rKTs


J131

(e-text produced by ADARSHA)

see text in transliteration
56.180a
༄#། །རྒྱ་གར་སྐད་དུ། ཨཱརྱ་བུད་དྷ་དྷརྨ་ཨ་ཙིན་ཏྱ་ནིར་དེ་ཤཱ། ་བོད་སྐད་དུ།
56.180b
འཕགས་པ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་བསྟན་པ། ་བམ་པོ་དང་པོ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་མང་པོ་འདུས་པ་ལ་ཕྱག་འཚལ་ལོ། །དེ་ནས་དེ་ན་བྱང་ཆུབ་སེམས་དཔའ་མང་པོ་འདུས་པའི་ནང་ནས་བྱང་ཆུབ་སེམས་དཔའ་ཁ་ཅིག་འདི་སྙམ་དུ་གྱུར་ཏེ། ཁ་ཅིག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་བསམ་གྱིས་མི་ཁྱབ་སྙམ། ཁ་ཅིག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྔོན་གྱི་སྨོན་ལམ་ལས་བྱུང་བ་རྣམ་པར་དག་པ་བསམ་གྱིས་མི་ཁྱབ་སྙམ། ཁ་ཅིག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་བཞིན་གཤེགས་པའི་རིགས་བསམ་གྱིས་མི་ཁྱབ་སྙམ། ཁ་ཅིག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་འབྱུང་བ་བསམ་གྱིས་མི་ཁྱབ་སྙམ། ཁ་ཅིག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་བཞིན་གཤེགས་པའི་སྐུ་བསམ་གྱིས་མི་ཁྱབ་སྙམ། ཁ་ཅིག་ནི་སངས་རྒྱ་ས་བཅོམ་ལྡན་འདས་རྣམས་ཀྱི་དེ་བཞིན་གཤེགས་པའི་དབྱངས་བསམ་གྱིས་མི་ཁྱབ་སྙམ། ཁ་ཅིག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་བཞིན་གཤེགས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་སྙམ་ཁ་ཅིག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་བཞིན་གཤེགས་པའི་རྣམ་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་སྙམ། ཁ་ཅིག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མི་ཆགས་པར་སྤྱོད་པ་བསམ་གྱིས་མི་ཁྱབ་སྙམ། ཁ་ཅིག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱི་རྟོག་པ་སེམས་ཀྱི་མཁྱེན་པས་བྱང་ཆུབ་སེམས་དཔའ་ཨུད་པ་ལའི་སྙིང་པོ་ལ་སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་བྱིན་གྱི་བརླབས་ནས་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཤུགས་སུ་གྱུར། དེ་བཞིན་གཤེགས་པའི་སྣང
56.181a
བས་སྣང་བར་གྱུར། སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་ཀུན་དུ་ཁྱབ་པར་གྱུར། སངས་རྒྱས་ཀྱི་མི་འཇིགས་པ་ལ་གནས་པར་གྱུར། སངས་རྒྱས་ཀྱི་ཆོས་ཀྱི་དབྱིངས་སུ་འཇུག་ཅིང་འབབ་པ་དང་ལྡན་པར་གྱུར། སངས་རྒྱས་ཀྱི་ཆེ་བ་དང་རྫུ་འཕྲུལ་གྱིས་ཡུལ་ལ་ཞུགས་པར་གྱུར། ཆགས་པ་མེད་པའི་རྣམ་པར་སྤྱོད་པ་མེད་པ་བཅུ་རྡུལ་ཡབ་ལ་གནས་པར་གྱུར། སངས་རྒྱས་ཐམས་ཅད་ཀྱི་གདུང་ཅིག་ནས་གཅིག་ཏུ་འབའ་ཞིག་ཤེས་པར་གྱུར། སངས་རྒྱས་ཀྱི་ཆོས་ཀྱི་ཚུལ་བརྗོད་དུ་མེད་པ་ལ་སྤྱོད་ཅིང་བསྒྲུབ་པར་གྱུར་ཏོ། །དེ་ནས་ཨུད་པ་ལའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་སུ་འཇུག་པ་རྟོགས་ཤིང་ཤེས་ནས། ཡིད་ལ་ཆགས་པ་མེད་པའི་དབྱིངས་སུ་བསྒྲུབས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པས་ཆོས་ཐམས་ཅད་ཀྱི་སྒྲིབ་པ་སྤངས་པ་དང ། ཀུན་དུ་བཟང་པོའི་སྨོན་ལམ་དང་ལྡན་པར་ཞུགས་པ་དང ། སངས་རྒྱས་ཐམས་ཅད་རྗེས་སུ་རྟོགས་ཤིང་སངས་རྒྱས་མཐོང་བ་དང ། སྙིང་རྗེ་ཆེན་པོའི་གོ་ཆ་ཆེན་པོ་བགོས་ནས་སེམས་ཅན་ཐམས་ཅད་ལ་ལྟ་ཞིང་ཡོངས་སུ་སྦྱོང་བ་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པའི་ཡི་དམ་གྱི་དཀྱིལ་འཁོར་བརྩམས་པ་དང ། སྐད་ཅིག་མའི་མཐར་སོང་བ་དང ། སངས་རྒྱས་ཀྱི་ཡེ་ཤེས་མངོན་པར་སྒྲུབ་པ་དང ། མི་ཟད་པ་མཐོང་བ་དང ། ཐམས་ཅད་མཁྱེན་པ་མངོན་དུ་བྱ་བ་དང ། གཟུངས་ཐམས་ཅད་སྣང་བར་གྱུར་པ་དང ། སོ་སོར་ཡང་དག་པར་རིག་པ་རྟོགས་ནས་ཨུད་པ་ལའི་སྙིང་པོ་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་མཐུས་པད་མའི་སྙིང་པོ་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྤྱོད་པ་དཔག་ཏུ་མེད་དོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྣམ་པར་སྤྲུལ་པ་ཆེན་པོ་ལ་གནས་སོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས
56.181b
ཀྱི་སྐུའི་མཚན་ཐམས་ཅད་ཀྱི་མཛད་པ་བརྙེས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཏིང་ངེ་འཛིན་གྱི་བསམ་པ་དང་ལྡན་ཞིང་ཆོས་ཀྱི་འཁོར་ལོ་སྐོར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་སོ་སོར་ཡང་དག་པར་རིག་པ་བཞི་བརྗོད་དུ་མེད་པར་སྟོན་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ཆོས་བསམ་དུ་མེད་པ་ལ་གནས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སངས་རྒྱས་ཀྱི་སྒྲ་དབྱངས་དཔག་ཏུ་མེད་པར་འགྲོའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་བརྗོད་དུ་མེད་པའི་ཆོས་ཀྱི་དབྱིངས་རྟོགས་ཤིང་ཆུད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་མངོན་པར་ཤེས་པ་ཐམས་ཅད་ཀྱི་ཁྱུ་མཆོག་སངས་རྒྱས་སོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་ཀྱི་དབྱིངས་ཀྱི་མཐའ་སྒྲིབ་པ་མེད་པ་ལ་འཇུག་པ་མདོར་བསྡུས་པའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པའོ་སངས་རྒྱས་ཀྱི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཟུགས་ཀྱི་སྐུ་མཐའ་དང་དབུས་མེད་པ་རྣམ་པར་དག་ཅིང་མ་བརྙོགས་པས་ཐམས་ཅད་དུ་འགྲོ་བ་སྤངས་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་ཐམས་ཅད་ལ་ཆགས་པ་མེད་པའི་སྤྱན་མཐའ་དང་དབུས་མེད་པས་སྤྱན་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཆགས་པ་མེད་པའི་སྙན་མཐའ་དང་དབུས་མེད་པས་འགྲོ་བ་ཐམས་ཅད་ཀྱི་སྒྲ་སྒྲིབས་པ་མེད་པར་གསན་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཤངས་ཀྱི་སྐྱེ་མཆེད་མཐའ་དང་དབུས་མེད་པས་སངས་རྒྱས་ཐམས་ཅད་ཀྱི་མངའ་མཆོག་བརྙེས་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལྗགས་ཆེ་ཞིང་སྲབ་པ་མཐའ་དང་དབུས་མེད་པས་ཆོས་ཐམས་ཅད
56.182a
ཀྱི་དབྱིངས་སུ་སྒྲ་དབྱངས་ཀྱིས་འགྲོ་བ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་མཐའ་དང་དབུས་མེད་པས་ལས་ཀྱི་ལྷག་མ་མ་ལུས་ཤིང་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་གྱི་རྒྱུད་དུ་དེ་བཞིན་གཤེགས་པ་སྟོན་ཅིང་དམིགས་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡིད་ཀྱི་ལས་མཐའ་དང་དབུས་མེད་པས་ཆོས་ཀྱི་དབྱིངས་ཀྱི་སྐུ་དབྱེར་མེད་ཅིང་དུས་གསུམ་ལ་མ་ཆགས་པས་རྗེས་སུ་འགྲོ་བ་རྣམ་པར་དག་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་རྣམ་པར་ཐར་པ་ལ་གནས་པ་མཐའ་དང་དབུས་མེད་པས་སངས་རྒྱས་ཀྱི་རྣམ་པར་སྤྲུལ་པ་དང་ཆོ་འཕྲུལ་མི་ཟད་པ་སྟོན་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་དག་པ་མཐའ་དང་དབུས་མེད་པས་བརྗོད་དུ་མེད་པའི་རྒྱན་བྱིན་གྱིས་བརླབས་ཤིང་ཉོན་མོངས་པ་མེད་པའི་སངས་རྒྱས་ཀྱི་ཞིང་དུ་བསམ་པ་ཇི་ལྟ་བ་བཞིན་དུ་སྟོན་པ་དམིགས་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པའི་ཁྱད་པར་དང ། སྨོན་ལམ་ཡོངས་སུ་རྫོགས་པ་དང ། ཡེ་ཤེས་ཀྱིས་རྣམ་པར་རོལ་པ་དང ། ཆོས་ཀྱི་ཡོངས་སུ་རྫོགས་ཤིང་ཡེ་ཤེས་ཀྱིས་རྣམ་པར་རོལ་པའི་ཆོས་ཡོངས་སུ་རྫོགས་པས་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པའི་སངས་རྒྱས་ཀྱི་ཆོས་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་སངས་རྒྱས་ཀྱི་ཡེ་ཤེས་མངོན་པར་སྒྲུབ་པའི་མཚན་ཉིད་སྟོན་པ་བཅུ་སྟེ། བཅུ་གང་ཞེ་ན། སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མངོན་པར་དགའ་ལྡན་གྱི་གནས་ནས་ཤི་འཕོ་བར་སྟོན་པ་དང ། སྐད་ཅིག་ལ་འཇིག
56.182b
རྟེན་གྱི་ཁམས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་ཚེ་སྟོན་པ་དང ། སྐད་ཅིག་ལ་འཇིག་རྟེན་གྱིས་ཁམས་ཐམས་ཅད་དུ་མངོན་པར་བྱུང་བར་སྟོན་པ་དང ། སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་ཤིང་མངོན་པར་བྱང་ཆུབ་པར་སྟོན་པ་དང ། སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་སྐོར་བར་སྟོན་པ་དང ། སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་ཀྱིས་སེམས་ཅན་རྣམས་ཇི་ལྟར་སྨིན་ཅིང་འདུལ་བའི་དུས་ཇི་ལྟ་བ་བཞིན་དུ་མཁྱེན་ནས་མགུ་བར་མཛད་པ་སྟོན་པ་དང ། སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་རྣམས་ཇི་ལྟར་འདུལ་བ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་སྣ་ཚོགས་བརྗོད་དུ་མེད་པའི་དམིགས་པ་སྟོན་པ་དང ། སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བརྗོད་དུ་མེད་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང ། ཁྱུ་མཆོག་དེ་བཞིན་གཤེགས་པའི་ཐམས་ཅད་མཁྱེན་པའི་མཛོད་སྟོན་པ་དང ། སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐམས་ཅད་རྣམ་པར་དག་པ་སྟོན་པ་དང ། སྐད་ཅིག་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་འབྱུང་བ་དང ། དབང་པོ་དང ། བརྩོན་འགྲུས་དང ། དད་པ་སྣ་ཚོགས་ཀྱིས་སྤྱོད་པའི་རིམ་པ་དང ། དུས་གསུམ་གྱི་སངས་རྒྱས་ཀྱིས་རིགས་མངོན་པར་མཁྱེན་པ་སྟོན་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སངས་རྒྱས་ཀྱི་ཡེ་ཤེས་མངོན་པར་སྒྲུབས་པའི་མཚན་ཉིད་སྟོན་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དུས་ལས་མི་འདའ་བ་བཅུ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་མངོན་པར་རྫོགས་པར་འཚང་རྒྱ་བ་ལས་མི་འདའ་བ་དང ། དུས་དེ་རྣམས
56.183a
སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་ཡང་དག་པར་དགེ་བའི་རྣམ་པར་སྨིན་པའི་རྣམ་པར་སྨིན་པ་ལས་མི་འདའ་བ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་ཡོངས་སུ་སྨིན་པའི་བྱང་ཆུབ་སེམས་དཔའ་རྣམས་ལུང་སྟོན་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་སེམས་ཅན་གྱི་བསམ་པ་བཞིན་དུ་ཆོ་འཕྲུལ་སྟོན་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་སེམས་ཅན་རྣམས་ཇི་ལྟར་དད་པ་བཞིན་དུ་སངས་རྒྱས་ཀྱི་སྐུའི་བྱིན་གྱི་བརླབས་སྟོན་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་བཏང་སྙོམས་ལ་གནས་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དུ་འཇུག་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་ཇི་ལྟར་རབ་ཏུ་དང་བའི་སེམས་ཅན་རྣམས་རབ་ཏུ་འཛིན་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་ཉོན་མོངས་ཤིང་གདུལ་དཀའ་བའི་སེམས་ཅན་ལ་མི་བཙམས་པས་འདུལ་བ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་མཁྱེན་ནས་སངས་རྒྱས་ཀྱི་རྣམ་པར་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་དམིགས་པ་སྟོན་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་དེ་ནས་དུས་ལས་མི་འདའ་བའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡུལ་མཚུངས་པ་མེད་ཅིང་བསམ་གྱིས་མི་ཁྱབ་པ་བཅུ་སྟེ། བཅུ་གང་ཞེ་ན། སྐྱིལ་མོ་ཀྲུང་གཅིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་ཁྱབ་པ་དང ། སངས་རྒྱས་ཐམས་ཅད་ཚིགས་སུ་བཅད་པའི་རྩ་བ་ཅིག་ཡང་དག་པར་རབ་ཏུ་སྟོན་པ་དང ། འོད་ཟེར་གཅིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པར་སྣང་བ་དང ། སྐུ་གཅིག་གིས་སྐུ་ཐམས་ཅད་དུ་སྟོན་པ་དང ། ཕྱོགས་གཅིག་གིས་གནས་དམིགས
56.183b
པས་འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པའི་རྗེས་སུ་འགྲོ་བའི་སྐུ་དང ། ཡེ་ཤེས་གཅིག་གིས་ཆོས་ཐམས་ཅད་བསྒྲིབས་པ་མེད་པར་ཆུད་པ་དང ། དུས་མཁྱེན་ནས་སེམས་ཅིག་བསྐྱེད་པས་ཆོས་ཐམས་ཅད་ཀྱི་དབྱིངས་ཀྱིས་མ་ལུས་པར་ཁྱབ་པ་དང ། སངས་རྒྱས་ཀྱི་ཆེ་བ་ཚད་མེད་པའི་རྗེས་སུ་སོང་ཞིང་གོམ་པ་གཅིག་ལ་དེ་ཁོ་ན་ཉིད་སྟོན་པ་དང ། དུས་གསུམ་ཐམས་ཅད་དུ་སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པས་ཁྱབ་པ་དང ། སངས་རྒྱས་འགྲོ་བ་ཐམས་ཅད་དང་མི་འདྲེ་ཞིང་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་ངོ་བོ་ཉིད་གཅིག་སྟེ། གཉིས་སུ་མེད་པར་སྤྱོད་པའོ། །ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡུལ་མཚུངས་པ་མེད་ཅིང་བསམ་གྱིས་མི་ཁྱབ་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ་རྣམས་སངས་རྒྱས་ཀྱི་བྱིན་བརླབས་མངོན་པར་སྒྲུབ་པ་མཁྱེན་པ་བཅུ་སྟེ། བཅུ་གང་ཞེ་ན། ཆོས་ཐམས་ཅད་ལ་མི་གནས་པར་འཇུག་ཅིང་སྨོན་ལམ་མངོན་པར་སྒྲུབ་པ་མཁྱེན་པ་དང ། ལུས་མེད་པའི་ལུས་མངོན་པར་སྒྲུབ་པ་མཁྱེན་པ་དང ། ཆོས་ཐམས་ཅད་གཉིས་སུ་མེད་པས་མངོན་པར་རྫོགས་པར་བྱང་ཆུབ་པར་སྒྲུབ་པ་མཁྱེན་པ་དང ། སེམས་ཅན་བདག་མེད་པའི་མཐར་གྱུར་པ་ལ་སེམས་ཅན་འདུལ་བ་མངོན་པར་སྒྲུབ་པ་མཁྱེན་པ་དང ། ཆོས་ཐམས་ཅད་མཚན་མ་མེད་པ་ལ་མཚན་མ་སྣ་ཚོགས་མངོན་པར་སྒྲུབ་པ་མཁྱེན་པ་དང ། འཇིག་རྟེན་གྱི་ཁམས་ཀྱི་ཡུལ་ཐམས་ཅད་མ་ལུས་པ་འཇིག་རྟེན་གྱིས་ཁམས་ཐམས་ཅད་སྡུད་པ་དང་འགྱུར་བ་མངོན་པར་སྒྲུབ་པ་མཁྱེན་པ་དང ། ཡུལ་ཐམས་ཅད་ལ་མངོན་པར་འདུ་མི་བྱེད་ཅིང་ལས་ཀྱི་རྣམ་པར་སྨིན་པ་མངོན་པར་སྒྲུབ་པ་མཁྱེན་པ་དང ། ཆོས་ཐམས་ཅད་བརྗོད་དུ་མེད་པའི་དབྱིངས་སུ་མངོན་པར་སྒྲུབ་པ་མཁྱེན་པ་དང ། ཀུན་ནས་ཉོན་མོངས་པ་ཡང་མ་ཡིན། རྣམ་པར་བྱང་བ་ཡང་མ་ཡིན་པར་མངོན་པར་སྒྲུབ་པ་མཁྱེན་པ་དང །
56.184a
ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་སྐྱེ་ཞིང་འགོད་པའི་མཚན་ཉིད་རྐྱེན་དང་འདུ་བ་ཚོགས་ཏེ་བྱུང་བ་མངོན་པར་སྒྲུབ་པ་མཁྱེན་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི་དེ་བཞིན་གཤེགས་པ་རྣམས་སངས་རྒྱས་ཀྱི་བྱིན་གྱིས་བརླབས་མངོན་པར་སྒྲུབ་པ་མཁྱེན་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་གཏོགས་པ་ཚད་མེད་པ་བཅུ་སྟེ། བཅུ་གང་ཞེ་ན། དུས་གསུམ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་གཏོགས་པ་དང ། སེམས་ཅན་ཐམས་ཅད་འདུལ་བའི་ཆོ་འཕྲུལ་གསུམ་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་གཏོགས་པ་དང ། སངས་རྒྱས་ཀྱི་ཆོས་དང ། གཟུངས་དང་ཚིགས་སུ་བཅད་པའི་རྩ་བ་རབ་ཏུ་དབྱེ་བ་ལ་མཁས་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་གཏོགས་པ་དང ། ཆོས་ཀྱི་འཁོར་ལོ་ཐམས་ཅད་དང ། དེ་བཞིན་གཤེགས་པའི་སོ་སོ་ཡང་དག་པར་རིག་པ་བཞི་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་གཏོགས་པ་དང ། སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་གཏོགས་པ་དང ། དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་རྣམ་པར་གཟིགས་ཤིང་རྟག་ཏུ་མཉམ་པས་ཕན་པར་མཛད་པ་སངས་རྒྱས་བཅོམ་ལྡན་འདས་སུ་གཏོགས་པ་དང ། དགེ་བའི་རྩ་བས་སེམས་ཅན་ཐམས་ཅད་འདུལ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་གཏོགས་པ་དང ། ཆོས་ཐམས་ཅད་ཀྱི་དབྱིངས་ལ་མི་ཆགས་པར་གནས་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་གཏོགས་པ་དང ། སྐད་ཅིག་ལ་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་འབྱུང་བ་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་གཏོགས་པ་དང ། ཉི་མ་གཅིག་ལ་དུས་གསུམ་གྱི་བསྐལ་པ་ཐམས་ཅད་ཀྱི་རྗེས་སུ་འགྲོ་ཞིང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་གཏོགས་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི
56.184b
སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་གཏོགས་པ་ཚད་མེད་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་ཏུ་བཟོད་པར་དཀའ་བའི་ཆོས་ཀྱི་བླ་རེ་བཅུ་སྟེ། བཅུ་གང་ཞེ་ན། བདུད་ཀྱིས་རྒོལ་བ་བཅོམ་ཞིང་གཏོར་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་དུ་བཟོད་པར་དཀའ་བའི་ཆོས་ཀྱི་བླ་རེ་ཆེན་པོ་དང ། གཞན་མུར་འདུག་དང་ཕ་རོལ་རྒོལ་བ་ཐམས་ཅད་ཚར་གཅོད་པ་ཤིན་དུ་བཟོད་པར་དཀའ་བའི་ཆོས་ཀྱི་བླ་རེ་ཆེན་པོ་དང ། སེམས་ཅན་ཐམས་ཅད་འདུལ་ཞིང་ཚིམ་པར་མཛད་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཤིན་དུ་བཟོད་པར་དཀའ་བའི་ཆོས་ཀྱི་བླ་རེ་ཆེན་པོ་དང ། སེམས་ཅན་འདུལ་བའི་དབང་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་དུ་བཟོད་པར་དཀའ་བའི་ཆོས་ཀྱི་བླ་རེ་ཆེན་པོ་དང ། ཆོས་ཀྱི་དབྱིངས་རབ་ཏུ་ཕིགས་ཤིང་མཁྱེན་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་དུ་བཟོད་པར་དཀའ་བའི་ཆོས་ཀྱི་བླ་རེ་ཆེན་པོ་དང ། འཇིག་རྟེན་གྱི་ཁམས་ཐམས་ཅད་མ་ལུས་པའི་རྗེས་སུ་འགྲོ་བའི་སྐུ་གཉིས་སུ་མེད་པས་སངས་རྒྱས་ཀྱི་སྐུ་སྣ་ཚོགས་རྣམ་པར་ཕྱེ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་དུ་བཟོད་པར་དཀའ་བའི་ཆོས་ཀྱི་བླ་རེ་ཆེན་པོ་དང ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དབྱངས་ཀྱི་ཡན་ལག་ཐམས་ཅད་ཀྱིས་སོ་སོ་ཡང་དག་པར་རིག་པ་བཞི་ལ་འཇུག་པའི་གནས་དང ། སོ་སོ་ཡང་དག་པར་རིག་པ་སྟོན་པ་དང ། སེམས་ཅན་གཏི་མུག་མེད་ཅིང་དང་བའི་སེམས་ཅན་ཐོས་པས་འདུལ་བ་ཤིན་དུ་བཟོད་པར་དཀའ་བའི་ཆོས་ཀྱི་བླ་རེ་ཆེན་པོ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་བ་སྤུའི་བུ་ག་གཅིག་བཞིན་དུ་བ་སྤུའི་ཁམས་ཐམས་ཅད་ནས་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པ་དེ་སྙེད་གཤེགས་པ་གནས་པའི་ཚུལ་གྱིས་འབྱུང་བ་དང ། སངས་རྒྱས་ཀྱི་སྐུའི་བ་སྤུའི་བུ་ག་ནས་འདི་བཞིན་དུ་རིམ་པས་འཇིག་རྟེན་གྱི
56.185a
ཁམས་ཐམས་ཅད་ཀྱི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་སེམས་ཅན་འབྱིན་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་དུ་བཟོད་པར་དཀའ་བའི་ཆོས་ཀྱི་བླ་རེ་ཆེན་པོའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གནས་གཅིག་གི་རབ་ཏུ་ཕྲ་བའི་རྡུལ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་སྟོན་པ་དང ། སངས་རྒྱས་ཀྱི་རྒྱན་རང་བཞིན་གྱིས་འཚེར་བས་ཆོས་ཀྱི་འཁོར་ལོ་སྐོར་ཞིང་སེམས་ཅན་འདུལ་བ་རྒྱུན་མི་གཅོད་ལ་གཏོང་བ་མེད་ཀྱང་གནོད་པ་མེད་ཅིང་འཇིག་རྟེན་གྱི་ཁམས་ཐམས་ཅད་དུའང་གནོད་པ་མེད་དེ། རབ་ཏུ་ཕྲ་བའི་རྡུལ་དེ་རྒྱས་པར་བྱས་པ་འང་མེད། འཇིག་རྟེན་གྱི་ཁམས་ཆུང་ངུར་བྱས་པའང་མེད་པ་ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་ཤིང་མཁྱེན་ནས་གནས་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་དུ་བཟོད་པར་དཀའ་བའི་ཆོས་ཀྱི་བླ་རེ་ཆེན་པོའོ། །མུན་པ་མེད་པའི་དབྱིངས་སུ་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ་མུན་པ་དང་བཅས་པ་སྣང་བར་གྱུར་ནས། སངས་རྒྱས་ཀྱི་ཆོས་རབ་རིབ་མེད་པ། རྣམ་པར་རབ་རིབ་མེད་པའི་གནས་ལ་སེམས་ཅན་ཕ་རོལ་འཛུད་པ་དང ། དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྟོབས་བཅུའི་རྗེས་སུ་སོང་བ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་དུ་བཟོད་པར་དཀའ་བའི་ཆོས་ཀྱི་བླ་རེ་ཆེན་པོ་བཅུའོ། ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཟིལ་གྱིས་གནོན་པའི་ཆོས་ཀྱི་བླ་རེ་ཆེན་པོ་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་དུ་རྣམ་པར་དག་པ་བཅུ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བ་ཤིན་དུ་བསྒྲུབས་ཏེ། ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་དུ་རྣམ་པར་དག་པ་དང ། སངས་རྒྱས
56.185b
བཅོམ་ལྡན་འདས་རྣམས་ཀྱི་རིགས་སྔོན་ནས་མཐོ་བས་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རིགས་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་དུ་རྣམ་པར་དག་ཅིང་དེ་བཞིན་གཤེགས་པའི་རིགས་རྣམ་པར་དག་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་ཤེས་པ་ལ་མི་གནས་ཤིང་ཕྱི་མའི་མཐའ་མའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་རྣམ་པར་དག་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་ཐམས་ཅད་ལ་གནས་པ་བཅོམ་ཞིང་དུས་གསུམ་ལ་མི་གནས་པར་སྤྱོད་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་དུ་རྣམ་པར་དག་པའོ། །སྣ་ཚོགས་ཀྱི་བླང་བ་མེད་པས་སངས་རྒྱས་བཅོམ་ལྡན་འདས་རྒྱན་གཅིག་པའི་ངོ་བོ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་དུ་རྣམ་པར་དག་པའོ། །སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཟད་མི་ཤེས་པས་སྔོན་གྱི་མཐའ་དང ། ཕྱི་མའི་མཐའ་མཉམ་པའི་ཆོས་ཀྱི་དབྱིངས་ལ་གནས་པའི་བསོད་ནམས་ཟད་མི་ཤེས་པ་དང་ལྡན་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་དུ་རྣམ་པར་དག་པའོ། །སེམས་ཅན་འདུལ་བའི་དོན་གྱི་དབང་གིས་སངས་རྒྱས་བཅོམ་ལྡན་འདས་གཟུགས་དང་ཁ་དོག་མཐའ་མེད་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཆགས་པ་མེད་པར་བཞུགས་ཏེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་དུ་རྣམ་པར་དག་པའོ། །སངས་རྒྱས་བཅོམ་ལྡན་འདས་འཇིག་པ་མེད་པ་བཞི་བརྙེས་ཏེ། བག་ཚ་བ་མེད་པར་གནས་ནས་ཁྱུ་མཆོག་སེང་གེའི་སྒྲ་སྒྲོག་སྟེ། སྟག་ཆེན་པོ་ལྟར་རྒོལ་བ་རྣམ་པར་གོན་ཅིང ། མེ་མར་ལྟ་བུའི་ཀུན་དུ་རྟོག་པས་ཆོས་སྟོན་ཏེ། འདི་ནི
56.186a
སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་དུ་རྣམ་པར་དག་པའོ། །སངས་རྒྱས་བཅོམ་ལྡན་འདས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བསྐལ་པ་ནས་ཡོངས་སུ་མྱ་ངན་ལས་འདས་མོད་ཀྱི། འོན་ཀྱང་མིང་མང་པོ་རྣམ་པར་རིགས་པས་སེམས་ཅན་རྣམས་ཀྱི་སྦྱིན་གནས་སྦྱོང་སྟེ། ཇི་ལྟར་ཞུགས་པ་བཞིན་ནོ། །དེ་སྲིད་དུ་ཡུན་རིང་པོ་ནས་ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ཀྱང་རུང་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྦྱིན་གནས་བསྐྲུན་པ་ནི་ཡོངས་སུ་ཟད་པར་མི་འགྱུར་ཏེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་དུ་རྣམ་པར་དག་པའོ། །སངས་རྒྱས་བཅོམ་ལྡན་འདས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལས་རིང་བའི་འཇིག་རྟེན་གྱི་ཁམས་ན་བཞུགས་ཀྱང ། འཇིག་རྟེན་གྱི་ཁམས་འདི་ན་གནས་པའི་སེམས་ཅན་གྱིས་སངས་རྒྱས་བཅོམ་ལྡན་འདས་རྗེས་སུ་དྲན་ན་སྐུ་སྟོན་པར་མཛད་དེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་དུ་རྣམ་པར་དག་པའོ། །ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆེ་བ་སྟེ། ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་དུ་རྣམ་པར་དག་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་དུ་རྣམ་པར་དག་པ་བཅུ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྔོན་གྱི་སྨོན་ལམ་ཤིན་དུ་རྣམ་པར་དག་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚངས་པར་སྤྱོད་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མ་ཆགས་པའི་ཚུལ་ཁྲིམས་རྣམ་པར་དག་ཅིང་ཤིན་དུ་རྣམ་པར་དག་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ཕུང་པོ་ལས་བྱུང་བར་མཛད་པ་ཤིན་དུ་རྣམ་པར་དག་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སངས
56.186b
རྒྱས་ཀྱི་ཞིང་ཤིན་དུ་རྣམ་པར་དག་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཡོག་འཁོར་ཤིན་དུ་རྣམ་པར་དག་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུ་ཤིན་དུ་རྣམ་པར་དག་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཟུགས་ཀྱི་སྐུའི་མཚན་དང་དཔེ་བྱད་བཟང་པོ་རྣམ་པར་དག་ཅིང་ཤིན་དུ་རྣམ་པར་དག་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྐུ་ཤིན་དུ་རྣམ་པར་དག་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྒྲིབས་པ་མེད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕུང་པོ་ཤིན་དུ་རྣམ་པར་དག་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་ཐར་བ་དང ། རྣམ་པར་གནོན་པར་མཛད་པ་དམ་པའི་མཆོག་བརྙེས་པ་ཤིན་དུ་རྣམ་པར་དག་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཤིན་དུ་རྣམ་པར་དག་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་སུ་དུས་ཐམས་ཅད་དུ་འཇིག་རྟེན་གྱི་ཡུལ་ཁམས་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཛད་པ་བཅུ་སྟེ། བཅུ་གང་ཞེ་ན། སངས་རྒྱས་རྗེས་སུ་དྲན་པ་རབ་ཏུ་རྙེད་པའི་སེམས་ཅན་རྣམས་ལ་དུས་ཐམས་ཅད་དུ་སངས་རྒྱས་སྟོན་པ་དང ། དུས་ཐམས་ཅད་དུ་སེམས་ཅན་ཤེས་ཀྱི་སེམས་ཅན་ལ་ཆོས་སྟོན་པ་དང ། དུས་ཐམས་ཅད་དུ་སངས་རྒྱས་ལ་སེམས་རབ་ཏུ་དང་བའི་སེམས་ཅན་ལ་ཚད་མེད་པའི་དགེ་བའི་རྩ་བ་བསྐྱེད་པ་དང ། དུས་ཐམས་ཅད་དུ་ཆོས་མི་འགྱུར་བའི་ལམ་དུ་འདས་པའི་སེམས་ཅན་ལ་ཡེ་ཤེས་རྟོགས་པར་མཛད་པ་དང ། དུས་ཐམས་ཅད་དུ་འགྲོ་བ་ཐམས་ཅད་ལ་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་གཅོད་པ་དང ། དུས་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པ་མི་ཆགས་པར་བཞུད་པ་དང ། དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོ་རྒྱུན་མི་གཅོད་པ་དང ། དུས་ཐམས་ཅད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་རྣམ་པར་སྤྲུལ་པ་ལ་བཞུགས་པ་དང ། དུས་ཐམས་ཅད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་སངས་རྒྱས་སྣ་ཚོགས་སུ
56.187a
སྤྲུལ་པར་བཞུགས་པ་དང ། དུས་ཐམས་ཅད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་སངས་རྒྱས་ཀྱི་མཐུས་ཆོས་ཀྱི་དབྱིངས་ལ་གནས་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི་དུས་ཐམས་ཅད་དུ་འཇིག་རྟེན་གྱི་ཡུལ་ཁམས་ཐམས་ཅད་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཛད་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་རྒྱ་མཚོའི་ཚུལ་མི་ཟད་པ་བཅུ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་སྐུའི་ཡེ་ཤེས་ཀྱི་རྒྱ་མཚོ་མི་ཟད་པ་དང ། སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་མཛད་པ་ཚད་མེད་པ་བརྙེས་པའི་ཡེ་ཤེས་ཀྱི་རྒྱ་མཚོ་མི་ཟད་པ་དང ། སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་སྤྱན་གྱི་ཡུལ་གྱི་ཡེ་ཤེས་ཀྱི་རྒྱ་མཚོ་མི་ཟད་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཀྱི་དགེ་བའི་རྩ་བ་ཚད་མེད་པ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་རྒྱ་མཚོ་མི་ཟད་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཐམས་ཅད་ཀྱི་ཆར་འབེབས་པའི་ཡེ་ཤེས་ཀྱི་རྒྱ་མཚོ་མི་ཟད་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སངས་རྒྱས་ཀྱི་ཡོན་ཏན་དང ། ཁ་དོག་གི་ཡེ་ཤེས་ཀྱི་རྒྱ་མཚོ་མི་ཟད་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པས་སྔོན་གྱི་མཐའ་ནས་སྨོན་ལམ་སྤྱོད་པའི་ཡེ་ཤེས་ཀྱི་རྒྱ་མཚོ་མི་ཟད་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཕྱི་མའི་མཐར་འགྲོ་བ་ཐམས་ཅད་ལ་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་གཅོད་པའི་ཡེ་ཤེས་ཀྱི་རྒྱ་མཚོ་མི་ཟད་པ་དང ། སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་མ་ལུས་པའི་རིས་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པའི་ཡེ་ཤེས་ཀྱི་རྒྱ་མཚོ་མི་ཟད་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐམས་ཅད་མཁྱེན་པའི་བསོད་ནམས་ཟིལ་གྱིས་མི་གནོན་པའི་ཡེ་ཤེས་ཀྱི་རྒྱ་མཚོ་མི་ཟད་པ་སྟེ། ཀྱེ་རྒྱལ
56.187b
བའི་སྲས་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་རྒྱ་མཚོ་མི་ཟད་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་སྤྱན་བཅུ་སྟེ། བཅུ་གང་ཞེ་ན། གང་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐམས་ཅད་ཀྱི་ཕ་རོལ་དུ་ཕྱིན་ཅིང་མངོན་པར་བྱུང་བའི་སྤྱན་དང ། གང་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཐམས་ཅད་མི་མཁྱེན་པ་མི་མངའ་བའི་སྤྱན་དང ། གང་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐམས་ཅད་ལ་ཐུགས་རྗེ་ཆེ་བའི་སྤྱན་དང ། གང་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཚད་མེད་པའི་སྟོབས་བཅུ་ཐམས་ཅད་དང་ལྡན་པའི་སྤྱན་དང ། གང་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་སྐོར་བའི་སྤྱན་དང ། གང་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་ཐམས་ཅད་འདུལ་བར་ཞུགས་པའི་སྤྱན་དང ། གང་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་འགྲོ་བ་ཐམས་ཅད་མངོན་དུ་རྫོགས་པར་སངས་རྒྱས་པར་མཛད་པའི་སྤྱན་དང ། གང་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་པས་འདུལ་བའི་སེམས་ཅན་ལ་འདུལ་བའི་སྤྱན་དང ། གང་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་གཉིས་སུ་མེད་པར་སྤྱོད་པའི་ཆོས་ཀྱི་མཚན་ཉིད་ལ་དབང་བའི་སྤྱན་དང ། གང་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ལྟར་སེམས་ཅན་བཏུལ་ཏེ་སྨིན་པར་མཛད་ནས། སངས་རྒྱས་ཀྱི་ཡུལ་གྱི་མཐའི་ཕྱིར་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བར་སྟོན་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་སྤྱན་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་མཐའ་ཡས་པར་སྟོན་པ་བཅུ་སྟེ། བཅུ་གང་ཞེ་ན།
56.188a
སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་གྱི་ཁམས་ལ་མཐའ་ཡས་པར་སྟོན་པའི་སྒོ་དང ། སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་གྱི་སྤྱོད་པ་སྣ་ཚོགས་མཐའ་ཡས་པར་སྟོན་པའི་སྒོ་དང ། སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་རྣམ་པར་སྨིན་པ་མཐའ་ཡས་པར་སྟོན་པའི་སྒོ་དང ། སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་གདམས་པ་རྗེས་སུ་བསྟན་པ་མཐའ་ཡས་པར་སྟོན་པའི་སྒོ་དང ། སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་གྱི་ཁམས་རྣམ་པར་སྤྱོད་པའི་ནན་ཏན་མཐའ་ཡས་པར་སྟོན་པའི་སྒོ་དང ། སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ་གདམས་པ་མཐའ་ཡས་པ་བསྟན་པ་ལ་འགོད་པའི་སྒོ་དང ། སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་རིམ་པའི་ཁྱད་པར་བཞིན་སྨོན་ལམ་གྱིས་འབྱུང་བ་མཐའ་ཡས་པར་སྟོན་པའི་སྒོ་དང ། སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་ལ་སྡུད་པ་དང་འགྱུར་བ་མཐའ་ཡས་པར་སྟོན་པའི་སྒོ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་དང་དད་པ་བཞིན་སྟོན་པའི་སྒོ་དང ། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ནི་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བ་དེ་དང་དེ་དག་ཏུ་སངས་རྒྱས་ཐམས་ཅད་ཅིག་ནས་གཅིག་ཏུ་བསྐལ་པར་འབྱུང་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཐུས་བསྡུས་ནས་ཡོངས་སུ་སྣང་ཞིང ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྣམ་པར་རིག་པ་མཐའ་ཡས་པའི་སྒོ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་མཐའ་ཡས་པར་སྟོན་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཛད་པ་བཅུ་སྟེ། བཅུ་གང་ཞེ་ན།
56.188b
སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཟུགས་ཀྱི་སྐུ་བསྟན་པས་ཀྱང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་གིས་ཀྱང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཟུང་བས་ཀྱང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མི་འཛིན་པས་ཀྱང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ས་དང ། ཆུ་དང་མེ་དང ། རླུང་གིས་ཀྱང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱིན་གྱིས་བརླབས་ཀྱིས་ཡུལ་གྱི་དབང་གིས་བརྩམ་པའི་ཡུལ་ཐམས་ཅད་ཀྱིས་ཀྱང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་གྱིས་ཀྱང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞིང་རྩོམ་པས་ཀྱང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པས་ཀྱང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཅང་མི་གསུངས་པས་ཀྱང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་མཛད་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་རྣམས་ཀྱི་སངས་རྒྱས་ཀྱི་མཛད་པ་མཛད་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སེམས་ཅན་གྱི་ཆོས་ཀྱི་སྙིང་པོ་བཅུ་སྟེ། བཅུ་གང་ཞེ་ན། སྨོན་ལམ་རྒྱུན་མི་གཅོད་ཅིང་སྨོན་ལམ་བརྟན་པ་དང །
56.189a
གཉིས་སུ་མེད་པར་བཤད་པ་ཇི་ལྟར་སྨྲས་པ་དེ་བཞིན་བྱེད་པ་སྟེ། འདི་ནི་སེམས་ཅན་གྱི་ཆོས་ཀྱི་སྙིང་པོ་དང་པོའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རབ་ཏུ་བརྩོན་ཞིང་མ་ཞུམ་པར་ཕྱི་མའི་མཐའ་བསྐལ་པར་འགྲོ་ཞིང་ཡོན་ཏན་གྱི་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པ་སྟེ། འདི་ནི་སེམས་ཅན་གྱི་ཆོས་ཀྱི་སྙིང་པོ་གཉིས་སོ། །བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་འཇིག་རྟེན་གྱི་ཁམས་ན་འདུལ་བར་འོས་པའི་སེམས་ཅན་གཅིག་གཟིགས་ན་ཡང་མི་བཞུགས་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཤེགས་ཏེ། འདི་ནི་སེམས་ཅན་གྱི་ཆོས་ཀྱི་སྙིང་པོ་གསུམ་མོ། །སེམས་ཅན་གྱི་སེམས་མི་འཕྲོགས་པ་ལ་ཐུགས་རྗེ་ཆེན་པོ་མཉམ་པ་དང ། སེམས་ཅན་སེམས་རབ་ཏུ་དང་བ་ལ་ཐུགས་རྗེ་ཆེན་པོ་མཉམ་པ་སྟེ། འདི་ནི་སེམས་ཅན་གྱི་ཆོས་ཀྱི་སྙིང་པོ་བཞིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྱུང་བའང་མ་ཡིན། མ་བྱུང་བའང་མ་ཡིན། གང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་ནས་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་མི་འཇིག་སྟེ། འདི་ནི་སེམས་ཅན་གྱི་ཆོས་ཀྱི་སྙིང་པོ་ལྔའོ། །དགེ་བའི་རྩ་བ་ཐམས་ཅད་བསྡུས་ནས་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བར་འཇུག་ཅིང་འཇིག་རྟེན་གྱི་ཕྱིར་མི་སྤྱོད་པ་སྟེ། འདི་ནི་སེམས་ཅན་གྱི་ཆོས་ཀྱི་སྙིང་པོ་དྲུག་གོ། །ཐོག་མར་སེམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་སངས་རྒྱས་ཀྱི་སྤྱོད་པའི་རྗེས་སུ་ལུས་ཀྱི་ལས་དང ། ངག་གི་ལས་དང ། ཡིད་ཀྱི་ལས་ལ་སློབ་སྟེ། ཐམས་ཅད་མཁྱེན་པར་བསྔོ་ཞིང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་པར་མ་ཡིན་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ།
56.189b
