rKTs


H644

(e-text produced by ACIP)

see text in transliteration
215a
ཡི་དྭགས་མོ་ཁ་འབར་མ་དབུགས་དབྱུངས་བའི་གཏོར་མའི་ཆོ་ག། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། དེ་ནས་བཅོམ་ལྡན་འདས་ཡུལ་སེར་སྐྱ་ན་ཤིང་ནྱེ་གྲོ་དྷའི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང ། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང ། སེམས་ཅན་གྱི་ཚོགས་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ་ཆོས་སྟོན་ཏོ། །དེ་ནས་ཀུན་དགའ་བོ་དབེན་པར་འདུག་སྟེ་ནང་དུ་ཡང་དག་འཇོག་ཅིང་རྩེ་གཅིག་ཏུ་ཡིད་ལ་བྱེད་པས། ཆོས་མངོན་གསུམ་དུ་བྱེད་པ་ན་མཚན་མོ་ནམ་གྱི་ཆ་སྨད་ལ་དེའི་མདུན་དུ་ཡི་དྭགས་མོ་ཁ་འབར་མ་འདུག་ནས་སྨྲས་པ། ཀྱེ་ཀུན་དགའ་བོ། ཁྱོད་གནངས་འཆི་བར་འགྱུར་ཏེ། ཡི་དྭགས་ཀྱི་གནས་འདིར་སྐྱེ་བར་འགྱུར་རོ། །ཀུན་དགའ་བོས་སྨྲས་པ། རྟེན་པའི་ཐབས་ཅི་ཡོད། ཡི་དྭགས་མོས་སྨྲས་པ། ཀུན་དགའ་བོ། གལ་ཏེ་ནང་པ་ཡི་དྭགས་གངྒཱའི་ཀླུང་གྱི་བྱེ་མ་ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་དག་ལ་ཡི་དྭགས་རེ་རེ་ལ་ཡང་ཟས་དང ། སྐོམ་
215b
ཡུལ་མ་ག་དྷའི་བྲེ་བོ་ཆེ་བདུན་བདུན་ཙམ་བྱིན་ཏེ། བྲམ་ཟེའི་དྲང་སྲོང་འབུམ་ཡང་ཚིམ་པར་བྱས་ལ། བདག་གི་མིང་གིས་དཀོན་མཆོག་གསུམ་ལ་མཆོད་པ་བྱས་ན། དེ་ལྟར་ན་ཁྱོད་ཀྱི་ཚེ་ཡང་ཕྱིར་ནུར་བར་འགྱུར་ལ། བདག་ཀྱང་ཡི་དྭགས་ཀྱི་འཇིག་རྟེན་ནས་ཤི་འཕོས་ཏེ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །དེ་ནས་ཀུན་དགའ་བོས་ཡི་དྭགས་མོ་ཁ་འབར་མ་རིད་ཅིང་མདོག་ངན་ལ། ལུས་སྐེམ་པ། ཁ་ནས་མེ་ལྕེ་འབར་བ། ལྟོ་དང་ཁ་སྐམ་པ། རལ་པའི་ཕུང་པོ་གཡེངས་པ། སྤུ་དང་སེན་མོ་རིང་བ་མཐོང་སྟེ།་ཚིག་མི་སྙན་ཅིང་ཡིད་དུ་མི་འོང་བ་དེ་ཐོས་ནས་སྐྲག་ཅིང་སྡངས་ཏེ་སྤུ་ཟིང་ཞེས་བྱས་ནས། སྟན་ལས་ལངས་ཏེ་ཤིན་ཏུ་རིངས་པ་དང ། ཤིན་ཏུ་མྱུར་བའི་ཤུགས་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་འདར་བཞིན་དུ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སྐྱབས་མཛད་དུ་གསོལ། བདེ་བར་གཤེགས་པ་སྐྱབས་མཛད་དུ་གསོལ། བདག་ནི་གནངས་སྲོག་འགུམ་པར་འགྱུར་ལགས་སོ། །བཅོམ་ལྡན་འདས། བདག་གིས་ཡི་དྭགས་མོ་ཁ་འབར་མ་མཐོང་སྟེ། ཁྱོད་གནངས་འཆི་བར་འགྱུར་རོ། །ཞེས་མཆི་ན། བདག་གིས་རྟེན་ཐབས་ཅི་མཆིས་ཞེས་སྨྲས་ནས་དེའི་མཆིད་ནས་གལ་ཏེ་ཁྱོད་
216a
