rKTs


J155

(e-text produced by ADARSHA)

see text in transliteration
57.142a
༄#། །རྒྱ་གར་སྐད་དུ། ཨཱརྱ་པྲ་ཏཱི་ཏྱ་ས་མུད་པཱ་ད་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། ་བོད་སྐད་དུ། ་འཕགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ། ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །
57.142b
འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་སུམ་བཅུ་རྩ་གསུམ་གྱིས་ལྷའི་ནང་ན། ཨར་མོ་ནིག་ལྟ་བུའི་རྡོ་ལེབ་ལ་རྟ་ཐུལ་ལ་སོགས་པ་ཉན་ཐོས་ཆེན་པོ་རྣམས་དང ། འཕགས་པ་བྱམས་པ་དང ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང ། ལག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཡོན་ཏན་རིན་པོ་ཆེ་དཔག་ཏུ་མེད་པས་བརྒྱན་པ་རྣམས་དང ། མི་མཇེད་ཀྱི་བདག་པོ་ཚངས་པ་ཆེན་པོ་དང ། སྲེད་མེད་ཀྱི་བུ་དང ། དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་རྣམས་དང ། ལྷའི་དབང་པོ་བརྒྱ་བྱིན་དང ། དྲི་ཟའི་རྒྱལ་པོ་གཙུགས་ཕུད་ལྔ་པ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་རི་རབ་ཀྱི་རྩེ་མོ་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷ་འདི་དག་ནི་མཆོད་རྟེན་བགྱིད་པར་འཚལ་བ་ཤ་སྟག་སྟེ། འཁོར་གྱི་དཀྱིལ་འཁོར་འདིར་མཆིས་ན། ཅི་ནས་ཚངས་པའི་བསོད་ནམས་འཕེལ་བ་དང ། ལྷ་དང་བཅས་པ་བདུད་དང་བཅས་པ། ཚངས་པ་དང་བཅས་པའི་འཇིག་རྟེན་ན་དགེ་སློངས་དང ། བྲམ་ཟེར་བཅས་པའི་སྐྱེ་དགུ་ལས་དགེ་སློང་དང ། །
57.143a
དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་དག་།བསོད་ནམས་ཤིན་ཏུ། མང་དུ་འཕེལ་བར་འགྱུར་བ། དེ་ལྟ་དེ་ལྟར། བཅོམ་ལྡན་འདས་ཀྱིས་དེ་དག་ལ། ཆོས་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱི། རྟེན་ཅིང་འབྲེལ་པར་འབྱུང་བའི། ཚིགས་སུ་བཅད་པ། བཀའ་སྩལ་པ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ། ཧེ་དུན་ཏེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་བ་ཏད། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་བམ་བཱ་དཱི། མ་ཧ་ཤྲ་མ་ཎ། ཆོས་གང་རྒྱུ་བྱུང་དེ་དག་གི། །རྒྱུ་དང་དེ་འགོག་གང་ཡིན་པ་འང ། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། དགེ་སློང་ཆེན་པོས་དེ་སྐད་གསུངས། །སྤྱན་རས་གཟིགས་དབང་ཕྱུག་འདི་ལྟ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ཡིན་ཏེ། སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས། དེ་བཞིན་གཤེགས་པ་མཐོང་ངོ ། །སྤྱན་རས་གཟིགས་དབང་ཕྱུག་།རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་ཅན། གང་ལ་ལ་ཞིག་གིས། མི་གནས་པའི་ཕྱོགས་སུ། མཆོད་རྟེན་ནི་སྐྱུ་རུ་རའི་འབྲུ་ཙམ། སྲོག་ཤིང་ནི། ཁབ་ཙམ། གདུགས་ནི། བ་ཀུ་ལའི་མེ་ཏོག་ཙམ་ཞིག་བྱས་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་ཆོས་ཀྱི་དབྱིངས་ཀྱི་ཚིགས་སུ་བཅད་པ་ནང་དུ་བཅུག་ན། དེ་ཚངས་པའི་བསོད་ནམས་བསྐྱེད་པར་འགྱུར་ཏེ།
57.143b
འདི་ནས་ཤི་འཕོས་ཤིང་འཆི་བའི་དུས་བྱས་ནས་ཚངས་པའི་འཇིག་རྟེན་དག་ཏུ་སྐྱེ་བར་འགྱུར་རོ། །དེ་ནས་ཤི་འཕོས་ཏེ། འཆི་བའི་དུས་བྱས་ནས། གནས་གཙང་མའི་རིས་ཀྱི་ལྷ་རྣམས་དང ། སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཉན་ཐོས་དེ་དག་དང ། བྱང་ཆུབ་སེམས་དཔའ་དེ་དག་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའ་རྫོགས་སོ། ་་།ཡེ་དྷ་རྨྨཱ་ཧེ་དུ་བྲ་བྷ་བཱ་ཧེ་དུ་ན་ཏེ་ཥཱ་ཉ་ཏ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཉྩ་ཡོ་ནི་རོདྷ་ཨེཝཾ། ཝ་དཱི་མཧཱ། ཤྲ་མ་ཎ། སརྦྦ་པཱ་བ་སྱཱ་ཀ་ར་ཎི། ཀུ་ཤ་།ལསྱོ་པ་ས་མ་པ་ད་མ། སཝ་ཙིཏྟཾ་པ་རི་ད་མ་ནུ ། མེ་ཏདྦུདྡྷཱ་ནུ་ཤཱ་ས་ནཾ། ཤུ་བྷ་མས་ཏུ་སརྦྦ་ཛ་ག་ཏཾ།