འདི་ནི་སེམས་ཅན་གྱི་ཆོས་ཀྱི་སྙིང་པོ་བདུན་ནོ། །མཐའ་ཡས་པར་འོད་ཐམས་ཅད་ཀུན་དུ་སྣང་བ་དང ། སངས་རྒྱས་ཀྱི་ཆོས་ཐམས་ཅད་སྣང་བ་དང ། བྱང་ཆུབ་སེམས་དཔའ་སེམས་རྣམ་པར་དག་པ་འདི་སྣང་བ་ཐམས་ཅད་མཚུངས་པ་ཐམས་ཅད་མཚུངས་པར་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་རྫོགས་པར་བྱེད་པ་སྟེ། འདི་ནི་སེམས་ཅན་གྱི་ཆོས་ཀྱི་སྙིང་པོ་བརྒྱད་དོ། །འཇིག་རྟེན་གྱི་བདེ་བ་ཐམས་ཅད་སྤོང་བ་དང ། འཇིག་རྟེན་གྱི་དགའ་བ་ལ་མི་འདོད་པ་དང ། འཇིག་རྟེན་ཐམས་ཅད་ཀྱིས་མ་གོས་པའི་སྨོན་ལམ་ཐམས་ཅད་མཚུངས་པར་འཇིག་རྟེན་གྱི་བདེ་བ་ཐམས་ཅད་དང་ལྡན་པས་སྡུག་བསྔལ་ཐམས་ཅད་འཇིག་ཅིང་སྤྲོས་པ་ཐམས་ཅད་མེད་པ་སྟེ། འདི་ནི་སེམས་ཅན་གྱི་ཆོས་ཀྱི་སྙིང་པོ་དགུའོ། །སངས་རྒྱས་ཀྱི་ཡུལ་ལ་དད་པས་དཀའ་བ་དང་དཀའ་ཐུབ་ཀྱི་སེམས་བསྐྱེད་དོ། །སངས་རྒྱས་ཐམས་ཅད་ཀྱི་རིགས་བསྲུང་བ་ལ་བརྩོན་པས་འགྲོ་བ་ཐམས་ཅད་དང་མཉམ་པར་སྡུག་བསྔལ་ཐམས་ཅད་རིགས་པས་རིག་ཅིང་སྟོབས་དང་ས་བཅུའི་བར་གྱི་མཐར་བྱུང་བ་སྟེ། འདི་ནི་སེམས་ཅན་གྱི་ཆོས་ཀྱི་སྙིང་པོ་བཅུ་པའོ། །ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སེམས་ཅན་གྱི་ཆོས་ཀྱི་སྙིང་པོ་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མི་ཆགས་པར་སྤྱོད་པ་བཅུ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་གཤེགས་པ་ཡང་མི་ཆགས་པར་སྤྱོད་པ་དང ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ན་བཞུགས་པ་ཡང་མི་ཆགས་པར་སྤྱོད་པ་དང ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ན་འཆག་བཞེངས། བཞུགས་པ་ཡང་མི་ཆགས་པར་སྤྱོད་པ་དང ། སངས་རྒྱས
56.190a
བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ན་ཆོས་སྟོན་པ་ཡང་མི་ཆགས་པར་སྤྱོད་པ་དང ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དང ། དགའ་ལྡན་གནས་སུ་གཤེགས་པ་ཡང་མི་ཆགས་པར་སྤྱོད་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང ། སྔོན་གྱི་མཐའ་དང ། ཕྱི་མའི་མཐའ་དང ། ད་ལྟར་བྱུང་བ་ལ་ཡང་མི་ཆགས་པར་སྤྱོད་པ་དང ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་ཚད་མེད་པའི་འཁོར་གྱི་དཀྱིལ་འཁོར་དུ་གཤེགས་པ་ཡང་མི་ཆགས་པར་སྤྱོད་པ་དང ། སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་རྣམ་པར་གཟིགས་ཤིང་སེམས་ཀྱི་སྐད་ཅིག་མ་གཅིག་ལ་ཆོ་འཕྲུལ་གསུམ་སྟོན་ཅིང་སེམས་ཅན་འདུལ་བ་ཡང་མི་ཆགས་པར་སྤྱོད་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གཅིག་གིས་ཚད་མེད་བསམ་གྱིས་མི་ཁྱབ་པར་གཤེགས་ཤིང་སངས་རྒྱས་ཀྱི་སྤྱོད་པ་ཆེན་པོ་སྤྱོད་པ་ཡང་མི་ཆགས་པར་སྤྱོད་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཚད་མེད་བསམ་གྱིས་མི་ཁྱབ་པར་གཤེགས་ཤིང་སེམས་ཅན་ཚད་མེད་པ་བཅུ་རྡུལ་ཡབ་མ་ལུས་པ་ཐམས་ཅད་ལ་སྟོན་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་ཀྱི་མཐའ་ཡས་བསྡུས་པ་ཡང་མི་ཆགས་པར་སྤྱོད་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་མི་ཆགས་པར་སྤྱོད་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་སྐུའི་རྒྱན་མཆོག་དམ་པ་བླ་ན་མེད་པ་བཅུ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུའི་མཚན་དང་དཔེ་བྱད་བཟང་པོས་བརྒྱན་པ་སངས་རྒྱས་ཀྱི་སྐུའི་རྒྱན་མཆོག་དམ་པ་བླ་ན་མེད་པའོ། །སངས་རྒྱས་བཅོམ
56.190b
ལྡན་འདས་རྣམས་ཡན་ལག་དྲུག་བཅུ་མཆོག་དམ་པ་དང་ལྡན་ཞིང་གསུང་གི་ཡན་ལག་བརྒྱ་རྩ་ལྔ་ཡོངས་སུ་བཟུང་བ་བརྒྱ་སྟོང་དུ་མས་བརྒྱན་པ་མཐའ་དང་མུ་མེད་པའི་དབྱངས་ཀྱི་ཡན་ལག་རྣམ་པར་དག་པ་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཆོས་དང ། དོན་ཚིག་འབྲུ་རབ་ཏུ་དང་བ་དང ། འཇིགས་པ་མེད་པ་ཆེན་པོས་མི་འཇིགས་ཤིང་བག་ཚ་བ་མེད་པར་སེང་གེའི་སྒྲ་སྒྲགས་པས་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་ཐོས་པ་དང ། སྣང་བ་དང ། ཤེས་པར་མཛད་པ་དང ། སེམས་ཅན་རྣམས་ཀྱི་བསམ་པ་སྣ་ཚོགས་དང ། དབང་པོ་སྣ་ཚོགས་ཀྱི་རིམ་པ་སོ་སོར་སློང་ཞིང་འདུལ་བ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་གི་རྒྱན་མཆོག་དམ་པ་བླ་ན་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡིད་ཀྱི་ལས་སྟོབས་བཅུས་བརྒྱན་པ། སངས་རྒྱས་ཐམས་ཅད་ཏིང་ངེ་འཛིན་ཆེན་པོས་རྒྱས་ཤིང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝ་བརྒྱད་ཀྱི་རྒྱན་གྱིས་ཤིན་དུ་བརྒྱན་ཏེ་ཆགས་པ་མེད་པའི་ཡུལ་གྱི་སྤྱོད་ཡུལ་བ། ཆོས་ཀྱི་དབྱིངས་ལ་རབ་ཏུ་གནས་ཤིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཡན་ལག་བརྙེས་ཏེ་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ཀྱི་བརྒྱན་དང ། སེམས་ཀྱི་སྐད་ཅིག་མ་གཅིག་དང་ལྡན་པའི་ཤེས་རབ་ཀྱི་དུས་གསུམ་མ་ལུས་པ་དང ། ཆོས་ཐམས་ཅད་ཀྱི་དབྱིངས་དང ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཐམས་ཅད་རབ་ཏུ་མཁྱེན་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུག་ཀྱི་བརྒྱན་དམ་པ་མཆོག་བླ་ན་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་བརྗོད་དུ་མེད་པའི་འོད་བྱེ་བ་ཁྲག་ཁྲིག་རབ་ཏུ་བཏང་ནས། འོད་ཟེར་བརྗོད་དུ་མེད་པ་གཅིག་ནས་གཅིག་ཏུ་འོད་ཟེར་གྱི་དྲ་བར་བསྐོར་ཅིང་ཞིང་མིང་བཅུ་རྡུལ་ཡབ་མ་ལུས་པ་ཐམས་ཅད་དུ་སྣང་བར་བྱས་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་མུན
56.191a
པའི་རིགས་སྟོན་པ། འཛུམ་པ་སྟོན་པའི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་སྣ་ཚོགས་དུ་མ་ཁ་དོག་བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་ཚད་མེད་གྲངས་མེད་པ་བྱུང་བས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་མ་ལུས་པ་ཐམས་ཅད་ཀྱི་སེམས་ཅན་གྱི་ཁམས་ལ་སྣང་བས་ཤེས་པར་བྱེད་ཅིང ། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་མཛད་པ་དང ། སངས་རྒྱས་འབྱུང་བ་དང་མི་བྲལ་ཞིང་སངས་རྒྱས་ཀྱི་མཛད་པ་གདོན་མི་ཟ་བ་ཕྱིར་མི་ལྡོག་པ་བརྗོད་དུ་མེད་པའི་སངས་རྒྱས་འབྱུང་ཞིང་བཞུགས་པའི་སྐུ་རྣམ་པར་དག་པས་དགའ་བ་མེད་པར་འབྱུང་བ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་འོད་ཀྱི་རྒྱན་མཆོག་དམ་པ་བླ་ན་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་གཞན་དུ་ལུང་སྟོན་པ་དང ། འགྲོ་བ་ཐམས་ཅད་ཀྱི་སྒྲིབ་པ་མེད་པར་མཛད་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རབ་རིབ་མེད་པས་འཇིག་རྟེན་ཐམས་ཅད་དུ་འཛུམ་པ་མཛད་པ་སྟོན་པའི་རྒྱན་མཆོག་དམ་པ་བླ་ན་མེད་པའོ། །ཚད་མེད་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་སྐུ་བསྒྲིབ་པ་མེད་ཅིང་རྣམ་པར་དག་པ། ཆོས་ཐམས་ཅད་ལ་མ་ཆགས་པ་མཐའ་མེད་པའི་ཆོས་ཀྱི་དབྱིངས་མཐའ་དང་དབུང་མེད་པར་ཆུད་པ། འཇིག་རྟེན་ཐམས་ཅད་དང་མ་འདྲེས་པ། འཇིག་རྟེན་ཐམས་ཅད་དེ་ཁོ་ན་ཉིད་ཀྱི་རྗེས་སུ་འབྲང་བ་འཇིག་རྟེན་ཐམས་ཅད་འཇིག་རྟེན་ལས་འདས་པར་སྤྱོད་པར་འཇུག་པའི་ཚིག་གི་ལམ་ཆད་ཅིང་བརྗོད་དུ་མེད་པར་ཆུད་པ། ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་དང་བྲལ་བ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་རྒྱན་མཆོག་དམ་པ་བླ་ན་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་འོད་ཚད་མེད་པ། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དབྱེར་མེད་པའི་འོད་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བརྒྱན་ཁ
56.191b
དོག་སྣ་ཚོགས་དུ་མའི་རྐྱེན་ཀུན་ནས་མི་ཕྲོག་པའི་འོད། འཇིག་རྟེན་ཐམས་ཅད་ལ་མ་ཆགས་པའི་འོད། ཚད་མེད་པ་བསྒྲིབས་པ་མེད་པའི་འོད་ཀྱི་དཀྱིལ་འཁོར་གྱི་མཛོད་ཐམས་ཅད་ཁང་པ་ལྟར་གྱུར་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་འོད་ཀྱི་བརྒྱན་བླ་ན་མེད་པ་མཆོག་དམ་པའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་ཁ་དོག་མཐའ་ཡས་པ། ཁ་དོག་འཚེར་བ། ཁ་དོག་རང་བཞིན་གྱིས་འཚེར་བ། ཁ་དོག་ཚད་མེད་པ། སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་བསམ་པ་དང ། དད་པ་ཇི་ལྟ་བ་བཞིན་དུ་རྣམ་པར་རིག་པར་བྱེད་པའི་ཁ་དོག་སྟེ། སངས་རྒྱས་བཅོམ་ལྡན་འདས་མི་ཟློག་པའི་ཁ་དོག་དང ། ཁ་དོག་ཐམས་ཅད་ཀྱི་མཆོག་བརྙེས་པས་དེ་ལས་གཞན་པའི་ཁ་དོག་དང ། ཁམས་གསུམ་གྱི་ཁ་དོག་ཐམས་ཅད་ཁྱབ་པ་ཟིལ་གྱིས་མནན་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཁ་དོག་གི་རྒྱན་མཆོག་དམ་པ་བླ་ན་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་དགེ་བ་ཤིན་དུ་རྣམ་པར་དག་པས་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་རིགས་དགེ་བ་རིན་པོ་ཆེ་འབྱུང་བའི་འཇིག་རྟེན་ཐམས་ཅད་ཀྱིས་མ་སྨད་པ། ཁ་ན་མ་ཐོ་བ་མེད་པས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་མཉམ་པ་དང་མི་མཉམ་པར་སྤྱོད་པ་རྣམ་པར་དག་པའི་རྒྱན་དང ། དེ་བཞིན་གཤེགས་པའི་རིགས་སྒྲིབས་པ་མེད་ཅིང་རིགས་རྣམ་པར་དག་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལས་བྱུང་ཞིང་འདུས་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་དང ། གདུང་རྣམ་པར་དག་པའི་རྒྱན་མཆོག་དམ་པ་བླ་ན་མེད་པའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བྱམས་པ་ཆེན་པོའི་སྟོབས་ཀྱིས་བརྒྱན་པ་ཤིན་དུ་དང་ཞིང་རྙོག་པ་མེད་པའི་ཀུན་དུ་རྟོག་པའི་སྐུའི་འདུ་བྱེད་ཉམ་རངས་པ། ཤིན་དུ་རྣམ་པར་ཕྱེ་བ་བལྟ་བས་མི་ངོམས་པས། ཐུགས་རྗེ་ཆེན་པོའི་ཐུགས་འགྲོ་བ་ཐམས་ཅད་ཀྱི
56.192a
སྦྱིན་གནས་དང ། སྐྱབས་མེད་ཀྱི་མཆོག་བླ་ན་མེད་པ་སོ་སོར་འཛིན་པ་རྣམས་ལ་ཐུགས་བརྩེ་ཞིང་ཕན་པར་བཞེད་པ། སེམས་ཅན་ཐམས་ཅད་ལ་ཡེ་ཤེས་ཆེན་པོའི་བྱིན་གྱིས་རློབ་པ་བསོད་ནམས་ཆེན་པོ་འཕགས་པ། འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་མཐའ་ཡས་པའི་ཞིང་སེམས་ཅན་ཐམས་ཅད་ལ་ཡོན་ཏན་དང་ཡེ་ཤེས་ཀྱི་ཕུང་པོ་ཐམས་ཅད་རྣམ་པར་འཕེལ་བར་མཛད་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱམས་པ་ཆེན་པོ་དང ། ཐུགས་རྗེ་ཆེན་པོ་དང ། བསོད་ནམས་ཀྱིས་མཐའི་རྒྱན་མཆོག་དམ་པ་བླ་ན་མེད་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་རྒྱན་མཆོག་དམ་པ་བླ་ན་མེད་པའོ། །འཕགས་པ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་བསྟན་པ། བམ་པོ་གཉིས་པ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བདག་པོ་དབང་གི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་བདག་པོ་དབང་གིས་ཆོས་ཐམས་ཅད་སྣང་བར་མཛད་པ་དང ། མཐའ་མེད་པའི་ཚིག་དང་འབྲུ་ལ་སྤོབས་པ་ཆགས་པ་མེད་པ་དང ། ཆོས་མ་ལུས་པ་ཐམས་ཅད་ཡོངས་སུ་སྟོན་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་བདག་པོའི་དབང་གི་ཆོས་དང་པོའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་བདག་པོས་ཇི་ལྟར་སེམས་ཅན་གནས་པའི་འདུལ་ཞིང་ཡོངས་སུ་སྨིན་པ་དེ་ལྟར་སྨོན་ལམ་དང་ཆོས་སྟོན་ཏེ། འདི་ནི་སངས་རྒྱས་ཀྱི་བདག་པོའི་ཆོས་གཉིས་སོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་བདག་པོས་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས་ཀྱང་སེམས་ཅན་གཅིག་ལ་ཡང་གནོད་པ་མེད་པ་ཚད་མེད་གྲངས་མེད་པའི་རྒྱན་གྱིས་བརྒྱན་པ། ནམ་མཁའི་ཁམས་ཀྱི་མཐའི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་གཅིག་ནས
56.192b
གཅིག་ཏུ་འདེག་པ་དང ། འཇོག་པ་དང ། སད་པ་དང ། འཕེན་པ་དང ། འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་དང ། ཕྱོགས་གཅིག་ནས་གཅིག་ཏུ་འཇོག་ཀྱང་སེམས་ཅན་གྱི་ཁམས་ཀུན་ནས་གཏི་མི་མུག་ཅིང་ཐེ་ཙོམ་མེད་དེ། འདི་ནི་སངས་རྒྱས་ཀྱི་བདག་པོའི་དབང་གི་ཆོས་གསུམ་མོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་བདག་པོའི་སེམས་ཀྱི་སྐད་ཅིག་མ་གཅིག་ལ་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ཡེ་ཤེས་ཀྱི་བྱིན་གྱིས་བརློབས་ཏེ། རྒྱན་སྣ་ཚོགས་འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བྱིན་གྱིས་རློབ་པ་དང ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལྷབ་ལྷུབ་དང་རྒྱན་སྟོན་པ་དང ། གྲངས་མེད་པའི་བསྐལ་པར་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་ཉོན་མོངས་པ་མེད་པའི་ལུས་སུ་སྟོན་ཅིང་ལྷབ་ལྷུབ་དང་རྒྱན་ཐམས་ཅད་ཀྱི་ཁ་དོག་མི་ཟད་པར་སྟོན་པ་དང ། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ཐམས་ཅད་སངས་རྒྱས་ཀྱི་ཞིང་གཅིག་ཏུ་ཀུན་འབྲང་བར་བྱིན་གྱིས་རློབ་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་བདག་པོའི་དབང་གི་ཆོས་བཞིའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་བདག་པོས་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་གཟིགས་ནས་སེམས་ཅན་གཅིག་གི་ཕྱིར་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བསྐལ་པར་དཀྱིལ་མོ་དཀྲུང་མི་འཇིག་པ་གང་ཟག་དེ་ལ་དགོངས་ཀྱང ། དེ་བཞིན་གཤེགས་པའི་སྐུ་དང་ཐུགས་ལ་སྐྱོ་བ་མི་མངའ་ཞིང་འདུལ་བའི་དུས་སུ་དེ་ལས་མི་འདའ་སྟེ། ཇི་ལྟར་གང་ཟག་རེ་རེ་ལ་ཡང་དེ་བཞིན་དུ་རིམ་པས་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ཀྱི་ཕྱི་མའི་མཐར་ཚེ་ལ་དབང་བ་བྱིན་གྱིས་བརླབས་ཏེ་བཞུགས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ལ་ཀུན་དུ་བསྙེངས་པ་མི་མངའ། སྐྱོ་བ་མི་མངའ་སྟེ། དེ་བཞིན་དུ་སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་སངས་རྒྱས་ཀྱིས་འདུལ་བའི་གང་ཟག་གི་ཕྱིར་རིམ་པས་རབ་ཏུ་སྐྱོང་སྟེ། འདི་ནི་སངས་རྒྱས
56.193a
བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་བདག་པོའི་དབང་གི་ཆོས་ལྔའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་བདག་པོས་སེམས་ཀྱི་སྐད་ཅིག་མ་དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་འབྲང་ཞིང་གཤེགས་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་འགྱུར་བ་རྒྱ་མཚོ་མེད་པ་བཅུ་རྡུལ་ཡབ་མ་ལུས་པ་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་གཅིག་ནས་གཅིག་ཏུ་ཐམས་ཅད་བྱིན་གྱིས་བརླབས་པ་དང ། ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རིགས་ཀྱི་དྲ་བ་བཟློག་ཅིང་ཚད་མེད་པར་གཤེགས་ཏེ། ཆོས་ཀྱི་དབྱིངས་སྟོན་པ་དང ། མི་འཕྲོགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་བདག་པོའི་དབང་གི་ཆོས་དྲུག་གོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདག་པོས་སེམས་ཀྱི་སྐད་ཅིག་མ་ལ་སེམས་ཅན་གྱི་ཁམས་འདུལ་བའི་ཕྱིར་སེམས་ཀྱི་སྐད་ཅིག་མ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱང་འདི་ལྟར་མངོན་དུ་རྫོགས་པར་སངས་རྒྱས་པ་འང་མེད། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལས་མངོན་པར་སངས་རྒྱས་པ་འང་མེད། མངོན་དུ་རྫོགས་པར་འཚང་རྒྱ་བར་འགྱུར་བ་འང་མེད། སློབ་པའི་ས་ལ་གནས་པ་དང ། མངོན་པར་རྫོགས་པར་བྱང་ཆུབ་ཏུ་ཕྱེ་བ་དང ། སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྒྲིབས་པ་མེད་པར་རྟོགས་ཤིང་རིག་པ་འང་མེད་དེ། སེམས་ཅན་འདུལ་བའི་ཕྱིར་སངས་རྒྱས་རྣམ་པར་སྤྲུལ་པ་ཆེན་པོའི་ཡུལ་རྒྱུན་མི་གཅོད་ཅིང་དཔག་ཏུ་མེད་པའི་ཡེ་ཤེས་བརྙེས་ཏེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་བདག་པོའི་དབང་གི་ཆོས་བདུན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་བདག་པོས་གང་སྤྱན་གྱི་སྐྱེ་མཆེད་ཀྱིས་སངས་རྒྱས་ཀྱི་མཛད་པ་དེ་སྙན་གྱི་སྐྱེ་མཆེད་ཀྱིས་ཀུན་དུ་སྒྲུབ། གང་སྙན་གྱི་སྐྱེ་མཆེད་ཀྱིས་སངས
56.193b
རྒྱས་ཀྱི་མཛད་པ་དེ་ཤངས་ཀྱི་སྐྱེ་མཆེད་ཀྱིས་ཀུན་དུ་བསྒྲུབ། གང་ཤངས་ཀྱི་སྐྱེ་མཆེད་ཀྱིས་སངས་རྒྱས་ཀྱི་མཛད་པ་དེ་ལྗགས་ཀྱི་སྐྱེ་མཆེད་ཀྱིས་ཀུན་ཏུ་སྒྲུབ། གང་ལྗགས་ཀྱི་སྐྱེ་མཆེད་ཀྱིས་སངས་རྒྱས་ཀྱི་མཛད་པ་དེ་སྐུའི་སྐྱེ་མཆེད་ཀྱིས་ཀུན་དུ་སྒྲུབ། གང་སྐུའི་སྐྱེ་མཆེད་ཀྱིས་སངས་རྒྱས་ཀྱི་མཛད་པ་དེ་ཐུགས་ཀྱི་སྐྱེ་མཆེད་ཀྱིས་ཀུན་ཏུ་སྒྲུབ། གང་ཐུགས་ཀྱི་སྐྱེ་མཆེད་ཀྱིས་སངས་རྒྱས་ཀྱི་མཛད་པ་དེའི་བར་གྱིས་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་སྣ་ཚོགས་སུ་རྩོམ་ཞིང་འཇིག་རྟེན་དང ། འཇིག་རྟེན་ལས་འདས་པའི་རྣམ་པར་ཕྱེ་བ་བརྙེས་ཏེ། དེ་བཞིན་དུ་རྩོམ་པ་རེ་རེས་སྒྲུབ་ཅིང་སྤྲུལ་པས་སངས་རྒྱས་ཀྱི་མཛད་པ་རྩོམ་པ་གཅིག་ཇི་ལྟ་བ་བཞིན་དུ་རྩོམ་པ་མ་ལུས་པ་ཐམས་ཅད་ཀྱང་དེ་བཞིན་ཏེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་བདག་པོའི་དབང་གི་ཆོས་བརྒྱད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དབང་པོས་རང་གི་སྐུའི་བ་སྤུ་གཅིག་གི་བུ་གར་སེམས་ཅན་རེ་རེའི་ལུས་ཀྱང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ལྟར་ཆེ་བའི་སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་བཅུག་ཅིང་ནང་དུ་འདུས་པར་མཛད་དེ། དེ་ལ་སེམས་ཅན་རེ་རེས་ཀྱང་བསྐལ་པ་གྲངས་མེད་པར་གནས་ཀྱང་སེམས་ཅན་དེ་དག་ལ་གནོད་པ་ཡང་མེད། ཀུན་དུ་གནོད་པ་མེད་དོ། །འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་གོམ་པ་ཅིག་གིས་གཤེགས་ཏེ་འཇིག་རྟེན་གྱི་ཁམས་དེ་དག་གིས་སངས་རྒྱས་བྱུང་ཞིང་སངས་རྒྱས་བྱུང་བ་དང ། དེ་དག་གིས་བརྗོད་དུ་མེད་པའི་འཇིག་རྟེན་གྱི་ཁམས་འདས་ཏེ། དེའི་དབང་གིས་སེམས་ཅན་གྱི་སྙིང་པོས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་ཤེས་སོ། །དེ་ལ་བ་སྤུའི་བུ་གའི་སེམས་ཅན་བརྗོད་དུ་མེད་པ་དག་གཅིག་ནས་གཅིག་ཏུ་སངས་རྒྱས་སུ
56.194a
