rKTs


J198

(e-text produced by ADARSHA)

see text in transliteration
61.77a
ཆོས་ཀྱི་རྒྱ་མོ། སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་སེམས་དཔའི་སེམས་ཀྱི་གནས་བཤད་པ་ལེའུ་བཅུ་སྟེ། བམ་པོ་དང་པོ། །སངས་རྒྱས་ཀྱི་བུ་ཐམས་ཅད་ཐལ་མོ་སྦྱོར་ལ་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་ཆེན་པོ་བཤད་པ་སེམས་ཐག་པ་ནས་ཉོན་ཅིག་།མང་པོ་ཚོགས་པ་ཡིད་བསྡུས་ཏེ་ཉོན་ཅིག་།བདག་ལ་ཀུན་ཏུ་ལྟུང་བ་ཡོད་པར་ཤེས་ན་མཐོལ་ཚངས་བྱོས་ཤིག་།མཐོལ་ཚངས་བྱས་ན་བདེ་བར་འགྱུར་རོ། །མཐོལ་ཚངས་མ་བྱས་ན་སྡིག་ཕྱིར་ཞིང་ཟབ་ཏུ་སྐྱེའོ། །ཀུན་དུ་ལྟུང་བ་མེད་ན་མ་སྨྲ་བར་འཁོད་ཅིག་དང ། ཀུན་ཀྱང་གཙང་མར་མངོན་ནོ། །ལེགས་པ་ཆེན་པོ་ཡོད་པའི་རྣམས་དང ། དགེ་བསྙེན་དང ། དགེ་བསྙེན་མ་ལ་སོགས་པ་བརྟག་པར་ཉོན་ཅིག་།སངས་རྒྱས་མྱ་ངན་ལས་འདས་པའི་ཕྱིར་ན་མཆོད་རྟེན་ལས་ཆོས་བྱེད་པའི་ཚེ་སོ་སོར་ཐར་པ་ལ་བཙུད་ཅིང་ལྕི་བ་དང ། གུས་ཤིང་རིན་ཆེར་བྱོས་ཤིག་།སོ་སོར་ཐར་པ་ཞེས་བྱ་བའི་ཚུལ་ཁྲིམས་ནི་འདི་ཡིན་ནོ། །ཚུལ་ཁྲིམས་འདི་བཟུང་ན་མུན་པ་ལས་སྣང་བར་ཕྲད་པ་དང་མཚུངས་སོ། །མི་དབུལ་པོ་ལས་ནོར་ཆེན་པོ་ཐོབ་པ་དང་མཚུངས་སོ། །ནད་པ་སྨན་རྙེད་པ་དང་མཚུངས་སོ། །བཙོན་ཁྲི་མུན་ནས་ཕྱུང་བ་དང་མཚུངས་སོ། །ལམ་རིང་པོར་སོང་བ་ལས་སླར་འཁོར་བ་དང་མཚུངས་ཏེ། འདི་ནི་ཀུན་གྱི་མཁན་པོ་ཆེན་པོ་ཡིན་པར་མངོན་པས་སངས་རྒྱས་འཇིག་རྟེན་ན་བཞུགས་པ་དང་མི་མཚུངས་པ་མེད་དོ། །འཇིགས་པའི་སེམས་ནི་སྐྱེ་དཀའ། དགེ་བའི་སེམས་ནི་གཡོ་དཀའ་བས་ན་ཁ་ན་མ་ཐོ་བ་ལས་བརྙེས་ཏེ་མེད་སྙམ་དུ
61.77b
བྱས་ན་ཆུའི་ཐིགས་པ་ཆུང་མོད་ཀྱི་རྒྱུན་གྱིས་ན་སྣོད་ཆེན་པོ་འགང་ངོ ། །ཡུད་ཙམ་གྱི་བར་དུ་སྡིག་བྱས་པས་ན་བསྟིར་མེད་པའི་སེམས་ཅན་དམྱལ་བར་ལྟུང་ངོ ། །རེ་ཤིག་མི་ལུས་སྟོར་ན་བསྐལ་པ་ཁྲིའི་བར་དུ་ཡང་སླར་མི་ལུས་མི་ཐོབ་བོ། །དར་བའི་ཚེ་མི་སྡོད་དོ། །དཔེར་ན་ནི་རྟ་རྒྱུགས་པ་དང་འདྲ། མིའི་ཚེ་ཡང་རྟག་པ་མེད་དེ། དབའ་རྒལ་གྱི་ཆུ་འབབ་པ་བས་ཀྱང་མྱུར་ཏེ། དེ་རིང་གསོན་མོད་ཀྱི། སང་གི་གཉའ་ཡང་དཀའོ། །ད་དུས་ཁོ་ན་ལ་བབ་ཀྱིས་མང་པོའི་རྣམས་སོ་སོ་ནས་སེམས་གཅིག་ཏུ་འགྲུས་ཤིང་འབོགས་པ་བཙལ་བའི་རིགས་སོ། །བག་བྱས་ལ་ལེ་ལོ་བླ་ཁྱད་དང ། ཉལ་བ་དང ། གཉིད་ཀྱིས་ལོག་ཅིང་རང་ཉམས་ཀྱི་ཡིད་མི་བྱའོ། །མཚན་ཞིང་ནི་སེམས་བསྡུས་ལ་རྟག་པར་དཀོན་མཆོག་གསུམ་གཟུངས་སུ་བཟུང་ལ་ཕྱལ་བ་དོན་མེད་པ་ལ་ཉོན་མོངས་ངལ་ཆད་ཅིང་ཚེ་ཕྱི་མ་ལ་ཡང་རབ་ཏུ་འགྱོད་པ་མཐར་ཇི་འང་ཐོབ་པ་མེད་པར་མི་བྱའོ། །མང་པོའི་རྣམས་གཅིག་ནས་གཅིག་ཏུ་ཚུལ་ཁྲིམས་འདི་བཞིན་ལེགས་པར་བྱོས་ཤིག་།དེའི་ཚེ་ན་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་མང་པོའི་ཕྱིར་ཆུ་བོ་གང་གཱའི་བརྒྱ་སྟོང་གི་བྱེ་མ་སྙེད་ཀྱིས་བརྗོད་དུ་མེད་པའི་ཆོས་ཀྱི་སྒོ་མོའི་མདོ་ཕྱེ་སྟེ། དེའི་ནང་ནས་སེམས་ཀྱིས་གནས་སྤུ་ཉག་མའི་མགོ་རྙེད་དོ། །སྔ་མ་འདས་པའི་སངས་རྒྱས་ཐམས་ཅད་ལ་ཡང་བཤད་དོ། །ད་ལྟར་གྱི་སངས་རྒྱས་ལ་ཡང་དེ་བཞིན་འཆད་དོ། །མ་འོངས་པའི་སངས་རྒྱས་ཐམས་ཅད་ལ་ཡང་དེ་བཞིན་དུ་འཆད་པར་འགྱུར་རོ། །དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་ལོབས་པ་དང ། སློབ་པ་དང ། སློབ་པར་འགྱུར་རོ། །ངས་བསྐལ་པ་བརྒྱའི་བར་དུ་སེམས་ཀྱི་གནས་འདི་བྱས་པས་ན་ངའི་མཁན་པོ་རྫོགས་ལོངས་སྤྱོད་པའི་སྐུ་ཞེས་བྱའོ། །ཁྱེད་སངས་རྒྱས་ཐམས་ཅད་ཀྱིས་ངས་བཤད་དོ་ཅོག་གཅིག་ནས་གཅིག་ཏུ་སེམས་ཅན་ཐམས་ཅད་ལ་སེམས་ཀྱི་གནས་ལམ་ཕྱེ་ཤིག་།དེ་ནས་པད་མོའི་སྙིང་པོའི་སྣོད་ཀྱི་ཁམས་ན་གནམ་གྱི་འོད་ལྷམ་མེ་ལྷང་ངེ་བའི་སེང་གེའི་གདན་གྱི་སྟེང་ནས་སངས་རྒྱས
61.78a
རྣམ་པར་སྣང་མཛད་ཀྱིས་འོད་བཏང་སྟེ། འོག་གི་མེ་ཏོག་སྟོང་གི་ཐོག་གི་སངས་རྒྱས་ལ་སྦྲན་ཏེ། ངའི་སེམས་ཀྱི་གནས་ཀྱི་ཆོས་ཀྱི་སྒོ་མོའི་ལེའུ་གཟུངས་སུ་ཟུང་ལ་དེང་ཤིག་།ཡང་གཅིག་ནས་གཅིག་ཏུ་འབུམ་ཕྲག་བརྒྱའི་ཡང་ཕྲག་སྟོང་གི་ཤཱཀྱ་ཐུབ་པས་སེམས་ཅན་ཐམས་ཅད་ལ་མཐར་གྱིས་ངའི་ཡན་ཆད་ཀྱི་སེམས་ཀྱི་གནས་ཀྱི་ཆོས་ཀྱི་སྒོ་མོའི་ལེའུ་ཤོད་དེ་ཁྱོད་ལ་སོགས་པ་སེམས་གཅིག་ཏུ་གཟུངས་སུ་ཟུང་ལ་བྱོས་ཤིག་།དེ་ནས་མེ་ཏོག་སྟོང་གི་ཐོག་གི་སངས་རྒྱས་འབུམ་ཕྲག་བརྒྱའི་ཡང་ཕྲག་སྟོང་གི་ཤཱཀྱ་ཐུབ་པ་པད་མོའི་སྣོད་ཀྱི་ཁམས་ན་ལྷམ་མེ་ལྷང་ངེ་བའི་སེང་གེའི་ཁྲི་ལས་ལངས་ཏེ། སོ་སོ་ནས་མཆི་ཕྱག་འཚལ་ཏེ་ཕྱིར་ནུར་ནས་ལུས་ཀུན་གྱིས་བསམ་གྱིས་མི་ཁྱབ་པའི་འོད་བཏང་སྟེ། ཀུན་འོད་ཀྱི་ནང་ནས་གྲངས་མེད་པའི་སངས་རྒྱས་ཕྱུང་སྟེ། ཅིག་ཅར་གྲངས་མེད་པའི་མེ་ཏོག་སྔོན་པོ། སེར་པོ། དམར་པོ། དཀར་པོས་རྫོགས་ལོངས་སྤྱོད་པའི་སྐུ་སངས་རྒྱས་ལ་ཡོན་དུ་གསོལ་ནས་ཡན་ཆད་སེམས་ཀྱི་ཕྱི་མོའི་ལེའུ་བཤད་པ་ཡང་ཁོང་དུ་ཆུད་ནས་སོ་སོར་པད་མོའི་སྣོད་ཀྱི་ཁམས་ཀྱི་ནང་དུ་ནུབ་སྟེ། རང་བཞིན་གྱིས་བསྐལ་པ་སྟོང་པ་ཉིད་ཀྱི་ནང་དུ་ནུབ་ནས་མེ་ཏོག་འོད་ཀྱི་ཏིང་ངེ་འཛིན་ཐོག་མར་བྱུང་བའི་གནས་སུ་སླར་སོང་སྟེ། འཛམ་བུའི་གླིང་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཕྱིན་ནས་རང་བཞིན་གྱི་བསྐལ་པ་མེ་ཏོག་འོད་ཀྱི་ཏིང་ངེ་འཛིན་ལས་བྱུང་སྟེ། གདོད་རྡོ་རྗེའི་རྒྱལ་པོའི་གདན་དང ། འོད་ཤིན་དུ་བཟང་པོའི་ཁང་པར་འདུག་ནས་ཕྱོགས་བཅུའི་ཆོས་རྒྱ་མཚོ་དང་མཚུངས་པར་བཤད་དོ། །དེ་ནས་ཡང་སེང་གེའི་ཁྲི་ལས་ལངས་ཏེ་སུམ་བཅུ་རྩ་གསུམ་གནམ་གྱི་ཕོ་བྲང་དུ་ཕྱིན་ནས་གྲལ་བཅུའི་ཆོས་བཤད་དོ། །དེ་ནས་ཟུང་མའི་གནམ་དུ་ཕྱིན་ཏེ་ལས་སུ་བྱ་བ་བཅུ་བཤད་དོ། །དེ་ནས་ཡང་ཁྲི་ལས་ལངས་ཏེ་རྒྱལ་ཆེན་རིས་བཞིའི་གནམ་དུ་ཕྱིན་ནས་ཕྱོགས་ཤིང་ལྟ་བ་བཅུ་བཤད་དོ། །དེ་ནས་ཡང་འདུག་པའི་ས་ནས་ལངས་ཏེ། འཕྲུལ་དགའི་གནམ་དུ་ཕྱིན་ནས་བསམ་གཏན་མི་འགྱུར་བ་བཅུ་བཤད། དེ་ནས་ཡང་འདུག་པའི་ས་ནས་ལངས་ཏེ་གནམ་བདེན་གནམ་དུ་ཕྱིན་ནས་ས་བཅུའི་ཆོས་བཤད།
