rKTs


H88

(e-text produced by ACIP)

see text in transliteration
260b
།།རྒྱ་གར་སྐད་དུ། ཨཱརྱ་རཏྣ་རཱ་ཤི་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་རིན་པོ་ཆེའི་ཕུང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་བརྒྱད་སྟོང་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་ཁྲི་དྲུག་སྟོང་
261a
༄#། །དང་ཐབས་གཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེ་བ་གཅིག་གིས་ཐོགས་པ་ཕྱིར་མི་ལྡོག་པའི་བཟོད་པ་ཐོབ་པ་ཤ་སྟག་གོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སྦྱོང་དགེ་སྦྱོང་ཞེས་བགྱི་བ་ཇི་ཙམ་གྱིས་ན་དགེ་སྦྱོང་དགེ་སྦྱོང་ཞེས་བགྱི་བ་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོང་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང ། དགེ་སྦྱོང་དགེ་སྦྱོང་ཞེས་བྱ་བ་ནི་ཞི་བ་དང ། དུལ་བ་དང ། ཅང་ཤེས་པ་དང ། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ་དང ། ཏིང་ངེ་འཛིན་ལ་འཇུག་པ་ཤེས་པས་དགེ་སྦྱོང་ཞེས་བྱ་སྟེ། ཤེས་རབ་དང་ལྡན་པ་དང ། རྣམ་པར་གྲོལ་བའི་སྙིང་པོ་ལྷུར་ལེན་པ་དང ། རྣམ་པར་ཐར་པའི་སྒོ་གསུམ་ལ་སོམ་ཉི་མེད་ཅིང་ཐེ་ཚོམ་མི་ཟ་བ་དང ། འཕགས་པའི་སྤྱོད་ཡུལ་ལ་གནས་པ་དང ། དྲན་པ་ཉེ་བར་གཞག་པ་བཞི་ལ་གནས་པ་དང ། ཡང་དག་པར་སྤོང་བ་བཞི་ལ་གནས་པ་དང ། རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པ་བསྒོམས་པ་དང ། དད་པའི་དབང་པོ་དང་ལྡན་པ་དང ། སངས་རྒྱས་ལ་དད་པ་མི་ཕྱེད་པ་དང ། ཆོས་ལ་དད་པ་མི་ཕྱེད་པ་དང ། དགེ་འདུན་ལ་དད་པ་མི་ཕྱེད་པ་དང ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་དང་
261b
ལྡན་པ་དང ། གཞན་གྱི་དྲིང་ལ་མི་འཇོག་པའི་ཤེས་རབ་དང་ལྡན་པ་དང ། དགེ་བའི་ཆོས་རྣམས་ལ་བརྩོན་འགྲུས་བརྩམས་པ་དང ། སྲིད་པ་བཅོམ་པ་དང ། ཡང་དག་པར་ཞུགས་པ་དང ། དྲན་པ་དང་ཤེས་བཞིན་ལ་མཁས་པ་དང ། སེམས་རྩེ་གཅིག་པ་དང ། ཤེས་རབ་ཀྱིས་ལྷག་མཐོང་ལ་མཁས་པ་དང ། སྟོབས་ལྔ་དང་ལྡན་པ་དང ། ཉོན་མོངས་པ་ཐམས་ཅད་ཀྱིས་མི་བརྫི་བ་དང ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་བསམ་གཏན་པ་དང ། ཆོས་རྣམས་ཀྱི་བརྟེན་པ་ཤེས་པ་ལ་མཁས་པ་དང ། ལམ་ཤེས་པ་དང ། ལམ་ལ་མཁས་པ་དང ། ཡང་དག་པའི་ལྟ་བ་དང ། ཡང་དག་པའི་ཏིང་ངེ་འཛིན་དང ། ཞི་གནས་ལྷག་མཐོང་བསྒོམ་པ་ལ་མཁས་པ་དང ། སོ་སོ་ཡང་དག་པར་རིག་པ་བཞི་ལ་གཞན་གྱི་དྲིང་མི་འཇོག་པའི་ཤེས་རབ་དང་ལྡན་པ་དང ། དོན་ལ་རྟོན་གྱི་ཚིག་འབྲུ་ལ་མི་རྟོན་པ་དང ། ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་ལ་མི་རྟོན་པ་དང ། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི་དྲང་བའི་དོན་གྱི་མདོ་སྡེ་ལ་མི་རྟོན་པ་དང ། ཆོས་ཉིད་ལ་རྟོན་གྱི་གང་ཟག་ལ་མི་རྟོན་པ་དང ། བདུད་བཞིའི་ལམ་ལས་ཤིན་ཏུ་འདས་པ་དང ། ཕུང་པོ་ཡོངས་སུ་ཤེས་པ་བསྲུང་བ་དང ། ཉོན་མོངས་པ་བསལ་བ་དང ། ཐ་མའི་ལུས་འཛིན་པ་དང ། འཆི་བདག་གི་ལམ་ལས་ཡང་དག་པར་འདས་པ་དང ། སྡུག་བསྔལ་བ་ཡང་དག་པར་ཡོངས་སུ་ཤེས་པ་དང ། ཀུན་འབྱུང་བ་ཐམས་ཅད་སྤངས་པ་དང །
262a
༄#། །འགོག་པ་མངོན་སུམ་དུ་བྱ་བ་ལ་ཞུགས་པ་དང ། ལམ་བསྒོམ་པའི་རྣལ་འབྱོར་གྱི་རྗེས་སུ་ཞུགས་པ་དང ། འཕགས་པའི་བདེན་པ་བཞི་མཐོང་བ་དང ། གཞན་གྱི་དྲིང་ལ་མི་འཇོག་པ་དང ། སྟོན་པའི་བསྟན་པ་ལ་བྱ་བ་བྱས་པ་དང ། བྱེད་པ་བྱས་པ་དང ། ཟག་པ་ཟད་པ་དང ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བས་བསུ་བ་དང ། སྔོན་གྱི་སྤྱོད་པ་དང་བསམ་པ་ཕུན་སུམ་ཚོགས་པ་དང ། དགོན་པ་ལ་གནས་པར་མངོན་པར་དགའ་བ་དང ། འཕགས་པའི་རིགས་ལ་གནས་པ་དང ། སྦྱངས་པའི་ཡོན་ཏན་ལ་གནས་པ་དང ། བློ་གྱ་གྱུ་མེད་པ་དང ། རབ་ཏུ་བྱུང་ནས་ཁྱིམ་གྱི་གནས་དང་མི་འདྲེ་བ་དང ། བསེ་རུ་ལྟར་གཅིག་པུར་རྒྱུ་བ་དང ། འདུ་འཛིས་འཇིགས་སྐྲག་པ་དང ། ཁམས་གསུམ་ལས་རྣམ་པར་གྲོལ་བ་དང ། རྟག་ཏུ་འཇིགས་པའི་ཡིད་དང་ལྡན་པ་དང ། ཡང་དག་པའི་དགེ་སྦྱོང་གི་ཚུལ་ལ་གནས་པ་དང ། ཐམས་ཅད་ལ་འདོད་པ་མེད་པ་དང ། འཇིག་རྟེན་གྱི་ཆོས་བརྒྱད་པོ་རྙེད་པ་དང ། མ་རྙེད་པ་དང ། གྲགས་པ་དང ། མ་གྲགས་པ་དང ། བདེ་བ་དང ། སྡུག་བསྔལ་བ་དང ། བསྟོད་པ་དང ། སྨད་པ་རྣམས་ལས་ཡང་དག་པར་འདས་པ་དང ། ས་དང་མཚུངས་པའི་སེམས་ཀྱིས་ཉེ་བར་བསྒྲུབས་ཏེ་གནས་པ་དང ། བདག་དང་གཞན་རྗེས་སུ་བསྲུང་བ་དང །
262b
འཁྲུལ་པ་མེད་པ་དང ། འཁྲུག་པ་མེད་པ་དང ། ཡང་དག་པར་ཞུགས་པ་དང ། ནམ་མཁའ་དང་མཚུངས་པའི་སེམས་ཀྱིས་ཉེ་བར་བསྒྲུབས་ཏེ་གནས་པ་དང ། མཚན་མ་ཐམས་ཅད་ལ་དེའི་སེམས་མི་ཆགས། མི་འཆིང་སྟེ། དཔེར་ན། ནམ་མཁའ་ལ་ལག་མཐིལ་བཞིན་དུ་མི་ཆགས། མི་འཆིང་བ་ཡིན་ཏེ། འོད་སྲུང ། དགེ་སྦྱོང་གི་ཆོས་རྣམ་པ་དེ་ལྟ་བུ་དེ་དག་དང་ལྡན་ན་དགེ་སྦྱོང་དགེ་སྦྱོང་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཡང་དག་པའི་དགེ་སྦྱོང་གི་ཡོན་ཏན་འདི་དག་ཡང་དག་པར་རབ་ཏུ་བསྟན་པ་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས། མ་མཆིས་པའི་དུས་ན་གང་དག་དེ་བཞིན་གཤེགས་པའི་བྱང་ཆུབ་བསྐལ་པ་གྲངས་མ་མཆིས་པར་ཡང་དག་པར་བསྒྲུབས་པ་ནུབ་པར་བགྱིད་པ། དགེ་སྦྱོང་མ་ལགས་པ་ལ་དགེ་སྦྱོང་དུ་མཆིད་ཀྱིས་འཆེ་ཞིང།་ཚངས་པར་སྤྱོད་པ་མ་ལགས་པར་ཚངས་པར་སྤྱོད་པར་མཆིད་ཀྱིས་འཆེ་བའི་དགེ་སློང་ལ་ལ་དག་འབྱུང་བར་འགྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང།་ང་དང ། ཁྱོད་དང ། ཉན་ཐོས་ཆེན་པོ་འདི་དག་ཀྱང་ཡོངས་སུ་མྱ་ངན་འདས་ཤིང ། བྱང་ཆུབ་སེམས་དཔའ་འདི་དག་ཀྱང་སངས་རྒྱས་ཀྱི་ཞིང་གཞན་དུ་དོང་ནས་བསྟན་པ་འདི་རབ་ཏུ་
263a
༄#། །འཇིག་པར་འགྱུར་བ་ནི། ཚིག་གིས་བསྟན་པར་མི་ནུས་སོ། །འོད་སྲུང ། དེ་ལ་དགེ་སློང་ལུས་མ་བསྒོམས་པ། ཚུལ་ཁྲིམས་མ་བསྒོམས་པ། སེམས་མ་བསྒོམས་པ། ཤེས་རབ་མ་བསྒོམས་པ། བྱིས་པ། དམན་པ། གླེན་པ། རྨོངས་པ། རབ་ཏུ་མ་ཞི་བ། མ་དུལ་བ་ཁ་ཅིག་འབྱུང་བར་འགྱུར་ཏེ། དེ་དག་གི་གཡོ་དང ། སྒྱུ་དང ། མི་དྲང་བ་དང ། གྱ་གྱུ་དང ། དགེ་སྦྱོང་གི་དྲི་མ་དང ། དགེ་སྦྱོང་གི་སྐྱོན་རྣམས་བརྗོད་པར་བྱའོ། །འོད་སྲུང ། དེ་ལ་དགེ་སྦྱོང་གི་དྲི་མ་རྣམས་གང་ཞེ་ན། འོད་སྲུང ། སུམ་ཅུ་རྩ་གཉིས་བོ་འདི་དག་ནི་དགེ་སྦྱོང་གི་དྲི་མ་སྟེ། དེ་དག་སྤངས་ན་དགེ་སྦྱོང་དགེ་སྦྱོང་ཞེས་བྱའོ། །སུམ་ཅུ་རྩ་གཉིས་གང་ཞེ་ན། འདོད་པ་ལ་རྣམ་པར་རྟོག་པ་དགེ་སྦྱོང་གི་དྲི་མ་དང ། གནོད་སེམས་ཀྱི་རྣམ་པར་རྟོག་པ་དགེ་སྦྱོང་གི་དྲི་མ་དང ། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་དགེ་སྦྱོང་གི་དྲི་མ་དང ། བདག་ལ་བསྟོད་པ་དགེ་སྦྱོང་གི་དྲི་མ་དང ། གཞན་ལ་བརྙས་པ་དགེ་སྦྱོང་གི་དྲི་མ་དང ། མི་མཐུན་པའི་རྙེད་པ་ཀུན་དུ་ཚོལ་བ་དགེ་སྦྱོང་གི་དྲི་མ་དང ། རྙེད་པས་རྙེད་པར་བྱེད་འདོད་པ་དགེ་སྦྱོང་གི་དྲི་མ་དང ། དད་པས་བྱིན་པ་ཆུད་སོན་པ་དགེ་སྦྱོང་གི་དྲི་མ་དང།་ལྟུང་བ་འཆབ་པ་དགེ་སྦྱོང་གི་དྲི་མ་དང ། ཁྱིམ་པ་ལ་བརྟེན་པ་དགེ་སྦྱོང་གི་དྲི་མ་དང ། རབ་ཏུ་བྱུང་བ་དང་བརྟེན་པ་དགེ་སྦྱོང་གི་དྲི་མ་དང ། འདུ་འཛི་ལ་མངོན་པར་དགའ་བ་དགེ་
263b
སྦྱོང་གི་དྲི་མ་དང ། རྙེད་པ་ཡོངས་སུ་མ་གྲུབ་པར་རྟོག་པ་དགེ་སྦྱོང་གི་དྲི་མ་དང ། བདག་གི་རྙེད་པས་ཆོག་པར་མི་འཛིན་པ་དགེ་སྦྱོང་གི་དྲི་མ་དང ། ཕ་རོལ་བསོད་སྙོམས་རྙེད་པ་ལ་ཕྲག་དོག་དང་སེར་སྣ་བྱེད་པ་དགེ་སྦྱོང་གི་དྲི་མ་དང ། ཕ་རོལ་གྱི་རྙེད་པ་ལ་འདོད་པ་དགེ་སྦྱོང་གི་དྲི་མ་དང ། བདག་གི་འཁྲུལ་པ་ལ་མི་རྟོག་པ་དགེ་སྦྱོང་གི་དྲི་མ་དང ། གཞན་གྱི་འཁྲུལ་པ་ཡོངས་སུ་ཚོལ་བ་དགེ་སྦྱོང་གི་དྲི་མ་དང ། སོ་སོར་ཐར་པ་དང་འདུལ་བ་མི་སྲུང་བ་དགེ་སྦྱོང་གི་དྲི་མ་དང ། ཁཝ་ལྟར་མུ་ཅོར་སྨྲ་བ་དགེ་སྦྱོང་གི་དྲི་མ་དང ། མ་གུས་པ་དང་རྒོད་པ་དང་ཁེངས་པ་དགེ་སྦྱོང་གི་དྲི་མ་དང ། ལྟ་བས་ཀུན་ནས་དཀྲིས་པ་དགེ་སྦྱོང་གི་དྲི་མ་དང ། རྟེན་ཅིང་འབྲེལ་པར་འབྱུང་བ་དང་འགལ་བ་དགེ་སྦྱོང་གི་དྲི་མ་དང ། མཐར་ལྟ་བ་ལ་གནས་པ་དགེ་སྦྱོང་གི་དྲི་མ་དང ། འཁོར་བ་ལ་མངོན་པར་དགའ་བ་དགེ་སྦྱོང་གི་དྲི་མ་དང ། མྱ་ངན་ལས་འདས་པ་ལ་མངོན་པར་མི་དགའ་བ་དགེ་སྦྱོང་གི་དྲི་མ་དང ། འཇིག་རྟེན་རྒྱང་པན་པའི་གསང་ཚིག་འཛིན་པ་དགེ་སྦྱོང་གི་དྲི་མ་དང ། སྒྲིབ་པས་ཀུན་ནས་དཀྲིས་པ་དགེ་སྦྱོང་གི་དྲི་མ་དང ། ལས་ཀྱི་རྣམ་པར་སྨིན་པ་དང་འགལ་བ་དགེ་སྦྱོང་གི་དྲི་མ་དང ། རྣམ་པར་ཐར་པའི་སྒོ་གསུམ་གྱིས་སྐྲག་པ་དགེ་སྦྱོང་གི་དྲི་མ་དང ། ཆོས་ཟབ་མོ་སྤོང་བ་དགེ་སྦྱོང་གི་དྲི་མ་དང ། ཆོས་དང་འགལ་བར་གནས་པ་དགེ་སྦྱོང་གི་དྲི་མ་དང ། དཀོན་མཆོག་གསུམ་ལ་མི་གུས་པ་དགེ་སྦྱོང་གི་དྲི་མ་སྟེ། འོད་
264a
༄#། །སྲུང།་སུམ་ཅུ་རྩ་གཉིས་པོ་དེ་དག་ནི་དགེ་སྦྱོང་གི་དྲི་མ་སྟེ། དེ་དག་སྤངས་ན་དགེ་སྦྱོང་དགེ་སྦྱོང་ཞེས་བྱའོ། །འོད་སྲུང ། བརྒྱད་པོ་འདི་དག་ནི་དགེ་སྦྱོང་གི་ཆོས་ཀྱི་སྒྲིབ་པ་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། བླ་མ་རྣམས་ལ་མི་གུས་པ་དང ། ཆོས་རྣམས་ལ་རིམ་གྲོ་མེད་པ་དང ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང ། མ་ཐོས་པའི་མདོ་སྡེ་སྤོང་པ་དང ། བདག་མེད་པ་དང ། སེམས་ཅན་མེད་པ་དང ། སྲོག་མེད་པ་དང ། གང་ཟག་མེད་པའི་ཆོས་ཀྱིས་སྐྲག་པ་དང ། འདུས་མ་བྱས་ཀྱི་ཆོས་བསྟན་པ་ལ་མི་འཇུག་གི་འདུས་བྱས་ཉིད་ཀྱི་རྗེས་སུ་སྙེག་པ་དང ། འདུ་བྱེད་རྣམས་མ་སྐྱེས་པ་ཞེས་ཐོས་ནས་སྐྲག་པ་དང ། ཆོས་རྣམས་རང་བཞིན་གྱིས་མ་སྐྱེས་པ་ཐོས་ན་གཡང་ས་ཆེན་པོར་ལྷུང་བ་བཞིན་དུ་ལྟུང་བ་སྟེ། འོད་སྲུང ། བརྒྱད་པོ་འདི་དག་ནི་དགེ་སྦྱོང་གི་ཆོས་ཀྱི་སྒྲིབ་པ་སྟེ། རབ་ཏུ་བྱུང་བས་དེ་དག་ཡོངས་སུ་སྤང་བར་བྱའོ། །འོད་སྲུང ། དགེ་སྦྱོང་གི་ཁ་དོག་དང་རྟགས་ཀྱི་དབྱིབས་ཀྱིས་དགེ་སྦྱོང་ཞེས་ང་མི་འཆད་ཀྱི། ཡོན་ཏན་གྱི་ཆོས་ལ་ནན་ཏན་བྱེད་པའི་དགེ་སྦྱོང་ནི་དགེ་སྦྱོང་ཞེས་ངས་བཤད་དོ། །འོད་སྲུང ། དགེ་སྦྱོང་གིས་ནི་རྙོག་པ་མེད་པའི་སེམས་ཀྱིས་ལུས་ལ་ངུར་སྨྲིག་དག་བཅང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང ། རྙོག་པ་མེད་པ་ལ་ངས་ངུར་སྨྲིག་གནང་གི། འོད་སྲུང ། རྙོག་པ་དང་བཅས་པའི་
264b
ལུས་ལ་ངུར་སྨྲིག་དག་འཆང་བ་དེ་དག་ཐམས་ཅད་ནི་ངུར་སྨྲིག་ཚིག་པའོ་ཞེས་བཤད་དེ། བསམ་པས་མོས་པ་རྣམས་ནི་མ་གཏོགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་འཕགས་པ་རྣམས་ཀྱི་རྒྱལ་མཚན་ཡིན་པའི་ཕྱིར་ཏེ། སྐྱོ་ཞིང་འདོད་ཆགས་དང་བྲལ་བར་སྤྱོད་པ་རྣམས་ཀྱིས་གོས་འདི་དག་ནི་ཉེ་བར་ཞི་བའི་རྗེས་སུ་མཐུན་པ་བྱམས་པའི་རྗེས་སུ་ཞུགས་པའོ། ། འོད་སྲུང ། དེ་ལ་འཕགས་པ་རྣམས་ཀྱི་རྒྱལ་མཚན་གང་ཞེ་ན། འོད་སྲུང ། བཅུ་གཉིས་པོ་འདི་དག་ནི་འཕགས་པ་རྣམས་ཀྱི་རྒྱལ་མཚན་ཏེ། བཅུ་གཉིས་གང་ཞེ་ན། འོད་སྲུང ། ཚུལ་ཁྲིམས་འཕགས་པ་རྣམས་ཀྱི་རྒྱལ་མཚན་དང ། ཏིང་ངེ་འཛིན་འཕགས་པ་རྣམས་ཀྱི་རྒྱལ་མཚན་དང ། ཤེས་རབ་འཕགས་པ་རྣམས་ཀྱི་རྒྱལ་མཚན་དང ། རྣམ་པར་གྲོལ་བ་འཕགས་པ་རྣམས་ཀྱི་རྒྱལ་མཚན་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་འཕགས་པ་རྣམས་ཀྱི་རྒྱལ་མཚན་དང ། བདེན་པ་ལ་འཇུག་པ་འཕགས་པ་རྣམས་ཀྱི་རྒྱལ་མཚན་དང ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པ་འཕགས་པ་རྣམས་ཀྱི་རྒྱལ་མཚན་དང ། བསམ་གཏན་བཞི་འཕགས་པ་རྣམས་ཀྱི་རྒྱལ་མཚན་དང ། ཚད་མེད་པ་བཞི་འཕགས་པ་རྣམས་ཀྱི་རྒྱལ་མཚན་དང ། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་འཕགས་པ་རྣམས་ཀྱི་རྒྱལ་མཚན་དང ། སྐྱོན་མེད་པ་ལ་འཇུག་པ་འཕགས་པ་རྣམས་ཀྱི་རྒྱལ་མཚན་དང །
265a
༄#། །ཟག་པ་ཟད་པ་འཕགས་པ་རྣམས་ཀྱི་རྒྱལ་མཚན་ཏེ། འོད་སྲུང ། བཅུ་གཉིས་པོ་འདི་དག་ནི་འཕགས་པ་རྣམས་ཀྱི་རྒྱལ་མཚན་ནོ། །འོད་སྲུང ། གང་ལ་ལ་རྒྱལ་མཚན་འདི་དག་དང་མི་ལྡན་པར་འཕགས་པའི་རིགས་གོས་ངུར་སྨྲིག་དག་འཆང་བ་དེ་ནི་ནོར་བའི་ཆོས་ལ་ཞུགས་པའོ་ཞེས་ངས་བཤད་དོ། །ཆོས་དང་འགལ་བར་གནས་པ་ཞེས་བཤད་དོ། །དེ་བཞིན་གཤེགས་པའི་བསྟན་པ་ལས་རིང་དུ་གནས་པ་ཞེས་བཤད་དོ། །མྱ་ངན་ལས་འདས་པའི་ཕྱོགས་ཀྱི་མི་མཐུན་པའི་ཕྱོགས་ལ་གནས་པ་ཞེས་བཤད་དོ། །འཁོར་བའི་ཕྱོགས་དང་མཐུན་པ་ཞེས་བཤད་དོ། །ང་རྒྱལ་གྱི་མཆིལ་པས་ཟིན་པ་ཞེས་བཤད་དོ། །སྙིང་པོ་མ་བླངས་པ་ཞེས་བཤད་དོ། །ཆོས་ལས་ཉམས་པ་ཞེས་བཤད་དོ། །ཉམ་ང་བའི་ལམ་ལ་གནས་པ་ཞེས་བཤད་དོ། །འོད་སྲུང ། དེ་ལྟ་བས་ན་དགེ་སྦྱོང་གི་ལུས་ལ་ངུར་སྨྲིག་དག་འཆང་བ་ན་རྙོག་པ་མེད་པའི་སེམས་སུ་བྱའོ། ། གལ་ཏེ་དེས་འབྲས་བུ་ཐོབ་པར་མ་གྱུར་ན། དེ་ལ་གུས་པ་བརྒྱད་ཀྱིས་ལུས་ལ་ངུར་སྨྲིག་དག་བཅང་བར་བྱ་སྟེ། བརྒྱད་གང་ཞེ་ན། མཆོད་རྟེན་གྱི་འདུ་ཤེས་དང ། སྟོན་པའི་འདུ་ཤེས་དང ། ཉེ་བར་ཞི་བའི་འདུ་ཤེས་དང ། བྱམས་པའི་འདུ་ཤེས་དང ། སངས་རྒྱས་ལ་གུས་པའི་འདུ་ཤེས་དང ། ངོ་ཚ་ཤེས་པའི་འདུ་ཤེས་དང ། ཁྲེལ་ཡོད་པའི་འདུ་ཤེས་
265b