གྱུར་ཏེ། གཅིག་ནས་གཅིག་ཏུ་བརྗོད་དུ་མེད་པའི་ཆོས་ཀྱི་འཁོར་ལོ་སྐོར་ཞིང ། གཅིག་ནས་གཅིག་ཏུ་བརྗོད་དུ་མེད་པའི་ཆོས་ཀྱི་དབྱིངས་སྟོན། གཅིག་ནས་གཅིག་ཏུ་འདས་པ་བརྗོད་དུ་མེད་པ་དང ། གཅིག་ནས་གཅིག་ཏུ་མ་འོངས་པ་བརྗོད་དུ་མེད་པ་དང ། གཅིག་ནས་གཅིག་ཏུ་ད་ལྟར་བྱུང་བ་བརྗོད་དུ་མེད་པ་སྣང་བར་བྱེད། མཐའ་དང་དབུང་མེད་པའི་ནམ་མཁའི་ཁམས་སྐབས་བྱེད་པ་སྟོན། སེམས་ཅན་ཐམས་ཅད་འོང་བ་དང ། འགྲོ་བ་དང ། ཐམས་ཅད་སྐྱེ་བའི་སྐྱེ་མཆེད་དང ། བསྒྲིབས་པ་མེད་པ་དང ། འདོད་ཆགས་ལ་ཡོངས་སུ་སྤྱོད་པར་འཇུག་པ་མཁྱེན་ཏེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་བདག་པོའི་དབང་གི་ཆོས་དགུའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བདག་པོས་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་པད་མོའི་རྒྱན་ཆེན་པོས་བརྒྱན་ཏེ་པད་མོའི་སྙིང་པོའི་སེང་གེའི་གདན་ལ་དེ་བཞིན་གཤེགས་པ་རེ་རེ་བཞུགས་པ་དང ། ཆོས་ཐམས་ཅད་ཀྱི་དབྱིངས་དང ། སྐུ་དཔག་ཏུ་མེད་པ་དང ། བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དང ། སངས་རྒྱས་ཐམས་ཅད་རྣམ་པར་རོལ་པ་སྟོན་ཏེ། ཇི་ལྟར་དེ་བཞིན་གཤེག་ས་པ་གཅིག་པ་དེ་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པར་སེམས་ཅན་གྱི་སྙིང་པོ་རེ་རེ་སེམས་ཀྱི་སྐད་ཅིག་མ་ལ་བྱིན་གྱིས་བརློབ་བོ། །སེམས་ཀྱི་སྐད་ཅིག་མ་གཅིག་ཇི་ལྟ་བ་བཞིན་དུ་སེམས་ཀྱི་སྐད་ཅིག་མ་ཐམས་ཅད་ཀྱང་དེ་བཞིན་ནོ། །ཇི་ལྟར་པད་མའི་ལེའུ་དང ། རྣམ་པར་དག་ཅིང་མངོན་དུ་རྫོགས་པར་སངས་རྒྱས་པ་དེ་ལྟར་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང ། མེད་བཅུ་རྡུལ་ཡབ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་དང ། བསམ་གྱིས་མི་ཁྱབ་པའི་རྒྱན་སྣ་ཚོགས་དང ། འཇིག་རྟེན་གྱི་ཁམས་སུ་རྩོམ་པ་སྣ་ཚོགས་ཀྱི་རིམ་པ་དང །
56.194b
མེད་བཅུ་རྡུལ་ཡབ་བརྗོད་དུ་མེད་པའི་ཞིང་རྣམ་པར་དག་པ་དང ། སྣ་ཚོགས་ཀྱི་མཚན་ཉིད་དང ། མཚན་ཉིད་སྣ་ཚོགས་མེད་པ་དང ། རིགས་མེད་བཅུ་རྡུལ་ཡབ་ཚད་མེད་པ་དང ། གྲངས་མེད་པའི་དུས་འགྱུར་བ་དང ། མི་ཆགས་པ་སྟོན་པ་དང ། ཚད་མེད་པའི་བློ་རྒྱས་པའི་དད་པ་དང ། སྐད་ཅིག་མ་སྣ་ཚོགས་དང ། གནས་མེད་པ་དང ། སྐད་ཅིག་མ་བསམ་གྱིས་མི་ཁྱབ་པ་དང ། ཚད་མེད་པར་གཤེགས་པ་དང ། སེམས་ཀྱི་སྐད་ཅིག་མ་དང ། སེམས་ཀྱི་སྐད་ཅིག་མ་གཅིག་ལ་ཐམས་ཅད་སྟོན་ཏེ། སངས་རྒྱས་བཅོམ་ལྡན་འདས་མཆེད་དུ་མཛད་པ་ནི་མི་མངའོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་བདག་པོའི་དབང་གི་ཆོས་བཅུའོ། །ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བདག་པོའི་དབང་གི་ཆོས་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་ཚད་མེད་བསམ་གྱིས་མི་ཁྱབ་པ་ཡོངས་སུ་རྫོགས་པ་བཅུ་སྟེ། བཅུ་གང་ཞེ་ན། གང་གིས་བསོད་ནམས་བརྒྱ་པའི་མཚན་མཚན་རེ་རེ་ནས་ཡོངས་སུ་དག་ནས་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། འདི་ནི་ཡོངས་སུ་རྫོགས་པ་དང་པོའོ། །སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་ནས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང ། སངས་རྒྱས་བཅོམ་ལྡན་འདས་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་རྫོགས་ནས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང ། སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་དང ། སྤྱོད་པ་རྣམ་པར་དག་པ་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་ནས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང ། སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་འདུལ་ཞིང་ཡོངས་སུ་སྨིན་པར་མཛད་པ་ཡོངས་སུ་རྫོགས་ནས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང
56.195a
རྒྱ་བ་དང ། སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་བདག་པོ་འགྲོ་བ་ཐམས་ཅད་གང་གིས་ཀྱང་ཟིལ་གྱིས་མི་གནོན་པ་ཡོངས་སུ་རྫོགས་ནས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང ། སངས་རྒྱས་བཅོམ་ལྡན་འདས་ཞིང་ཡོངས་སུ་དག་པར་མཛད་པ་ཡོངས་སུ་རྫོགས་ནས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་ནས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང ། སངས་རྒྱས་བཅོམ་ལྡན་འདས་གཟུགས་ཀྱི་སྐུའི་མཚན་དང་དཔེ་བྱད་གཏི་མུག་མེད་པར་སྟོན་པ་ཡོངས་སུ་རྫོགས་ནས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང ། སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་ཡོངས་སུ་རྫོགས་ནས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང ། སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་མཛད་པ་མཛད་པ་ཐམས་ཅད་ཡོངས་སུ་རྫོགས་ནས་ཡོངས་སུ་མྱ་ངན་ལས་འདའ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཐབས་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཐབས་ལ་མཁས་པ་བཅུ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་མ་ཡིན་པའི་ཆོས་ཐམས་ཅད་མཁྱེན་ནས་སྤྲོས་པ་མེད་པ་དང་དགེ་བ་དང ། སངས་རྒྱས་ཀྱི་བྱིན་གྱིས་བརླབས་སྟོན་ཅིང་སྣང་བར་མཛད་དེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐབས་ལ་མཁས་པ་དང་པོའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཐམས་ཅད་བལྟར་མེད་པ་དང ། ཕན་ཚུན
56.195b
ཤེས་པར་མི་རུང་བ་དང ། མ་བཅིང་བ་དང ། མ་གྲོལ་བ་དང ། གཟུང་དུ་མེད་པ་དང ། རེག་པར་མི་རུང་བ་དང ། མ་བྱུང་བའི་ཆོས་ཐམས་ཅད་ལ་མངའ་དམ་པའི་ཕ་རོལ་དུ་ཕྱིན་པ་བརྙེས་ཤིང ། སངས་རྒྱས་བཅོམ་ལྡན་འདས་ཆོས་དེ་དག་ཐམས་ཅད་ཡང་དག་པ་ཉིད་དང ། དེ་ཁོ་ན་དང ། མ་ནོར་བ་དེ་བཞིན་ཉིད་དང ། གཞན་མ་ཡིན་པའི་ཆོས་ཐམས་ཅད་དང ། བདག་མེད་པ་དང ། གཟུང་བ་མེད་པའི་ཆོས་རྣམས་ཀྱི་དེ་ཁོ་ནའི་མཐའ་ལ་ཆགས་པ་མེད་པའི་དབང་དུ་གྱུར་པ་དེ་ལ་དབང་གིས་ཆེན་པོ་བསླབས་ཏེ། བསླབ་པའི་རྗེས་སུ་འབྲང་ཞིང་ཆོས་ཐམས་ཅད་ལ་གཟིགས་ཏེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཐབས་ལ་མཁས་པ་གཉིས་པའོ། །སངས་རྒྱས་བཅོམ་ལྡན་འདས་མཚན་མ་ཐམས་ཅད་ཀྱི་མཐའ་དང་བྲལ་ཞིང་མཚན་མ་ཐམས་ཅད་ལ་མི་གནས་པ། མཚན་མ་མངོན་པར་མཁྱེན་པས་མི་ཆགས་པ་དེའི་ངོ་བོ་ཉིད་དང་ངོ་བོ་ཉིད་མེད་པ་དང ། ཇི་ལྟར་ངོ་བོ་ཉིད་སྨྲ་བའི་ཚུལ་གྱིས་རྗེས་སུ་སོང་བ། གྲངས་མེད་པའི་གཟུགས་ཀྱི་མཚན་མའི་ཚོགས་ཀྱི་སྐུ་རྣམ་པར་དག་པ་སྣ་ཚོགས་ཀྱི་ཞིང་ཐམས་ཅད་ཀྱི་མཚན་མ་དང་སྤྱོད་པའི་མཚན་མ་ཟད་པར་སྟོན་པ། མུན་པའི་འདུ་ཤེས་ཀྱི་ཕུང་པོ་ཡང་དག་པར་རབ་ཏུ་འཆང་བ་མུན་པའི་འགྲོ་བ་ཐམས་ཅད་ལ་སྒྲོན་མ་ཆེན་པོས་སྣང་བ་སྟོན་ཏེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཐབས་ལ་མཁས་པ་གསུམ་པའོ། །སྔོན་གྱི་མཐའ་དང ། ཕྱི་མའི་མཐའ་དང ། ད་ལྟར་བྱུང་བ་ལ་མ་ཆགས་པ་དང ། འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བ་དང ། ཆོས་ཀྱི་དབྱིངས་ལ་མི་གནས་པ། དེ་བཞིན་ཉིད་ཀྱི་མཚན་ཉིད་མ་བྱུང་བ་དང ། འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བྱུང་བ་སྣང་བར་མཛད་པ། བརྗོད་དུ་མེད་པར་བསྟན་པ། དེ་ལྟར་ཚད་མེད
56.196a
པའི་རིགས་ཀྱི་ཕྱིར་དང ། སངས་རྒྱས་ཀྱི་ཕྱིར་ལྟ་བ། སངས་རྒྱས་ཀྱི་ཡུལ་ཀུན་ཏུ་གཟིགས་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཐབས་ལ་མཁས་པ་བཞི་པའོ། །སངས་རྒྱས་བཅོམ་ལྡན་འདས་ལུས་ཀྱི་ལས་དང ། ངག་གི་ལས་དང ། ཡིད་ཀྱི་ལས་མངོན་པར་འདུ་མི་བྱེད་པ། བླང་བ་མེད་པ་དང ། རྒྱ་མེད་པའི་མཐའ་ལ་གནས་པ། དོར་བ་མེད་པའི་ཆོས་ཀྱི་གནས་ཀྱི་ཕ་རོལ་དུ་སོང་བ། མ་ངེས་པའི་རྣམ་པའི་མཛོད་དང ། གྲངས་ཀྱི་སྤྱོད་པ་ལས་ལེགས་པར་ཚོགས་མཐའ་ཡས་པ་སྒྲུབ་པ་དང ། སྣ་ཚོགས་ཀྱི་རིམ་པ་འཇིག་རྟེན་པ་དང ། འཇིག་རྟེན་ལས་འདས་པའི་གྲངས་སུ་གཏོགས་པའི་རྗེས་སུ་སོང་བ། བསྒྲིབས་པ་མེད་པའི་ཡེ་ཤེས་ཀྱི་ལྟ་བ་ཚད་མེད་མཐའ་ཡས་པའི་རྫུ་འཕྲུལ་སྣ་ཚོགས་མངོན་པར་འདུ་མཛད་པ། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་སེམས་ཅན་རྣམས་འདུལ་ཞིང་རྣམ་པར་རིག་པར་བྱེད་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཐབས་ལ་མཁས་པ་ལྔའོ། །ཆོས་ཐམས་ཅད་བལྟར་མེད་པ་དང ། སྣ་ཚོགས་མེད་པར་སོང་བ་དེ་ནི་མ་པ་མེད་པར་སོང་བ། མ་བྱུང་བར་སོང་བ། མཚན་ཉིད་མེད་པར་སོང་བ། སྣ་ཚོགས་མེད་པར་སོང་བ། རྒྱན་མེད་པར་སོང་བ། བླང་བ་མེད་པར་སོང་བ། ངོ་བོ་ཉིད་མེད་པར་སོང་ཞིང་ཆོས་ཐམས་ཅད་མཁྱེན་ཏེ། ཆོས་ཀྱི་ཀློང་ལས་རིམ་པར་འབྱིན་པ་རབ་ཏུ་མཁྱེན་པ། འཇིག་རྟེན་གྱི་ཆོས་དང་མི་འགལ་བར་མཛད་པ། ཡང་དག་པའི་ངོ་བོ་ཉིད་མེད་པར་ལྟ་བ། ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས་པ། ཡེ་ཤེས་ཀྱིས་མ་ལུས་པར་གཟིགས་པ། ཆོས་ཐམས་ཅད་དབང་གིས་སྣང་བར་མཛད་ཅིང་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ལས་མི་འཕོ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཐབས་ལ་མཁས་པ་དྲུག་པའོ། །དུས་ཅིག་ཏུ་མཚན་མ་གཅིག་ཕན་ཚུན་རྟོགས་ཤིང་མཁྱེན་པ་དེ་ཆོས་གཤའ
56.196b
མར་འཇུག་པ་ཡོངས་སུ་མི་གནས་པའི་དགེ་བའི་རྩ་བ་མཉམ་པ་རྣམ་པར་དག་པ། ཆོས་གཤའ་མ་ཉིད་དང ། དུས་ཐམས་ཅད་དུ་མི་གནས་པ་དེ་ལ་ཉི་མ་གཅིག་དང ། ཟླ་བ་ཕྱེད་དང ། ལོ་གཅིག་དང ། ལོ་བརྒྱ་དང ། བསྐལ་པ་སྡུད་པ་དང་འགྱུར་བའི་རྗེས་སུ་འཇུག་པ་འང་མ་ཡིན། །ལྡོག་པ་འང་མ་ཡིན། ཚད་མེད་པའི་དུས་དང ། ཉི་མ་གཅིག་དང ། ཡུད་ཙམ་གྱི་དུས་དང ། སྔ་དྲོ་དང ། ཉི་མ་ཕྱེད་ཀྱི་དུས་དང ། ཕྱེམ་རེད་དང ། སྲོད་དང ། ནམ་གྱི་གུང་དང ། ཐོ་རངས་ཀྱི་དུས་དང ། ཉི་མ་དང ། གྲངས་སུ་གཏོགས་པའི་དུས་དང ། ཞག་བདུན་དང ། ཟླ་བ་ཕྱེད་ཀྱི་དུས་དང ། ཟླ་བ་གཅིག་དང ། ལོ་གཅིག་དང ། ལོ་བརྒྱའི་དུས་དང ། བསྐལ་པ་གཅིག་གི་དུས་དང ། ཚད་མེད། གྲངས་མེད། བསམ་གྱིས་མི་ཁྱབ། བརྗོད་དུ་མེད་པའི་དུས་དང ། ཕྱི་མའི་དུས་ཀྱི་མཐའི་བར་དུས་ཆོས་སྟོན་ཏེ། ཆོས་ཀྱི་འཁོར་ལོ་ལ་གནས་པའང་མེད་ལྡོག་པ་འང་མེད་རྒྱུན་ཀྱང་མི་གཅོད་སྦྱོར་བ་འང་མེད། མཚམས་སུ་འང་མི་འགྱུར། མི་འདོར། མི་འཕོ། མི་གཡོ། རིང་བ་འང་མ་ཡིན། དེ་མཐའ་ལ་ཡང་གནས་པ་མ་ཡིན་ཏེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱིས་ཐབས་ལ་མཁས་པ་བདུན་པའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང ། ཚད་མེད་པའི་མི་འཇིགས་པ་བརྙེས་པ། སོ་སོ་ཡང་དག་པར་རིག་པ་གྲངས་མེད་པ་དང ། སོ་སོ་ཡང་དག་པར་རིག་པ་ཚད་མེད་པ་དང ། སོ་སོ་ཡང་དག་པར་རིག་པ་མི་ཟད་པ་དང ། སོ་སོ་ཡང་དག་པར་རིག་པ་གནས་པ་མེད་པ་དང ། སོ་སོ་ཡང་དག་པར་རིག་པ་མཐའ་ཡས་པ་དང ། སོ་སོ་ཡང་དག་པར་རིག་པ་དང ། སོ་སོ་ཡང་དག་པར་རིག་པ་ཀུན་ནས་གཟུང་བ་མེད་པ་དང ། དེ་ཁོ་ན་ཉིད་སོ་སོ་ཡང་དག་པར་རིག་པ་དང ། ཚིག་དང ། ཚུལ་དང ། རྟོག་པ་སོ་སོའི་ཡང་དག་པར་རིག་པ་དང ། ཆོས་ཐམས་ཅད་སོ་སོ་ཡང་དག་པར
56.197a
རིག་པ་དང ། ཇི་ལྟར་བསམ་པ་དང ། དད་པ་དང ། དབང་པོ་དང ། ཇི་ལྟར་བཏགས་པའི་ཆོས་རྣམས་དང ། ཆོས་ཀྱི་གཞུང་གི་མཚམས་སྟོན་པ་དང ། དེ་དང་དེ་དག་ཏུ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་མདོ་སྡེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཐོག་མ་དང ། བར་མ་དང ། ཐ་མའི་མདོ་ཡང་དག་པར་རབ་ཏུ་སྟོན་ཏེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཐབས་ལ་མཁས་པ་བརྒྱད་པའོ། །མིང་མེད་པ་དང ། མིང་དང ། རིགས་དང ། འབྱུང་བ་ཡང་ཆོས་ཐམས་ཅད་ཀྱི་མིང་དང ། འབྱེད་པ་དང ། ཁམས་འབར་བ་དང ། མངོན་དུ་རྫོགས་པར་སངས་རྒྱས་པ་དང ། འདས་པ་མེད་པའི་མིང་དང ། མ་འོངས་པ་མེད་པའི་མིང་དང ། ད་ལྟར་བྱུང་བ་མེད་པའི་མིང་དང ། སེམས་ཅན་མེད་པའི་མིང་དང ། ཞིང་མེད་པའི་མིང་དང ། ཆོས་མེད་པའི་མིང་དང ། ཡོན་ཏན་མེད་པའི་མིང་དང ། བྱང་ཆུབ་སེམས་དཔའ་མེད་པའི་མིང་དང ། སངས་རྒྱས་མེད་པའི་མིང་དང ། གྲངས་མེད་པའི་མིང་དང ། གྲངས་མེད་པ་མ་ཡིན་པའི་མིང་དང ། མ་བྱུང་བའི་མིང་དང ། མི་འགོག་པའི་མིང་དང ། མེད་པའི་མིང་དང ། མེད་པ་མ་ཡིན་པའི་མིང་དང ། གཅིག་མ་ཡིན་པའི་མིང་དང ། རྣམ་པ་ཐམས་ཅད་མ་ཡིན་པའི་མིང་རང་བཞིན་གྱིས་བརྗོད་དུ་མེད་པའོ། །ཆོས་ཐམས་ཅད་ནི་ཕྱོགས་མ་ཡིན། བརྡ་མ་ཡིན། ངག་གི་ལམ་གྱི་སྒྲ་དང་བྲལ་བ། སྒྲ་བྱུང་བ་ཐམས་ཅད་ཀྱིས་མ་བསྒྲུབས་པ། མ་བསྐྱེད་པ་དང ། སྣ་ཚོགས་སུ་བསྐྱེད་པ་དང ། རྣམ་པ་གཅིག་མ་ཡིན་པ་དང ། རྣམ་པ་མང་པོ་མ་ཡིན་པ་དང ། སྨྲ་བ་ཐམས་ཅད་བརྗོད་དུ་མེད་པའི་དམ་པའི་ཕ་རོལ་དུ་ཕྱིན་པ་བརྙེས་པ། ཀུན་ཏུ་མི་རྟོགས་པའི་ཡུལ་མངོན་པར་འདུ་མི་བྱེད་པ་དང་ལྡན་པ། རྟོག་པ་དང ། ཀུན་དུ་རྟོག་པ་དང ། ཡོངས་སུ་རྟོག་པ་ཐམས་ཅད་འགགས་པ། སྨྲ་བ་ཐམས་ཅད་ལ་མི་གནས་པ་གནས་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས
56.197b
རྣམས་ཀྱི་སངས་རྒྱས་ཀྱི་ཐབས་ལ་མཁས་པ་དགུའོ། །གཟུགས་ཀྱི་ཆོས་ཐམས་ཅད་མ་སྐྱེས་པར་མཁྱེན་ཏེ། ཚོར་བ་མ་ཡིན། སྤྲོས་པ་མ་ཡིན། གྲངས་མ་ཡིན། འདུ་ཤེས་ཀྱི་སྤྱོད་པ་མ་ཡིན། འདུ་བྱེད་མ་ཡིན། ལེན་པ་མ་ཡིན། རྣམ་པར་ཤེས་པ་མ་ཡིན་ཏེ། རང་བཞིན་གྱིས་ཞི་བར་རབ་ཏུ་མཁྱེན། སྐྱེ་མཆེད་མེད་པར་འཇུག་པ་དང ། ཆོས་ཐམས་ཅད་ཀྱི་དབྱིངས་མི་དམིགས་པ་དང ། ཆོས་ཐམས་ཅད་མི་འཇིགས་པ་དང ། ཆོས་ཐམས་ཅད་ལྡང་བ་མེད་དེ། རང་བཞིན་གྱིས་ནམ་མཁའ་དང་མཉམ་པ། ཆོས་ཐམས་ཅད་དབེན་པ། ལས་མ་ཡིན་པ་སྤྱོད་པ་མེད་པ་ལས་བྱུང་བ། མ་སྐྱེས་པ། མ་བྱུང་བ། གྲངས་མང་བར་རྟོགས་པ། ཡོད་པ་མ་ཡིན་པ་མེད་པ་མ་ཡིན་པ། མ་སྐྱེས་པ། མ་འགགས་པ། ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན། མིང་མེད་པ། གཤའ་མ་མ་ཡིན་པ། མི་གནས་པ་ཡོངས་སུ་མི་གནས་པ་ཡོངས་སུ་སྨིན་པ་མ་ཡིན་པ། དུལ་བ་མ་ཡིན་པ། སེམས་ཅན་མེད་པ། སེམས་ཅན་མེད་པ་མ་ཡིན་པ། སྲོག་མེད་པ། སྲོག་མེད་པ་མ་ཡིན་པ། རྐྱེན་མེད་པ། རྐྱེན་མེད་པ་མ་ཡིན་པ། རྐྱེན་དང་འདུ་བ་མེད་པ་མ་ཡིན་པར་ཆོས་ཐམས་ཅད་མཁྱེན་ཏེ། ཆོས་ཐམས་ཅད་ཀྱི་དབྱིངས་སྟོན་པའི་དམ་པའི་ཕ་རོལ་དུ་ཕྱིན་པ་བརྙེས་པ། ཚོགས་གསུམ་པ་རྣམ་པར་གནས་པས་ངེས་པ་དང ། མ་ངེས་པ་དང ། ལོག་པར་ངེས་པ་དང ། མ་ངེས་པ་དང ། དེ་བཞིན་གཤེགས་པའི་སྟོབས་བཅུ་དང ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང ། མི་འཇིགས་པ་བཞི་རྣམ་པར་དག་པ་དང ། སངས་རྒྱས་ཀྱི་ཡུལ་ཆེན་པོ་སྟེ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཐབས་ལ་མཁས་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཐབས་ལ་མཁས་པ
56.198a
བཅུའོ། །ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་དང ། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཡངས་པ། ཚད་མེད་པ་བསམ་གྱིས་མི་ཁྱབ་པ། ལྷ་དང་འཇིག་རྟེན་དུ་བཅས་པ་གང་གིས་ཀྱང་ཚད་གཟུང་བར་མི་ནུས་པ། འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་པ་བཅུ་སྟེ། བཅུ་གང་ཞེ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པའི་ནམ་མཁའི་དབྱིངས་ཀྱི་མཐའ་དང ། ཆོས་ཐམས་ཅད་ཀྱི་དབྱིངས་དང ། འཇིག་རྟེན་གྱིས་ཁམས་ཐམས་ཅད་དུ་དགའ་ལྡན་དུ་སྐྱེ་བ་སྟོན་པ་དང ། བྱང་ཆུབ་སེམ་ས་དཔའི་སྤྱོད་པ་དང ། སངས་རྒྱས་ཀྱི་མཛད་པ་མཐའ་མེད་པ་དང ། ཁ་དོག་ཚད་མེད་པ་དང ། གཟི་བརྗིད་ཚད་མེད་པ་དང ། སྣང་བ་ཚད་མེད་པ་དང ། དབྱིངས་ཚད་མེད་པ་དང ། དབྱངས་ཀྱི་ཡན་ལག་རྣམ་པར་དག་པ་ཚད་མེད་པ་དང ། སྒྲ་སྒྲོགས་པ་རྣམ་པར་རིག་པ་ཚད་མེད་པ་དང ། ཏིང་ངེ་འཛིན་ཚད་མེད་པ་ལ་གནས་པ་དང ། ཤེས་རབ་དང ། ཡེ་ཤེས་ཀྱི་ཡུལ་ཚད་མེད་པ་དང ། མཐའ་དང་འཇིག་རྟེན་དུ་བཅས་པ་རྗེས་སུ་འཛིན་པ་དང ། བདུད་དུ་བཅས། ཚངས་པར་བཅས། དགེ་སྦྱོང་དང ། བྲམ་ཟེར་བཅས་པ་དང ། སྐྱེ་དགུ་དང ། ལྷ་དང ། མིར་བཅས་པ་དང ། ལྷ་མ་ཡིན་གྱི་འཇིག་རྟེན་རྗེས་སུ་འཛིན་པ། མི་འཕྲོགས་པའི་བྱམས་པ་ཆེན་པོའི་སྤྱོད་ཡུལ་བ་སྙིང་རྗེ་ཆེན་པོ་ལ་ཕྱོགས་པའི་མཐའ་ལ་ཕྱོགས་པས་སེམས་ཅན་རྗེས་སུ་འཛིན་པ། གཞན་མཐོ་རིས་སུ་སྐྱེ་བའི་སེམས་ཅན་རྗེས་སུ་འཛིན་པ། བསོད་ནམས་ཀྱི་སྟོབས་ཀྱི་དབང་པོ་ཕུན་སུམ་ཚོགས་པ་དབང་པོ་རྣམ་པར་དག་པ་དང ། སེམས་ཅང་ཤེས་ཡོངས་སུ་དག་པའི་སེམས་ཅན་ཡང་རྗེས་སུ་འཛིན་པ། ཐེག་པ་སྣ་ཚོགས་རྣམ་པར་དག་པའི་སེམས་ཅན་ཡང་རྗེས་སུ་འཛིན་པ། ཐེག་པ་ཆེན་པོ་ཡོངས་སུ
56.198b
རྫོགས་པའི་སེམས་ཅན་ཡང་རྗེས་སུ་འཛིན་པ། འགྲོ་བ་ཐམས་ཅད་ལས་འབྱུང་བའི་སེམས་ཅན་ཡང་རྗེས་སུ་འཛིན་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཛད་པ་དང་སྤྱོད་པ་རྣམ་པར་དག་པ་རྫོགས་པའོ། །དགའ་ལྡན་གནས་ནས་འཕོ་ཞིང་ཡུམ་གྱི་ལྷུམས་སུ་གཤེགས་པ་དང ། བྱང་ཆུབ་སེམས་དཔའི་ཚེ་དང ། བདག་གི་ལུས་སུ་སྐྱེ་བ་དང ། སྒྱུ་མ་ལྟ་བུར་སྤྱོད་པ་དང ། སྤྲུལ་པ་ལྟ་བུའི་ཏིང་ངེ་འཛིན་ལ་ཐུག་པ་དང ། མིག་ཡོར་ལྟ་བུའི་རྣམ་པར་རིག་པ་དང ། ཡུལ་ནམ་མཁའ་ལྟར་ཚད་མེད་པར་སོང་བ། འདོད་པ་ལྟ་བུར་སྐྱེ་བ་ལ་མ་ཆགས་པ། སྨིག་རྒྱུ་དང ། མཉམ་པར་སྣང་བ་དང ། ཉོན་མོངས་པ་མེད་པའི་ཆོས་ལ་འབྲང་བ། གནས་མེད་པའི་ཡེ་ཤེས་ལ་འཇུག་པ། རང་བཞིན་གྱིས་འདོད་ཆགས་དང་བྲལ་ཞིང་རྣམ་པར་དག་པ། བླ་རེ་དང་བརྒྱན་ཆེན་པོའི་མཛོད་བདག་གི་ལུས་སྐྱེ་བའི་མཐའ་ཡང་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། རིན་པོ་ཆེ་ཆེན་པོས་སྤྲས་པའི་ཁང་བུ་བརྩེགས་པ་རིན་པོ་ཆེས་མཆོད་པའི་གནས་ཆེན་པོ་ལ་གནས་ཤིང་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། རྫུ་འཕྲུལ་གྱིས་ཀྱང་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། ཡིད་ལ་བྱེད་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་ཀྱང་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། རྣམ་པར་སྤྲུལ་པ་ཆེན་པོའི་མཛོད་སྟོན་པས་ཀྱང་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། ཡེ་ཤེས་ཆེན་པོའི་ཉི་མའི་དཀྱིལ་འཁོར་གྱིས་ཀྱང་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། མ་ལས་སྐྱེས་པ་དེ་ལ་གནས་པས་ཀྱང་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། ཡུལ་ཆེན་པོ་སངས་རྒྱས་ཀྱི་ཡུལ་རབ་ཏུ་བརྙེས་པས་ཀྱང་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། འཇིག་རྟེན་དུ་སངས་རྒྱས་ཀྱི་བྱིན་གྱི་བརླབས་མཐའ་ཡས་པས་ཀྱང་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། གྲངས
56.199a