61.78b
དེ་ནས་ཡང་བསམ་གཏན་གཅིག་གི་ནང་དུ་ཕྱིན་ནས་རྡོ་རྗེ་བཅུ་བཤད། དེ་ནས་ཡང་བསམ་གཏན་གཉིས་ཀྱི་ནང་དུ་ཕྱིན་ནས་བཟོད་པ་བཅུའི་ཆོས་བཤད། དེ་ནས་ཡང་བསམ་གཏན་གསུམ་གྱི་ནང་དུ་ཕྱིན་ནས་སྨོན་ལམ་བཅུ་བཤད། དེ་ནས་ཡང་བསམ་གཏན་བཞི་པའི་ནང་ཆེན་པོ་ཆེ་བ་དབང་མཆོག་འདུ་མཆེད་གནམ་གྱི་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ཏེ། ངའི་ཐོག་མའི་ཕྱི་མོའི་པད་མོ་མེ་ཏོག་སྣ་ཚོགས་ཀྱི་ཁམས་རྫོགས་ལོངས་སྤྱོད་པའི་སྐུའི་སངས་རྒྱས་ཀྱིས་སེམས་ཀྱི་གནས་ཀྱི་ཆོས་ཀྱི་ཕྱི་མོའི་ལེའུ་བཤད་པ་བཤད་དོ། །གཞན་འབུམ་ཕྲག་བརྒྱའི་ཡང་ཕྲག་སྟོང་གི་ཤཱཀྱ་ཐུབ་པ་ཡང་དེ་བཞིན་ཏེ་གཉིས་སུ་མེད་དོ། །ཐ་དད་པ་ཡང་མེད་དོ། །བསམ་གཏན་བསྐལ་པའི་ལེའུའི་ནང་ནས་ཀྱང་ཞིབ་ཏུ་བཤད་དོ། །དེའི་ཚེ་ཤཱཀྱ་ཐུབ་པ་པད་མོའི་མེ་ཏོག་སྣོད་ཀྱི་ཁམས་ཀྱི་ཤར་ཕྱོགས་ནས་བྱུང་ནས་ལྡིང་བའི་ཁང་བུའི་ནང་དུ་ཞུགས་ནས་བདུད་ཀྱིས་ཆོས་མནོས་པ་བཞིན་དུ་བཤད་ཟིན་ནས། ཡས་བབས་ཏེ་འཛམ་བུའི་གླིང་གི་ཀ་པི་ལར་སྐྱེས་ནས་ཡུམ་གྱི་མཚན་ནི་ལྷ་མཛེས་ཆེན་མོ། ཡབ་ཀྱི་མཚན་ནི་ཟས་གཙང་མ། ང་བདག་གི་མིང་ནི་སིདྡྷཱརྠ་ཞེས་བྱ་སྟེ། ལོ་བདུན་ན་རབ་ཏུ་བྱུང ། ལོ་སུམ་བཅུ་ནས་སངས་རྒྱས་སུ་ཕྱིན་ནས་ངའི་མཚན་ནི་ཤཱཀྱ་ཐུབ་པ་ཞེས་བྱ་སྟེ། མི་འགྱུར་བའི་གཙང་མའི་སར་རྡོ་རྗེའི་མེ་ཏོག་གི་ཁྲི་ལ་འདུག་ནས་དབང་པོ་ཆེན་པོའི་གནམ་གྱི་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ཏེ། དེའི་ནང་གི་འདུག་པ་བཅུའི་གནས་མཐར་གྱིས་བཤད། དེའི་ཚེ་སངས་རྒྱས་ཀྱིས་རུས་གཙང་མ་ཆེན་པོའི་གནམ་གྱི་རྒྱལ་པོ་དྲ་བའི་རྒྱལ་མཚན་མཐོང་བའི་ཕྱིར་གྲངས་མེད་པའི་ཁམས་དཔེར་ན་དྲ་བའི་བུ་གུ་དང་མཚུངས་པར་བཤད་ན་ཁམས་གཅིག་ནས་གཅིག་སོ་སོ་མི་མཐུན་ཏེ་ཐ་དད་པའི་གྲངས་མེད་དོ། །སངས་རྒྱས་ཀྱི་ཆོས་ཀྱི་སྒོ་མོ་བཤད་པ་འང་དེ་དང་འདྲའོ། །ངས་ཁམས་འདིར་ལན་བརྒྱད་སྟོང་ཕྱིན་ཏེ། ཁམས་འཛམ་བུའི་གླིང་འདིའི་ཕྱིར་རྡོ་རྗེའི་ཁྲི་སྟེང་དུ་འདུག་སྟེ། དབང་པོ་ཆེན་པོའི་གནམ་གྱི་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ནས་དེའི་ནང་གི་མང་པོ་ཐམས་ཅད་སེམས་ཀྱི་གནས་ཀྱི་མདོ་ཆེའོ། །
61.79a