དང།་རྙོག་པ་མེད་པར་བྱའོ་སྙམ་པ་སྟེ། དགེ་སྦྱོང་གི་ཚུལ་དང་མཐུན་པའི་གུས་པ་བརྒྱད་པོ་དེ་དག་གིས་ལུས་ལ་ངུར་སྨྲིག་དག་བཅང་བར་བྱའོ། །འོད་སྲུང ། གང་དག་ལྷོད་ཅིང་ཡང་དག་པར་མི་སྡོམ་པ་དང ། དགེ་སྦྱོང་གི་ཡོན་ཏན་གྱི་ཆོས་འདི་དག་ལས་ཉམས་པར་ལུས་ལ་ངུར་སྨྲིག་དག་འཆང་བ་རྣམས་མི་གུས་པ་འདི་དག་མི་བསྐྱེད་དོ། །འོད་སྲུང ། དགེ་སྦྱོང་གི་ཁ་དོག་དང་གཟུགས་ཅན་ལ་གནོད་པ་བྱེད་པ་ཞེས་བྱ་བ་ཉི་ཚེ་བའི་སེམས་ཅན་དམྱལ་བ་ཡོད་དེ། འོད་སྲུང ། ཉི་ཚེ་བའི་སེམས་ཅན་དམྱལ་བ་དེར་དགེ་སྦྱོང་གི་གཟུགས་སུ་གྱུར་བཞིན་དུ།་གོས་འབར་བ་དག་དང ། མགོ་འབར་བ་དག་དང ། ལྷུང་བཟེད་འབར་བ་དག་དང ། སྟན་འབར་བ་དག་དང ། མལ་ཆ་འབར་བ་དག་གནོད་པར་བྱེད་དེ། དེ་དག་གི་ལོངས་སྤྱོད་དང ། ཡོངས་སུ་སྤྱད་པ་གང་ཅི་ཡོད་པ་དེ་དག་ཐམས་ཅད་འབར། རབ་ཏུ་འབར་ཏེ། ཀུན་དུ་རབ་ཏུ་མཆེད་ཅིང་འབར་བ་དེ་མེར་གྱུར་ཏེ། དགེ་སྦྱོང་ཁ་དོག་དང་གཟུགས་ཀྱིས་གནོད་པ་དེ་དག་མྱོང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་མ་དག་པ་དང་ལྡན་པའི་ཕྱིར་ཏེ། ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་མ་དག་པ་དང་ལྡན་པ་དེ་དག་གི་འགྲོ་བ་ཡོངས་སུ་མ་དག་པ་ཉིད་དུ་འགྱུར་རོ། །འོད་སྲུང ། དགེ་སྦྱོང་མ་ཡིན་པ་ལ་དགེ་སྦྱོང་དུ་ཁས་འཆེ་བ་དང ། ཚངས་པར་སྤྱོད་པ་མ་ཡིན་པ་ལ་ཚངས་པར་སྤྱོད་པར་ཁས་
266a
༄#། །འཆེ་བ་གང་ཞིག་ཚུལ་ཁྲིམས་དང་ལྡན་པ་རྣམས་དང ། ཡོན་ཏན་དང་ལྡན་པ་རྣམས་ཀྱིས་ཕྱག་བྱས་པ་བདག་གིར་བྱེད་ན་དེ་མི་དགེ་བའི་ལས་དེས་བརྙས་པ་བརྒྱད་འཐོབ་སྟེ། བརྒྱད་གང་ཞེ་ན། བེམས་པོ་ལྟ་བུར་འགྱུར་བ་དང ། གོ་དཀའ་ཞིང་ལེ་ལོ་ཅན་དུ་འགྱུར་བ་དང ། སྐྱེ་བོ་མང་པོས་བརྒལ་བའི་བུད་མེད་དུ་འགྱུར་བ་དང།་རང་དབང་མེད་ཅིང་བྲན་དུ་འགྱུར་བ་དང ། མདོག་ངན་ཅིང་མི་སྡུག་པར་འགྱུར་བ་དང ། མདོག་ངན་ཅིང་དབང་ཆུང་གྲགས་པར་འགྱུར་བ་དང ། དེ་ལ་སུ་ཡང་བསུ་བར་མི་འགྱུར་བ་དང ། སྦྱིན་གནས་རྣམས་ལ་མགུ་བར་མི་བྱེད་པ་སྟེ། བརྙས་པ་བརྒྱད་པོ་འདི་དག་འཐོབ་བོ། །འོད་སྲུང ། དེ་ལྟ་བས་ན་བཟང་པོ་མ་ཡིན་པའི་ཆོས་འདི་ལྟ་བུ་འདི་དག་ཐོས་ནས་དགེ་སྦྱོང་སྡིག་པ་ཅན་གྱིས་གཞན་གྱིས་ཕྱག་བྱས་པ་བདག་གིར་མི་བྱའོ། །འོད་སྲུང ། དགེ་སྦྱོང་མ་ཡིན་པ་ལ་དགེ་སྦྱོང་དུ་ཁས་འཆེ་བ་དང ། ཚངས་པར་སྤྱོད་པ་མ་ཡིན་པ་ལ་ཚངས་པར་སྤྱོད་པར་ཁས་འཆེ་བ་ནི་ཐ་ན་ས་ཆེན་པོ་འདི་ལ་མཆིལ་མའི་ཐལ་བ་ཙམ་འདོར་བ་དེ་ཡང་རྙེད་པར་མི་འགྱུར་ན། གོམ་པ་འདེབས་པ་དང ། འཇོག་པ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་ཆེན་པོ། འདི་ནི་སྔོན་གྱི་རྒྱལ་པོ་རྣམས་ཀྱིས་ཚུལ་ཁྲིམས་དང་ལྡན་པ་རྣམས་དང ། ཡོན་ཏན་དང་ལྡན་པ་རྣམས་དང ། སྦྱིན་གནས་རྣམས་
266b
ལ་ཀུན་དུ་སྤྱད་པའི་དོན་དུ་ཕུལ་བའི་ཕྱིར་རོ། །འོད་སྲུང ། དེ་ལ་མི་བླུན་པོ་དེ་ནི་གོམ་པ་འཇོག་པ་དང་འདོར་བ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དད་པས་བྱིན་པ་ལ་མི་དབང་བཞིན་དུ་གོམ་པ་འདོར་ཞིང་འཇོག་པ་ཡིན་ན། དགེ་འདུན་གྱིའམ། ཕྱོགས་བཞིའི་དགེ་འདུན་གྱི་ཁྲིའམ། ཁྲིའུ་འམ། འཆག་སའམ། གདིང་བའམ། གནས་ཁང་འམ། གཙུག་ལག་ཁང་ངམ། ཀུན་དགའི་ར་བའམ། ཀུན་དགའི་ར་བའི་གཞིའམ། ཡོངས་སུ་སྤྱད་པའམ། ལྷུང་བཟེད་དམ། ཆོས་གོས་སམ། བསོད་སྙོམས་སམ། མལ་ཆའམ། ན་བའི་གསོས་སྨན་ནམ། ཡོ་བྱད་ཀྱང་རུང་སྟེ། ཐམས་ཅད་དད་པས་བྱིན་པ་ལ་མི་དབང་བར་སྤྱོད་པ་ཡིན་པ་ལྟ་ཅི་སྨོས། འོད་སྲུང ། ཁྱོད་མོས་པར་བྱའོ། །ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །འོད་སྲུང ། དགེ་སྦྱོང་མ་ཡིན་པ་ལ་དགེ་སྦྱོང་དུ་ཁས་འཆེ་བ་དང ། ཚངས་པར་སྤྱོད་པ་མ་ཡིན་པ་ལ་ཚངས་པར་སྤྱོད་པར་ཁས་འཆེ་བས་ནི་དད་པས་བྱིན་པ་སྐྲའི་རྩེ་མོའི་ཆ་ཙམ་ཡང་ཡོངས་སུ་དག་པར་བྱ་མི་ནུས་སོ། ། དེ་ཅིའི་ཕྱིར་ཞེ་ན། འོད་སྲུང ། འཕགས་པའི་དགེ་འདུན་ནི་ངས་རྒྱ་མཚོ་ཆེན་པོ་ལྟ་བུ་དང ། བསོད་ནམས་ཀྱི་ཞིང་དང ། སྦྱིན་གནས་རྣམས་ཀྱི་མཆོག་ཏུ་བསྟན་པའི་ཕྱིར་རོ། །འོད་སྲུང ། བྲམ་ཟེའམ་ཁྱིམ་བདག་དད་པ་གང་དག་དེ་ལ་ཡོན་འབུལ་བ་དེ་དག་ཚད་མེད་པའི་འདུ་ཤེས་ཀྱིས་འབུལ་བ་དེ་ལ། འོད་སྲུང ། མི་བླུན་པོ་ཚུལ་ཁྲིམས་འཆལ་པས་ཐ་ན་སྐྲའི་རྩེ་མོ་བརྒྱར་
267a
༄#། །གཤགས་པའི་ཆ་ཙམ་ཞིག་དད་པས་བྱིན་པ་ཡོངས་སུ་སྤྱད་ན་ཡང་སྦྱིན་པ་པོ་དང ། སྦྱིན་པ་དག་དེའི་ཡོངས་སུ་སྦྱང་བའི་ཕྱིར་དད་པས་བྱིན་པ་སྐྲའི་རྩེ་མོའི་ཆ་ཙམ་ཇི་སྙེད་ལ་སྤྱད་པ་དེ་སྙེད་ཀྱི་ལས་ཀྱི་རྒྱ་མཚོ་ཆེན་པོ་གསོག་པར་འགྱུར་རོ། །འོད་སྲུང ། དེ་ལྟ་བས་ན་ཚུལ་ཁྲིམས་ཡོངས་སུ་དག་པས་དད་པས་བྱིན་པ་ཡོངས་སུ་སྤྱད་པར་བྱའོ། ། ཞེས་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བསྟན་པ་འདི་བཤད་པ་ན་རྣལ་འབྱོར་སྤྱོད་པའི་དགེ་སློང་ཉིས་བརྒྱས་བསྟན་པ་འདི་ཐོས་ནས་རབ་ཏུ་ངུས་ཏེ་མཆི་མ་ཟག་ཅིང་ཚིག་འདི་སྐད་ཅེས་བདག་ཅག་ནི་གུམ་ཡང་རུང་སྟེ། འབྲས་བུ་མ་ཐོབ་ཀྱི་བར་དུ་དད་པས་སྩལ་པའི་བསོད་སྙོམས་གཅིག་ཙམ་ཡང་ཡོངས་སུ་སྤྱད་པར་མི་བགྱིའོ་ཞེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་དམ་པ་དག་།ལེགས་སོ། །ལེགས་སོ། །ངོ་ཚ་ཤེས་པ་དང ། འགྱོད་པ་དང་ལྡན་པ་དང ། འཇིག་རྟེན་ཕ་རོལ་ཏུ་ཁ་ན་མ་ཐོ་བས་འཇིགས་པར་ལྟ་བ་རྣམ་པ་འདི་ལྟ་བུ་དག་གིས་གསུང་རབ་འདི་མཛེས་སོ། །འོད་སྲུང ། ངས་དགེ་སློང་གཉིས་ལ་དད་པས་བྱིན་པ་གནང་སྟེ། གཉིས་གང་ཞེ་ན། ལྡན་པ་དང ། གྲོལ་བའོ། ། ཡང་གཉིས་ཏེ། གང་འདུ་བྱེད་ཐམས་ཅད་ལ་མི་རྟག་པར་ལྟ་བ་དང ། གང་ཡང་སེམས་རྣམ་པར་གྲོལ་བ་བྱམས་པ་ལ་སྙོམས་པར་འཇུག་པའོ། །དགེ་སློང་དག་།དེ་ལ་དགེ་
267b
སློང་ལྡན་པ་རྣལ་འབྱོར་སྤྱོད་པ་ངའི་བསྟན་པ་ལ་ཞུགས་པ་གང་ཞིག་སྦྱིན་པ་པོ་དང ། སྦྱིན་བདག་ལས་ཆོས་གོས་དང ། བསོད་སྙོམས་དང ། མལ་ཆ་དང ། ན་བའི་གསོས་སྨན་དང ། ཡོ་བྱད་རྣམས་ཡོངས་སུ་སྤྱད་ནས་འཁོར་པའི་སྐྱོན་མཐོང ། འདུ་བྱེད་ཐམས་ཅད་ནི་མི་རྟག་པར་མཐོང ། འདུ་བྱེད་ཐམས་ཅད་སྡུག་བསྔལ་བར་རིག་།ཆོས་ཐམས་ཅད་ལ་བདག་མེད་པར་མོས། མྱ་ངན་ལས་འདས་པ་ཞི་བར་རྟོགས་པས་ནི་རི་རབ་ཙམ་གྱི་ཁམ་དག་གི་དད་པས་བྱིན་པ་ཡོངས་སུ་སྤྱད་ཀྱང ། དེའི་ཡོན་ཤིན་ཏུ་ཡོངས་སུ་དག་པར་འགྱུར་རོ། །སྦྱིན་པ་པོ་དང ། སྦྱིན་བདག་གང་དག་ལས་དད་པས་བྱིན་པ་ཡོངས་སུ་སྤྱད་པ་དེ་ལས་དེ་དག་གི་བསོད་ནམས་ཀྱི་རྣམ་པར་སྨིན་པ་འབྱོར་པ་ཆེན་པོ་དང ། ཕན་ཡོན་ཆེན་པོར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་།རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་རྣམས་ལས། གང་བྱམས་པའི་སེམས་ལ་སྙོམས་པར་འཇུག་པ་དེ་མཆོག་ཡིན་པའི་ཕྱིར་རོ། ། དགེ་སློང་དག་།དགེ་སློང་གང་ཞིག་སྦྱིན་པ་པོ་སྦྱིན་བདག་གི་ཆོས་གོས་དང ། བསོད་སྙོམས་དང ། མལ་ཆ་དང ། ཡོ་བྱད་རྣམས་ཡོངས་སུ་སྤྱད་ནས་སེམས་རྣམ་པར་གྲོལ་བ་ཚད་མེད་པ་ལ་སྙོམས་པར་འཇུག་ན་སྦྱིན་པ་པོ་དང་སྦྱིན་བདག་དེའི་རྣམ་པར་སྨིན་པ་ཡང་ཚད་མེད་པར་ཤེས་པར་བྱའོ། །འོད་སྲུང ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་
268a
༄#། །ཡོད་པའི་རྒྱ་མཚོ་ཆེན་པོ་རྣམས་ནི་ཡོངས་སུ་ཟད་པར་འགྱུར་ཡང་སྲིད་ཀྱི། དེའི་བསོད་ནམས་ཀྱི་རྒྱུ་མཐུན་པ་ནི་ཡོངས་སུ་ཟད་པར་གང་ཡང་མི་འགྱུར་རོ། །འོད་སྲུང།་གང་ཞིག་སྦྱིན་པ་པོ་དང ། སྦྱིན་བདག་གི་དད་པས་བྱིན་པས་ཡོངས་སུ་སྤྱད་ནས་འཆལ་བའི་ཚུལ་ཁྲིམས་ཀྱིས་ལོག་པར་ལྟུང་བ་བྱེད་ན། མི་གཏི་མུག་པ་དེ་གནོད་པ་ཇི་ཙམ་གྱི་ཕྱིར་ཞུགས་པ་ལ་ལྟོས། འོད་སྲུང ། དེ་བས་ན་དགེ་སྦྱོང་གི་དྲི་མ་དང ། དགེ་སྦྱོང་གི་སྐྱོན་དང ། དགེ་སྦྱོང་གི་མི་དྲང་བ་དང ། དགེ་སྦྱོང་གི་གཡོ་དང ། དགེ་སྦྱོང་གི་སྒྱུ་དང ། དགེ་སྦྱོང་གི་གྱ་གྱུ་རྣམ་པ་དེ་ལྟ་བུ་དེ་དག་ནི་དགེ་སྦྱོང་བསམ་པ་དག་པས་ཡོངས་སུ་སྤང་བར་བྱའོ། །འོད་སྲུང ། དགེ་སྦྱོང་དགེ་སྦྱོང་ཞེས་བྱ་བ་ནི། གང་མི་གནས་མི་ཟག་ཅིང ། རྣ་བ་ནས་མ་ཡིན། སྣ་ནས་མ་ཡིན། ལྕེ་ནས་མ་ཡིན། ལུས་ནས་མ་ཡིན། ཡིད་ནས་ཀྱང་མ་ཟག་པ་སྟེ། དེའི་ཕྱིར་དགེ་སྦྱོང་དགེ་སྦྱོང་ཞེས་བྱའོ། །སྐྱེ་མཆེད་དྲུག་རིག་པ་དང ། མངོན་པར་ཤེས་པ་དྲུག་དང ། རྗེས་སུ་དྲན་པ་དྲུག་དང་ལྡན་པ་དང ། དམ་པ་རྣམས་ལ་གུས་པར་གནས་པ་དང ། ཕ་རོལ་ཏུ་འགྲོ་བའི་ཆོས་དྲུག་ལ་གནས་པ་སྟེ། དེའི་ཕྱིར་དགེ་སྦྱོང་དགེ་སྦྱོང་ཞེས་བྱའོ། །དགེ་སྦྱོང་གི་ལེའུ་སྟེ་དང་པོའོ།། །།འོད་སྲུང ། དགེ་སློང་དགེ་སློང་ཞེས་བྱ་བ་ནི་ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་ཞེས་བྱའོ། །བདག་ཏུ་འདུ་ཤེས་
268b
པ་བཅོམ་པ་དང ། སེམས་ཅན་དུ་འདུ་ཤེས་པ་དང ། སྲོག་ཏུ་འདུ་ཤེས་པ་དང ། གསོ་བར་འདུ་ཤེས་པ་དང ། གང་ཟག་ཏུ་འདུ་ཤེས་པ་དང ། སྐྱེས་པར་འདུ་ཤེས་པ་དང ། བུད་མེད་དུ་འདུ་ཤེས་པ་དང ། ཁྱེའུར་འདུ་ཤེས་པ་དང ། བུ་མོར་འདུ་ཤེས་པ་བཅོམ་པ་སྟེ། དེའི་ཕྱིར་དགེ་སློང་དགེ་སློང་ཞེས་བྱའོ། །ལུས་བསྒོམས་པ་དང ། ཚུལ་ཁྲིམས་བསྒོམས་པ་དང ། སེམས་བསྒོམས་པ་དང ། ཤེས་རབ་བསྒོམས་པ་དང ། འཇིགས་སྐྲག་པ་མེད་པ་དང ། སྲིད་པའི་ཆུ་བོ་ལས་བརྒལ་བ་དང ། འབྱུང་བ་དང་འཇིག་པ་ལ་ལྟ་བ་དང ། འཇིགས་པ་ཐམས་ཅད་ལས་བྲལ་བ་དང ། འཇིགས་པ་མེད་པའི་ལམ་ལ་གནས་པ་སྟེ། དེའི་ཕྱིར་དགེ་སློང་དགེ་སློང་ཞེས་བྱའོ། །འོད་སྲུང ། གང་ལ་ལ་ཞིག་ཆོས་འདི་དག་དང་མི་ལྡན་ལ་བདག་ནི་དགེ་སློང་དགེ་སློང་ངོ་སྙམ་དུ་ཁས་འཆེ་ན། བསམ་པས་མོས་པ་མ་གཏོགས་པར་ང་ཡང་དེའི་སྟོན་པ་མ་ཡིན་ལ། དེ་ཡང་ངའི་ཉན་ཐོས་མ་ཡིན་ནོ། །འོད་སྲུང ། སྡིག་པ་ཅན་གྱི་དགེ་སློང་དག་ཕལ་ཆེར་ངའི་བསྟན་པ་འདི་ནུབ་པར་བྱེད་པར་འགྱུར་ཏེ། འོད་སྲུང ། ཡ་མཚན་ཅན་དགུ་བཅུ་རྩ་ལྔ་དང ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ནི་ངའི་བསྟན་པ་འདི་ནུབ་པར་བྱེད་མི་ནུས་སོ། ། གཞན་དུ་ན་ངའི་བསྟན་པ་འདི་ལས་མི་གཏི་མུག་པ་ངེས་པར་མི་སེམས་པ་གང་དག་འབྱུང་བ་དེ་དག་གིས་ངའི་བསྟན་པ་ནུབ་བར་བྱེད་པར་འགྱུར་རོ། །འོད་སྲུང ། འདི་ལྟ་སྟེ། དཔེར་ན།
269a
༄#། །རི་དྭགས་ཀྱི་རྒྱལ་པོ་སེང་གེ་ཤི་བའི་ཤ་ལ་གཅན་གཟན་ནམ། བྱ་གང་གིས་ཀྱང་ཟ་བར་མི་ནུས་ཀྱི། སེང་གེའི་རོ་དེ་ཉིད་ལས་སྲིན་བུ་གང་དག་འབྱུང་བ་དེ་དག་རི་དྭགས་ཀྱི་རྒྱལ་པོ་སེང་གེའི་ཤ་ལ་ཟའོ། །འོད་སྲུང ། དེ་བཞིན་དུ་ངའི་བསྟན་པ་འདི་ཉིད་ལས་མི་བླུན་པོ་བརྐམ་པ་ཆགས་པའི་ཟིལ་གྱིས་ནོན་པ་ཆོས་མ་ཡིན་པ་ལ་ལྟ་བ། ངེས་པར་མི་སེམས་པ། ལྷོད་པ། བརྫུན་དུ་སྨྲ་བ་གང་དག་འབྱུང་བ་དེ་དག་ངའི་བསྟན་པ་ནུབ་པར་བྱེད་པར་འགྱུར་རོ། །འོད་སྲུང ། ཆོས་བཞི་དང་ལྡན་ན་སྡིག་པ་ཅན་གྱི་དགེ་སློང་དུ་རིག་པར་བྱ་སྟེ། བཞི་གང་ཞེ་ན། ཆགས་པ་དང ། ཞེ་སྡང་དང ། གཏི་མུག་དང ། ངའོ་སྙམ་པའི་ང་རྒྱལ་ཏེ། བཞི་པོ་དེ་དག་གོ་།གཞན་ཡང་བཞི་སྟེ། བཞི་གང་ཞེ་ན། ཁེངས་པ་དང ། མུ་ཅོར་སྨྲ་བ་དང ། བྱ་ཁཝ་ཏ་ལྟ་བུ་དང ། ཚིག་འཆལ་པ་སྟེ། བཞི་པོ་དེ་དག་གོ་།གཞན་ཡང་བཞི་སྟེ། བཞི་གང་ཞེ་ན། རྒོད་པ་དང ། པོ་\་Pཿ ཱོ?\་ཐེག་ཅན་དང ། རྙེད་པ་འདོད་པ་དང ། ཆོས་མ་ཡིན་པ་འདོད་པ་སྟེ། བཞི་པོ་དེ་དག་གོ་།གཞན་ཡང་བཞི་སྟེ། བཞི་གང་ཞེ་ན། གཡོ་ཅན་དང ། སྒྱུ་ཅན་དང ། མི་མཐུན་པས་འཚོ་བ་དང ། མི་གཙིགས་པར་སྨྲ་བ་ཡིན་ཏེ། བཞི་པོ་དེ་དག་གོ།་གཞན་ཡང་བཞི་སྟེ། བཞི་གང་ཞེ་ན། བྱས་པ་མི་གཟོ་བ་དང ། བྱས་པ་ལ་སྨོད་པ་དང ། སྔོན་བྱས་པ་མི་དྲན་དང ། མཛའ་བོ་ལ་འཁུ་བ་ཡིན་ཏེ། བཞི་པོ་དེ་དག་གོ། གཞན་ཡང་
269b
བཞི་སྟེ། བཞི་གང་ཞེ་ན། དད་པས་བྱིན་པ་ལོག་པར་ལྟུང་བར་བྱེད་པ་དང ། ཚུལ་ཁྲིམས་མི་སྲུང་བ་དང ། སོ་སོར་ཐར་པ་ཁྱད་དུ་གསོད་པ་དང ། འདུལ་བ་མི་སྲུང་བ་སྟེ། བཞི་པོ་དེ་དག་གོ་།གཞན་ཡང་བཞི་སྟེ། བཞི་གང་ཞེ་ན། བདག་ཏུ་སྨྲ་བ་ཡིན། སེམས་ཅན་དུ་སྨྲ་བ་ཡིན། སྲོག་ཏུ་སྨྲ་བ་ཡིན། གང་ཟག་ཏུ་སྨྲ་བ་ཡིན་ཏེ། བཞི་པོ་དེ་དག་གོ་།གཞན་ཡང་བཞི་སྟེ། བཞི་གང་ཞེ་ན། སངས་རྒྱས་ལ་མི་གུས་པ་ཡིན། ཆོས་ལ་མི་གུས་པ་ཡིན། དགེ་འདུན་ལ་མི་གུས་པ་ཡིན། བསླབ་པ་རྣམས་ལ་མི་གུས་པ་ཡིན་ཏེ། བཞི་པོ་དེ་དག་གོ་།གཞན་ཡང་བཞི་སྟེ། བཞི་གང་ཞེ་ན། དགེ་འདུན་མཐུན་པ་ལ་མི་དགའ་བ་ཡིན། གཙུག་ལག་ཁང་ལ་དགའ་བ་མི་རྙེད་པ་ཡིན། འདུ་འཛི་ལ་མངོན་པར་དགའ་པ་ཡིན། འཇིག་རྟེན་རྒྱང་པན་བའི་གསང་ཚིག་བརྗོད་པ་ཡིན་ཏེ། བཞི་པོ་དེ་དག་གོ་།གཞན་ཡང་བཞི་སྟེ། བཞི་གང་ཞེ་ན། རྙེད་པ་འདོད་པ་ཡིན། གྲགས་པ་འདོད་པ་ཡིན། གཉེན་བཤེས་འདོད་པ་ཡིན། ཆོས་ལ་མཆོག་ཏུ་དགའ་བ་མི་རྙེད་པ་ཡིན་ཏེ། བཞི་པོ་དེ་དག་གོ་།གཞན་ཡང་བཞི་སྟེ། བཞི་གང་ཞེ་ན། བདུད་ཀྱིས་ཟིན་པ་ཡིན། བདུད་ཀྱིས་ནོན་པ་ཡིན། རྨུགས་པ་དང་གཉིད་མང་པ་ཡིན།་འཕགས་པའི་རིགས་རྣམས་ལ་མི་གནས་པ་ཡིན་ཏེ། བཞི་པོ་དེ་དག་གོ། གཞན་ཡང་བཞི་སྟེ། བཞི་གང་ཞེ་ན། ལུས་རུལ་ཅིང་བརྒྱན་པ་དང ། ཉོན་མོངས་པས་སྣད་པ་དང ། མྱ་
270a
