rKTs


H90

(e-text produced by ACIP)

see text in transliteration
309a
།།རྒྱ་གར་སྐད་དུ། ཨཱརྱ་སཔྟ་ཤཱ་ཏི་ཀཱ་ནཱ་ནཱ་མ་པྲ་ཛྙཱ་པཱ་ར་མི་ཏཱ་མཧཱ་ཡཱ་ན་སཱུ་ཏྲ། བོས་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཐམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ས་ཡ་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཤ་སྟག་ལ་འདི་ལྟ་སྟེ། འཇམ་དཔལ་གཞོན་ནུར་གྱུར་པ་དང ། བྱམས་པ་དང ། སྤོབས་པ་ཐོགས་པ་མེད་པ་དང ། བརྩོན་པ་མི་འདོར་བ་དང ། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་ས་ཡ་དང་ཡང་ཐབས་གཅིག་གོ །
309b
དེ་ནས་འཇམ་དཔལ་གཞོལ་ནུར་གྱུར་པ་དེ་བཞིན་གཤེགས་པ་ལ་བལྟ་བ་དང ། ཕྱག་བྱ་བ་དང ། བསྙེན་བཀུར་བྱ་བའི་ཕྱིར་སྐྱ་རེངས་ཤར་བའི་དུས་ཀྱི་ཚེ་རང་གི་གནས་ནས་བྱུང་སྟེ། དེ་བཞིན་གཤེགས་པའི་ཕོ་བྲང་གི་སྒོ་ག་ལ་བ་དེར་སོང་ནས་ཕྱིན་པ་དང་ཕོ་བྲང་གི་སྒོའི་ཕྱི་རོལ་ན་འདུག་གོ་།དེ་ནས་ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུ་ཡང་བཅོམ་ལྡན་འདས་ལ་བལྟ་བ་དང ། ཕྱག་བྱ་བ་དང ། བསྙེན་བཀུར་བྱ་བའི་ཕྱིར། རང་གི་གནས་ནས་བྱུང་སྟེ། དེ་བཞིན་གཤེགས་པའི་ཕོ་བྲང་ག་ལ་བ་དེར་སོང་ངོ ། །དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང ། ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་དང ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང ། ཚེ་དང་ལྡན་པ་ཀཱ་ཏྱཱའི་བུ་ཆེན་པོ་དང ། ཚེ་དང་ལྡན་པ་གསུས་པོ་ཆེ་དང ། དེ་དག་ཐམས་ཅད་དང ། གཞན་ཡང་ཉན་ཐོས་ཆེན་པོ་རྣམས་རང་རང་གི་གནས་ནས་བྱུང་སྟེ། བཅོམ་ལྡན་འདས་ཀྱི་ཕོ་བྲང་ག་ལ་བ་དེར་སོང་ནས་ཕྱིན་པ་དང ། ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཆེན་པོ་རྣམས་འོངས་ཤིང་ལྷགས་ཏེ་འདུས་པར་མཁྱེན་ནས། བདག་གི་ཕོ་བྲང་ནས་བྱུང་སྟེ། ཕོ་བྲང་གི་ཕྱི་རོལ་ཕྱོགས་གཅིག་ཏུ་གདན་བཏིང་བ་ལ་བཞུགས་སོ། ། བཞུགས་ནས་ཀྱང་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུ་ལ་བཀའ་སྩལ་པ། ཤཱ་རདྭ་ཏིའི་བུ་ཁྱོད་ཅིའི་ཕྱིར་ཞོགས་པས་འོངས་ཏེ་དེ་བཞིན་གཤེགས་
310a
༄#། །པའི་ཕོ་བྲང་གི་སྒོ་ན་འདུག། དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཐམས་ཅད་ཀྱི་ཐོག་མ་ཉིད་དུ་འཇམ་དཔལ་གཞོན་ནུར་གྱུར་པ་དེ་བཞིན་གཤེགས་པའི་ཕོ་བྲང་གི་ཆབ་སྒོར་མཆིས་སོ། །བདག་ནི་བཅོམ་ལྡན་འདས་ལ་བལྟ་བར་འཚལ་པའི་སླད་དུ་སླད་ཀྱིས་མཆིས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་དེ་བཞིན་གཤེགས་པ་ལ་བལྟ་བ་དང ། ཕྱག་བྱ་བ་དང ། བསྙེན་བཀུར་བྱ་བའི་ཕྱིར་ཐམས་ཅད་ཀྱི་ཐོག་མ་ཉིད་དུ་དེ་བཞིན་གཤེགས་པའི་ཕོ་བྲང་གི་སྒོར་འདུག་པ་བདེན་ནམ། དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏེ། །བཅོམ་ལྡན་འདས། དེ་དེ་ལྟ་ལགས། བདེ་བར་གཤེགས་པ། དེ་དེ་ལྟར་ལགས་ཏེ། བདག་དེ་བཞིན་གཤེགས་པ་ལ་བལྟ་བ་དང ། ཕྱག་བགྱི་བ་དང ། བསྙེན་བཀུར་བགྱི་བའི་སླད་དུ། ཐམས་ཅད་ཀྱི་ཐོག་མ་ཉིད་དུ་རང་གི་གནས་ནས་བྱུང་སྟེ། དེ་བཞིན་གཤེགས་པའི་ཕོ་བྲང་ག་ལ་བ་དེར་མཆིས་ནས་ཕྱོགས་གཅིག་ཏུ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། འདི་ལྟར་བདག་ནི་དེ་བཞིན་གཤེགས་པ་ལ་བལྟ་བ་དང ། ཕྱག་བགྱི་བ་དང །
310b
བསྙེན་བཀུར་བགྱིས་པས་མ་ངོམས་པའི་སླད་དུའོ། །བཅོམ་ལྡན་འདས། འདི་ལྟར་བདག་དེ་བཞིན་གཤེགས་པ་ལ་བལྟ་བ་དང ། ཕྱག་བགྱི་བ་དང ། བསྙེན་བཀུར་བགྱི་བའི་སླད་དུ་མཆི་བ་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ་སྟེ། བཅོམ་ལྡན་འདས། གལ་ཏེ་དེ་བཞིན་གཤེགས་པ་ལ་བལྟ་བ་དང ། ཕྱག་བགྱི་བ་དང ། བསྙེན་བཀུར་བགྱི་ན། ཇི་ལྟར་བདག་གིས་མཐོང་བ་དང ། ཇི་ལྟར་བདག་ཕྱག་བགྱི་བ་དང ། ཇི་ལྟར་བདག་བསྙེན་བཀུར་བགྱིད་པ་དེ་ལྟར་བལྟ་བར་བགྱིའོ། །དེ་ལྟར་ཕྱག་བགྱིའོ། །དེ་ལྟར་བསྙེན་བཀུར་བགྱིའོ། །དེ་ལྟར་ན་དེ་བཞིན་གཤེགས་པ་མཐོང་ནས་བསྙེན་བཀུར་བགྱིས་པའི་བར་དུ་འགྱུར་རོ། །བཅོམ་ལྡན་འདས། བདག་ནི་སེམས་ཅན་ཐམས་ཅད་ཀྱི་སླད་དུ་དེ་བཞིན་གཤེགས་པ་ལ་བལྟ་བ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། དེ་བཞིན་གཤེགས་པ་ལ་ཇི་ལྟར་བལྟ། འཇམ་དཔལ་གྱིས་གསོལ་པ། མི་དམིགས་པའི་ཚུལ་གྱིས་དེ་བཞིན་ཉིད་ཀྱི་རྣམ་པ་དང ། རྣམ་པར་མི་རྟོག་པའི་རྣམ་པར་དེ་བཞིན་གཤེགས་པ་ལ་བལྟ་བར་བགྱིའོ། །དེ་བཞིན་དུ། དེ་བཞིན་གཤེགས་པ་ལ་མི་སྐྱེ་བའི་རྣམ་པར་བལྟ་བ་ནས་དངོས་པོ་མ་མཆིས་པའི་རྣམ་པའི་བར་དུ་དེ་བཞིན་གཤེགས་པ་ལ་བལྟ་བར་བགྱིའོ། །དེ་བཞིན་ཉིད་ལ་ཀུན་ནས་འབྱུང་བ་མ་མཆིས་ཏེ། དེ་ལྟར་དེ་བཞིན་གཤེགས་པ་ལ་བལྟ་བར་བགྱིའོ། །དེ་བཞིན་ཉིད་
311a
༄#། །ནི་འབྱུང་བ་ཡང་མ་ལགས། འཇིག་པ་ཡང་མ་ལགས་ཏེ། དེ་ལྟར་དེ་བཞིན་གཤེགས་པ་ལ་བལྟ་བར་བགྱིའོ། །དེ་བཞིན་ཉིད་ནི་ཡུལ་ན་མི་གནས། ཕྱོགས་ན་མི་གནས་ཏེ། དེ་ལྟར་དེ་བཞིན་གཤེགས་པ་ལ་བལྟ་བར་བགྱིའོ། །དེ་བཞིན་ཉིད་ནི་འདས་པ་ཡང་མ་ལགས། མ་འོངས་པ་ཡང་མ་ལགས། ད་ལྟར་བྱུང་བ་ཡང་མ་ལགས་ཏེ། དེ་ལྟར་དེ་བཞིན་གཤེགས་པ་ལ་བལྟ་བར་བྱའོ། །དེ་བཞིན་ཉིད་ནི་གཉིས་ཀྱིས་རབ་ཏུ་ཕྱེ་བ་མ་ལགས། གཉིས་སུ་མ་མཆིས་པས་རབ་ཏུ་ཕྱེ་བ་ཡང་མ་ལགས་ཏེ། དེ་ལྟར་དེ་བཞིན་གཤེགས་པ་ལ་བལྟ་བར་བགྱིའོ། །དེ་བཞིན་ཉིད་ནི་ཀུན་ནས་ཉོན་མོངས་པར་འགྱུར་བ་མ་ལགས། རྣམ་པར་བྱང་བར་འགྱུར་བ་མ་ལགས་ཏེ། དེ་ལྟར་དེ་བཞིན་གཤེགས་པ་ལ་བལྟ་བར་བགྱིའོ། །དེ་བཞིན་ཉིད་ནི་མི་སྐྱེ་མི་འགག་པ་སྟེ། དེ་ལྟར་དེ་བཞིན་གཤེགས་པ་ལ་བལྟ་བར་བགྱིའོ། །དེ་ལྟར་ན་དེ་བཞིན་གཤེགས་པ་ལ་བལྟ་བ་མཐོང་བ་དང ། ཕྱག་བགྱི་བ་དང ། བསྙེན་བཀུར་བགྱིས་པར་འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཁྱོད་ཀྱིས་དེ་ལྟར་བལྟས་ན་ཅི་ཞིག་མཐོང ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། བདག་གིས་དེ་ལྟར་བལྟས་ན་ཅི་ཡང་མཐོང་བ་མ་
311b
མཆིས་སོ། །བཅོམ་ལྡན་འདས། དེ་བཞིན་དུ་བདག་གིས་ཆོས་གང་ལ་ཡང་སྐྱེ་བ་ཡང་མ་མཐོང ། འགག་པ་ཡང་མ་མཐོང་ངོ ། །དེ་ནས་ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་དེ་ལྟར་མཐོང་བ་དང ། དེ་ལྟར་བསྙེན་བཀུར་བྱས་པ་གང་ཡིན་པ་དང ། ཁྱོད་ཀྱིས་ཀྱང་བྱམས་པ་ཆེན་པོས་སེམས་ཅན་ཐམས་ཅད་ལ་ཉེ་བར་གནས་ཀྱང ། ཁྱོད་ལ་སེམས་ཅན་དུ་དམིགས་པ་དང ། སེམས་ཅན་དུ་མངོན་པར་ཞེན་པ་ཅི་ཡང་མེད་ཅིང ། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིར་ཞུགས་ཀྱང་ཁྱོད་ལ་སེམས་ཅན་དུ་མངོན་པར་ཞེན་པ་གང་ཡང་མི་འབྱུང་བ་དང ། ཁྱོད་མི་དམིགས་པའི་ཚུལ་དང ། དངོས་པོ་མེད་པའི་ཚུལ་དང ། སྒྱིད་ལུག་པ་མེད་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་གོ་ཆ་བགོས་པ་དེ་ནི་ཁྱོད་དཀའ་བ་བྱེད་པའོ། །དེ་སྐད་ཅེས་སྨྲས་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པས་ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རདྭ་ཏིའི་བུ། ཇི་སྐད་སྨྲས་པ་དེ་དེ་བཞིན་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་གོ་ཆ་འདི་ཡང་བགོས་ཏེ། བདག་ལ་སེམས་ཅན་དུ་དམིགས་པའམ། སེམས་ཅན་ལ་མངོན་པར་ཞེན་པ་གང་ཡང་མེད་དོ། །བཙུན་པ་ཤཱ་རདྭ་ཏིའི་བུ། གོ་ཆ་ད་ནི་ཇི་ལྟར་བདག་གིས་སེམས་
312a
༄#། །ཅན་གྱི་ཁམས་བྲི་བའམ་གང་བར་བྱ་ཞེས་དེ་ལྟར་མ་བགོས་སོ། །བཙུན་པ་ཤཱ་རདྭ་ཏིའི་བུ། ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ། གལ་ཏེ་སངས་རྒྱས་ཀྱི་ཞིང་རེ་རེ་ན་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང ། དེ་བཞིན་གཤེགས་པ་དེ་དག་སོ་སོ་ནས་ཉིན་མཚན་དུ་ཆོས་སྟོན་ཏེ། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་བཞུགས་པར་གྱུར་ལ། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ་རེ་རེས་སེམས་ཅན་ཇི་སྙེད་བཏུལ་བ་དེ་སྙེད་ཀྱི་སེམས་ཅན་དེ་བཞིན་གཤེགས་པ་རེ་རེས། ཆོས་བསྟན་པ་རེ་རེས་བཏུལ་བར་གྱུར་དུ་ཟིན་ཀྱང་སེམས་ཅན་གྱི་ཁམས་ལ་བྲི་བའམ་གང་བར་མངོན་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དབེན་པ་དང ། སེམས་ཅན་སེམས་ཅན་མ་ཡིན་པའི་ཕྱིར་ཏེ། བཙུན་པ་ཤཱ་རདྭ་ཏིའི་བུ། སེམས་ཅན་གྱི་ཁམས་བྲི་བའམ་གང་བར་མི་མངོན་ནོ། །དེ་སྐད་ཅེས་སྨྲས་པ་དང ། ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། གལ་ཏེ་སེམས་ཅན་དབེན་པ་དང ། སེམས་ཅན་སེམས་ཅན་མ་ཡིན་པའི་ཕྱིར་སེམས་ཅན་གྱི་ཁམས་བྲི་བ་དང་གང་བར་མི་མངོན་ན། འོ་ན་བྱང་ཆུབ་ཏུ་མངོན་པར་རྫོགས་པའི་སངས་རྒྱས་ནས་སུ་ལ་ཆོས་སྟོན། དེ་སྐད་ཅེས་སྨྲས་པ་དང །
312b
འཇམ་དཔལ་གཞོན་ནུར་གྱུར་པས་ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རདྭ་ཏིའི་བུ། གང་གི་ཚེ་སེམས་ཅན་ཤིན་ཏུ་མི་དམིགས་པ་དེའི་ཚེ་སུ་ཞིག་མངོན་པར་རྫོགས་པར་འཚང་རྒྱ། སུ་ལ་ཆོས་བསྟན་པར་བྱ། དེ་ཅིའི་ཕྱིར་ཞེ་ན། བཙུན་པ་ཤཱ་རདྭ་ཏིའི་བུ། འདི་ལྟར་ཆོས་ཐམས་ཅད་ཤིན་ཏུ་མི་དམིགས་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ། གང་གི་ཚེ་ཆོས་ཐམས་ཅད་ཤིན་ཏུ་མི་དམིགས་པ་དེའི་ཚེ་ཅི་སེམས་ཅན་དུའང་འདོགས་སམ། ཡང་གལ་ཏེ་འཇམ་དཔལ་ཁྱོད་ལ་འགའ་ཞིག་སེམས་ཅན་ཇི་སྙེད་ཡོད་ཅེས་དེ་སྐད་འདྲི་ན་དེ་ལ་ཁྱོད་ཀྱིས་ཇི་སྐད་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། དེ་སྐད་འདྲི་བ་དེ་ལ་བདག་གིས་འདི་སྐད་དུ་སངས་རྒྱས་ཀྱི་ཆོས་ཇི་སྙེད་ཡོད་པ་དེ་སྙེད་དོ་ཞེས་བགྱིའོ། །བཅོམ་ལྡན་འདས། གལ་ཏེ་ཡང་སེམས་ཅན་གྱི་ཁམས་ཇི་ཙམ་ཞེས་འདྲི་ན། དེ་སྐད་འདྲི་བ་དེ་ལ་བདག་གིས་འདི་སྐད་དུ་སངས་རྒྱས་ཀྱི་ཡུལ་གྱི་ཚད་ཅི་ཙམ་པ་དེ་ཙམ་མོ་ཞེས་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་ལ་གལ་ཏེ་ཡང་ལ་ལ་ཞིག་འདི་སྐད་དུ་སེམས་ཅན་གྱི་ཁམས་གང་དུ་གཏོགས་ཞེས་འདྲི་ན། དེ་ལ་ཁྱེད་ཀྱིས་ཇི་སྐད་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། དེ་སྐད་འདྲི་བ་དེ་ལ་བདག་གིས་
313a
༄#། །འདི་སྐད་དུ་སྐྱེ་བ་མེད་པ་བསམ་གྱིས་མི་ཁྱབ་པ་གང་དུ་གཏོགས་པར་གཏོགས་སོ་ཞེས་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། གལ་ཏེ་ཡང་ལ་ལ་ཞིག་ཁྱོད་ལ་འདི་སྐད་དུ་སེམས་ཅན་གྱི་ཁམས་ཅི་ལ་གནས་ཞེས་འདྲི་ན། དེ་ལ་ཁྱོད་ཀྱིས་ཇི་སྐད་བྱ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། དེ་སྐད་འདྲི་བ་དེ་ལ་བདག་གིས་འདི་སྐད་དུ་སྐྱེ་བ་མེད་པའི་ཁམས་ཅི་ལ་གནས་པ་དེ་ལ་སེམས་ཅན་གྱི་ཁམས་ཀྱང་གནས་སོ་ཞེས་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེའི་ཚེ་ཅི་ལ་གནས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། གང་གི་ཚེ་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེའི་ཚེ་མི་གནས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། མི་གནས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་དུ་ཡང་ཅི་ཡོད། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། གང་ཅི་ལའང་མི་གནས་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེའི་ཚེ། ཁྱོད་ཀྱི་
313b
དགེ་བའི་རྩ་བ་གང་འཕེལ་བའམ། འབྲི་བར་འགྱུར། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། དེའི་ཚེ་བདག་གི་དགེ་བའི་རྩ་བ་འཕེལ་བའམ། འབྲི་བར་འགྱུར་བ་ཅི་ཡང་མ་མཆིས་སོ། །བཅོམ་ལྡན་འདས། གང་ཡང་ཆོས་འགའ་ཞིག་འཕེལ་བའམ། འབྲི་བ་མཆིས་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མ་ལགས་ཏེ། བཅོམ་ལྡན་འདས། གང་ཡང་ཆོས་འགའ་ཞིག་འཕེལ་བའི་སླད་དུའམ། འབྲི་བའི་སླད་དུ་ཉེ་བར་གནས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་མ་ལེགས་པ་རིག་པར་བགྱིའོ། །བཅོམ་ལྡན་འདས། གང་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་མི་སྤོང་ལ། སངས་རྒྱས་ཀྱི་ཆོས་ཀྱང་མི་ལེན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་ཆོས་གང་སྤང་བའམ། བླང་བར་དམིགས་པས་ཆོས་གང་ལ་ཡང་མི་གནས་པའི་སླད་དུའོ། །བཅོམ་ལྡན་འདས། གང་འཁོར་བའི་སྐྱོན་དུ་ཡང་མ་མཆིས་ལ། མྱ་ངན་ལས་འདས་པའི་ཡོན་ཏན་དུ་ཡང་མི་མཆི་བ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། འདི་ལྟར་འཁོར་བ་ཉིད་ཀྱང་མི་མཐོང་ན་འཁོར་བའི་སྐྱོན་སྨོས་ཀྱང་ཅི་འཚལ། མྱ་ངན་ལས་འདས་པ་ཉིད་ཀྱང་མི་དམིགས་ན་མྱ་ངན་ལས་འདས་པའི་ཡོན་ཏན་ལྟ་སྨོས་
314a
༄#། །ཀྱང་ཅི་འཚལ་ཏེ། བཅོམ་ལྡན་འདས། གང་ཆོས་གང་ལ་ཡང་བླང་བའམ། གཟུང་བའམ། དོར་བ་མ་མཆིས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་སོ། །བཅོམ་ལྡན་འདས་གང་ཆོས་གང་ལ་ཡང་འགྲིབ་པའམ། འཕེལ་བ་མི་དམིགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། སྐྱེ་བ་མ་མཆིས་པ་ལ་འགྲིབ་པ་དང ། འཕེལ་པ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས་གང་དེ་ལྟར་བསྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་སོ། །བཅོམ་ལྡན་འདས། གང་ཆོས་གང་སྐྱེ་བའམ། འགག་པར་མི་བགྱིད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་སོ། །བཅོམ་ལྡན་འདས། གང་ཆོས་གང་ལ་ཡང་འགྲིབ་པའམ། རྒྱས་པར་མི་བགྱིད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་ཏེ། བཅོམ་ལྡན་འདས། གང་དེ་ལྟར་བསྒོམ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་སོ། །བཅོམ་ལྡན་འདས། གཞན་ཡང་བསམ་གྱིས་མི་ཁྱབ་པའི་ཆོས་ལ་ཡང་མི་སྨོན་ཅིང་ཉི་ཚེ་བ་ལ་ཡང་མི་སྨོན་གྱི། བཅོམ་ལྡན་འདས། གང་ལ་སྨོན་པ་དང ། གང་གིས་སྨོན་པ་དེ་ཉིད་ཀྱང་མ་མཆིས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་ཏེ། བཅོམ་ལྡན་འདས། དེ་ལྟར་བསྒོམ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
314b