མེད་པའི་ཏིང་ངེ་འཛིན་ཆེན་པོ་ལ་རྣམ་པར་སྤྱོད་ཅིང་མཉམ་པར་འཇོག་པས་ཀྱང་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། ཏིང་ངེ་འཛིན་དེ་དང་དེ་དག་ལས་བཞེངས་པས་ཀྱང་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། ཐོག་མ་དང ། བར་མ་དང ། ཐ་མ་དང ། སྤྱོད་པ་དང་པོ་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོའི་མཐའི་བར་གྱིས་ཀྱང་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། ས་འདི་ནས་གཉིས་ཀྱི་བར་དུ་ཐམས་ཅད་བྱིན་གྱིས་བརླབས་ནས་ཕྱིས་འཇིག་རྟེན་གྱི་གྲངས་ལ་ཤེས་པར་སྟོན་པ་དང ། གཟི་བརྗིད་སྣ་ཚོགས་ཀྱིས་ཀྱང་འཇིག་རྟེན་ཐམས་ཅད་དུ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། གཞོན་ནུར་གྱུར་པས་ཀྱང་འཇིག་རྟེན་ཐམས་ཅད་དུ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། བྱང་ཆུབ་སེམས་དཔར་གྱུར་པས་ཀྱང་འཇིག་རྟེན་ཐམས་ཅད་དུ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། མངོན་པར་བྱུང་བ་དང ། རྫོགས་པར་སངས་རྒྱས་པ་དང ། ཆོས་ཀྱི་འཁོར་ལོ་བསྐོར་བས་ཀྱང་འཇིག་རྟེན་མ་ལུས་པ་ཐམས་ཅད་དུ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། ཐབས་རྣམ་པ་སྣ་ཚོགས་ཀྱིས་ཀྱང་འཇིག་རྟེན་མ་ལུས་པ་ཐམས་ཅད་དུ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། སྣ་ཚོགས་ཀྱིས་ཀྱང་འཇིག་རྟེན་དུ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། འཇིག་རྟེན་དཔག་ཏུ་མེད་པ་དང ། འཇིག་རྟེན་ཀུན་དང ། ཕྱོགས་ཐམས་ཅད་དུ་རྒྱ་མཚོའི་རྒྱུན་དང ། རིགས་ཀྱིས་འཇིག་རྟེན་ཐམས་ཅད་དུ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། ཞིང་དང་དུས་མ་ལུས་པས་འཇིག་རྟེན་དུ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། ལས་ཀྱི་རྣམ་པར་སྨིན་པ་མ་ལུས་པས་འཇིག་རྟེན་དུ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། སེམས་ཅན་གྱི་རིགས་མ་ལུས་པས་ཀྱང་འཇིག་རྟེན་དུ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང །
56.199b
འཆི་འཕོ་ཞིང་སྐྱེ་བ་དང ། རིགས་མ་ལུས་པས་ཀྱང་འཇིག་རྟེན་དུ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། སྤྲུལ་པ་ཆེན་པོ་དང ། རིགས་དང ། སངས་རྒྱས་ཀྱི་རིག་དང ། ཆོས་དྲན་པའི་སྒོའི་འཁོར་ལོས་ཀྱང་སངས་རྒྱས་ཀྱི་མཛད་པ་མཛད་དེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཛད་པ་གཉིས་པའོ། །དགེ་བར་སྤྱོད་པ་ལས་རྣམ་པར་དག་པ་དང ། སྐྱེ་བ་ཐམས་ཅད་དང ། ཡེ་ཤེས་དང ། སྤྱོད་པ་རྣམ་པར་དག་པ་དང ། སྐྱེ་བ་བསྟན་པའི་རྗེས་སུ་སོང་བ་དང ། སེམས་ཅན་འདུལ་ཞིང་རྗེས་སུ་ཆུད་པར་བྱེད་པ་དང ། དགེ་བའི་རྩ་བ་ཐམས་ཅད་དང་ཡོངས་སུ་རྫོགས་པར་བྱེད་པ་དང ། སེམས་ཅན་རྣམས་ལ་དགོས་པའི་སླས་སྟོན་པའི་རྗེས་སུ་སོང་ཞིང་སངས་རྒྱས་ཐམས་ཅད་འདོད་ཆགས་དང་བྲལ་ཏེ་གནས་ལ་གནས་པ་དང ། གནས་པ་མེད་པ་དང ། སྒྲ་དབྱངས་ཐམ་ས་ཅད་དང་བྲལ་བར་སོ་སོར་རྟོག་པ་དང ། སྲིད་པ་ཐམས་ཅད་དང ། མི་དང་སྲིད་པར་འབྱུང་བ་ལ་རྟོག་པ་དང ། དངོས་པོ་ཐམས་ཅད་ཡེ་ཤེས་སུ་འཇུག་པ་དང ། ཚུལ་ཁྲིམས་ཐམས་ཅད་མཁྱེན་པའི་མཐར་ཡོངས་སུ་རྫོགས་པར་བྱེད་པ་དང ། སྙིང་རྗེ་ཆེན་པོས་སླས་ལྟར་འགྲོ་བ་ལ་རྣམ་པར་ལྟ་བ་དང ། བྱམས་པ་ཆེན་པོས་སེམས་ཡུལ་ལ་སོ་སོར་རྟོག་པ་དང ། དགའ་བ་ཆེན་པོས་འཇིག་རྟེན་ལས་མངོན་པར་དགའ་བ་ཤེས་པར་བྱེད་པ་དང ། བཏང་སྙོམས་ཆེན་པོས་སེམས་ལ་དབང་སྒྱུར་ཞིང་འཇུག་པར་བྱེད་པ་དང ། ཐམས་ཅད་མཁྱེན་པའི་ཡོན་ཏན་བདག་ལ་ཡོངས་སུ་རྫོགས་པར་བྱེད་པ་དང ། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དུས་ལུས་མངོན་པར་སྒྲུབ་པ་དང ། ཐམས་ཅད་དུ་གནས་པ་མེད་པའི་ལུས་ཡོངས་སུ་རྫོགས་པར་བྱེད་པ་དང ། གཡོག་འཁོར་ཐམས་ཅད་རྣམ་པར་དག་པར་ནན་ཏན
56.200a
བྱེད་པ་དང ། ཆོས་སྟོན་ཅིང་སྨྲ་བ་རྗོད་པ་དང ། འཇིག་རྟེན་གྱི་དབང་པོ་སྨད་པ་དང ། འགྲོ་བ་ཐམས་ཅད་ཀྱི་ཉེས་པ་རྟོགས་པ་ཇི་ལྟར་སྤྱོད་པའི་དགེ་བའི་རྩ་བ་རྣམས་ཀྱི་རྣམ་པར་སྨིན་པ་སྟོན་པ་དང ། ཇི་ལྟར་གནས་པའི་སེམས་ཅན་རྣམས་འདུལ་བ་དང ། ཡོངས་སུ་མ་སྨིན་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང ། ཇི་ལྟར་ཡོངས་སུ་སྨིན་པ་འདུལ་བ་དང ། ཐབས་ལ་མཁས་པ་གྲངས་མེད་པ་མངོན་པར་སྒྲུབ་པ་དང ། སངས་རྒྱས་ཀྱི་མཛད་པ་ལས་མི་ལྡོག་པར་སྟོན་པ་དང ། སྤྱོད་པའི་སྒོ་སྣ་ཚོགས་ཀྱི་ཆོས་སྣང་བར་བྱེད་པ་དང ། གནས་མེད་པའི་རྣམ་པའི་སེམས་ཅན་རྣམས་ཀྱི་བསམ་པ་རྣམ་པར་དག་པ་བྱེད་པ་དང ། སྙིང་རྗེ་ཆེན་པོ་སྐྱེས་པའི་ཆོས་ཀྱི་སྤྲིན་མངོན་པར་འབེབས་པར་བྱེད་པ་དང ། སྦྲང་བུ་འགྲོ་བ་ལྟར་བྱམས་པ་ལ་འཇུག་ཅིང་ཆོ་འཕྲུལ་གསུམ་ཡོངས་སུ་འབེབས་པར་བྱེད་པ་དང ། སངས་རྒྱས་ཐམས་ཅད་ལ་ལྟ་བ་རྣམ་པར་རིག་ཅིང་སླས་ཀྱི་དབུས་ན་འདུག་པ་སྟོན་པ་དང ། དེ་ལས་མཐའི་མཐའ་དང ། དབུང་མེད་པའི་འཇིག་རྟེན་དུ་སངས་རྒྱས་ཀྱི་མཛད་པ་སྟོན་པ་དང ། ཡེ་ཤེས་ཆེན་པོ་ལ་གནས་པས་གནོད་ཅིང་སྒྲིབས་པ་མེད་པའི་སངས་རྒྱས་ཀྱི་མངོན་པར་ཤེས་པ་མངོན་པར་སྒྲུབ་པ་དང ། ལས་ཀྱི་མཐའི་ཆོས་གསུམ་ལ་ཐབས་མཁས་པ་སྟེ། ལུས་ཀྱི་ལས་ཤིན་དུ་རྣམ་པར་དག་པ་དང ། ངག་གིས་མི་འཕྲོ་བའི་ཡེ་ཤེས་ཤིན་དུ་རྣམ་པར་དག་པ་དང ། ཡིད་ཀྱི་ལས་ཟབ་མོ་ཆགས་པ་མེད་པའི་མཐར་ཕྱིན་པའི་ཐབས་ལ་མཁས་པའི་སེམས་ཅན་རྣམས་ཀྱི་དོན་མཛད་དེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཛད་པ་གསུམ་པའོ། །མངོན་པར་བྱུང་བའི་རྣམ་པར་རྒྱལ་བ་ཆེན་པོས་སླས་ཚད་མེད་པའི་རྒྱན
56.200b
གྱིས་བརྒྱན་པ་ཡིད་དུ་འོང་བ་སྤངས་ཏེ། འབྱུང་བའི་སྤྱོད་པ་སྟོན་ཅིང་འཇིག་རྟེན་གནས་པའི་སེམས་ཅན་འཛུད་པ་དང ། འཇིག་རྟེན་མངོན་པར་ཆགས་པར་འགྱུར་བར་བྱེད་པ་དང ། འཇིག་རྟེན་གྱི་གྲངས་མི་རྟོག་གོ་ཞེས་ཤེས་པར་བྱེད་པ་དང ། འཇིག་རྟེན་སྣ་ཚོགས་ལ་མངོན་པར་ཆགས་པ་ཟློག་པར་བྱེད་པ་དང ། འཇིག་རྟེན་གྱི་དགའ་བའི་སྲེད་པ་གཅོད་པ་དང ། ཉོན་མོངས་པ་སྤངས་པ་འཇིག་རྟེན་སྦྱོང་དུ་འཇུག་པ་དང ། དོན་ཐམས་ཅད་རྗེས་སུ་དྲན་པར་བྱེད་པ་དང ། འབྱུང་བའི་དོན་གྱི་ཕྱིར་འབྲང་བར་བྱེད་པ་དང ། ཁྱིམ་པའི་མཚན་མ་ཡོངས་སུ་གཏོང་བ་སྟོན་པ་དང ། ཉོན་མོངས་པ་མེད་པའི་ཆོས་ལ་སྦྱོར་ཞིང་གནས་པར་བྱེད་པ་དང ། སྔོན་གྱི་སྨོན་ལམ་ཡོངས་སུ་རྫོགས་པར་བྱེད་པ་དང ། དཔག་ཏུ་མེད་པའི་ཡོན་ཏན་གྱི་དཀྱིལ་འཁོར་སྣང་བར་བྱེད་པ་དང ། ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་སོ་སོར་རྙེད་པར་བྱེད་ཅིང་སེམས་ཅན་རྣམས་ཀྱི་མི་ཤེས་པའི་རབ་རིབ་ལ་ལྟ་བ་དང ། བདག་བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་དུ་གྱུར་པས་འགྲོ་བ་ཐམས་ཅད་ཉེ་བར་ཁྲིད་པ་དང ། དགེ་བའི་རྩ་བ་ཐམས་ཅད་འདུ་ཞིང་སངས་རྒྱས་ལས་བསྐྱེད་པའི་དགེ་བའི་རྩ་བ་ཐམས་ཅད་སྐྱེ་དགུ་ཐམས་ཅད་ལ་བསྔགས་པ་དང ། བདག་ཡེ་ཤེས་ཀྱི་དོན་མཐོང་བའི་སྟོན་པ་དང ། སེམས་ཅན་རྣམས་ལ་རྣམ་པར་དག་པའི་སྒོ་བརྗོད་པ་དང ། སེམས་ཅན་རྣམས་ལ་ཁ་ན་མ་ཐོ་བ་མེད་པའི་སྒོ་སྒྲུབ་ཏུ་འཛུད་པ་དང ། འཇིག་རྟེན་ཐམས་ཅད་ལ་འབྱུང་བའི་སྒོ་རབ་ཏུ་སྟོན་པ་དང ། མངོན་པར་འབྱུང་ཞིང་ཐམས་ཅད་མཁྱེན་པའི་རྒྱལ་མཚན་ཀུན་སྒྲེང་བར་བྱེད་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཛད་པ་བཞི་པའོ། །མཛད་པ་དང་ཡེ་ཤེས་དུ་མ་དང་རབ་ཏུ་ལྡན་པས་བྱང་ཆུབ་ཀྱི
56.201a
ཤིང་དྲུང་དུ་གཤེགས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མཐར་ཕྱིན་ནས་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པས་ཆོས་ཐམས་ཅད་ཐུགས་སུ་ཆུད་དེ། བདུད་ཀྱི་སྟོབས་རབ་ཏུ་བཅོམ་ཞིང་ཟིལ་གྱིས་མི་ནོན་པའི་སྐུའི་བྱིན་གྱི་བརླབས་ཀྱི་མཛོད་དང ། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དུ་ཁྱབ་པར་བྱེད་པ་དང ། བྱིན་གྱི་བརླབས་མི་ཟད་པའི་མཐས་མཐའ་རྣམ་པར་སྤངས་པ་དང ། ཚད་མེད་པའི་སྤྱོད་པ་རབ་ཏུ་བརྙེས་པས་ཐམས་ཅད་མཁྱེན་པའི་ཡུལ་ལ་རྣམ་པར་རོལ་པའི་ཡེ་ཤེས་ཀྱི་དོན་གྱི་རྗེས་སུ་གཤེགས་པ་དང ། ཐམས་ཅད་མཁྱེན་པའི་ཡོན་ཏན་བསྒྲུབས་པ་ཡོངས་སུ་རྫོགས་པ་དང ། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་སྤྲས་པའི་གདན་ཡོངས་སུ་གསལ་བ་དང ། སངས་རྒྱས་ཀྱི་ཞིང་མ་ལུས་པ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་རྣམ་པར་རིག་པར་བྱེད་པ་དང ། བྱང་ཆུབ་སེམས་དཔའི་སྤྱོད་པའི་མཆོག་རབ་ཏུ་བརྙེས་པ་དང ། བྱང་ཆུབ་སེམས་དཔའི་རྣམ་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དང ། ཡང་དག་པའི་ཁྱད་པར་གྱི་སྨོན་ལམ་ལ་རྣམ་པར་ལྟ་བ་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དགོངས་པ་དང ། ཟབ་མོའི་བྱང་ཆུབ་སེམས་དཔའ་ལ་ཆོས་ཟབ་མོའི་འཁོར་ལོ་བསྐོར་བ་དང ། ཚད་མེད་པའི་སངས་རྒྱས་ཀྱི་ཡུལ་རྩོམ་པ་དང ། བརྗོད་དུ་མེད་པའི་བྱང་ཆུབ་སེམས་དཔའི་འབྱུང་གནས་ཀྱི་ཕྱིར་འབྲང་ཞིང་སྣ་ཚོགས་ཀྱི་སྤྱད་པ་སྤྱོད་པ་དང ། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྣམ་པར་དག་པ་དང ། འཇིག་རྟེན་ཐམས་ཅད་ལ་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱི་ཡུལ་དུ་བྱས་པ་དང ། སེམས་ཅན་ལ་དགེ་བའི་རྩ་བ་རྣམ་པར་རིག་པར་བྱེད་པ་དང ། དགེ་བའི་རྩ་བ་ཐམས་ཅད་དབྱེར་མེད་པས་འབྱུང་བའི
56.201b
བའི་ས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་ཡས་པའི་སྟོབས་ལ་གནས་ཤིང་ཡོན་ཏན་ཐམས་ཅད་ཀྱི་ཁྱད་པར་མ་ལུས་པའི་མཐའ་རབ་ཏུ་རྙེད་དེ་འདུག་པ་དང ། འཇིག་རྟེན་ཐམས་ཅད་དུ་འགྲོ་བ་དང ། སེམས་ཅན་ཐམས་ཅད་མ་ལུས་པའི་མཐར་འགྲོ་བ་དང ། ཞིང་ཐམས་ཅད་དུ་འགྲོ་བ་དང ། ཆོས་ཐམས་ཅད་དུ་འགྲོ་བ་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་དུ་འགྲོ་བ་དང ། ཡོངས་སུ་སྨིན་པ་ཐམས་ཅད་དུ་འགྲོ་བ་དང ། དུས་ཐམས་ཅད་དུ་འགྲོ་བ་དང ། འདུལ་བ་ཐམས་ཅད་དུ་འགྲོ་བ་དང ། སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་རོལ་པར་འགྲོ་བ་དང ། འགྲོ་བ་མ་ལུས་པ་ཐམས་ཅད་ཀྱི་དད་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཆུད་པར་བྱེད་པ་སངས་རྒྱས་ཀྱི་མཛད་པ་མཛད་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཛད་པ་ལྔ་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཕྱིར་མི་ལྡོག་པའི་ཚུལ་གྱིས་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། འཇིག་རྟེན་ཐམས་ཅད་མངོན་པར་ཤེས་པར་བྱེད་པའི་ཚུལ་གྱིས་འཁོར་ལོ་དང ། མ་ལུས་པ་ཐམས་ཅད་དུ་མ་ལུས་པར་རྫོགས་པར་སངས་རྒྱས་ཤིང་མི་འཇིགས་པའི་སེང་གེའི་སྒྲ་ཆེན་པོའི་ཚུལ་གྱིས་འཁོར་ལོ་དང ། ཆོས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་མཛོད་དང ། མུན་པ་མེད་པའི་ཆོས་ཀྱི་མཛོད་ཀྱི་སྒོ་སྣང་བའི་ཚུལ་གྱིས་འཁོར་ལོ་དང ། ནམ་མཁའི་ངོས་ལྟར་ཆགས་པ་མེད་པའི་ཡེ་ཤེས་ཚད་མེད་པའི་ཚུལ་གྱིས་འཁོར་ལོ་དང ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ངོ་བོ་ཉིད་བསྒྲིབས་པ་མེད་པ་ལ་སོ་སོར་རྟོག་པའི་ཚུལ་གྱིས་འཁོར་ལོ་དང ། སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱི་མིག་རྣམ་པར་དག་པ་དང ། འཇིག་རྟེན་ཐམས་ཅད་ཀྱི་སྒྲོན་མའི་ཚུལ
56.202a
གྱིས་འཁོར་ལོ་དང ། ཐམས་ཅད་མཁྱེན་པའི་ཆོས་སྣང་བར་བྱེད་པའི་དུས་གསུམ་དུ་འཇིག་རྟེན་ཐམས་ཅད་ལ་ཁྱབ་པའི་ཚུལ་གྱིས་འཁོར་ལོ་དང ། སངས་རྒྱས་ཐམས་ཅད་ཀྱི་གཅིག་ཏུ་སྙུག་པ་སངས་རྒྱས་ཐམས་ཅད་ཀྱི་ཆོས་དང་མི་འགལ་བའི་ཚུལ་གྱི་འཁོར་ལོ་དང ། དེ་ལ་སོགས་པ་གྲངས་མེད་པའི་རྣམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པར་འགྲོ་བའི་ཆོས་ཀྱི་འཁོར་ལོ་སྐོར་རོ། །འདི་ལྟར་ཆོས་ཀྱི་འཁོར་ལོ་སྐོར་བས་ཀྱང་སངས་རྒྱས་བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་མཛད་པ་མཛད་དེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཛད་པ་དྲུག་པའོ། །གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། རྒྱལ་པོའི་ཕོ་བྲང་དུ་འཇུག་པས་ཀྱང་སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་མཛད་དེ། མིའི་རྒྱལ་པོའི་ཕོ་བྲང་དང ། ལྷའི་རྒྱལ་པོའི་ཕོ་བྲང་དང ། ཀླུའི་རྒྱལ་པོའི་ཕོ་བྲང་དང ། གནོད་སྦྱིན་གྱི་རྒྱལ་པོའི་ཕོ་བྲང་དང ། དྲི་ཟའི་རྒྱལ་པོའི་ཕོ་བྲང་དང ། ལྷ་མ་ཡིན་གྱི་རྒྱལ་པོ་འི་ཕོ་བྲང་དང ། ནམ་མཁའ་ལྡིང་གི་རྒྱལ་པོའི་ཕོ་བྲང་དང ། མི་འམ་ཅིའི་རྒྱལ་པོའི་ཕོ་བྲང་དང ། ལྟོ་འཕྱེ་ཆེན་པོའི་རྒྱལ་པོའི་ཕོ་བྲང་དང ། འབར་བའི་རྒྱལ་པོའི་ཕོ་བྲང་དང ། ཤ་ཟའི་རྒྱལ་པོའི་ཕོ་བྲང་དེ་དག་ཏུ་སངས་རྒྱས་བཅོམ་ལྡན་འདས་འཇུག་པས་ཀྱང་སངས་རྒྱས་ཀྱི་མཛད་པ་མཛད་དེ། གང་འདི་གྲོང་ཁྱེར་གྱི་སྒོར་གཤེགས་ནས་ས་གཡོ་ཞིང་འོད་ཟེར་གྱི་སྣང་བས་ལོང་བ་རྣམས་ནི་སོ་སོར་མིག་ཐོབ། འོན་པ་རྣམས་ནི་སོ་སོར་སྒྲ་ཐོས། སྨྱོན་པ་རྣམས་ནི་སོ་སོར་དྲན་པ་རྙེད། གཅེར་བུ་རྣམས་ཀྱང་སོ་སོར་གོས་རྙེད། སྡུག་བསྔལ་བ་རྣམས་ནི་སོ་སོར་བདེ་བ་ཐོབ། སིལ་སྙན་དང་བརྡུང་བ་རྣམས་མ་བརྡུངས་པར་ཡིད་དུ་འོང་བའི་སྒྲ་སྐད
56.202b
འབྱིན་པ་དང ། བརྡུང་བ་མ་བརྡུངས་པ་དང ། འཕྱང་འཕྲུལ་རྣམས་འཕྱང་བ་དང ། བརྡུངས་པའི་སྒྲ་དང ། བྲམ་ཟེ་སྣ་ཚོགས་མང་པོ་རྣམས་ཀྱི་སྒྲ་སྐད་ཡིད་དུ་འོང་བ་དང ། ལྟ་བས་མི་ངོམས་ཤིང་མི་མཐུན་པ་མེད་པ་གཟུགས་ཀྱི་སྐུ་སྟོན་པས་ཀྱང་སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། མཚན་དང་དཔེ་བྱད་བསྟན་པས་ཀྱང་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། ཀུན་དུ་གཟིགས་པ་དང ། རྣམ་པར་གཟིགས་པ་དང ། བརྐྱང་བ་དང་བསྐུམ་པས་ཀྱང་སེམས་ཅན་ལ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། མངོན་པར་ཤེས་པ་དང ། བྱོན་པ་དང ། བཞེངས་པ་དང ། འཆག་པ་དང ། བཞུགས་པ་དང ། གཟིམས་པས་ཀྱང་སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། ཆོས་འཆད་པ་དང ། ཅང་མི་གསུང་བས་ཀྱང་སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང ། སྟོན་པའི་ཆོ་འཕྲུལ་དང ། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་ཀྱང་སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། སྣ་ཚོགས་ཀྱི་སེམས་ཅན་གྱི་བསམ་པ་རྒྱ་མཚོ་མ་ལུས་པ་དང ། འཇིག་རྟེན་གྱི་སྤྱོད་པ་གྲངས་མེད་པ་ཐམས་ཅད་དང ། འཇིག་རྟེན་གྱི་ཁམས་ཀྱི་ཡུལ་དང ། དགེ་བའི་རྩ་བ་ཆེན་པོ་ལ་གནས་པ་དང་སངས་རྒྱས་དང ། སྔོན་གྱི་གནས་རྗེས་སུ་དྲན་པ་དང ། བྱང་ཆུབ་སེམས་དཔའ་དང ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཟུགས་ལྟ་བས་མི་ངོམས་པའི་ཕྱིར་འབྲང་བ་དང ། སངས་རྒྱས་རྣམས་འབྱུང་ཞིང་སྐྱེ་བ་དང ། སྨྲ་བ་དང ། དེ་བཞིན་གཤེགས་པ་མཐོང་བ་དང ། སྨྲ་བ་ཤིན་དུ་དཀོན་པ་དང ། དཀར་པོའི་ཆོས་ཐམས་ཅད་དང ། བསོད་ནམས་ཀྱི་འབྱུང་གནས་དང ། སངས་རྒྱས་མཉེས་པར་བྱ་བ་དང ། དེ་བཞིན་གཤེགས
56.203a
པ་ཁ་དོག་མཐའ་ཡས་པ་ལ་འཇུག་པ་དང ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་མངོན་དུ་རྟོགས་པ་དང ། དེ་བཞིན་གཤེགས་པ་སེམས་ཅན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་ལ་རྟོག་པ་དང ། དེ་བཞིན་གཤེགས་པ་ཞིང་ཐམས་ཅད་ལ་གཟིགས་ཤིང་འཇུག་པ་དང ། འདི་ལྟར་དགེ་བའི་རྩ་བ་ཐམས་ཅད་ཉེ་བར་སྤྱོད་པས་ཀྱང་འཇིག་རྟེན་གྱི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། དེ་དག་དང་བ་དང ། ཕྱག་འཚལ་བ་དང ། ཐལ་མོ་སྦྱར་བའི་ལས་དང ། རྗེས་སུ་སྟོན་པ་དང ། ཚིག་ཏུ་འབྱིན་པ་དང ། ཡང་དང་ཡང་དུ་ཡིད་ལ་བྱེད་པ་དང ། མངོན་པར་ལྟ་བ་དང ། མངོན་དུ་དྲན་པ་དང ། སེམས་དང་བས་སངས་རྒྱས་ལ་སྡུག་པར་སེམས་པའི་སེམས་ཅན་རྣམས་ལ་ཡང་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། སངས་རྒྱས་རྗེས་སུ་དྲན་པའི་སེམས་ཅན་རྣམས་ལ་ཡང་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། སངས་རྒྱས་ལྟ་བར་འདོད་པའི་སེམས་ཅན་རྣམས་ལ་ཡང་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་སྤྱོད་པའི་རོ་དང ། སངས་རྒྱས་འབྱུང་བས་འཇིག་རྟེན་ཐམས་ཅད་རྣམ་པར་དག་པར་འཇུག་པ་དང ། སངས་རྒྱས་ཀྱི་ཡོན་ཏན་དང ། ཁ་དོག་མཐའ་ཡས་པ་ལ་ལྟ་བ་དང ། མ་འོངས་པའི་སངས་རྒྱས་འབྱུང་བའི་དེ་བཞིན་གཤེགས་པའི་རིགས་འཛིན་པས་དགེ་བའི་རྩ་བ་དང ། དད་པ་སྣ་ཚོགས་དང ། སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། དེ་བཞིན་གཤེགས་པའི་སྐུ་ཁ་དོག་དང་དབྱིབས་སྣ་ཚོགས་ཚད་མེད་པ་ལ་ལྟ་བའི་སེམས་ཅན་རྣམས་ལ་ཡང་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། དེ་བཞིན་གཤེགས་པའི་སྒྲ་ཐོས་པའི་སེམས་ཅན་རྣམས་ལ་ཡང་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་མཛད་པ་མཛད་དེ། དེ་ལ་སོགས་པའི་མཐའ་མེད་བསམ་གྱིས་མི་ཁྱབ་བརྗོད་དུ་མེད་པའི་རྣམ་པ
56.203b
བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་སངས་རྒྱས་ཀྱི་མཛད་པ་ལ་འཇུག་ཅིང་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་བསམ་པའི་སྟོབས་ཇི་ལྟ་བ་བཞིན་དུ་འདུལ་བ་ལས་མི་འདའ་སྟེ། འདི་ལྟར་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ལ་འཇིག་རྟེན་ཐམས་ཅད་འཛུད་དེ། ཡུལ་ལས་ཕྱིར་མི་ལྡོག་ཅིང་ཐུགས་རྗེ་ཆེན་པོ་གཏོང་བ་དང ། སྔོན་གྱི་སྨོན་ལམ་ལ་མི་སྐྱོ་བ་དང ། སངས་རྒྱས་ཀྱི་མཛད་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་འགྲོ་བ་ཐམས་ཅད་ལ་རྟོག་པ་དང ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་གནས་ཤིང་དགེ་བ་རྒྱས་པ་ཚད་མེད་པ་བརྙེས་ཏེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཛད་པ་བདུན་པའོ། །དགོན་པ་ན་བཞུགས་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཞི་བར་བཞུགས་པ་དང ། དབེན་པ་ན་བཞུགས་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཞི་བར་བཞུགས་པ་དང ། དབེན་པ་ན་བཞུགས་ཤིང་སངས་རྒྱས་ཀྱི་སྤྱོད་ཡུལ་ལ་བཞུགས་པ་དང ། ཏིང་ངེ་འཛིན་ཆེན་པོ་ལ་གནས་ཤིང་བཞུགས་པ་ན་གཅིག་པུར་དགྱེས་པ་ན་བཞུགས་པ་དང ། སྐུ་བལྟར་མི་སྣང་བར་བཞུགས་པ་དང ། ཡེ་ཤེས་ཟབ་མོ་ལ་གནས་ཤིང་བཞུགས་པ་དང ། དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཡུལ་གྱི་སྟོབས་ལ་བཞུགས་པ་དང ། སྐུའི་སྤྱོད་པ་བལྟར་མེད་པ་ལ་བཞུགས་པ་རྒྱུན་མི་གཅོད་པས་ཀྱང་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀུན་གྱི་མཛད་པ་ལ་འཇུག་པ་དང ། སེམས་ཅན་རྣམས་ཀྱི་བསམ་པ་དང་དང་བ་ཇི་ལྟ་བ་བཞིན་དུ་འདུལ་ཞིང་གཞན་གྱིས་མི་ཐུབ་པའི་ཡེ་ཤེས་དང ། སྨོན་ལམ་གྱི་ཚུལ་གྱིས་སངས་རྒྱས་ལྷ་ཡོངས་སུ་འཚོལ་ཞིང་སངས་རྒྱས་ཀྱི་མཛད་པ་ལ་འཇུག་པ་དང ། སངས་རྒྱས་ཀླུ་ཡོངས་སུ་འཚོལ་བས་ཀྱང་སངས་རྒྱས་ཀྱི་མཛད་པ་ལ་འཇུག་པ་དང ། སངས་རྒྱས་ནམ