༄#། །ངན་ལས་འདས་པ་ལ་རྒྱབ་ཀྱིས་བལྟས་པ་དང ། འབྲས་བུ་ཐོབ་པ་མེད་པ་ཡིན་ཏེ། བཞི་པོ་དེ་དག་གོ་།གཞན་ཡང་བཞི་སྟེ། བཞི་གང་ཞེ་ན། འདོད་ཆགས་ཀྱི་ཡོངས་སུ་གདུང་བས་ཡོངས་སུ་གདུངས་པ་དང ། ཞེ་སྡང་གི་ཡོངས་སུ་གདུང་བས་ཡོངས་སུ་གདུངས་པ་དང ། གཏི་མུག་གི་ཡོངས་སུ་གདུང་བས་ཡོངས་སུ་གདུངས་པ་དང ། ཉོན་མོངས་པ་ཐམས་ཅད་ཀྱིས་ཡོངས་སུ་གདུངས་པས་ཡོངས་སུ་གདུང་བ་སྟེ། བཞི་པོ་དེ་དག་གོ་།གཞན་ཡང་བཞི་སྟེ། བཞི་གང་ཞེ་ན། ལམ་ངན་པ་ལ་གནས་ཏེ་འབྱུང་བ་མི་མཐོང་བ་ཡིན། སེར་སྣ་ཅན་དུ་གྱུར་ཏེ་ཀུན་མི་འགྱེད་པའི་ངང་ཚུལ་ཅན་ཡིན། ཐམས་ཅད་ཡོངས་སུ་འཛིན་པར་འདོད་ཅིང་ཆོག་མི་ཤེས་པ་ཡིན། ངོམས་མི་མྱོང་ཞིང་ཐོས་པའི་ནན་ཏན་དང་བྲལ་བ་ཡིན་ཏེ། བཞི་པོ་དེ་དག་གོ་།གཞན་ཡང་བཞི་སྟེ། བཞི་གང་ཞེ་ན། མུན་པར་གཞོལ་བས་མུན་པར་གྱུར་པ་ཡིན། རྨོངས་པ་ལ་གཞོལ་བས་རྨོངས་པར་གྱུར་པ་ཡིན། ལོག་པའི་ཆོས་ཀྱིས་དཀྲིས་པས་ཆོས་མ་ཡིན་པ་མཐོང་བ་ཡིན། མྱ་ངན་ལས་འདས་པའི་སྒོ་བཅད་པས་འཁོར་བའི་བཅིང་བས་བཅིངས་པ་ཡིན་ཏེ། བཞི་པོ་དེ་དག་གོ་།གཞན་ཡང་བཞི་སྟེ། བཞི་གང་ཞེ་ན། ལུས་ཀྱི་ཚུལ་འཆོས་པ་ཡིན། ངག་གི་ཚུལ་འཆོས་པ་ཡིན། སེམས་ཀྱི་ཚུལ་འཆོས་པ་ཡིན། སྤྱོད་ལམ་གྱི་ཚུལ་འཆོས་པ་ཡིན་
270b
ཏེ།་བཞི་པོ་དག་གོ་།དེ་ལ་ལུས་ཀྱི་ཚུལ་འཆོས་པ་ནི་དལ་གྱིས་འགྲོ་བར་ཚུལ་འཆོས་པ་ཡིན། མགོ་སྨད་པར་ཚུལ་འཆོས་པ་ཡིན། གཉའ་ཤིང་གང་ཙམ་དུ་ལྟ་ཞིང་ཚུལ་འཆོས་པ་ཡིན།་གོས་ཚགས་ལེགས་པར་གྱོན་པར་ཚུལ་འཆོས་པ་ཡིན། དགོན་པ་ལ་གནས་པའི་ཡོན་ཏན་མི་ཚོལ་བར་དགོན་པ་ལ་གནས་པ་ལྟར་ཚུལ་འཆོས་པ་ཡིན། གོང་བུར་འདུ་ཤེས་པ་མི་སེལ་བར་བསོད་སྙོམས་ལེན་པ་ལྟར་ཚུལ་འཆོས་པ་ཡིན། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་རྗེས་སུ་མི་འཇུག་པར་ཕྱག་དར་ཁྲོད་འཆང་བ་ལྟར་ཚུལ་འཆོས་པ་ཡིན། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མི་འཇུག་པར་རི་དྲུང་དང་ཤིང་དྲུང་དུ་གནས་པ་ལྟར་ཚུལ་འཆོས་པ་ཡིན། ཆོས་བདུད་རྩིའི་སྨན་མི་ཚོལ་བར་བཀུས་ཏེ་བོར་བའི་སྨན་ཚོལ་བ་ལྟར་ཚུལ་འཆོས་པ་ཡིན་ཏེ། འདི་ནི་ལུས་ཀྱི་ཚུལ་འཆོས་པ་ཞེས་བྱའོ། །དེ་ལ་ངག་གི་ཚུལ་འཆོས་པ་གང་ཞེ་ན། ཆེ་གེ་མོ་ཞེས་བྱ་བས་ཁོ་བོ་ཤེས་ཤིང་ཆེ་གེ་མོ་ཞེས་བྱ་བས་ཁོ་བོ་མགྲོན་དུ་བོས་ཏེ། ཁོ་བོས་གང་འདོད་པ་རྙེད་ཅིང ། བསྟི་སྟང་དུ་བྱས་ནས་རྙེད། ཁོ་བོས་བཟང་པོ་རྙེད། ཁོ་བོས་མང་དུ་རྙེད། ཁོ་བོས་མང་དུ་ཐོས། ཁོ་བོ་ཚུལ་ཁྲིམས་ལྡན་ཞིང་དགེ་བའི་ཆོས་ཅན་ཡིན། ཁོ་བོ་ནི་བོད་པར་འོས་པ་ཡིན། ཁོ་བོ་ནི་སླར་ལན་གདབ་པའི་འོས་ཡིན། ཁོ་བོ་ནི་ནུས་པ་དང་ལྡན་ཞིང་སྐལ་བ་ཡོད་ལ་མཐུ་ཡོད་པ་ཡིན། ཁོ་བོ་ནི་དོན་རྣམ་པར་ངེས་པ་
271a
༄#། །བསྟན་པ་ལ་མཁས་པ་ཡིན། གང་ཆེ་གེ་མོ་ཞེས་བྱ་བ་ཁོ་བོ་ལ་འདི་སྐད་ཅེས་སྨྲས་ཏེ། ཁོ་བོས་དེ་ལ་འདི་སྐད་སྨྲས་ནས་ཚར་བཅད་དེ་སྤོབས་པ་མེད་པར་བྱས།་ཁོ་བོས་འཁོར་མགུ་བར་བྱས། ཁོ་བོས་ལེགས་སོ་ཞེས་བྱ་བ་ཐོབ། ཁོ་བོས་དེ་ལ་བགོ་བ་ཐོབ། ཡང་འོང་བར་བྱ་བའི་ཕྱིར་ཁོ་བོ་མགྲོན་དུ་གཉེར་ཅེས་བྱ་བ་སྟེ། འོད་སྲུང ། ངེས་པར་མི་སེམས་པའི་སེམས་དང་ལྡན་པ་ལས་ཚིག་འཆལ་བ་དེ་ལྟ་བུ་གང་ཅི་བྱུང་བ་དེ་ཐམས་ཅད་ནི་ངག་གི་ཚུལ་འཆོས་པ་སྟེ། མི་རིགས་པ་རྣམས་ཀྱི་ཡིན་གྱི་རིགས་པ་རྣམས་ཀྱི་མ་ཡིན་ཏེ། འདི་ནི་ངག་གི་ཚུལ་འཆོས་པ་ཞེས་བྱའོ། །འོད་སྲུང ། དེ་ལ་སེམས་ཀྱི་ཚུལ་འཆོས་པ་གང་ཡིན་ཞེ་ན། གང་སེམས་ཀྱིས་ཆོས་གོས་དང ། བསོད་སྙོམས་རྙེད་ཀྱང་རུང་བར་ཡོངས་སུ་རྟོག་ལ། ཚིག་གིས་བདག་ལ་ཅི་ཡང་མི་དགོས་སོ་ཞེས་ཟེར་བ་དང ། གང་སེམས་ཀྱིས་རྙེད་པར་འདོད་ལ་འདོད་པ་ཉུང་བ་སྐད་དུ་སྨྲ་བ་འདི་ནི་སེམས་ཀྱིས་ཚུལ་འཆོས་པ་ཞེས་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སེམས་ཀྱིས་རྙེད་ཀྱང་ཅི་མ་རུང་སྙམ་སེམས། །ཚིག་ཏུ་བདག་ལ་ཅི་ཡང་དགོས་མེད་སྨྲ། །མེད་པའི་ངོ་བོའི་ཡིད་ཀྱིས་དེ་སྨྲས་ཏེ། །ནམ་ཡང་བདེ་བ་རྙེད་པར་འགྱུར་མ་ཡིན། །སེམས་ཀྱིས་ཚུལ་འཆོས་བསམ་པས་ལྷ་རྣམས་དང ། །ཀླུ་དང་ལྷ་མིག་ཅན་རྣམས་སླུ་བར་བྱེད། །སྨྲས་པའི་སེམས་ཀྱིས་ནམ་ཡང་དག་མི་འགྱུར།།
271b
དེ་བཞིན་གཤེགས་པ་ཀུན་གྱིས་དེ་མཁྱེན་ཏོ། །འོད་སྲུང ། དེ་ལྟར་ན་དགེ་སློང་ཆོས་མ་ཡིན་པ་དང་ལྡན་པ་སྡིག་པ་ཅན་རྣམས་ཀྱི་ཆོ་ག་མ་ཡིན་པའི་སྤྱོད་ཡུལ་ལ་སྤྱོད་པ་འདི་ལྟ་བུ་གང་ཡིན་པ་འདི་ནི་སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དུ་འགྲོ་བར་འགྱུར་རོ། །དགེ་སློང་གི་ལེའུ་སྟེ་གཉིས་པའོ།། །།འོད་སྲུང ། དེ་ལ་དགེ་སྦྱོང་གདོལ་པ་ལྟ་བུ་གང་ཞེ་ན། འོད་སྲུང ། འདི་ལྟ་སྟེ། དཔེར་ན། གདོལ་པ་ནི། རྟག་ཏུ་དུར་ཁྲོད་སྤྱོད་ཡུལ་བ་ཡིན་ཏེ། ཤི་བ་ལ་རེ་བ་དང ། བྱམས་པ་མེད་པའི་མིག་གིས་འགྲོ་བ་ལ་ལྟ་བ་དང ། ཤི་བ་ལ་དགའ་བ་ཡིན་ནོ། །འོད་སྲུང ། དེ་བཞིན་དུ་དགེ་སྦྱོང་གདོལ་པ་ལྟ་བུ་ཡང་རྟག་ཏུ་མཛའ་བཤེས་ཀྱི་ཁྱིམ་དང ། སློང་བ་སྟེར་བའི་ཁྱིམ་ལ་གདུ་བ་ཡིན་ཏེ། དེ་ནས་རྙེད་པ་དང་བཀུར་སྟིས་ཉེ་བར་འཚོ་ཞིང་ཁྱིམ་པ་དེ་དག་ཆོས་སམ་འདུལ་བ་ཡང་དག་པར་འཛིན་དུ་མི་འཇུག་པ་དང ། དེ་རྙེད་པའི་ཆེད་དུ་འདྲིས་པར་བྱེད་ཀྱི། དོན་གྱི་ཆེད་དུ་མ་ཡིན་པ་དང ། མཛའ་བའི་སེམས་མེད་ཅིང་རྟག་ཏུ་རྙེད་པ་ལ་རེ་བ་ཡིན་ཏེ། འོད་སྲུང ། འདི་ནི་དགེ་སྦྱོང་གདོལ་པ་ལྟ་བུ་ཞེས་བྱའོ། །འོད་སྲུང ། འདི་ལྟ་སྟེ། དཔེར་ན། གདོལ་པ་ནི་ཚོང་དཔོན་དང ། ཁྱིམ་བདག་དང ། བློན་པོ་དང ། ཁམས་ཀྱི་རྒྱལ་པོ་དག་དང ། བྲམ་ཟེ་དང ། རྒྱལ་རིགས་དང ། གྲོང་རྡལ་གྱི་མི་དང ། ཡུལ་གྱི་མི་རྣམས་ཀྱིས་རྟག་ཏུ་ཡོངས་སུ་
272a
༄#། །སྤང་བར་བྱ་བའི་འོས་ཡིན་ཏེ། གདོལ་པར་རིག་ནས་ཐག་རིང་པོ་བས་ཀྱང་རིང་པོར་ཡོངས་སུ་སྤང་ངོ ། །འོད་སྲུང ། དེ་བཞིན་དུ་དགེ་སྦྱོང་གདོལ་པ་ལྟ་བུ་ཡང།་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་རྣམས་ཀྱིས་ཡོངས་སུ་སྤོང་བར་བྱ་བའི་འོས་ཡིན་ཏེ། དགེ་སྦྱོང་གདོལ་པ་ལྟ་བུའི་སྡིག་པའི་ཆོས་ཀུན་དུ་སྤྱོད་ཅིང་ཚུལ་ཁྲིམས་འཆལ་པར་རིག་ནས། ཐག་རིང་པོ་བས་ཀྱང་རིང་པོར་ཡོངས་སུ་སྤོང་ངོ ། །འོད་སྲུང ། འདི་ལྟ་སྟེ། དཔེར་ན། གདོལ་པའི་ཁ་ཕྱིས་སམ། གོས་སམ། ཡོངས་སུ་སྤྱད་པ་དེ་དག་ཐམས་ཅད་ལ་ནི་སྐྱེ་བོ་ཡ་རབས་རྣམས་མི་རེག་ཅིང་ཡོངས་སུ་མི་སྤྱོད་དོ། །འོད་སྲུང ། དེ་བཞིན་དུ་དགེ་སྦྱོང་གདོལ་པ་ལྟ་བུའི་ལྷུང་བཟེད་དམ། ཆོས་གོས་སམ། ཡོངས་སུ་སྤྱད་པ་ཐམས་ཅད་ནི་མི་མཐུན་པའི་འཚོ་བས་ཡོངས་སུ་བཙལ་བ། ལུས་དང ། སེམས་སྨྲས་པས་ཡོངས་སུ་བཙལ་བ་ཡིན་པས། ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་དག་དེ་ལ་མི་རེག་ཅིང་མི་སྤྱོད་དོ། །འོད་སྲུང ། འདི་ལྟ་སྟེ། དཔེར་ན། གདོལ་པ་ནི་ཁ་ཕྱིས་ཐོགས་ཏེ། ཞུམ་ཞུམ་པོར་བྱས་ནས་གཞན་གྱི་ཁྱིམ་དུ་འགྲོའོ། །འོད་སྲུང ། དེ་བཞིན་དུ་དགེ་སྦྱོང་གདོལ་པ་ལྟ་བུ་ཡང་ཞུམ་ཞུམ་པོར་བྱས་ནས། དེ་བཞིན་གཤེགས་པའི་མཆོད་རྟེན་
272b
ལ་ཕྱག་འཚལ་ལོ། །ཞུམ་ཞུམ་པོར་བྱས་ནས་འཁོར་གྱི་ནང་དུ་འགྲོའོ། །ཞུམ་ཞུམ་པོར་བྱས་ནས་གཙུག་ལག་ཁང་དང ། གནས་ཁང་དང ། གཞན་གྱི་ཁྱིམ་དུ་འགྲོའོ། །ཞུམ་ཞུམ་པོར་བྱས་ནས་འགྲོ་བ་དང ། འདུག་པ་དང ། ཉལ་བར་བྱེད་དོ། །འོད་སྲུང ། དེ་ལྟར་ན་ཞུམ་ཞུམ་པོར་བྱས་པ། སྡིག་པ་འཆབ་པ། དེའི་སྤྱོད་ལམ་གང་ཡིན་པ་དེ་དག་ཐམས་ཅད་ནི་རུང་བ་མ་ཡིན་པ་ལས་ཡོངས་སུ་བརྟགས་པའོ། །འོད་སྲུང ། འདི་ལྟ་སྟེ། དཔེར་ན། གདོལ་པའི་སེམས་ནི་བདེ་འགྲོའི་སྐྱེ་བ་ལ་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་རང་གི་ལས་ཀྱི་ཉེས་པའི་ཕྱིར་རོ། །འོད་སྲུང ། དེ་བཞིན་དུ་དགེ་སྦྱོང་གདོལ་བ་ལྟ་བུའི་སེམས་ཀྱང་བདེ་འགྲོར་འགྲོ་བར་བྱ་བའི་ཕྱིར་མི་གནས་ཤིང ། དེའི་འཇིག་རྟེན་ཕ་རོལ་རྣམ་པར་ཞིག་ལ།་དེ་ངན་འགྲོ་གསུམ་དུ་གནས་པར་སྒྲིབ་པ་མེད་དེ། འོད་སྲུང ། འདི་ནི་དགེ་སྦྱོང་གདོལ་པ་ལྟ་བུ་ཞེས་བའོ། །འོད་སྲུང ། དེ་ལ་དགེ་སྦྱོང་རུལ་པ་གང་ཞེ་ན། འོད་སྲུང ། འདི་ལྟ་སྟེ། དཔེར་ན། རྒྱལ་པོ་ལ་འོས་པའི་བཏུང་བ་རོ་མཆོག་དང་ལྡན་པ་ལས་གང་སྙིང་གུའི་མཆོག་བཅུས་པ་དེའི་ལྷག་མ་ནི་རུལ་ཅིང་མི་གཙང་བར་གྱུར་པ་སྟེ། མྱང་བར་བྱ་བ་མ་ཡིན་ནོ། །འོད་སྲུང ། དེ་བཞིན་དུ་དགེ་སྦྱོང་རུལ་པ་ཡང་ཆོས་ཀྱི་མཆོག་གི་སྙིང་གུའི་རོ་བྲོ་བ་དང་བྲལ་བ་ཡིན་ཏེ། དྲི་ང་བ་དང ། ཡོངས་སུ་སྤང་བར་བྱ་བའི་འོས་ཡིན་ཏེ། ཉོན་མོངས་པ་དང ། གཡོ་སྒྱུ་འཛིན་
273a
༄#། །པ་དང ། འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མི་ཞིམ་པ་དང་ལྡན་ཞིང་ཚུལ་ཁྲིམས་ཀྱི་དྲི་དང་བྲལ་བ་ཡིན། ཉོན་མོངས་པའི་དྲིས་བསྒོས་པ་ཡིན་ཏེ། དེ་གང་དང་གང་དུ་འགྲོ་བ་དེ་དང་དེ་ཉིད་དུ་ཡང་བདག་ལ་ཕན་པའི་ཕྱིར་ཞུགས་ཀྱི། གཞན་ལ་ཕན་པའི་ཕྱིར་མ་ཡིན་ཏེ། འོད་སྲུང ། འདི་ནི་དགེ་སྦྱོང་རུལ་བ་ཞེས་བྱའོ། །འོད་སྲུང།་འདི་ལྟ་སྟེ། དཔེར་ན། རུལ་པ་ཞེས་བྱ་བ་ནི་གང་ཟོས་པ་དང ། འཐུངས་པ་དང ། འཆོས་པ་གཟགས་པ་དེ་ནི་རུལ་ཅིང་དྲི་ང་བ་ཡིན་ཏེ། སྐྱེ་བོ་ཡ་རབས་ཐམས་ཅད་ཀྱིས་ཡོངས་སུ་སྤང་བར་བྱ་བའི་འོས་ཡིན་ནོ། །འོད་སྲུང ། དེ་བཞིན་དུ་དགེ་སྦྱོང་རུལ་པ་ཡང་གཟགས་པ་དང་མཚུངས་ཏེ། ལུས་དང་ངག་དང་སེམས་ཀྱི་ཀུན་ཏུ་སྤྱོད་པ་ཡོངས་སུ་མ་དག་པས། འཕགས་པའི་སྐྱེ་བོས་ཡོངས་སུ་སྤང་བར་བྱ་བ་ཡིན་ཏེ། འདི་ནི་དགེ་སྦྱོང་རུལ་པ་ཞེས་བྱའོ། །འོད་སྲུང ། འདི་ལྟ་སྟེ། དཔེར་ན། ས་བོན་རུལ་པ་གང་ཡིན་པ་དེ་ནི་ས་ཆེན་པོ་ལས་སྐྱེར་མི་རུང་ངོ ། །འོད་སྲུང ། དེ་བཞིན་དུ་དགེ་སྦྱོང་རུལ་པ་དང ། སངས་རྒྱས་ཀྱི་བསྟན་པ་འདི་ལ་མི་སྐྱེ་ཞིང ། འཕགས་པའི་ཆོས་རྣམ་པར་གྲོལ་བའི་ས་བོན་ནུས་པ་མ་ཡིན་ལ། འབྲས་བུ་ཐོབ་པར་མི་འགྱུར་ཏེ། འོད་སྲུང ། འདི་ནི་དགེ་སྦྱོང་རུལ་བ་ཞེས་བྱའོ། །འོད་སྲུང ། དེ་ལ་དགེ་སྦྱོང་ཟ་མ་ཏོག་ལྟ་བུ་གང་ཞེ་ན། འོད་སྲུང ། འདི་
273b
ལྟ་སྟེ། དཔེར་ན། ཟ་མ་ཏོག་ཕྱི་རོལ་ཤིན་ཏུ་བྱི་དོར་བྱས་ལ། ནད་མི་གཙང་བ་སྣ་ཚོགས་ཀྱིས་གང་བ་ཞིག་ཡོད་པ་དེ་བཞིན་དུ་དགེ་སྦྱོང་ཟ་མ་ཏོག་ལྟ་བུ་ཡང་དགེ་སྦྱོང་ལྟར་བཅོས་ཤིང་ཕྱི་རོལ་གཙང་སྦྲ་སྤྱོད་པར་གྱུར་ལ། ནང་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གིས་ཡོངས་སུ་གང་བ་ཡིན་ཏེ། འོད་སྲུང ། འདི་ནི་དགེ་སྦྱོང་ཟ་མ་ཏོག་ལྟ་བུ་ཞེས་བྱའོ། །འོད་སྲུང ། དེ་ལ་དགེ་སྦྱོང་ཀུ་རན་ད་ཀ་ལྟ་བུ་གང་ཞེ་ན། འོད་སྲུང ། འདི་ལྟ་སྟེ། དཔེར་ན། ཀུ་རན་ད་ཀ་ཞེས་བྱ་བའི་མེ་ཏོག་ནི་ཁ་དོག་བལྟ་ན་སྡུག་ལ་རེག་ན་རྩུབ་པ་ལྕི་བའི་སྦྲང་མའི་དྲི་མནམ་ཞིང་ཤི་ལ་བར་ཀའི་རྩ་བའི་དྲི་མནམ་སྟེ། མཁས་པ་མཛངས་པ་རྣམས་ནི་མེ་ཏོག་དེ་ལྟ་བུ་ལ་མི་རེག། མི་ལེན། མི་སྣོམ་གྱི། གང་དག་བྱིས་པའི་རང་བཞིན་ཅན་དུ་གྱུར་པ་དེའི་སྐྱོན་མི་ཤེས་པ་དེ་དག་ནི་མེ་ཏོག་དེ་ལྟ་བུ་ལེན་ཅིང་སྣོམ་མོ། །འོད་སྲུང ། དེ་བཞིན་དུ་དགེ་སྦྱོང་ཀུ་རན་ད་ཀ་ལྟ་བུ་ཡང་དགེ་སྦྱོང་གི་ཁ་དོག་དང ། གཟུགས་དང་ལྡན་པར་གྱུར་ཀྱང་མི་ངེས་པ་ཡིན། ཚིག་བརླང་བ་ཡིན། འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མི་ཞིམ་པ་ཡིན། འཚོ་བ་ཉམས་པ་ཡིན། སྤྱོད་པ་ཉམས་པ་ཡིན། ལྟ་བ་ཉམས་པ་ཡིན་ཏེ། མཛངས་པ་མཁས་པ་རྣམས་ནི་ཀུ་རན་ད་ཀ་ལྟ་བུའི་དགེ་སྦྱོང་དེ་ལྟ་བུ་ལ་སྟེན་པའམ། སྙེན་པའམ། བསྙེན་བཀུར་མི་བྱེད་ཀྱི། དེའི་ཚུལ་རིག་པས་ཐག་རིང་པོ་པས་ཀྱང་རིང་པོར་ཡོངས་སུ་སྤོང་ངོ ། །གང་དག་བྱིས་པའི་
274a
༄#། །རང་བཞིན་ཅན་དུ་གྱུར་པ་དེ་དག་ནི་ཀུ་རན་ད་ཀ་ལྟ་བུའི་དགེ་སྦྱོང་དེ་ལྟ་བུ་ལ་སྟེན་ཅིང་སྙེན་ལ་བསྙེན་བཀུར་བྱེད་དེ། ཀུ་རན་ད་ཀའི་མེ་ཏོག་བྱིས་པའི་ལག་ན་འདུག་པ་བཞིན་དུ། དེ་དང་མཐུན་པ་ཉིད་དུ་འགྱུར་ཏེ། འོད་སྲུང ། འདི་ནི་ཀུ་རན་ད་ཀ་ལྟ་བུའི་དགེ་སྦྱོང་ཞེས་བྱའོ། །འོད་སྲུང ། དེ་ལ་ཆོམ་རྐུན་ལྟ་བུའི་དགེ་སྦྱོང་གང་ཞེ་ན། འོད་སྲུང ། འདི་ལྟ་སྟེ། དཔེར་ན། མི་གཡོན་ཅན་གྱི་རང་བཞིན་ཅན་རྟག་ཏུ་བརྐམ་པ། ཆགས་པའི་ཟིལ་གྱིས་ནོན་པ། བདག་གི་རྙེད་པས་ཆོག་པར་མི་འཛིན་པ། གཞན་གྱི་ནོར་ལ་རེ་བ་དྲག་ཤུལ་ཅན། དབྱུག་པ་དང ། མཚོན་ཆ་དང ། དགྲ་ཆ་ཐོགས་པ། ངོ་ཚ་མེད་པ། སྙིང་རྗེ་མེད་པ། རྟག་ཏུ་གདུག་ཅིང་རབ་ཏུ་གདུག་པའི་སེམས་དང་ལྡན་པ་ནི། དེ་གང་གི་ཚེ། གྲོང་བར་རམ། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ཡུལ་དུ་འཇུག་པ་དེའི་ཚེ། དེ་འདི་སྙམ་དུ་གཞན་དག་གི་ནོར་གྱི་ཕུང་པོ་གང་ཡིན་པ་དེ་བདག་གིར་གྱུར་ན། རེ་སྟེས་སྙམ་དུ་སེམས་ཤིང ། དེ་ཟིན་དུ་འོང་ཞེས་མཁྱུན་བུ་མཁྱུན་བུར་རྒྱུ་བ་ཡིན་ནོ། །འོད་སྲུང ། དེ་བཞིན་དུ་ཆོམ་རྐུན་ལྟ་བུའི་དགེ་སྦྱོང་ཡང་རྟག་ཏུ་བརྐམ་པ། ཆགས་པའི་ཟིལ་གྱིས་ནོན་པ། བདག་གི་རྙེད་པས་ཆོག་མི་ཤེས་པ། གཞན་གྱི་རྙེད་པ་ལ་རེ་བ་ཡིན་ཏེ། དེ་གང་གི་ཚེ། གྲོང་བར་རམ། གྲོང་ངམ། གྲོང་ཁྱེར་རམ།
274b
གྲོང་རྡལ་ལམ། ཡུལ་དུ་འཇུག་པ་དེའི་ཚེ། དེ་རྙེད་པའི་ཕྱིར་འཇུག་གི་།ཆོས་ཀྱི་ཕྱིར་མ་ཡིན་ཏེ། སྤྱོད་ལམ་ཐམས་ཅད་ཀྱང་ཆོམ་རྐུན་ལྟ་བུར་སྟོན་པ་ཡིན། འཆབ་ཅིང་སྦོད་པ་ཡིན་ཏེ། བདག་དགེ་སློང་གཞན་གྱིས་ཚུལ་ཁྲིམས་འཆལ་པར་ཤེས་ན་མི་རུང་སྟེ། ཤེས་པར་གྱུར་ན། སོ་སོར་ཐར་པའི་མདོ་འདོན་པ་ལས་བསྐྲད་པར་འགྱུར་རོ། །སྙམ་ནས་རྟག་ཏུ་སྐྲག་ཅིང་རྟག་ཏུ་འཇིགས་ཏེ། སྤྱོད་ལམ་ཐམས་ཅད་ཀྱང་གཡོས་སྤྱོད་པས་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དག་གིས་ཆོམ་རྐུན་འོང་ངོ ། །ཆོམ་རྐུན་འགྲོའོ། །ཆོམ་རྐུན་འགྲེང་ངོ ། །ཆོམ་རྐུན་འཆག་གོ་།ཆོམ་རྐུན་འདུག་གོ་།ཉལ་ལོ། །ཆོས་གོས་ལེན་ཏོ། །ཆོམ་རྐུན་གྲོང་དུ་འགྲོའོ། །གྲོང་ནས་འབྱུང་ངོ ། །ཆོམ་རྐུན་ཟའོ། །ཆོམ་རྐུན་འཐུང་ངོ། །ཆོམ་རྐུན་སྐྲ་འདྲེག་གོ་ཞེས་རིག་པར་འགྱུར་རོ། །འོད་སྲུང ། དེ་ལྟ་ན་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་རྣམས་ཀྱིས་དེའི་སྤྱོད་ལམ་གང་ཡིན་པ་དེ་ཐམས་ཅད་རུང་བ་མ་ཡིན་ལ། ཡོངས་སུ་བརྟགས་པ་མ་ཡིན་པར་རིག་པར་འགྱུར་ཏེ། རིག་ནས་ཀྱང་དེ་ལ་སྙིང་རྗེ་ཆེན་པོ་སྐྱེད་ཅིང ། ཀྱེ་མ་འདི་མཚར་ཅིག་སྡིག་པ་ཅན་གྱི་དགེ་སློང་འདི་ལྟ་བུ་དག་གིས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ནུབ་པར་བྱེད་པར་འགྱུར་རོ་ཞེས་འཕྱ་ཞིང་མི་སྙན་པར་ཟེར་རོ། །ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་