པ་བསྒོམ་པ་ལགས་སོ། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི། འདི་ལྟར་ཆོས་འདི་དག་ནི་མཆོག་གོ། །ཆོས་འདི་དག་ནི་ཐ་མའོ། །ཞེས་བགྱི་བར་ཉེ་བར་མི་གནས་ཤིང ། ཆོས་གང་དག་མཆོག་དང་ཐ་མར་འགྱུར་བའི་ཆོས་དེ་དག་ཀྱང་མི་དམིགས་ཏེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་བསྒོམ་པའི་རྣལ་འབྱོར་ལ་བརྩོན་པའི་རིགས་ཀྱི་བུ་ནི་ཆོས་ཐམས་ཅད་མི་དམིགས་སོ། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་ཆོས་གང་ཡང་མཆོག་ཅེའམ། ཐ་མ་ཞེས་མི་རྟོག་གོ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། སྐྱེ་བ་མ་མཆིས་པ་ལ་མཆོག་གམ། ཐ་མ་ཞེས་བགྱི་བ་གང་ཡང་མ་མཆིས་པའི་སླད་དུའོ། །དེ་བཞིན་ཉིད་དང ། ཡང་དག་པའི་མཐའ་དང ། ཆོས་ཐམས་ཅད་ཀྱི་བར་ལ་ཡང་མཆོག་གམ་ཐ་མ་མ་མཆིས་ཏེ། བཅོམ་ལྡན་འདས། དེ་ལྟར་བསྒོམ་ན་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་བསྒོམ་པ་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ། སངས་རྒྱས་ཀྱི་ཆོས་རྣམས་མཆོག་མ་ཡིན་ནམ། འཇམ་དཔལ་གྱིས་གསོལ་བ། བཅོམ་ལྡན་འདས། གཟུང་དུ་མ་མཆིས་པའི་སླད་དུ་སངས་རྒྱས་ཀྱི་ཆོས་རྣམས་ནི་མཆོག་ལགས་སོ། །བཅོམ་ལྡན་འདས། ཆོས་ཐམས་ཅད་སྟོང་པར་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་
315a
༄#། །རྒྱས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྟོང་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། སྟོང་པ་ཉིད་ལ་མཆོག་གམ་ཐ་མ་ཞེས་བགྱི་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། ལེགས་སོ། །ལེགས་སོ། །འཇམ་དཔལ། དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་བཞིན་ནོ། །འཇམ་དཔལ། སངས་རྒྱས་ཀྱི་ཆོས་རྣམས་བླ་ན་མེད་པ་མ་ཡིན་ནམ། འཇམ་དཔལ་གྱིས་གསོལ་པ། དེ་དེ་ལྟ་ལགས་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ནི་བླ་ན་མ་མཆིས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། འདི་ལྟར་དེ་དག་ལ་ཆོས་ཅུང་ཟད་ཙམ་ཡང་མ་མཆིས་ཤིང་མི་དམིགས་ཏེ། དེ་བས་ན་སངས་རྒྱས་ཀྱི་ཆོས་དེ་དག་ནི་བླ་ན་མ་མཆིས་པའོ། །བཅོམ་ལྡན་འདས། གཞན་ཡང་གང་སངས་རྒྱས་ཀྱི་ཆོས་རྣམས་བསྒྲུབ་པར་ཡང་མི་བགྱིད་ལ། སོ་སོའི་སྐྱེ་བོའི་ཆོས་རྣམས་སྤོང་བར་ཡང་མི་བགྱིད་ཅིང ། སངས་རྒྱས་ཀྱི་ཆོས་རྣམས་འདུལ་བ་ཡང་མ་ལགས། འཛིན་པའང་མ་ལགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་སོ། །བཅོམ་ལྡན་འདས། གཞན་ཡང་གང་ཆོས་གང་ལ་ཡང་མི་སེམས་ལ་རྣམ་པར་མི་རིག་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་
315b
སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་སངས་རྒྱས་ཀྱི་ཆོས་རྣམས་ལ་མི་སེམས་སམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་བདག་གིས་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་གྲུབ་པར་མཐོང་ན་ནི་བདག་སངས་རྒྱས་ཀྱི་ཆོས་རྣམས་ལ་སེམས་ལགས་སོ། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་དག་ནི་སོ་སོའི་སྐྱེ་བོའི་ཆོས་སོ། །འདི་དག་ནི་ཉན་ཐོས་ཀྱི་ཆོས་སོ། །འདི་དག་ནི་རང་སངས་རྒྱས་ཀྱི་ཆོས་སོ། །འདི་དག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་སོ་ཞེས་ཆོས་གང་ལ་ཡང་རྣམ་པར་རྟོག་པས་ཉེ་བར་གནས་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་རྣལ་འབྱོར་ལ་བརྩོན་པའི་རིགས་ཀྱི་བུས་ཆོས་དེ་ཉིད་ཀྱང་མི་དམིགས་ཏེ། གང་ལ་ཆོས་དེ་དག་སོ་སོའི་སྐྱེ་བོའི་ཆོས་ཞེས་བརྗོད་པའམ། སློབ་པའི་ཆོས་ཞེས་བརྗོད་པའམ། མི་སློབ་པའི་ཆོས་ཞེས་བརྗོད་པའམ། རང་སངས་རྒྱས་ཀྱི་ཆོས་ཞེས་བརྗོད་པའམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཞེས་བརྗོད་པ་ཡང་མཐའ་ལས་འདས་པའི་ཆོས་ཉིད་ལགས་པས་ཆོས་དེ་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་བའི་སླད་དུའོ། །བཅོམ་ལྡན་འདས། དེ་ལྟར་བསྒོམ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་སོ། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་
316a
༄#། །བའི་རྣལ་འབྱོར་ལ་བརྩོན་པའི་རིགས་ཀྱི་བུ་ནི་འདི་ལྟར་འདི་ནི་འདོད་པའི་ཁམས་སོ། །འདི་ནི་གཟུགས་ཀྱི་ཁམས་སོ། །འདི་ནི་གཟུགས་མེད་པའི་ཁམས་སོ་ཞེས་བགྱི་བ་ནས་འདི་ནི་འགོག་པའི་དབྱིངས་སོ་ཞེས་བགྱི་བའི་བར་དུ་ཡང་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། འདི་ལྟར་དེས་འགོག་པའི་ཆོས་གང་ལགས་པའི་ཆོས་དེ་གང་ཡང་མི་མཐོང་སྟེ། བཅོམ་ལྡན་འདས། དེ་ལྟར་སྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་རིག་པར་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་གང་ཆོས་གང་ལ་ཡང་ཕན་པའམ། གནོད་པ་ཡང་མི་བགྱིད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི། སངས་རྒྱས་ཀྱི་ཆོས་རྣམས་སྦྱིན་པར་བགྱིད་པ་ཡང་མ་ལགས། སོ་སོའི་སྐྱེ་བོའི་ཆོས་རྣམས་གཅོད་པར་བགྱིད་པ་ཡང་མ་ལགས་སོ། །བཅོམ་ལྡན་འདས། གང་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་མི་འགོག་ལ། སངས་རྒྱས་ཀྱི་ཆོས་རྣམས་མི་འཐོབ་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་སོ། །དེ་སྐད་ཅེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཁྱོད་ཀྱིས་ཆོས་ཟབ་མོ་འདི་ལྟ་བུ་འདི་བསྟན་པ་ལེགས་སོ། །ལེགས་སོ། །འཇམ་དཔལ་ཁྱོད་ཀྱིས་བྱང་ཆུབ་
316b
སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང ། ཉན་ཐོས་ཀྱི་ཐེག་པ་པ་མངོན་པའི་ང་རྒྱལ་ཅན་རྣམས་དང ། བྱང་ཆུབ་སེམས་དཔའི་ཐེག་པ་པ་དམིགས་པ་ཅན་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པར་བྱ་བའི་ཕྱིར་རྒྱ་འདི་བཞག་གོ། འཇམ་དཔལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་བསྟན་པ་འདི་ཐོས་ནས་མི་སྐྲག། མི་དངང ། དངང་བར་མི་འགྱུར་བ་དེ་དག་ནི་སངས་རྒྱས་གཅིག་ལ་བསྙེན་བཀུར་བྱས་པ་མ་ཡིན། སངས་རྒྱས་གཅིག་ལ་དགེ་བའི་རྩ་བ་བསྐྱེད་པ་མ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱ་ཆེར་སྟོན་པར་སྤོབས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། སྤོབས་པར་གྱིས་ཤིག། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། གང་ཆོས་གང་གིས་གནས་པ་མི་དམིགས་པ་དང ། མི་གནས་པ་ཡང་མི་དམིགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཆོས་ཐམས་ཅད་ནི་མི་གནས་པའི་སླད་དུ་མི་དམིགས་པ་སྟེ། བཅོམ་ལྡན་འདས། གང་ཆོས་གང་ལ་ཡང་ལྷག་པར་དམིགས་པའི་སླད་དུ་ཉེ་བར་མི་གནས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་རིག་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན།
317a
༄#། །བཅོམ་ལྡན་འདས། འདི་ལྟར་ཆོས་ཐམས་ཅད་ནི་དམིགས་པ་མ་མཆིས་པའི་སླད་དུ་སྟེ། བཅོམ་ལྡན་འདས། དེ་ལྟར་བསྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་སོ། །བཅོམ་ལྡན་འདས། གཞན་ཡང་གང་ལ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མངོན་དུ་མི་འགྱུར་ན་རང་སངས་རྒྱས་ཀྱི་ཆོས་རྣམས་ལྟ་སྨོས་ཀྱང་ཅི་འཚལ། ཉན་ཐོས་ཀྱི་ཆོས་རྣམས་ཀྱང་མངོན་དུ་མི་འགྱུར་ན་སོ་སོའི་སྐྱེ་བོའི་ཆོས་རྣམས་ལྟ་སྨོས་ཀྱང་ཅི་འཚལ་བ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་ལྟ་བར་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བསྒོམ་པ་གང་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་རྣམས་བསམ་གྱིས་མི་ཁྱབ་པ་ལ་ཡང་སངས་རྒྱས་ཀྱི་ཆོས་རྣམས་བསམ་གྱིས་མི་ཁྱབ་པའོ་ཞེས་རྣམ་པར་མི་རྟོག་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་སོ། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པར་བལྟ་བར་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བསྒོམ་པ་གང་ལ་བརྟེན་ནས་མཐོང་བ་མ་མཆིས་པར་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་སུ་མཐོང་བ་དང ། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ཆོས་སུ་མཐོང་བ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་སོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་
317b
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས་མི་སྐྲག། མི་དངང ། དངང་བར་མི་འགྱུར་བ་དེ་དག་སངས་རྒྱས་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བགྱིད་པར་འགྱུར་རོ། །བཅོམ་ལྡན་འདས། གཞན་ཡང་གང་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་ཏེ། བཅོམ་ལྡན་འདས། དེ་ལྟར་བསྒོམ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་སོ། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་སོ་སོའི་སྐྱེ་བོ་དང ། ཉན་ཐོས་དང ། རང་སངས་རྒྱས་དང ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ་ཡང་ཐ་དད་དུ་མི་བགྱིད་པ་སྟེ། བཅོམ་ལྡན་འདས། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཇི་སྙེད་ཅིག་ལ་བསྙེན་བཀུར་བྱས། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། སྒྱུ་མའི་སྐྱེས་བུའི་སེམས་དང་སེམས་ལས་བྱུང་བ་ཇི་སྙེད་འགག་པ་དེ་སྙེད་ལ་སྟེ། བཅོམ་ལྡན་འདས། བདག་གིས་དེ་བཞིན་གཤེགས་པ་དེ་སྙེད་ལ་བསྙེན་བཀུར་བགྱིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་སངས་རྒྱས་ཀྱི་ཆོས་ལ་ཡང་དག་པར་མ་ཞུགས་སམ། འཇམ་དཔལ་གྱིས་
318a
༄#། །གསོལ་པ། བཅོམ་ལྡན་འདས། གང་སངས་རྒྱས་ཀྱི་ཆོས་ལ་ཡང་དག་པར་ཞུགས་པའི་ཆོས་དེ་གང་ཡང་དམིགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། འོ་ན་སངས་རྒྱས་ཀྱི་ཆོས་དེ་དག་སུ་ལ་ཡོད། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཉིད་ལ་ཡང་སངས་རྒྱས་ཀྱི་ཆོས་ཞེས་བགྱི་བ་དེ་དག་གི་མིང་ཡང་མ་མཆིས་ཏེ་མི་དམིགས་ན་གཞན་རྣམས་ལ་མཆིས་པར་འགྱུར་པ་ལྟ་ཅི་སྨོས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་ཆགས་པ་མེད་པ་ཉིད་རྙེད་དམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། བདག་ཉིད་ཆགས་པ་མ་མཆིས་པ་ཉིད་ལགས་ན་བདག་གིས་ཀྱང་ཆགས་པ་མ་མཆིས་པ་ཉིད་འཐོབ་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཅི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གམ། འཇམ་དཔལ་གྱིས་གསོལ་པ། ཡང་དག་པའི་མཐའ་བཙན་པར་བགྱིས་ན། བཅོམ་ལྡན་འདས་ཉིད་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་མ་ཞུགས་ན་བདག་ལྟ་མཆིས་པར་ཇི་ལྟར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། ཡང་དག་པའི་མཐའ་ཞེས་བྱ་བ་དེ་གང་གི་ཚིག་བླ་དྭགས། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཡང་དག་པའི་མཐའ་ཞེས་བགྱི་བ་དེ་ནི་འཇིག་ཚོགས་ཀྱི་ཚིག་བླ་དྭགས་སོ། །བཅོམ་ལྡན་འདས་ཀྱིས་
318b
བཀའ་སྩལ་པ། འཇམ་དཔལ་ཅི་ལས་བསམས་ཏེ་དེ་སྐད་སྨྲ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། འཇིག་ཚོགས་དེ་ནི་མ་མཆིས་པ་སྟེ། འཇིག་ཚོགས་མ་ལགས་པ་དེ་ནི་མི་འཕོ་ལ། འཕོ་བ་དང་བྲལ་བ་ཡང་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། ཚོགས་དེ་ནི་འཇིག་ཚོགས་མ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས་མོས་ཏེ། མི་སྐྲག། མི་དངང ། དངང་བར་མི་འགྱུར་བ་དེ་དག་ནི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས་མོས་ཏེ། མི་སྐྲག། མི་དངང ། དངང་བར་མི་འགྱུར་བ་དེ་དག་ནི་བྱང་ཆུབ་ལ་ཉེ་བར་གྱུར་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། གང་ཆོས་དེ་དག་རྗེས་སུ་རྟོག་པ་དེ་ཉིད་བྱང་ཆུབ་མཆོག་ལགས་པའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་
319a
༄#། །རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས་མོས་ཏེ། མི་སྐྲག། མི་དངང ། དངང་བར་མི་འགྱུར་བ་དེ་དག་ནི་སངས་རྒྱས་ཉིད་དུ་ལྟ་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། སངས་རྒྱས་ཞེས་བགྱི་བ་དེ་ནི་དོན་དམ་པར་ན་སྐྱེ་བ་མ་མཆིས་པའི་ཚིག་བླ་དྭགས་ལགས་པའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་ལ་སྲིང་མོ་དམིགས་པ་མེད་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ནས་མོས་ཏེ། མི་སྐྲག། མི་དངང ། དངང་བར་མི་འགྱུར་བ་དེ་དག་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་དང ། ཉན་ཐོས་ཀྱི་ཆོས་རྣམས་དང ། རང་སངས་རྒྱས་ཀྱི་ཆོས་རྣམས་དང ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ལ་ལྷག་པར་དམིགས་པར་མི་འགྱུར་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། འདི་ལྟར་ཆོས་ཐམས་ཅད་ནི་མ་མཆིས་པའི་སླད་དུ་མི་དམིགས་པ་སྟེ། དེའི་སླད་དུ་དེ་དག་ལ་དམིགས་པ་མ་མཆིས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུ་ལ་བཀའ་སྩལ་པ། དེ་དེ་བཞིན་ནོ། །ཤཱ་རདྭ་ཏིའི་བུ། དེ་དེ་བཞིན་ཏེ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་བསྟན་པ་འདི་ཐོས་ནས་མོས་ཏེ། མི་སྐྲག། མི་དངང ། དངང་བར་མི་
319b
འགྱུར་བ་དེ་དག་ནི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ། །ཤཱ་རདྭ་ཏིའི་བུ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས་མོས་ཏེ། མི་སྐྲག། མི་དངང ། དངང་བར་མི་འགྱུར་ཞིང་སྤྱི་བོས་ལེན་པ་དེ་དག་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པ་ཡིན་པར་ཁྱོད་ཀྱིས་ཤེས་པར་གྱིས་ཤིག། ཤཱ་རདྭ་ཏིའི་བུ། གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས་མོས་ཏེ། མི་སྐྲག། མི་དངང ། དངང་བར་མི་འགྱུར་བ་དེ་དང་དེ་དག་ནི་སྦྱིན་བདག་དམ་པར་འགྱུར། སྦྱིན་བདག་ཆེན་པོར་འགྱུར། སྦྱིན་བདག་ཁྱད་པར་དུ་འཕགས་པར་འགྱུར་རོ། །ཤཱ་རདྭ་ཏིའི་བུ། དེ་དང་དེ་དག་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་འགྱུར། ཚུལ་ཁྲིམས་དང་ལྡན་པའི་མཆོག་ཏུ་འགྱུར། ཚུལ་ཁྲིམས་དང་ལྡན་པ་ཁྱད་པར་དུ་འཕགས་པར་འགྱུར། ཚུལ་ཁྲིམས་ཀྱི་ཡོན་ཏན་གྱི་ལམ་རྙེད་པར་འགྱུར་རོ། །ཤཱ་རདྭ་ཏིའི་བུ། གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ནས་མོས་ཏེ།་མི་སྐྲག། མི་དངང ། དངང་བར་མི་འགྱུར་བ་དེ་དང་དེ་དག་ནི་བཟོད་པའི་མཆོག་དང ། བརྩོན་འགྲུས་ཀྱི་མཆོག་དང ། བསམ་གཏན་གྱི་མཆོག་དང ། མཚུངས་པ་མེད་པའི་ཤེས་རབ་ཀྱི་མཆོག་དང་ལྡན་པར་འགྱུར་རོ། །ཤཱ་རདྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ཐོས་ནས་མོས་ཏེ། མི་