༄#། །ཀྱིས་ཡི་དྭགས་གངྒཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་དག་ཆིམ་པར་བྱས་ཏེ། །བྲམ་ཟེའི་དྲང་སྲོང་འབུམ་ཡང་ཚིམ་པར་བྱས་ན། དེ་ལྟར་ན་ཁྱོད་ཀྱི་ཚེ་ཕྱིར་ནུར་བར་འགྱུར་རོ་ཞེས་མཆི་ན། བཅོམ་ལྡན་འདས། དེ་ཇི་ལྟར་བསྒྲུབ་པར་བགྱི་བ་བཀའ་སྩལ་དུ་གསོལ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏེ། ཀུན་དགའ་བོ། གང་གིས་ཁྱོད་ཡི་དྭགས་རྣམས་དང ། བྲམ་ཟེའི་དྲང་སྲོང་རྣམས་ཚིམ་པར་བྱེད་པར་འགྱུར་བའི་ཐབས་ཡོད་ཀྱི། མ་འཇིགས་ཤིག་།ཀུན་དགའ་བོ། ཐམས་ཅད་དུ་འོད་དང་ལྡན་པ་རྒྱ་ཆེན་ཤུགས་ལྡན་ཞེས་བྱ་བའི་གཟུངས་ཡོད་དོ། །དེས་བྱིན་པ་ཙམ་གྱིས་ཡི་དྭགས་གངྒཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་དག་ཚིམ་པར་འགྱུར་ཏེ།་ཡི་དྭགས་དང ། བྲམ་ཟེའི་དྲང་སྲོང་རེ་རེ་ལ་ཟས་དང ། སྐོམ་ཡུལ་མ་ག་དྷའི་བྲེ་བོ་བདུན་བདུན་བྱིན་པར་འགྱུར་རོ། །དེ་ནི། སྔོན་ང་བྲམ་ཟེར་གྱུར་བ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་དབང་ཕྱུག་དང ། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་འོད་ལས་ངས་བཟུང་སྟེ། དེས་ཡི་དྭགས་
216b
དང ། བྲམ་ཟེའི་དྲང་སྲོང་གྲངས་སུ་བགྲང་བ་མང་བ་དང ། ཆེས་མང་བའང་ངས་ཟས་དང ། སྐོམ་གྱིས་ཚིམ་པར་བྱས་ཏེ། དེ་དག་ཐམས་ཅད་ཡི་དྭགས་ཀྱི་འཇིག་རྟེན་ནས་ཤི་འཕོས་ནས་ལྷའི་འཇིག་རྟེན་དུ་སྐྱེས་སོ། །ཀུན་དགའ་བོ། ཁྱོད་ཀྱིས་ཟུངས་ལ་ངོ་ལོན་གྱིས་ཤིག་།ན་མཿ ་སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ། ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ཀུན་དགའ་བོ། འདི་ཡི་དྭགས་ཀྱི་གཏོར་མ་ལ་ལན་བདུན་བཟླས་བརྗོད་བྱས་ནས་ལག་པ་བརྐྱང་སྟེ་དྲུང་དུ་སྦྱིན་པར་བྱའོ། །སེ་གོལ་ཡང་བརྡབ་པར་བྱའོ། །དེ་ལྟར་བྱས་ན། བྱིན་མ་ཐག་ཏུ་ཕྱོགས་བཞིའི་ཡི་དྭགས་གངྒཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག་ཕྲག་འབུམ་ཕྲག་གི་བྱེ་མ་སྙེད་དག་ཚིམ་པར་བྱས་པར་འགྱུར་རོ། །ཡི་དྭགས་རེ་རེ་ལ་ཡང་ཡུལ་མ་ག་དྷའི་བྲེ་བོ་བདུན་བདུན་བྱིན་པར་འགྱུར་རོ། །དེ་དག་ཀྱང་ཟོས་པ་ཙམ་གྱིས་ཡི་དྭགས་ཀྱི་འཇིག་རྟེན་ནས་ཤི་འཕོས་ནས་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཀུན་དགའ་བོ། །ཁྱོད་ཀྱིས་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་རྣམས་ལ་རྟག་ཏུ་རྒྱུན་མི་འཆད་པར་ཁོར་ཟུག་ཏུ་བསྙད་པར་བྱའོ། །དེ་ལྟར་བྱས་ན། བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་ཏེ། ཚེ་ཡང་རིང་བར་འགྱུར་རོ། །དེ་བཞིན་གཤེགས་པ་བྱེ་བ་ཕྲག་འབུམ་གྱི་