275a
༄#། །རྣམས་ལ་ནི་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་རྣམས་ཀྱང་འདི་དག་ནི་བསྟན་པ་ཡོངས་སུ་འཛིན་པའོ་ཞེས་གུས་པ་ཆེར་སྐྱེད་དོ། །འོད་སྲུང ། ཆོམ་རྐུན་ལྟ་བུའི་དགེ་སྦྱོང་བསྟན་པ་འདི་ལ་རབ་ཏུ་བྱུང་བ་ནི་སྐྱོ་བ་དང ། འདོད་ཆགས་དང་བྲལ་བའི་སེམས་གཅིག་ཀྱང་མི་སྐྱེད་ན། འབྲས་བུ་འཐོབ་པ་ལྟ་ཅི་སྨོས་ཀྱི། དེ་ནི་གནས་མེད་དོ། །འོད་སྲུང ། འདི་ནི་ཆོམ་རྐུན་ལྟ་བུའི་དགེ་སྦྱོང་ཞེས་བྱའོ། །འོད་སྲུང ། དེ་ལ་དགེ་སྦྱོང་ཤིན་ཏེ་མ་གང་ཞེ་ན། འོད་སྲུང ། འདི་ལྟ་སྟེ། དཔེར་ན། འབྲུའི་ནང་ན་གང་དག་མ་སྨིན་པ་དང ། མི་གྲུང་པ་དང ། འོངས་མེད་ཅིང་འབྲུ་འདྲ་བ་དེ་དག་ནི་ཤིན་ཏེ་མ་ཞེས་བྱའོ། །འོད་སྲུང ། དེ་བཞིན་དུ་དགེ་སྦྱོང་ཤིན་ཏེ་མ་ཡང ། ཡང་ཞིང་མཐུ་ཆུང་ལ་བདུད་ཀྱིས་ཟིན་པ། བདུད་ཀྱིས་ནོན་པ། ཉོན་མོངས་པ་ཐམས་ཅད་ཀྱིས་འཕྲོགས་པ། རླུང་གི་གཡེངས་པ་ལྟ་བུ་སྟེ། འོད་སྲུང ། དགེ་སྦྱོང་ཤིན་ཏེ་མ་ཞེས་བྱ་བ་དེ་ནི། དགེ་སྦྱོང་ཚུལ་ཁྲིམས་འཆལ་བ། སྡིག་པ་ཅན་རྣམས་ཀྱི་ཚིག་བླ་དྭགས་ཏེ། དེ་དག་ནི་ངས་དགེ་སྦྱོང་ཤིན་ཏེ་མ་ཞེས་བཏགས་སོ། །འོད་སྲུང ། དེ་ལ་དགེ་སྦྱོང་སུན་པར་བྱེད་པ་གང་ཞེ་ན།་འོད་སྲུང ། འདི་ལྟ་སྟེ། དཔེར་ན། ནས་ཀྱི་ལྗང་བུ་ཕུན་སུམ་ཚོགས་པའི་ནང་ན། ནས་ལ་གནོད་པ་ཞིག་སྐྱེས་ནས། དེ་ལྗང་བུའི་ཁ་དོག་འདྲ་ཞིང་རྟགས་དང་
275b
དབྱིབས་ཀྱང་འདྲ་བས། དེ་ལ་ནས་ཀྱི་བདག་པོ་དེ་དག་འདི་སྙམ་དུ་འདི་དག་ཐམས་ཅད་ནི་ནས་ཡིན་ནོ་སྙམ་པའི་འདུ་ཤེས་སྐྱེད་སྐྱེད་པ་ལས། གང་གི་ཚེ་ནས་ཀྱི་ལྗང་བུ་ལས་སྙེ་མ་བྱུང་བར་གྱུར་པ་དེའི་ཚེ། ནས་ལ་གནོད་པ་དེ་ལ་ནས་ཀྱི་འདུ་ཤེས་མི་འབྱུང་ངོ ། །འོད་སྲུང ། དེ་བཞིན་དུ་དགེ་སྦྱོང་སུན་པར་བྱེད་པའི་དགེ་སློང ། དགེ་སློང་གི་དགེ་འདུན་གྱི་ནང་ན་འདུག་པ་ཡང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། སྦྱིན་པའི་གནས་སུ་གྱུར་པ་རྣམས་དང ། ཁ་དོག་དང་རྟགས་ཀྱི་དབྱིབས་འདྲ་བས། དེ་ལ་སྦྱིན་པ་པོ་དང ། སྦྱིན་བདག་དེ་དག་དགེ་སློང་ངོ་སྙམ་པའི་འདུ་ཤེས་སྐྱེད་ཅིང ། སྦྱིན་གནས་སུ་འདུ་ཤེས་བསྐྱེད་པ་ལས། དེ་ནས་གལ་ཏེ། མི་གཏི་མུག་པ། དགེ་སྦྱོང་མ་ཡིན་ལ་དགེ་སྦྱོང་དུ་ཁས་འཆེ་བ། ཚངས་པར་སྤྱོད་པ་མ་ཡིན་ལ་ཚངས་པར་སྤྱོད་པར་ཁས་འཆེ་བ། ནང་རུལ་ཅིང་ཟག་པ་དེ་འཁོར་གྱི་ནང་ནས་བྱུང་སྟེ། ཤི་འཕོས་ཤིང་འཆི་བའི་དུས་བྱས་ནས། སེམས་ཅན་དམྱལ་བར་འགྲོ་བར་འགྱུར་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་ལྷའི་མིག་དང་ལྡན་པ་རྣམས་ཀྱིས། དེ་སེམས་ཅན་དམྱལ་བར་སྐྱེ་བར་མཐོང་སྟེ། མཐོང་ནས་ཀྱང་མི་གཏི་མུག་པ་འདི་ནི་སྔོན་དགེ་སྦྱོང་གི་ཁ་དོག་དང ། གཟུགས་ཀྱིས་སྡིག་པའི་ལས་བྱས་པས་དེ་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ཏེ། ནས་ལ་གནོད་པ་ལ་ནས་
276a
༄#། །ཀྱི་ཡོན་ཏན་མེད་པ་ལྟར་འདི་ལ་ཡང་དགེ་སྦྱོང་གི་ཡོན་ཏན་གྱི་འབྲས་བུ་མེད་དོ། །ཞེས་སྙིང་རྗེ་ཆེན་པོ་སྐྱེད་དེ། འོད་སྲུང ། འདི་ནི་དགེ་སྦྱོང་སུན་པར་བྱེད་བ་ཞེས་བྱའོ། །འོད་སྲུང ། དེ་ལ་དགེ་སྦྱོང་ལྟར་བཅོས་པ་གང་ཞེ་ན། འོད་སྲུང ། འདི་ལྟ་སྟེ། དཔེར་ན། ར་གན་ཆེན་པོ་ཞེས་བྱ་བའི་ལྕགས་ཤིག་ཡོད། ཤིན་ཏུ་ཡོངས་སུ་སྦྱང་བར་བྱང་ཤིང ། ཤིན་ཏུ་ཡོངས་སུ་དག་པར་བྱས་ན། གསེར་འདྲ་བར་གྱུར་ཏེ། འོན་ཀྱང་གསེར་གྱི་རིན་ཐང་དང ། གསེར་གྱི་ཁ་དོག་དང ། བདར་འཕྲོ་དང ། སྲང་ལ་གཞལ་བའི་ལྗིད་འདྲ་བ་ནི་མ་ཡིན་ནོ། །འོད་སྲུང ། དེ་བཞིན་དུ་དགེ་སྦྱོང་ལྟར་བཅོས་པའི་དགེ་སློང་ཡང་ལུས་ཤིན་ཏུ་བཀྲུས་ཤིང་གོས་བཟང་པོ་མཛེས་པ་གྱོན་ལ། དགེ་སློང་གི་ཕྱི་རོལ་གྱི་སྤྱོད་པ་ཐམས་ཅད་ཡོངས་སུ་དག་སྟེ། འགྲོ་བ་དང ། འོང་བ་དང ། མདུན་དུ་ལྟ་བ་དང ། གཡས་གཡོན་ལྟ་བ་དང ། བསྐུམ་པ་དང ། བརྐྱང་བ་དང ། ཆོས་གོས་སྣམ་སྦྱར་དང ། ལྷུང་བཟེད་དང ། ཆོས་གོས་འཛིན་པ་ཤེས་བཞིན་དུ་སྤྱོད་ཀྱང ། དེ་འདོད་ཆགས་ཀྱིས་བཅོམ་པ་དང ། ཞེ་སྡང་གིས་བཅོམ་པ་དང ། གཏི་མུག་གིས་བཅོམ་པ་དང ། ཉོན་མོངས་པས་བཅོམ་པ་དང ། རྙེད་པ་དང ། བཀུར་སྟེས་བཅོམ་པ་དང ། ང་རྒྱལ་དང ། ཆེ་བའི་ང་རྒྱལ་དང ། ང་རྒྱལ་ལས་ཀྱང་ང་རྒྱལ་དང ། ངའོ་སྙམ་པའི་ང་རྒྱལ་དང ། མངོན་
276b
པའི་ང་རྒྱལ་དང ། ཅུང་ཟད་སྙམ་པའི་ང་རྒྱལ་དང ། ལོག་པའི་ང་རྒྱལ་གྱིས་བཅོམ་པ་དང ། ཉོན་མོངས་པས་འཁོལ་བ་དང ། བསྙེན་བཀུར་ལྷུར་ལེན་གྱི། ཆོས་ལྷུར་མི་ལེན་པ་དང ། ལུས་ཆེ་བར་སྦྱོར་བ་ལ་བརྩོན་གྱི། ཚུལ་ཁྲིམས་ཀྱི་ཆེ་བར་སྦྱོར་བ་ལ་མི་བརྩོན་པ་དང ། ཟས་དང་གོས་ལྷུར་ལེན་གྱི། འཕགས་པའི་ཆོས་ལྷུར་མི་ལེན་པ་དང ། འཇིག་རྟེན་ཕ་རོལ་དུ་ཁ་ན་མ་ཐོ་བས་འཇིགས་པར་མི་ལྟ་བ་དང ། ཚེ་འདི་ལྷུར་ལེན་གྱི། ཚེ་ཕྱི་མ་ལྷུར་མི་ལེན་པ་དང ། ལུས་གསོབ་དང ། རྙེད་པ་དང ། བཀུར་སྟི་དང ། གྲགས་པ་ལ་རྟེན་གྱི། ཆོས་ལ་རིམ་གྲོར་བྱ་བ་ལ་མི་རྟེན་པ་དང ། སྤགས་པ་སྣ་ཚོགས་ཀྱིས་སྤགས་པ་དང ། སྡིག་པས་བསྒོས་པ་དང ། ཁྱིམ་གྱི་ལས་ཀྱི་མཐའ་ལ་མངོན་པར་བརྩོན་པ་དང ། ཁྱིམ་པ་དང་མཚུངས་པའི་སེམས་དང་ལྡན་པས། བདེ་བ་དག་གིས་ཀྱང་བདེ་ཞིང ། སྡུག་བསྔལ་དག་གིས་ཀྱང་སྡུག་བསྔལ་བ་དང ། རྗེས་སུ་ཆགས་པ་དང ། ཁོང་ཁྲོ་བས་བཅོམ་པ་ཡིན་ཏེ། དེའི་དགེ་སྦྱོང་གི་ཆོ་ག་དང ། སྤྱོད་ལམ་ཐམས་ཅད་དང ། སེམས་དང་སེམས་ལས་བྱུང་བའི་ཆོས་ཐམས་ཅད་ནི། སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དུ་གཞོལ་བ་ཡིན་ཞིང ། དེ་དགེ་སྦྱོང་གི་རིན་ཐང་དང ། རི་བ་དང ། དགེ་སྦྱོང་གི་སྲང་ཁ་དང་མི་མཉམ་པ་སྟེ། འོད་སྲུང ། འདི་ནི་དགེ་སྦྱོང་ལྟར་བཅོས་པ་ཞེས་བྱའོ། །འོད་
277a
༄#། །སྲུང།་དེ་ལ་ཅི་ལྟར་ན་དགེ་སྦྱོང་གཟི་འཕྲོགས་པ་ཡིན་ཞེ་ན། འོད་སྲུང ། འདི་ལྟ་སྟེ། དཔེར་ན། སྐྱེས་པའམ། བུད་མེད་དམ། ཁྱེའུ་འམ། བུ་མོ་གང་ལ་ལ་ཞིག་མི་མ་ཡིན་པས་གཟི་འཕྲོགས་པར་གྱུར་ན། དེ་དབང་ཆུང་བར་གྲགས་ཤིང ། མདོག་ངན་ལ། མི་སྡུག་པར་འགྱུར་ཏེ། དེ་ལྟར་མདངས་འཕྲོགས་པ་རྣམས་ལ་ནི་སྨན་ཏམ།་གསང་སྔགས་སམ། རིག་སྔགས་རྣམས་ཀྱིས་མི་སློན་ཏེ། དེ་འཆི་བར་འགྱུར་བ་མ་གཏོགས་པར་ཐ་མར་གཞན་དུ་མི་འགྱུར་རོ། །འོད་སྲུང ། དེ་བཞིན་དུ་དགེ་སློང་གང་ལ་ལ་ཚུལ་ཁྲིམས་ཀྱི་གཟི་མེད་པ་དང ། ཏིང་ངེ་འཛིན་གྱི་གཟི་མེད་པ་དང ། ཤེས་རབ་ཀྱི་གཟི་མེད་པ་དང ། རྣམ་པར་གྲོལ་བའི་གཟི་མེད་པ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་གཟི་མེད་པ་དང ། བྱམས་པའི་གཟི་མེད་པ་དང ། སྙིང་རྗེའི་གཟི་མེད་པ་དང ། དགའ་བའི་གཟི་མེད་པ་དང ། བཏང་སྙོམས་ཀྱི་གཟི་མེད་པ་དང ། སྦྱིན་པ་དང་ཡང་དག་པར་སྡོམ་པ་དང ། ངེས་པའི་གཟི་མེད་པ་དང ། དགེ་སྦྱོང་གི་ཡོན་ཏན་གྱི་གཟི་མེད་པ་དང ། འཕགས་པའི་རིགས་ལ་གནས་པའི་གཟི་མེད་པ་དང ། སྦྱངས་པའི་ཡོན་ཏན་དང ། ཡོ་བྱད་བསྙུངས་པའི་གཟི་མེད་པ་དང ། ལུས་དང ། ངག་དང ། སེམས་ཡོངས་སུ་དག་པའི་གཟི་མེད་པ་འདི་ནི། འོད་སྲུང ། དགེ་
277b
སློང་གཟི་འཕྲོགས་པ་ཞེས་བྱ་བ་སྟེ། འོད་སྲུང ། གཟི་འཕྲོགས་པ་དེ་ལྟ་བུ་རྣམས་ལ་ནི་དེ་བཞིན་གཤེགས་པས་སྦྱར་བའི་སྨན་གྱིས་མི་ཚུགས་ཏེ། འདི་ལྟ་སྟེ། འདོད་ཆགས་ལ་མི་སྡུག་པའི་སྨན་དང ། ཞེ་སྡང་ལ་བྱམས་པ་དང ། གཏི་མུག་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་དང ། ཉོན་མོངས་པ་རྣམས་ལ་ཚུལ་བཞིན་ཡིད་ལ་བྱ་བ་དང ། འདུ་འཛི་ལ་དབེན་པར་དགའ་བ་དང ། འཛིན་པ་ཐམས་ཅད་སྤང་བའི་ཕྱིར་དགོན་པར་གནས་པ་དང ། གསུམ་བསྡམ་པའི་ཕྱིར་ལུས་དང ། ངག་དང ། སེམས་ཡོངས་སུ་དག་པ་དང ། སེམས་ལས་སུ་རུང་བར་བྱ་བའི་ཕྱིར་ཏིང་ངེ་འཛིན་ཡོངས་སུ་དག་པའི་སྨན་དེ་བཞིན་གཤེགས་པས་སྦྱར་བ་འདི་ལྟ་བུ་འདི་དག་གིས་དེ་ལ་མི་ཚུགས་ཏེ། དེ་ཤི་ནས་སེམས་ཅན་དམྱལ་བ་ཉིད་དུ་འགྱུར་གྱི། དེའི་ཐ་མ་གཞན་དུ་མི་འགྱུར་རོ། །གང་དག་ཡང་འཇིག་རྟེན་ལས་འདས་པའི་སྨན་འདི་ལྟ་སྟེ། ཕུང་པོ་ཤེས་པ་དང ། ཁམས་ཤེས་པ་དང ། སྐྱེ་མཆེད་ཤེས་པ་དང།་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པ་དང ། སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པ་ཤེས་པ། འཇིག་རྟེན་ལས་འདས་པའི་སྨན་འདི་ལྟ་བུ་འདི་དག་གིས་ཀྱང་དེ་ལ་མི་ཚུགས་ཏེ། དེ་ཤི་ནས་སེམས་ཅན་དམྱལ་བ་ཉིད་དུ་འགྱུར་གྱི། དེའི་ཐ་མ་གཞན་དུ་མི་འགྱུར་རོ། །བསྟན་པ་འདི་བཤད་པ་ན། དགེ་སློང་རྣལ་འབྱོར་སྤྱོད་པ་ལྔ་
278a
༄#། །བརྒྱས་བདག་ཅག་ཚུལ་ཁྲིམས་ཡོངས་སུ་མ་དག་བཞིན་དུ་དད་པས་བྱིན་པ་སྤྱད་པར་གྱུར་ན། མི་རུང་ཞེས་ཉམས་པར་བྱས་ཏེ། སླར་ཁྱིམ་དུ་དོང་ངོ ། ། དེ་ལ་དགེ་སློང་གཞན་དག་ཅིག་འདི་སྐད་དུ། དགེ་སློང་ཆེ་བའི་བདག་ཉིད་ཅན་རྣལ་འབྱོར་སྤྱོད་པ་འདི་དག་བསྟན་པ་ལས་ཉམས་པ་ནི་ཤིན་ཏུ་མ་ལེགས་སོ་ཞེས་འཕྱའོ། །བཅོམ་ལྡན་འདས་ཀྱི་དགེ་སློང་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་།ཁྱོད་འདི་སྐད་དུ་དགེ་སློང་ཆེ་བའི་བདག་ཉིད་ཅན་འདི་དག་འདི་ལྟར་བསྟན་པ་ལས་ཤིན་ཏུ་ཉམས་པ་འདི་ནི་ཤིན་ཏུ་མ་ལེགས་སོ་ཞེས་མ་སྨྲ་ཞིག་།དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་།མངོན་པར་མི་དགའ་ནས། ཁྱིམ་ན་གནས་པ་འདི་ནི་དད་པ་ཅན་རྣམས་ཀྱི་ཆོས་ཡིན་ཏེ།་དགེ་སློང་དད་པ་དང ། མོས་པ་མང་བ། འགྱོད་པ་དང་ལྡན་པ་འདི་དག་གིས་བསྟན་པ་འདི་ཐོས་ནས། བདག་ཅག་ཚུལ་ཁྲིམས་ཡོངས་སུ་མ་དག་བཞིན་དུ་དད་པས་བྱིན་པ་ཡོངས་སུ་སྤྱད་ན། མི་རུང་ངོ་ཞེས་ཉམས་པར་གྱུར་ཏོ། །འོད་སྲུང ། ང་ལུང་སྟོན་ཏེ། དགེ་སློང་འདི་དག་ནི་འདི་ནས་ཤི་འཕོས་ནས་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེ་བཞིན་གཤེགས་པ་བྱམས་པའི་ཉན་ཐོས་ཐོག་མར་འདུས་པའི་གྲངས་སུ་ཆུད་པར་འགྱུར་རོ། །དགེ་སྦྱོང་གདོལ་པ་ལྟ་བུའི་ལེའུ་སྟེ་གསུམ་པའོ།། །།བམ་པོ་གཉིས་
278b
པ་སྟེ་ཐ་མ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དགེ་སློང་ཅི་ལྟ་བུས་ཞལ་ཏ་བགྱི་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང ། ངས་ཞལ་ཏ་བྱ་བར་གནང་བའི་དགེ་སྦྱོང་གཉིས་ཏེ། གཉིས་གང་ཞེ་ན། དགེ་སློང་ཡོངས་སུ་དག་པ། འཇིག་རྟེན་ཕ་རོལ་ཏུ་ཁ་ན་མ་ཐོ་བས་འཇིགས་པར་ལྟ་བ་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ། མཛེམ་པ་དང་ལྡན་ཞིང་འགྱོད་པ་དང་ལྡན་པ་དང ། གང་ཡང་ཟག་པ་ཟད་པ། དགྲ་བཅོམ་པར་གྱུར་པ་སྟེ། འོད་སྲུང ། དགེ་སློང་མ་ཉམས་པ་འདི་གཉིས་ཞལ་ཏ་བྱེད་པར་ངས་གནང་ངོ ། །དེ་ཅིའི་ཕྱིར་ཞེ་ན། འོད་སྲུང ། ལེགས་པར་གསུངས་པའི་ཆོས་འདུལ་བ་འདི་ལ་རིགས་སྣ་ཚོགས་ལས་རབ་ཏུ་བྱུང་བ། སེམས་ཀྱིས་མོས་པ་སྣ་ཚོགས་དང་ལྡན་པ། སྤོང་བའི་ཕྱིར་རྣལ་འབྱོར་སྣ་ཚོགས་ལ་གནས་པ། ཁ་ཅིག་ནི་དགོན་པ་པ་ཞི་བའི་མལ་སྟན་ལ་མངོན་པར་དགའ་བ། ཁ་ཅིག་ནི་བསོད་སྙོམས་པ། ཁ་ཅིག་ནི་གྲོང་འདབ་ན་གནས་པ། ཁ་ཅིག་ནི་འཚོ་བ་ཡོངས་སུ་དག་པ། ཁ་ཅིག་ནི་མང་དུ་ཐོས་པ་ལ་མངོན་པར་བརྩོན་པ། ཁ་ཅིག་ནི་ཆོས་སྨྲ་བ། ཁ་ཅིག་ནི་འདུལ་བ་འཛིན་པ། ཁ་ཅིག་ནི་མ་མོ་འཛིན་པ། ཁ་ཅིག་ནི་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ཡུལ་འཁོར་དང ། ཕོ་བྲང་འཁོར་དག་ཏུ་ཞུགས་ནས་ཆོས་སྟོན་པ་སྟེ།་སེམས་ཅན་གཞན་དག་གི་སེམས་ཀྱི་སྤྱོད་
279a
༄#། །པ་རྣམས་བསྲུང་དཀའ་བའི་ཕྱིར་རོ། །འོད་སྲུང ། དེ་ལ་དགེ་སློང་ཞལ་ཏ་བྱེད་པས། དགེ་སློང་གི་དགེ་འདུན་ཐམས་ཅད་ཀྱི་སེམས་མགུ་བར་བྱའོ། །འོད་སྲུང།་དེ་ལ་དགེ་སློང་དགོན་པ་པ་བས་མཐའི་མལ་སྟན་པ་གང་ཡིན་པ་དེ་དག་ནི། དགེ་སློང་ཞལ་ཏ་བྱེད་པས་ཡོངས་སུ་ལས་སུ་བསྐོ་བར་མི་བྱའོ། །ཞལ་ཏ་བྱེད་པས་དགེ་སློང་དགོན་པ་བ་དེ་དག་བསྲུང་བར་བྱ་སྟེ། དུས་མ་ཡིན་པར་གསོལ་བ་མི་བྱ། དུས་མ་ཡིན་པར་གཏང་བར་མི་བྱའོ། །འོད་སྲུང ། གལ་ཏེ་དགེ་སློང་དགོན་པ་པ་ལ་དགེ་འདུན་གྱི་བྱ་བར་གཏོགས་པ་སློབ་པའི་ལས་རེས་བབ་ན། དགེ་སློང་ཞལ་ཏ་བྱེད་པ་དེས་ལས་དེ་བདག་ཉིད་ཀྱིས་བྱའོ། །ཡང་ན་དགེ་སློང་གཞན་ཞིག་བསྐོས་ལ་ལས་དེ་བྱེད་དུ་གཞུག་སྟེ། དགེ་སློང་དགོན་པ་པ་ལ་གནོད་པར་མི་བྱའོ། །འོད་སྲུང ། དེ་ལ་དགེ་སློང་བསོད་སྙོམས་སྤྱོད་པ་གང་ཡིན་པ་དེ་ལ་དགེ་སློང་ཞལ་ཏ་བྱེད་པ་དེས་ཁ་ཟས་བསོད་པ་བགོ་བཤའ་བྱའོ། །འོད་སྲུང ། དེ་ལ་དགེ་སློང་རྣལ་འབྱོར་སྤྱོད་པ་གང་ཡིན་པ་དེ་དག་ལ། དགེ་སློང་ཞལ་ཏ་བྱེད་པས་མཐུན་པའི་འཚོགས་ཆས་དང ། ན་བའི་གསོས་སྨན་དང ། ཡོ་བྱད་རྣམས་སྦྱིན་པར་བྱའོ། །དགེ་སློང་རྣལ་འབྱོར་སྤྱོད་པ་དེ་ས་ཕྱོགས་གང་ལ་གནས་པའི་ས་ཕྱོགས་དེར་དགེ་སློང་ཞལ་ཏ་བྱེད་པ་དེས། སྒྲ་ཆེན་པོ་དང ། སྐད་དྲག་པོ་མི་འབྱུང་ཞིང ། བྱེད་དུ་ཡང་མི་གཞུག་གོ་།དགེ་སློང་ཞལ་ཏ་བྱེད་པས་དགེ་སློང་རྣལ་འབྱོར་
279b