320a
༄#། །སྐྲག། མི་དངང ། དངང་བར་མི་འགྱུར་བ་དེ་དག་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་བར་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་གཞོན་ནུ་ཁྱོད་ཀྱིས་དོན་གྱི་དབང་ཅི་ཞིག་མཐོང་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འདོད། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་བདག་བྱང་ཆུབ་ཏུ་ཞུགས་ན་ནི་དེ་ལྟར་ན་བདག་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འཚལ་ན། བཅོམ་ལྡན་འདས། བདག་ནི་བྱང་ཆུབ་ཏུ་སྨོན་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འཇམ་དཔལ་གཞོན་ནུར་གྱུར་པ་གང་ལགས་པ་དེ་བྱང་ཆུབ་ཉིད་དོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཁྱོད་ཟབ་མོ་ཟབ་པའི་གནས་འདི་ལྟ་བུ་འདི་སྟོན་པ་ལེགས་སོ། །ལེགས་སོ། །འདི་ལྟར་ཁྱོད་ནི་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་སྟེ། མི་དམིགས་པར་ཚངས་པར་སྤྱོད་པ་ཡུན་རིང་དུ་སྤྱོད་པའོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་བདག་མི་དམིགས་པར་སྤྱོད་པ་ལགས་
320b
ན་ནི་ཆོས་ཐོབ་པ་ཉིད་དུ་འགྱུར་བ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཁྱོད་ཀྱིས་ངའི་ཉན་ཐོས་ཕུན་སུམ་ཚོགས་པ་འདི་དག་མཐོང་ངམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་ཅི་འདྲ་བར་མཐོང ། འཇམ་དཔལ་གྱིས་གསོལ་བ། བཅོམ་ལྡན་འདས། ཇི་ལྟར་སོ་སོའི་སྐྱེ་བོར་མི་མཐོང་བ་དང ། སློབ་པར་མི་མཐོང་བ་དང ། མི་སློབ་པར་མི་མཐོང་བ་དང ། མཐོང་བ་ཡང་མ་མཆིས། མི་མཐོང་བ་ཡང་མ་མཆིས་པ་དེ་ལྟར་མཐོང་ངོ ། །འདི་ལྟར་མང་དུའང་མི་མཐོང་བ་དང ། ཉུང་དུ་ཡང་མི་མཐོང་བ་དང ། དུལ་བར་ཡང་མི་མཐོང་བ་དང ། མ་དུ་ལ་པར་ཡང་མི་མཐོང་བ་དེ་ལྟར་མཐོང་ངོ ། །དེ་ནས་ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཀྱིས་ཉན་ཐོས་ཀྱི་ཐེག་པ་པ་རྣམས་དེ་ལྟར་མཐོང་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཁྱོད་ཀྱིས་ཇི་ལྟར་མཐོང ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རདྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་ཀྱང་རྗེས་སུ་མི་མཐོང ། བྱང་ཆུབ་ཏུ་ཞུགས་པ་ཞེས་བྱ་བའི་ཆོས་ཀྱང་རྗེས་སུ་མི་མཐོང ། བྱང་ཆུབ་ཀྱི་ཕྱིར་སྤྱོད་དོ་ཞེས་བྱ་བའི་ཆོས་ཀྱང་
321a
༄#། །རྗེས་སུ་མི་མཐོང ། མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བའི་ཆོས་ཀྱང་རྗེས་སུ་མི་མཐོང་སྟེ། བཙུན་པ་ཤཱ་རདྭ་ཏིའི་བུ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་པ་དག་དེ་ལྟར་མཐོང་ངོ ། །ཤཱ་རདྭ་ཏིའི་བུས་སྨྲས་པ། འཇམ་དཔལ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཇི་ལྟར་མཐོང ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རདྭ་ཏིའི་བུ། གླང་པོ་ཆེན་པོ་ཞོག་ཅིག་།གླང་པོ་ཆེན་པོ་མ་བསྐྱོད་ཅིག། དེ་སྐད་ཅེས་སྨྲས་པ་དང ། ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། སངས་རྒྱས་ཞེས་བྱ་བ་དེ་གང་གི་ཚིག་བླ་དྭགས། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རདྭ་ཏིའི་བུ། བདག་ཅེས་བྱ་བ་དེ་གང་གི་ཚིག་བླ་དྭགས། ཤཱ་རདྭ་ཏིའི་བུས་སྨྲས་པ། འཇམ་དཔལ། འདི་ལྟ་སྟེ། བདག་ཅེས་བྱ་བ་དེ་ནི་སྐྱེ་བ་མེད་པའི་ཚིག་བླ་དྭགས་སོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རདྭ་ཏིའི་བུ། དེ་དེ་བཞིན་ཏེ།་བདག་ཅེས་བྱ་བ་དེ་གང་གི་ཚིག་བླ་དྭགས་ཡིན་པ་སངས་རྒྱས་ཞེས་བྱ་བ་དེ་ཡང་དེའི་ཚིག་བླ་དྭགས་སོ། །བཙུན་པ་ཤཱ་རདྭ་ཏིའི་བུ། ཡང་འདི་ལྟ་སྟེ། སངས་རྒྱས་ཞེས་བྱ་བ་དེ་ནི་གཞི་མེད་པའི་ཚིག་བླ་དྭགས་སོ། །བཙུན་པ་ཤཱ་རདྭ་ཏིའི་བུ། སངས་རྒྱས་ཞེས་བྱ་བ་དེ་ནི་ཚིག་གིས་ཤེས་པར་བྱ་བར་དཀའ་བའོ། །བཙུན་པ་ཤཱ་རདྭ་ཏིའི་བུ། ཚིག་ཀྱང་འདི་
321b
ནི་ཚིག་གོ་ཞེས་བྱ་བར་བརྟག་པར་དཀའ་ན་སངས་རྒྱས་ཞེས་བྱ་བ་ལྟ་ཅི་སྨོས། བཙུན་པ་ཤཱ་རདྭ་ཏིའི་བུ། སངས་རྒྱས་ཞེས་བྱ་བ་གང་གི་ཚིག་བླ་དྭགས་ཞེས་དེ་སྐད་སྨྲ་བ་ནི། གང་ཡང་དག་པར་མ་གྲུབ་པ་དང ། མ་སྐྱེས་པ་དང ། མི་འགག་པ་སྟེ། གང་ཆོས་གང་དང་ཡང་མི་ལྡན་པ་དེ་ལ་གཞི་ཅི་ཡང་མེད་ཅིང་གཞི་དབྱེར་མེད་ལ་གཞི་མེད་པ་སྟེ། བཙུན་པ་ཤཱ་རདྭ་ཏིའི་བུ། འདི་ལྟ་སྟེ། སངས་རྒྱས་ཞེས་བྱ་བ་དེ་ནི་དེའི་ཚིག་བླ་དྭགས་སོ། །བཙུན་པ་ཤཱ་རདྭ་ཏིའི་བུ། དེ་བཞིན་གཤེགས་པ་ཚོལ་བར་འདོད་པས་བདག་བཙལ་བར་བྱའོ། །བཙུན་པ་ཤཱ་རདྭ་ཏིའི་བུ། བདག་ཅེས་བྱ་བ་དེ་ནི་སངས་རྒྱས་ཀྱི་ཚིག་བླ་དྭགས་ཏེ། ཇི་ལྟར་བདག་ཅེས་བྱ་བ་ཤིན་ཏུ་མེད་ཅིང་མི་དམིགས་པ་དེ་བཞིན་དུ་སངས་རྒྱས་ཀྱང་ཤིན་ཏུ་མེད་ཅིང་མི་དམིགས་སོ། །ཇི་ལྟར་བདག་ཅེས་བྱ་བའི་ཆོས་གང་གིས་ཀྱང་ཚིག་ཏུ་བརྗོད་པ་མ་ཡིན་པ་དེ་བཞིན་དུ་སངས་རྒྱས་ཀྱང་ཆོས་གང་གིས་ཀྱང་ཚིག་ཏུ་བརྗོད་པ་མ་ཡིན་ནོ། །གང་ལ་གྲངས་སུ་བྱ་བ་མེད་པ་དེ་ནི་སངས་རྒྱས་ཞེས་བྱ་སྟེ། བཙུན་པ་ཤཱ་རདྭ་ཏིའི་བུ། བདག་ཅེས་བྱ་བའི་གཞིའི་ཚིག་བླ་དྭགས་དེ་ནི་ཤེས་པར་སླ་བ་མ་ཡིན་ནོ། །བཙུན་པ་ཤཱ་རདྭ་ཏིའི་བུ། དེ་བཞིན་དུ་སངས་རྒྱས་ཞེས་བྱ་བའི་གཞིའི་ཚིག་བླ་དྭགས་འདི་ཡང་ཤེས་པར་སླ་བ་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འཇམ་དཔལ་གཞོན་ནུར་གྱུར་པ་
322a
༄#། །འདི་ནི་ཇི་ལྟར་ལས་དང་པོ་པས་འཚལ་བར་འགྱུར་བ་དེ་ལྟ་བུ་མི་སྟོན་ཏོ། །དེ་སྐད་ཅེས་གསོལ་པ་དང ། འཇམ་དཔལ་གཞོན་ནུར་གྱུར་པས་ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རདྭ་ཏིའི་བུ། ཁོ་བོ་ནི་ཇི་ལྟར་དགྲ་བཅོམ་པ་བྱས་པ་རྟོགས་པ་ཅན་གྱིས་ཀྱང་ཤེས་པར་འགྱུར་བ་དེ་ལྟ་བུའི་ཆོས་མི་སྟོན་ཏོ།། ཁོ་བོ་ནི་ཇི་ལྟར་སུས་ཀྱང་ཤེས་པར་འགྱུར་བ་དེ་ལྟར་བུར་ཡང་མི་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་སུས་ཀྱང་མ་ཤེས། སུས་ཀྱང་རྣམ་པར་མ་ཤེས། སུས་ཀྱང་མངོན་པར་རྫོགས་པར་སངས་མ་རྒྱས། མ་རྟོགས། མ་མཐོང ། མ་ཐོས། མ་དྲན། མ་བསྐྱེད། མ་བཀག། མ་སྨྲས། མ་བསྟན་པའི་ཕྱིར་རོ། །བཙུན་པ་ཤཱ་རདྭ་ཏིའི་བུ། བྱང་ཆུབ་ནི་དེ་ལྟ་བུ་སྟེ། བྱང་ཆུབ་དེ་ཡང་དངོས་པོ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་ཅི་ཡང་མེད་ཅིང ། བྱང་ཆུབ་ཀྱང་བྱང་ཆུབ་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ཡིན་པའི་ཕྱིར་རོ། །ཤཱ་རདྭ་ཏིའི་བུས་སྨྲས་པ། འཇམ་དཔལ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དབྱིངས་མངོན་པར་རྫོགས་པར་སངས་མ་རྒྱས་སམ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རདྭ་ཏིའི་བུ། དེ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་ཤཱ་རདྭ་ཏིའི་བུ། འདི་ལྟར་ཆོས་ཀྱི་དབྱིངས་ཉིད་བཅོམ་ལྡན་འདས་ཡིན་
322b
པའི་ཕྱིར་རོ། །བཙུན་པ་ཤཱ་རདྭ་ཏིའི་བུ། གལ་ཏེ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དབྱིངས་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ན། འོ་ན་ནི་གང་སྐྱེ་བ་མེད་པའི་དབྱིངས་དེ་དང་འགལ་བར་འགྱུར་རོ། །བཙུན་པ་ཤཱ་རདྭ་ཏིའི་བུ། ཆོས་ཀྱི་དབྱིངས་དེ་ཉིད་བྱང་ཆུབ་བོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ནི་སེམས་ཅན་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་བྱ་བ་དེ་ནི་བྱང་ཆུབ་ཀྱི་ཚིག་བླ་དྭགས་ཏེ། དེ་ནི་ཆོས་ཀྱི་དབྱིངས་ཀྱི་གྲངས་སུ་འགྲོ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཡུལ་དུ་ཐ་དད་པ་མེད་པའི་ཕྱིར་རོ། །བཙུན་པ་ཤཱ་རདྭ་ཏིའི་བུ། ཐ་དད་པ་མེད་ཅེས་བྱ་བ་དེ་ནི་རྣམ་པར་རིག་པ་མེད་པའོ། །བཙུན་པ་ཤཱ་རདྭ་ཏིའི་བུ། རྣམ་པར་རིག་པ་མེད་པ་ཞེས་བྱ་བ་དེ་ནི་རྣམ་པར་ཤེས་པར་མི་ནུས་པ་སྟེ། འདུས་བྱས་སུ་རྣམ་པར་རིག་པར་མི་ནུས་པ་ནས་འདུས་མ་བྱས་ཀྱི་བར་དུ་ཡང་རྣམ་པར་རིག་པར་མི་ནུས་པ་སྟེ། དེ་ལ་རྣམ་པར་རིག་པ་གང་ཡང་མེད་པས་དེས་ན་དེ་རྣམ་པར་རིག་པ་མེད་པའོ། ། བཙུན་པ་ཤཱ་རདྭ་ཏིའི་བུ། ཆོས་ཐམས་ཅད་ནི་རྣམ་པར་རིག་པ་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་གང་ལ་གནས་ཏེ་རྣམ་པར་རིག་པར་འགྱུར་བའི་སྐྱེ་བ་མེད་པའི་ཕྱིར་རོ། །གང་དག་མཚམས་མེད་པ་ལ་ཞུགས་པ་དེ་དག་ནི་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པའོ། །གང་དག་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པ་དེ་དག་ནི་ཡང་དག་པ་ལ་ཞུགས་
323a
༄#། །པའོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་ཤཱ་རདྭ་ཏིའི་བུ། ཡང་དག་པ་ཞེས་བྱ་བ་དེ་ནི་གཞི་དབྱེར་མེད་པའི་ཕྱིར་རོ། །གང་དག་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་དེ་ནི་མཐོ་རིས་སུ་འགྲོ་བ་མ་ཡིན། ངན་སོང་དུ་འགྲོ་བ་མ་ཡིན། མྱ་ངན་ལས་འདས་པར་འགྲོ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བསམ་གྱིས་མི་ཁྱབ་པ་ནི་འགྲོ་བ་དང་མི་འགྲོ་བར་ཉེ་བར་གནས་པ་མ་ཡིན་པ་ནས་མྱ་ངན་ལས་འདས་པའི་བར་དུ་འགྲོ་བ་དང་མི་འགྲོ་བར་ཉེ་བར་གནས་པ་མ་ཡིན་པའི་ཕྱིར་རོ། །བཙུན་པ་ཤཱ་རདྭ་ཏིའི་བུ། གང་དག་ལྟུང་བའི་རྩ་བ་བཞི་ལ་གནས་པ་དེ་དག་ཀྱང་རྩ་བ་མེད་པ་ལ་གནས་པའོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་ཤཱ་རདྭ་ཏིའི་བུ། སྐྱེ་བ་མེད་པ་ལ་རྩ་བའམ་རྩེ་མོ་ཞེས་བྱ་བ་མེད་པའི་ཕྱིར་རོ། །རྩ་བ་མེད་པའི་དགེ་སློང་ཞེས་བྱ་བ་དེ་ནི་མི་གནས་པའི་དགེ་སློང་གི་ཚིག་བླ་དྭགས་སོ། །རྩོད་པ་བྱུང་བ་ཞེས་བྱ་བ་ནི་ལྷག་པར་སྒྲོ་འདོགས་པ་ཞེས་བྱ་བའི་ཚིག་བླ་དྭགས་སོ། །བཙུན་པ་ཤཱ་རདྭ་ཏིའི་བུ།་ལྷག་པར་སྒྲོ་འདོགས་པ་ལ་སྤྱོད་པ་ནི་འཇིག་རྟེན་ན་སྦྱིན་གནས་སུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མཉམ་པ་ལ་དེ་ལྷག་པར་སྒྲོ་བཏགས་པའི་ཕྱིར་རོ། །བཙུན་པ་ཤཱ་རདྭ་ཏིའི་བུ། དགེ་སློང་དད་པ་ནི་དད་པས་བྱིན་པ་སྤྱད་པའི་འོས་མ་ཡིན་ནོ། །བཙུན་པ་ཤཱ་རདྭ་ཏིའི་བུ། དགེ་སློང་མ་དད་པ་ནི་དད་པས་བྱིན་པ་སྤྱད་པའི་འོས་སོ། །བཙུན་
323b
པ་ཤཱ་རདྭ་ཏིའི་བུ། རུང་བ་ཅན་གྱི་དགེ་སློང་ནི་དད་པས་བྱིན་པ་སྤྱད་པའི་འོས་མ་ཡིན་ནོ། །བཙུན་པ་ཤཱ་རདྭ་ཏིའི་བུ། རུང་བ་ཅན་མ་ཡིན་པའི་དགེ་སློང་ནི་དད་པས་བྱིན་པ་སྤྱད་པའི་འོས་སོ། །ཚུལ་ཡང་དག་པར་མ་བཅོམ་པའི་དགེ་སློང་ནི་དགྲ་བཅོམ་པ་ཟག་པ་ཟད་པ་ཞེས་བྱའོ། །ཤཱ་རདྭ་ཏིའི་བུས་སྨྲས་པ། འཇམ་དཔལ་ཅི་ལས་བསམས་ཏེ་དེ་སྐད་ཅེས་སྨྲ། འཇམ་དཔལ་གྱིས་སྨྲས་པ།་མཉམ་པ་ཉིད་གང་མཉམ་པ་ཉིད་ཡང་དག་པར་འཇོམས་པར་མི་བྱེད་པ་དེ་ཉིད་ཚུལ་ཡིན་ཏེ། བཙུན་པ་ཤཱ་རདྭ་ཏིའི་བུ། དེ་ལ་བསམས་ནས་ཚུལ་ཡང་དག་པར་མ་བཅོམ་པའི་དགེ་སློང་ནི་དགྲ་བཅོམ་པ་ཟག་པ་ཟད་པ་ཞེས་བྱའོ་ཞེས་དེ་སྐད་སྨྲས་སོ། །བཙུན་པ་ཤཱ་རདྭ་ཏིའི་བུ། འཇིགས་པ་ལས་མ་བརྒལ་བ་ཞེས་བྱ་བ་དེ་ནི་དགྲ་བཅོམ་པ་ཟག་པ་ཟད་པ་ཞེས་བྱ་བའི་ཚིག་བླ་དྭགས་སོ། །ཤཱ་རདྭ་ཏིའི་བུས་སྨྲས་པ། འཇམ་དཔལ། ཅི་ལས་བསམས་ཏེ་དེ་སྐད་སྨྲ། འཇམ་དཔལ་གྱིས་སྨྲས་པ། དེའི་འཇིགས་པ་ཅུང་ཟད་ཙམ་ཡང་མེད་ན་ཅི་ཞིག་ལས་བརྒལ་བར་འགྱུར། ཤཱ་རདྭ་ཏིའི་བུས་སྨྲས་པ། འཇམ་དཔལ། མ་སྐྱེས་པའི་བཟོད་པ་ཅན་ཞེས་བྱ་བ་དེ་གང་གི་ཚིག་བླ་དྭགས། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རདྭ་ཏིའི་བུ། གང་གིས་ཆོས་ཅུང་ཟད་ཙམ་ཡང་མ་བསྐྱེད་པ་ད་མ་སྐྱེས་པའི་བཟོད་པ་ཅན་ཞེས་བྱའོ། །ཤཱ་རདྭ་ཏིའི་བུས་སྨྲས་པ། འཇམ་དཔལ། དགེ་སློང་མ་དུལ་བ་ཞེས་བྱ་བ་དེ་གང་
324a
༄#། །གི་ཚིག་བླ་དྭགས། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རདྭ་ཏིའི་བུ། དགེ་སློང་མ་དུལ་བ་ཞེས་བྱ་བ་དེ་ནི་དགྲ་བཅོམ་པ་ཟག་པ་ཟད་པའི་ཚིག་བླ་དྭགས་སོ། །དེ་ཅིའི་ཕྱིར་ཞེ་ན། མ་དུལ་བ་ནི་དུལ་ལ། དུལ་བ་ནི་མ་དུལ་བས། བཙུན་པ་ཤཱ་རདྭ་ཏིའི་བུ། འདི་ལ་བསམས་ཏེ་དགེ་སློང་མ་དུལ་བ་ཞེས་བྱ་བ་དེ་ནི་དགྲ་བཅོམ་པ་ཟག་པ་ཟད་པའི་ཚིག་བླ་དྭགས་སོ་ཞེས་དེ་སྐད་སྨྲས་སོ། །བཙུན་པ་ཤཱ་རདྭ་ཏིའི་བུ། ལྷག་པའི་སེམས་ལ་སྤྱོད་དོ་ཞེས་བྱ་བ་དེ་ནི། སོ་སོའི་སྐྱེ་བོའི་ཚིག་བླ་དྭགས་སོ། །ཤཱ་རདྭ་ཏིའི་བུས་སྨྲས་པ།་འཇམ་དཔལ། ཅི་ལས་བསམས་ཏེ་དེ་སྐད་སྨྲ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རདྭ་ཏིའི་བུ། འདི་ལྟར་དེ་ལྷག་པར་བྱེད་པའི་ཕྱིར་རོ། །དེ་སྐད་ཅེས་སྨྲས་པ་དང ། ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཀྱིས་དགྲ་བཅོམ་པ་ཟག་པ་ཟད་པ་ཇི་ལྟ་བ་བཞིན་དུ་སྨྲས་པ་ལེགས་སོ། ། ལེགས་སོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རདྭ་ཏིའི་བུ། དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །ཁོ་བོ་ནི་ཟག་པ་ཟད་མོད་ཀྱི། དགྲ་བཅོམ་པ་ནི་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། བཙུན་པ་ཤཱ་རདྭ་ཏིའི་བུ། འདི་ལྟར་ཉན་ཐོས་ཀྱི་ས་དང ། རང་སངས་རྒྱས་ཀྱི་སར་ཁོ་བོའི་བསམ་པ་ཟད་པའི་ཕྱིར་ཏེ། བཙུན་པ་ཤཱ་རདྭ་ཏིའི་བུ། རྣམ་གྲངས་
324b
དེས་ན་ཁོ་བོ་ཟག་པ་ཟད་མོད་ཀྱི། དགྲ་བཅོམ་པ་ནི་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོར་འདུག་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་མེད་པར་འགྱུར་བའི་རྣམ་གྲངས་ཡོད་དམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོར་མཆིས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་པ་མ་མཆིས་པར་འགྱུར་བའི་རྣམ་གྲངས་མཆིས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་ལ་ཅུང་ཟད་ཙམ་གྱི་ཆོས་ཀྱང་མ་མཆིས་ཤིང་མི་དམིགས་པས་དེའི་སླད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བགྱིའོ། །བྱང་ཆུབ་དེ་ཡང་མ་སྐྱེས་པ་སྟེ། དེ་ལ་གང་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་པའམ།་སུ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའམ། གང་གིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའམ། གང་བྱང་ཆུབ་ཀྱི་སྙིང་པོ་ལས་ལྡང་བ་གང་ཡང་མ་མཆིས་ཤིང་མི་དམིགས་ཏེ། བཅོམ་ལྡན་འདས་རྣམ་གྲངས་འདིས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོར་མཆིས་ལ། བླ་ན་མེད་པ་ཡང་དག་པར་
