rKTs


J136

(e-text produced by ADARSHA)

see text in transliteration
56.275a
༄#། ་་།རྒྱ་གར་སྐད་དུ། ཨཱརྱ་ཀྵེ་མཱ་བ་ཏཱི་བྱཱ་ཀ་ར་ཎ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། ་བོད་སྐད་དུ། འཕགས་པ་བདེ་ལྡན་མ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་ཉི་ཁྲིའི་དགེ་སློང་གི་དགེ་འདུན་ཆེན་པོ་དང ། བྱམས་པ་དང ། འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་ཆོས་གོས་དང་ཤམ་ཐབས་གསོལ་ཏེ། ལྷུང་བཟེད་བསྣམས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ཐབས་གཅིག་ཏུ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི
56.275b
གྲོང་ཁྱེར་དུ་མཐར་ཆགས་ཀྱིས་བསོད་སྙོམས་རྒྱུ་ཞིང་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཕོ་བྲང་ག་ལ་བ་དེར་གཤེགས་སོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོའི་བཙུན་མོ་བདེ་ལྡན་མ་ཞེས་བྱ་བ་ཁང་བཟངས་མཆོག་གི་སྟེང་ན་འདུག་པས་བཅོམ་ལྡན་འདས་ཐག་རིང་པོ་ནས་གཤེགས་པ་མཐོང་ངོ ། །མཐོང་ནས་ཀྱང་སེམས་དགའ་བར་གྱུར་ཏེ། ཁང་བཟངས་ཀྱི་སྟེང་ནས་བབས་ནས། བཅོམ་ལྡན་འདས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་གདན་དར་དཀར་རིན་ཆེ་བ་བཏིང་ངོ ། །དེ་ནས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་རྒྱལ་པོའི་བཙུན་མོ་བདེ་ལྡན་མ་ལུས་རྒྱན་ཐམས་ཅད་ཀྱིས་བརྒྱན་པས་བཅོམ་ལྡན་འདས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཆོས་མཉན་པའི་ཕྱིར་ཞེ་ས་དང་བཅས། གུས་པ་དང་བཅས་པས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་བཙུན་མོ་བདེ་ལྡན་མ་ལུས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལ་གཟིགས་ནས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་མཁྱེན་བཞིན་དུ་རྒྱལ་པོའི་བཙུན་མོ་བདེ་ལྡན་མ་ལ་བཀའ་སྩལ་པ། བདེ་ལྡན་མ་གང་ལུས་ལ་ཐོགས་པའི་འབྲས་བུ་འདི་ལྟ་བུ་ཤིན་དུ་ལྷམ་མེ་ལྷན་ནེ་ལྷ་ངེར་འདུག་པའི་ཤིང་དེའི་མིང་ཅི་ཞེས་བྱ། དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་རྒྱལ་པོའི་བཙུན་མོ་བདེ་ལྡན་མས་ཚིགས་སུ་བཅད་དེ་གསོལ་པ། གང་གི་འབྲས་བུ་ཁྱོད་ཐོགས་པ། །ཤིང་དེའི་མིང་ནི་ཅི་ཡིན་ཞེས། །དཔའ་བོ་ཆེན་པོ་མཁྱེན་བཞིན་དུ། །གང་ཟག་མཆོག་གིས་སྨྲས་པ་ནི། །བདག་གིས་སྔོན་ནི་གང་བསྐྱེད་པ། །བསོད་ནམས་ལས་བྱུང་ཤིང་ཞེས་བགྱི། །འདྲེན་པ་བདག་གིས་མྱོང་བ་ཡི། །འབྲས་བུ་འདི་དག་དེ་ཡི་ལགས། །ལྗོན་ཤིང་བཤད་པ་དེ་ཉིད་ཀྱང ། །སངས་རྒྱས་ཉན
