སོགས། །ཟངས་མའི་སྣོད་ཀྱི་མཆོད་ཡོན་ནི། །མཆོད་ཡོན་སྣོད་ལ་རབ་ཏུ་ཤིས། །གལ་ཏེ་ནུས་པས་མ་རྙེད་ན། །ཇི་ལྟར་རྙེད་པས་ཀུན་ཏུ་བྱ། །དེ་ནས་དྲི་ཡི་ཏིལ་མར་སོགས། །དཱུར་བའི་ཕོན་གྱི་པིར་གྱིས་སྦྱང ། །བཀྲ་ཤིས་རྔ་ལ་སོགས་པའི་སྒྲས། །ན་ཆུང་རྣམས་ཀྱིས་དེ་བཞིན་བརྗོད། །ཏིལ་མར་ལ་སོགས་སྔགས་ཀྱིས་ནི།།
92b
ོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནི་སཝཱཧཱ། བུམ་ལྔ་འམ་ཡང་ན་བརྒྱད། །ཙནྡན་ལ་སོགས་རྣམས་ཀྱིས་བྱུག་།སྣ་ཚོགས་དྲི་ཆུས་དགང་བ་དང ། །འཁོར་ལོར་བྱས་ལ་མངོན་པར་བསྔགས། །བུ་མོས་བཀལ་བའི་སྲད་བུ་འམ། །ཡང་ན་རས་བལ་སྐུད་པའང་རུང ། །ཚོན་ཆེན་པོ་ཡིས་བསྒྱུར་བྱས་ལ། །དེ་ལ་སྔགས་ཀྱིས་དཀྲི་བར་བྱ། །སྨན་ལྔག་\?\་ནི་ཆེན་ལྔ་དང་ནི། །མེ་ཏོག་འབྲས་བུར་ལྡན་པ་སྟེ། །སྐུ་གསུམ་པ་དང་ཡུངས་ཀར་ལྡན། །བུམ་པ་མངོན་པར་བསྔགས་པར་བྱ། །གཙུག་ཏོར་རྣམ་རྒྱལ་ཞེས་བྱ་དང ། །གཟི་བརྗིད་གཞན་གྱིས་མི་རྗི་དང ། །བཀྲ་ཤིས་ཞི་རྣམས་སྔགས་ཀྱིས་ནི། །ཁྲུས་ཀྱི་ཚད་དུ་མངོན་པར་བསྔགས། །འཇམ་པའི་ཏིལ་མར་དག་དང་ནི། །ུ་དུ་མ་ཝཱ་རའི་ལྕུག་\?\་མ་བཟང ། །འཁར་བའི་སྣོད་ཀྱི་ནང་དག་ཏུ། །བཀོད་ལ་རབ་ཏུ་དབུལ་བར་བྱ། །དྲི་ལྔ་ཡིས་ནི་དེ་དག་བྱུག་།ས་བོན་ལྔ་ནི་གཏོར་བར་བྱ། །སློབ་མ་ཚོགས་དང་བཅས་པ་ཡིས། །སྔགས་ཀྱི་གཙང་སྦྲས་བཀྲུ་བར་བྱ། །བཀྲ་ཤིས་ཞེས་བྱ་ཡིད་འོང་བའི། །བློ་དང་ལྡན་པས་ཚིགས་བཅད་བརྗོད། །རིག་མ་སྤྱན་མ་ཇི་བཞིན་དུ། །ཆོ་ག་བཞིན་དུ་མངོན་དབང་བསྐུར། །སྔགས་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །དེ་བཞིན་བདག་གིས་
93a