325a
༄#། །རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་པ་མ་མཆིས་སོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ། བྱང་ཆུབ་ཅེས་བྱ་བ་དེ་གང་གི་ཚིག་བླ་དྭགས། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་ཅེས་བགྱི་བ་དེ་ནི་མཚམས་མ་མཆིས་པ་ལྔ་པོ་དག་གི་ཚིག་བླ་དྭགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་དངོས་པོ་མ་མཆིས་པས། མཚམས་མ་མཆིས་པ་ལྔ་པོ་དེ་དག་ཉིད་བྱང་ཆུབ་ཀྱི་རང་བཞིན་ཏེ། དེའི་སླད་དུ་བྱང་ཆུབ་དེ་ནི་མཚམས་མ་མཆིས་པ་ལྔའི་རང་བཞིན་ཅན་ལགས་སོ། །མཚམས་མ་མཆིས་པ་རྣམས་མངོན་པར་རྫོགས་པ་རྟོགས་པ་བྱང་ཆུབ་མ་ལགས། ཆོས་ཐམས་ཅད་མངོན་སུམ་དུ་གྱུར་པ་ཡང་བྱང་ཆུབ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ཆོས་ཐམས་ཅད་ནི་ཤིན་ཏུ་མངོན་སུམ་མ་ལགས་ཏེ། དེ་དག་གང་གིས་ཀྱང་མངོན་པར་རྫོགས་པར་མ་རྟོགས། མ་མཐོང ། མ་ཐོས། མ་འཚལ་པ་ནས་མ་རྟོགས་པའི་བར་གྱི་སླད་དུ་སྟེ། དེ་ལྟ་བུ་དེ་ནི་བྱང་ཆུབ་བོ། །དེ་ལྟ་ལགས་ཀྱིས་ཀྱང ། བཅོམ་ལྡན་འདས། མངོན་པའི་ང་རྒྱལ་ཅན་དག་གིས་ནི་མངོན་པར་རྫོགས་པར་སངས་རྒྱས་པ་ནས་མངོན་སུམ་དུ་བགྱིས་པའི་བར་དུ་དེ་དག་བཞག་གོ་།དེ་སྐད་ཅེས་
325b
གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ། ཅི་ཁྱོད་ང་ལ་འདི་སྙམ་དུ་དེ་བཞིན་གཤེགས་པ་ནི་བདག་གི་དེ་བཞིན་གཤེགས་པའོ་སྙམ་དུ་སེམས་སམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། དེ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། འདི་ལྟར་དེ་བཞིན་གཤེགས་པ་ནི་བདག་གི་དེ་བཞིན་གཤེགས་པའོ་སྙམ་དུ་མི་སེམས་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། འདི་ལྟར་དེ་བཞིན་ཉིད་ནི་དེ་བཞིན་གཤེགས་པ་ཉིད་དེ། དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པ་རྣམ་པར་རིག་པར་མི་བགྱིད་ཅིང ། དེ་བཞིན་གཤེགས་པས་ཀྱང་དེ་བཞིན་ཉིད་རྣམ་པར་རིག་པར་མི་བགྱིད་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། འདི་ལྟར་དོན་དམ་པར་ན་དེ་བཞིན་ཉིད་དངོས་པོ་མ་མཆིས་ཤིང ། དེ་བཞིན་གཤེགས་པ་ཡང་དངོས་པོ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས། དེ་བས་ན་བདག་ནི་འདི་སྙམ་དུ་དེ་བཞིན་གཤེགས་པ་ནི། བདག་གི་དེ་བཞིན་གཤེགས་པའོ་སྙམ་དུ་མི་སེམས་སོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ཞེས་བགྱི་བ་དེ་ནི་མིང་ཙམ་དུ་བས་ན། གང་ལ་བདག་འདི་སྙམ་དུ་དེ་བཞིན་གཤེགས་པ་ནི་བདག་གི་དེ་བཞིན་གཤེགས་པའོ་སྙམ་དུ་སེམས་པར་འགྱུར་བའི་དེ་བཞིན་གཤེགས་པ་དེ་གང་ལགས།
326a
༄#། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་དེ་བཞིན་གཤེགས་པ་ལ་ཐེ་ཚོམ་ཟའམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། དེ་ནི་མ་ལགས་སོ། །བཅོམ་ལྡན་འདས། གལ་ཏེ་དེ་བཞིན་གཤེགས་པ་བྱུང་བའམ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཡང་རུང་སྟེ། དེ་བཞིན་གཤེགས་པར་ཡོངས་སུ་མ་གྲུབ་པར་འགའ་ཞིག་མཆི་ན་ནི་དེ་ལ་བདག་ཐེ་ཚོམ་འཚལ་ལོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཁྱོད་དེ་བཞིན་གཤེགས་པ་བྱུང་ངོ་སྙམ་དུ་མི་སེམས་སམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་ཆོས་ཀྱི་དབྱིངས་ལ་འབྱུང་བ་མཆིས་ན་ནི། བདག་དེ་བཞིན་གཤེགས་པ་བྱུང་ངོ་སྙམ་དུ་སེམས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཡོངས་སུ་མྱ་ངན་ལས་འདས་པར་མི་མོས་སམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟར་བསམ་གྱིས་མི་ཁྱབ་པའི་ཡུལ་དུ་ཡུལ་གཅིག་པ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། དེ་དེ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་
326b
རྣམས་ནི། འདི་ལྟར་བསམ་གྱིས་མི་ཁྱབ་པའི་ཡུལ་དུ་ཡུལ་གཅིག་གོ་།འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། ད་ལྟར་བཞུགས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་པ།་འཇམ་དཔལ། དེ་དེ་བཞིན་ནོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། དེའི་སླད་དུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཡོངས་སུ་མྱ་ངན་ལས་མ་འདས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟར་བསམ་གྱིས་མི་ཁྱབ་པའི་ཡུལ་དུ་ཡུལ་གཅིག་པའི་སླད་དུ་སྟེ། བསམ་གྱིས་མི་ཁྱབ་པ་ཉིད་ནི་སྐྱེ་བ་མ་ལགས། འགག་པ་མ་ལགས་སོ། །བཅོམ་ལྡན་འདས། དེ་བས་ན་བཅོམ་ལྡན་འདས་ཉིད་ཀྱིས། མངོན་པར་རྫོགས་པར་སངས་རྒྱས་ན། གང་དག་མ་མཆིས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་དེ་དག་ཀྱང་དེ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་དོ། །དེ་ཅིའི་སླད་དུ་ཞེ་ན། བསམ་གྱིས་མི་ཁྱབ་པ་ལ་འདས་པའམ། མ་འོངས་པའམ། ད་ལྟར་ཞེས་བགྱི་བ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས། དེ་ལྟ་བས་ན། སུ་དག་འདི་སྙམ་དུ་དེ་བཞིན་གཤེགས་པ་སྐྱེས་སོ་ཞེས་བགྱི་བ་ནས། ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་སེམས་པ་དེ་དག་གི་འཇིག་རྟེན་གནས་པ་ནི་འཁྲུལ་པ་སྟེ། བཅོམ་ལྡན་འདས། དེ་དག་ནི་
327a
༄#། །འཇིག་རྟེན་གནས་པ་འཕྲོགས་པར་བགྱིད་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ། དེའི་ཕྱིར་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པ། བསམ་དུ་མེད་པ། བསམ་གྱིས་མི་ལང་བ། བསམ་པ་ལས་འདས་པ་འདི་དེ་བཞིན་གཤེགས་པའམ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའམ། དགྲ་བཅོམ་པ་ཟག་པ་ཟད་པའི་མདུན་དུ་བརྗོད་ན་རྗོད་ཅིག། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་ཐོས་ནས་བསྔགས་པར་ཡང་མི་འགྱུར། སྤོང་བར་ཡང་མི་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདི་བསམ་གྱིས་མི་ཁྱབ་པ། བསམ་དུ་མེད་པ། བསམ་གྱིས་མི་ལང་བའི་ཕྱིར་རོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་ཅིང ། བསམ་དུ་མ་མཆིས་པ་འདི་ལ་སུ་ཞིག་བསྔགས་པའམ། སྤོང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། ཇི་ལྟར་དེ་བཞིན་གཤེགས་པ་བསམ་གྱིས་མི་ལང་བ་དེ་ལྟར་སོ་སོའི་སྐྱེ་བོ་རྣམས་ཀྱང་བསམ་གྱིས་མི་ལང་བ་ཡིན་ནམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། སོ་སོའི་སྐྱེ་བོ་རྣམས་ཀྱང་དེ་བཞིན་དུ་བསམ་གྱིས་མི་ལང་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་
327b
བཀའ་སྩལ་པ། འཇམ་དཔལ། དེ་དེ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བསམ་པ་ཐམས་ཅད་ནི་བསམ་གྱིས་མི་ལང་བའི་ཕྱིར་རོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། འོ་ན། ཇི་ལྟར་དེ་བཞིན་གཤེགས་པ་བསམ་གྱིས་མི་ལང་བ་དེ་བཞིན་དུ། སོ་སོའི་སྐྱེ་བོ་རྣམས་ཀྱང་བསམ་གྱིས་མི་ལང་བའོ་ཞེས་བཅོམ་ལྡན་འདས་ཀྱིས་ཅིའི་སླད་དུ་དེ་སྐད་ཅེས་བཀའ་སྩལ་པ། བཅོམ་ལྡན་འདས། སོ་སོའི་སྐྱེ་བོ་ཉིད་ཀྱང་བསམ་གྱིས་མི་ལང་བ་མ་ལགས་སམ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། ཆོས་ཐམས་ཅད་བསམ་གྱིས་མི་ལང་བའི་སླད་དུའོ། །བཅོམ་ལྡན་འདས། གང་ལ་ལ་དག་མྱ་ངན་ལས་འདས་པའི་སླད་དུ་ཞུགས་ན། བཅོམ་ལྡན་འདས། དེ་དག་ནི་ཉམ་ཐག་པར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། གང་བསམ་གྱིས་མི་ལང་བ་དེ་ཉིད་མྱ་ངན་ལས་འདས་པ་ལགས་པའི་སླད་དུ་སྟེ། བཅོམ་ལྡན་འདས། དེའི་སླད་དུ་བསམ་གྱིས་མི་ལང་བ་ལ་ཐ་དད་པ་མ་མཆིས་སོ། །བཅོམ་ལྡན་འདས། གང་དག་འདི་སྐད་དུ་འདི་དག་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་སོ། །འདི་དག་ནི་འཕགས་པའི་ཆོས་རྣམས་སོ་ཞེས་མཆི་བ་དེ་དག་ལ་རེ་ཞིག་དགེ་བའི་བཤེས་གཉེན་རྣམས་ལ་བསྙེན་བཀུར་གྱིས་ཤིག་དང ། དེ་ནས་གཟོད་འདི་དག་ནི་སོ་སོའི་སྐྱེ་བོ་ཆོས་རྣམས་སོ། །འདི་དག་ནི་འཕགས་པའི་ཆོས་རྣམས་སོ་ཞེས་བྱ་བར་ཤེས་པར་འགྱུར་རོ་ཞེས་དེ་དག་ལ་འདི་སྐད་བརྗོད་པར་བགྱིའོ། །དེ་སྐད་ཅེས་
328a
༄#། །གསོལ་པ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ། ཁྱོད་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འདོད་དམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་འདི་ལ་སེམས་ཅན་དུ་ཡོངས་སུ་གྲུབ་པ་འགའ་ཞིག་མཆིས་ན་ནི། བདག་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། ཁྱོད་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པའི་ཆོས་དང་ལྡན་པར་འདོད་དམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་བསམ་པའི་ཆོས་དང་ལྡན་པ་འགའ་ཞིག་མཆིས་ན་ནི། བདག་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པའི་ཆོས་དང་ལྡན་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་འདི་ལྟར་ཉན་ཐོས་འདི་དག་ནི་དེ་བཞིན་གཤེགས་པས་བཏུལ་ལོ་ཞེས་བྱ་བར་འདོད་དམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་ལ་ལ་ཞིག་བསམ་གྱིས་མི་ཁྱབ་པའི་དབྱིངས་འདུལ་བར་འགྱུར་ན་ནི། བདག་ཉན་ཐོས་འདི་དག་དེ་བཞིན་གཤེགས་པས་བཏུལ་ལོ་ཞེས་བགྱི་བ་དེ་ལྟར་འཚལ་ལོ། །བཅོམ་ལྡན་འདས། སངས་རྒྱས་འབྱུང་བ་ནི་གང་ལ་ཕན་པའམ། གནོད་
328b
པར་ཡང་ཉེ་བར་གནས་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དབྱིངས་འདི་ནི་གནས་པ་ཉིད་དང ། དབྱིངས་འདི་ནི་མ་འདྲེས་པ་ཉིད་དེ། འདི་ལྟ་སྟེ། བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་གནས་པའི་སླད་དུའོ། །དབྱིངས་དེ་ལ་ནི་ཉན་ཐོས་ཐ་དད་པ་ནས་སོ་སོའི་སྐྱེ་བོ་ཐ་དད་པའི་བར་དུ་མི་དམིགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་པ། འཇམ་དཔལ། ཁྱོད་འདི་ལྟར་དེ་བཞིན་གཤེགས་པ་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ཡིན་པར་མི་འདོད་དམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། དངོས་པོ་མ་མཆིས་པའི་སླད་དུ། དེ་བཞིན་གཤེགས་པ་བསོད་ནམས་ཀྱི་ཞིང་སྟེ། དེའི་སླད་དུ་དེ་ནི་བསོད་ནམས་ཀྱི་ཞིང་བླ་ན་མ་མཆིས་པའོ། །དེ་ནི་ཞིང་གང་བ་མ་ལགས། ཞིང་མ་གང་བ་ཡང་མ་ལགས་ཤིང ། ཞིང་མ་ལགས་པ་ཡང་མ་ལགས་ཏེ། དེའི་སླད་དུ་དེ་ནི་བསོད་ནམས་ཀྱི་ཞིང་བླ་ན་མ་མཆིས་པའོ། །བཅོམ་ལྡན་འདས། ཡང་དེ་ལ་ཆོས་གང་ཡང་ཡང་དག་པར་འགྲུབ་པར་མི་འགྱུར། བས་པར་མི་འགྱུར་ཏེ། དེ་ལྟར་ན་དེ་བསོད་ནམས་ཀྱི་ཞིང་ལགས་སོ། །དེ་ལ་ས་བོན་བཏབ་པ་ནི་རྣམ་པར་མི་འཕེལ་ཞིང་ཡོངས་སུ་མི་འགྲིབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་འཇམ་དཔལ་ཁྱོད་ཀྱིས་ཅི་ལས་བསམས་ཏེ། ཞིང་དེ་ལ་ས་བོན་བཏབ་པ་རྣམ་པར་མི་འཕེལ་ཞིང་ཡོངས་སུ་མི་འགྲིབ་པའོ། །ཞེས་དེ་སྐད་སྨྲ། འཇམ་དཔལ་གྱིས་གསོལ་
329a
༄#། །པ།་བཅོམ་ལྡན་འདས། འདི་ལྟར་ཞིང་དེ་ནི་བསམ་གྱིས་མི་ཁྱབ་སྟེ། དེ་ལྟར་ན་དེ་བསོད་ནམས་ཀྱི་ཞིང་ལགས་སོ། །དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུས་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ། །དགེ་སློང་ཁྲི་དྲུག་སྟོང་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་མ་བདུན་བརྒྱ་དང ། དགེ་བསྙེན་སུམ་བརྒྱ་དང ། དགེ་བསྙེན་མ་བཞི་ཁྲི་དང ། འདོད་པ་ན་སྤྱོད་པའི་ལྷ་བྱེ་བ་ཁྲག་ཁྲིག་དྲུག་ཅུ་ནི་ཆོས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་ཞིང་དྲི་མ་མེད་པ་སྐྱེས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། ཆོས་གོས་ཕྲག་པ་གཅིག་ཏུ་ཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འཇིག་རྟེན་དུ་དོག་ས་ཆེར་གཡོས་པ་བྱུང་བ་འདིའི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ། བསོད་ནམས་ཀྱི་ཞིང་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ས་ཕྱོགས་འདི་ཉིད་དུ་གསུངས་ཏེ། ཀུན་དགའ་བོ། འཇིག་རྟེན་དུས་གཡོས་པ་འབྱུང་བ་འདིའི་རྒྱུ་ནི་དེ་ཡིན། རྐྱེན་ནི་དེ་ཡིན་ནོ། །
329b
དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུས་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས། འཇམ་དཔལ་འདི་ནི་བསམ་གྱིས་མི་ཁྱབ་པའི་དཔལ་ལོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་འདིའི་སྤོབས་པ་གང་དང་གང་ལགས་པའི་སྤོབས་པ་དེ་དང་དེ་ཉིད་བསམ་གྱིས་མི་ཁྱབ་པ་ཉིད་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་བ། འཇམ་དཔལ། དགེ་སློང་ཤཱ་རདྭ་ཏིའི་བུས་ཚིག་ཇི་སྐད་སྨྲས་པ་དེ་དེ་བཞིན་ཏེ། འཇམ་དཔལ་གཞོན་ནུར་གྱུར་པའི་སྤོབས་པ་གང་དང་གང་ཡིན་པའི་སྤོབས་པ་དེ་དག་ཐམས་ཅད་ནི་བསམ་གྱིས་མི་ཁྱབ་པ་ཉིད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བསམ་གྱིས་མི་ཁྱབ་པ་ནི་སྤོབས་པར་མི་འགྱུར་རོ། །གལ་ཏེ་བསམ་གྱིས་མི་ཁྱབ་པ་སྤོབས་པར་འགྱུར་ན་ནི་བསམ་དུ་མཆིས་པ་ཉིད་དུ་འགྱུར་རོ། །གང་ཡང་བསམ་གྱིས་མི་ཁྱབ་པ་མ་ལགས་པའི་བསམ་གྱིས་མི་ཁྱབ་པ་ཅི་ཡང་མ་མཆིས་སོ། །བཅོམ་ལྡན་འདས། སྒྲ་ཐམས་ཅད་ནི་བསམ་གྱིས་མི་ཁྱབ་པ་སྟེ། བསམ་གྱིས་མི་ཁྱབ་པ་ཉིད་ནི་སྒྲ་མ་ལགས་སོ། །སྒྲ་མ་ལགས་པ་དང ། སྒྲ་མ་ལགས་པ་ཡང་མ་ལགས་པ་ནི་བསྟན་པར་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གམ།
330a