56.276a
ཐོས་རྣམས་ལ་ཡོད། །སངས་རྒྱས་ཡེ་ཤེས་འཐོབ་འདོད་རྣམས། །བྱང་ཆུབ་ཕྱིར་ནི་དེ་ལ་གནས། །སྦྱིན་དང་ཚུལ་ཁྲིམས་ཆབ་སྩལ་བས། །ལྗོན་ཤིང་དེ་ནི་རྣམ་པར་བསྲུང ། །དེ་ནི་རྣམ་པར་འཁྲུང་པ་ན། །འབྲས་བུ་བཟང་པོ་རྣམས་ཀྱང་འབྱུང ། །བཟོད་པ་དང་ནི་བརྩོན་འགྲུས་མཐུས། །ལྗོན་ཤིང་བདག་གིས་ལེགས་པར་བསྲུངས། །དེ་ནི་རྣམ་པར་འཁྲུང་པ་ན། །འབྲས་བུ་དྲི་མེད་འབྱུང་བར་འགྱུར། །ཤིང་འདི་བལྟ་ན་མཛེས་པ་སྟེ། །བསམ་གཏན་ཤེས་རབ་མེ་ཏོག་རྒྱས། །འདྲེན་པ་བདག་གིས་དེ་དག་གི། །འབྲས་བུ་རྣམས་ནི་མྱོང་བ་ལགས། །ཇི་ལྟར་རི་ལ་རྟེན་པ་ཡི། །ཤིང་རྣམས་ཡལ་ག་ལོ་མ་དག་།ཆུ་ཞེང་གབ་པར་རྒྱ་ཆེ་བ། །འཕེལ་བར་གྱུར་ཏེ་བསྐྱོད་མི་ནུས། །དེ་བཞིན་ལྗོན་ཤིང་ཆེ་བཟང་འདི། །སངས་རྒྱས་ཆོས་ཉིད་འཚལ་བས་ན། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སྔོན་ནི་ལེགས་པར་བསྲུངས་པ་ལགས། །འདྲེན་པའི་བསོད་ནམས་ལྗོན་ཤིང་འདིའི། །འབྲས་བུ་གཞན་ཡང་མཆིས་ལགས་ཏེ། །བདག་གིས་ཉམས་སུ་མྱོང་བ་འདི། །དེ་ཡི་མེ་ཏོག་ཙམ་དུ་བས། །དེ་ཡི་འབྲས་བུ་བྱང་ཆུབ་མཆོག་།སངས་རྒྱས་བྱང་ཆུབ་བླ་མེད་ལགས། །དེ་ནི་བདག་གིས་ཐོབ་པར་འགྱུར། །སྨད་པ་བུད་མེད་ཉིད་སྤངས་ནས། །སྐྱེས་པར་བདག་ཉིད་འགྱུར་བ་ལགས། །སེམས་ཅན་ཀུན་གྱི་དམ་པ་མཆོག་།ཆོས་རྣམས་ཀུན་གྱི་ཕ་རོལ་ཕྱིན། །ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས། །སྡུག་བསྔལ་ཀུན་གྱི་ཉེན་པ་ཡི། །སེམས་ཅན་རྣམས་ནི་བདག་གིས་དགྲོལ། །འཇིག་རྟེན་ཀུན་ལ་སྙིང་བརྩེ་བའི། །སྐྱབས་སུ་བདག་ནི་འགྱུར་བ་ལགས། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་བཙུན་མོ་བདེ་ལྡན་མ་ལ་བཀའ་སྩལ་པ། བདེ་ལྡན་མ་གང་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་སྙིང་བརྩེ་བ་དང ། སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱི་དོན་དང ། ལྷ་རྣམས་དང ། མི་རྣམས་ལ་ཕན་པ་དང ། བདེ་བའི་ཕྱིར་ཞུགས་པ་ལེགས་སོ
56.276b
ལེགས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་རྒྱལ་པོའི་བཙུན་མོ་བདེ་ལྡན་མས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང ། དཔེ་བྱད་བཟང་པོ་བརྒྱད་བཅུ་དང ། དེ་བཞིན་གཤེགས་པའི་སྟོབས་བཅུ་དང ། མི་འཇིགས་པ་བཞི་དང ། སོ་སོ་ཡང་དག་པར་རིག་པ་བཞི་དང ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝ་བརྒྱད་དང ། བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོ་དང ། དགའ་བ་ཆེན་པོ་དང ། བཏང་སྙོམས་ཆེན་པོ་འདི་རྣམས་ཅི་ལས་གྲུབ་ལགས། དེ་བཞིན་དུ་གཞན་ཡང་སངས་རྒྱས་ཀྱི་ཆོས་དཔག་ཏུ་མ་མཆིས་པ་དང ། བསམ་གྱིས་མི་ཁྱབ་པ་དང ། གཞལ་དུ་མ་མཆིས་པ་དང ། བརྗོད་དུ་མ་མཆིས་པ་དང་བགྲང་བ་ལས་འདས་པ་རྣམས་ཅི་ལས་གྲུབ་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་བཙུན་མོ་བདེ་ལྡན་མ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། སངས་རྒྱས་ཡེ་ཤེས་འདོད་པས་ན། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ངས་ཀྱང་འདི་ལྟར་ལྗོན་པའི་ཤིང ། །སྔོན་ནི་ལེགས་པ་ཁོ་ནར་བསྐྱེད། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང ། །དེ་བཞིན་བརྩོན་འགྲུས་བསམ་གཏན་བསགས། །ཡུན་རིང་དུས་ནས་ཏིང་འཛིན་དང ། །ཤེས་རབ་ངེས་པར་བསྟེན་པ་ཡིན། །སེམས་ཅན་རྣམས་ལ་མི་མཉམ་སེམས། །ངས་ནི་བསྒོམས་པར་མི་དྲན་ཏེ། །རྟག་ཏུ་སེམས་ནི་མཉམ་གྱུར་པས། །སངས་རྒྱས་ཉིད་ནི་ངས་བརྙེས་སྟེ། །ང་ཡི་སེམས་ནི་མཉམ་པ་ཡིས། །རྟག་ཏུ་སྡུག་དང་མི་སྡུག་དང ། །མཛའ་དང་མི་མཛའ་སྙོམས་པས་ན། །བསོད་ནམས་ཤིང་ནི་རྣམ་པར་བསྐྱེད། །དེས་ན་ལྗོན་ཤིང་ཆེན་པོ་འདི། །ཡོན་ཏན་མང་པོར་གྱུར་པ་ཡིན། །འཁོར་ལོས་སྒྱུར་ཉིད་ངས་ཐོབ་སྟེ། །བརྒྱ་བྱིན་ཉིད་ཀྱང་བྱས་པ་ཡིན། །རྣམ་མང་དབང་ཕྱུག་ཆེན་པོ་དང ། །ཚངས་པ་ཉིད་ཀྱང་དེ་ལས་ཐོབ། །བསམ་གྱིས་མི་ཁྱབ་སངས་རྒྱས་ཆོས། །མཚན་ཉིད་དག་ཀྱང་ངས་རྟོགས་སོ། །དེ་ནས་རྒྱལ་པོའི་བཙུན་མོ་བདེ་ལྡན་མས་བཅོམ་ལྡན་འདས་ཀྱི་ཡོན་ཏན་རྣམས་ཐོས་ནས། བཅོམ་ལྡན་འདས་ཀྱིས་ལེགས
56.277a
པར་རབ་ཏུ་གསུངས་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རངས་ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། ཇི་ལྟར་མི་མཆོག་དམ་པ་པོ། །ཡོན་ཏན་རྒྱ་མཚོ་མཐའ་ཡས་པས། །སྔོན་ནི་སྤྱོད་པ་ཤིན་དུ་བསླབས། །དེ་ལྟར་བདག་ཀྱང་རྗེས་སུ་སློབ། །ཡོན་ཏན་མཐར་ཕྱིན་ཁྱོད་ཀྱི་ནི། །ཡོན་ཏན་རྣམས་ལྟར་བདག་སློབ་སྟེ། །སྲིད་པར་སྡུག་བསྔལ་སྤངས་ནས་ནི། །བདག་ཀྱང་འདི་འདྲར་འགྱུར་བར་བགྱི། །ཚེ་རབས་གཞན་ནི་མ་ལུས་པར། །བདག་གིས་སྦྱིན་པ་གང་སྩལ་པ། །མཉམ་མེད་ཡེ་ཤེས་མཐོང་སླད་དུ། །དེ་དག་ཐམས་ཅད་ཡོངས་སུ་བསྔོ། །སྲིད་པ་འདི་འམ་གཞན་དག་ཏུ། །བདག་གིས་ཚུལ་ཁྲིམས་གང་བསྲུངས་པ། །སངས་རྒྱས་ཡེ་ཤེས་འཐོབ་སླད་དུ། །དེ་དག་ཐམས་ཅད་ཡོངས་སུ་བསྔོ། །བཟོད་དང་བརྩོན་འགྲུས་ཏིང་འཛིན་དང ། །ཤེས་རབ་དགེ་བ་གང་བསྟེན་པ། །སངས་རྒྱས་ཆོས་ཀྱི་དོན་གྱི་ཕྱིར། །དེ་དག་ཐམས་ཅད་བདག་གིས་བསྔོ། །ལུས་དང་ངག་དང་ཡིད་རྣམས་ཀྱིས། །ལས་དགེ་གང་དག་བདག་གིས་བསགས། །སངས་རྒྱས་ཡེ་ཤེས་ཡོན་ཏན་ཕྱིར། །བྱང་ཆུབ་ཏུ་ནི་བདག་གིས་བསྔོ། །བུད་མེད་ལུས་འདི་སྤངས་ནས་ནི། །སྐྱེས་པ་མཆོག་ཏུ་བདག་གྱུར་ཅིག་།དེ་ལྟར་སྐྱེས་པའི་ལུས་ཐོབ་ནས། །དམ་པའི་མཆོག་ཏུ་བདག་གྱུར་ཅིག་།དེ་ལྟར་གྱུར་ནས་བདེ་གཤེགས་ཀྱི། །འཁོར་ལོ་བླ་མེད་བསྐོར་བར་བགྱི། །འཁོར་བའི་བཙོན་རར་བཅིངས་པ་ཡི། །སེམས་ཅན་བྱེ་བ་དགྲོལ་བར་བགྱི། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་བཙུན་མོ་བདེ་ལྡན་མ་ལ་ཚིགས་སུ་བཅད་པ་དག་གིས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཚིག་འདི་སྨྲས་པ་ལེགས་པ་ཡིན། །སེམས་ནི་རབ་ཏུ་སྡོམ་པ་ལེགས། །ཁྱོད་ཀྱིས་བདུད་ནི་ལེགས་པར་མནན། །རྫོགས་སངས་རྒྱས་སུ་ཁྱོད་འགྱུར་རོ། །དེ་ནས་རྒྱལ་པོའི་བཙུན་མོ་བདེ་ལྡན་མ་དགའ་ཞིང་མགུ་ལ་རབ་ཏུ་དགའ་བ་དང ། དགའ་ཞིང་ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་དང ། བྱང་ཆུབ་སེམས་དཔའ་བྱམས་པ་བཟའ་བ་དང་བཅའ་བ་མང་པོས་ཚིམ་པར
56.277b
བྱས་སོ། །དེ་ནས་བཅོམ་ལྡན་འདས་སྩང་སྡེར་ནི་གྱུར་ཕྱག་ནི་བཅབས་ནས་རྒྱལ་པོའི་བཙུན་མོ་བདེ་ལྡན་མ་ལ་ཆོས་ཀྱི་གཏམ་རྒྱས་པས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་།ཡང་དག་པར་གཟེང་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ལུང་བསྟན་ཏེ། བདེ་ལྡན་མ་ཁྱོད་མ་འོངས་པའི་དུས་བསྐལ་པ་དུ་མ་ཞིག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་རིན་ཆེན་དཔལ་ཞེས་བྱ་བར་འགྱུར་རོ། །ཁྱོད་ཀྱི་སངས་རྒྱས་ཀྱི་ཞིང་ཡང་མཆོག་ཏུ་ཡོངས་སུ་དག་པར་འགྱུར་ཏེ། ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་སྡུག་བསྔལ་མེད་པ་ཡིད་དུ་འོང་བ་ཡིད་དང་འཐད་པ་མཆོག་ཏུ་རྣམ་པར་དག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་ཡིན་ཏེ། ཁྱོད་ཀྱི་སངས་རྒྱས་ཀྱི་ཞིང་དེ་ནི་དེ་ལྟ་བུར་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་དགེ་བསྙེན་མ་སྟོང་ཕྲག་མང་པོ་ཞིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །སྲོག་ཆགས་སྟོང་ཕྲག་མང་པོ་དང ། ལྷ་དང་མིའི་སྐྱེ་དགུ་རྣམས་ཀྱིས་ནི་ཆོས་ཀྱི་སྣང་བ་ཐོབ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། རྒྱལ་པོའི་བཙུན་མོ་བདེ་ལྡན་མ་དང ། འཁོར་དེ་དག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་བདེ་ལྡན་མ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།