སྤྱོད་པ་དེ་བསྲུང་ཞིང ། མལ་ཆ་ཡང་སྦྱར་བར་བྱའོ། །ཁ་ཟས་བསོད་པ་དང ། ཡི་གར་འོང་བ་དང ། རྣལ་འབྱོར་སྤྱོད་པའི་ས་དང་མཐུན་པའི་བཟའ་བ་དང ། བཅའ་བ་རྣམས་སྦྱིན་པར་བྱའོ། ། དགེ་སློང་དེ་ལ་དགེ་སློང་འདི་ནི་དེ་བཞིན་གཤེགས་པའི་བསྟན་པ་རྟོན་པའི་ཕྱིར་གནས་པ་ཡིན་ཏེ།་དེ་ལ་བདག་གིས་རྗེས་སུ་མཐུན་པའི་ཡོ་བྱད་ཐམས་ཅད་མང་དུ་སྦྱར་བར་བྱའོ་སྙམ་དུ་ཤིན་ཏུ་ཕངས་པའི་འདུ་ཤེས་བསྐྱེད་པར་བྱའོ། །འོད་སྲུང ། དེ་ལ་དགེ་སློང་མང་དུ་ཐོས་པ་ལ་མངོན་པར་བརྩོན་པ་གང་ཡིན་པ་དེ་དག་ལ་དགེ་སློང་ཞལ་ཏ་བྱེད་པས་ལུང་ནོས་ཤིག་།ལྷོགས་ཤིག།་ཁ་ཏོན་གྱིས་ཤིག་།ཁོ་བོ་ནི་ཁྱོད་ཀྱི་རིམ་གྲོ་བྱེད་པ་ཡིན་གྱི། ཁྱོད་ཇི་ལྟ་ཇི་ལྟ་བུར་མང་དུ་ཐོས་པར་གྱུར་པ་དེ་ལྟ་དེ་ལྟ་བུར་དགེ་སློང་གི་དགེ་འདུན་མཛེས་པར་འགྱུར་བར་གྱིས་ཤིག ། འདུག་ལ་བརྗོད་པས་མཛེས་པར་གྱིས་ཤིག་།བདག་ཉིད་ཀྱི་ཤེས་རབ་ཀྱང་མཆོག་ཏུ་འགྱུར་བར་གྱིས་ཤིག་ཅེས་སྤྲོ་བ་བསྐྱེད་པར་བྱའོ། །འོད་སྲུང ། དེ་ལ་དགེ་སློང་ཞལ་ཏ་བྱེད་པས་དེ་དག་དུས་མ་ཡིན་པར་གཏང་བར་མི་བྱ། ལས་སུ་བསྐོ་བར་མི་བྱའོ། །དགེ་སློང་ཞལ་ཏ་བྱེད་པ་དེས་དགེ་སློང་མང་དུ་ཐོས་པ་དེ་དག་བསྲུང་བར་བྱའོ། །འོད་སྲུང ། དེ་ལ་ཆོས་སྨྲ་བའི་དགེ་སློང་གང་ཡིན་པ་དེ་དག་དགེ་སློང་ཞལ་ཏ་བྱེད་པས་ལས་སུ་མི་བསྐོ་བར་བྱའོ། །གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་དག་ཏུ་འཇུག་ཏུ་བཅུག་ལ་ཆོས་
280a
༄#། །འཆད་དུ་གཞུག་གོ་།ཆོས་ཉན་པ་དག་བསྐོ་བར་བྱའོ། །འཁོར་གྱི་དཀྱིལ་འཁོར་རྣམ་པར་དག་པར་བྱའོ། །འབེལ་བའི་ཆོས་ཀྱི་གཏམ་གྱི་ཕྱིར། དཀྱིལ་འཁོར་དུ་གཞག་པར་བྱའོ། །ཆོས་སྨྲ་བའི་དགེ་སློང་ལ་དགེ་སློང་གང་དག་གནོད་པ་བྱེད་པའི་དགེ་སློང་དེ་དག་དགེ་སློང་ཞལ་ཏ་བྱེད་པས་བཟློག་པར་བྱའོ། །དགེ་སློང་ཞལ་ཏ་བྱེད་པས་ཆོས་སྨྲ་བའི་དགེ་སློང་ལ་རྟག་ཏུ་བསུ་བར་བྱ། ལེགས་སོ་ཞེས་བྱ་བ་མང་དུ་བྱའོ། །འོད་སྲུང ། དེ་ལ་དགེ་སློང་གང་དག་འདུལ་བ་འཛིན་པ་དང ། མ་མོ་འཛིན་པར་གྱུར་པ་དེ་དག་གི་གན་དུ་དགེ་སློང་ཞལ་ཏ་བྱེད་པ་དེ་སོང་ལ། ཇི་ལྟར་ན་བདག་རྨ་མེད་ཅིང་མ་ཉམས་པ་དང ། ཇི་ལྟར་ན་བདག་ལྟུང་བ་མེད་པའི་ཆོས་ཀྱིས་ཞལ་ཏ་བྱ་ཞེས་ཡོངས་སུ་དྲི་བར་བྱའོ། །དེ་ནས་འདུལ་བ་འཛིན་པ་དང ། མ་མོ་འཛིན་པའི་དགེ་སློང་དེ་དག་གིས་དགེ་སློང་ཞལ་ཏ་བྱེད་པ་དེའི་བསམ་པ་རིག་ནས། དེའི་བྱ་བ་དང ། འབྱུང་བ་གང་ཡིན་པ་དང ། བྱེད་པ་གང་ཡིན་པ་དེ་བསྟན་པར་བྱའོ། །དགེ་སློང་ཞལ་ཏ་བྱེད་པས་འདུལ་བ་འཛིན་པ་དང ། མ་མོ་འཛིན་པའི་དགེ་སློང་དེ་དག་ལ་ཕངས་བར་བྱ་བ་དང ། དད་པ་དང ། གུས་པ་དང ། ཞེ་ས་རབ་ཏུ་བསྐྱེད་པར་བྱའོ། ། དགེ་འདུན་གྱི་རྙེད་པ་གང་ཡིན་པ་དེ་དགེ་སློང་ཞལ་ཏ་བྱེད་པས་དུས་དུས་སུ་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱའི། དགེ་འདུན་གྱི་རྙེད་པ་བསགས་ཤིང་སྦ་བར་མི་བྱ་སྟེ། ཇི་ལྟར་
280b
རྙེད་པ་བཞིན་དུ་སྦྱིན་པར་བྱ། མ་བསྐུལ་བར་སྦྱིན་པར་བྱ། གནོད་པ་མེད་པར་སྦྱིན་པར་བྱའོ། །དེས་འདུན་པ་དང ། ཞེ་སྡང་དང ། གཏི་མུག་དང ། འཇིགས་པས་འགྲོ་བར་མི་བྱའོ། །དགེ་སློང་གི་དགེ་འདུན་ལ་རྟོན་པར་བྱའི། ཁྱིམ་པའི་ཕྱོགས་ལ་རྟོན་པར་མི་བྱའོ། །དགེ་འདུན་གྱི་བྱ་བ་ལ་རྟོན་པར་བྱའི། བདག་གི་བྱ་བ་ལ་རྟོན་པར་མི་བྱའོ། །དངོས་པོ་གང་ལ་ཡང་དབང་བྱ་བའི་འདུ་ཤེས་བསྐྱེད་པར་མི་བྱའི། བྱ་བ་ཅི་ཙམ་དུ་ཆུང་བ་ཡང་དགེ་འདུན་གྱི་གྲོས་བཞིན་བྱ་ཞིང་རང་དགར་མི་བྱའོ། །དགེ་འདུན་གྱིའམ། ཕྱོགས་བཞིའི་དགེ་འདུན་གྱིའམ། མཆོད་རྟེན་གྱི་ཡོ་བྱད་གང་ཅི་ཡང་རུང་སྟེ། ཅི་ལྟ་བ་བཞིན་དུ་གཞག་པར་བྱ་སྟེ། དགེ་འདུན་གྱི་ཕྱོགས་བཞིའི་དགེ་འདུན་གྱི་དང་བསྲེ་བར་མི་བྱའོ། །ཕྱོགས་བཞིའི་དགེ་འདུན་གྱི་རྙེད་པ་ཡང་དགེ་འདུན་གྱི་དང་བསྲེ་བར་མི་བྱའོ། །དགེ་འདུན་གྱི་དང་ཕྱོགས་བཞིའི་དགེ་འདུན་གྱི་རྙེད་པ་མཆོད་རྟེན་གྱི་དང་བསྲེ་བར་མི་བྱའོ། །མཆོད་རྟེན་གྱི་རྙེད་པ་ཡང་དགེ་འདུན་གྱི་དང ། ཕྱོགས་བཞིའི་དགེ་འདུན་གྱི་དང་བསྲེ་བར་མི་བྱའོ། །གལ་ཏེ་ཕྱོགས་བཞིའི་དགེ་འདུན་ལ་བྲེལ་ཕོངས་སུ་གྱུར་ལ། དགེ་འདུན་གྱི་རྙེད་པ་ཆེ་བར་གྱུར་ན། དགེ་སློང་ཞལ་ཏ་བྱེད་པས་དགེ་སློང་གི་དགེ་འདུན་བསྡུས་ལ། གྲོས་མཐུན་པར་བགྱིས་ཏེ། དགེ་འདུན་གྱི་རྙེད་པ་དེ་ལས་ཕྱོགས་བཞིའི་དགེ་འདུན་ལ་ཤུགས་པར་བྱའོ། །གལ་ཏེ་དེ་བཞིན་གཤེགས་པའི་མཆོད་རྟེན་ཞིག་རལ་དུ་གྱུར་ལ། དགེ་འདུན་གྱི་དང ། ཕྱོགས་བཞིའི་
281a
༄#། །དགེ་འདུན་གྱི་རྙེད་པ་ཆེ་བར་གྱུར་ན། དགེ་སློང་ཞལ་ཏ་བྱེད་པས་དགེ་སློང་གི་དགེ་འདུན་ཐམས་ཅད་བསྡུས་ལ། གྲོས་མཐུན་པར་བགྱིས་ཏེ། འདི་སྐད་ཅེས་དེ་བཞིན་གཤེགས་པའི་མཆོད་རྟེན་འདི་ནི་ཞིག་རལ་དུ་གྱུར་ལ། དགེ་འདུན་གྱི་དང ། ཕྱོགས་བཞིའི་དགེ་འདུན་གྱི་རྙེད་པ་ནི་ཆེ་བར་གྱུར་ན། གལ་ཏེ་ཚེ་དང་ལྡན་པ་རྣམས་གནོད་པ་མེད་ཅིང ། དད་པ་དང་ལྡན་ལ། བཟོད་ཅིང་གནང་ན་བདག་གིས་དགེ་འདུན་གྱི་དང ། ཕྱོགས་བཞིའི་དགེ་འདུན་གྱི་རྙེད་པ་འདི་ལས་དངོས་པོ་ཅུང་ཟད་ཅིག་ཁྱེར་ཏེ། དེ་བཞིན་གཤེགས་པའི་མཆོད་རྟེན་འདི་བཅོས་པར་བྱའོ་ཞེས་བརྗོད་པར་བྱའོ། །གལ་ཏེ་དགེ་འདུན་གྱིས་གནང་ན། དགེ་སློང་ཞལ་ཏ་བྱེད་པ་དེས་དེ་བཞིན་དུ་བྱའོ། །ཅི་སྟེ་དགེ་འདུན་གྱིས་མ་གནང་ན། དགེ་སློང་ཞལ་ཏ་བྱེད་པ་དེས་སྦྱིན་པ་པོ་དང ། སྦྱིན་བདག་རྣམས་ལ་གསོལ་བ་ཐོབ་ལ། དེ་བཞིན་གཤེགས་པའི་མཆོད་རྟེན་གསོ་བར་བྱའོ། །འོད་སྲུང ། གལ་ཏེ་མཆོད་རྟེན་གྱི་རྙེད་པ་ཇི་ལྟར་མང་དུ་གྱུར་དུ་ཟིན་ཀྱང ། དགེ་སློང་ཞལ་ཏ་བྱེད་པས་དགེ་འདུན་དང ། ཕྱོགས་བཞིའི་དགེ་འདུན་ལ་བཤུགས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དད་ཅིང་དང་བ་མང་པོ་དག་གིས་མཆོད་རྟེན་ལ་ཕུལ་བ་ནི་ཐ་ན་རས་ཀྱི་ཁ་ཙར་གཅིག་ཙམ་གང་ཡིན་པ་དེ་ཡང་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་ཡིན་ན། རིན་པོ་ཆེའམ། རིན་པོ་ཆེར་སྨོས་པ་དག་ལྟ་སྨོས་ཀྱང་ཅི་དགོས། མཆོད་
281b
རྟེན་ལ་གོས་ཕུལ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་དེ་ཉིད་དུ་རླུང་དང་ཉི་མ་དང ། ཆར་པས་དེངས་ཀྱང་བླའི། མཆོད་རྟེན་ལ་ཕུལ་བའི་གོས་དབྱིག་གམ། དབྱིག་གི་རིན་དུ་བསྒྱུར་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མཆོད་རྟེན་གྱི་ནི་རིན་ཐང་ཅུང་ཟད་ཀྱང་མེད་ལ་མཆོད་རྟེན་ནི་ཅིས་ཀྱང་བྲེལ་བ་མེད་པའི་ཕྱིར། འོད་སྲུང ། དགེ་སློང་ཞལ་ཏ་བྱེད་པས་དེ་ལྟར་ཡོངས་སུ་དག་པར་བྱ་སྟེ། དེས་དཀོན་མཆོག་གསུམ་གྱི་དང་མ་སྦགས་པར་བྱའོ། །བདག་གི་རྙེད་པས་ཆོག་ཤེས་པར་བྱའོ། །དཀོན་མཆོག་གསུམ་གྱིས་བྱིན་གྱིས་བརླབས་པའི་དངོས་པོ་རྣམས་ལ་བདག་གི་འདུ་ཤེས་མི་བྱའོ། །འོད་སྲུང ། དགེ་སློང་ཞལ་ཏ་བྱེད་པ་རབ་ཏུ་སྡང་བའི་སེམས་དང་ལྡན་པ་གང་ལ་ལ་ཞིག་གིས་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། སྤྱིན་གནས་རྣམས་ལ་སེམས་ཁྲོས་སམ། དབང་བྱེད་ཅིང་བསྒོ་བླག་བྱེད་ན། དེ་མི་དགེ་བའི་ལས་དེས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ། །གལ་ཏེ་མིའི་འཇིག་རྟེན་དུ་འོངས་ན་ཡང་བྲན་དང་གཞན་གྱི་ལས་བྱེད་པར་འགྱུར་བ་དང ། ཁུ་ཚུར་དང ། ཐལ་ལྕགས་དང ། ལག་ཆ་སྙེམས་པས་བརྡེགས་པ་དང་ཕྲད་པར་འགྱུར་རོ། །འོད་སྲུང ། གཞན་ཡང་དགེ་སློང་ཞལ་ཏ་བྱེད་པ་དགེ་འདུན་གྱི་བྱ་བ་ལས་འདས་ཏེ། རང་དགར་དགེ་སློང་རྣམས་ལ་དབང་བྱེད་ཅིང ། བསྒོ་བ་དང ། ཆད་པས་གཅོད་པ་དང ། འཇིགས་པར་བྱེད་པ་དང ། བསྡིགས་པ་དང ། དུས་
282a
༄#། །མ་ཡིན་པར་མངག་པ་དང ། དུས་མ་ཡིན་པར་བསྒོ་བ་བྱེད་ན་དེ་མི་དགེ་བའི་ལས་དེས་ཉི་ཚེ་བའི་སེམས་ཅན་དམྱལ་བ་ཕུར་པ་མང་པོ་ཞེས་བྱ་བ་དེར་སྐྱེ་བར་འགྱུར་ཏེ། དེར་སྐྱེས་ནས་ལུས་ལ་ལྕགས་ཕུར་བརྒྱ་སྟོང་ཟུག་ཅིང ། དེ་དག་འབར། རབ་ཏུ་འབར་ལ། ཀུན་དུ་རབ་ཏུ་མཆེད་ཅིང་འབར་འགྱུར་རོ། །དེས་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། སྦྱིན་གནས་རྣམས་ལ་བསྡིགས་ཤིང ། ངག་གི་ལས་གདུག་པ་སྨྲས་པར་གྱུར་པ་གང་ཡིན་པ་དེས། དེ་དེར་སྐྱེས་ནས། ལྕེའི་དབང་པོའི་ཁྱོན་དཔག་ཚད་བརྒྱ་པར་འགྱུར་ཞིང ། དེའི་ལྕེའི་དབང་པོ་དེ་ལ་ལྕགས་ཕུར་བརྒྱ་སྟོང་རབ་ཏུ་འབབ་ཅིང་དེ་དག་ཀྱང་འབར། རབ་ཏུ་འབར། ཀུན་དུ་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆོད་ཅིང་འབར་ཏེ་མེར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་བསྡིགས་ཤིང ། ངག་གི་ལས་གདུག་པ་སྨྲས་པར་གྱུར་པའི་ཕྱིར་རོ། །འོད་སྲུང ། དགེ་སློང་ཞལ་ཏ་བྱེད་པ་གང་ལ་ལས་དགེ་འདུན་གྱི་རྙེད་པ་འདུས་ཤིང་འདུས་པ་བཞག་སྟེ།་དུས་དུས་སུ་མི་སྦྱིན་ཞིང་ཐོ་བཙམས་ལ་གཙེས་ནས་སྦྱིན་པ་དང ། ཁ་ཅིག་བྱིན། ཁ་ཅིག་མ་བྱིན། ཁ་ཅིག་ལ་བྱིན། ཁ་ཅིག་ལ་མ་བྱིན་ན། དེ་མི་དགེ་བའི་ལས་དེས་ཡི་དྭགས་ཀྱི་སྐྱེ་གནས་སྐྱག་འཇིམ་བྱིན་པ་ནུབ་ཅེས་བྱ་བ་དེར་སྐྱེ་བར་འགྱུར་རོ། །དེ་དེར་སྐྱེས་ནས་ཡི་དྭགས་གཞན་གྱི་ཁ་ཟས་བསླངས་ཏེ། དེ་ལ་བསྟན་ན་དེ་བསྟན་པའི་ཚེ་མིག་གཉིས་ཀ་མི་
282b
འཛུམས་པར་ཟས་དེ་ལ་ལྟ་ཞིང ། བཀྲེས་པ་དང ། སྐོམ་པས་ཉེན་པའི་སྡུག་བསྔལ་ཚོར་བ་མྱོང་གི་།ལོ་བརྒྱ་སྟོང་དུ་ཡང་ཟས་དེ་ནི་ཐོབ་པར་མི་འགྱུར་རོ། །ཅི་སྟེ་བརྒྱ་ལ་བརྒྱ་ལམ་ན་ཟས་དེ་ཐོབ་ཀྱང་ངན་སྐྱུགས་དང ། རྣག་ཁྲག་ཏུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། སྦྱིན་གནས་རྣམས་མགུ་བར་མ་བྱས་ཤིང ། རང་གི་རྙེད་པས་ཆོག་མི་ཤེས་པར་གྱུར་པའི་ཕྱིར་རོ། །འོད་སྲུང ། དགེ་སློང་ཞལ་ཏ་བྱེད་པ་གང་ལ་ལས་དགེ་འདུན་གྱིའམ། ཕྱོགས་བཞིའི་དགེ་འདུན་གྱིའམ། མཆོད་རྟེན་གྱི་ཚོལ་བར་བྱས་ན། དེའི་རྣམ་པར་སྨིན་པ་ནི་ངས་བསྐལ་པ་བགྲངས་པས་ཀྱང་བརྗོད་ཀྱི་མི་ལང་ངོ ། །འོད་སྲུང ། དགེ་སློང་ཞལ་ཏ་བྱེད་པ་གང་ལ་ལས་ཉེས་དམིགས་ཀྱི་གནས་འདི་ལྟ་བུ་འདི་དག་ཐོས་ནས། ཁྲོའམ། གཤེའམ། གནོད་པར་སེམས་སམ། ཁོང་ཁྲོ་བ་སྐྱེད་ན། དེ་ནི་གསོར་མི་རུང་ངོ ། །ཞེས་ངས་བཤད་དོ། །འོད་སྲུང ། དེ་ལྟ་བས་ན་དམ་པའི་ཆོས་འདི་ལྟ་བུ་འདི་ཐོས་ནས། དགེ་སློང་ཞལ་ཏ་བྱེད་པས་ལུས་དང ། ངག་དང ། ཡིད་ཡོངས་སུ་དག་པར་བྱའོ། །བདག་དང་གཞན་བསྲུང་བར་བྱའོ། ། འོད་སྲུང ། དགེ་སློང་ཞལ་ཏ་བྱེད་པ་རང་གི་ཤ་ལ་ཟ་ཡང་བླའི། དཀོན་མཆོག་གསུམ་གྱིས་བྱིན་གྱིས་བརླབས་པའི་ལྷུང་བཟེད་དམ། ཆོས་གོས་སམ། བསོད་སྙོམས་སམ། ན་
283a
༄#། །བའི་གསོས་སྨན་ནམ། ཡོ་བྱད་ཡོངས་སུ་སྤྱད་པར་ནི་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ལྷོད་པ་རྣམས་ཀྱི་ལྷོད་པའི་ཆོས་དང ། འཛེམ་དོགས་མཆིས་པ་རྣམས་ཀྱི་འཛེམ་དོག་གི་ཆོས་རྣམས་བཀའ་སྩལ་ཏོ། །ཞལ་ཏ་བྱེད་པའི་ལེའུ་སྟེ་བཞི་པའོ།། །།བཅོམ་ལྡན་འདས། དགེ་སློང་དགོན་པ་པ་གང་དག་བདག་དགོན་པ་པ་ཞེས་མཆིས་ཀྱིས་འཆེ་ན། བཅོམ་ལྡན་འདས། ཅི་ཙམ་གྱིས་ན་དགེ་སློང་དགོན་པ་པ་ལགས། ཅི་ཙམ་གྱིས་ན་དགེ་སློང་བསོད་སྙོམས་པ་ལགས། ཅི་ཙམ་གྱིས་ན་དགེ་སློང་ཕྱག་དར་ཁྲོད་པ་ལགས། དེ་སྐད་ཅེས་གསོལ་པ་དང།་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང ། འདི་ལ་དགེ་སློང་དགོན་པ་པས་དགོན་པ་དང ། ནགས་ཚལ་གྱི་གནས་དང ། བས་མཐར་གནས་མལ་བཅའ་བར་བྱའོ། །ཆོམ་རྐུན་དང ། གནག་རྫི་དང ། ཕྱུག་རྫི་མེད་པ། སྡིགས་སྦྲུལ་མེད་པ་རི་དྭགས་དང ། བྱ་མང་པོ་མེད་པ། སྦྲང་བུ་དང ། ཤ་སྦྲང་ཉུང་བ། སྒྲ་ཉུང་བ། ཅ་ཅོ་ཉུང་བ་དེ་ལྟ་བུའི་དགོན་པ་བས་མཐའ་དག་ཏུ་གནས་པར་བྱའོ། །དེ་དགོན་པའི་གནས་དེ་ན་གནས་པ་ན། ཡིད་ལ་བྱེད་
283b
པ་བརྒྱད་བསྐྱེད་པར་བྱ་སྟེ། བརྒྱད་གང་ཞེ་ན། ལུས་ལ་མི་ལྟ་བར་བྱ་བ་དང ། སྲོག་ལ་མི་ལྟ་བར་བྱ་བ་དང ། རྙེད་པ་དང ། བཀུར་སྟི་ལ་མི་ལྟ་བར་བྱ་བ་དང ། འདུ་འཛིན་ཐམས་ཅད་ལ་མི་ལྟ་བར་བྱ་བ་དང ། དགོན་པ་དག་ཏུ་རི་དྭགས་མཆི་བ་ལྟར་ཁས་བླང་བར་བྱ་བ་དང ། དགོན་པར་དགོན་པའི་ཡོན་ཏན་ཡང་དག་པར་བླངས་ཏེ་གནས་པར་བྱ་བ་དང ། ཆོས་ཀྱི་འཚོ་བས་འཚོའི། ལོག་པའི་འཚོ་བས་འཚོ་བ་མ་ཡིན་པར་བྱ་བ་དང ། ཟང་ཟིང་དང་ཉོན་མོངས་ང་མེད་པའི་འཚོ་བས་འཚོ་བར་བྱ་བ་སྟེ། ཡིད་ལ་བྱ་བ་བརྒྱད་པོ་དེ་དག་བསྐྱེད་ནས། དགོན་པའི་གནས་སུ་གནས་པར་བྱའོ། །དེ་དགོན་པའི་གནས་དེ་ན་གནས་པ་ན། སེམས་ཅན་ཐམས་ཅད་ལ་བྱམས་པ་རྣམ་པ་བརྒྱད་བསྐྱེད་པར་བྱ་སྟེ། བརྒྱད་གང་ཞེ་ན། ཕན་པའི་བྱམས་པ་དང ། བདེ་བའི་བྱམས་པ་དང ། གནོད་པ་མེད་པའི་བྱམས་པ་དང ། ཡང་དག་པའི་བྱམས་པ་དང ། ཐ་དད་པ་མེད་པའི་བྱམས་པ་དང ། ཞི་གནས་ཀྱི་བྱམས་པ་དང ། ཆོས་ལ་ངེས་པར་སེམས་པའི་བྱམས་པ་དང ། བསམ་པ་ཡོངས་སུ་དག་པའི་བྱམས་པ་སྟེ། སེམས་ཅན་ཐམས་ཅད་ལ་བྱམས་པ་བརྒྱད་པོ་དེ་དག་བསྐྱེད་པར་བྱའོ། །དེ་དགོན་པའི་གནས་དེ་ན་གནས་པ་ན། འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། འདི་ལྟར་བདག་ནི་ལམ་རིང་པོ་ནས་འདིར་འོངས་
284a