༄#། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། དེ་ནི་མ་ལགས་ཏེ། བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་བདག་སྙོམས་པར་མི་འཇུག་གོ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་བདག་ཉིད་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལགས་པའི་སླད་དུའོ། །བཅོམ་ལྡན་འདས། གལ་ཏེ་བསམ་དུ་རུང་བ་ལགས་ན་ནི། བདག་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ། བཅོམ་ལྡན་འདས། ཏིང་ངེ་འཛིན་ཞེས་བགྱི་བ་དེ་ནི་བསམ་དུ་མ་མཆིས་པ། བསམ་གྱིས་མི་ཁྱབ་པ། བསམ་གྱིས་མི་ལང་བ་ལགས་ན། ཇི་ལྟར་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བགྱི། དེ་ལྟ་ལགས་ཀྱིས་ཀྱང ། བཅོམ་ལྡན་འདས། བདག་སྔོན་ལས་དང་པོ་པའི་ཚེ་ན། བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ། སྙམ་དུ་དེ་སྙམ་བསམ་པར་གྱུར་ཏོ། །བཅོམ་ལྡན་འདས། ད་ལྟར་ནི་བདག་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ་སྙམ་དུ་ཡང་དེ་ལ་སེམས་པ་ཀུན་དུ་འབྱུང་བ་མ་མཆིས་སོ། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་ན། འཕོང་གི་སློབ་དཔོན་ནི་སྔོན་ལས་དང་པོ་པའི་ས་ན་སློབ་པའི་ཚེ། འདི་སྙམ་དུ་བ་གླང་གི་ཕུར་པ་དག་ལ་ཕོག་པར་བྱའོ་སྙམ་དུ་སེམས་སོ། །དེ་གང་གི་ཚེ་སྐྲ་ལ་ཕོག་པར་གྲུབ་པར་གྱུར་པ་དེའི་ཚེ། འདི་ལྟར་སྐྲ་ལ་ཕོག་པར་ལེགས་པར་ལོབས་པའི་སླད་དུ། དེ་ཡང་འདི་སྙམ་དུ་བདག་
330b
གིས་བ་གླང་གི་ཕུར་པ་དག་ལ་ཕོག་པར་བྱའོ་སྙམ་དུ་སེམས་པ་མི་འབྱུང་ངོ ། །ཇི་སྟེ་གང་གི་ཚེ་སྐྲ་ལ་ཕོག་པར་འཚལ་བ་དེའི་ཚེ། སྒྲིམ་མི་འཚལ་བར་ཕོག་པར་འགྱུར་རོ། །བཅོམ་ལྡན་འདས། དེ་བཞིན་དུ་བདག་སྔོན་ནི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ་སྙམ་དུ་དེ་སྙམ་དུ་བསམ་པར་གྱུར་ཏོ། །གང་གི་ཚེ་བདག་གིས་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་ཏིང་ངེ་འཛིན་འདིས་གནས་པ་དེའི་ཚེ། བདག་སླར་ཡང་ཏིང་ངེ་འཛིན་འདིས་གནས་པར་བགྱིའོ་སྙམ་དུ་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་དང་གང་གི་ཚེ་ཏིང་ངེ་འཛིན་འདིས་གནས་པ་དེ་དང་དེའི་ཚེ། ཏིང་ངེ་འཛིན་འདི་གདགས་སུ་མ་མཆིས་པའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འཇམ་དཔལ་གཞོན་ནུར་གྱུར་པ་ནི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་འདིས་གནས་པའི་ཚེ་འདི་ལ་ཡིད་མི་རྟོན་ན། བཅོམ་ལྡན་འདས། བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་འདི་བས་ཆེས་ཞི་བའི་ཏིང་ངེ་འཛིན་གཞན་ལྟ་མཆིས་སམ་དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རདྭ་ཏིའི་བུ། འདི་སྐད་དུ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་འདི་བས་ཆེས་ཞི་བའི་ཏིང་ངེ་འཛིན་གཞན་ལྟ་མཆིས་སམ་ཞེས་འདྲི་ན། བཙུན་པ་ཤཱ་རདྭ་ཏིའི་བུ་ཁྱོད་ཀྱིས་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་འདི་ཞི་བ་ཡིན་པར་ཇི་
331a
༄#། །ལྟར་ཤེས། བཙུན་པ་ཤཱ་རདྭ་ཏིའི་བུ། གལ་ཏེ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་འདི་ཡོད་ཅིང་དམིགས་ན་ནི། བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་འདི་བས་ཆེས་ཞི་བའི་ཏིང་ངེ་འཛིན་གཞན་ཡོད་པར་འགྱུར་རོ། །ཤཱ་ར་དྭ་ཏིའི་བུས་སྨྲས་པ། འཇམ་དཔལ། བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་འདི་མེད་ཅིང་མི་དམིགས་པ་ཡིན་ནམ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རདྭ་ཏིའི་བུ། འདི་ལྟར་དེ་ནི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ཏེ། དེ་བས་ན་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་འདི་ནི་མེད་དེ་མི་དམིགས་པའོ། །དེ་ལྟ་མོད་ཀྱི། བཙུན་པ་ཤཱ་རདྭ་ཏིའི་བུ། བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ཐོབ་པ་ནི་སུ་ཡང་མེད་དོ། །བཙུན་པ་ཤཱ་རདྭ་ཏིའི་བུ། སེམས་ཅན་ཐམས་ཅད་ཀྱང་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ཐོབ་པའོ། །དེ་ཅིའི་ཕྱིར་ཞེ་ན། བསམ་པ་ཐམས་ཅད་ནི་བསམ་གྱིས་མི་ཁྱབ་པ་ཡིན་ལ། གང་བསམ་གྱིས་མི་ཁྱབ་པ་དེ་ནི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ཡིན་ཏེ། དེ་བས་ན་སེམས་ཅན་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་འདི་ཐོབ་པའོ།། །།བམ་པོ་གཉིས་པ་སྟེ་ཐ་མའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཁྱོད་ཀྱིས་ཟབ་མོ་ཟབ་པའི་གནས་འདི་ལྟ་བུ་ཐམས་ཅད་བསྟན་པ་ལེགས་སོ། །ལེགས་སོ། །འདི་ལྟར་འཇམ་དཔལ་ཁྱོད་ནི་
331b
སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་སྟེ། མི་དམིགས་པར་ཚངས་པར་སྤྱོད་པ་ཡུན་རིང་དུ་སྤྱོད་པའོ། །ཅི་འཇམ་དཔལ་ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། དེ་སྐད་སྨྲའོ་སྙམ་དུ་སེམས་སམ།་འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། གལ་ཏེ་བདག་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་འདི་སྐད་མཆི་ན་ནི། འོ་ན་དམིགས་པ་ལ་གནས་ཏེ་དེ་སྐད་མཆི་བར་འགྱུར། བདག་ཏུ་འདུ་ཤེས་པ་ལ་གནས་ནས་དངོས་པོའི་འདུ་ཤེས་ཀྱི་བར་ལ་གནས་ཏེ་དེ་སྐད་མཆི་བར་འགྱུར་རོ། །དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་འདི་སྐད་མི་མཆིའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་སུ་གྱུར་ཏམ། ཇི་སྟེ་གནས་མ་ལགས་པ་ཞིག་ཏུ་གྱུར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས་པར་འགྱུར་རོ། །བཅོམ་ལྡན་འདས། བདག་གི་གནས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་ཏེ། གནས་མ་མཆིས་པ། ཀུན་ནས་འབྱུང་བ་མ་མཆིས་པ། གོ་སྐབས་མ་མཆིས་པ། འབྱུང་བ་མ་མཆིས་པ་ལགས་སོ། །དེ་ལྟར་ན་གནས་དེ་ནི་ཆོས་གང་གི་གནས་ཀྱང་མ་ལགས་སོ། །དེའི་སླད་དུ་གནས་དེ་ནི་བསམ་གྱིས་མི་ཁྱབ་པའི་གནས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་ལགས་སོ། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་ནི་ཆོས་ཐམས་ཅད་ཀྱི་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་
332a
༄#། །བགྱི་བ་དེ་ནི། འདི་ལྟ་སྟེ། བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱི་ཚིག་བླ་དྭགས་སོ། །བསམ་གྱིས་མི་ཁྱབ་པའི་དབྱིངས་གང་ལགས་པ་དེ་སྐྱེ་བ་མ་མཆིས་པའི་དབྱིངས་སོ། །སྐྱེ་བ་མ་མཆིས་པའི་དབྱིངས་གང་ལགས་པ་དེ་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་གང་ལགས་པ་དེ་ཀུན་ཏུ་འབྱུང་བ་མ་མཆིས་པའི་དབྱིངས་སོ། །ཀུན་ཏུ་འབྱུང་བ་མ་མཆིས་པའི་དབྱིངས་གང་ལགས་པ་དེ་བསམ་གྱིས་མི་ཁྱབ་པའི་དབྱིངས་སོ། །བསམ་གྱིས་མི་ཁྱབ་པའི་དབྱིངས་གང་ལགས་པ་དེ་བདག་གི་དབྱིངས་སོ། །བདག་གི་དབྱིངས་གང་ལགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབྱིངས་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབྱིངས་དང་བདག་གི་དབྱིངས་འདི་ནི་གཉིས་སུ་མ་མཆིས་ཏེ་གཉིས་སུ་དབྱེར་མ་མཆིས་སོ། །གང་གི་སླད་དུ་འདི་གཉིས་སུ་མ་མཆིས་ཏེ་གཉིས་སུ་དབྱེར་མ་མཆིས་པ་དེའི་སླད་དུ་འདི་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་སོ། །གང་གི་སླད་དུ་འདི་བསམ་གྱིས་མི་ཁྱབ་པའི་དབྱིངས་ལགས་པ་དེའི་སླད་དུ་འདི་ནི་སྐྱེ་བ་མ་མཆིས་པའི་དབྱིངས་སོ། །གང་གི་སླད་དུ་འདི་སྐྱེ་བ་མ་མཆིས་པའི་དབྱིངས་ལགས་པ་དེའི་སླད་དུ་འདི་ནི་ཆོས་ཀྱི་དབྱིངས་སོ། །གང་གི་སླད་དུ་འདི་ཆོས་ཀྱི་དབྱིངས་ལགས་པ་དེའི་སླད་དུ་འདི་ནི་ཀུན་ཏུ་འབྱུང་བ་མ་མཆིས་པའི་དབྱིངས་སོ། །གང་གི་སླད་དུ་ཀུན་ཏུ་འབྱུང་བ་མ་མཆིས་པའི་དབྱིངས་ལགས་པ་དེའི་སླད་དུ་འདི་
332b
ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་སོ། །གང་གི་སླད་དུ་འདི་བསམ་གྱིས་མི་ཁྱབ་པའི་དབྱིངས་ལགས་པ་དེའི་སླད་དུ་འདི་ནི་བདག་གི་དབྱིངས་སོ། །གང་གི་སླད་དུ་འདི་བདག་གི་དབྱིངས་ལགས་པ་དེའི་སླད་དུ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབྱིངས་སོ། །གང་གི་སླད་དུ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབྱིངས་ལགས་པ་དེའི་སླད་དུ་འདི་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་སོ།། གང་གི་སླད་དུ་འདི་བསམ་གྱིས་མི་ཁྱབ་པའི་དབྱིངས་ལགས་པ་དེའི་སླད་དུ་འདི་ནི་ཡང་དག་པར་འགྲུབ་པ་མ་མཆིས་པའི་དབྱིངས་སོ། །ཡང་དག་པར་འགྲུབ་པ་མ་མཆིས་པ་གང་ལགས་པ་དེ་མཆིས་པ་མ་ལགས་སོ། །གང་མཆིས་པ་མ་ལགས་པ་དེ་ནི་འཇིག་པར་མི་འགྱུར་རོ། །གང་འཇིག་པར་མི་འགྱུར་བ་དེ་ནི་བསམ་གྱིས་མི་ཁྱབ་པ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པའི་དབྱིངས་དང ། བདག་གི་དབྱིངས་འདི་ནི་གཉིས་སུ་མ་མཆིས་ཏེ་གཉིས་སུ་དབྱེར་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་གང་བདག་བསྒོམ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་མོ་ཞེས་བཀའ་སྩལ་པ་དེ་ཡང་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་ནི་བདག་གི་དབྱིངས་ཀྱི་ཚིག་བླ་དྭགས་ལགས་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། གང་གིས་བདག་གི་དབྱིངས་འཚལ་པ་དེས་ཆགས་པ་མ་མཆིས་པའི་དབྱིངས་འཚལ་ཏོ། །གང་གིས་ཆགས་པ་མ་མཆིས་པ་ཉིད་འཚལ་བ་དེས་ཆོས་གང་ཡང་འཚལ་བ་མ་
333a
༄#། །མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ནི་སངས་རྒྱས་ཀྱི་ཡེ་ཤེས་ལགས་ཏེ། ཆོས་གང་ལ་ཡང་ཤེས་པ་མ་མཆིས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ལགས་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། ཡེ་ཤེས་དེ་ནི་དོན་དམ་པར་ན་མཆིས་པ་མ་ལགས་ཏེ། གང་དོན་དམ་པར་མ་མཆིས་པ་དེ་ཆོས་ཀྱི་འཁོར་ལོ་བསྐོར་བར་ཡང་ཇི་ལྟར་འགྱུར། གང་གི་ཚེ་ཡེ་ཤེས་དེ་དོན་དམ་པར་མ་མཆིས་པ་དེའི་ཚེ་ཡེ་ཤེས་དེ་ནི་ཆགས་པ་མ་མཆིས་པའོ། །གང་གི་ཚེ་ཡེ་ཤེས་དེ་ཆགས་པ་མ་མཆིས་པ་དེའི་ཚེ་ཡེ་ཤེས་དེ་ནི་དངོས་པོ་མ་མཆིས་པའོ། །གང་གི་ཚེ་ཡེ་ཤེས་དེ་དངོས་པོ་མ་མཆིས་པ་དེའི་ཚེ་ཡེ་ཤེས་དེ་ནི་ཡུལ་མ་མཆིས་པའོ། །གང་གི་ཚེ་ཡེ་ཤེས་དེ་ཡུལ་མ་མཆིས་པ་དེའི་ཚེ། ཡེ་ཤེས་དེ་ནི་མི་གནས་པའོ། །གང་གི་ཚེ་ཡེ་ཤེས་དེ་མི་གནས་པ་དེའི་ཚེ་ཡེ་ཤེས་དེ་ནི་བརྟེན་པ་མ་མཆིས་པའོ། །གང་གི་ཚེ་ཡེ་ཤེས་དེ་བརྟེན་པ་མ་མཆིས་པ་དེའི་ཚེ་ཡེ་ཤེས་དེ་ནི་མ་བསྐྱེད་པའོ། །མ་ཐོབ་པའོ། །སྐྱེ་བར་མི་འགྱུར་བའོ། །དེ་ཅིའི་སླད་དུ་ཞེ་ན། ཡེ་ཤེས་དེ་ནི་ཡོན་ཏན་གྱིས་འདུས་བགྱིས་པའམ། ཡོན་ཏན་མ་ལགས་པས་འདུས་བགྱིས་པ་ཡང་མ་ལགས་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་ཡེ་ཤེས་དེ་ནི་བསམ་གྱིས་མི་ཁྱབ་པ་སྟེ། དེའི་སླད་དུ་ཡོན་ཏན་ནམ་ཡོན་ཏན་མ་ལགས་པར་ཡང་ཇི་སྐད་དུ་བསྟན་པར་བགྱི།
333b
གང་གི་སླད་དུ་ཡེ་ཤེས་དེ་བསམ་གྱིས་མི་ཁྱབ་པ་དེའི་སླད་དུ་ཡེ་ཤེས་དེ་ནི་བསམ་དུ་མ་མཆིས་པ་སྟེ། གང་དེ་ལྟར་ཤེས་པ་དེ་ནི་མི་དམིགས་པའི་ཚུལ་དུ། སངས་རྒྱས་ཀྱི་ཡེ་ཤེས་ལགས་སོ། ། ཡེ་ཤེས་དེ་ནི་ཆོས་གང་ཡང་མངོན་པར་རྫོགས་པར་འཚང་རྒྱ་བའམ། མཁྱེན་པ་མ་མཆིས་སོ། །ཡེ་ཤེས་དེ་ནི་སྔོན་གྱི་མཐའ་འམ། ཕྱི་མའི་མཐའ་ནས་མ་མཆིས་པ་ལགས་སོ། །ཡེ་ཤེས་དེ་ནི་སྔོན་སྐྱེས་པའང་མ་ལགས། ཡེ་ཤེས་དེ་ནི་སྔོན་མ་སྐྱེས་པའང་མ་ལགས་ཏེ། སྔོན་མ་སྐྱེས་པའི་སླད་དུ་གང་མ་སྐྱེས་པ་དེ་ནི་ནུབ་པར་ཡང་མི་འགྱུར། ཆད་པར་ཡང་མི་འགྱུར་རོ། །ཡེ་ཤེས་དེ་དང་འདྲ་བའི་ཡེ་ཤེས་གང་ཡང་མ་མཆིས་ཏེ། དེའི་སླད་དུ་ཡེ་ཤེས་དེ་ནི་བསམ་གྱིས་མི་ཁྱབ་ཅིང ། འདྲ་བ་མ་མཆིས་པའོ། །ཡེ་ཤེས་དེ་ནི་ཐོག་མ་དང ། དབུས་དང ། ཐ་མ་མི་དམིགས་པ་སྟེ།་དེའི་སླད་དུ་ཡེ་ཤེས་དེ་ནི་ནམ་མཁའ་དང་འདྲ་བའོ། །ཡེ་ཤེས་དེ་ལ་མཉམ་པའམ། མི་མཉམ་པ་མི་དམིགས་སྟེ། དེའི་སླད་དུ་ཡེ་ཤེས་དེ་ནི་མཉམ་པ་དང་མཉམ་པའོ། །ཡེ་ཤེས་དེ་ནི་དེ་འདྲ་བའི་ཡེ་ཤེས་གཞན་མི་དམིགས་ཏེ། དེའི་སླད་དུ་ཡེ་ཤེས་དེ་ནི་མཚུངས་པ་མ་མཆིས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ། ཡེ་ཤེས་འདི་མི་བསྒྱུར་བ་མ་ཡིན་ནམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཡེ་ཤེས་འདི་ནི་མ་བགྱིས་པ་སྟེ། དེའི་སླད་དུ་འདི་མི་
334a
༄#། །བསྒྱུར་བ་ལགས་སོ། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་ན། ཀར་ཤ་པ་ན་རྟགས་མ་བཏབ་པ་ནི་བསྒྱུར་བ་ཡང་མ་ལགས། མི་བསྒྱུར་བ་ཡང་མ་ལགས་པའི་གྲངས་སུ་མཆིའོ། །བཅོམ་ལྡན་འདས། དེ་བཞིན་དུ་ཡེ་ཤེས་འདི་ཡང་མ་བགྱིས་པ། མ་བསྒྲུབས་པ། མ་བསྐྱེད་པ། མ་བྱུང་བ། མ་འགག་པ་སྟེ། དེའི་སླད་དུ་མི་བསྒྱུར་བ་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ། དེ་བཞིན་གཤེགས་པའི་ཡེ་ཤེས་བསྟན་པ་འདི་ལ་འདི་ལྟར་བསྟན་པར་སུ་དག་མོས།་འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། གང་དག་འཁོར་བའི་ཆོས་ཅན་ཡང་མ་ལགས། ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཅན་ཡང་མ་ལགས་པ་དང ། གང་དག་འཇིག་ཚོགས་ལས་ཀྱང་མ་བསྐྱོད་པ་དང ། གང་དག་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་ཀྱང་མ་བས་པ་དེ་དག་མོས་སོ། །དེ་ཅིའི་སླད་དུ་ཞེ་ན། མི་བས་པ་ནི་བས་པར་མི་འགྱུར་ཏེ། ཡོངས་སུ་བས་པར་ཡང་མི་མཆིའོ། །གང་དག་འཁོར་བ་ལས་མ་འདས་ལ། འཁོར་བའི་གྲངས་སུ་ཡང་མི་མཆི་བ་དང ། གང་དག་ལམ་དང་བྲལ་བ་ཡང་མ་ལགས་ཤིང ། ལམ་གྱི་འདུ་ཤེས་ཀྱང་མི་བསྐྱེད་པ་དེ་དག་གིས་བསྟན་པ་འདིའི་དོན་འཚལ་བར་འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་
334b
པ་ལ་འདི་སྐད་ཅེས་བཀའ་སྩལ་ཏེ། །འཇམ་དཔལ། ལེགས་སོ། །ལེགས་སོ། །ཁྱོད་ཀྱིས་ཚིག་འདི་ལེགས་པར་སྨྲས་པའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། མ་མཆིས་པའི་དུས་ན། གང་ལ་ལ་ཆོས་འདུལ་བ་ཟབ་མོ་འདི་དང ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཉན་པ་དང ། མོས་པ་དང ། ཀུན་འཚལ་བ་དང ། རབ་ཏུ་འཛིན་པར་འགྱུར་བ་འབྱུང་བ་མཆིས་སམ། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང ། འཁོར་འདི་ཉིད་ནའང་གང་དག་མ་འོངས་པའི་དུས་ན་ཆོས་འདུལ་བ་ཟབ་མོ་འདི་དང ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཉན་པ་དང ། མོས་པ་དང ། ཀུན་ཤེས་པ་དང ། རབ་ཏུ་འཛིན་པར་འགྱུར་བའི་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་དེ་དག་ཡོད་དོ། །འོད་སྲུང ། འདི་ལྟ་སྟེ། དཔེར་ན། ཁྱིམ་བདག་གམ། ཁྱིམ་བདག་གི་བུ་ཞིག་ནོར་བུ་རིན་པོ་ཆེ་བརྒྱ་སྟོང་རི་བ་སྟོར་ན། སྡུག་བསྔལ་བ་དང ། ཡིད་མི་བདེ་བར་འགྱུར་རོ། །དེ་ཉིད་རྙེད་ན་བདེ་བ་དང ། ཡིད་བདེ་བ་སྐྱེ་ཞིང་ཀུན་ནས་དཀྲིས་པའི་ཡིད་ལ་བྱེད་པ་མེད་པར་འགྱུར་རོ། །འོད་སྲུང ། དེ་བཞིན་དུ་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མ་སྐྱེས་པ་དང ། མ་བྱུང་བ་དང ། རང་བཞིན་གྱིས་