56.204a
མཁའ་ལྡིང་ཡོངས་སུ་ཚོལ་བ་དང ། སངས་རྒྱས་མི་འམ་ཅི་ཡོངས་སུ་ཚོལ་བ་དང ། སངས་རྒྱས་ལྟོ་འཕྱེ་ཆེན་པོ་ཡོངས་སུ་ཚོལ་བ་དང ། སངས་རྒྱས་འབར་བ་ཡོངས་སུ་ཚོལ་བ་དང ། སངས་རྒྱས་མི་དང་མི་མ་ཡིན་པ་ཡོངས་སུ་ཚོལ་བ་དང ། ཉན་ཐོས་དང ། རང་སངས་རྒྱས་ཀྱི་ཐེག་པ་ཅན་དང ། བྱང་ཆུབ་སེམས་དཔའ་དང ། སངས་རྒྱས་ཡོངས་སུ་ཚོལ་བས་ཀྱང་སངས་རྒྱས་ཀྱི་མཛད་པ་ལ་འཇུག་པ་དང ། ཆོས་སྟོན་པས་ཀྱང་སངས་རྒྱས་ཀྱི་མཛད་པ་ལ་འཇུག་པ་དང ། སངས་རྒྱས་གཅིག་གི་མཐུས་ཀྱང་སངས་རྒྱས་ཀྱི་མཛད་པ་ལ་འཇུག་པ་དང ། སངས་རྒྱས་ཐམས་ཅད་ཀྱི་མཐུས་ཀྱང་སངས་རྒྱས་ཀྱི་མཛད་པ་ལ་འཇུག་པ་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པའི་ཁྱད་པར་དང ། སྨོན་ལམ་གཅིག་ཏུ་བསྡུས་པ་དང ། བྱང་ཆུབ་སེམས་དཔའ་གཅིག་གི་སྤྱོད་པ་རྣམ་པར་ཕྱེ་བ་དང ། སྤྱོད་པའི་རིམ་པའི་མཐུ་དང ། འཇིག་རྟེན་གྱི་ཡུལ་དང ། སངས་རྒྱས་ཀྱི་ཡུལ་གྱི་མཐུ་དང ། སངས་རྒྱས་ཀྱི་ཡུལ་དང ། འཇིག་རྟེན་གྱི་ཡུལ་གྱི་མཐུ་དང ། ཡུལ་མ་ཡིན་པ་དང ། སངས་རྒྱས་ཀྱི་ཡུལ་གྱི་མཐུས་ཀྱང་སངས་རྒྱས་ཀྱི་མཛད་པ་མཛད་པ་དང ། མཚན་མོ་དང ། ཉིན་པར་དང ། ཟླ་བ་ཕྱེད་དང ། ལོ་གཅིག་དང ། བགྲང་བར་གནས་ན་བཞུགས་པ་ནས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བསྐལ་པར་གནས་ན་བཞུགས་པའི་བར་གྱིས་ཀྱང་སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་མཛད་དེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཛད་པ་བརྒྱད་པའོ། །ཁང་པ་ལྟ་བུར་གྱུར་པ་དང ། དགེ་བའི་རྩ་བ་རྣམས་རྣམ་པར་སྦྱངས་པར་གྱུར་པ་དང ། སངས་རྒྱས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྣམས་དད་པར་གྱུར་པ་དང ། མོས་པར་གྱུར་པ་ལ་སེམས་འཇུག་ཅིང་སྒྲུབ་པར་གྱུར་པ་དང ། དབང་པོ་རྣམས་འདུལ་བར་གྱུར
56.204b
པ་དང ། སེམས་ཅན་དང་སྐྱེ་དགུ་ཐམས་ཅད་ལ་དད་པར་གྱུར་པ་དང ། འགྲོ་བ་ཐམས་ཅད་འབྱུང་བར་གྱུར་པ་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐུར་བར་གྱུར་པ་དང ། རྟོག་པ་ལ་གནས་ཤིང་ཡེ་ཤེས་སྣང་བར་གྱུར་པ་དང ། གཞན་དྲིང་ལ་མི་འཇོག་པའི་ཡོངས་སུ་མྱ་ངན་ལས་འདའ་བ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་མྱ་ངན་ལས་འདས་པ་སྟོན་ཅིང་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་གཅོད་པ་དང ། འཇིག་རྟེན་མི་རྟག་པ་སྟོན་པ་དང ། སངས་རྒྱས་ཀྱི་སྣང་བར་མཛད་པ་རྒྱུན་མི་གཅོད་པ་དང ། བྱས་པའི་དགོས་པའི་མཐའ་བསྡུས་པ་དང ། ངོ་བོ་མ་ཚང་བ་མེད་པས་ཆོས་ལ་འཇུག་པ་སྣང་བར་བྱས་པ་དང ། རྩ་བ་བཅད་པ་ལ་སྲིད་པའི་མིག་སྣང་བར་བྱེད་པ་དང ། སེམས་ཅན་རྣམས་ལ་སྐྱོ་བ་སྟོན་པ་དང ། སངས་རྒྱས་ཀྱི་རྗེས་སུ་སོང་བའི་སེམས་དང་འཐུན་པར་བྱེད་པ་དང ། སེམས་ཅན་རྣམས་ཚེའི་མཐའ་སྟོན་པ་དང ། སེམས་ཅན་ཐམས་ཅད་ལ་འཇིག་རྟེན་གྱི་མངོན་པར་མི་དགའ་བ་ཉེ་བར་སྟོན་པ་དང ། སེམས་ཅན་རྣམས་མ་འོངས་པའི་སངས་རྒྱས་འབྱུང་བ་ལ་མཉེས་པར་བྱེད་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་བལྟར་མི་སྨད་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་རྣམ་པར་ཆུད་པར་མཛད་པ་དང ། འཇིག་རྟེན་སྤྲོ་བ་སྣང་བར་མཛད་པ་དང ། སངས་རྒྱས་སེམས་རྩོམ་པ་དང་ལྡན་པ་དང་ལྡན་པར་འཇོག་པ་དང ། སུ་དེ་བཞིན་གཤེགས་པ་རྗེས་སུ་དྲན་ཞིང་ལྟ་བ་རྣམ་པར་དག་པའི་ཡོངས་སུ་རྟོག་པའི་སེམས་ཅན་རྣམས་ལ་སེམས་ཅན་རྣམས་སློང་བར་མཛད་པ་དང ། དབང་པོ་སྐྱོ་བ་ཟློག་ཅིང་ཡོངས་སུ་སྦྱོང་བར་མཛད་པ་དང ། སངས་རྒྱས་ལ་མངོན་པར་དགའ་བ་ཐམས་ཅད་སྒྲུབ་པར་མཛད་པ་དང ། སྐྱོ་བ་རྙེད་པའི་སེམས་ཅན་རྣམས་ལ་བྱིན་གྱིས་རློབ་པ་དང ། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་སངས་རྒྱས་ཀྱི་བརྩེམ་བར་དགོངས་པའི་རྐྱེན་བརྙེས་པ་དང ། ལུས
56.205a
གྱེས་པ་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྐུས་སེམས་ཅན་རྣམས་འཛིན་པ་དང ། འཇིག་རྟེན་གྱི་སེམས་ཅན་འཁྲུགས་པ་དང་མྱོས་པ་རྣམས་སྡོམ་པ་ལ་འཇོག་པར་མཛད་དེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཛད་པ་དགུ་པའོ། །ཀྱེ་དེ་བཞིན་གཤེགས་པ་རྣམས་མྱ་ངན་ལས་འདས་ནས་འཇིག་རྟེན་གྱི་སེམས་ཅན་རྣམས་ཐམས་ཅད་སྨྲེ་སྔགས་འདོན་པ་དང ། ངུ་བ་དང ། མྱ་ངན་སློས་པ་དང ། མཆི་མ་བྱུང་བར་འགྱུར་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་དང ། ཐུགས་རྗེ་ཆེན་པོ་ཞེས་བྱ་བ་དང ། དེད་དཔོན་ཆེན་པོ་ཞེས་པ་དང ། ཐུགས་བརྩེ་བ་ཞེས་པ་དང ། ལྷ་དང་འཇིག་རྟེན་དུ་བཅས་པ་དང ། སེམས་ཅན་ཐམས་ཅད་ཀྱི་མགོན་དུ་གྱུར་པ་དང ། སྐྱབས་སུ་གྱུར་པ། དཔུང་གཉེན་དུ་གྱུར་པ། བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་འདས་པར་གྱུར་ཅེས་པ་དང ། སངས་རྒྱས་བཅོམ་ལྡན་འདས་འབྱུང་བར་དགའ་བ་ཞེས་པ་དང ། རྣམ་པ་འདི་ལྟ་བུར་སྨྲེ་སྔགས་འདོན། མྱ་ངན་སློས་ཤིང་སངས་རྒྱས་མཐོང་བ་རྗེས་སུ་དྲན་པའི་སེམས་ཅན་རྣམས་ཚད་མེད་པའི་སངས་རྒྱས་ཀྱི་མཛད་པ་ལ་འཇུག་པ་སྟེ། དེ་དང་དེ་དག་ཏུ་སེམས་ཅན་གྱི་བསམ་པ་དང ། ཡིད་ལ་བྱེད་པར་ཡོངས་སུ་མྱ་ངན་ལས་འདས་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་བསམ་པ་དང་དད་པ་ཇི་ལྟ་བ་བཞིན་དུ་སྐུ་གདུང་དང་རིང་བསྲེལ་བྱིན་གྱིས་རློབ་སྟེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མིའི་གནས་ཐམ་ས་ཅད་དུ་ཇི་ལྟར་འདུལ་བ་དང ། ཇི་ལྟར་དད་པ་བཞིན་དུ་སྐུ་གདུང་དང་རིང་བསྲེལ་བྱིན་གྱིས་རློབ་སྟེ། རང་གི་སྐུ་བོར་ནས་ཚད་མེད་གྲངས་མེད། བསམ་གྱིས་མི་ཁྱབ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར
56.205b
སྐུ་གདུང་དང་རིང་བསྲེལ་བྱིན་གྱིས་རློབ་ཅིང ། གང་འདིའི་སེམས་ཅན་རྣམས་ཀྱི་སེམས་དང་བའི་དབང་དང ། སེམས་ཅན་རྣམས་ཀྱི་དད་པས་མཆོད་པའི་དབང་དང ། སེམས་ཅན་རྣམས་ཀྱི་ལྷག་པའི་བསམ་པ་རྣམ་པར་དག་པའི་དབང་དང ། སེམས་ཅན་རྣམས་ཡོངས་སུ་སྨིན་པའི་དབང་དང ། སེམས་ཅན་རྣམས་ཡོངས་སུ་སྦྱངས་པའི་དབང་དང ། སེམས་ཅན་རྣམས་ཀྱི་འདུལ་བའི་དབང་དང ། སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་དབང་དང ། སེམས་ཅན་རྣམས་དེ་བཞིན་གཤེགས་པ་ལ་མཆོད་པར་རྩོམ་པའི་དབང་དང ། དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་རྒྱན་སྣ་ཚོགས་ཡུལ་དང ། ལྗོངས་སྣ་ཚོགས་ཀྱི་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་འཕེལ་བའི་དབང་དང ། སངས་རྒྱས་ཀྱི་སྐུ་གདུང་བགོས་ཤིང་འཇིག་རྟེན་ཐམས་ཅད་ཀྱིས་མཆོད་རྟེན་དུ་བྱས་ཤིང་ཡུལ་དང་ཕྱོགས་དེར་ལྷའི་གནས་སམ། ཀླུའི་གནས་སམ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོའི་གནས་དང ། མིའི་གནས་དང ། འབར་བའི་གནས་སུ་སྐུ་གདུང་དང་རིང་བསྲེལ་མཆོད་པར་འགྱུར། སྐུ་གདུང་དང ། རིང་བསྲེལ་དང ། དབུ་སྐྲ་དང ། སེན་མོའི་མཆོད་རྟེན་དང ། སངས་རྒྱས་བཞུགས་པར་མཆོད་རྟེན་བརྩིགས་པ། འགྲོ་བ་ཐམས་ཅད་ངེས་པར་སངས་རྒྱས་རྗེས་སུ་དྲན་པར་འགྱུར། ཆོས་ཀྱི་ཕྱིར་འབྲང་བར་འགྱུར། དགེ་འདུན་ལ་དད་པ་སོ་སོར་རྙེད་པར་འགྱུར། ཡུལ་དང་ཕྱོགས་དེ་དང་དེར་གནས་ཤིང་རྒྱུན་མི་འཆད་པར་མཆོད་པར་བསམ་པས་གནས་ནས། སྦྱིན་པ་བྱིན་ཞིང་བསོད་ནམས་བྱེད་པར་འགྱུར་ཏེ། དེ་དང་དེ་དག་མཐོ་རིས་ཀྱི་ཡོངས་སུ་དག་པ་སོ་སོར་རྙེད་པར་འགྱུར། རིགས་ཆེན་པོ་སོ་སོར་རྙེད་པར་འགྱུར། ལོངས་སྤྱོད་ཆེན་པོ་དང ། གཡོག
56.206a
འཁོར་རྣམ་པར་དག་པ་སོ་སོར་རྙེད་པར་འགྱུར། ལྷ་དང་མིའི་ཕུན་སུམ་ཚོགས་པ་སོ་སོར་མྱོང་བར་འགྱུར། ངན་པར་མི་ལྷུང་བའི་ནན་ཏན་ཡོངས་སུ་རྫོགས་པར་འགྱུར། དེ་དག་སངས་རྒྱས་བྱུང་བ་ན་གཏི་མུག་མེད་པས་སྒྲུབ་པར་འགྱུར། དཀར་པོའི་ཆོས་ལ་གནས་པ་སོ་སོར་རྫོགས་པར་འགྱུར། ཁམས་གསུམ་ནས་འབྱུང་བའི་ཡོན་ཏན་ཡོངས་སུ་རྫོགས་པར་འགྱུར། ཇི་ལྟར་ཐེག་པ་ལ་དད་པ་དང ། སྨོན་ལམ་གྱིས་འབྱུང་བར་འགྱུར། དེ་དང་དེ་དག་དེ་བཞིན་གཤེགས་པ་ལ་ཤིང་བྱས་པ་གཟོ་བ་སོ་སོར་རྙེད་པར་འགྱུར་ཏེ། ཕྱིར་འབྲང་བ་དང ། གནས་དང ། མགོན་དང ། སྐྱབས་དང ། དཔུང་གཉེན་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པས་ཀྱང་བསམ་གྱིས་མི་ཁྱབ་པའི་སྦྱིན་གནས་སྦྱོང་སྟེ་བསོད་ནམས་ཡོངས་སུ་མི་གནས་པའི་སྦྱིན་གནས་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་སྐྱེ་བ་འདི་ལྟ་བུའི་རྣམ་པ་མང་པོར་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་འཕེལ་ཞིང་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་ཏེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཛད་པ་བཅུ་པའོ། །ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཛད་པ་ཡངས་པ་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་སྟེ། སངས་རྒྱས་ཀྱི་བྱིན་གྱིས་བརླབས་མ་གཏོགས་པར་གཞན་འཇིག་རྟེན་གྱི་ཡུལ་ཐམས་ཅད་ཀྱི་ལྷ་དང་འཇིག་རྟེན་དུ་བཅས་པ་གང་གིས་ཀྱང་ཚད་གཟུང་བར་མི་ནུས། འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་ཉན་ཐོས་དང ། རང་སངས་རྒྱས་སུ་བཅས
56.206b
པས་ཀྱང་འཇུག་པར་ནུས་པ་མ་ཡིན་ནོ། །འཕགས་པ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་བསྟན་པ། བམ་པོ་གསུམ་པ། ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་གཉིས་སུ་མེད་པའི་ངོ་བོ་ཆོས་ཀྱི་དབང་པོའི་ཆོས་མི་གཉིས་པར་འགྲོ་བ་བཅུ་སྟེ། བཅུ་གང་ཞེ་ན། འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལུང་སྟོན་ཏེ། མི་གཉིས་པར་འགྲོ་བ་དང ། སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་རྗེས་སུ་དྲན་པ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་སེམས་དང་བསམ་པ་སྣ་ཚོགས། མེད་བཅུ་རྡུལ་ཡབ་བརྗོད་དུ་མེད་པར་གཤེགས་པ་མི་གཉིས་པ་དང ། ཆོས་ཀྱི་དོན་མ་ལུས་པ་ཐམས་ཅད་ལས་རྫོགས་པར་སངས་རྒྱས་པའི་སྐུ་མི་གཉིས་པ་དང ། འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་ངོ་བོ་དང ། དེ་བཞིན་གཤེགས་པའི་ཡེ་ཤེས་གཉིས་སུ་མེད་པ་དང ། འབྱུང་བའི་སྐད་ཅིག་མའི་མཐའི་ཡེ་ཤེས་མི་གཉིས་ཤིང་ཐོག་མའི་མཐའ་དང ། ཐ་མའི་མཐའ་དང ། ད་ལྟར་བྱུང་བ་གཉིས་སུ་མེད་པ་དང ། དུས་གསུམ་གྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང ། སངས་རྒྱས་གཅིག་གི་ཞིང་གི་རྗེས་སུ་འགྲོ་བ་བསྟན་པའི་ཡེ་ཤེས་གཉིས་སུ་མེད་པ་དང ། སངས་རྒྱས་གཅིག་གི་གསུང་དང ། སངས་རྒྱས་ཐམས་ཅད་ཀྱི་གསུང་གཉིས་སུ་མེད་པ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདུལ་བ་དང ། རབ་ཏུ་ཕིགས་པ་དང ། རྣམ་པར་རིག་པ་གཉིས་སུ་མེད་པ་དང ། འཇིག་རྟེན་ཐམས་ཅད་ཀྱི་ཆོས་ཉིད་དང ། སངས་རྒྱས་ཀྱི་ཆོས་ཉིད་གཉིས་སུ་མེད་པ་དང ། འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་དང ། གཅིག་གི་དགེ་བའི་རྩ་བ་གཉིས་སུ་མེད་དེ། ཀྱེ་རྒྱལ་བའི་སྲས་འདི་ནི
56.207a
སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཉིས་སུ་མེད་པའི་ཆོས་ཀྱི་དབང་པོའི་ཆོས་ཀྱིས་མི་གཉིས་པར་གཤེགས་པའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཆོས་ཐམས་ཅད་ལ་ནན་ཏན་གྱིས་གནས་པ་བཅུ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ལ་གནས་ཤིང་ཡེ་ཤེས་ཀྱི་རྗེས་སུ་སངས་རྒྱས་པ་ལ་གནས་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ལ་གནས་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཇི་ལྟར་སྨོན་ལམ་གྱིས་འབྱུང་བ་ལ་གནས་པ་དང ། སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་ཡོངས་སུ་མི་གཏོང་ཞིང་འདུལ་བ་ལ་གནས་པ་དང ། སངས་རྒྱས་བཅོམ་ལྡན་འདས་ངོ་བོ་མེད་པ་ལ་རབ་ཏུ་གནས་པའི་ཆོས་ཉིད་ལ་གནས་པ་དང ། སངས་རྒྱས་བཅོམ་ལྡན་འདས་དོན་མེད་པ་མ་ཡིན་པ་དང ། དེ་བཞིན་གཤེགས་པ་རྣམས་སྐལ་བ་མཉམ་པ་མ་ཡིན་པར་གནས་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྟག་ཏུ་སེམས་མཉམ་པ་ལ་གནས་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཆོས་ཐམས་ཅད་མ་ཉམས་པའི་དབང་པོ་ལ་གནས་པ་དང ། སངས་རྒྱས་བཅོམ་ལྡན་འདས་སེམས་ཆགས་པ་མེད་པར་སྤྱོད་པ་ལ་གནས་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་ལ་འཇུག་ཅིང་མི་འཇིགས་པ་ཡང་དག་པའི་མཐའི་མཚན་ཉིད་ལ་གནས་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཆོས་ཐམས་ཅད་ཀྱི་ནན་ཏན་ལ་གནས་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཐམས་ཅད་མ་ལུས་པར་མངོན་པར་མཁྱེན་པ་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ཀྱི་འདས་པའི་གྲངས་ཐམས་ཅད་མངོན་པར་མཁྱེན་པ་དང ། མ་འོངས་པ་ཐམས་ཅད་ཀྱི་གྲངས་ཐམས་ཅད་མངོན་པར་མཁྱེན་པ
56.207b
དང ། ད་ལྟར་བྱུང་བ་ཐམས་ཅད་ཀྱི་གྲངས་ཐམས་ཅད་མངོན་པར་མཁྱེན་པ་དང ། ངག་ཐམས་ཅད་ཀྱི་ལམ་ཐམས་ཅད་མངོན་པར་མཁྱེན་པ་དང ། འཇིག་རྟེན་ཐམས་ཅད་ཀྱི་འཇུག་པ་ཐམས་ཅད་མངོན་པར་མཁྱེན་པ་དང ། སེམས་ཅན་ཐམས་ཅད་ཀྱི་ངོ་བོའི་ཡེ་ཤེས་ཐམས་ཅད་མངོན་པར་མཁྱེན་པ་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཆུང་ངུ་དང ། འབྲིང་དང ། ཆེན་པོ་དང ། སྣ་ཚོགས་རྣམ་པར་གནས་པའི་མཚན་ཉིད་དང ། དགེ་བའི་རྩ་བ་ཐམས་ཅད་དང ། བསམ་པ་ཚད་མེད་པ་རྒྱུན་མི་གཅོད་པའི་མཚམས་ཀྱི་སྐད་ཅིག་མའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པ་ཐམས་ཅད་མངོན་པར་མཁྱེན་པ་དང ། ཆོས་ཐམས་ཅད་རྐྱེན་དང་འདུས་པ་ཚོགས་པར་ཁོང་དུ་ཆུད་པ་ཐམས་ཅད་མངོན་པར་མཁྱེན་པ་དང ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རིགས་རབ་ཏུ་འབྱེད་པའི་ཡེ་ཤེས་མཐོང་བ་ཐམས་ཅད་མངོན་པར་མཁྱེན་པ་དང ། ཆོས་ཀྱི་དབྱིངས་དབྱེ་བ་མིག་འཕྲུལ་མཁན་གྱིས་རྣམ་པར་ཕྱེ་བ་ལྟར་ཐམས་ཅད་མངོན་པར་མཁྱེན་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཐམས་ཅད་མ་ལུས་པར་མངོན་པར་མཁྱེན་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྟོབས་ཆེན་པོ་དང ། སྟོབས་དང ། སྟོབས་ཚད་མེད་པ་དང ། སྟོབས་ཀྱི་བདག་ཉིད་ཆེ་བ་དང ། བཟོད་པར་དཀའ་བའི་སྟོབས་དང ། ཡོངས་སུ་མ་ཉམས་པའི་སྟོབས་དང ། སྙིང་པོའི་སྟོབས་དང ། མི་ཕྱེད་པའི་སྟོབས་དང ། འཇིག་རྟེན་ཐམས་ཅད་ཀྱིས་བསམ་ཀྱིས་མི་ཁྱབ་པའི་སྟོབས་དང ། སེམས་ཅན་ཐམས་ཅད་ཀྱིས་མི་འཕྲོགས་པའི་སྟོབས་དང ། སངས་རྒྱས་ཀྱི་མཐུ་ཆེན་པོའི་སྟོབས་ཀྱི་དཔལ་གྱི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། གང་འདི་སངས་རྒྱས་ཀྱི་སྐུ་ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས་མི་ཕྱེད་པ་དང ། འཚོ་བའི་དབང་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱིས་མི་ཆོད་ཅིང་དུག་གིས་མི་འཇིགས་པ
56.208a
དང ། འཇིག་རྟེན་གྱི་ཁམས་ཐམས་ཅད་འཚིག་པའི་མེའི་བསྐལ་པས་མི་ཚིག་པ་དང ། འཇིག་རྟེན་གྱི་ཁམས་ཐམས་ཅད་སྡུད་པ་དང་འཛིན་པའི་ཆུའི་ཕུང་པོའི་ཆུས་མི་འཆི་བ་དང ། བདུད་ཐམས་ཅད་དང ། བདུད་ཀྱི་སྡེ་ཐམས་ཅད་དང ། ལྷ་ཐམས་ཅད་ཀྱི་སྟོབས་དང ། ཀླུ་ཐམས་ཅད་དང ། གནོད་སྦྱིན་ཐམས་ཅད་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང་མི་མ་ཡིན་པའི་སྟོབས་དང ། ཤ་ཟ་དང ། འབར་བ་ཐམས་ཅད་ཀྱི་སྟོབས་དང ། སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་མིག་གི་སྟོབས་ཀྱིས་མི་ཚུགས་པ་དང ། རི་རབ་ལྷུན་པོའི་རི་དང་མཉམ་པའི་རྡོ་རྗེའི་ཆར་འབེབས་པ་དང ། གཞན་ཡང་འཁོར་ཡུག་ཆེན་པོའི་རི་དང་མཉམ་པ་དང ། གཞན་ཡང་སྟོང་གསུམ་གྱིས་སྟོང་ཆེན་པོའི་ཚད་ཀྱི་རྡོ་རྗེའི་ཆར་བབས་ཏེ། དེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བ་སྤུ་ཡང་མི་འགུལ། བག་ཚ་བར་ཡང་མི་འགྱུར་བཞུད་པ་དང ། བཞེངས་པ་དང ། བཞུགས་པ་དང ། མནལ་བའི་སྤྱོད་ལམ་སྤང་བ་འང་མི་མངའ་སྟེ། ཡུལ་གང་དུ་དེ་བཞིན་གཤེགས་པ་དེ་ནི་དེ་བཞིན་གཤེགས་པ་ཀུན་དུ་ཇི་ཙམ་དུ་བཞེད་པ་ཀུན་དུ་དེ་ཙམ་དུ་མ་བབ་བོ། །སངས་རྒྱས་ཀྱིས་བསྔགས་པ་ལ་ཡང་གཙེས་པར་མ་གྱུར། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱི་སེམས་ཅན་ལ་ཡང་གཙེས་པར་མ་གྱུར་ན་དེ་བཞིན་གཤེགས་པའི་སྐུ་མི་འཁྲུགས་པ་ལྟ་ཅི་སྨོས་ཏེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཐུ་ཆེན་པོའི་སྟོབས་ཀྱི་དཔལ་ལ་གནས་པའི་ཆོས་དང་པོའོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་བཞེད་ན་ཆོས་ཐམས་ཅད་ཀྱི་དབྱིངས་མཆོག་མ་ལུས་པ་ཐམས་ཅད་དང ། འཇིག་རྟེན་གྱི་ཁམས་ཐམས་ཅད་དང ། རི་རབ་ལྷུན་པོའི་རི་དང་བཅས། ཁོ་ར་ཁོར་ཡུག་དང ། ཁོར་ཡུག་ཆེན་པོའི་རི་དང་བཅས། རྒྱ་མཚོའི་རི་དང་ནགས་སྟུག་པོར་བཅས་པ་དང ། སེམས་ཅན
56.208b