༄#། །ཁྲུས་གསོལ་ལོ། །ཞེས་བྱ་བ་ལ་སོགས་པས་སོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ལུགས་མ་རྣམས་ནི་དངོས་སུ་བཀྲུ། ། རི་མོ་རྣམས་ནི་མེ་ལོང་ལའོ། །དག་བྱེད་ལྔས་ནི་སྔོན་དུ་བསྒོ། །དཱུར་བ་ཡིས་ནི་མཉེ་བར་བྱ། །རས་སམ་ལག་པ་དག་གིས་ནི། །བློ་དང་ལྡན་པས་སྐུ་ལུས་ཕྱི། །གུར་གུམ་མར་དང་བཅས་པས་བསྐུ། །གོས་ཟུང་དག་ཀྱང་སྐུ་ལ་གསོལ། །བློ་དང་ལྡན་པས་སྔགས་འདི་ཡིས། །དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ། །ོཾ་དྷི་བྫྲ་ཝཱ་ས་སེ་སཝཱཧཱ། ཨོཾ་བྫྲ་གནྡྷེ་སཝཱཧཱ། ཨོཾ་བྫྲ་ཨཱ་བ་ར་ཎ་བི་ཤུདྡྷེ་སཝཱཧཱ། བློ་ལྡན་གྱིས་རང་དམ་ཚིག་བསྐུལ། །ཕྱག་རྒྱ་སྔགས་ཀྱི་དབང་བསྐུར་བ། །ཇི་ལྟར་འོས་པར་མངོན་དབང་བསྐུར། །ོཾ་ཧཱུཾ་ཨཾ་ཛྲིཾ་ཁཾ། དེ་ལྟར་ཅོད་པན་བཅིང་བྱས་ལ། །གདན་ལ་ལེགས་པར་བཞུགས་གསོལ་ཏེ། །བརྟག་པ་ལས་གསུངས་ཚུལ་གྱིས་སོ། ། མདུན་ཕྱོགས་སུ་ནི་མ་བུབ་ཅིང ། །ཡོ་བ་མིན་ཞིང་དྲང་བ་ཡིས། །དེ་ལྟར་སྐུ་གཟུགས་མཛེས་པར་དགོད། །དེ་ལྟར་མིན་ན་སྐྱོན་འབྱུང་འགྱུར། །མེ་ཏོག་སྤོས་དང་དེ་བཞིན་དྲི། །མར་མེ་ན་བཟའ་སོགས་འབྱོར་གང ། །དེ་ཀུན་སྔགས་དང་ལྡན་པ་ཡིས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །ོཾ་བྫྲ་པུཥྤེ་ཨཱཿ ་ཧཱུཾ། ཞེས་བྱ་བ་འདི་དག་ལ་
93b
སོགས་པས་སོ། །མཆོག་གི་མེ་ཏོག་འདི་དག་ནི། །ཆུ་དང་ཐང་ལས་དེ་བཞིན་སྐྱེས། །མཆོག་ཏུ་དད་པས་ཁྱོད་ལ་འབུལ། །ཅི་བདེ་བར་ནི་སོ་སོར་བཞེས། །ལྷན་ཅིག་སྐྱེས་དང་སྦྱར་ལས་བྱུང ། །མཆོག་གི་བདུག་པ་འདི་དག་ནི། །བདག་གི་དད་པས་འབུལ་ལགས་ཀྱིས། །ཅི་བདེ་བར་ནི་བཞེས་སུ་གསོལ། །ལྷན་ཅིག་སྐྱེས་དང་སྦྱར་ལས་བྱུང ། ། མཆོག་ཏུ་གྱུར་པའི་དྲི་འདི་ནི། །མཆོག་གི་དད་པས་འབུལ་ལགས་ཀྱིས། །ཅི་བདེ་བར་ནི་སོ་སོར་བཞེས། །མུན་པ་འཇོམས་བྱེད་སྣང་བའི་མཆོག་།མར་དང་ཏིལ་གྱི་མར་མེ་འདི།། ཡང་དག་ཡེ་ཤེས་སྤྱན་དབྱེ་ཕྱིར། །དད་པས་བདག་གིས་དབུལ་བར་བགྱི། །བཟའ་དང་བཅའ་བ་ཕུན་སུམ་ཚོགས། །ཁ་དོག་དྲི་རོ་རྣམས་དང་ལྡན། །ཐམས་ཅད་ལྡན་པའི་ལྷ་ཡི་བཤོས། །བདག་གིས་དབུལ་གྱིས་སོ་སོར་བཞེས། །དེ་ལ་སོགས་པ་གང་ཡང་ཡུང ། །ཅུང་ཟད་ཅི་འབྱོར་སྐུ་གཟུགས་ལ། །དེ་དག་ཐམས་ཅད་འདི་ཉིད་ཀྱིས། རིམ་པ་ཡིས་ནི་དབུལ་བར་བྱ། །སྔགས་ཀྱི་གཙང་སྦྲ་ཙཱ་རུ་བྱ། །དེར་ནི་གསེར་གྱི་རང་བཞིན་གྱི། །ཐུར་མས་སྤྱན་ནི་དབྱེ་བར་བྱ། །ཞལ་ཟས་དེར་དབུལ་བློ་ལྡན་པས། །ོཾ་ཙཀྵུཿ ་ཙཀྵུཿ ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སཝཱཧཱ། ཨོཾ་དྷྱཱ་ན་ས་མཱ་དྷི་པྲི་ཎ་ནེ་སཝཱ་ཧཱ། དེ་ལྟར་བཟླས་ཏེ་དེ་ནས་ཡང ། །སློབ་མ་རབ་ཏུ་བཅུག་བྱས་ལ། །ཁྱོད་ཀྱིས་ང་ལ་གང་གསོལ་བའི། །སྐུ་
94a
༄#། །གཟུགས་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་པའི་རབ་གནས་པར། །དེ་དག་དོན་ནི་ངེས་བྱས་ཏེ། །དེ་རྣམས་དོན་ནི་གྲུབ་ཟིན་གྱི། །ཅི་བདེ་བར་ནི་མཆོད་པར་བྱོས། །དེ་ནས་དམ་ཚིག་དབང་བསྐུར་བར། །ཁྱོད་ལ་བྱས་ཀྱིས་སྲེག་བླུགས་ནི། །སྟོང་ངམ་ཡང་ན་དེ་ཡི་ཕྱེད། །སྔར་གསུངས་པར་མས་འབྲུ་རྣམས་ཀྱིས། འོ་མ་ཅན་གྱི་བུད་ཤིང་ལ། །སྲེག་ཁུང་གྲུ་བཞིར་སྲེག་བླུགས་བྱ། །དེ་ཉིད་མར་དང་འོ་མ་ཡིས། །ལྷག་མ་ཙཱ་རུར་ཕུལ་བྱས་ལ། །བདག་དང་སློབ་མ་ཐམས་ཅད་ནི། །ཞི་དང་རྒྱས་པ་འཕེལ་བར་བྱ། །ོཾ་བྫྲ་ཨཱ་ཡུ་ཥེ་སཝཱཧཱ། ཨཱ་གཙྪ་ཧ་རི་པདྒི་ལེ་ཏེ་ཛ་ཏེ་ཛ་ཧ་ལོ་གི་ཏ་ཀྵ་དེ་ཧི་ད་བ་ཡ་ཨི་དཾ་ཙ་ལྱེ་ཀཱརྱན་ཀུ་རུ་སཝཱཧཱ། ཨོཾ་བྫྲ་པུཥྚ་ཡ་སཝཱཧཱ། དེ་ལྟར་བྱས་ལ་འབད་པ་ཡིས། །ཁྲི་ཡི་སྟེང་དུ་བཞུགས་པར་བྱ། །སྐུ་གཟུགས་ཀྱི་ནི་སུམ་འགྱུར་ཆའི། །ཚད་ཙམ་དུ་ནི་རབ་ཏུ་བརྟག་།ོཾ་སུ་པྲ་ཏིཥྛ་བྫྲེ་སཝཱཧཱ། མེ་ཏོག་སྤོས་སོགས་སྔོན་འགྲོ་བས། །ཕྱོགས་སྐྱོང་རྣམས་ཀྱང་མཆོད་པར་བྱ། །ོཾ་ཨིནྡྲ་ཡ་སཝཱཧཱ། ཞེས་བྱ་བས་དབང་ལྡན་ལ་ཐུག་གི་བར་དུ་རོལ་མོའི་སྒྲ་ལ་སོགས་པས་ཡང་དག་པར་མཆོད་དེ་གཤེགས་སུ་གསོལ་བར་བྱ་བ་ནི། རྫོགས་སངས་རྒྱས་དང་དེ་ཡི་སྲས། །ཚངས་སོགས་ལྷ་ཡི་ཚོགས་རྣམས་དང ། །གང་དག་ཆོག་ག་མ་ཚང་བ། །དེ་དག་བཟོད་པ་མཛད་
94b
བར་རིགས། །ཀུན་ཏུ་ཞི་དང་རྒྱས་པ་རུ། །ཡོན་བདག་ཚེ་ལ་རབ་མཛད་ནས། །སངས་རྒྱས་ཡུལ་དུ་གཤེགས་ནས་ནི། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ས་དང་ཆུ་དང་མེ་རླུང་གི་།ལྷ་རྣམས་ཀུན་གྱི་སྐུ་གཟུགས་ལ། །བསྐལ་བ་བརྒྱ་རུ་བསྲུང་གནས་མཛོད། །དགྱེས་ཤིང་ཡིད་བཟང་གྱུར་ནས་སུ། །སློབ་དཔོན་སློབ་མར་བཅས་པ་ཡི། །བུ་དང་ཚ་པོ་བསྲུང་མཛད་ནས། །རང་གནས་བདེ་བར་གཤེགས་སུ་གསོལ། །དཔྱིད་ཟླ་ར་བའམ་དཔྱིད་ཟླ་འབྲིང ། །དགུན་དང་དཔྱིད་ཀྱི་ཐ་ཆུངས་སམ། །དབྱར་ར་དེ་བཞིན་དབྱར་འབྲིང་པོ། །ཉི་མ་བྱང་དུ་གནས་པ་ཡི། །དཀར་པོའི་ཕྱོགས་ཀྱི་གཉིས་པའམ། །རིམ་བཞིན་དེ་ལྟར་གསུམ་པ་འམ། །གང་ཚེ་གཟའ་དང་རྗེས་མཐུན། །ནག་པོའི་ཕྱོགས་ལའང་བརྩམ་པར་བྱ། །གང་ཚེ་ཐམས་ཅད་མཐུན་གྱུར་ན། །མི་རྣམས་ཡུན་དུ་འཕེལ་བར་བྱེད། །བཅོ་ལྔ་དེ་བཞིན་བརྒྱད་པ་དང ། །བཅུ་གསུམ་པ་ཡང་དེ་བཞིན་ནོ། ། གནམ་སྟོང་དང་ནི་དེ་བཞིན་དུ། །བཅུ་བཞི་པ་ལའང་བྱ་བ་མིན། །ཐམས་ཅད་དུ་ནི་ཆུ་སྨད་དང ། སྣར་མ་གྲོ་ཞུན་དེ་བཞིན་ཏེ། །ལག་པ་སྣུབས་དང་སྣརོན་དང་ནི། །རྒྱལ་དང་ཆུ་སྨད་དེ་བཞིན་ནོ། །ཁྲུམས་སྨད་དག་ཀྱང་དེ་བཞིན་ཏེ། །རྒྱུ་སྐར་འདི་རྣམས་ཐམས་ཅད་དུ། །སྐྱེ་དགུ་འཕེལ་ཞིང་དེ་ཡི་ནི། །རབ་ཏུ་གནས་པའི་མཆོག་ཏུ་བྱེད། །སྐར་མ་
95a