༄#། །ལ།་གཅིག་པུ་གཉིས་སུ་མེད་པ་སྟེ། ལེགས་པར་བྱས་པའམ། ཉེས་པར་བྱས་པ་སྐུལ་བའི་གྲོགས་ནི་གང་ཡང་མེད་ཀྱི། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། སངས་རྒྱས་བཅོམ་ལྡན་འདས་གང་དག་བདག་གི་སེམས་ཀྱི་བསམ་པ་ཤེས་པ་དག་ཡོད་དེ། བདག་དགོན་པའི་གནས་ན་གནས་ལ། མི་དགེ་བའི་སེམས་ཀྱི་དབང་དུ་སོང་ན། དེ་དག་དབང་དུ་འགྱུར་རོ། །བདག་ལམ་རིང་པོ་ནས་འོངས་ཤིང་གཅིག་པུ་གཉིས་སུ་མེད་དེ། རྟེན་པ་མེད། བདག་གི་མེད། ཡོངས་སུ་འཛིན་པ་མེད་ལ། གལ་ཏེ་འདོད་པ་ལ་རྣམ་པར་རྟོག་པས་རྣམ་པར་རྟོག་།གནོད་སེམས་ཀྱི་རྣམ་པར་རྟོག་པས་རྣམ་པར་རྟོག་།འཚེ་བའི་རྣམ་པར་རྟོག་པས་རྣམ་པར་རྟོག་།མི་དགེ་བ་གཞན་ལ་རྣམ་པར་རྟོག་པས་རྣམ་པར་རྟོག་པར་གྱུར་ན། བདག་ཏུ་འཛིན་པ་དང ། འདུ་བ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་དང་བྱེ་བྲག་མེད་པར་འགྱུར་ཏེ། བདག་གིས་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་རྣམས་ལ་བསླུས་པར་འགྱུར་ཞིང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མི་མ་ཉེས་པར་བྱས་པར་འགྱུར་གྱི། ཅི་ནས་ཀྱང་བདག་ལ་ལྷ་རྣམས་འཕྱ་བར་མི་འགྱུར་བ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་དགྱེས་པར་འགྱུར་བ་དེ་
284b
ལྟར་བྱའོ། །སྙམ་དུ་སེམས་བསྐྱེད་པར་བྱའོ། །དེ་དགོན་པའི་གནས་དེ་ན་གནས་པ་ན། སོ་སོར་ཐར་པའི་སྡོམ་པས་བསྡམ་པར་བྱ། ཚུལ་ཁྲིམས་ཀྱི་ཕུང་པོ་ཤིན་ཏུ་ཀུན་བསྲུང་བར་བྱ། ལུས་དང ། ངག་དང ། སེམས་ཡོངས་སུ་དག་པ་དང ། ཚུལ་འཆོས་པ་མེད་པ་དང ། ཁ་གསག་མེད་པ་དང ། འཚོ་བ་ཡོངས་སུ་དག་པ་དང ། ཏིང་ངེ་འཛིན་གྱི་སེམས་མངོན་དུ་བྱ་བ་དང ། ཅི་ལྟར་ཐོས་པའི་ཆོས་ལ་རྟེན་པ་དང ། ཚུལ་བཞིན་ཡིད་ལ་བྱ་བ་དང་རབ་ཏུ་ལྡན་པ་དང ། ཡིད་བྱུང་བ་དང ། འདོད་ཆགས་དང་བྲལ་བ་དང ། འགོག་པ་དང ། མྱ་ངན་ལས་འདས་པ་ལ་གཞོལ་བ་དང ། འཁོར་བས་འཇིགས་སྐྲག་པ་དང ། ཕུང་པོ་ནི་གཤེད་མ་སྟེ། ཕྱིར་རྒོལ་བར་རིག་པ་དང ། ཁམས་བཞི་ལ་མྱུར་དུ་གདུག་པའི་དུག་ཏུ་འདུ་ཤེས་པ་དང ། སྐྱེ་མཆེད་དྲུག་ལ་གྲོང་སྟོང་ལྟར་མོས་པ་དང ། རྟེན་ཅིང་འབྲེལ་པར་འབྱུང་བར་འཇུག་པར་མཁས་པ་དང ། རྟག་པ་དང ། ཆད་པར་ལྟ་བ་ཡོངས་སུ་སྤང་བ་དང ། སེམས་ཅན་མེད་པ་དང ། སྲོག་མེད་པ་དང ། གསོ་བ་མེད་པ་དང ། གང་ཟག་མེད་པར་རྣམ་པར་སྤྱོད་པ་དང ། སྟོང་པ་ཉིད་ལ་མོས་པ་དང ། མཚན་མ་མེད་པ་སྤྱོད་ཡུལ་བ་དང ། སྨོན་པ་མེད་པའི་སེམས་སྤེལ་བ་དང ། ཁམས་གསུམ་ལ་རྟག་ཏུ་འཇིགས་པའི་ཡིད་དང་ལྡན་པ་དང ། རྟག་ཏུ་མགོ་དང ། གོས་ལ་མེ་འབར་པ་
285a
༄#། །བཞིན་དུ་བརྩོན་འགྲུས་རྩོམ་པ་དང ། བརྩོན་པ་མི་འདོར་བ་དང ། ལུས་ཀྱི་སྐྱོན་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པ་དང ། སེམས་ཀྱི་སྐྱེ་བ་དང་འཇིག་པ་ལ་ལྟ་བ་དང ། སྡུག་བསྔལ་ཡོངས་སུ་ཤེས་པ་ལ་མངོན་པར་བརྩོན་པ་དང ། ཀུན་འབྱུང་བ་ཐམས་ཅད་ཀྱི་སྲེད་པ་སྤང་བ་དང ། འགོག་པ་མངོན་སུམ་དུ་བྱ་བ་ལ་ཞུགས་པ་དང ། ལམ་བསྒོམ་པའི་རྣལ་འབྱོར་ལ་བརྩོན་པ་དང ། ཕྱིའི་སྤྱོད་ཡུལ་དྲན་པ་ཉེ་བར་བཞག་པ་ལ་རབ་ཏུ་གནས་པ་དང ། མི་དགེ་བའི་ཆོས་དང་བྲལ་བ་དང ། དགེ་བའི་ཆོས་ལ་མངོན་དུ་ཕྱོགས་པ་དང ། ཡང་དག་པའི་སྤོང་བ་ལ་ཤིན་ཏུ་གནས་པ་དང ། རྫུ་འཕྲུལ་གྱི་རྐང་པ་མངོན་དུ་གྱུར་པ་དང ། དབང་པོ་ལྔ་དང་ལྡན་པ་དང ། སྟོབས་ལྔའི་ཤུགས་དང་ལྡན་པ་དང ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་བསམ་གཏན་པ་དང ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མངོན་པར་བརྩོན་པ་དང ། ཞི་གནས་ལ་གནས་པ་དང ། ལྷག་མཐོང་གིས་བལྟ་བར་བྱ་སྟེ། འོད་སྲུང ། དེ་ལྟ་བུའི་གོ་ཆ་འདི་དག་བགོས་ནས། ནམ་གྱི་ཆ་སྟོད་དང ། ནམ་གྱི་ཆ་སྨད་ལ་མི་ཉལ་ཞིང་རྣལ་འབྱོར་ལ་བརྩོན་པ་དང ། རྟག་ཏུ་ཁྱད་པར་དུ་འགྲོ་བར་དགོན་པའི་གནས་དེ་ལ་གནས་པར་བྱའོ། །དེ་དགོན་པའི་གནས་དེ་ན་གནས་པ་ན། ལུས་བརྒྱན་པར་སྦྱོར་བ་ལ་བརྩོན་པར་མི་བྱའོ། །མལ་ཆས་བརྒྱན་པ་ལ་བརྩོན་བར་མི་བྱའོ། །ཆོས་གོས་
285b
ཀྱིས་བརྒྱན་པ་ལ་བརྩོན་པར་མི་བྱའོ། །དེས་རྩཝ་རྙིང་པ་སྐམས་པ་བླངས་ལ་འཆག་ས་དང ། འདུག་སར་ལེགས་པར་བཏིང་སྟེ། བདག་འདུག་པ་དང ། དགེ་འདུན་གྱི་དང ། ཕྱོགས་བཞིའི་དགེ་འདུན་གྱི་དང ། མ་སྤགས་པ་དང ། བདག་གི་གོས་ཀྱིས་ཆོག་ཤེས་པར་དགོན་པའི་གནས་དེར་གནས་པར་བྱའོ། །འོད་སྲུང ། དགེ་སློང་དགོན་པ་གང་གི་ཚེ། ལུས་གསོ་བ་དང ། འཕགས་པའི་ལམ་ཉེ་བར་བརྟན་པའི་ཕྱིར་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་དུ་བསོད་སྙོམས་ཀྱི་ཕྱིར་འཇུག་པ་ན། དེས་སེམས་འདི་ལྟ་བུས་དགོན་པའི་གནས་དེ་ནས་འགྲོ་བར་བྱ་སྟེ། མ་རྙེད་ཀྱང་ཡོངས་སུ་ཡི་ཆད་པར་མི་བྱ། རྙེད་ཀྱང་དགའ་བ་བསྐྱེད་པར་མི་བྱ། ལས་ཀྱི་རྣམ་པར་སྨིན་པ་ཡིད་ལ་བྱ། བསོད་ནམས་ཉེ་བར་བརྟན་པར་བྱ། དེ་བཞིན་གཤེགས་པ་ཡིད་ལ་བྱ་བ་བསམ་ཞིང་དེས་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དུ་བསོད་སྙོམས་ཀྱི་ཕྱིར་འཇུག་པར་བྱའོ། །དེ་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དུ་བསོད་སྙོམས་སྤྱོད་པ་ན། ཆོས་ཀྱི་གོ་ཆ་བགོས་ལ།་བསོད་སྙོམས་སྤྱད་པར་བྱའོ། །དེ་ལ་ཆོས་ཀྱི་གོ་ཆ་གང་ཞེ་ན། མིག་གིས་ཡིད་དུ་འོང་བའི་གཟུགས་རྣམས་མཐོང་ན། རྗེས་སུ་ཆགས་པར་མི་བྱའོ། །ཡིད་དུ་མི་འོང་བའི་གཟུགས་རྣམས་མཐོང་ཡང་ཁོང་ཁྲོ་བར་མི་བྱའོ། །དེ་བཞིན་དུ་སྒྲ་དང ། དྲི་དང ། རོ་དང ། རེག་ཡིད་དུ་འོང་བ་དང ། ཡིད་དུ་མི་འོང་བ་རྣམས་ལ་རྗེས་སུ་ཆགས་པ་དང ། ཁོང་ཁྲོ་བར་མི་བྱའོ། །
286a
༄#། །དབང་པོ་ཤིན་ཏུ་བསྡམས་པ་དང ། མིག་མི་གཡེང་བ་དང ། གཉའ་ཤིང་གང་ཙམ་དུ་ལྟ་བ་དང ། དུལ་བ་དང ། ཅང་ཤེས་ཀྱི་སེམས་དང ། སྔོན་ཡིད་ལ་བྱེད་པའི་ཆོས་མི་འདོར་བ་དང ། ཟང་ཟིང་གིས་མ་སྤགས་པའི་རྒྱུད་ཀྱིས་བསོད་སྙོམས་སྤྱད་པར་བྱའོ། །མཐའ་ཆགས་སུ་བསོད་སྙོམས་བླང་བར་བྱའོ། །གང་ནས་བསོད་སྙོམས་རྙེད་པ་དེར་རྗེས་སུ་ཆགས་པར་མི་བྱའོ། །གང་ནས་མ་རྙེད་པ་དེར་ཡང་ཁོང་ཁྲོ་བར་མི་བྱའོ། །ཁྱིམ་བཅུར་བསླངས་པ་ལས། ཁྱིམ་བཅུ་གཅིག་པ་ལས་བསོད་སྙོམས་མ་རྙེད་ན་ཡང་ཡོངས་སུ་ཡི་ཆད་པར་མི་བྱའོ། དེ་འདི་སྙམ་དུ་བྲམ་ཟེ་དང ། ཁྱིམ་བདག་འདི་དག་ནི་བྱ་བ་མང་བ་དག་ཡིན་པས། དེ་དག་གིས་བདག་ལ་སྦྱིན་པར་ངེས་པ་མེད་དེ། དེ་དག་བདག་ལ་སེམས་པ་ཡང་ངོ་མཚར་ཆེན།་བསོད་སྙོམས་སྦྱིན་པ་ལྟ་སྨོས་ཀྱང་ཅི་དགོས་སྙམ་པའི་འདུ་ཤེས་བསྐྱེད་པར་བྱ་སྟེ། དེས་དེ་ལྟར་ཡོངས་སུ་ཡི་ཆད་པ་མེད་པར་བསོད་སྙོམས་སྤྱད་པར་བྱའོ། །སེམས་ཅན་གང་དག་དེའི་མིག་ལམ་དུ་སྣང་བར་འགྱུར་བ་སྐྱེས་པ་དང་བུད་མེད་དང་ཁྱེའུ་དང་བུ་མོ་དང་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་དེ་དག་ལ་ཡང་བྱམས་པ་དང ། སྙིང་རྗེའི་སེམས་བསྐྱེད་པར་བྱའོ། །ཅི་ནས་ཀྱང་སེམས་ཅན་གང་དག་བདག་གི་མིག་ལམ་དུ་སྣང་བར་གྱུར་པའམ། བསོད་སྙོམས་སྦྱིན་པ་དེ་དག་མཐོ་རིས་སུ་འགྲོ་བར་འགྱུར་བ་དེ་ལྟར་བྱའོ། །དེ་ལྟར་བརྩོན་
286b
པར་བྱའོ། །དེས་བསོད་སྙོམས་ངན་ནམ། བཟང་ཡང་རུང་བླངས་ཏེ། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་འདི་ན་བདག་གི་བསོད་སྙོམས་འདི་ལས་བགོ་བཤའ་བྱ་དགོས་པའི་སེམས་ཅན་དབུལ་པོ་སུ་ཡོད་སྙམ་དུ་ཕྱོགས་བཞིར་ཀུན་དུ་བལྟ་བར་བྱའོ། །གལ་ཏེ་སེམས་ཅན་དབུལ་པོ་ཞིག་མཐོང་ན་དེས་བསོད་སྙོམས་དེ་ལས་བགོ་བཤའ་བྱའོ། །གལ་ཏེ་སེམས་ཅན་དབུལ་པོ་མ་མཐོང་ན།་དེས་འདི་ལྟར་གང་དག་བདག་གི་མིག་ལམ་དུ་སྣང་བར་མ་གྱུར་ཏེ། མི་སྣང་བའི་སེམས་ཅན་དེ་དག་ལ་བསོད་སྙོམས་ཀྱི་ཐོག་མའི་ཆ་སྐལ་སྦྱིན་གྱི། བྱིན་ནས་ལེན་པ་དག་ཡོངས་སུ་སྤྱོད་ཅིག་སྙམ་དུ་སེམས་བསྐྱེད་ལ་དེས་བསོད་སྙོམས་དེ་ཁྱེར་ལ། དགོན་པའི་གནས་དེར་སོང་ལ་ལྷུང་བཟེད་དང་ལག་པ་བཀྲུས་ཏེ། དགེ་སྦྱོང་གི་སྤྱོད་པ་དང་ཆོ་ག་དང་ལྡན་པའི་སྤྱོད་པ་བཟང་པོས་བྱིན་གྱིས་བརླབས་ལ་དེ་སྐྱིལ་མོ་ཀྲུང་བཅས་ཏེ་བསོད་སྙོམས་དེ་བཟའ་བར་བྱའོ། །མ་ཆགས་པ་དང ། གནོད་སེམས་མེད་པ་དང ། མི་བརྐམ་པ་དང ། མ་ཞེན་པས་ཟས་ཟོས་ནས་འདི་སྙམ་དུ་ལུས་འདི་ལ་སྲིན་བུའི་རིགས་བརྒྱད་ཁྲི་ཡོད་པ་དེ་དག་འདིའི་མཐུས་བདེ་བར་གནས་པར་གྱུར་ཅིག། ད་ལྟ་ནི་འདི་དག་ཟང་ཟིང་གིས་བསྡུ་བར་བྱའོ། །བྱང་ཆུབ་ཐོབ་ནས་ནི་ཆོས་ཀྱིས་བསྡུ་བར་བྱའོ་སྙམ་དུ་སེམས་བསྐྱེད་དོ། །གལ་ཏེ་ཡང་དེའི་བསོད་སྙོམས་ངན་པར་གྱུར་ན་དེ་འདི་སྙམ་དུ་སེམས་བསྐྱེད་པར་བྱ་སྟེ། ཁ་ཟས་ངན་པས་ནི་བདག་གི་ལུས་ཡང་བར་འགྱུར། སྤོང་པ་བཟང་བར་འགྱུར། བདག་གི་
287a
༄#། །བཤད་གཅི་འབྱུང་བ་ཉུང་བར་འགྱུར། བདག་ལ་དད་པས་བྱིན་པ་ཆུང་བར་འགྱུར། བདག་གི་ལུས་ཡང་བ་དང་སེམས་ཡང་བར་འགྱུར། བདག་རྨུགས་པ་དང་གཉིད་ཆུང་བར་འགྱུར། བདག་འདོད་ཆགས་ཀྱི་སེམས་ཀྱིས་ཀུན་དཀྲིས་པར་མི་འགྱུར་རོ་སྙམ་དུ་ཡིད་ལ་བྱ་བ་འདི་ལྟ་བུ་འདི་དག་བསྐྱེད་པར་བྱའོ། །གལ་ཏེ་དེས་བསོད་སྙོམས་མང་ཞིག་རྙེད་ན་དེ་ཡང་རན་པ་བཟའ་བར་བྱའོ། །དོར་བའི་ཆོས་ཉིད་དུ་ཡང་བྱ་སྟེ། བསོད་སྙོམས་དེ་ལས་རྡོ་ལེབ་གང་ཡང་རུང་བའི་སྟེང་དུ་གཏོར་ལ། འདི་སྙམ་དུ་གཅན་ཟན་དང ། བྱའི་ཚོགས་གང་ལ་ལ་ཟང་ཟིང་གི་ཟས་འདོད་པ་བྱིན་ནས་ལེན་པ་དེ་དག། འདི་ལ་ཟོ་ཞིག། སྙམ་དུ་སེམས་བསྐྱེད་པར་བྱའོ། །དེས་ཟས་ཟོས་ནས་ལྷུང་བཟེད་དང་ལག་པ་བཀྲུས་ཏེ།་དགོན་པ་ལ་བརྟེན་ནས་གནས་པར་བྱའོ། །སྔོན་ཡིད་ལ་བྱེད་པའི་ཆོས་དེ་ཉིད་ཀྱང་མི་འདོར་བར་བྱའོ། །འོད་སྲུང ། གལ་ཏེ་དགེ་སློང་དགོན་པ་པ་འབྲས་བུ་མ་ཐོབ་པ་སོ་སོའི་སྐྱེ་བོའི་དྲུང་དུ་སྦྲུལ་དང ། གཅན་ཟན་གཏུམ་པོ་དག་འོངས་ན་དེས་དེ་ལ་འཇིགས་པ་དང ། སྐྲག་པར་མི་བྱའི། དེས་འདི་སྙམ་དུ་བདག་ཐོག་མ་ཉིད་ནས་ལུས་དང་སྲོག་བོར་ཏེ་དགོན་པའི་གནས་སུ་འོངས་ཀྱི། འདི་ལ་བདག་གིས་འཇིགས་པར་མི་བྱ། སྐྲག་པར་མི་བྱའི། བྱམས་པའི་སེམས་བསྐྱེད་པར་བྱ། ཞེ་སྡང་རྣམ་པར་སྤང་བར་བྱ། འཇིགས་པ་སྤང་བར་
287b
བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །གལ་ཏེ་དེ་ལྟར་བྱས་ནས་སྦྲུལ་དང ། གཅན་ཟན་དེ་དག་གིས་སྲོག་གཅོད་ཅིང་ཟན་ཡང་དེས་འདི་སྙམ་དུ་གཅན་ཟན་འདི་དག་ལ་བདག་གིས་ཟང་ཟིང་ཙམ་གྱིས་ཚིམ་པར་བྱེད་མི་ནུས་ཀྱི། དེ་དག་གིས་བདག་གི་ཤ་ཟོས་ནས་བདེ་བ་ལ་རེག་པར་གནས་པར་འགྱུར་ལ། བདག་གིས་ཀྱང་སྙིང་པོ་མེད་པའི་ལུས་ལ་སྙིང་པོ་བླངས་པར་འགྱུར་བ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ། །ད་ནི་འདི་དག་ཟང་ཟིང་གིས་བསྡུ་བར་བྱའོ། །བྱང་ཆུབ་ཐོབ་ནས་ནི་ཆོས་ཀྱིས་བསྡུ་བར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱ་སྟེ། འོད་སྲུང ། དགོན་པ་ལ་གནས་པའི་དགེ་སློང་གིས་དེ་ལྟར་ལུས་དང་སྲོག་ལ་མི་ལྟ་བར་དགོན་པ་ལ་གནས་པར་བྱའོ། །གལ་ཏེ་དགོན་པའི་གནས་པ་དེ་ན་གནས་པ་ན་མི་མ་ཡིན་པ་འོངས་ན་མདོག་སྡུག་ཀྱང་རུང་མི་སྡུག་ཀྱང་རུང་དེ་ལ་ཆགས་པར་མི་བྱ། ཁོང་ཁྲོ་བར་མི་བྱའོ། །གལ་ཏེ་སྔོན་སངས་རྒྱས་མཐོང་བའི་ལྷ་དག་དགེ་སློང་དགོན་པ་པའི་གན་དུ་འོངས་ཏེ་དྲི་བ་ཡོངས་སུ་འདྲི་ན། དེ་ལ་དགེ་སློང་དགོན་པ་པ་དེས་ཇི་ལྟར་ཐོས་པ་བཞིན་དུ་ལྷ་དེ་དག་ལ་ཆོས་བཤད་པར་བྱའོ། །ཇི་སྟེ་ལྷ་དེ་དག་ཟབ་མོའི་དྲི་བ་ཡོངས་སུ་འདྲི་སྟེ། དགེ་སློང་དགོན་པ་པ་དེས་ལན་མི་ཐེབས་པ་ལྟ་ན་དེས་ང་རྒྱལ་མེད་པར་བྱས་ལ། འདི་སྐད་ཅེས་མ་བསླབས་པ་ལ་བརྙས་པར་མི་བྱ་སྟེ། སངས་རྒྱས་ཀྱི་བསྟན་པ་ལ་ལུང་མནོས་ནས་འབད་དེ་ཁོང་དུ་མ་ཆུད་པའི་ཆོས་རྣམས་ཁོང་དུ་ཆུད་པར་གྱུར་པ་དེའི་ཚེ་དེའི་དུས་ན་དྲིས་
288a
༄#། །པ་ཐམས་ཅད་ཀྱི་ལན་གདབ་པར་བྱའོ། །བདག་ནི་ཆོས་ཉན་པ་ཡིན་གྱི། ཁྱེད་སྤོབས་པར་གྱིས་ཤིག་ཅེས་བརྗོད་པར་བྱ་སྟེ། འོད་སྲུང ། དགེ་སློང་དགོན་པ་པས་དེ་ལྟར་ལྷ་དེ་དག་ལ་གོ་བར་བྱའོ། །འོད་སྲུང ། གཞན་ཡང་དགེ་སློང་དགོན་པ་པ་དགོན་པ་ལ་གནས་པས། དགོན་པའི་འདུ་ཤེས་ཤིན་ཏུ་བསྒོམ་པར་བྱ་སྟེ། དེས་ལུས་འདི་ནི་རྩཝ་དང ། ཤིང་དང ། རྩིག་པ་དང ། བོང་བ་དང ། མིག་ཡོར་ལྟ་བུ་སྟེ། བདག་པོ་མེད་པ། བདག་གི་མེད་པ། ཡོངས་སུ་འཛིན་པ་མེད་པའོ། །ལུས་འདི་ལ་ནི་བདག་དང ། སེམས་ཅན་དང ། སྲོག་དང ། གང་ཟག་མེད་ཀྱི། ཆོས་འདི་དག་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། རྒྱུ་དང་རྐྱེན་ལས་འབྱུང་ཞིང་བྱེད་རྒྱུ་ཚོགས་པ་ལས་བྱུང་བ་སྟེ། ཅི་ནས་ཀྱང་བདག་གི་ལྟ་བར་གྱུར་པ་ཐམས་ཅད་ཉེ་བར་འགྱུར་བ་དེ་ལྟར་བདག་གིས་ཚུལ་བཞིན་སོ་སོར་བརྟག་པར་བྱའོ། །སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པའི་ཆོས་ཀྱང་རྒྱུན་མི་འཆད་པར་ཡིད་ལ་བྱའོ་སྙམ་དུ་དེ་ལྟར་བསླབ་པར་བྱའོ། །དགོན་པའི་གནས་དེ་ན་གནས་པ་དེས་རྩཝ་དང ། ཤིང་གེལ་པ་དང ། སྨན་དང ། ནགས་ཚལ་དེ་དག་ཇི་ལྟར་འབྱུང་བ་དང ། ཇི་ལྟར་འཇིག་པར་འགྱུར་བ་དང ། ཇི་ལྟར་ཕྱི་རོལ་གྱི་དངོས་པོ་འདི་དག་བདག་པོ་མེད་པ། བདག་གི་མེད་པ། ཡོངས་སུ་འཛིན་པ་མེད་པ་དེ་ལྟར་གཡོ་བ་མེད་ཅིང་བྱེད་པ་མེད་དེ།
288b
སྟོང་བཞིན་དུ་སྐྱེ་ཞིང་འཇིག་ལ། སུ་ཡང་དེ་དག་སྐྱེ་བར་མི་བྱེད། འགོག་པར་མི་བྱེད་པའི་མཚན་མ་བཟུང་ལ། དེ་བཞིན་དུ་ལུས་འདི་ཡང་རྩཝ་དང ། རྩིག་པ་དང ། ཤིང་དང ། བོང་བ་དང ། མིག་ཡོར་ལྟ་བུ་སྟེ། བདག་པོ་མེད་པ། བདག་གི་མེད་པ། ཡོངས་སུ་འཛིན་པ་མེད་པ། གཡོ་བ་མེད་པ། བྱེད་པ་མེད་པ། རྒྱུ་དང་རྐྱེན་ཚོགས་པ་ལས་འབྱུང་གི། རྒྱུ་དང་རྐྱེན་མ་ཚང་ན་མི་འབྱུང་བ་སྟེ།་འདི་ལ་དོན་དམ་པར་སྐྱེ་བ་དང་འགག་པའི་ཆོས་གང་ཡང་མེད་དོ་སྙམ་དུ་མཚན་མ་གཟུང་བར་བྱའོ། །འོད་སྲུང ། དེ་ལྟར་དགེ་སློང་དགོན་པ་པས་ཆོས་ཀྱི་ཡི་དམ་ཀྱི་སྤྱོད་པ་འདི་ལྟ་བུས་དགོན་པ་ལ་གནས་པར་བྱའོ། །དེ་ལྟ་བུའི་ཆོས་ལ་གནས་པ་དེ་ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པའམ། བྱང་ཆུབ་སེམས་དཔའི་ཐེག་པ་པ་ཞིག་ཏུ་མྱུར་དུ་ཁྱད་པར་དུ་འགྱུར་རོ། །གལ་ཏེ་ཉན་ཐོས་ཀྱི་ཐེག་པ་པར་གྱུར་ན་ནི་དེ་མྱུར་དུ་འབྲས་བུ་ཐོབ་པར་འགྱུར་རོ། །ཇི་སྟེ་དེ་ལས་ཀྱི་སྒྲིབ་པས་བསྒྲིབས་ཏེ་འབྲས་བུ་ཐོབ་པར་མ་གྱུར་ན་ཡང་དེ་ཟག་པ་རྣམས་ལ་སེམས་རྣམ་པར་གྲོལ་གྱི་བར་དུ་དེ་བཞིན་གཤེགས་པ་གཉིས་སམ། གསུམ་ལས་མི་འདའོ། །གལ་ཏེ་རང་སངས་རྒྱས་ཀྱི་ཐེག་པ་པར་གྱུར་ན་ནི་དེ་མྱུར་བ་ཉིད་དུ་རང་བྱང་ཆུབ་ཐོབ་པར་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པར་གྱུར་ན་ནི། དེ་ཚེ་འདི་ཉིད་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་ཏེ། དེ་སྒྲིབ་པ་མེད་པར་སངས་རྒྱས་མཐོང་བར་འགྱུར་