335a
༄#། །ཡོངས་སུ་མྱ་ངན་ལས་འདས་པ་ནས། དངོས་པོ་མེད་པའི་བར་དུ་མ་ཐོས་པ་ན་འདི་སྙམ་དུ་བདག་ཅག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་མ་སྐྱེས་པ་དང ། མ་བྱུང་པ་དང ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ནས། དངོས་པོ་མེད་པའི་བར་འདི་ལྟ་བུ་འདི་མ་ཐོས་སོ་སྙམ་དུ་སེམས་སོ། །དེ་བདག་གིས་དུས་གཞན་ན་ཐོས་པར་གྱུར་པ་ན་དགའ་བ་དང ། བདེ་བ་དང ། ཡིད་དགའ་བར་འགྱུར་ཞིང ། ཀུན་ནས་དཀྲིས་པའི་ཡིད་ལ་བྱེད་པ་མེད་པར་འགྱུར་ཏེ། ཚིག་འདི་སྐད་དུ་འདི་ལྟར་བདག་ཅག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་མ་སྐྱེས་པ་དང ། དངོས་པོ་མེད་པ་དང ། མ་བྱུང་བ་འདི་ཐོས་པས་དེང་བདག་ཅག་གིས་སངས་རྒྱས་མཐོང་ཞིང ། དེ་བཞིན་གཤེགས་པ་ལ་བསྙེན་བཀུར་ཡང་བྱས་སོ་ཞེས་སྨྲ་བར་འགྱུར་རོ། །འོད་སྲུང ། འདི་ལྟ་སྟེ། དཔེར་ན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ནི་ཤིང་ཡོངས་འདུ་ས་བརྟོལ་ཁ་འབུས་པ་མཐོང་ནས། ཀྱེ་མ་ཡོངས་འདུ་ས་བརྟོལ་འདི་རིང་པོ་མི་ཐོགས་པར་མེ་ཏོག་ཐམས་ཅད་རྒྱས་པར་འགྱུར་རོ་སྙམ་སྟེ་ཡིད་དགའ་བ་དང་རབ་ཏུ་དགའ་བར་འགྱུར་རོ། །འོད་སྲུང་དེ་བཞིན་དུ་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་མ་སྐྱེས་དང ། མ་བྱུང་བ་ནས་དངོས་པོ་མེད་པའི་བར་འདི་ཐོས་ན་ཡིད་དགའ་བ་དང ། རབ་ཏུ་དགའ་བར་འགྱུར་རོ། །གང་དག་མ་འོངས་པའི་དུས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་
335b
ཕྱིན་པ་ཟབ་མོ་མ་སྐྱེས་པ་དང ། མ་བྱུང་བ་དང ། དངོས་པོ་མེད་པའི་བར་འདི་ཐོས་ན་ཡིད་དགའ་བ་དང ། རབ་ཏུ་དགའ་བར་འགྱུར་བ་དེ་དག་ཀྱང་ངའི་འཁོར་འདི་ཉིད་ན་གནས་པར་འོད་སྲུང་ཁྱོད་ཀྱིས་ཤེས་པར་གྱིས་ཤིག་།གང་དག་མ་འོངས་པའི་དུས་ན་ཡིད་དགའ་བ་དང ། རབ་ཏུ་དགའ་བར་འགྱུར་བ་དེ་དག་ཡིད་དགའ་བ་དང ། རབ་ཏུ་དགའ་བ་དེས་རིང་པོ་མི་ཐོགས་པར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མེ་ཏོག་རྒྱས་པར་འགྱུར་བས། མེ་ཏོག་ཐམས་ཅད་རྒྱས་པར་འགྱུར་བར་ཤེས་པར་གྱིས་ཤིག། འོད་སྲུང ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་མ་སྐྱེས་པ་དང ། མ་བྱུང་བ་ནས། དངོས་པོ་མེད་པའི་བར་འདི་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་འདས་པའི་ཕྱི་ནས་གནས་པར་འགྱུར་བ་དང ། སྤྱོད་པར་འགྱུར་བ་གང་ཡིན་པ་དེ་ཡང ། འོད་སྲུང ། སངས་རྒྱས་ཀྱི་བྱིན་གྱི་རླབས་དང ། སངས་རྒྱས་ཀྱི་མཐུ་ཡིན་པར་ཤེས་པར་བྱའོ། །འོད་སྲུང ། དེ་བས་ན་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་མ་སྐྱེས་པ་དང ། མ་བྱུང་བ་ནས་དངོས་པོ་མེད་པའི་བར་འདི་ཐོས་ནས་དགའ་ན། འོད་སྲུང ། དེ་ནི་དེ་དག་གི་ཐོས་པའི་དང་པོ་མ་ཡིན་ནོ། །འོད་སྲུང ། འདི་ལྟ་སྟེ། དཔེར་ན། ནོར་བུ་མཁན་ཞིག་གིས་ནོར་བུ་རིན་པོ་ཆེ་མཐོང་ནས། གང་གི་ཚེ་དགའ་བར་གྱུར་པ་དེ་ན་ནོར་བུ་མཁན་དེས་ནོར་བུ་རིན་པོ་ཆེ་དེ་གདོད་མཐོང་བ་མ་ཡིན་གྱི། དེ་ནི་སྔོན་ནས་རྒྱུན་དུ་ནོར་བུ་རིན་པོ་ཆེ་མཐོང་བའོ་ཞེས་ཤེས་པར་བྱའོ། །འོད་སྲུང ། དེ་བཞིན་དུ་གང་དག་ཤེས་རབ་ཀྱི་ཕ་རོལ་
336a
༄#། །ཏུ་ཕྱིན་པ་ཟབ་མོ་མ་སྐྱེས་པ་དང ། མ་བྱུང་བ་ནས་དངོས་པོ་མེད་པའི་བར་འདི་ཐོས་ནས་ཡིད་དགའ་བ་དང ། རབ་ཏུ་དགའ་བར་གྱུར་ཅིང ། མགུ་བ་དང ། རངས་པ་དང ། ཡིད་བདེ་བ་སྐྱེས་ན། འོད་སྲུང ། འདི་ནི་དེ་དག་གི་ཐོས་པའི་དང་པོ་མ་ཡིན་ནོ། །འོད་སྲུང ། དེ་དག་ནི་འདི་སྐད་དུ་སྨྲ་བར་འགྱུར་ཏེ། གང་འདི་འཇམ་དཔལ་གཞོན་ནུར་གྱུར་པས་མ་སྐྱེས་པ་ནས་དངོས་པོ་མེད་པ་ནས་མ་བྱུང་བའི་བར་དུ་བསྟན་པ་འདི་ཉིད་སྨྲོས་ཤིག་ཅེས་ཟེར་བར་འགྱུར་ཏེ། དེ་དག་ནི་སྔོན་རྒྱུན་དུ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བསྙེན་བཀུར་བྱས་པར་གྱུར་པའོ། །འོད་སྲུང ། འདི་ལྟ་སྟེ།་དཔེར་ན། མི་ལ་ལ་ཞིག་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། གྲོང་གང་ཡང་རུང་བ་ཞིག་ཏུ་དགོས་པ་ལ་ལའི་ཕྱིར་སོན་པར་གྱུར་ལ། ཡང་དུས་གཞན་ཞིག་ན་དེའི་དྲུང་དུ་མི་ལ་ལ་ཞིག་སོང་སྟེ། གྲོང་ཁྱེར་དེའི་བསྔགས་པ་བརྗོད་ཅིང ། ཀུན་དགའི་ར་བ་ཉམས་དགའ་བ་དང ། ཡུལ་ཉམས་དགའ་བ་དང ། རྫིང་བུ་ཉམས་དགའ་བ་དང ། སྐྱེད་མོས་ཚལ་ཉམས་དགའ་བ་དང ། ཆུ་མིག་དང ། མཚེའུ་དང ། མཚོ་ཕྲན་ཉམས་དགའ་བ་དང ། མེ་ཏོག་དང ། འབྲས་བུ་ཉམས་དགའ་བ་དེ་དག་གི་བསྔགས་པ་བརྗོད་ནས། དེས་དེ་དག་ཐོས་པ་དང་དགའ་བ་ཚོར་ཏེ། ཡིད་བདེ་བ་སྐྱེས་ནས་ཡང་དང་ཡང་འདི་སྐད་དུ་ཀྱེ་སྐྱེས་བུ་དེ་ཉིད་ཟློས་ཏེ། རྗོད་ཅིག་ཅེས་འཚོལ་ན། མི་དེས་ནི་སྔོན་ཡང་གྲོང་ཁྱེར་དེ་དང ། ཀུན་དགའི་ར་བ་ཉམས་དགའ་བ་དང ། ཡུལ་ཉམས་
336b
དགའ་བ་དང ། རྫིང་བུ་ཉམས་དགའ་བ་དང ། སྐྱེད་མོས་ཚལ་ཉམས་དགའ་བ་དང ། ཆུ་མིག་དང ། མཚེའུ་དང ། མཚོ་ཕྲན་ཉམས་དགའ་བ་དང ། མེ་ཏོག་དང ། འབྲས་བུ་ཉམས་དགའ་བ་དག་ཀྱང་མྱོང་བ་ཡིན་པར་མི་དེས་དེ་ལྟར་རྟོགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཐོས་ནས་ཡིད་ཆེར་དགའ་བ་དང ། རབ་ཏུ་དགའ་བར་གྱུར་ཏེ། མགུ་པ་དང ། རངས་པ་དང ། ཡིད་བདེ་བ་སྐྱེས་པའི་ཕྱིར་རོ། །འོད་སྲུང ། དེ་བཞིན་དུ་གང་དག་གིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བསྙེན་བཀུར་བྱས་པར་གྱུར་པ་དང ། ཡང་དང་ཡང་དྲུང་དུ་འགྲོ་ཞིང་འདྲི་བར་བྱས་པར་གྱུར་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་མ་སྐྱེས་པ་དང ། མ་བྱུང་བ་ནས་དངོས་པོ་མེད་པའི་བར་འདི་ཐོས་ནས་རབ་ཏུ་དགའ་ཞིང་མགུ་བར་འགྱུར་ཏེ། དགའ་བ་དང་མགུ་བ་ཆེར་བསྐྱེད་ཅིང་ཚིག་འདི་སྐད་དུ་མ་ལ་འདི་ལྟ་སྟེ། མ་སྐྱེས་པ་དང ། མ་བྱུང་བ་ནས་དངོས་པོ་མེད་པའི་བར་དུ་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟ་བུ་འདི་ཉིད་ཇེ་མཉན་ཏོ་ཞེས་སྨྲ་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། མ་མཆིས་པའི་དུས་ན་དད་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གི་རྣམ་པ་དང ། རྟགས་དང ། མཚན་མ་བཅོམ་ལྡན་འདས་ཀྱིས་གང་དག་བཀའ་སྩལ་པ་དེ་དག་ཉིད་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང ། ཇི་སྐད་
337a
༄#། །བསྟན་པ་དེ་བཞིན་ཏེ། མ་འོངས་པའི་དུས་ན་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འབྱུང་བ་འདི་དག་གི་རྣམ་པ་དང ། རྟགས་དང ། མཚན་མ་ནི་གང་དག་ངས་ད་ལྟར་བསྟན་པ་འདི་དག་ཉིད་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཆོས་དེ་ནི་རྣམ་པ་མ་མཆིས་ཤིང་རྟགས་མ་མཆིས་པ་དང ། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་རྣམ་པ་མ་མཆིས་པ་ནས་མཚན་མ་མཆིས་པའི་བར་དུ་ལགས་ན། རྣམ་པའམ། རྟགས་སམ། མཚན་མ་ཇི་ལྟ་བུ་ཞིག་མཆིས་པར་འགྱུར། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་གང་ལགས་པ་དེ་ཡང་རྣམ་པ་མ་མཆིས། རྟགས་མ་མཆིས། མཚན་མ་མ་མཆིས་པའི་བར་དུ་ལགས་ན། བཅོམ་ལྡན་འདས་རྣམ་པ་མ་མཆིས་པ་དང ། རྟགས་མ་མཆིས་པ་དང ། མཚན་མ་མ་མཆིས་པ་ཇི་ལྟར་བསྟན་པར་འགྱུར། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཤིན་ཏུ་མ་སྐྱེས་པ་དང ། དངོས་པོ་མེད་པའི་བར་འདི་བསྟན་པ་ན། གང་དག་མོས་པ་ནས་ཀུན་ཆུབ་པར་བྱེད་པའི་བར་དུ་བྱེད་པ་དེ་དག་ཉིད་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གི་རྣམ་པ་དང ། རྟགས་དང ། མཚན་མ་ཡིན་ནོ། །འཇམ་དཔལ། གང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
337b
པ་བསྟན་པ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྟན་པར་ལྟའོ། །དེར་བསམ་གྱིས་མི་ཁྱབ་པར་བལྟའོ། །འཇམ་དཔལ། ངས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དགེ་བའི་རྩ་བ་གང་དག་ཡང་དག་པར་བསྒྲུབས་ཏེ། དགེ་བའི་རྩ་བ་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་མངོན་པར་རྫོགས་པར་སངས་རྒྱས་པའི་དགེ་བའི་རྩ་བ་དེ་དག་ཡང་དག་པར་བསྒྲུབས་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ། མོས་པར་བྱ། ཡི་གེར་བྲི་བར་བྱ། གཟུང་བར་བྱ། བཀླག་པར་བྱ། ལུང་མནོད་པར་བྱ། ཁ་ཏོན་དུ་བྱ། ཚིག་ཏུ་གདོན་པར་བྱ། ཀུན་ཆུབ་པར་བྱ། ཚུལ་བཞིན་དུ་ཡིད་ལ་བྱ། བསྒོམ་པར་བྱ་བ་ནས་མེ་ཏོག་དང ། བདུག་པ་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། ཕྱེ་མ་དང ། གོས་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དང ། རྣམ་པར་རྒྱལ་བའི་བ་དན་དང ། མར་མེ་ལ་སོགས་པས་ཅི་ནུས་ཅི་ཕོད་དུ་མཆོད་པའི་བར་དུ་བྱའོ། ། རིམ་གྲོ་བྱའོ། །ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱི་ས་ལས་འདའ་བར་འདོད་པའི་རིགས་ཀྱི་བུ་དང ། རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ་བ་ནས་རིམ་གྲོའི་བར་དུ་བྱའོ། །འཇམ་དཔལ། ཇི་ལྟར་ཕྱིར་མི་ལྡོག་པའི་ས་ལ་འཇུག་པར་འགྱུར་བ་དེ་ལྟ་བུར་ཉན་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་
338a
༄#། །ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ་བ་ནས་རིམ་གྲོའི་བར་དུ་བྱའོ། །འཇམ་དཔལ། ཆོས་གང་ཡང་རུང་སྟེ། དེ་དག་ཐམས་ཅད་མ་སྐྱེས་པར་མཉམ་པ་ཉིད་དུ་མོས་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ་བ་ནས་རིམ་གྲོའི་བར་དུ་བྱའོ། །འཇམ་དཔལ། སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ་བ་ནས་རིམ་གྲོའི་བར་དུ་བྱའོ། །འཇམ་དཔལ། ཆོས་ཐམས་ཅད་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ཤིན་ཏུ་བསྟན་པ་འདི་ལ་མོས་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ་བ་ནས་རིམ་གྲོའི་བར་དུ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་པའམ། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་པའམ། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཆོས་དེ་གང་ཡང་མེད་དེ་མི་དམིགས་པའི་ཕྱིར་རོ། །དེ་ལྟར་དོན་འདི་རྟོགས་ཤིང་མོས་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ་བ་ནས་རིམ་གྲོའི་བར་དུ་བྱའོ། །གང་བྱང་ཆུབ་མ་ཡིན་པའི་ཆོས་དེ་གང་ཡང་མེད་དོ་ཞེས་དེ་ལྟར་མོས་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་
338b
བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ་བ་ནས་རིམ་གྲོའི་བར་དུ་བྱའོ། །ཆོས་ཐམས་ཅད་རྣམ་པར་མི་རྟོག་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ་བ་ནས་རིམ་གྲོའི་བར་དུ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་གིས་ཡོངས་སུ་གྲུབ་པ་རྣམ་པར་གཞོག་པའམ། བསྐྱེད་པའམ། སྟོན་པ་མ་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན་ཞེས་བྱ་བར་འཇུག་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ་བ་ནས་རིམ་གྲོའི་བར་དུ་བྱའོ། །ཆོས་ཐམས་ཅད་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ཞེས་བྱ་བར་མོས་པར་བྱ་བར་འདོད་ཅིང ། འཇུག་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ་བ་ནས་རིམ་གྲོའི་བར་དུ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ། སྐྱེ་བ་མེད་པ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ། ཆོས་ཐམས་ཅད་ནི་སྐྱེ་བ་མེད་པ་ལ་རྟོན་པའི་ཕྱིར་རོ། །དེ་ལྟ་བུའི་ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པར་རྟོགས་པར་འདོད་པའི་རིགས་ཀྱི་བུའམ་རིགས་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ་བ་ནས་རིམ་གྲོའི་བར་དུ་བྱའོ། །འཇམ་དཔལ། ལན་གསུམ་དུ་བཟླས་ཏེ། རྣམ་པ་
339a
༄#། །བཅུ་གཉིས་སུ་བསྐོར་བའི་ཆོས་ཀྱི་འཁོར་ལོར་ཇི་ལྟར་འགྱུར་བ་དེ་ཉན་པར་འདོད་པ་དང ། དེ་རྟོགས་པར་འདོད་པ་དང ། དེ་ལ་མོས་པར་འདོད་པ་དང ། དེ་ལ་འཇུག་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ་བ་ནས་རིམ་གྲོའི་བར་དུ་བྱའོ། །སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱ་བར་ཡང་འདོད་ལ། སེམས་ཅན་དུ་འདུ་ཤེས་པ་ལ་ཡང་མི་གནས་པར་འདོད་པ་དང ། འཇིག་རྟེན་ཐམས་ཅད་རྩོད་པ་མེད་པར་ཡང་འདོད་ཅིང ། འཇིག་རྟེན་ཐམས་ཅད་མི་དམིགས་པར་རྟོགས་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་མཉན་པར་བྱ་བ་ནས་རིམ་གྲོའི་བར་དུ་བྱའོ། །ཆོས་ཐམས་ཅད་སྐྱེ་བ་མེད་པའི་བར་དུ་རྟོགས་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མི་དམིགས་པའི་ཚུལ་གྱིས་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོན་ཏན་མ་མཆིས་པའི་ཡོན་ཏན་གང་ལགས། ཕན་ཡོན་གང་ལགས། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ནུས་པ་ཅི་ཡང་མ་མཆིས་པ། ཀུན་ནས་སློང་བར་མི་བགྱིད་པ། རྣམ་པར་འཇིག་པར་མི་བགྱིད་པ། ཆོས་གང་ཡང་མི་ལེན་པ། མི་
339b
འདོར་བ། གཡོ་བ་མ་མཆིས་པ། བྱེད་པ་མ་མཆིས་པ་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ངོ་བོ་ཉིད་ཤེས་པ་མ་ལགས་པ། ངོ་བོ་ཉིད་མཐོང་བ་མ་ལགས་པ། ཆོས་གང་ཡང་སྦྱིན་པར་མི་བགྱིད་པ། ཆོས་ཐམས་ཅད་དང་མི་འགལ་བ། ཆོས་ཐམས་ཅད་ཐ་དད་པར་མི་བགྱིད་པ་ལགས་ན། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་གང་ལགས། ཕན་ཡོན་གང་ལགས། བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་གཅིག་ཏུ་བགྱིད་པ་མ་ལགས་པ། ཆོས་ཐམས་ཅད་ཐ་དད་པར་བགྱིད་པ་མ་ལགས་པ། མ་བགྱིས་པ། བགྱི་བ་མ་མཆིས་པ། མི་བས་པས་རྣམ་པར་འཇིག་པར་མི་བགྱིད་པ། སོ་སོའི་སྐྱེ་བོའི་ཆོས་རྣམས་དང ། དགྲ་བཅོམ་པའི་ཆོས་རྣམས་དང ། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་སྦྱིན་པར་བགྱིད་པ་མ་ལགས་པ། འགྲིབ་བར་བགྱིད་པ་མ་ལགས་པ། འཁོར་བ་ལེན་པར་མི་བགྱིད་པ། མྱ་ངན་ལས་འདས་པ་འདོར་བར་མི་བགྱིད་པ། སངས་རྒྱས་ཀྱི་ཆོས་རྣམས་སྦྱིན་པར་བགྱིད་པ་མ་ལགས་པ། རྣམ་པར་འཇིག་པར་བགྱིད་པ་མ་ལགས་པ། བསམ་པར་བགྱི་བ་མ་ལགས་པ། བསམ་དུ་མ་མཆིས་པ་མ་ལགས་པ། བགྱིད་པ་མ་ལགས་པ། འཇིག་པར་བགྱིད་པ་མ་ལགས་པ།་ཆོས་ཐམས་ཅད་བསྐྱེད་པ་མ་ལགས་པ། འགོག་པ་མ་ལགས་པ། ཆད་པར་བགྱིད་པ་མ་ལགས་པ། རྟག་པར་བགྱིད་པ་མ་ལགས་པ། འོང་བར་བགྱིད་པ་མ་ལགས་པ། འགྲོ་བར་བགྱིད་