༄#། །དབོ་ལ་རབ་གནས་བྱ། །དེས་ནི་ཤེས་རབ་ཆེན་པོར་འགྱུར། །ཡིད་ལ་འདོད་པ་ཅི་ཡང་རུང ། །དངོས་གྲུབ་མེ་བཞིས་སྟེར་བར་འགྱུར། །ལུས་ལས་ཤེས་པ་ཡང་དག་པ། །ཁྲུམས་སམ་ཡང་ན་གྲོ་བཞིན་གྱིས། །ལག་གིས་སྐལ་བཟང་སྣར་མས་ནི། །གཞན་དག་ལས་ནི་རྒྱལ་བར་བྱེད། །མགོ་ཡིས་ཞི་བ་ཉེ་བར་སྟོན། ། ཆུ་སྟོད་ཀྱིས་ནི་བུ་དག་གསོན། །རྟག་པར་དངོས་གྲུབ་ཁྲུམས་སྨད་ཀྱིས། །རྒྱལ་གྱིས་རྟག་པར་ཚེ་རིང་འགྱུར། །སྣརོན་གྱིས་མཆོག་ཏུ་བ་དེ་བར་བྱེད། །ལྷ་མཚམས་ཀྱིས་ནི་མཆོག་སྟེར་འགྱུར། །ཕུར་བུ་ལག་དང་པ་བ་སངས། །ཟླ་བ་གཟའ་སོགས་ཤེས་བྱ་སྟེ། །འདི་རྣམས་བཟང་ལྡན་ལ་བྱས་ན། །རབ་ཏུ་གནས་པ་མཆོག་ཏུ་དགེ་།གསུམ་པ་དྲུག་པ་བདུན་པ་ལ། །བཅུ་དང་བཅུ་གཅིག་ལ་ཟླ་བ། །གཉིས་པ་བཞི་པ་དེ་བཞིན་བརྒྱད། །བཅུ་དང་བཅུ་གཅིག་རྣམས་ལ་ལག། །གཉིས་དང་བདུན་དང་དེ་བཞིན་དགུ་།དེ་བཞིན་ཕུར་བུ་བཅུ་གཅིག་པ། །དུས་སྦྱོར་ཞི་བ་ལས་བརྟེན་ནས། །དེ་ལ་ལྷག་པར་གནས་པར་བྱ། །དྲུག་བདུན་བཅུ་པ་དོར་བ་ཡིས། །པ་བ་སངས་ཉིད་དགེ་བ་ཡིན། །དེ་ལྟར་གཟའ་རྣམས་ཐམས་ཅད་ཀྱི། །སྟོབས་ལྡན་མི་ལྡན་དེར་ཤེས་བྱ། །གང་ཚེ་ཞི་བའི་གཟའ་རྣམས་དང ། །ཞིང་རྣམས་ཞི་བ་དགེ་བ་ཡིན། །དང་པོ་ལྔ་པ་གསུམ་དེ་བཞིན། །ནོར་
95b
རྣམས་འཇོམས་པ་སྤང་བར་བྱ། །རྗེས་སུ་མཐུན་པར་བྱེད་པ་པོས། །སྐད་ཅིག་དེ་ལ་ཡོངས་འགྲུབ་ཅིང ། །ཇི་ལྟར་གསུངས་བཞིན་ཀུན་བྱས་ན། །རབ་ཏུ་གནས་པ་མཆོག་འགྱུར་ཞིང ། །འཁོར་ལོས་བསྒྱུར་རྒྱལ་དབང་ཕྱུག་ནི། །ཐོབ་འགྱུར་དེ་ལ་ཐེ་ཚོམ་མེད། །གཟའ་དང་རྒྱུ་སྐར་དེར་མེད་དེ། །བགེགས་དང་ལོག་པར་འདྲེན་པའང་མེད། །གཟའ་རྣམས་ཐམས་ཅད་རྗེས་མཐུན་ཞིང ། །བགེགས་དང་རྒྱུ་སྐར་ལྷ་རྣམས་ཉིད། །དེ་རུ་གྲུབ་པར་ཀུན་གནས་ཤིང ། །གཟུགས་བརྙན་མཆོད་རྟེན་ལ་སོགས་ཀྱི། །དངོས་གྲུབ་དག་ནི་སྟེར་བར་མཛད། །ཡིད་ཀྱིས་ཅུང་ཟད་གང་བསམས་པ། །སྐྱེ་དང་སྐྱེ་བ་འགྲུབ་བར་འགྱུར། །རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནས་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །དེ་ནས་དེ་དག་ཐམས་ཅད་ལ། །དགའ་བས་འདི་སྐད་བརྗོད་པར་བྱ། །ཇི་ལྟར་གསུངས་པའི་མཆོད་པ་རྣམས། །བདག་ལ་མཐུན་པའི་ནུས་པ་མེད། །དེ་ཕྱིར་ཁྱོད་ལ་བདག་བཟོད་གསོལ། །སྔགས་ཀྱིས་གཙང་སྦྲའི་བཟའ་བཅའ་དག་།གཟུགས་བརྙན་དག་ལ་སྦྱིན་བྱ་སྟེ། །བདེར་གཤེགས་ལྷག་མ་འདི་དག་ནི། །ཟོ་ཞིག་སྡིག་པ་བྱང་བར་འགྱུར། །ཞེས་བྱ་བས་སོ། །གླང་པོ་རྟ་གླང་ཤིང་རྟ་ནོར། །ཡོན་གྱི་དམ་པ་དབུལ་བར་བྱ། །དེ་ནས་དེ་ལ་ནན་ཏན་གྱིས། །ལོངས་
96a
༄#། །སྤྱོད་གཡོ་བ་དབུལ་བར་བྱ། །གལ་ཏེ་ལྷ་ཉིད་དགྱེས་འདོད་ན། །བླ་མ་གུས་པས་དགྱེས་བྱ་ཞིང ། །དེ་ལྟར་རྣམ་པ་ཐམས་ཅད་དུ། །བླ་མ་ཡང་དག་མཉེས་པར་བྱ། །དེ་ནས་ཡང་དག་བརྟུལ་ཞུགས་ཅན། །དགེ་སློང་དགེ་བསྙེན་དགེ་སློང་མ། །མཆོག་ཏུ་གུས་པས་མཆོད་བྱས་ལ། །ཇི་ལྟར་འོས་པའི་ཡོན་ཡང་དབུལ། །དུང་ངམ་རོལ་མོ་སྒྲ་ལ་སོགས། །བཟང་པོའི་གླུ་དང་གར་རྣམས་ཀྱིས། །གཉེན་དང་རིགས་རྒྱུད་འཁོར་རྣམས་ཀྱིས། །རོལ་མོ་ཆེན་པོ་མཚན་མོ་དབུལ། ། དེ་ལྟར་ཐམས་ཅད་ཕུལ་ཟིན་ནས། །གང་རུང་མཆོད་སྦྱིན་དཀྱིལ་འཁོར་ལ། །ཕུལ་ལམ་འབུལ་བར་བྱེད་པ་རྣམས། །སློབ་དཔོན་ལ་ནི་དབུལ་བྱ་ཡི། །བཟོ་བོ་ལ་ནི་མི་སྦྱིན་ཞིང ། །དགེ་སློང་རྣམས་ལའང་སྦྱིན་མི་བྱ། །སློབ་དཔོན་མཆོག་གི་ལྷ་ཡིན་ཏེ། །ནོར་རྣམས་ཐམས་ཅད་དེ་ལ་དབུལ། །དེ་ནས་དཀྱིལ་འཁོར་བྱུག་བྱ་སྟེ། །བ་ཡི་ལྕི་བས་བྱུགས་བྱ་ཞིང ། །རྡུལ་ཚོན་ཆུ་བོར་རབ་དོར་རོ། །དེ་ཡིས་ཡང་དག་ལེགས་པར་འགྱུར། །རབ་ཏུ་གནས་པ་མདོར་བསྡུས་པའི་རྒྱུད་རྫོགས་སོ།། །། ཁ་ཆེའི་པཎྚི་ཏ་ཆེན་པོ་ཛྙཱ་ན་བཛྲ་དང ། ལོ་ཙཱ་བ་འབྲོ་དགེ་སློང་ཤེས་རབ་གྲགས་པས་བསྒྱུར་བའོ།།