289a
༄#། །རོ། །སྒྲིབ་པ་མེད་པར་སངས་རྒྱས་མཐོང་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། དགོན་པ་པའི་ལེའུ་འདི་བཤད་པ་ན། དགེ་སློང་ལྔ་བརྒྱ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགོན་པ་པའི་ལེའུ་སྟེ་ལྔ་པའོ།། །།འོད་སྲུང ། དེ་ལ་ཇི་ལྟར་ན་དགེ་སློང་བསོད་སྙོམས་སྤྱོད་པ་མ་ཡིན་ཞེ་ན། འོད་སྲུང ། འདི་ལ་དགེ་སློང་བསོད་སྙོམས་སྤྱོད་པས་འདི་ལྟར་བདག་བསོད་སྙོམས་ཀྱི་ཁ་ཟས་ལ་གནས་ཏེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ལ། བདག་སྔོན་གྱི་སྨོན་ལམ་དང་དམ་བཅས་པ་ལ་གནས་པར་བྱའོ་སྙམ་དུ་བསླབ་པར་བྱའོ། །དགེ་སློང་བསོད་སྙོམས་སྤྱོད་པ་ལྷག་པའི་བསམ་པ་དང་ལྡན་པ་དེས་མི་བརྐམ་པ་དང ། ཚུལ་འཆོས་པ་མེད་པ་དང ། ཁ་གསག་མེད་པ་དང ། མགྲོན་དུ་འབོད་པ་ཐམས་ཅད་ཀྱི་སེམས་མེད་པ་དང ། དགེ་འདུན་གྱི་རྙེད་པ་དང་མ་འབགས་པ་དང ། ཡིད་དམ་ལ་བརྟན་པར་བྱའོ། །དེས་ཁ་ཟས་བཟང་པོ་རྣམས་ལ་རོ་བྲོ་བའི་འདུ་ཤེས་ཐམས་ཅད་ཀྱི་ཐམས་ཅད་དུ་བསྐྱེད་པར་མི་བྱའོ། །དེས་འདི་ལྟར་བདག་གིས་གདོལ་པ་ལྟ་བུ་དང ། ལུས་དང་སེམས་གཙང་མར་བྱའི། ཁ་ཟས་ཀྱིས་ལུས་གཙང་མར་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཟས་བཟང་པོ་ཇི་སྙེད་ཅིག་ཟོས་ཀྱང་དེ་ཐམས་ཅད་ནི་
289b
ཐ་མར་རྣག་ཏུ་ཟག་གོ། ཐ་མར་མི་མཐུན་ནོ། །ཐ་མར་དྲི་ང་བའོ། །དེ་ལྟ་བས་ན་བདག་གིས་བཟང་པོ་འདོད་པར་མི་བྱའོ་སྙམ་དུ་བསླབ་པར་བྱའོ། །དེ་དེར་ཤིན་ཏུ་ངེས་པར་སེམས་པའི་སེམས་ཀྱིས་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་དུ་བསོད་སྙོམས་ཀྱི་ཕྱིར་འཇུག་པ་ན་མཐར་ཆགས་སུ་བསླང་བར་བྱའོ། །དེས་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། བདག་ལ་སྐྱེས་པ་བསོད་སྙོམས་སྟེར་གྱི། བུད་མེད་ནི་མ་ཡིན་ནོ་ཞེའམ། བདག་ལ་བུད་མེད་བསོད་སྙོམས་སྟེར་གྱི་སྐྱེས་པ་ནི་མ་ཡིན་ནོ་ཞེའམ། བདག་ལ་ཁྱེའུ་བསོད་སྙོམས་སྟེར་གྱི་བུ་མོ་ནི་མ་ཡིན་ནོ་ཞེའམ་།བདག་ལ་བུ་མོ་བསོད་སྙོམས་སྟེར་གྱི་ཁྱེའུ་ནི་མ་ཡིན་ནོ་ཞེའམ། བདག་གིས་བཟང་པོ་རྙེད་ཀྱི་ངན་པ་ནི་མ་ཡིན་ནོ་ཞེའམ། བདག་གིས་བསྟི་སྟང་དུ་བྱས་ནས་རྙེད་ཀྱི་བསྟི་སྟང་དུ་མ་བྱས་པར་ནི་མ་ཡིན་ནོ་ཞེའམ། བདག་གིས་བདེ་བླག་ཏུ་རྙེད་ཀྱི་ཤ་ཐང་པར་མ་ཡིན་ནོ་ཞེའམ། བདག་ལ་སྐྱེས་པ་དང ། བུད་མེད་དང ། ཁྱེའུ་དང ། བུ་མོ་བསུ་བར་འགྱུར་རོ་ཞེའམ། ཕྱིན་མ་ཐག་ཏུ་སེམས་པར་འགྱུར་རམ། བདག་བསྟོད་དགོས་པར་འགྱུར་རམ། ཤིན་ཏུ་བསྡོགས་\་BཥྞGཱོGཥ?\་པ་རྙེད་པར་འགྱུར་རམ། བདག་གིས་ཁ་ཟས་བཟང་པོ་རོ་སྣ་ཚོགས་དང་ལྡན་པ་རྙེད་པར་འགྱུར་གྱི། དབུལ་པོའི་ཟས་ལྟ་བུ་ངན་པ་ནི་རྙེད་པ་མ་ཡིན་ནོ་སྙམ་དུ་དེས་མི་དགེ་བའི་ཡིད་ལ་བྱེད་པ་ཐམས་ཅད་བསྐྱེད་པར་མི་བྱའོ། །འདི་ལྟ་བུའི་གོ་ཆ་བ་གོ་པར་ཡང་བྱ་སྟེ།
290a
༄#། །རྙེད་པ་མ་རྙེད་ཀྱང་ཡོངས་སུ་ཡི་ཆད་པར་མི་བྱ་བ་དང ། ངན་པ་དང་བཟང་པོའི་འདུ་ཤེས་བསྐྱེད་པར་མི་བྱ་བ་འདི་ནི་དགེ་སློང་བསོད་སྙོམས་སྤྱོད་པ་དག་གི་ཆོས་ཉིད་དོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཕལ་ཆེར་ནི་རོལ་བརྐམ་སྟེ། ཟས་ཀྱི་ཕྱིར་སྡིག་པའི་ལས་རྣམས་བྱས་ནས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེའོ། །གང་དག་ཆོག་ཤེས་པ་དང ། མི་བརྐམ་པ། མ་ཞེན་པ། རོ་ལ་མི་གདུང་བ། ལྕེའི་དབང་པོ་ཆོག་ཤེས་པ། ཟས་ངན་དོན་ཅི་ཙམ་གྱིས་ཀྱང་འཚོ་བ་དེ་དག་ཤི་འཕོས་ཏེ་ཤི་བའི་དུས་བྱས་ནས་མཐོ་རིས་སུ་སྐྱེ་བར་འགྱུར། ལྷ་དང་མི་རྣམས་ཀྱི་ནང་དུ་བདེ་འགྲོར་འགྲོ་བར་འགྱུར། ལྷར་སྐྱེས་ནས་བདུད་རྩི་ཟ་བར་འགྱུར་རོ། །འོད་སྲུང ། དེ་ལྟར་ན་བསོད་སྙོམས་སྤྱོད་པའི་དགེ་སློང་གིས་རོལ་སྲིད་པ་བཟློག་སྟེ།་སེམས་ངེས་པར་སེམས་པས་ལྷག་ཟན་ཞག་བདུན་ལོན་པ་ཟ་ཡང་ཡི་ཆད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལུས་གསོ་བ་དང ། འཕགས་པའི་ལམ་གྱི་ཚོགས་གསག་པའི་དོན་དུ་བདག་གིས་ཟས་བཟའོ་སྙམ་པའི་ཕྱིར་རོ། །འོད་སྲུང ། བསོད་སྙོམས་སྤྱོད་པའི་དགེ་སློང་གིས་ལྷུང་བཟེད་དུ་འོངས་པ། ལྷུང་བཟེད་དུ་ཆུད་པ། ཆོས་དང་ལྡན་པ། ཆོས་ཀྱིས་རྙེད་པ་ཚངས་པ་མཚུངས་པར་སྤྱོད་པའི་དགེ་སློང་དག་དང་ཐུན་མོང་དུ་བྱས་ལ་བཟའ་བར་བྱའོ། །འོད་སྲུང ། གལ་ཏེ་དགེ་སློང་བསོད་སྙོམས་སྤྱོད་པར་གྱུར་ཏེ། ནད་གཡོག་
290b
མེད་ལ་བསོད་སྙོམས་ལ་འཇུག་ཀྱང་མི་ནུས་ན། དེས་འདི་སྙམ་དུ་བདག་ནི་གྲོགས་མེད་པ། བདག་ནི་གཅིག་པུ་གཉིས་སུ་མེད་པ། བདག་ནི་རབ་ཏུ་བྱུང་བའོ། །བདག་གི་གྲོགས་ནི་ཆོས་ཡིན་ཏེ། བདག་ནི་ཆོས་ལ་བརྟེན་པ་ཡིན་ལ། བདག་ནི་མི་བདེ་ཞིང་སྡུག་བསྔལ་ཏེ། རབ་ཏུ་ན་བས་དེ་བཞིན་གཤེགས་པས་ཆོས་ཀྱི་སྨན་གསུངས་པ་གང་ཡིན་པ་དེ་ཇི་ལྟར་ཐོས་པ་བཞིན་དུ་ཆོས་དེ་དག་བདག་གིས་ཚུལ་བཞིན་བརྟག་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །འོད་སྲུང ། དེ་ལ་གང་ལུས་འདི་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པ་འདི་ནི་ཚུལ་བཞིན་ལ་སྦྱོར་བའོ། །དེ་ལུས་འདི་ལ་སྐྱོན་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པ་ན་ཚུལ་བཞིན་ལ་ཞུགས་པ་དེ་སེམས་རྩེ་གཅིག་ཏུ་འགྱུར་ཞིང ། དྲན་པ་དང་ལྡན་ལ་ཤེས་བཞིན་དང་ལྡན་པས་བསམ་གཏན་དང་པོ་བསྐྱེད་པའི་གནས་གང་ཡིན་པ་དེ་ཡོད་པར་འགྱུར་ཏེ། དེས་བསམ་གཏན་ཐོབ་ནས་བསམ་གཏན་གྱི་བདེ་བ་འདོད་པ་ན་ཉི་མ་གཅིག་གམ། ཉི་མ་གཉིས་སམ། ཉི་མ་གསུམ་ནས་ཉི་མ་བདུན་གྱི་བར་དུ་བསམ་གཏན་གྱི་བདེ་བའི་ཟས་ཀྱིས་གནས་སོ། །གལ་ཏེ་འདི་ལྟར་རྣལ་འབྱོར་ལ་ཞུགས་པ་བསམ་གཏན་བསྐྱེད་པར་མི་ནུས་ན་དེ་ལྟར་བརྩོན་ཞིང་རྣལ་འབྱོར་སྤྱོད་པའི་དགེ་སློང་ཆོས་ལ་གནས་པ་དེ་ལ། མངོན་པར་ཤེས་པ་མངོན་པར་ཤེས་པའི་ལྷ་དང་ཀླུ་དང་གནོད་སྦྱིན་དག་ཁ་ཟས་འབུལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་
291a
༄#། །ན།་འདི་ནི་རྣལ་འབྱོར་སྤྱོད་པ་རྣམས་ཀྱི་རྒྱུ་མཐུན་པ་སྟེ། དེས་ལྷས་ཡོངས་སུ་བཟུང་བ་རྙེད་པའི་ཕྱིར་རོ། །འོད་སྲུང ། གལ་ཏེ་སྤྲིན་འདུས་ཤིང་ཆར་བབ་སྟེ། བསོད་སྙོམས་སྤྱོད་པའི་དགེ་སློང་བསོད་སྙོམས་ལ་འཇུག་མི་ནུས་པའི་དུས་ཀྱི་ཚེ་བྱམས་པའི་ཟས་ཀྱི་གོ་བགོས་ཏེ། ཆོས་སེམས་པ་ཡིད་ལ་བྱེད་པ་ལ་གནས་ནས་ཞག་གཉིས་སམ། ཞག་གསུམ་ཞིག་ཟན་ཆད་ན། འདི་ལྟར་ཡི་དྭགས་གཤིན་རྗེའི་འཇིག་རྟེན་པ་ཉེས་པར་བྱེད་པའི་ལས་བྱས་པ་གང་དག་ལོ་བརྒྱར་ཡང་མཆིལ་མའི་ཐལ་བ་འགའ་ཙམ་ཡང་བཟར་མི་རྙེད་པ་དག་ཀྱང་ཡོད་དེ། དེ་ལྟ་བས་ན་བདག་ཚུལ་བཞིན་དུ་ཆོས་སེམས་པ་ལ་གནས་པས་ལུས་ཉམ་ཆུང་བའམ། སེམས་ཉམ་ཆུང་བ་བསྐྱེད་པར་མི་བྱ་སྟེ། བཀྲེས་པ་དང་སྐོམ་པས་ཇི་མི་སྙམ་པར་བྱའོ། །འཕགས་པའི་ལམ་བསྒོམ་པ་ལ་བརྩོན་འགྲུས་རྒྱུན་མི་འཆད་པར་བྱའོ་སྙམ་དུ་འདུ་ཤེས་བསྐྱེད་པར་བྱའོ། །འོད་སྲུང ། དགེ་སློང་བསོད་སྙོམས་སྤྱོད་པས་ཁྱིམ་འདྲིས་པ་དང ། སྐྱེས་པ་འདྲིས་པ་དང ། བུད་མེད་འདྲིས་པ་དང ། ཁྱེའུ་འདྲིས་པ་དང ། བུ་མོ་འདྲིས་པར་མི་བྱའོ། །ཁྱིམ་གང་ན་བསོད་སྙོམས་གཙང་མ་བྱེད་པའི་ཁྱིམ་དེར་སྟན་ལ་འདུག་སྟེ། བསོད་སྙོམས་གཙང་མ་བྱེད་པ་ཟིན་གྱི་བར་དུ་ཆོས་ཀྱི་གཏམ་བརྗོད་པར་བྱའོ། །དེ་ནས་བསོད་སྙོམས་དེ་བླངས་ལ་སྟན་ལས་ལངས་ཏེ་འགྲོ་བར་བྱའོ། །འོད་སྲུང ། བསོད་
291b
སྙོམས་སྤྱོད་པའི་དགེ་སློང་གིས་འཁོད་པར་མི་བྱའོ། །ཁ་གསག་མི་བྱའོ། །ཚུལ་བཅོས་པར་མི་བྱའོ། །དེ་ལ་འཁོད་པ་གང་ཞེ་ན། གང་གཞན་དག་ལ་ཚིག་འདི་སྐད་ཅེས་སྨྲ་བ་སྟེ། བདག་གི་བསོད་སྙོམས་ནི་ངན་པའོ། །བདག་གི་བསོད་སྙོམས་ནི་རྩུབ་པའོ། །བདག་གིས་སྔོན་འདི་ལྟ་བུ་དང ། མ་འགྲངས་པར་མ་ཟོས་སོ། །བདག་གི་བསོད་སྙོམས་ནི་སྐྱེ་བོ་མང་པོ་དང་ཐུན་མོང་དུ་བྱས་སོ། །བདག་གིས་ཉུང་ཞིག་ཟོས་ཏེ། བདག་མ་འགྲངས་པས་ལུས་ཉམ་ཆུང་ངོ་ཞེས་བྱ་བ་སྟེ། འདི་ལྟར་འཁོད་པའི་མཚན་མ་གང་ཅི་ཡང་རུང་བ་འདི་ལྟ་བུ་འདི་ནི་སེམས་ཀྱི་ཚུལ་འཆོས་པ་ཞེས་བྱ་སྟེ། དགེ་སློང་བསོད་སྙོམས་སྤྱོད་པས་དེ་དག་ཐམས་ཅད་མི་བྱའོ། །གང་ལྷུང་བཟེད་དུ་འོངས་པ་ངན་ཀྱང་རུང་བཟང་ཡང་རུང ། ཉུང་ཡང་རུང་མང་ཡང་རུང ། གཙང་ཡང་རུང་མི་གཙང་ཡང་རུང་སྟེ། དེ་བཟའ་བར་བྱའོ། །ཡོངས་སུ་གདུང་བ་མེད་པ་དང ། བསམ་པ་ཡོངས་སུ་དག་པ་དང ། ཆོས་ངེས་པར་སེམས་པ་མང་བ་དང ། ལུས་གསོ་བ་དང ། འཕགས་པའི་ལམ་ཉེ་བར་བསྟན་པའི་ཕྱིར་དེས་བསོད་སྙོམས་བཟའ་བར་བྱའོ། །འོད་སྲུང ། གལ་ཏེ་བསོད་སྙོམས་སྤྱོད་པས་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་དུ་བསོད་སྙོམས་བསླངས་ཏེ་མ་རྙེད་ན།་ཇི་ལྟར་ལྷུང་བཟེད་བཀྲུས་པ་བཞིན་དུ་ཕྱིར་བྱུང་ན། དེས་དེ་བཞིན་གཤེགས་པ་ཡིད་ལ་བྱ་སྟེ། དེ་བཞིན་གཤེགས་པ་བསོད་ནམས་ཀྱི་གཟི་བརྗིད་ཀྱིས་བརྗིད་པ། འཁོར་ལོས་
292a
༄#། །བསྒྱུར་བའི་རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་བ། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟས་མཆོད་པ། མི་དགེ་བའི་ཆོས་ཐམས་ཅད་སྤངས་པ། དགེ་བའི་ཆོས་ཐམས་ཅད་དང་ལྡན་པ། ཉོན་མོངས་པ་ཐམས་ཅད་དང་བྲལ་བ། དེ་ཉིད་གྲོང་དུ་བསོད་སྙོམས་ཀྱི་ཕྱིར་གཤེགས་ན་ཡང་ཇི་ལྟར་ལྷུང་བཟེད་བཀྲུས་པ་བཞིན་དུ་སླར་གཤེགས་ན། བདག་ལྟ་བུ་བསོད་ནམས་ཆུང་བ། དགེ་བའི་རྩ་བ་བསྐྱེད་པ་ཇི་ལྟར་ལྷུང་བཟེད་བཀྲུས་པ་བཞིན་དུ་ཕྱིར་བྱུང་བས་ཅིའི་ཕྱིར་ཡི་ཆད་པར་བྱ། དེ་ཅིའི་ཕྱིར་ཞེ་ན། དགེ་བའི་རྩ་བ་མ་བསྐྱེད་པས་ཁ་ཟས་བཟང་པོ་དག་མི་རྙེད་པའི་ཕྱིར་རོ། །གལ་ཏེ་བདུད་ཀྱི་ལས་སམ། བདུད་ཀྱི་བྱིན་གྱི་རླབས་ཀྱིས་བྲམ་ཟེ་དང་ཁྱིམ་བདག་དེ་དག་བདག་ལ་བསོད་སྙོམས་མི་སྟེར་ན། ཅི་ནས་བདུད་བཞི་ལས་ཡང་དག་པར་འདས་པ་དང ། ཉོན་མོངས་པ་ཐམས་ཅད་དང་བྲལ་བར་འགྱུར་བ་དེ་ལྟར་བྱའོ་སྙམ་དུ་བསམ་མོ། །དེ་ལྟར་ངའི་ནན་ཏན་ལ་གནས་པ་དེ་ལ་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར་ཏེ། འོད་སྲུང ། དགེ་སློང་བསོད་སྙོམས་སྤྱོད་པས་དེ་ལྟར་འཕགས་པའི་རིགས་རྣམས་ཡོངས་སུ་སྦྱང་བར་བྱའོ།། བསོད་སྙོམས་སྤྱོད་པའི་ལེའུ་སྟེ་དྲུག་པའོ།། །།འོད་སྲུང ། དེ་ལ་དགེ་སྦྱོང་ཕྱག་དར་ཁྲོད་པ་པས་ཇི་ལྟ་བུའི་སེམས་ཀྱིས་ཕྱག་དར་ཁྲོད་པ་བསྡུ་བར་བྱ་ཞེ་ན།
292b
ངོ་ཚ་ཤེས་པ་དང ། ཁྲེལ་ཡོད་པས་གཡོགས་པའི་སེམས་སུ་བྱའི། ཆོས་གོས་ཀྱིས་ཆ་བར་སྦྱོར་བ་ལ་བརྩོན་པའི་སེམས་ཀྱིས་ནི་མ་ཡིན་ནོ། །རླུང་དང ། ཉི་མ་དང ། སྦྲང་བུ་དང ། ཤ་སྦྲང་དང ། སྡིག་སྦྲུལ་གྱིས་རེག་པར་འགྱུར་བ་ཡོངས་སུ་བསྐྱབ་པའི་ཕྱིར་ཡིན་གྱི། ལུས་བརྒྱན་པའི་ཕྱིར་མ་ཡིན་ནོ། །དེ་བཞིན་གཤེགས་པའི་གསུང་རབ་ལ་ནན་ཏན་གྱིས་གནས་པས་གོས་གཙང་མ་ལ་མངོན་པར་དགའ་བ་མེད་དེ། དེས་ཕྱག་དར་གྱི་ཕུང་པོ་ལས་ཕྱག་དར་ཁྲོད་པ་བླངས་ལ་འདུ་ཤེས་གཉིས་བསྐྱེད་པར་བྱ་སྟེ། གཉིས་གང་ཞེ་ན། ཆོག་ཤེས་པའི་འདུ་ཤེས་དང ། མགུ་སླ་བའི་འདུ་ཤེས་སོ། །གཞན་ཡང་འདུ་ཤེས་གཉིས་བསྐྱེད་པར་བྱ་སྟེ། གཉིས་གང་ཞེ་ན། ང་རྒྱལ་མེད་པའི་འདུ་ཤེས་དང ། འཕགས་པའི་རིགས་ལ་གནས་པའི་འདུ་ཤེས་སོ། །གཞན་ཡང་འདུ་ཤེས་གཉིས་བསྐྱེད་པར་བྱ་སྟེ། གཉིས་གང་ཞེ་ན། ལུས་བརྒྱན་པ་དང ། སེམས་གཙང་བའོ། །འོད་སྲུང ། གལ་ཏེ་དགེ་སློང་ཕྱག་དར་ཁྲོད་པ་པས་ཕྱག་དར་གྱི་ཕུང་པོ་ལས་ཕྱག་དར་ཁྲོད་ལེན་པ་ན། ས་ཕྱོགས་དེ་ན་སྔོན་གཉེན་བཤེས་སུ་གྱུར་པའམ། སྔོན་གཏམ་འདྲེས་པའམ། ཕེབས་པར་སྨྲ་བ་དེ་དག་གིས་མཐོང་ན་བདག་ལ་སྨོད་པར་འགྱུར་གྱིས་དོགས་ཏེ། ཕྱག་དར་ཁྲོད་པ་དེ་མ་བླངས་ན། འོད་སྲུང ། དགེ་སློང་ཕྱག་དར་ཁྲོད་པ་པའི་ཕྱག་དར་ཁྲོད་པ་དེ་ལྟ་བུ་ནི་ཡོངས་
293a
༄#། །སུ་དག་པ་མ་ཡིན་ནོ་ཞེས་ངས་བཤད་དོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་ཕྱག་དར་ཁྲོད་པ་པས་རྡོ་ལྟ་བུའི་སེམས་དང ། རྡོ་རྗེ་ལྟ་བུའི་སེམས་ཀྱིས་དོགས་པ་མེད་པར་ཕྱག་དར་ཁྲོད་པ་བླང་བར་བྱ་བའི་ཕྱིར་རོ། །དེས་ཕྱག་དར་ཁྲོད་པ་དེ་བླངས་ནས་ལེགས་པར་བཀྲུས་ཏེ། ཤིན་ཏུ་གཙང་ཞིང་དྲི་མ་མེད་པར་བྱས་ལ། ཚོན་བཙལ་ཏེ་ཁ་ལེགས་པར་བསྒྱུར་ལ། ཆོས་གོས་སྣམ་སྦྱར་ལ་གླན་པར་བྱའོ། །དེས་ཕྱིས་འཇིག་པར་མི་འགྱུར་བར་ལེགས་པར་གླན། ལེགས་པར་སྦྱར། ལེགས་པར་བཙེམས་ཏེ་བགོ་བར་བྱའོ། །འོད་སྲུང ། དགེ་སློང་ཕྱག་དར་ཁྲོད་པ་བས་འདོད་ཆགས་ཉེ་བར་ཞི་བར་བྱ་བའི་ཕྱིར་མི་སྡུག་པ་ཡིད་ལ་བྱ་བ་ལ་གནས་ལ་ཕྱག་དར་ཁྲོད་པ་དག་ལུས་ལ་བགོ་བར་བྱའོ། །ཞེ་སྡང་ཉེ་བར་ཞི་བར་བྱ་བའི་ཕྱིར་བྱམས་པའི་སེམས་ཀྱིས་ཕྱག་དར་ཁྲོད་པ་དག་ལུས་ལ་བགོ་བར་བྱའོ། །གཏི་མུག་ཉེ་བར་ཞི་བར་བྱ་བའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་གནས་ཏེ་ཕྱག་དར་ཁྲོད་པ་དག་ལུས་ལ་བགོ་བར་བྱའོ། །ཉོན་མོངས་པ་ཐམས་ཅད་སྤང་བའི་ཕྱིར་ཚུལ་བཞིན་ཡིད་ལ་བྱེད་པ་ལ་ཞུགས་པས་ཕྱག་དར་ཁྲོད་པ་དག་ལུས་ལ་བགོ་བར་བྱའོ། །སྐྱེ་མཆེད་དྲུག་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་དབང་པོ་ལེགས་པར་བསྡམས་ཏེ་ཕྱག་དར་ཁྲོད་པ་དག་ལུས་ལ་བགོ་བར་བྱའོ། །ལྷ་དང་ཀླུ་དང་གནོད་སྦྱིན་དག་མགུ་བར་བྱ་བའི་ཕྱིར་