གནས་པའི་གནས་སྣ་ཚོགས་དང ། འཇིག་རྟེན་གྱི་ཁམས་མ་ལུས་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་བ་སྤུའི་བུ་ག་གཅིག་ཏུ་བཅུག་སྟེ་ཐ་མའི་མཐའི་བསྐལ་པའི་མཐའ་བཟུང་ན། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་མ་གཏོགས་པར་སེམས་ཅན་གཞན་གྱིས་ཤེས་པར་མི་ནུས་སོ། །འཇིག་རྟེན་གྱི་ཁམས་དུ་མ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་ཉིད་ཀྱི་སྐུའི་བ་སྤུའི་བུ་གར་བཅུག་ནས་མཐའ་མའི་མཐའི་བསྐལ་པར་བཟུང་སྟེ། བཞེངས་པ་དང ། བཞུད་པ་དང ། བཞུགས་པ་དང ། མནལ་བ་དང ། བསྐལ་པར་གཤེགས་ཀྱང་དེ་བཞིན་གཤེགས་པའི་ཐུགས་ལ་སྐད་ཅིག་ཀྱང་སྡུག་བསྔལ་དུ་མི་འགྱུར། སྐྱོ་བ་མི་མངའ་སྟེ། སྟོབས་དང་མཐུ་ཡོངས་སུ་ཉམས་པར་མི་འགྱུར། སྤྱོད་ལམ་ལ་རྣམ་པར་རྟོག་པར་མི་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང ། འཇིག་རྟེན་གྱི་ཁམས་ཐམས་ཅད་འཛིན་ཏེ། འབྱིང་བ་མ་ཡིན། ཞུམ་པ་མ་ཡིན། འཕེལ་བ་མ་ཡིན། འབྲི་བ་མ་ཡིན། འབྱུང་བ་མ་ཡིན། སྐྱེ་བ་མ་ཡིན། རྣམ་པ་མ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་བ་སྤུའི་བུ་ག་གཅིག་ཏུ་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ཀུན་འཛིན་ཀྱང་དེའི་ཕྱིར་སྡུག་བསྔལ་ཚོར་བའི་སེམས་སྐྱེ་བ་གཅིག་ཀྱང་མི་མངའ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སངས་རྒྱས་ཀྱི་མཐུ་ཆེན་པོའི་སྟོབས་ཀྱི་དཔལ་ལ་གནས་པའི་ཆོས་བརྙེས་པའོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་གོམ་པ་གཅིག་གི་སྤྱོད་པའི་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་འདྲའོ། །སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་བསྐལ་པར་གོམ་པས་སྤྱོད་དོ། །དུ་མའི་སེམས་སྐྱེ་ཞིང་འཇུག་པ་དེ་ལྟར་གཤེགས་ཤིང་འཇིག་རྟེན་གྱི་ཁམས་རབ་ཏུ་ཕྲ་བའི་རྡུལ
56.209a
དང་མཉམ་པའི་བསྐལ་པར་གཤེགས་ཏེ། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་སེམས་བསྐྱེད་པ་བཞིན་དུ་བསྐལ་པར་གཤེགས་ཤིང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རབ་ཏུ་ཕྲ་བའི་རྡུལ་དང ། མཉམ་པའི་འཇིག་རྟེན་གྱི་ཁམས་ཀུན་གནས་ཤིང་ཚད་མེད་པ་དང ། ཁོར་ཡུག་ཆེན་པོའི་རི་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་འགྱུར་བ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་ཐ་དད་པའི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པ་འདས་ཤིང་བ་སྤུའི་བུ་ག་གཅིག་འགག་པར་འགྱུར་ཏེ། ཇི་ལྟར་བ་སྤུའི་བུ་ག་གཅིག་པ་དེ་ལྟར་སྐུའི་སྤུའི་བུ་ག་ཐམས་ཅད་དེ་སེམས་ཅན་ཐམས་ཅད་ཇི་སྙེད་པ་བ་སྤུའི་བུ་གར་གྱུར་ལ། དེ་ལྟར་སེམས་ཅན་ཐམས་ཅད་ལྕི་བར་གྱུར་ལ། སེམས་ཅན་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་སོར་མོ་གཅིག་གི་རྩེ་མོས་ཐ་མའི་མཐའི་བསྐལ་པར་འཛིན་ཏེ། ཇི་ལྟར་སོར་མོ་གཅིག་གིས་དང་པོར་འཛིན་པ་དེ་ལྟར་སོར་མོ་ཐམས་ཅད་ཀྱི་རྩེ་མོས་འཛིན་ཀྱང་དེའི་ཕྱིར་དེ་བཞིན་གཤེགས་པའི་སྐུ་བསྙེལ་བ་ཡང་མི་མངའ། ཐུགས་ལ་སྐྱོ་བར་ཡང་མི་འགྱུར། སྡུག་བསྔལ་གྱི་རེག་པ་ཚོར་རོ་སྙམ་པའི་སེམས་ཕྲ་རབ་གཅིག་ཙམ་ཡང་མི་སྐྱེའོ། །དེ་ལྟར་འཇིག་རྟེན་གྱི་ཁམས་རེ་རེར་གཤེགས་ཤིང་འཇུག་པ་དང ། ནམ་མཁའ་ལ་གཤེགས་ཤིང་འཇུག་པ་དང ། རྒྱ་མོའི་ཕྱོགས་ཐམས་ཅད་དུ་གཤེགས་ཤིང་འཇུག་པ་དང ། དེ་ལྟར་ནམ་མཁའི་ཁམས་ཀྱི་མཐའ་མ་ལུས་པ་ཐམས་ཅད་དང ། ཆོས་ཀྱི་དབྱིངས་ཀྱི་མཐར་འཇུག་པ་དང ། སྐྲའི་རྩེ་མོའི་མཐའི་ཚད་ཀྱི་ཁམས་ཐམས་ཅད་དུ་འཇུག་པ་དང ། སྐྲ་རྩེ་རེ་རེའི་མཐའ་ཚད་ཀྱི་གྲངས་ཀྱི་ནམ་མཁའི་ཁམས་མ་ལུས་པ་ཐམས་ཅད་ཡོངས་སུ་གསོལ་བའི་སྐྲའི་རྩེ་མོའི་མཐའི་ཚད་ཀྱི་ནམ་མཁའི་ཁམས་སུ་འཇུག་པ་འདིས་དེ་བཞིན་གཤེགས་པའི་སྤྱོད་ལམ་ཐོག་མའི་མཐའ་དང་ཐ་མའི་མཐའི
56.209b
བསྐལ་པར་ཟད་ཅིང་འདས་ཀྱི་བར་དུ་ཕྱོགས་དང་ཕྱོགས་ན་སྐྱིལ་མོ་ཀྲུང་གཅིག་གིས་བཞུགས་ཤིང་ཡོངས་སུ་ལོངས་སྤྱོད་དེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་ཆེན་པོའི་སྟོབས་ཀྱི་དཔལ་ལ་གནས་པའི་ཆོས་བཞི་པའོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་སྐུ་དང་དབུ་དུ་མར་གྱུར་ལ། དབུ་གཅིག་ལ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་ལྗགས་སུ་གྱུར་པ་ལ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་དབྱངས་ཀྱི་ཡན་ལག་དང ། སྒྲ་དང ། གསུང་འཇུག་སྟེ། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་སེམས་ཅན་ཀྱི་ཁམས་ལ་གོ་བར་བྱེད་པ་དང ། དབྱངས་ཀྱི་ཡན་ལག་དང ། སྒྲ་དང ། གསུང་རེ་རེས་ཀྱང་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་མདོ་སྡེ་དམ་པ་རབ་ཏུ་བཤད་ལ། མདོ་སྡེ་རེ་རེ་ལ་ཡང་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་ཆོས་སྟོན་པའི་རྗེས་སུ་འབྲང་ལ་ཆོས་བསྟན་པ་རེ་རེ་ལ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་ཆོས་ཀྱི་ཚིག་དང་འབྱེད་པ་རྣམས་ཀྱི་བརྗོད་པ་འགྲོ་སྟེ། ཇི་ལྟར་གང་གི་ཕྱིར་ཆོས་སྟོན་པ་དེ་ལྟར་ཆོས་ཐམས་ཅད་སྟོན་ཏེ། དེ་དག་ལ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་བསྐལ་པར་སྟོན་ཅིང་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་བསྐལ་པ་རྣམས་ཡོངས་སུ་ཟད་ནས། ཡང་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རབ་ཏུ་ཕྲ་བའི
56.210a
རྡུལ་དང་མཉམ་པའི་བསྐལ་པར་སྟོན་ཏེ། གཞུང་འདིས་འཇིག་རྟེན་གྱིས་ཁམས་ཐམས་ཅད་ཀྱི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་བསྐལ་པར་སྟོན་ལ། གཞུང་འདིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་བསྐལ་པ་ཟད་པ་དང ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་སྙེད་ཀྱི་བསྐལ་པ་ཟད་ཅིང་འདས་ཀྱང་དེ་བཞིན་གཤེགས་པའི་སྤྲུལ་པ་ནི་དེ་ལྟ་མ་ཡིན་ཏེ། ཆོས་ཐམས་ཅད་མགལ་མེའི་འཁོར་ལོ་ལྟར་འཇུག་ཅིང་ཆོས་ཐམས་ཅད་ཤེས་རབ་གྱི་སྟོན་ཏེ། བརྡ་སྤྲོད་ཅིང་ཐེ་ཙོམ་ཐམས་ཅད་གཅོད་པའི་ཆོས་ཀྱི་འཁོར་ལོ་སྐོར་བ་དང ། ཆོས་ཐམས་ཅད་སྣང་བར་བྱེད་པའི་ཆོས་ཀྱི་འཁོར་ལོ་སྐོར་བ་དང ། ཆགས་པ་མེད་པའི་མཛོད་ཀྱི་འཁོར་ལོ་སྐོར་བ་དང ། སེམས་ཅན་མཐའ་ཡས་པ་ཚིམ་པར་བྱེད་པའི་འདུལ་བའི་རྒྱན་གྱི་ཆོས་ཀྱི་འཁོར་ལོ་སྐོར་བ་དང ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་བསྡུས་པའི་རྒྱན་གྱི་འཁོར་ལོ་སྐོར་བ་དང ། ཡེ་ཤེས་ཀྱི་ཉི་མའི་དཀྱིལ་འཁོར་ཆེན་པོའི་རྒྱུན་གྱི་འཁོར་ལོ་སྐོར་བ་དང ། འགྲོ་བ་མ་ལུས་པ་ཐམས་ཅད་ལ་ཡེ་ཤེས་ཀྱི་སྒྲོན་མ་ཆེན་པོའི་རྒྱུན་གྱི་འཁོར་ལོ་སྐོར་བ་དང ། སོ་སོ་ཡང་དག་པར་རིག་པ་དང ། མི་འཇིགས་པ་ཆེན་པོའི་རྒྱན་གྱིས་ཆོས་ཀྱི་འཁོར་ལོ་སྐོར་ཞིང་ཇི་ལྟར་སངས་རྒྱས་གཅིག་གི་སྐུའི་བྱིན་གྱིས་བརླབས་ཀྱིས་ཆོས་ཀྱི་འཁོར་ལོ་སྐོར་བའི་སྤྲིན་ཆེན་པོ་ཡང་དཔེ་ཐམས་ཅད་གྱིས་དཔེར་བྱ་བ་མ་ཡིན་ཏེ། དེ་ལྟར་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང ། ནམ་མཁའི་ཁམས་ཀྱི་མཐར་སྐྲའི་རྩེ་མོའི་མཐའ་ནས་རྣམ་པར་ཕྱེ་བ་ཆགས་པ་མེད་པ་མ་ལུས་པ་ཐམས་ཅད་དང ། སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རབ་ཏུ་ཕྲ་བའི་རྡུལ་དང་མཉམ་པའི་སེམས་ཀྱི་སྐད་ཅིག་མ་དང ། སེམས་ཀྱི་སྐད་ཅིག་མ་རེ་རེ་དེ་སྙེད་ཀྱི་སངས་རྒྱས་ཀྱི་སྤྲུལ་པ་སྤྲུལ་པ
56.210b
དང ། ཇི་སྲིད་དུ་མཐའ་མའི་བསྐལ་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྲུལ་པའི་སྐུ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྐུ་རེ་རེ་བ་དེ་སྙེད་དེ་སྙེད་ཀྱི་དབུར་གྱུར་པའི་བར་དུ་སྔར་ཀུན་དུ་བརྗོད་པ་བཞིན་དུ་དབུ་རེ་རེ་ལ། དེ་སྙེད་དེ་སྙེད་ཀྱི་ལྗགས་སུ་གྱུར་པའི་ལྗགས་རེ་རེ་ལ་དེ་སྙེད་དེ་སྙེད་ཀྱི་དབྱངས་ཀྱི་ཡན་ལག་དང ། གསུང་དང ། སྐུ་དང ། གསུང་འཇུག་སྟེ། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་སེམས་ཅན་གྱི་ཁམས་ན་གོ་བར་བྱེད་པ་དང ། དབྱངས་ཀྱི་ཡན་ལག་དང ། སྒྲ་དང ། གསུང་རེ་རེས་དེ་སྙེད་དེ་སྙེད་ཀྱི་མདོ་སྡེ་རྣམས་འཆད་དེ། མདོ་སྡེ་རེ་རེ་ལ་དེ་སྙེད་དེ་སྙེད་ཀྱི་ཆོས་སྟོན་པ་རྗེས་སུ་འབྲང་ལ་ཆོས་སྟོན་པ་རེ་རེ་ལ་དེ་སྙེད་དེ་སྙེད་ཀྱི་ཆོས་ཀྱི་ཚིག་དང་འབྱེད་པའི་བརྗོད་པ་འགྲོ་སྟེ། ཆོས་ཀྱི་ཚིག་དང་འབྱེད་པ་རེ་རེས་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་སྒྲ་གསལ་བར་བྱེད་ཅིང་སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་ལ་གོ་བར་བྱེད་ཀྱང་དེ་བཞིན་གཤེགས་པའི་གསུང་འཛིན་པ་འང་མེད། ཉམས་པ་འང་མེད། ཟད་པ་འང་མེད། དམས་པ་འང་མེད་དེ། དེ་ལྟར་ཐ་མའི་མཐར་བསྐལ་པའི་བར་དུ་གནས་ཤིང་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་ཆེན་པོའི་སྟོབས་ཀྱི་དཔལ་ལ་གནས་པའི་ཆོས་ལྔ་པའོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་དཔལ་གྱི་བེའུ་ཡི་རྒྱུན་དང་ལྡན་ཞིང ། རྡོ་རྗེའི་སྙིང་པོ་ཆེན་པོས་བཟུང་བ་དེ་དག་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པ་རྣམས་ལ་བཞག་ནས་སེམས་ཅན་ཐམས་ཅད་སྙེད་ཀྱི་བདུད་སྡིག་ཅན་གྱི་སྡེ་གཟུགས་སྣ་ཚོགས་བསྐྲད་ཅིང་མི་སྡུག་པ། མཆོག་ཏུ་འཇིགས་པའི་གཟུགས་འཇིག་རྟེན་ཐམས་ཅད་འཇིགས་པའི་གཟུགས། མཆོག་ཏུ་སེམས་བསྐྱེད་པའི་གཟུགས་སུ་འཕྲུལ་པར་བྱེད་དོ། །བྱང་ཆུབ་ཀྱི་ཤིང་མཆོག་གི་དྲུང་དུ་སོང་ནས་ཆོས་ཐམས་ཅད་ཀྱི་དབྱིངས་ནམ་མཁའི་མཐར་བདུད་ཀྱི་མི་སྡུག་པའི་གཟུགས་འཛིན་པ། སྐྲག་པ་ཆེན་པོས་འཇིགས་པ
56.211a
ཆེན་པོར་བྱེད་པ། འགྲོ་བ་ཐམས་ཅད་འཇོམ་པས། འཇིག་རྟེན་ཐམས་ཅད་འཇིག་པའོ། །དེ་ན་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་ནས་ཐམས་ཅད་ལ་གཟིགས་ཏེ། གཟིགས་ནས་མི་བསྙེངས། བག་མི་ཚ། སྤུ་འགའ་ཡང་མི་གཡོ། གཟུགས་སྣ་ཚོགས་ཀྱི་མཚན་མ་སྣ་ཚོགས་འཛིན་པ་ཡང་མི་མངའ། སེམས་ཕྲ་མོ་ཡང་མི་མངའ་བར་གནས་ཏེ་མི་གཡོ། མི་སྐྱོད་མི་འགྱུར་རྣམ་པར་མི་རྟོག་།ཤིན་དུ་རབ་ཏུ་ཞི། བསྙེངས་ཤིང་བ་སྤུ་ལྡང་བ་ཤིན་དུ་མི་མངའ། འདོད་པ་དང་ཁོང་ཁྲོ་བ་ཤིན་དུ་མི་མངའ། སངས་རྒྱས་ཀྱི་མཛད་པ་བྱམས་པ་ཆེན་པོ་ཆགས་པ་མེད་པའི་སྟོབས་ཀྱིས་གཏོང་བ། དབང་པོ་སྦེད་ཅིང་ཐུགས་རྗེ་ཆེན་པོ་ལ་གནས་པ། བག་མི་ཚ་བའི་ཐུགས་དབྱེར་མི་ཕྱེད་པའི་སྙིང་པོ་ཐུགས་མི་དངངས་ཤིང་ཟིལ་གྱིས་མི་ནོན་པའི་ཐུགས་ཀྱིས་བདུད་དང ། བདུད་ཀྱི་རིས་ཀྱི་ལྷ་ཐམས་ཅད་དང ། བདུད་ཀྱི་སྡེ་མང་པོ་སྣ་ཚོགས་ཐམས་ཅད་ཟིལ་གྱིས་གནོན་ཅིང་གཟོད་ནས་ཟིལ་གྱིས་གནོན། བཟུང་ནས་དེ་བཞིན་གཤེགས་པ་ལ་སྐྱབས་སུ་དོང་སྟེ། དེ་དག་ལ་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་གསུམ་དང་དེ་བཞིན་གཤེགས་པས་འདུལ་བ་བསྟན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་ཆེན་པོའི་སྟོབས་ཀྱི་དཔལ་ལ་གནས་པའི་ཆོས་དྲུག་པའོ། །གཞན་ཡང་སངས་རྒྱས་རྣམས་ཀྱི་གསུང་ཐོགས་པ་མེད་པས་འཇིག་རྟེན་གྱིས་ཁམས་མ་ལུས་པ་ཐམས་ཅད་དུ་འཇུག་ཅིང་དེ་དང་དེ་དག་ཏུ་འཇིག་རྟེན་ཐམས་ཅད་ཀྱིས་རྣམ་པར་རིག་ཅིང་སེམས་ཅན་རྣམས་འདུལ་བའི་དབང་གིས་དེ་བཞིན་གཤེགས་པའི་སྒྲ་དེ་རི་ལ་ཐོགས་པ་མེད་དེ། རི་རབ་ལྷུན་པོ་ལ་མི་ཐོགས་རིན་པོ་ཆེའི་རི་ལ་མ་ཡིན། ཁོར་ཡུག་དང་ཁོར་ཡུག་ཆེན་པོ་ལ་མ་ཡིན། ལྷའི་གནས་ལ་མ
56.211b
ཡིན། ཀླུའི་གནས་ལ་མ་ཡིན། གནོད་སྦྱིན་གྱི་གནས་ལ་མ་ཡིན། དྲི་ཟའི་གནས་ལ་མ་ཡིན། ལྷ་མ་ཡིན་གྱི་གནས་ལ་མ་ཡིན། ནམ་མཁའ་ལྡིང་གི་གནས་ལ་མ་ཡིན། མི་འམ་ཅིའི་གནས་ལ་མ་ཡིན། མི་དང་མི་མ་ཡིན་པའི་གནས་ལ་ལྟ་ཞིང་ཆགས་པར་མི་འགྱུར་རོ། །གལ་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཤེགས་ན་འང་མི་ཆགས་ཏེ། འཇིག་རྟེན་སྲིད་པའི་ཁམས་ཐམས་ཅད་ཀྱི་སྒྲ་ཆེན་པོ་དང ། འཇིག་རྟེན་ཐམས་ཅད་ཀྱི་སྒྲ་སྣ་ཚོགས་རབ་ཏུ་རྫོགས་པ་དེ་ལ་དེ་བཞིན་གཤེགས་པས་བརྗོད་པའི་སྒྲས་སྒྲིབ་པར་འགྱུར་ཏེ། ཇི་ལྟར་འདུལ་བའི་སེམས་ཅན་རྣམས་ཀྱི་རྣ་བས་རྣམ་པར་རིག་སྟེ། གང་འདི་རྣ་བས་རྣམ་པར་རིག་ཅིང་རྣམ་པར་རིག་པའི་ཚིག་དང་འབྱེད་པ་ཉམས་པར་མི་འགྱུར་ཏེ། དེ་ནི་འདི་ལྟར་དེ་བཞིན་གཤེགས་པའི་སྒྲ། ལྷམ་མེ། ལྷན་ནེ། ལྷང་ངེའོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་ཆེན་པོའི་དཔལ་གྱི་སྟོབས་ལ་གནས་པའི་ཆོས་ཀྱི་སྒྲ་བདུན་པའོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ཤིན་དུ་ཡོངས་སུ་སྦྱངས་པས་ཆགས་པ་མེད། འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་རྒྱན་དང་ཞིང་རྙོག་པ་མེད་པ། བདག་གི་མེད་པའི་ཆོས་ཐམས་ཅད་ལ་གནས་པ། ནང་དང་ཕྱི་དང་ལྡན་པ་མ་ཡིན། མ་སྐྱེས་པ་ལ་བརྩམ་པ་ཐམས་ཅད་རྣམ་པར་ཕྱེ་བ། ཞི་བ། གནས་མེད་པ། རྩོམ་པ་སྣ་ཚོགས་ཐམས་ཅད་མེད་པ། ངོ་བོ་ཐམས་ཅད་རྣམ་པར་རྟོག་པའི་འདུ་ཤེས་ལ་གནས་པ་འགག་པ། རང་བཞིན་འོད་གསལ་བ། ཤིན་དུ་ཡོངས་སུ་དག་པ། རྩོམ་པ་དང་ཡིད་ལ་བྱེད་པ་ཐམས་ཅད་ལ་མ་ཆགས་པའི་ཉོན་མོངས་པ་མེད་པའི་ཆོས་ཐམས
56.212a
ཅད་ཀྱི་ཡུལ་གྱི་རྗེས་སུ་སོང་བ། ཡང་དག་པའི་མཐའ་འདོད་ཆགས་དང་བྲལ་ཞིང་དག་པ། ཆོས་ཀྱི་དབྱིངས་སྟོན་པའི་མཐར་སོང་བ། ཆོས་ཀྱི་དབྱིངས་ཀུན་དུ་མི་ཟད་པའི་རྗེས་སུ་སོང་བ། འདུ་ཤེས་སུ་གྱུར་པ་ཐམས་ཅད་དང ། ཚད་དང་ཚད་མེད་པ་དང ། འདུས་བྱས་དང ། འདུས་མ་བྱས་དང ། མངོན་པར་སྨྲ་བ་ཐམས་ཅད་འགགས་པ་དག་གིས་ལམ་བརྗོད་དུ་མེད་པའི་མཐའི་ཡུལ་མི་ཟད་ཅིང་ཆགས་པ་མེད་པའི་དབྱིངས་ཀྱི་མཐའི་སྔོན་དུ་ཡེ་ཤེས་འགྲོ་ཞིང་འཇུག་པ་དང ། སྟོབས་བཅུའི་རྒྱན་དང་ཆོས་ཐམས་ཅད་རྣམ་པར་དག་པ། ཐབས་མཁས་པ་ལ་ཞུགས་པས་ཆོས་སྣ་ཚོགས་དང ། ཆོས་དུ་མ་དང ། ཆོས་ཐམས་ཅད་དང ། སྟོན་པ་འགལ་བ་མེད་པ། དུས་གསུམ་དུ་དབྱེར་མེད་པ། ཆོས་ཀྱི་དབྱིངས་ཐམས་ཅད་དང ། ཆོས་ཐམས་ཅད་དང ། ཆོས་ཐམས་ཅད་དངོས་པོ་མེད་པའི་དབང་གི་ཕ་རོལ་དུ་སོང་བ། ཆོས་ཐམས་ཅད་ཀྱི་དབང་གི་འབྱུང་གནས་ཀྱི་མཛོད་ཀྱི་ཁྱད་པར་ཆོས་ཐམས་ཅད་ཀྱི་ཚུལ་དྲན་ཞིང་ཀུན་ནས་གཏི་མུག་པ་ཞིང་ཐམས་ཅད་དུ་འགྲོ་བའི་དབང་དང ། རྒྱ་མོའི་ཕྱོགས་མ་ལུས་པ་ཐམས་ཅད་ཀྱི་མདོ་མེད་བཅུ་རྡུལ་ཡབ་ལ་མི་གནས་པ། བརྟན་པར་གནས་ཤིང་མི་འཕོ་བ། ཡེ་ཤེས་ཀྱི་ལྟ་བ་ཆོས་མ་ལུས་པ་ཐམས་ཅད་ཀྱི་མཐར་ཐུག་པ། ཟག་པ་ཐམས་ཅད་ཡོངས་སུ་ཟད་ཅིང་ཟག་པ་མེད་པ། སེམས་རྣམ་པར་གྲོལ་བ། ཤེས་རབ་རྣམ་པར་གྲོལ་བ། ཤིན་དུ་རྣམ་པར་གྲོལ་བ་ཡང་དག་པའི་མཐའ་མི་ཟད་པའི་མཆོག་ཆགས་པ་མེད་པར་གནས་པ། རྟག་ཏུ་མཉམ་པ་དང་རབ་ཏུ་ལྡན་པ། དུས་གསུམ་ལ་ཆགས་པ་མེད་པར་གནས་པ། སེམས་ཀྱི་སྐད་ཅིག་མ་ལ་དུས་གསུམ་གྱི་སེམས་ཀྱི་སྤྱོད་པ་ཐམས་ཅད་མ་ལུས་པར་རབ་ཏུ་ཤེས་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཐུ་ཆེན་པོའི་སྟོབས་ཀྱི་དཔལ་ལ་གནས་པའི་སྟོབས་བརྒྱད་པའོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་སྒྲ
56.212b
དང་ལུས་གཅིག་ཏུ་འདུས་པ། སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་ཡུལ་ཚད་མེད་པ་མཐའ་དང་དབུང་མེད་པའི་སྐུ་ཡོངས་སུ་གྲུབ་པ། འཇིག་རྟེན་ཐམས་ཅད་ཡོངས་སུ་འཛིན་པའི་སྐུ། ཁམས་གསུམ་གྱིས་མི་གོས་པའི་སྐུ། རྐྱེན་གྱི་སྐུ་རྣམ་པར་རིག་ཅིང་ལྷག་པའི་བསམ་པས་རྗེས་སུ་དྲན་པ་ལ་བྱིན་གྱི་བརླབས་ཀྱི་སུའི་ཚོགས་སྟོན་པ། མི་བདེན་མི་བརྫུན་ཞིང་མཉམ་པ་ཉིད་རྣམ་པར་དག་པའི་སྐུ། འོང་བ་དང ། འགྲོ་བ་མེད་པའི་ཆོས་ཀྱི་སྐུ་འདུས་པ། འདུས་མ་བྱས་ཤིང་འཇིག་པ་མེད་པའི་སྐུ། མཚན་ཉིད་གཅིག་དང ། མཚན་ཉིད་མེད་པའི་ཆོས་ཀྱི་ངོ་བོ་ཉིད་ཀྱི་སྐུ། ཡུལ་ན་མི་གནས་ཕྱོགས་ན་མི་གནས་པའི་སྐུ། ཚོགས་མ་ལུས་པ་ཐམས་ཅད་ཀྱི་སྐུ། སངས་རྒྱས་ཁྱུ་མཆོག་རྣམ་པར་སྤྲུལ་པའི་སྐུ། ཁ་དོག་མཐའ་ཡས་པའི་སྐུ། སྐུ་ཐམས་ཅད་རྗེས་སུ་འབྲང་བ། སྐུ་སྣ་ཚོགས་སུ་རྣམ་པར་རིག་པ། ཆོས་ཀྱི་སྐུའི་ཚུལ་གྱི་རྗེས་སུ་སོང་བ། མཐའ་ཡས་པར་སྣང་བའི་ཡེ་ཤེས་ཀྱི་སྙིང་པོའི་དཀྱིལ་འཁོར་གྱི་མཛོད་ཀྱི་སྐུ། བྱ་བ་སྣ་ཚོགས་མེད་པ། ཆོས་ཐམས་ཅད་ཀྱི་དབྱིངས་སྟོན་པའི་སྐུ། སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་ལ་ཁྱབ་པར་གསོལ་བའི་སྐུ་འདུས་པ། མི་གཡོ་མི་སེམས་པའི་སྐུ་རྣམ་པར་དག་པ། མེད་པ་དང་མེད་པ་མ་ཡིན་པ་དང ། ཚུལ་དང་ཚུལ་མ་ཡིན་པས་ཕྱེ་བའི་སྐུ། སེམས་ཅན་ཐམས་ཅད་ཀྱི་དད་པ་སྣ་ཚོགས་ཀྱི་རྗེས་སུ་སོང་ཞིང་འདུལ་བའི་སྐུ། འགགས་པ་དང ། འགགས་པ་མ་ཡིན་པ་འདུལ་བ་ལ་གཟིགས་པའི་ཡོན་ཏན་དཀོན་མཆོག་ཐམས་ཅད་བྱུང་བ་བསྒྲེང་བའི་སྐུ། ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་དང་དེ་བཞིན་ཉིད་བསྡུས་པའི་སྐུ། རང་བཞིན་གྱིས་ཤིན་དུ་ཞི་བ་དང་བསྒྲིབས་པ་མེད་པའི་མཐའི་སྐུ་ཐོགས་པ་མེད་པའི་ཆོས་ཐམས་ཅད་ལས་སྐྱེས་པའི་སྐུ། ཐམས་ཅད་ཀྱི་རྗེས་སུ་སོང་བ། ཆོས་ཀྱི་དབྱིངས་དག་པ། འཇིག་རྟེན་ཐམས་ཅད་དུ་རྣམ་པར་ཕྱེ་བའི་སྐུ། བརྩམ་པ་ལས་མི་ལྡོག་པ། སངས་རྒྱས་ཀྱི་རྣམ་པར་ཐར་པའི་ཡེ
56.213a
ཤེས་ཐམས་ཅད་ཀྱི་རྗེས་སུ་འབྲང་བ། ཀུན་འབྲང་བའི་རྗེས་སུ་སོང་བའི་སྐུ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཐུ་ཆེན་པོའི་དཔལ་གྱི་སྟོབས་དང ། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་འདུས་པ་དགུ་པའོ། །གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉམ་པ་དང ། མཉམ་པའི་ཡེ་ཤེས་རྣམ་པར་ཆུད་པ་དེ་བཞིན་གཤེགས་པ་ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལས་བྱུང་བ། སྤྱོད་པ་ལས་མངོན་པར་བྱུང་བ། སྨོན་ལམ་གྱི་ཁྱད་པར་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་པར་དག་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཡེ་ཤེས་བྱ་བ་སྣ་ཚོགས་མེད་པའི་སངས་རྒྱས་ཐམས་ཅད་དང ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལས་བྱུང་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོའི་སྤྱོད་པ་ཐམས་ཅད་ཀྱི་ཆོ་ག་ཤེས་པ། སྨོན་ལམ་ཆེན་པོ་དང ། སྤྱོད་པ་མི་ཆུང་བ། སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་དགའ་བ་མ་ཡིན་པ། སྤྱོད་པའི་སྟོབས་བཟོད་པར་དཀའ་བའི་སྤྱོད་པ་ཐམས་ཅད་ལས་བྱུང་ཞིང་སྤྱོད་པ་ཐམས་ཅད་རྣམ་པར་དག་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་བཟང་པོ་སྤྱད་པ་མི་འབྲི་བར་སྤྱོད་པ། སངས་རྒྱས་ཐམས་ཅད་ཏིང་ངེ་འཛིན་ཚད་མེད་པ་ཐམས་ཅད་ལ་གནས་པ། སྤྱོད་ཡུལ་མཐའ་ཡས་པ་ལམ་ཐམས་ཅད་སྟོན་པ། ལམ་མ་ཡིན་པའི་ཡུལ་དང་ལམ་ཐམས་ཅད་ལ་ཞུགས་པ། ཡེ་ཤེས་མཆོག་གི་སྟོབས་ཀྱི་ཆོ་ག་ཤེས་པ། འཛེམ་པ་མེད་པར་ཆོས་ཀྱི་འཁོར་ལོ་འབེབས་པ། དགེ་བ་འདྲི་བ་དང ། མི་འདྲི་བ་དང ། བཙུན་པའི་ཆོས་ཀྱི་ཚུལ་སྟོན་པའི་ཡེ་ཤེས་མཉམ་པ་དང་མཉམ་པའི་ཡེ་ཤེས་ཤིན་དུ་ཡོངས་སུ་དག་པ་ལུས་དང ། ངག་དང ། ཡིད་ཀྱི་སྤྱོད་པ་གསུམ་ཡོངས་སུ་དག་པ། སངས་རྒྱས་ཀྱི་སྒོ་མ་རྙེད་པ་དང ། སངས་རྒྱས་ཀྱི་སྤྱོད་པས་སོང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་དང ། སངས་རྒྱས་ཀྱི་ཡེ་ཤེས་དང ། མཛད་པ་ཐམས་ཅད་ལ་ཞུགས་པ། ཐམས་ཅད་མཁྱེན་པ་ལ་གནས་པ།