340a
༄#། །བ་མ་ལགས་པ། དབེན་པར་བགྱིད་པ་མ་ལགས་པ། མི་དབེན་པར་བགྱིད་པ་མ་ལགས་པ། གཉིས་སུ་བགྱིད་པ་མ་ལགས་པ། མི་གཉིས་པར་བགྱིད་པ་མ་ལགས་པའི་ཡོན་ཏན་གང་ལགས། ཕན་ཡོན་གང་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ། དངོས་པོ་མེད་པ་ནས་བྱེད་པ་མེད་པའི་བར་འདི་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ཡོན་ཏན་དུ་རིག་པར་བྱའོ། །འཇམ་དཔལ། ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་སློབ་པར་འདོད་པ་དང ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བསྒྲུབ་པར་འདོད་པ་དང ། ཏིང་ངེ་འཛིན་གང་ལ་གནས་ནས། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་སྣང་བ་དང ། དེ་དག་གི་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་མཐོང་བར་འདོད་པ་དང ། དེ་དག་གི་མིང་ཡང་ཤེས་པར་འདོད་པ་དང ། དེ་དག་ལ་མཆོད་པ་བླ་ན་མེད་པ་བྱེད་པར་འདོད་པ་དང ། དེ་དག་གི་ཆོས་བསྟན་པ་ལ་རྗེས་སུ་འཇུག་པར་ཡང་འདོད་པ་དང ། མོས་པར་འདོད་པས་མི་བསླབ་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཅིའི་སླད་དུ་འདི་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི།
340b
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། མ་སྐྱེས་མ་འགགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །འདི་ལྟར་ཡང་གཟོད་མ་ནས་ཞི་བ་དང ། འབྱུང་བ་མེད་པ་དང ། བྱ་བ་མེད་པ་ནས་དངོས་པོ་མེད་པའི་བར་གྱི་ཕྱིར་ཏེ། གང་དངོས་པོ་མེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །འཇམ་དཔལ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་ཤེས་པར་བྱའོ། །གང་ཆོས་ཐམས་ཅད་སྤྱོད་ཡུལ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་ཡུལ་ཏེ། འདི་ལ་སྤྱོད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་ཡུལ་ལ་ཞུགས་པ་ཞེས་བྱའོ། །འདི་ལྟ་སྟེ། སྤྱོད་ཡུལ་མ་ཡིན་པ་ཐེག་པ་ཐམས་ཅད་པ་འདི་ཉིད་སྤྱོད་ཡུལ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྤྱོད་ཡུལ་འདི་ནི་མ་བྱས་པ་སྟེ། དེའི་ཕྱིར་སྤྱོད་ཡུལ་མ་ཡིན་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གང་ལ་སྤྱད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་
341a
༄#། །དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །འཇམ་དཔལ། བཀོད་པ་གཅིག་ཅེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེ་ལ་སྤྱོད་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བཀོད་པ་གཅིག་པའི་ཏིང་ངེ་འཛིན་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་འཇུག་པར་བགྱི། ཅིའི་སླད་དུ་བཀོད་པ་གཅིག་པའི་ཏིང་ངེ་འཛིན་ཅེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། བཀོད་པ་གཅིག་པ་ཞེས་བྱ་བ་འདི་ནི་སྐྱེ་བ་མེད་པའི་ཚིག་བླ་དྭགས་སོ། །བཀོད་པ་གཅིག་པའི་ཏིང་ངེ་འཛིན་ལ་འཇུག་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཐོག་མ་ཉིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དྲི་བ་བྱ་དགོས་ཏེ། དེའི་འོག་ཏུ་བཀོད་པ་གཅིག་པའི་ཏིང་ངེ་འཛིན་ལ་འཇུག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ། སྐྱེ་བ་མེད་པ་ནི་མི་འཁྲུགས་པ་སྟེ། དཀྲུག་ཏུ་མི་རུང་བ། དཀྲུག་པར་བྱ་བ་མ་ཡིན་པ། བསམ་གྱིས་མི་ཁྱབ་པ། བསམ་པར་མི་བྱ་བ། བསམ་གྱིས་མི་ལང་བའོ། །འཇམ་དཔལ། བཀོད་པ་གཅིག་པའི་
341b
ཏིང་ངེ་འཛིན་ལ་འཇུག་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་དབེན་པའི་མལ་སྟན་རྣམས་བསྟེན་པར་བྱ། འདུ་འཛི་མེད་པ་ལ་དགའ་བར་བྱས་ལ་མཚན་མ་ཐམས་ཅད་ཡིད་ལ་མི་བྱ་བར་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས། དེར་མི་དམིགས་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་གཅིག་ཡིད་ལ་བྱའོ། །ཆོས་ཐམས་ཅད་ཀྱང་ཡིད་ལ་བྱའོ། །དེ་བཞིན་གཤེགས་པ་གང་ཡིད་ལ་བྱེད་པ་དེའི་མིང་ཡང་གཟུང་བར་བྱའོ། །མིང་དེ་ཡང་ཐོས་ཏེ་དམིགས་ནས་དེ་བཞིན་གཤེགས་པ་དེ་ཕྱོགས་ག་ལ་བཞུགས་པའི་ཕྱོགས་དེར་མངོན་དུ་བལྟས་ཏེ་འདུག་པར་བྱའོ། ། ཡིད་ལ་བྱའོ། །དེ་བཞིན་གཤེགས་པ་དེ་ཉིད་ཡིད་ལ་བྱས་ན། དེ་ཡིད་ལ་བྱས་པས་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡིད་ལ་བྱས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཉིད་གཅིག་པའི་ཕྱིར་རོ། །འཇམ་དཔལ། ཇི་ལྟར་དེ་བཞིན་གཤེགས་པ་གཅིག་གི་སངས་རྒྱས་ཀྱི་ཡོན་ཏན་ཚད་མེད་པ་དང ། སྤོབས་པ་ཚད་མེད་པ་དེ་བཞིན་དུ། འཇམ་དཔལ། བཀོད་པ་གཅིག་པའི་ཏིང་ངེ་འཛིན་ཐོབ་ནས། སྐྱེ་བ་མེད་པ་གཅིག་གི་ཆོས་ཀྱི་རྣམ་གྲངས་ཀྱི་བྲེ་བྲག་ཚད་མེད་པར་ཤེས་པར་བྱའོ། །འདིར་གང་དག་ཆུད་པར་འགྱུར་བ་དང ། དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གང་དག་གསུངས་པ་དང །
342a
༄#། །ཀུན་དགའ་བོས་ཇི་སྙེད་ཡོངས་སུ་བཟུང་བ་དེ་སྙེད་ཀྱི་ཆོས་ཀྱི་རྣམ་གྲངས་འདིར་སྣང་བར་འགྱུར་རོ། །བཀོད་པ་གཅིག་པའི་ཏིང་ངེ་འཛིན་འདི་བསྒྲུབས་པས་དེའི་ཚེའི་ཚད་ཇི་ཙམ་པ་དེ་ཙམ་དུ་གནས་ཤིང ། གླིང་བཞི་དང་བཅས་པའི་ཆོས་སྟོན་པར་འགྱུར་རོ། །འཇམ་དཔལ། དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཁ་ཅིག་འདི་སྙམ་དུ་བཀོད་པ་གཅིག་པའི་ཏིང་ངེ་འཛིན་འདི་གང་ཡིན་སྙམ་དུ་སེམས་ན། དེ་དག་ལ་འདི་སྐད་ཅེས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བསྒྲགས་པ་འདི་ཡང་དག་པར་གཟུང་ལ་འདུག་ཅིག་དང ། ཇི་ལྟ་ཇི་ལྟར་ཡང་དག་པར་བླངས་ཏེ་གནས་པ་དེ་ལྟ་དེ་ལྟར་ཏིང་ངེ་འཛིན་འདིའི་ཡོན་ཏན་མཐོང་བར་འགྱུར་གྱི། ཇི་སྐད་བསྟན་པའི་ཚུལ་གྱིས་ཞུམ་པ་མེད་པར་གྱིས་ཤིག་།ཅེས་བརྗོད་པར་བྱའོ། །ཏིང་ངེ་འཛིན་འདི་ནི་དམིགས་པའི་ལྟ་བ་ཅན་དག་དང ། དངོས་པོར་ལྟ་བ་ཅན་དག་ནས་ཡོད་པར་ལྟ་བ་ཅན་དག་གི་བར་གྱིས་བསྒྲུབ་པར་མི་ནུས་སོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། མི་ཞིག་ལ་རིན་ཐང་མེད་པའི་ནོར་བུ་རིན་པོ་ཆེ་བྱི་དོར་མ་བྱས་པ་ཞིག་བདོག་ལ། མི་གཞན་ཞིག་གིས་དེར་མི་དེ་ལ་འདི་སྐད་དུ། ཀྱེ་སྐྱེས་བུ། ནོར་བུ་རིན་པོ་ཆེ་འདིའི་རིན་ཐང་ཅི་ཙམ། ནོར་བུ་རིན་པོ་ཆེ་འདི་ལ་ཡོན་ཏན་ཅི་ཞིག་ཡོད་ཅེས་ཟེར་ལ། མི་དེས་ཀྱང་དེ་ལ་འདི་སྐད་དུ། ཀྱེ་སྐྱེས་བུ། ནོར་བུ་རིན་པོ་ཆེ་འདིའི་ཡོན་ཏན་ཚད་མེད་ཀྱི། ཚད་
342b
མེད་པ་ཉིད་དུ་ཤེས་པར་གྱིས་ཤིག་ཅེས་སྨྲས་ཏེ། དེ་ནས་མི་དེས་ནོར་བུ་རིན་པོ་ཆེ་དེ་བྱི་དོར་བྱ་བའི་ཕྱིར་མི་དེ་ལ་བཞག་ནས། ཀྱེ་སྐྱེས་བུ། ནོར་བུ་རིན་པོ་ཆེ་འདི་རེ་ཞིག་བྱི་དོར་གྱིས་ཤིག་དང ། དེ་ནས་ཤེས་པར་འགྱུར་རོ་ཞེས་བྱས་ལ། དེ་ནས་མི་དེས་ནོར་བུ་རིན་པོ་ཆེ་དེ་མི་དེ་ལས་བླངས་ཏེ། ཕྱི་བདར་བྱ་བའི་ཡོ་བྱད་རྣམས་ཀྱིས་བྱི་དོར་བྱས་པ་དང ། དེ་ལྟར་བྱི་དོར་བྱས་པས་ནོར་བུ་རིན་པོ་ཆེ་དེ་རིང་ཐང་མེད་དེ། དེས་ཇི་ལྟ་ཇི་ལྟར་ནོར་བུ་རིན་པོ་ཆེ་དེའི་ཕྱི་བདར་བྱས་པ་དེ་ལྟ་དེ་ལྟར་ནོར་བུ་རིན་པོ་ཆེ་དེའི་ཡོན་ཏན་མཐོང་བར་འགྱུར་བ་དེ་བཞིན་དུ། འཇམ་དཔལ། གང་དང་གང་གི་ཚེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཏིང་ངེ་འཛིན་འདི་ལ་མཉམ་པར་འཇོག་པ་དང ། འཇུག་པ་དེ་དང ། དེའི་ཚེ་ཏིང་ངེ་འཛིན་འདིའི་ཡོན་ཏན་མཐོང་བར་འགྱུར་རོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་དག་གིས་སའི་དཀྱིལ་འཁོར་གྱི་མཐའ་གང་ཡང་མ་ཁྱབ་པ་མེད་དོ། །འཇམ་དཔལ། དེ་བཞིན་དུ་བཀོད་པ་གཅིག་པའི་ཏིང་ངེ་འཛིན་འདི་ཐོབ་ཅིང་ཞུགས་ནས་རྙེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པའི་ཆོས་གང་ཡང་མི་སྟོན་ཏོ། །གང་ལ་ལས་འདི་བཞིན་དུ་ཤེས་ནས་སྐྱེ་བ་མེད་པ་དང་འགལ་བའི་ཆོས་གང་ཡང་མི་མཐོང་ངོ ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོའི་ཕྱོགས་བཞི་ནས་སྐྱེས་བུ་བཞི་ཆུ་འཆུ་ན། དེ་ཐམས་ཅད་འདི་ལྟ་སྟེ། ལན་ཚཝའི་རོར་རོ་གཅིག །
343a
༄#། །པ་ཉིད་དུ་ཆུ་ཞིང་ལེན་ཏོ། །འཇམ་དཔལ། དེ་བཞིན་དུ་ངས་ཆོས་གང་ཅི་བསྟན་པ་དེ་དག་ཐམས་ཅད་ནི་འདི་ལྟ་སྟེ། སྐྱེ་བ་མེད་པའི་རོ་དང ། དངོས་པ་མེད་པའི་རོ་དང ། འདོད་ཆགས་དང་བྲལ་བའི་རོ་དང ། རྣམ་པར་གྲོལ་བའི་རོ་དང ། འགོག་པའི་རོར་རོ་གཅིག་པའོ། །འཇམ་དཔལ། དེ་ལྟ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཏིང་ངེ་འཛིན་འདི་དང་ལྡན་པ་དེ་ཆོས་གང་དང་གང་སྟོན་ཀྱང ། དེ་དག་ཐམས་ཅད་འདི་ལྟ་སྟེ། སྐྱེ་བ་མེད་བའི་རོ་དང ། དངོས་པོ་མེད་པའི་རོ་དང ། འདོད་ཆགས་དང་བྲལ་བའི་རོ་དང ། རྣམ་པར་གྲོལ་བའི་རོ་དང ། འགོག་པའི་རོར་རོ་གཅིག་པར་སྟོན་པར་འགྱུར་རོ། །ཏིང་ངེ་འཛིན་འདི་ཐོབ་ནས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་འདོད་ན། ངས་ཆོས་གང་ཅི་བསྟན་པ་དེ་འཆད་པ་དང ། རྣམ་པར་སྟོན་པ་དང ། ཉེ་བར་སྟོན་པར་འགྱུར་རོ། །འཇམ་དཔལ། དེ་ལྟར་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ཏིང་ངེ་འཛིན་འདི་ཐོབ་ནས། གང་ཅི་སྟོན་ཀྱང་དེ་དག་ཐམས་ཅད་མི་དམིགས་པའི་ཚུལ་དུ་མ་སྐྱེས་པ་དང ། མ་བྱུང་བ་དང ། དངོས་པོ་མེད་པར་སྟོན་པར་འགྱུར་རོ། །འཇམ་དཔལ། གཞན་ཡང་ཏིང་ངེ་འཛིན་འདི་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་ནས་མྱུར་བ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
343b
བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །འཇམ་དཔལ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། གང་གི་ཚེ་བདག་གི་དབྱིངས་ནས་ཆོས་ཀྱི་དབྱིངས་ཀྱི་བར་དུ་སྐྱེ་བ་དང ། འགག་པ་དང ། གཅིག་ཁོ་ན་དང ། ཐ་དད་པ་ཁོ་ནར་ཡང་མི་མཐོང་ན། འཇམ་དཔལ། དེ་ལྟ་བུའི་བཟོད་པ་ཅན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །རིགས་ཀྱི་བུ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མི་སེམས་པ་དང ། རྣམ་པར་མི་རྟོག་པ་དེའི་བཟོད་པ་འདི་ཡང་བྱང་ཆུབ་སེམས་དཔའི་ཆོས་རྣམས་དང ། སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་འགྱུར་བའོ། །གང་ཡང་སངས་རྒྱས་ཉིད་ཀྱི་ཕྱིར་བྱང་ཆུབ་ཏུ་མི་སྨོན་པ་དེ་ལྟ་བུའི་བཟོད་པ་འདི་ཡང་རིགས་ཀྱི་བུ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མྱུར་བར་འགྱུར་བར་བཤད་དོ། །ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་སོ་ཞེས་སུ་དེ་ལྟར་མོས་ཤིང་ཞུམ་པར་མི་འགྱུར་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ངས་བཤད་དེ། དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་མ་བྲལ་པར་བརྗོད་པར་བྱའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་བསྟན་པ་འདི་ཐོས་ནས་རྨོངས་པར་མི་འགྱུར་བ་དང ། སོམ་ཉི་ཟ་བར་མི་འགྱུར་བ་དེ་ཡང་སངས་རྒྱས་ཀྱི་ཆོས་ཐམས་ཅད་
344a
༄#། །དང་མི་འབྲལ་བར་བརྗོད་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྒྱུ་ལས་ངེས་པར་འབྱུང་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། དེ་ནི་མ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་རྒྱུ་མ་ཡིན་ཞིང ། རྒྱུ་ལས་ངེས་པར་འབྱུང་བ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་མེད་པ་དང ། དངོས་པོ་མེད་པ་ནི་རྒྱུ་ཡང་མ་ཡིན་ལ། རྒྱུ་ལས་ངེས་པར་འབྱུང་བ་ཡང་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་རོ། །འཇམ་དཔལ། དེ་ལྟ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་གིས་བསྟན་པ་འདི་ཐོས་ནས་ནུབ་པར་མི་འགྱུར་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ངས་བཤད་དོ། །འཇམ་དཔལ། དེ་ལྟ་བས་ན་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཞུམ་པར་མི་འགྱུར་བ་ནས་ནུར་བའི་བར་དུ་མི་འགྱུར་བ་དེ་དག་ནི་ང་ལ་སྐྱབས་སུ་དོང་བའོ། །དེ་དག་ནི་ངའི་རྗེས་སུ་རབ་ཏུ་བྱུང་བའོ། །དེ་དག་གི་སྟོན་པ་ནི་ང་ཡིན་ནོ། །འཇམ་དཔལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
344b
པ་ཟབ་མོ་འདི་ལ་མི་སློབ་པ་དེ་བྱང་ཆུབ་སེམས་དཔའི་བསླབ་པ་ལ་མི་སློབ་པའོ། །འཇམ་དཔལ། འདི་ལྟ་སྟེ། དཔེར་ན། འབྱུང་བའི་ཚོགས་དང ། ས་བོན་གྱི་ཚོགས་དང ། རྩཝ་དང ། ཤིང་གེལ་པ་དང ། སྨན་དང ། ནགས་ཚལ་གང་ཅི་ཡོད་པ་དེ་དག་ཐམས་ཅད་ནི་ས་ཆེན་པོ་ལ་བརྟེན་ནས་སྐྱེའོ། །འཇམ་དཔལ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་ཆོས་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ན། འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སླུ་བར་མི་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་བཤད་པ་གང་ལགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་འཛམ་བུའི་གླིང་འདིར་གྲོང་ངམ། གྲོང་ཁྱེར་རམ། ཡུལ་ལམ། ལྗོངས་དག་ཏུ་གང་ལ་ལ་དག་འཛིན་པར་འགྱུར་བ་སྟོན་པའི་བར་དུ་འགྱུར་བར་མཆིས་སམ། དེ་སྐད་ཅེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ། གང་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ད་ལྟར་གྱི་ཚེ་ལ་ཐོས་ནས་བདག་གི་ཚེ་འདི་བརྗེས་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
345a