217a
༄#། །བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ། །རྟག་ཏུ་མི་མ་ཡིན་པ་རྒྱུ་བ། འབྱུང་པོ་དང ། ཤ་ཟ་དང ། གྲུལ་བུམ་ལ་སོགས་པ་དང ། གནོད་སྦྱིན་དང ། སྲིན་པོ་དང ། གདོན་དང ། ཡི་དྭགས་རྣམས་ཀྱིས་མི་མཐོང་བར་འགྱུར་རོ། །སྟོབས་དང ། བརྩོན་འགྲུས་དང་ཡང་ལྡན་པར་འགྱུར་རོ། །གཟུགས་དང་ལྡན་པ་དང ། གཟི་བརྗིད་དང་ལྡན་པ་དང ། དྲན་པ་དང་ལྡན་པར་ཡང་འགྱུར་རོ། །བྲམ་ཟེའི་དྲང་སྲོང་ཚིམ་པར་བྱེད་པ་འདོད་པ་དེས་ནི། མཆོད་ཡོན་དང ། དབུལ་བར་བྱ་བ་དང ། སྣོད་བཀང་བ་ལ་ལན་བདུན་བཟླས་བརྗོད་བྱས་ལ་འབབ་ཆུ་ག་ལ་ཡོད་པའི་གནས་དེར་སྦྱིན་པར་བྱའོ། ། དེ་ལྟར་བྱས་ན། བྲམ་ཟེའི་དྲང་སྲོང་གངྒཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག་འབུམ་ཕྲག་དུ་མའི་བྱེ་མ་སྙེད་དག་ལྷའི་བཟའ་བ་དང ། བཏུང་བ་རྣམས་ཀྱིས་ཚིམ་པར་བྱས་པར་འགྱུར་རོ། །བྲམ་ཟེའི་དྲང་སྲོང་དེ་དག་ཀྱང་དབང་པོ་ཚིམ་པར་འགྱུར་ཏེ། དེ་དག་ཐམས་ཅད་ཀྱིས་ཨོཾ་བདེ་ལེགས་སུ་གྱུར་ཅིག་ཅེས་བྱ་བའི་སྒྲ་འབྱིན་པར་བྱེད་ལ། སེམས་ཅན་དེ་དག་ཀྱང་བསམ་པ་ཡོངས་སུ་དག་པར་འགྱུར་ཏེ། བྲམ་ཟེའི་གཟི་བརྗིད་དང་ལྡན་པར་འགྱུར་རོ། །རྟག་ཏུ་ཚངས་པར་སྤྱོད་པར་
217b
ཡང་འགྱུར་ཏེ། དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་དག་གི་དགེ་བའི་རྩ་བ་དང་ལྡན་པར་ཡང་འགྱུར་རོ། །རྟག་ཏུ་དགྲ་ཐམས་ཅད་ཞིག་པར་འགྱུར་རོ། །མེ་ཏོག་གམ། བདུག་པའམ། སྤོས་སམ། ཟས་སམ། སྐོམ་གྱི་ཡོ་བྱད་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ལ་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་འབུལ་བར་བྱའོ། །དེ་ལྟར་བྱས་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བ་སྙེན་མ་དེས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞིང་གི་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་ལྷའི་མཆོད་པ་དང ། དེ་བཞིན་གཤེགས་པའི་མཆོད་པའི་མཆོག་གིས་མཆོད་པ་བྱས་པར་འགྱུར་རོ། །བླ་མར་བྱས། རིམ་གྲོར་བྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་ཤིང་ལུང་བསྟན་པ་དང ། ལྷ་ཐམས་ཅད་ཀྱིས་ཀུན་ཏུ་སྲུང་བར་ཡང་འགྱུར་རོ། །ཀུན་དགའ་བོ། སོང་ལ་ངོ་ལོན་ཡང་གྱིས་ཤིག་།སེམས་ཅན་ཐམས་ཅད་ལ་ཡང་དག་པར་སྟོན་ཅིག་།དགེ་བའི་རྩ་བའི་ཚོགས་ཐམས་ཅད་ཀྱང་གྱིས་ཤིག་ཅེས་ང་སྨྲའོ། །ཡི་དྭགས་མོ་ཁ་འབར་མ་དབུགས་དབྱུང་བའི་གཏོར་མའི་ཆོ་ག་རྫོགས་སོ།། །།