དེ་ནས་གནམ་གྱི་ཕོ་བྲང་ནས་མར་བབས་ཏེ་འཛམ་བུའི་གླིང་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཕྱིན་ནས་དེའི་སའི་སྟེང་གི་སེམས་ཅན་བླུན་པོ་མ་རབས་རྣམས་ཀྱི་ཕྱིར་ཐོག་མ་ཕྱི་མོ་རྫོགས་ལོངས་སྤྱོད་པའི་སྐུ་སངས་རྒྱས་ཀྱིས་སེམས་ཀྱི་གནས་ཀྱི་ནང་བཤད་དོ། །སེམས་ཐོག་མ་གཡོས་པ་ནི་རྟག་པར་འོད་སྣང་བའི་ཚུལ་ཁྲིམས་གཅིག་ཁ་ཏོན་དུ་ཀློག་གོ་།རྡོ་རྗེ་རིན་པོ་ཆེའི་ཚུལ་ཁྲིམས་ནི་སངས་རྒྱས་ཐམས་ཅད་ཀྱི་ཐོག་མའི་ཕྱི་མོ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ནི་ཐོག་མའི་ཕྱི་མོ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ས་བོན་ནོ། །སེམས་ཅན་ཐམས་ཅད་ལ་ཡང་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་སྐལ་བ་ཡོད་དོ། །ཐམས་ཅད་ཀྱི་ཤེས་པ་དང ། ཁ་དོག་དང ། སེམས་དང་ཡིད་དང ། སེམས་སོ་ཅོག་ཐམས་ཅད་ཀུན་ཀྱང་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་ནང་དུ་འདུས་སོ། །ཚུལ་ཁྲིམས་ཀྱི་ནང་ན་རྟག་པ་ཡུན་དུ་རྟག་པར་བསོད་ནམས་ཡོད་དོ། །རྟག་པ་ཡུན་དུ་རྟག་པར་ཆོས་ཀྱི་ལུས་ཡོད་དོ། །སོ་སོར་ཐར་པ་འདི་རྣམས་བཅུ་ནི་སངས་རྒྱས་ཀྱི་དབྱིངས་ནས་བྱུང་ནས་ཆོས་ཀྱི་ཚུལ་ཁྲིམས་བྱས་ཏེ། དུས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་གཟུངས་སུ་འཛིན་ཏོ། །ངས་ད་མང་པོ་འདིའི་ཕྱིར་ཟད་པའི་མཐའ་མེད་པའི་ཚུལ་ཁྲིམས་ཀྱི་ལེའུ་བཅུ་བསླབས་ཏེ་བཤད་དོ། །རྫོགས་ལོངས་སྤྱོད་པ་ང་བདག་སྟེ། །པད་མོའི་དབུས་སུ་གདོད་བཞུགས་ནས། །མཐའ་བཞིའི་མེ་ཏོག་སྟོང་གི་སྟེང ། །ཤཱཀྱ་ཐུབ་པ་སྟོང་དུ་བཞུགས། །མེ་ཏོག་གཅིག་ཁམས་འབུམ་ཕྲག་བརྒྱ། །ཁམས་དེ་གཅིག་ཀྱང་སྤྲུལ་པ་གཅིག་།ཀུན་ཀྱང་བྱང་ཆུབ་ཤིང་དྲུང་བཞུགས། །མཉམ་པར་སངས་རྒྱས་གནས་སུ་སོན། །དེ་ཡང་འབུམ་ཕྲག་བརྒྱ་པ་སྟོང ། །རྫོགས་ལོངས་སྤྱོད་པ་རང་བཞིན་ལུས། །སྤྲུལ་པ་འབུམ་ཕྲག་བརྒྱ་སྟོང་པོ། །ཀུན་ཀྱང་རྡུལ་ཕྲན་མང་པོར་འདྲེན། །ཅིག་ཅར་ང་ཡི་གནས་སུ་འོངས། །སངས་རྒྱས་ང་ཡི་ཚུལ་ཁྲིམས་ཉོན། །ཟིལ་དངར་སྒོ་མོ་དེ་ནས་བྱེ། །འུང་ནས་འབུམ་ཕྲག་བརྒྱ་སྟོང་པོ། །སླད་དུ་གཙང་མའི་གནས་སུ་ཕྱིན། །ཀུན་ཀྱང་བྱང་ཆུབ་ཤིང་དྲུང་བཞུགས། །ང་ཡི་མཁན་པོ་ཚུལ
61.79b
ཁྲིམས་ཁ་ཏོན་ལྷོགས། །ཚུལ་ཁྲིམས་ཆེན་པོ་རྟོགས་པར་ལྔ་བཅུ་བརྒྱད། །ཚུལ་ཁྲིམས་སྣང་ཁྱད་ཉི་ཟླ་བཞིན། །གཅིག་དུ་ནོར་བུ་ཡང་ཉོ་འདྲ། །བྱང་ཆུབ་སེམས་དཔའ་རྡུལ་ཕྲན་བཞིན། །འདི་ཡི་ཡོན་གྱིས་ཡང་དག་འགྲུབ། །གདོད་མ་རྫོགས་ལོངས་སྤྱོད་པ་ཉིད་ཀྱིས་བླགས། །ངས་ཀྱང་དེ་བཞིན་ཁ་ཏོན་བླགས། །བྱང་ཆུབ་སེམས་དཔའ་གསར་སློབ་པ། །ཀླད་ལ་ཁྱེར་ཞིང་ཁྲིམས་བཟུང་བཞིན། །ཐུབ་བཞིན་གཅིག་ཏུ་སེམས་ཅན་སྟོན། །ང་ཡི་བདེ་བླག་རྟག་པར་ཉོན། །སངས་རྒྱས་ཆོས་རྣམས་ཚུལ་ཁྲིམས་སྣོད། །སོ་སོར་ཐར་པ་ཤེས་རབ་བཞིན། །མང་པོ་ཡིད་ཀུན་བརྟགས་པར་ཆེས། །ཁྱེད་རྣམས་སངས་རྒྱས་ཕྱིན་པར་འོང ། །ང་ཡི་སངས་རྒྱས་ཕྱིན་ཟིན་ཀྱང ། །རྟག་པར་འདི་བཞིན་ཡིད་ཆེས་བྱེད། །ཚུལ་ཁྲིམས་ལེའུ་ཀུན་ཆོག་གཙང་ཟིན། །ཡིད་སེམས་ཡོད་པ་ཐམས་ཅད་ནི། །ཀུན་ཀྱང་སངས་རྒྱས་ཁྲིམས་ཀྱིས་བསྡུ། །སེམས་ཅན་སངས་རྒྱས་ཁྲིམས་མནོད་པ། །དེ་ནས་སངས་རྒྱས་ས་རུ་ཕྱིན། །ཚོར་ཆེན་ས་དང་མཚུངས་ཟིན་ཏེ། །སངས་རྒྱས་ཀུན་གྱི་བུ་ཡང་དག་།མང་པོ་ཀུན་གྱིས་གུས་པར་བྱས། །སེམས་གཅིག་བརྟུལ་ཏེ་ང་ཀློག་ཉོན། །དེའི་ཚེ་ན་ཤཱཀྱ་ཐུབ་པའི་སངས་རྒྱས་ཐོག་མ་བྱང་ཆུབ་ཤིང་དྲུང་བཞུགས་བླ་ན་མེད་པའི་གཡུང་དྲུང་རྫོགས་པའི་བྱང་ཆུབ་བོ། །བྱང་ཆུབ་སེམས་དཔའི་ཐོག་མ་སོ་སོར་ཐར་པའི་འདུད་པ་ནི་ཕ་མ་དང ། དགེ་འདུན་དང ། དཀོན་མཆོག་གསུམ་ལ་སྲི་ཞུ་དང ། ཡིད་དང་མི་འགལ་བར་བྱའོ། །སྲི་ཞུ་བྱས་ཏེ་བླ་མའི་ཡིད་དང་མི་འགལ་བ་ནི་ཆོས་ཟབ་མོར་ཐོབ་པའི་གཞུང་སྟེ། སྲི་ཞུའི་མིང་ནི་ཚུལ་ཁྲིམས་སོ། །མིང་གཅིག་ཏུ་ནི་སྡོམ་པ་དང་གཏོང་བའོ། །དེ་ནས་འོད་སྣང་བ་གྲངས་མེད་པ་འབྱུང་ངོ ། །དེའི་ཚེ་འབུམ་ཕྲག་བརྒྱ་སྟོང་མང་པོ་ཚོགས་པ་བྱང་ཆུབ་སེམས་དཔའ་རྣམས་དང ། གཟུགས་ཡོད་པའི་ཁམས་ཀྱི་གནམ་བཅཝ་བརྒྱད་དང ། འདོད་པའི་ཁམས་ཀྱི་གནམ་རིམ་པ་དྲུག་གི་ལྷ་དང ། རྒྱལ་པོ་ཆེན་པོ་རྣམས་ཐལ་མོ་སྦྱར་ཏེ། སེམས་གཅིག་ཏུ་མཉན་ནས་སངས་རྒྱས་ཀྱི་ཚུལ་ཁྲིམས་ཆེན་པོ་བླགས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ།
61.80a
ང་ད་ལྟར་ཟླ་བ་ཕྱེད་ཕྱེད་ཅིང་བདག་གིས་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་ཁ་ཏོན་དུ་ཀློག་གོ་།ཁྱེད་ལ་སོགས་པ་ཐོག་མ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་ཁ་ཏོན་དུ་ལྷོགས་ཤིག་།སེམས་གཡོས་ཏེ་ཕྱོགས་པ་བཅུ་དང ། གཡོ་ཞིང་བསྐྱེད་པ་བཅུ་དང ། རྡོ་རྗེ་བཅུ་པ་དང ། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཁ་ཏོན་དུ་ལྷོགས་ཤིག་།འུང་ན་ཚུལ་ཁྲིམས་ཀྱི་འོད་ཁ་ནས་བྱུང་སྟེ་རྒྱུ་ཡོད། རྐྱེན་མེད་པའི་འོད་མ་ཡིན་ཏེ། འོད་སྔོན་པོ་དང ། དམར་པོ་དང་སེར་པོ། དཀར་པོ། ནག་པོ་ཡང་མ་ཡིན། ཁ་དོག་ཀྱང་མ་ཡིན། སེམས་ཀྱང་མ་ཡིན། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། རྒྱུ་རྐྱེན་གྱི་ཆོས་ཀྱང་མ་ཡིན་ཏེ། སངས་རྒྱས་ཐམས་ཅད་ཀྱི་ནི་གདོད་མ་ཕྱི་མོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ནི་ལམ་གྱི་རྩ་བ་བས་ན་མང་པོ་ཐམས་ཅད་དང ། སངས་རྒྱས་ཀྱི་བུ་རྣམས་ཀྱི་རྩ་བའི་ཕྱི་མོ་ཞེས་བྱའོ། །འདི་ལྟ་སྟེ། སངས་རྒྱས་ཀྱི་བུ་རྣམས་ཀྱིས་ཀྱང་གཟུངས་སུ་གཟུང་བའི་རིགས་སོ། །ལེགས་པར་བསླབས་པའི་རིགས་སོ། །སངས་རྒྱས་ཀྱི་བུ་རྣམས་བརྟགས་པར་ཉོན་ཅིག་།སངས་རྒྱས་ཀྱི་ཚུལ་ཁྲིམས་ནོད་ན་ནི་རྒྱལ་པོ་དང་རྒྱལ་བུ་དང ། བློན་པོ་ཆེ་ཕྲ་དང ། དགེ་སློང་ཕོ་སྨོས་དང ། གཟུགས་ཀྱི་ཁམས་ཀྱི་གནམ་བཅཝ་བརྒྱད་དང ། འདོད་པའི་ཁམས་གནམ་དྲུག་དང ། གདོལ་པ་དང ། ཉིང་གྲུམ་དང ། ཕོ་གཡེམ་དང ། མོ་གཡེམ་དང ། བྲན་ཕོ་སྨོས་དང ། ལྷ་མ་སྲིན་སྡེ་བརྒྱད་དང ། ཕྱག་བརྙེན་དང ། བྱོལ་སོང་དང ། འཕྲུལ་ཞིང་འགྱུར་བའི་མི་ལ་སོགས་ཏེ་ཆོས་ཀྱི་མཁན་པོའི་ཚིག་བརྡ་ཕྲད་པའི་རྣམས་ཐམས་ཅད་ཚུལ་ཁྲིམས་མནོད་དུ་རུང་སྟེ། ཀུན་ཀྱང་མིང་རབ་ཏུ་གཙང་མ་ཞེས་བྱའོ། །སངས་རྒྱས་ཀྱིས་སངས་རྒྱས་ཀྱི་བུ་རྣམས་ལ་བཀའ་སྩལ་པ། སོ་སོར་ཐར་པ་ལ་ཕས་ཕམ་པ་བཅུ་ཡོད་དོ། །སངས་རྒྱས་ཀྱི་ཚུལ་ཁྲིམས་མནོས་པ་ནི་ཚུལ་ཁྲིམས་འདི་ཁ་ཏོན་དུ་མ་བླགས་ན་བྱང་ཆུབ་སེམས་དཔའ་ཡང་མ་ཡིན། སངས་རྒྱས་ཀྱི་ས་བོན་ཡང་མ་ཡིན། ང་ཡང་འདི་བཞིན་དུ་ཁ་ཏོན་དུ་ཀློག་གོ། །
61.80b
ལོབས་ཟིན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང ། ཕྱིས་སློབ་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང ། ད་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ངས་སོ་སོར་ཐར་པའི་གཟུངས་ཀྱི་མདོ་ཙམ་ཞིག་བཤད་ཀྱིས་བསླབ་ཅིང་གཟུངས་སུ་གཟུང་བའི་རིགས་སོ། །སངས་རྒྱས་ཀྱིས་སངས་རྒྱས་ཀྱི་བུ་རྣམས་ལ་བཀའ་སྩལ་པ། བདག་གིས་བསད་པ་དང ། མི་གཞན་གསོད་དུ་བཅུག་པ་དང ། ཐམས་ཅད་ཀྱིས་གསོད་པ་གསོད་པ་ལ་སྡོད་པ་གསོད་པ་མཐོང་ན་དགའ་བར་སེམས་པ། སྔགས་དང ། རྔད་མོ་བྱས་ཏེ་བསད་པ། གསད་པའི་རྒྱུ། གསད་པའི་རྐྱེན། གསད་པའི་ཆོས་བྱེད་པ། གསོད་པའི་ལས་བྱེད་པ་ལ་སོགས་ཏེ་སེམས་ཡོད་དོ་ཅོག་ལ་ཆེད་ཀར་གསད་དུ་མི་རུང ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་རྟག་པར་སྙིང་རྗེ་བ་དང ། སྲི་ཞུ་ཆེ་ཞིང་མི་འགལ་བའི་སེམས་རྟག་པར་གཡོས་ཏེ་བགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ར་མདའ་དང ། འོར་བ་བྱ་བའི་རིགས་སོ། །བདག་གིས་རང་ཉམས་བྱས་ཏེ་སྙིང་ཚིམ་པར་སེམས་ཅན་བསད་ན། དེ་ནི་བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ། །སངས་རྒྱས་ཀྱི་བུ་བདག་གིས་མ་བྱིན་པར་བླངས་སམ། ཕ་ལོག་པོ་མ་བྱིན་པར་ལེན་དུ་བཅུག་གམ། ཐབས་ཀྱིས་མ་བྱིན་པར་བླངས་སམ། མ་བྱིན་པར་ལེན་པའི་རྒྱུ། མ་བྱིན་པར་ལེན་པའི་རྐྱེན། མ་བྱིན་པར་ལེན་པའི་ལས་བྱེད་པ། སྔགས་སྒྱུ་མ་བྱས་ཏེ་ནོར་ཁྱེར་བ་ལ་སོགས་ཏེ། ལྷ་མ་སྲིན་དང ། བདག་པོ་ཡོད་པ་དང ། ཡང་བློའི་ནོར་རྫས་དང ། ནོར་རྫས་སོ་ཅོག་ལ་ཁབ་དང ། རྩཝ་ཉག་མ་གཅིག་ལ་ངས་ཆེད་ཀར་མ་བྱིན་པར་བླངས་སུ་མི་རུང་ངོ ། །བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་རང་བཞིན་སྐྱེད་ལ། སྲི་ཞུའི་ཡིད་དང་མི་འགལ་ཞིང ། བྱམས་ཞིང་སྙིང་རྗེ་བར་བྱས་ཏེ་རྟག་པར་སེམས་ཅན་ནོ་ཅོག་གི་ཡོན་ཏན་དང་བསོད་ནམས་བསྐྱེད་པའི་རིགས་སོ། །དེ་ལ་སླར་ལོག་པར་མིའི་ནོར་རྫས་མ་བྱིན་པར་བླངས་ན་བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ། །སངས་རྒྱས་ཀྱི་བུ་བདག་མི་ཚངས་པར་སྤྱོད་དམ། གཞན་མི་ཚངས་པར་སྤྱོད་པར་བསྟན་ནམ། བུད་མེད་དོ
61.81a