༄#། །འདི་ཉན་ཏོ་ཞེས་སྨོན་ལམ་བཏབ་པ་དེ་དག་ནི། ཉན་པ་ནས་རྒྱ་ཆེར་མི་བསྒོམ་པའི་ཚུལ་གྱིས་སྒོམ་པར་བྱེད་པའི་བར་དུ་འགྱུར་རོ། །འཇམ་དཔལ། གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་ཏེ། ཐོས་ནས་ཀྱང་དགའ་བ་དང་མགུ་བ་ཡངས་པ་འཐོབ་པ་དེ་དག་ནི་དགེ་བའི་རྩ་བ་ཆུང་བར་ང་མི་འཆད་དོ། །འཇམ་དཔལ། གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ལ་ཉན་ཅིང་འདོད་པར་གྱུར་ན། དེ་ལ་འདི་སྐད་ཅེས་རིགས་ཀྱི་བུ་ཁྱོད་མཉན་པས་ཅི་ཞིག་བྱ། ཐོས་ནས་མ་དད་ཅིང་ཕྱིར་ནུར་ཏ་རེ། དེ་ཅིའི་ཕྱིར་ཞེ་ན།་འདི་ལ་ཆོས་གང་ཡང་ཡོངས་སུ་འགྲུབ་པར་མ་བསྟན་ཏེ། སོ་སོའི་སྐྱེ་བོའི་ཆོས་རྣམས་སྐྱེ་བའམ། འཇིག་པར་ཡང་མ་བསྟན། སློབ་པའི་ཆོས་རྣམས་དང ། མི་སློབ་པའི་ཆོས་རྣམས་དང ། རང་སངས་རྒྱས་ཀྱི་ཆོས་རྣམས་དང ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་སྐྱེ་བའམ། འཇིག་པའམ། འཐོབ་པར་མ་བསྟན་པའི་ཕྱིར་རོ་ཞེས་བརྗོད་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་བདག་ལ་འདི་སྐད་དུ། དེང་དེ་བཞིན་གཤེགས་པའི་ཆོས་ཀྱི་གཏམ་མཛད་པ་དེ་གང་ཡིན་ཞེས་མཆི་ན། བཅོམ་ལྡན་འདས། དེ་སྐད་འདྲི་བ་དེ་ལ་བདག་གིས་འདི་སྐད་
345b
དུ་ཆོས་ཐམས་ཅད་དང་མི་འགལ་བའི་གཏམ་མོ་ཞེས་བརྗོད་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། གང་སྐྱེ་བ་མ་མཆིས་པ་དང་འགལ་བའི་ཆོས་དེ་གང་ཡང་མ་མཆིས་ཏེ། བཀའ་མཆིད་དེ་ནི་སེམས་ཅན་གང་གིས་ཀྱང་འཚལ་བ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་སེམས་ཅན་གང་ཡང་དམིགས་སུ་མ་མཆིས་པའི་སླད་དུའོ། །བཅོམ་ལྡན་འདས། གཞན་ཡང་བདག་གིས་དེ་ལ་འདི་སྐད་དུ་མི་སྐྱེ་བ་ཞེས་བྱ་བའི་ཆོས་དེ་བསྟེན་པར་གྱུར་ཏོ་ཞེས་བརྗོད་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། འདི་ལྟར་ཆོས་ཐམས་ཅད་ནི་སྐྱེ་བ་མ་མཆིས་པར་མཉམ་པའི་སླད་དུའོ། །བཀའ་མཆིད་དེར་ནི་ཇི་ལྟར་དགྲ་བཅོམ་པའི་ཆོས་རྣམས་ཀྱི་སོ་སོ་སྐྱེ་བོའི་ཆོས་དེ་དག་རྣམ་པར་བཤིག་པ་མ་ལགས་པ། དགྲ་བཅོམ་པ་རྣམས་ཀྱིས་གང་མ་རྟོགས་པ་མ་བསྟན་ཏོ། །བཅོམ་ལྡན་འདས། གཞན་ཡང་དེ་ལ་བདག་གིས་འདི་སྐད་དུ་ཆོས་བསྟན་པ་དེ་ལ་སེམས་ཅན་གང་ཡང་མྱ་ངན་ལས་འདས་པ་དང ། མྱ་ངན་ལས་འདའ་བ་དང ། མྱ་ངན་ལས་འདའ་བར་འགྱུར་བ་མེད་དོ་ཞེས་བརྗོད་པར་བགྱིའོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས། འདི་ལྟར་སེམས་ཅན་ཤིན་ཏུ་མི་དམིགས་པའི་སླད་དུ་སྟེ། བཅོམ་ལྡན་འདས། དེ་སྐད་འདྲི་ན་བདག་གིས་དེ་སྐད་ཅེས་བགྱིའོ། །བཅོམ་ལྡན་འདས། གཞན་ཡང་བདག་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པར་འཚལ་ཏེ། དེང་ཁྱོད་
346a
༄#། །བཅོམ་ལྡན་འདས་དང་གཏམ་ཅི་ཞིག་བྱས་ཞེས་འདྲི་ན། དེ་ལ་བདག་གིས་འདི་སྐད་དུ་གལ་ཏེ་ཁྱོད་དེ་ཉན་པར་འདོད་ན་དེ་མཉན་ཏོ་སྙམ་དུ་ཡིད་ལ་མ་གཏོད། ཅིག། མཉན་ཏོ་སྙམ་དུ་སེམས་མ་བསྐྱེད་ཅིག། ཀྱེ་སྐྱེས་བུ། སྒྱུ་མའི་སྐྱེས་བུའི་ཤེས་རབ་ཅི་འདྲ་བ་དེ་ལྟ་བུའི་ཤེས་རབ་སྐྱེད་ཅིག་དང ། དེ་ལྟ་བུས་ཆོས་བསྟན་པ་འདི་ཤེས་པར་ནུས་སོ། །ཀྱེ་སྐྱེས་བུ། གལ་ཏེ་ཁྱོད་ཀྱིས་ཆོས་བསྟན་པ་འདི་མཉན་པར་འདོད་ན་དེའི་ཕྱིར་འདི་ལྟ་སྟེ། དཔེར་ན། ནམ་མཁའ་ལ་བྱའི་རྗེས་ལྟ་བུར་གནས་པར་གྱིས་ཤིག་དང ། དེ་ལྟ་བུས་ཆོས་བསྟན་པ་འདི་མཉན་པར་ནུས་སོ། །ཀྱེ་སྐྱེས་བུ། གལ་ཏེ་ཁྱོད་ཀྱིས་ཆོས་བསྟན་པ་འདི་མཉན་པར་འདོད་ན་དེའི་ཕྱིར་གཉིས་པ་ལ་མ་དམིགས་ཤིག། མི་གཉིས་པ་ལའང་མ་དམིགས་ཤིག། དེ་ཅིའི་ཕྱིར་ཞེ་ན། འདི་ལ་གཉིས་སུ་བརྗོད་པར་བྱ་བ་ཡོངས་སུ་བརྗོད་པའམ། མི་གཉིས་པར་བརྗོད་པར་བྱ་བ་གང་ཡང་མེད་པའི་ཕྱིར་རོ། །གལ་ཏེ་ཆོས་བསྟན་པ་འདི་མཉན་པར་འདོད་ན་བདག་ཏུ་འདུ་ཤེས་རྣམས་ཀྱང་མ་གཞིག་ཅིག། ལྟ་བར་གྱུར་པ་རྣམས་ལས་ཀྱང་མ་འདའ་ཞིག། སངས་རྒྱས་ཀྱི་ཆོས་རྣམས་ལ་ཡང་ལྷག་བར་མ་དམིགས་ཤིག། སོ་སོའི་སྐྱེ་བོའི་ཆོས་རྣམས་ལས་ཀྱང་མ་བསྐྱོད་ཅིག་ཅེས་བརྗོད་པར་བགྱིའོ།། བཅོམ་ལྡན་འདས། གང་ཞིག་བདག་ལས་ཉན་པར་འཚལ་ཏེ། འདི་ན་དེ་ལ་བདག་གིས་
346b
དེ་སྐད་བརྗོད་པར་བགྱིའོ། །དེ་སྐད་རྗེས་སུ་བསྟན་པར་བགྱིའོ། །དེ་ལྟར་འདི་ལ་གཞག་པར་བགྱིའོ། །གལ་ཏེ་འདྲི་བའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལྟར་གནས་ཤིང ། དེ་ལྟར་ཞུགས་ན་སྤོབས་པའི་ཕྱག་རྒྱ་འདི་ལ་གནས་པ་དེ་ལ་སླད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་སྐྱེས་པ་དང ། དངོས་པོ་མ་མཆིས་པ་དང ། མ་བྱུང་བའི་བར་འདི་བསྟན་པར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ། ལེགས་སོ། །ལེགས་སོ། །འཇམ་དཔལ་ཁྱོད་ཀྱིས་འདི་ལེགས་པར་སྨྲས་པ་ལེགས་སོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལ་ཡང་ཕྱིས་འདི་སྐད་ཅེས་གྱིས་ཤིག་།དེ་བཞིན་གཤེགས་པ་ལ་བལྟ་བར་འདོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མི་བསྒོམ་པའི་ཚུལ་གྱིས་བསྒོམ་པར་བྱའོ། །དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱ་བར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མི་དམིགས་པའི་ཚུལ་གྱིས་བསླབ་པར་བྱའོ། །དེ་བཞིན་གཤེགས་པ་ནི་བདག་གི་སྟོན་པའོ་ཞེས་སྨྲ་བར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མི་དམིགས་པའི་ཚུལ་གྱིས་བསླབ་པར་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་
347a
༄#། །རྫོགས་པར་འཚང་རྒྱ་བར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མངོན་པར་འདུ་བྱ་བ་མེད་པའི་ཚུལ་གྱིས་བསླབ་པར་བྱའོ། །ཏིང་ངེ་འཛིན་ཐམས་ཅད་ལ་མཁས་པར་བསྒྲུབ་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མི་དམིགས་པའི་ཚུལ་གྱིས་བསླབ་པར་བྱའོ། །ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས་པར་འཇུག་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་མི་དམིགས་པའི་ཚུལ་གྱིས་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་དེ་དག་བྱས་པ་མ་ཡིན་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་བསྒྲུབ་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་དངོས་པོ་མེད་པའི་ཚུལ་གྱིས་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན།་འདི་ལྟར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་བྱས་པ་མ་ཡིན་པ་དང ། མ་སྐྱེས་པ་དང ། དངོས་པོ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་ངེས་པར་འབྱུང་བ་དང་བཅས་པ་སྟེ། གང་ངེས་པར་མི་འབྱུང་བ་དང་བཅས་པ་ཡང་མེད་དོ་ཞེས་དེ་ལྟར་ཤེས་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་
347b
ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་དངོས་པོ་མེད་པའི་བར་གྱི་ཚུལ་གྱིས་བསླབ་པར་བྱའོ། །ཆོས་ཐམས་ཅད་ནི་ངེས་པར་མི་འབྱུང་བ་སྟེ། གང་ངེས་པར་འབྱུང་བ་དང་བཅས་པའི་ཆོས་དེ་གང་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེན། ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་རོ། །ཆོས་དེ་དག་ནི་ཇི་ལྟར་བརྗོད་པ་དེ་ལྟར་ཡོད་པ་མ་ཡིན་ཏེ། བརྗོད་དུ་མེད་པ་ནི་ཡོད་པ་མ་ཡིན་ཞིང་དམིགས་སུ་མེད་དོ་ཞེས་དེ་ལྟར་ཤེས་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་དངོས་པོ་མེད་པའི་བར་གྱི་ཚུལ་གྱིས་བསླབ་པར་བྱའོ། །སེམས་ཅན་ཐམས་ཅད་ནི་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་སྟེ། གང་བྱང་ཆུབ་ཀྱི་ཕྱིར་མི་སྤྱོད་པའི་སེམས་ཅན་དེ་གང་ཡང་མེད་དོ་ཞེ་ན། ཡང་དེ་ལ་ཞུམ་པ་མེད་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་དངོས་པོ་མེད་པའི་བར་གྱི་ཚུལ་གྱིས་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་བྱང་ཆུབ་དང་མཉམ་པའོ། །ཇི་ལྟར་ཆོས་ཐམས་ཅད་བྱང་ཆུབ་དང་མཉམ་པ་དང ། བྱང་ཆུབ་ཇི་ལྟ་བར་སེམས་ཅན་ཐམས་ཅད་ཀྱང་དེ་བཞིན་ནོ། །སེམས་ཅན་ཐམས་ཅད་ཅི་འདྲ་བར་སྤྱོད་པ་དེ་ཡང་དེ་བཞིན་ནོ། །མེད་པའི་ཕྱིར་སྤྱོད་པ་ཐམས་ཅད་ནི་སྤྱོད་པ་མེད་པའོ། །དེ་ཡང་བྱང་ཆུབ་སྟེ། བྱང་ཆུབ་གང་ཡིན་པ་སྐྱེ་བ་མེད་པའང་དེ་ཡིན། འབྱུང་བ་མེད་པའང་དེ་ཡིན་ཏེ། དེ་ལྟ་བུའི་ཆོས་འདི་ལ་ཞུམ་པ་མེད་པར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་
348a
༄#། །མོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་དངོས་པོ་མེད་པ་དང ། སྐྱེ་བ་མེད་པའི་བར་གྱི་ཚུལ་གྱིས་བསླབ་པར་བྱའོ། །ཞེས་གྱིས་ཤིག། འཇམ་དཔལ། གང་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པ་ནས་དེ་བཞིན་གཤེགས་པའི་རྣམ་པར་རོལ་པའི་བར་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་བསྟན་དུ་མེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་སྟོན་པའི་ཕྱིར་རོ། །འཇམ་དཔལ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཡང་འཛིན་པ་དང ། ཀུན་ཆུབ་པར་བྱེད་པ་དང་།། འཆང་བ་དང ། ཀློག་པ་ནས་ཡང་དག་པར་སྟོན་པའི་བར་དུ་བྱེད་པ་དེ་དག་ཀྱང་ཕྱིར་མི་ལྡོག་བར་ང་འཆད་ན། གང་དག་དེ་བཞིན་ཉིད་དུ་བསྒྲུབ་པ་ལྟ་ཅི་སྨོས་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་བྱང་ཆུབ་ཏུ་ངེས་པར་རིག་པར་བྱའོ། །གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་མ་སྐྱེས་པ་དང ། དངོས་པོ་མེད་པ་དང ། འབྱུང་བ་མེད་པའི་བར་འདི་ཐོས་ནས་མི་སྐྲག། མི་དངང ། དངང་བར་མི་འགྱུར་བ་དེ་དག་ནི་སངས་རྒྱས་ཀྱི་ཡུལ་ལ་གནས་པའོ། །གོང་དུ་ཡང་མོས་པར་བྱེད་ན་དེ་དག་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ངེས་པར་འགྱུར་རོ། །འཇམ་དཔལ། ངས་སངས་རྒྱས་ཀྱིས་གནང་བ་དེ་བཞིན་གཤེགས་པས་རྣམ་པར་མཁྱེན་པ་དགྲ་
348b
བཅོམ་པ་ཐམས་ཅད་ཀྱིས་ཡང་དག་པ་མནོས་པའི་རྒྱ་འདི་བཞག་པར་བྱ་སྟེ། རྒྱ་འདི་ནི་མཉམ་པ་ཉིད་དུ་རྟོགས་པ་རྣམས་ལ་བཞག་གོ། འདི་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་དུ་ཡང་ཆགས་པ་མེད་པ་ཡོངས་སུ་སྟོན་པའོ། །འཇམ་དཔལ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྒྱ་འདིས་བཏབ་པ་ནི་ངན་སོང་དུ་འགྲོ་བའི་སྐལ་པ་ཅན་མ་ཡིན་ནོ། །ཉན་ཐོས་དང ། རང་སངས་རྒྱས་ཀྱི་སར་འགྲོ་བའམ་འཇུག་པའི་སྐལ་བ་ཅན་མ་ཡིན་ནོ། །དེ་ནས་དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་དང ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་ལྷའི་ཙན་དན་གྱི་ཕྱེ་མ་དང ། ལྷའི་གསེར་གྱི་ཕྱེ་མ་དང ། ལྷའི་མེ་ཏོག་མནད་ར་བ་དང ། མནད་ར་བ་ཆེན་པོ་དང ། ལྷའི་སྤོས་དང ། ལྷའི་ཨུཏྤ་ལ་དང ། ཀུ་མུ་ཏ་དང ། པདྨ་དཀར་པོ་དང ། ལྷའི་རོལ་མོའི་སྒྲ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཡང་མཆོད་ཅིང་བཅོམ་ལྡན་འདས་དང ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཡང་གཏོར་ཏོ། །མངོན་པར་གཏོར་ནས་ཚིག་འདི་སྐད་ཅེས་དགེ་བའི་རྩ་བ་འདིས་གང་དག་ཕྱག་རྒྱ་འདིས་བཏབ་པ་དེ་དག་གི་བླ་ན་མེད་པའི་ཆོས་རིན་པོ་ཆེ་འདི་མཆོད་པ་དང ། ཕྱི་ཕྱིར་ཞིང་ཐོས་པར་གྱུར་ཅིག་ཅེས་སྨྲས་སོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་ཀྱང་ཚིག་འདི་སྐད་ཅེས་སྨྲས་ཏེ། བཅོམ་ལྡན་འདས། བདག་གིས་ཀྱང་མ་བྱུང་བ་དང ། མ་སྐྱེས་པའི་བར་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛམ་བུའི་གླིང་འདིར་སྤྱོད་པར་འགྱུར་བ་དང ། རིགས་ཀྱི་བུ་དང་རིགས་
349a
༄#། །ཀྱི་བུ་མོས་དེ་འདྲ་བ་དེ་དག་གི་རྣ་ལམ་དུ་གྲགས་པར་འགྱུར་བ་ནས་དེ་དག་ཉིད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བསྒྲུབ་པར་འགྱུར་བར་བགྱི་བའི་བར་གྱི་སླད་དུ་བརྩོན་པར་བགྱིའོ། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གི་རྣ་ལམ་དུ་ཚེགས་ཆུང་ངུས་གྲགས་ལ། ཐོས་ནས་ཀྱང་མོས་པ་དང ། མོས་ནས་ཀྱང་འཛིན་པ་དང ། ཀུན་ཆུབ་པར་བགྱིད་པ་དང ། འཆང་བའི་བར་དུ་བགྱིས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་བདག་ཅག་གི་འདི་ནི་ལྷས་བསྒྲུབས་པའོ།། ཞེས་ཐེ་ཚོམ་མ་མཆིས་པར་འཚལ་བར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀོའུ་ཤི་ཀ། དེ་དེ་བཞིན་ནོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་འགྲུབ་པར་བལྟའོ། །དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་ངེས་པར་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བྱིན་གྱིས་བརླབ་ཏུ་གསོལ། བདེ་བར་གཤེགས་པ། བྱིན་གྱིས་བརླབ་ཏུ་གསོལ། ཚིག་འདི་སྐད་སྨྲས་མ་ཐག་ཏུ་དེའི་ཚེ་སྐད་ཅིག་དེ་ཉིད་ལ་སངས་རྒྱས་ཀྱི་
349b
མཐུས་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ། །ས་ཆེན་པོ་གཡོས་མ་ཐག་ཏུ་དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་མ་ཐག་ཏུ་དེ་ནས་དེའི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ལ་དེ་བཞིན་གཤེགས་པ་བྱིན་གྱིས་རློབ་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདི་ནི་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བྱིན་གྱིས་བརླབས་པའི་སྔ་ལྟས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། འཇམ་དཔལ། དེ་དེ་བཞིན་ནོ། །འཇམ་དཔལ། འདི་དག་ནི་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བྱིན་གྱིས་བརླབས་པའི་སྔ་ལྟས་རྣམས་ཏེ། ལྟས་འདི་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བྱིན་གྱིས་བརླབས་པ་ཤེས་པ་བྱའོ།། འཇམ་དཔལ། གང་དག་ཆོས་གང་ཡང་མི་སྤོང་ཞིང་མི་བཟློག་ལ། བསྔགས་པར་ཡང་མི་བྱེད་པ་དེ་དང་དེ་དག་ནི་ཕྱག་རྒྱ་འདིས་བཏབ་པར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ། དམིགས་པ་ཡོད་ན་སྤོང་བར་བྱེད་པ་དང ། བསྔགས་པར་བྱེད་པར་འགྱུར་བའི་ཕྱིར་རོ། །འཇམ་དཔལ། དེ་ལྟ་བས་ན་གང་དག་རྒྱ་འདིས་བཏབ་པ་དེ་དག་གི་ཆེད་དུ་ངས་རྒྱ་འདི་བཞག་སྟེ།
350a
༄#། །འདི་ལྟར་དེ་དག་གིས་ཐོས་ནས་ཀྱང་ཆོས་གང་ལ་ཡང་སྟོན་པའམ། རྣམ་པར་རྟོག་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ། ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང ། ཉན་ཐོས་ཆེན་པོ་དེ་དག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་བ་ལས། འཇམ་དཔལ་གྱིས་ཞུས་པའི་ལེའུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་བ་ཞེས་བྱ་སྟེ། འདུས་པ་བཞི་བཅུ་དྲུག་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང ། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།