293b
ཚུལ་འཆོས་པ་མེད་པ་དང ། ཁ་གསག་མེད་པར་ཕྱག་དར་ཁྲོད་པ་དག་ལུས་ལ་བགོ་བར་བྱའོ། །འོད་སྲུང ། ཅིའི་ཕྱིར་ཕྱག་དར་ཁྲོད་པ་ཞེས་བྱ་ཞེ་ན། འོད་སྲུང ། དཔེར་ན། ཕྱག་དར་དེ་ལ་ནི་སུ་ཡང་འདོད་པ་མི་བསྐྱེད། སུ་ཡང་ཆགས་པ་མི་བསྐྱེད་ཅིང་ཡོངས་སུ་མི་ལེན་ཏེ། ཕྱག་དར་ནི་དོར་བའི་ཆའོ། །འོད་སྲུང ། དེ་བཞིན་དུ་ཕྱག་དར་དང་མཚུངས་པར་བདག་གི་མེད་པ། ཡོངས་སུ་འཛིན་པ་མེད་པ། རྙེད་སླ་བ། མོད་པ། གཞན་ལ་གསོལ་མི་དགོས་པ། གཞན་གྱི་ངོར་བལྟ་མི་དགོས་པ། གཞན་ལ་རག་མ་ལས་པ། ཕྱག་དར་ལྟ་བུར་བོར་བ་སྟེ། དེའི་ཕྱིར་ཕྱག་དར་ཁྲོད་པ།་ཕྱག་དར་ཁྲོད་པ་ཞེས་བྱའོ། །འདི་ནི་དྲང་སྲོང་རྣམས་ཀྱི་རིགས་སོ། །འདི་ནི་འཕགས་པ་རྣམས་ཀྱི་རིགས་གཙང་མའོ། །འདི་ནི་འཕགས་པའི་རིགས་ཀྱི་གནས་སོ། །འདི་ནི་སྦྱངས་པའི་ཡོན་ཏན་རྣམས་ཀྱི་སྟོན་པའོ། །འདི་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཀུན་བསྲུང་བའོ། །འདི་ནི་ཏིང་ངེ་འཛིན་གྱི་ཕུང་པོའི་སྒོའོ། །འདི་ནི་ཤེས་རབ་ཀྱི་ཕུང་པོའི་རྟེན་ནོ། །འདི་ནི་རྣམ་པར་གྲོལ་བའི་ཕུང་པོ་འབྱུང་བའོ། །འདི་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་མཐུན་པ་སྟེ། འོད་སྲུང ། དེ་ལྟར་ཕྱག་དར་ཁྲོད་པ་ནི་ཡོན་ཏན་མང་བ། སྐབས་མེད་པ། གོ་སྐབས་མེད་པ། བླ་གབ་མེད་པ་སྟེ། དྲི་མ་མེད་པར་འགྱུར་ཞིང ། ཁུར་ཁྱེར་བར་འགྱུར་བའོ། །འོད་སྲུང ། དགེ་སློང་ཕྱག་དར་ཁྲོད་པ་ནི་གང་ཕྱག་དར་ཁྲོད་པའི་གོས་ཀྱིས་ཆོག་པར་འཛིན་པ་དེ་ལ་ལྷ་རྣམས་
294a
༄#། །ཀྱང་དགའ་བར་འགྱུར་རོ། །འོད་སྲུང ། འདི་ལྟ་བུའི་དུས་དང ། འདི་ལྟ་བུའི་གནས་ཡོད་དེ། འདི་ལྟར་དགེ་སློང་ཕྱག་དར་ཁྲོད་པ་པ་ཆོས་གོས་ངན་པ་འཆང་བ་བསམ་གཏན་གྱི་བདེ་བ་ལ་སྙོམས་པར་ཞུགས་པ་དེ་ལ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་ཐལ་མོ་སྦྱོར་ཞིང་རྐང་པ་ལ་གཏུགས་ཏེ་ཕྱག་འཚལ་བར་འགྱུར་ན། ལྷ་གཞན་ཕྱག་འཚལ་བར་འགྱུར་བ་ལྟ་ཅི་སྨོས། འོད་སྲུང ། དགེ་སློང་དག་ཆོས་གོས་ཀྱིས་ཆ་བ་ལ་མངོན་པར་བརྩོན་གྱི་རྣལ་འབྱོར་ལ་མི་བརྩོན་པ། ལུས་ཀྱི་རྒྱན་ལྷུར་ལེན་པ། ཕྱི་རོལ་གཙང་སྦྲ་སྤྱོད་ལ། ནང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དྲི་མས་ཡོངས་སུ་གང་བ་དག་ནི་གོས་བཟང་པོ་ཇི་ཙམ་གྱོན་ཀྱང ། འོད་སྲུང ། དེ་དག་ལྷ་རྣམས་དགའ་བའི་གཟུགས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་རྣམས་ཀྱིས་ལུས་ཆ་བར་སྦྱོར་བ་ལ་བརྩོན་པ་དེ་དག་གི་སེམས་དང་སེམས་ལས་བྱུང་བ་རྣམས་ཤེས་ཏེ། ཤེས་ནས་ཀྱང་དེ་དག་རྒྱང་བསྲིངས་ཏེ་ཡོངས་སུ་སྤོང་བར་འགྱུར་རོ། །འོད་སྲུང ། དགེ་ཚུལ་སྐུལ་བྱེད་མི་གཙང་བས་སྦགས་པའི་ཕྱག་དར་ཁྲོད་པ་ཐོགས་ནས་བསོད་སྙོམས་བླངས་ཏེ་མཚོ་མ་དྲོས་པར་སོང་བ་དང ། དེ་དེར་སོང་བའི་ཚེ་མཚོ་མཆོག་དེ་ན་གནས་པའི་ལྷ་དེ་དག་གིས་རྒྱང་རིང་བོ་ནས་བསུ་སྟེ། རྐང་པ་ལ་མགོ་བོས་ཕྱག་འཚལ་ནས། གཙང་སྦྲ་སྤྱོད་པའི་ལྷ་དེ་དག་གིས་
294b
མི་གཙང་བས་སྦགས་པའི་ཕྱག་དར་ཁྲོད་པ་དེ་བདག་ཉིད་ཀྱིས་བཀྲུས་ཏེ་དྲི་མ་མེད་པར་བྱས་ནས་བཀྲུས་པའི་ཆུ་དྲི་མ་ཅན་དེས་རང་གི་ལུས་ལ་སྐུད་དེ། སྐུལ་བྱེད་ཀྱི་ཚུལ་ཁྲིམས་ཀྱི་ཡོན་ཏན་ཡང་དག་པར་བླངས་པ་དང ། སྙོམས་པར་ཞུགས་པར་ཤེས་ནས་མཚོ་དེའི་ལྷ་རྣམས་ཡན་ལག་ལྔས་ཕྱག་འཚལ་ལོ། །ཀུན་ཏུ་རྒྱུ་རབ་ཏུ་བཟང་པོ་ཞེས་བྱ་བ་དེ་གོས་གཙང་མ་བགོས་ནས་བསོད་སྙོམས་བླངས་ཏེ་མཚོ་མ་དྲོས་པར་སོང་བ་དང ། མཚོ་དེ་ན་གནས་པའི་ལྷ་དེ་དག་གིས་དེ་མཚོ་མཆོག་འདིར་ཁ་ཟས་ཟོས་ནས་ལྷག་མ་བོར་ན་མཚོ་མཆོག་མི་གཙང་བར་བྱས་སུ་འོང་ཞེས་རྒྱང་གྲགས་གཅིག་ཁོ་ར་ཁོར་ཡུག་ཙམ་གྱི་བར་དུ་ནང་དུ་འདར་མ་སྟེར་བ་ལ་ལྟོས། འོད་སྲུང ། འཕགས་པའི་ཆོས་ཀྱི་ཡོན་ཏན་སྒྲུབ་པའི་ཁྱད་པར་དང ། སྐུལ་བྱེད་ཀྱི་ཕྱག་དར་ཁྲོད་པ་བཀྲུས་པའི་ཆུ་དྲི་མ་ཅན་ལྷ་དག་རང་གི་ལུས་ལ་སྐུད་པ་དང ། ཀུན་དུ་རྒྱུ་རབ་ཏུ་བཟང་པོ་ནི་འགྲོར་ཡང་མ་སྟེར་བ་ལ་ལྟོས། འོད་སྲུང ། དེ་ལྟ་བས་ན་དགེ་སློང་ཕྱག་དར་ཁྲོད་པ་པ་ཡོན་ཏན་གྱི་ཆོས་འདི་ལྟ་བུ་འདི་དག་འདོད་པ་ཞུམ་ཞུམ་པོར་མ་གྱུར་པ་འཕགས་པའི་རིགས་ལ་གནས་པས་མཆོད་རྟེན་གྱི་འདུ་ཤེས་དང ། སྟོན་པའི་འདུ་ཤེས་དང ། བདག་གི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་པའི་འདུ་ཤེས་ཀྱིས་ལུས་ལ་ཕྱག་དར་ཁྲོད་པ་དག་བགོ་བར་བྱའོ། །འདི་ལྟར་ཡང་སེམས་ཀྱིས་ལུས་དག་པར་འགྱུར་གྱི། ལུས་ཀྱིས་སེམས་དག་པར་ནི་མི་
295a
༄#། །འགྱུར་རོ། །དེ་བས་ན་སེམས་དག་པར་འགྱུར་བར་བྱའི། །ལུས་ཆ་བས་དག་པ་ནི་མ་ཡིན་ཏེ། སེམས་དག་པ་ནི་བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་ཚངས་པར་སྤྱོད་པ་ཞེས་གསུངས་སོ། །སྙམ་དུ་སེམས་ངེས་པར་བསམ་པར་བྱའོ། །འོད་སྲུང ། དེ་ལྟར་ན་དགེ་སློང་ཕྱག་དར་ཁྲོད་པ་པས་ཁྱོད་དང ། ངའི་རྗེས་སུ་བསླབ་པར་བྱའོ། །འོད་སྲུང ། འདི་ལྟ་བུའི་དུས་དང ། འདི་ལྟ་བུའི་མན་ཡོད་དེ། འོད་སྲུང ། ཆོས་གོས་ངན་པ་གྱོན་པ། ཆོས་གོས་ངན་དོན་གྱིས་ཆོག་པར་འཛིན་པ་ཁྱོད་གང་དུ་ཆོས་གོས་སྣམ་སྦྱར་ཁྲིའུ་འམ། ཁྲིའི་སྟེང་དུ་བཞག་སྟེ། ཁྱོད་བླ་གོས་གྱོན་ནས་འཆག་སར་འཆག་པའི་ཚེ་ལྷ་བརྒྱ་སྟོང་ཕྲག་མང་པོ་དག་དེར་ལྷགས་ནས། འདི་ནི་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་ཀྱིས་ཡོངས་སུ་བསྒོས་པའི་ལུས་ལ་བགོ་བགོ་བའི་ཆོས་གོས་སོ་ཞེས་ཁྱོད་ཀྱི་ཆོས་གོས་སྣམ་སྦྱར་དེ་ལ་ཕྱག་འཚལ་བར་འགྱུར་རོ། །འོད་སྲུང་ལྟོས། ཆོས་གོས་ལ་ཡང་ཕྱག་འཚལ་བར་འགྱུར་ན་ལུས་ལ་ལྟ་མི་སྨོས། འོད་སྲུང ། ཇི་ལྟར་ན་དགེ་སློང་ངའི་རྗེས་སུ་སློབ་པ་དག་དེ་བཞིན་དུ་བསྒྲུབ་པར་འགྱུར་སྙམ་སྟེ། ངས་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་སྟེ་ཀ་ཤི་བ་ཕྲ་མོ་དང ། དུ་ཀུ་ལའི་རས་དང ། ཀོ་ཏཾ་པའི་རས་དང ། ངང་རིས་ཅན་གྱི་ཆོས་གོས་རྣམས་སྤངས་ནས། འཕགས་པའི་རིགས་ལ་དགའ་
295b
བའི་ཕྱིར་ཤ་ནའི་རས་ཀྱི་གོས་རྣམས་ལུས་ལ་བགོས་སོ། །འོད་སྲུང ། ངས་ཁྱོད་ལས་དར་གོས་ངན་པ་བླངས་ཏེ་ངས་ཁྱོད་ལ་ཤ་ནའི་རས་བྱིན་པ་གང་ཡིན་པ་དེ་ཐམས་ཅད་ཀྱང་ཁྱོད་ཉིད་ལ་སྙིང་བརྩེ་བའི་ཕྱིར་ཡིན་གྱི། ཆགས་པའི་ཕྱིར་མ་ཡིན་ལ། ལུས་བརྒྱན་པའི་ཕྱིར་མ་ཡིན་ནོ། །འོད་སྲུང ། འདི་ལ་མི་གཏི་མུག་པ་ཁ་ཅིག་ཁྱོད་དང་ངའི་རྗེས་སུ་མི་སློབ་ཅིང་བརྐམ་པ་ཆགས་པའི་ཟིལ་གྱིས་གནོན་པ། ཆོས་གོས་གསོག་པར་བྱེད་པ་དང ། ལྷུང་བཟེད་གསོག་པར་བྱེད་པ། འཇིག་རྟེན་གྱི་ཟང་ཟིང་གསོག་པར་བྱེད་པ། འགྲོན་བུ་དང ། གསེར་དང ། ནོར་བུ་དང ། འབྲུ་གསོག་པར་བྱེད་པ། བ་གླང་དང ། ལུག་དང ། བྱ་གག་དང ། ཕག་དང ། བོང་བུ་དང ། རྟ་དང ། ཐོང་ཤོལ་དང ། ཤིང་རྟ་འདྲེན་པ་དག་ཉེ་བར་འཇོག་པར་བྱེད་པ།་ཁྱིམ་པའི་ལས་ཀྱི་མཐའ་སྤྱོད་པ་དག་པས་ནི། འོད་སྲུང ། ཁྱིམ་པ་དག་ལ་ཁྱད་པར་དུ་འགྱུར་བ་ཡོད་མོད་ཀྱི། མི་བླུན་པོ་རབ་ཏུ་བྱུང་བའི་མཚམས་ལས་འདས་པ་དེ་དག་ལ་ནི་ཁྱད་པར་འགྱུར་བ་གང་ཡང་མེད་དོ། །འོད་སྲུང ། ཁྱིམ་པ་རྣམས་ཁྱད་པར་དུ་འགྱུར་བ་ནི་དགེ་སྦྱོང་མ་ཡིན་ལ་དགེ་སྦྱོང་དུ་ཁས་འཆེ་བ། ཚངས་པར་སྤྱོད་པ་མ་ཡིན་ལ་ཚངས་པར་སྤྱོད་པར་ཁས་འཆེ་བ། གོས་ངུར་སྨྲིག་བགོས་ཤིང་བྱ་བ་མང་བ། སྦགས་པ་སྣ་ཚོགས་ཀྱིས་སྤགས་པ་ཟས་དང་གོས་ལྷུར་ལེན་པ་དེ་དག་ཁྱིམ་པ་དག་གིས་གོས་ངུར་སྨྲིག་
296a
༄#། །གྱོན་པར་རིག་ནས་ཞེས་དང་གུས་པ་བསྐྱེད་པ་དང ། ཆོས་གོས་དང་བསོད་སྙོམས་ཀྱིས་སྡུད་པར་བྱེད་པ་དང ། གུས་པར་སྨྲ་ཞིང་ཕྱག་འཚལ་ལ། ལྡང་བར་བྱེད་པ་སྟེ། འོད་སྲུང ། འདི་ནི་ཁྱིམ་པ་དེ་དག་གི་ཁྱད་པར་དུ་འགྱུར་བ་ཡིན་གྱི། དེ་དག་རབ་ཏུ་བྱུང་བ་དེ་དག་ལ་ནི་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་ཡོངས་སུ་ལེན་པ་ལ་བརྩོན་པ་མ་ཡིན་ཞིང་ཅི་ཡང་མི་གསོག་པའི་ཕྱིར་རོ། །འོད་སྲུང ། དེའི་ཚེ་དེའི་དུས་ན་དགེ་སློང་ཕལ་ཆེར་ལྷུང་བཟེད་དང ། ཆོས་གོས་མང་ཞིང་སྣོད་སྤྱད་མང་བ་དང ། རྙེད་པ་མང་བར་འགྱུར་ཏེ། དེ་དག་ལ་བསྟི་སྟང་བྱེད་པར་འགྱུར། བཙུན་པར་བྱེད་པར་འགྱུར། རི་མོ་བྱེད་ཅིང་མཆོད་པ་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་སྦྱིན་པ་དང ། ཕྱིར་སྦྱིན་པ་དུས་དུས་སུ་བྱེད་ཅིང་བྱ་བ་ཇི་ལྟ་བ་བཞིན་དུ་ཡོངས་སུ་འཛིན་པའི་ཕྱིར་རོ། །དགེ་སློང་གང་དག་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ཟག་པ་རྣམས་ཟད་པར་བྱེད་པ་ལ་མངོན་པར་བརྩོན་པ་དང ། ཡིད་བྱུང་བ་མགོ་དང་གོས་ལ་མེ་འབར་བ་བཞིན་དུ་བརྩོན་པ། དོན་ཉུང་བ། བྱེད་པ་ཉུང་བ། རང་གི་དོན་ལ་བརྩོན་པ་འདྲིས་པར་བྱེད་པ་ཡོངས་སུ་སྤངས་པ་དག་འབྱུང་བ་དེ་དག་གི་གན་དུ་ནི། དེའི་ཚེ་དེའི་དུས་ན་སུ་ཡང་མི་འགྲོ། མི་བསྟེན་ཅིང་བསྙེན་བཀུར་མི་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན་
296b
འདི་ལྟར་ཁྱིམ་པ་དག་ནི་ཆགས་པའི་རང་བཞིན་ཅན་ཚེ་འདི་ལྷུར་ལེན་གྱི། ཚེ་རབས་ཕྱི་མ་ལྷུར་ལེན་པ་མ་ཡིན་པས་དེ་དག་འདི་སྙམ་དུ་དགེ་སློང་དེ་དག་ལ་ནི་བདག་ཅག་གི་འཚོ་བ་མེད་ན།་བདག་ཅག་གིས་ཅིའི་ཕྱིར་བསྟེན། ཅིའི་ཕྱིར་ཕྱག་བྱ། ཅིའི་ཕྱིར་མཆོད། ཅིའི་ཕྱིར་བསྙེན་བཀུར་བྱ་སྙམ་དུ་སེམས་པའི་ཕྱིར་རོ། །གཞན་དུ་ན་གང་དག་དགེ་བའི་རྩ་བ་བསྐྱེད་པ་སྔོན་གྱི་སྦྱོར་བ་ཕུན་སུམ་ཚོགས་པ་དག་འབྱུང་ཞིང ། ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་དེ་ལྟ་བུ་དེ་དག་ལ་བསྟེན་པར་བྱེད། བསྙེན་པར་བྱེད་ཅིང་བསྙེན་བཀུར་བྱེད་པ་ནི་མ་གཏོགས་ཏེ་ཉུང་ངོ ། །འོད་སྲུང ། ཆོས་འདི་ལྟ་བུ་ཚུལ་དང་མཐུན་པ་འདི་ལྟ་བུ་འདི་དག་ནི། གང་ཟག་གཉིས་ཀྱི་ཡིད་དུ་འོང་བར་འགྱུར་ཏེ། གཉིས་གང་ཞེ་ན། བདེན་པ་མཐོང་ཞིང་འཁོར་བ་ལ་འཇིགས་པར་ལྟ་བ་དང ། རྣལ་འབྱོར་སྤྱོད་པ་ལ་བརྩོན་ཞིང་འབྲས་བུ་ཐོབ་པར་འདོད་པ་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ། ཆོས་དོན་དུ་གཉེར་ཞིང་ཆོས་འདོད་པའོ། །འོད་སྲུང ། མངོན་པར་མི་བརྩོན་པ་ཆོས་མ་ཡིན་པ་ལ་ལྟ་བ། ལས་ཀྱི་རྣམ་པར་སྨིན་པ་དང་འགལ་བ། འཇིག་རྟེན་ཕ་རོལ་དུ་ཁ་ན་མ་ཐོ་བས་འཇིགས་པར་མི་ལྟ་བ།་ཚེ་འདི་ལྷུར་ལེན་པ། ཚེ་རབས་ཕྱི་མ་ལྷུར་མི་ལེན་པ་ཐམས་ཅད་ཀྱི་སྒོ་ངས་བཤད་པར་བྱའོ། །འོད་སྲུང ། གང་དག་ཐ་ན་ཐར་པ་དང་ལྡན་པའི་སེམས་གཅིག་ཙམ་ཡང་
297a
༄#། །མི་བསྐྱེད་པའི་མི་གཏི་མུག་པ་དེ་དག་ལ་ནི་ངས་འདི་ལྟ་བུའི་ཆོས་འདི་སྐབས་མི་འབྱེད་ཀྱི་སྟེང་དུ་འདི་ལྟ་བུའི་ཆོས་འདི་དག་ཐོས་ན་བདག་སྒྲུབ་པ་ལས་ཉམས་པར་རིག་ནས་སྨད་པར་བྱ་བར་སེམས་ཏེ། འདི་དག་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་གྱི་འདི་དག་ནི་རང་བཟོར་སྦྱར་བའམ། བདུད་ཀྱིས་མཐོ་བཙམས་ནས་བྱས་པའོ་ཞེས་སྨྲ་ཞིང ། དེ་དག་འདི་ལྟ་སྐྱེ་བོ་མང་པོ་དག་ལོག་པར་འཛིན་དུ་འཇུག་པར་འགྱུར་རོ། །དེ་དག་ནི་བདག་ཉིད་ཀྱང་ཕུང་ལ་གཞན་ཀྱང་ཕུང་བར་བྱེད་པར་འགྱུར། བདག་ཀྱང་ཉོན་མོངས་པ་ཅན་དུ་གྱུར་ལ་གཞན་ཡང་ཉོན་མོངས་པ་ཅན་དུ་བྱེད་པར་འགྱུར་ཏེ། དེ་ལྟར་མི་གཏི་མུག་པ་དེ་དག་ནི་བདག་ལ་ཕན་པ་དང ། གཞན་ལ་ཕན་པའི་ཕྱིར་ཞུགས་པ་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་འདིར་ནན་ཏན་སྙིང་པོར་བགྱིད་པའི་གང་ཟག་ཆོས་ཀྱི་དབང་ཕྱུག་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་གང་ལགས་པ་དེ་རྒྱ་ཆེར་ཡང་དག་པར་རབ་ཏུ་བཤད་ལགས་སོ། །བཅོམ་ལྡན་འདས། སེམས་ཅན་གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་
297b
གོས་ཤིང་དེ་བཞིན་ཉིད་དུ་སྒྲུབ་པ་དེ་དག་ནི་སངས་རྒྱས་ཀྱིས་ཡོངས་སུ་བཟུང་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མོས་ཤིང་དེ་བཞིན་ཉིད་དུ་སྒྲུབ་པའི་སེམས་ཅན་དེ་དག་ནི་སངས་རྒྱས་ཀྱིས་ཡོངས་སུ་བཟུང་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དགེ་བའི་རྩ་བ་བསྐྱེད་པ། ཞི་བ་འདོད་པ། གྲོལ་བར་འདོད་པ་དེ་དག་གི་ཆེད་དུ་ཆོས་ཀྱི་ལེའུ་འདི་གཟུང་ཞིག། ཁྱིམ་པ་དང ། རབ་ཏུ་བྱུང་བ་དེ་དག་ཀྱང་ཆོས་འདི་ལ་བསླབས་ནས་ཕུང་པོ་ཐམས་ཅད་རབ་ཏུ་སྤངས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས། བདག་གིས་ཆོས་ཀྱི་རྣམ་གྲངས་འདི་བཟུང་ལགས་ན། བཅོམ་ལྡན་འདས། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ཆོས་ཐམས་ཅད་ཡང་དག་པར་བསྡུས་པ་ཞེས་བྱ་བར་ཡང་གཟུང་ཞིག། འཕགས་པའི་རིགས་སྦྱང་པའི་ཡོན་ཏན་གྱི་གནས་དང ། ཚུལ་ཁྲིམས་དང་ལྡན་པ་ཡོངས་སུ་འཛིན་པ་དང ། ཚུལ་ཁྲིམས་འཆལ་བ་སྤ་འགོང་བ་དང ། རིན་པོ་ཆེ་བརྩེགས་པ་དང ། རིན་པོ་ཆེའི་ཕུང་པོ་དང །
298a
༄#། །རིན་པོ་ཆེ་བསགས་པ་དང ། རིན་པོ་ཆེའི་ཆོས་ཀྱི་སྒོའི་ལེའུ་ཞེས་བྱ་བར་ཡང་གཟུང་ཞིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང ། ཚེ་དང་ལྡན་པ་ཀུན་དགའ་བོ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། རིན་པོ་ཆེའི་ཕུང་པོའི་ལེའུ་ཞེས་བྱ་སྟེ། འདུས་པ་བཞི་བཅུ་རྩ་བཞི་པ་རྫོགས་སོ།།