56.213b
ཚད་མེད་པར་སྟོན་པ་དག་གནས་པ། རྩ་བ་མེད་ཅིང་མཐའ་མེད་པའི་མངོན་པར་ཤེས་པ་ཐམས་ཅད་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ། ཡེ་ཤེས་འཇིག་རྟེན་གྱི་སེམས་ཅན་རྣམས་ཀྱི་རྗེས་སུ་འགྲོ་བ། འགྲོ་བ་མ་ལུས་པ་ཐམས་ཅད་ཀྱི་ཐམས་ཅད་ཆོས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་མཐོང་བ་དང ། ཕྲ་བ་མ་ལུས་པ་མཐའ་དང་དབུང་མེད་པའི་ཡེ་ཤེས། དུས་གསུམ་ཐམས་ཅད་ལ་འཇུག་པའི་ཚུལ་དང་ཕྲ་བའི་ཡེ་ཤེས་རྗེས་སུ་རྟོགས་པ། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་རྣམ་པར་དག་པ་དང ། འཇིག་རྟེན་ལས་འདས་པའི་དོན་དང ། ཡེ་ཤེས་དང ། སངས་རྒྱས་ཀྱི་མཛད་པར་བརྗོད་དུ་མེད་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དང་ལྡན་ཞིང ། ཕྱིར་མི་ལྡོག་པའི་ཡེ་ཤེས་ཀྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ། གྲངས་ལ་འཇུག་པའི་ཡེ་ཤེས་ཀྱི་ཆོས་ཡི་གེ་མེད་པར་རབ་ཏུ་རྟོག་པ། བརྗོད་དུ་མེད་པའི་ཡེ་ཤེས་སྣ་ཚོགས་རྣམ་པར་བྱེ་བ་དང ། ཡི་གེ་ཐམས་ཅད་བརྗོད་དུ་མེད་པར་ཤེས་པར་བྱེད། ཡེ་ཤེས་ཀྱི་དགེ་བར་སྤྱོད་པའི་ཆོས་ཐམས་ཅད་རྣམ་པར་དག་པ་ཀུན་དུ་བཟང་པོའི་ཡེ་ཤེས་ཀྱི་རིམ་པ། སེམས་སྐད་ཅིག་མ་གཅིག་དང་ལྡན་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ཁོང་དུ་ཆུད་པའི་ཡེ་ཤེས་ཇི་ལྟར་འོས་པ་དང ། སེམས་ཅན་ཐམས་ཅད་ཀྱི་ལུས་དང ། ཇི་ལྟར་སྐྱེ་མཆེད་ཀྱི་ཆོས་གཏོང་བར་རབ་ཏུ་ཡིད་ལ་བྱེད་པའི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་ཡུལ་གྱི་མཚམས་མ་ཡིན་པ། འཇིག་རྟེན་གྱི་ཡུལ་ཁམས་མ་ལུས་པ་ཐམས་ཅད་དང ། འགྲོ་བ་མ་ལུས་པ་ཐམས་ཅད་དང ། སེམས་ཅན་མ་ལུས་པ་ཐམས་ཅད་དང ། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང ། དུས་གསུམ་གྱི་སེམས་གྱི་སྐད་ཅིག་མ་གཅིག་ལ་ཆགས་པ་མེད་པའི་ཡེ་ཤེས་ཀྱི་མཐོང་བའི་ཡུལ་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་ཀྱི་སངས་རྒྱས་འབྱུང་བའི་ཡུལ་ལ་འཇུག་ཅིང་ཐམས་ཅད་འདུལ་བའི་ཡུལ་མ་ལུས་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ། རྣམ་པར་དག་པར་སངས་རྒྱས་ཀྱི
56.214a
ཡིད་ཀྱི་མཚམས་སུ་ཐོབ་པ་མངོན་པར་མཁྱེན་ཅིང་ཡུལ་ཐམས་ཅད་ལས་མངོན་པར་སངས་རྒྱས་པ། སེམས་ཅན་གྱི་སེམས་དང་ཡིད་ཀྱི་རྣམ་པར་ཤེས་པ་མ་ལུས་པ་ཐམས་ཅད་རྟོགས་པ། དུས་གསུམ་གྱིས་ཕྱེ་བའི་སེམས་ཀྱི་སྐད་ཅིག་མ་ལ་ཡེ་ཤེས་ཀྱི་རྗེས་སུ་སངས་རྒྱས་ཤིང་མཚམས་མ་ཡིན་པའི་སངས་རྒྱས་པ། སེམས་ཅན་ཐམས་ཅད་དུ་འགྲོ་བ་མཐའ་ཡས་པ་དང ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་བ་མཐའ་མེད་པ་དང ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་བ་མཐའ་ཡས་པ་དང ། དུས་གསུམ་ཐམས་ཅད་དུ་འགྲོ་བ་དཔག་ཏུ་མེད་པ་དང ། སངས་རྒྱས་ཁྱུ་མཆོག་ཐམས་ཅད་དུ་འགྲོ་བ་དང ། ཁོང་དུ་ཆུད་པ་མ་ལུས་པ་ཐམས་ཅད་དུ་འགྲོ་བ་དང ། དེ་དག་མ་ལུས་པ་ཐམས་ཅད་ལས་མངོན་པར་རྫོགས་པར་སངས་རྒྱས་པ་རྣམ་པར་ཆུད་པ་ཐམས་ཅད་ཀྱི་རྗེས་སུ་འགྲོ་ཞིང་སངས་རྒྱས་ཀྱི་ཡེ་ཤེས་མི་གཏོང་བ། སངས་རྒྱས་ཐམས་ཅད་རྫུ་འཕྲུལ་རྣམ་པར་སྤྲུལ་པ་ལ་བཞུགས་ཏེ། དེ་ན་སངས་རྒྱས་བཅོམ་ལྡན་འདས་མཐའ་དང་དབུང་མེད་པར་གནས་པ། སངས་རྒྱས་ཁྱུ་མཆོག་གི་སྐུ་མཐའ་དང་དབུང་མེད་པར་གནས་པ། སེམས་ཆགས་པ་མེད་པར་གནས་པ། མཐའ་དང་དབུང་མེད་པའི་སྙིང་རྗེ་ཆེན་པོ་སྦྱོར་བ་ལ་གནས་པ། དུས་ཐམས་ཅད་དུ་རྟག་ཏུ་རྒྱུན་མི་འཆད་པར་ཆོས་སྟོན་པར་གནས་པ་སྟེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་ཆེན་པོའི་དཔལ་དང ། ཡེ་ཤེས་ཆེན་པོ་ལ་གནས་པའི་ཆོས་བཅུ་པའོ། །ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་ཆེན་པོའི་སྟོབས་ཀྱི་དཔལ་ལ་གནས་པའི་ཆོས་བཅུ་སྟེ་སེམས་ཅན་ཐམས་ཅད་དང ། འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱིས་བསམ་གྱིས་མི་ཁྱབ་ཅིང་ཚད་མི་ཟིན་པའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས
56.214b
རྣམས་བཞུགས་པའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཚེ་ཇི་ཙམ་པར་དགའ་ལྡན་ན་བཞུགས་ཤིང་ཚེ་ཟད་ནས་འཕོ་བར་བྱེད་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཟླ་བ་བཅུར་བཞུགས་པའི་ཚེ་སྟོན་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་མངོན་པར་འབྱུང་ཞིང་འབྱུང་བར་བཞེད་པའི་ཐུགས་ཀྱིས་བཞུགས་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་ཤིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་ཏེ་བཞུགས་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐད་ཅིག་མ་གཅིག་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མངོན་པར་རྫོགས་པར་བྱང་ཆུབ་ནས་བཞུགས་ཤིང ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་སྤྲུལ་པར་སྟོན་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་འདུལ་བའི་དུས་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བཞུགས་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་དགེ་བའི་རྩ་བ་སྐྱེད་པའི་དུས་ཇི་ལྟ་བ་བཞིན་དུ་སྟོན་ཏེ་བརྡ་སྤྲོད་ཅིང་བཞུགས་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་དུས་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་མཛད་པ་ལ་བཞུགས་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བརྡ་སྤྲོད་ཅིང་བཞུགས་པ་དང ། སངས་རྒྱས་བཅོམ་ལྡན་འདས་སྐད་ཅིག་ལ་སེམས་ཅན་ཐམས་ཅད་ཀྱིས་དྲི་བ་དྲིས་པ་རྣམས་སྐད་ཅིག་ལ་བརྡ་སྤྲོད་ཅིང་བཞུགས་ཏེ། ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་པའི་ཆོས་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་གཟིགས་མ་ཐག་ཏུ་མྱུར་བའི་དེ་བཞིན་གཤེགས་པའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན
56.215a
ངན་པར་འགྲོ་བའི་སེམས་ཅན་རྣམས་གཟིགས་མ་ཐག་ཏུ་དེ་དག་མྱུར་དུ་ཟློག་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་གཟིགས་མ་ཐག་ཏུ་མྱུར་དུ་བསོད་ནམས་ཡོངས་སུ་རྫོགས་པར་ལྷག་པར་འགྲོ་བ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་གཟིགས་མ་ཐག་ཏུ་མྱུར་དུ་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་མཛད་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་གཟིགས་མ་ཐག་ཏུ་མྱུར་དུ་མཐོ་རིས་སུ་སྐྱེ་བ་རྣམ་པར་དག་པ་སོ་སོར་ཐོབ་པར་མཛད་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་གཟིགས་མ་ཐག་ཏུ་མྱུར་དུ་ནེམ་ནུར་དང ། ཡིད་གཉིས་འཇོམས་པར་ཉེ་བར་གཤེགས་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སེམས་ཅན་གཟིགས་མ་ཐག་ཏུ་ཕྱིར་མི་ལྡོག་པར་མཛད་པའི་ཕྱིར་མྱུར་དུ་གཤེགས་ཤིང་སེམས་རྒྱ་ཆེན་པོ་ལ་དད་པ་དང ། སངས་རྒྱས་ཀྱིས་འདུལ་བའི་འགྲོ་བ་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མཛད་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་གཤའ་མར་ཞུགས་པ་གཟིགས་མ་ཐག་ཏུ་དམིགས་པར་ལྟ་བ་དང ། གཤའ་མར་འཇུག་པའི་རྒྱུ་རབ་ཏུ་འཛིན་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་རྣམས་གཟིགས་མ་ཐག་ཏུ་མྱུར་དུ་སེམས་ཅན་རྣམས་ཀྱི་དབང་པོ་འཇིག་རྟེན་ལས་འདས་པ་རྣམ་པར་དག་པར་མཛད་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་གཟིགས་མ་ཐག་ཏུ་མྱུར་དུ་བསྒྲིབས་པ་ཐམས་ཅད་ཟད་པར་མཛད་དུ་གཤེགས་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་གཟིགས་མ་ཐག་ཏུ་མྱུར་དུ་སྣང་བ་སོ་སོར་རྙེད་ཅིང་ཞུམ་པ་མེད་དེ། མི་འཇིགས་པ་ལ་སྤོབས་པ་རྩོམ་པར་མཛད་པ་སྟེ། ཀྱེ་རྒྱལ་བའི་སྲས
56.215b
འདི་ནི་སངས་རྒྱས་བཅོམ་ལྡན་འདས་གཟིགས་མ་ཐག་ཏུ་མྱུར་བའི་དེ་བཞིན་དུ་གཟིགས་པའི་ཆོས་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་བདག་རྗེས་སུ་དགོངས་པ་རྣམ་པར་དག་པ་བཅུ་སྟེ། བཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཀྱི་སྤྱོད་པ་རྗེས་སུ་དགོངས་པ་རྣམས་ཡིན། སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡང་རྗེས་སུ་དགོངས་པ་རྣམས་ཡིན། སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པ་ཡང་རྗེས་སུ་དགོངས་པ་རྣམས་ཡིན། སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྒྲུབས་པའང་རྗེས་སུ་དགོངས་པ་རྣམས་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་སྔོན་གྱི་ཚངས་པར་སྤྱོད་པ་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འང་རྗེས་སུ་དགོངས་པ་རྣམས་ཡིན། སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྒོའང་རྗེས་སུ་དགོངས་པ་རྣམས་ཡིན། སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུགས་ཀྱི་ལུས་ཚད་མེད་མཐའ་ཡས་པའང་རྗེས་སུ་དགོངས་པ་རྣམས་ཡིན། སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཡུལ་དང ། རྣམ་པར་སྤྲུལ་པ་ཚད་མེད་མཐའ་ཡས་པ་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་རྗེས་སུ་དགོངས་པ་རྣམས་ཡིན། སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་ཀྱི་སྟོབས་བཅུ་དང ། མི་འཇིགས་པ་ཡང་རྗེས་སུ་དགོངས་པ་རྣམས་ཡིན་ཏེ། ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་བདག་རྗེས་སུ་དགོངས་པ་རྣམ་པར་དག་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ
56.216a
ཐམས་ཅད་མཁྱེན་པ་ལ་གནས་པ་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང ། དུས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སེམས་སྣ་ཚོགས་དང ། སེམས་གཅིག་གི་སྤྱོད་པ་དང ། རྣམ་པར་གཡོ་བ་ལྡོག་པ་སེམས་ཀྱི་སྐད་ཅིག་མ་ལ་མཁྱེན་པ་དང ། སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་དུས་གསུམ་ཀུན་གྱི་ལས་རྣམས་དང ། ལས་དང་ལྡན་པ་སྣ་ཚོགས་དང ། རྣམ་པ་དང ། རིམ་པ་དང ། ལས་རྣམས་ཀྱི་འཕེལ་ཞིང་སོག་པའང་ཕྱི་མའི་རྣམ་པར་སྨིན་པའི་རིམ་པ་སེམས་ཀྱི་སྐད་ཅིག་མ་གཅིག་ལ་མཁྱེན་པ་དང ། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང ། སེམས་ཅན་ཅན་གྱི་རིས་སྣ་ཚོགས་དང ། སེམས་ཅན་གྱི་རིས་གཅིག་དང ། སེམས་ཅན་མ་ལུས་པ་ཐམས་ཅད་དུས་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་འདུལ་ཞིང་སྟོན་པའི་ཆོ་འཕྲུལ་དང་རྗེས་སུ་བསྟན་པའི་ཆོ་འཕྲུལ་དང ། རྫུ་འཕྲུལ་གྱིས་ཆོ་འཕྲུལ་གྱི་བྱིན་གྱིས་བརླབས་སྟོན་པ་མཁྱེན་པ་དང ། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང ། རྒྱ་མོའི་ཕྱོགས་ཀྱི་རིས་ཐམས་ཅད་དང ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སོང་བ་དང ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱིས་མཚན་མར་བཟུང་བ་དང ། སངས་རྒྱས་འབྱུང་བ་ལྟ་བ་རྣམ་པར་ཕྱེ་བ་མཁྱེན་པ་དང ། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ཀྱི་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་དང ། དད་པ་ཇི་ལྟ་བ་དང ། འདུལ་བ་ཇི་ལྟ་བ་བཞིན་དུ་སྐད་ཅིག་ལ་ཚད་མེད་པའི་རིམ་པས་སངས་རྒྱས་ལ་ལྟ་བ་དང ། རྣམ་པར་རིག་པའི་བྱིན་གྱིས་བརླབས་མཁྱེན་པ་དང ། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ཀྱི་སེམས་ཅན་ཕ་རོལ་གྱི་བསམ་པར་སངས་རྒྱས་ཀྱི་བྱིན་གྱིས་བརླབས་སྟོན་པ་མཁྱེན་པ་དང ། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་འཛིན་པ་མེད་པས་སངས་རྒྱས་ནས་སེམས་ཅན་རྣམས་ཇི་ལྟ་བུས་འདུལ་བ་བཞིན་དུ་འདོམས་ཤིང་རྗེས་སུ་བསྟན་པ་དང །
56.216b
དེ་བཞིན་གཤེགས་པ་འབྱུང་བ་སྟོན་པར་མཁྱེན་པ་དང ། ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང་སེམས་ཅན་ཐམས་ཅད་ཀྱི་ཐམས་ཅད་དུ་འགྲོ་ཞིང་སེམས་ཀྱི་སྐད་ཅིག་མ་ལ་དེ་དང་དེ་དག་ཏུ་འགྲོ་བའི་ནན་ཏན་མཁྱེན་པ་དང ། སེམས་ཀྱི་སྐད་ཅིག་མ་ལ་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ཀྱི་སེམས་ཅན་རྣམས་ཀྱི་ཕྱོགས་ཐམས་ཅད་ལ་སངས་རྒྱས་རྗེས་སུ་དྲན་པ་གཏོང་ཞིང་སྦྱོར་བ་མཁྱེན་པ་དང ། སེམས་ཀྱི་སྐད་ཅིག་མ་ལ་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ཀྱི་སེམས་ཅན་རྣམས་ཀྱི་དད་པ་ཚད་མེད་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་སྐུ་ལ་ལྟ་བ་དང ། གཟུགས་ཀྱི་སྐུའི་ཁ་དོག་གི་གནས་མཐའ་ཡས་པ་སྟོན་པ་མཁྱེན་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཐམས་ཅད་མཁྱེན་པ་ལ་གནས་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སངས་རྒྱས་ཀྱི་ཏིང་ངེ་འཛིན་ཚད་མེད་པ་བསམ་གྱིས་མི་ཁྱབ་པ་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་རྟག་ཏུ་སྙོམས་པར་འཇུག་ཅིང་སེམས་ཀྱི་སྐད་ཅིག་མ་ལ་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་ལ་སྙོམས་པར་འཇུག་ཅིང་སེམས་ཀྱི་སྐད་ཅིག་མ་ལ་སེམས་ཅན་གྱི་ཁམས་སྣ་ཚོགས་ཀྱི་རིམ་པ་བདག་མེད་པའི་མཐར་གྱུར་པ་ཀུན་ནས་སྣང་བར་མཛད་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང ། དུས་གསུམ་ལ་སྙོམས་པར་འཇུག་ཅིང་སེམས་ཀྱི་སྐད་ཅིག་མའི་མཐའ་ལ་སྙོམས་པར་འཇུག་ཅིང་གནས་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་མ་ལུས་པ་མེད་བཅུ་རྡུལ་ཡབ་ཐམས་ཅད་ཀྱི་རྒྱ་མོ་ཐམས་ཅད་དང ། སངས་རྒྱས་ཀྱི་ཞིང
56.217a
རིགས་དང་ཞིང་ཐམས་ཅད་ལ་རྟག་ཏུ་སྙོམས་པར་ཞུགས་ཤིང་ཞིང་མི་ཟད་པའི་མཐར་གྱུར་པར་གནས་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང ། སངས་རྒྱས་ཀྱི་སྐུ་ཐ་ཡས་པ་ལ་སྙོམས་པར་ཞུགས་ཤིང་སྐད་ཅིག་ལ་འཇིག་རྟེན་ཐམས་ཅད་དུ་སངས་རྒྱས་ཀྱི་སྐུ་སྣ་ཚོགས་རྣམ་པར་རིག་པ་སྟོན་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང་ལུས་དང ། ངག་དང ། སེམས་ཡོངས་སུ་གསལ་བ་ལ་རྟག་ཏུ་སྙོམས་པར་ཞུགས་ཤིང ། སེམས་ཅན་ཐམས་ཅད་ཀྱི་སེམས་སྣ་ཚོགས་ཀྱི་གནས་མཛོད་དུ་གནས་ཤིང་སྐད་ཅིག་ལ་དད་པ་ཇི་ལྟ་བ་བཞིན་དུ་ཡིད་ལ་བྱེད་པ་དང་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་མ་ལུས་པ་དང ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་སྙོམས་པར་ཞུགས་ཤིང་འདོད་ཆགས་དང་བྲལ་བའི་མཐར་གྱུར་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང ། འཇིག་རྟེན་ཐམས་ཅད་ཀྱི་རྐྱེན་ལ་སྙོམས་པར་འཇུག་ཅིང་སྐད་ཅིག་ལ་སྨྲ་བའི་རྐྱེན་སྟོན་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང་འཇིག་རྟེན་གྱི་དང་འཇིག་རྟེན་ལས་འདས་པ་མེད་བཅུ་རྡུལ་ཡབ་ཐམས་ཅད་ལ་རྟག་ཏུ་སྙོམས་པར་ཞུགས་ཤིང་སྐད་ཅིག་ལ་མཐའ་ཡས་པའི་རྐྱེན་གྱི་རྗེས་སུ་སོང་བ་སྟེ་སངས་རྒྱས་ལ་ལྟ་བ་མི་གཅོད་ཅིང་སེམས་ཅན་སངས་རྒྱས་མཐའ་ཡས་པ་ལ་ལྟ་བར་མཛད་པ་དང ། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་བསྒྲུབ་པ་མེད་པ་ལ་སྙོམས་པར་ཞུགས་ཤིང ། སྐད་ཅིག་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྟོགས་ཤིང་རིག་ནས། སངས་རྒྱས་ཀྱི་རྣམ་པར་ཐར་པ་མཐའ་ཡས་པའི་ཕ་རོལ་དུ་ཕྱིན་པ་བརྙེས་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་ནི་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི
56.217b
སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ཚད་མེད་བསམ་གྱིས་མི་ཁྱབ་པ་བཅུའོ། །ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པར་ཐར་པ་བཅུ་སྟེ། བཅུ་གང་ཞེ་ན། རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སངས་རྒྱས་འབྱུང་བ་སྟོན་པ་རྣམ་པར་ཐར་པ་དང ། རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ཆོས་ཀྱི་འཁོར་ལོ་སྐོར་བ་སྟོན་པ་རྣམ་པར་ཐར་པ་དང ། རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སེམས་ཅན་འདུལ་ཞིང་ཡོངས་སུ་སྨིན་པར་མཛད་པ་སྟོན་པ་རྣམ་པར་ཐར་པ་དང ། རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ཞིང་སྟོན་པ་རྣམ་པར་ཐར་པ་དང ། རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་འབྱུང་བར་སྟོན་པ་རྣམ་པར་ཐར་པ་དང ། རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་ཞིང་རྗེ་བ་རྣམ་པར་ཐར་པ་དང ། རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྫུ་འཕྲུལ་དང ། རྣམ་པར་སྤྲུལ་པ་སྟོན་པ་རྣམ་པར་ཐར་པ་དང ། རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་སེམས་ཅན་རྣམས་ལ་ཆོས་སྟོན་པ་རྣམ་པར་ཐར་པ་དང ། རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་མཚན་སྟོན་པ་རྣམ་པར་ཐར་པ་སྟེ། ཀྱེ་རྒྱལ་བའི་སྲས་འདི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པར་ཐར་པ་བཅུའོ། །སྙན་གྱི་གོང་རྒྱན་རྒྱས་པ་ཆེན་པོའི་མདོ་ལེའུ་འབུམ་པ་ལས་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ་ཉི་ཤུ་དགུ་པ་རྫོགས་སོ།། །།