ཅོག་ལ་མི་ཚངས་པར་སྤྱོད་པར་བྱེད་པ་དང ། གཞན་ལ་མི་ཚངས་པར་སྤྱོད་པ་དང ། མི་ཚངས་པར་སྤྱོད་པའི་རྒྱུ་དང ། མི་ཚངས་པར་སྤྱོད་པའི་རྐྱེན་དང ། མི་ཚངས་པར་སྤྱོད་པའི་ཆོས་བྱེད་པ་དང ། མི་ཚངས་པར་སྤྱོད་པའི་ལས་བྱེད་པ་དང ། བྱོལ་སོང་དང ། ལྷ་དང ། ལྷ་མ་སྲིན་གྱི་བུ་མོ་ལ་མི་ཚངས་པར་སྤྱོད་པ་དང ། ཆོས་དང་འགལ་བའི་མི་ཚངས་པར་སྤྱོད་ན་བྱང་ཆུབ་སེམས་དཔའ་ནི་སྲི་ཞུ་དང་མི་འགལ་བའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཐར་པའི་ར་མདའ་བྱ་ཞིང་ཆོས་གཙང་མ་གཞན་ལ་སྦྱིན་པའི་རིགས་སོ། །དེ་ལ་སླར་མིའོ་ཅོག་ལ་མི་ཚངས་པར་སྤྱོད་པ་བསྐྱེད་དེ་བྱོལ་སོང་དང ། མ་དང་བུ་མོ་དང ། སྲིང་མོ་ལ་སོགས་ཏེ་གཉེན་པ་དྲུག་ལ་མི་ཚངས་པར་སྤྱོད་པ་བྱས་ཏེ། བྱམས་ཤིང་སྙིང་རྗེ་བ་མེད་ན་དེ་ནི་བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ། །སངས་རྒྱས་ཀྱི་བུ་བདག་གིས་བརྫུན་བྱས་སམ། ཕ་རོལ་པོ་བརྫུན་ཟེར་བར་བསྟན་ཏམ། ཐབས་ཀྱིས་བརྫུན་བྱས་པ་དང ། བརྫུན་གྱི་རྒྱུ་བྱས་པ་དང ། བརྫུན་གྱི་རྐྱེན་བྱས་པ་དང ། བརྫུན་གྱི་ཆོས་བྱེད་པ་དང ། བརྫུན་གྱི་ལས་བྱེད་པ་དང ། མཐོང་བ་ལ་མ་མཐོང་ཞེས་ཟེར་བ་དང ། མ་མཐོང་བ་ལ་མཐོང་ཞེས་ཟེར་བ་དང ། ལུས་དང་སེམས་ཀྱིས་བརྫུན་བྱས་པ་དང ། བྱང་ཆུབ་སེམས་དཔའ་ནི་རྟག་པར་ཚིག་དྲང་པོ་སྐྱེ་ཞིང་གཅིག་ཏུ་ན་སེམས་ཅན་གྱི་ཚིག་དྲང་པོ་བསྐྱེད་པ་ཡིན་ན། དེ་ལ་སླར་ལོག་པར་སེམས་ཅན་ཐམས་ཅད་ཀྱི་ཚིག་མི་དྲང་བ་དང ། ཡོན་པོ་ལ་ལྟ་བ་དང ། ཡོན་པོའི་ལས་བྱེད་པར་བསྐྱོད་ན་དེ་ནི་བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ། །སངས་རྒྱས་ཀྱི་བུ་སྨྱོ་བའི་ཁུ་བ་བདག་འཚོང་ངམ། ཕ་ལོག་པོ་སྨྱོ་བའི་ཁུ་བ་འཚོང་བར་བསྟན་ཏམ། ཐབས་ཀྱིས་སྨྱོ་བའི་ཁུ་བ་འཚོང་ངམ། སྨྱོ་བའི་ཁུ་བ་འཚོང་བའི་རྒྱུ་བྱེད་དམ། སྨྱོ་བའི་ཁུ་བ་འཚོང་བའི་རྐྱེན་བྱེད་དམ། སྨྱོ་བའི་ཁུ་བ་འཚོང་བའི་ཆོས་བྱེད་དམ། སྨྱོ་བའི་ཁུ་བ་འཚོང་བའི་ལས་བྱེད་པ་ལ་སོགས་ཏེ། སྨྱོ་བའི་ཁུ་བའོ་ཅོག་འཚོང་དུ་མི་རུང ། སྨྱོ་བའི་ཁུ་བའི་རྐྱེན་གྱིས་ཁ་ན་མ་ཐོ་བ་སྐྱེའོ། །བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ
61.81b
སྣང་ཞིང་དྲང་བའི་ཤེས་རབ་བསྐྱེད་པའི་རིགས་ན། སླར་ལོག་པར་སེམས་ཅན་ཐམས་ཅད་ཀྱི་ཕྱིན་ཅི་ལོག་གི་སེམས་བསྐྱེད་ན་བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ། །སངས་རྒྱས་ཀྱི་བུ་རབ་ཏུ་བྱུང་བ་དང ། མ་བྱུང་བ་དང ། བྱང་ཆུབ་སེམས་དཔའ་དང ། དགེ་སློང་དང ། དགེ་སློང་མའི་ཉེས་པ་བདག་གིས་འཕྱས་སུ་བྱས་སམ། གཞན་འཕྱས་བྱེད་པར་བསྟན་ཏམ། འཕྱ་བའི་རྒྱུ་བྱས་སམ། འཕྱ་བའི་རྐྱེན་བྱས་སམ། འཕྱ་བའི་ཆོས་དང ། འཕྱ་བའི་ལས་བྱེད་ན་བྱང་ཆུབ་སེམས་དཔའ་ནི་མུར་འདུག་དང ། ཐེག་པ་ཆུང་ངུ་རྣམ་གཉིས་བྱེད་པའི་མི་སངས་རྒྱས་ཀྱི་ཆོས་ཀྱི་ནང་ན་ཆོས་མ་ཡིན། ཚུལ་ཁྲིམས་མ་ཡིན་ཞེས་ཟེར་ན། རྟག་པར་སྙིང་རྗེ་བསྐྱེད་དེ་ངན་པའི་རྣམས་ཐེག་པ་ཆེན་པོ་ལ་ཡིད་དགའ། ཡིད་ཆེས་པར་བསྟན་ཅིང་བསླབ་པའི་རིགས་ན། དེ་ལ་བྱང་ཆུབ་སེམས་དཔའ་སླར་ལོག་པར་སངས་རྒྱས་ཀྱི་ཆོས་ལ་ངེས་ཤེས་བཤད་ན་དེ་ནི་བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ། །སངས་རྒྱས་ཀྱི་བུ་ལ་ལ་ཞིག་བདག་གིས་བདག་བསྟོད་ཅིང་ཕར་སྨོད་པ་དང ། གཞན་ལ་བདག་སྟོད། ཕར་སྨོད་པར་སྟོན་པ། སྨོད་པའི་རྒྱུ། སྨོད་པའི་རྐྱེན་བྱེད་པ། སྨོད་པའི་ཆོས་དང ། སྨོད་པའི་ལས་བྱེད་ན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཀྱི་སྐྱིན་པར་སྨ་དབབ་ཅིང་ངན་སེམས་པ་ནི་བདག་གིས་བླངས་ཏེ། དགེ་ཞིང་ལེགས་པ་ནི་གཞན་ལ་སྦྱིན་པའི་རིགས་ན་ལ་ལ་ཞིག་གིས་བདག་གི་ལེགས་པ་ནི་བསྙད་གཞན་གྱི་ལེགས་པ་ནི་བཅབས་ཏེ། གཞན་ལ་རྨ་དབབ་པར་བྱས་ན་དེ་ནི་བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ། །སངས་རྒྱས་ཀྱི་བུ་བདག་སེར་སྣ་ཆེ་འམ། གཞན་སེར་སྣ་ཆེ་བར་སྟོན་ཏམ། སེར་སྣ་ཆེ་བའི་རྒྱུ་བྱེད་དམ། སེར་སྣའི་ཆོས་བྱེད་དམ། སེར་སྣའི་ལས་བྱེད་ན་བྱང་ཆུབ་སེམས་དཔའ་ནི་དབུལ་པོ་འོངས་སོ་ཅོག་དང ། གཞན་ཇི་འདོད་པ་བཞིན་དགོས་སོ། །བྱང་ཆུབ་སེམས་དཔའི་སེམས་ལ་ངན་དུ་སེམས་ཤིང་སེམས་ལ་གཤེ་བ་དང ། དོང་ཚེ་གཅིག་གམ། ཁབ་གཅིག་གམ། རྩཝ་ཉག་མ་གཅིག་མི་སྟེར་རམ། ཆོས་འདོད་པ
61.82a
ཞིག་འོངས་ན་ཚིག་གཅིག་ལེའུ་གཅིག་།རྡུལ་ཙམ་གྱི་ཆོས་ཀྱང་མ་བཤད་ལ། སླར་ངག་ངན་པས་སྤྱོས་ཏེ་རྨ་ཕབ་ན་དེ་ནི་བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ། །སངས་རྒྱས་ཀྱི་བུ་བདག་ཁྲོ་འམ། མི་ཕ་ལོག་པོ་ཁྲོ་བར་སྟོན་ཏམ། ཁྲོ་བའི་རྒྱུ་བྱེད་དམ། ཁྲོ་བའི་རྐྱེན་བྱེད་དམ། ཁྲོ་བའི་ཆོས་བྱེད་དམ། ཁྲོ་བའི་ལས་བྱེད་ན། བྱང་ཆུབ་སེམས་དཔའ་ནི་ཐམས་ཅད་ཀྱི་ནང་ན་དགེ་བའི་རྩ་བ་བསྐྱེད་ཅིང་འཐབ་ཅིང་རྩོད་པ་མེད་པར་བྱས་ལ་རྟག་པར་སྙིང་རྗེ་བསྐྱེད་ཅིང་བྱ་བའི་རིགས་ཀྱི། ཕྱིར་ལོག་པར་སེམས་ཅན་ཐམས་ཅད་ཀྱི་ནང་ན་སེམས་ཅན་མ་ཡིན་པ་ལ་ཁ་ངན་པས་གཤེ་ཞིང་ལག་པས་འཚོག་པ་དང ། རལ་གྲི་དང ། དབྱིག་པས་གདབ་ཅིང་བརྡེགས་ཀྱང་སྙིང་བརྩེ་མ་བྲི་སྟེ། ཕ་ལོག་པོ་འགྱོད་ཅིང་ཚིག་འཇམ་པོས་འཆགས་ཤིང་གནོང་བསྐུར་ཀྱང་ཁྲོ་བའི་མདུད་པ་མ་བཀྲོལ་ན་དེ་ནི་བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ། །སངས་རྒྱས་ཀྱི་བུ་ལ་ལ་ཞིག་གིས་དཀོན་མཆོག་གསུམ་ལ་མ་ཡིན་ཞེས་ཟེར་རམ། གཞན་དཀོན་མཆོག་གསུམ་ལ་མ་ཡིན་ཞེས་ཟེར་བར་བསྟན་ཏམ། མ་ཡིན་ཞེས་ཟེར་བའི་རྒྱུ་དང ། རྐྱེན་བྱེད་དམ། མ་ཡིན་པའི་ཆོས་བྱེད་དམ། མ་ཡིན་པའི་ལས་བྱེད་ན། བྱང་ཆུབ་སེམས་དཔའ་ནི་མུར་འདུག་དང ། མ་རབས་ཀྱི་ངན་ཚིག་གཅིག་སངས་རྒྱས་ཀྱི་སྒྲ་སྐད་མ་ཡིན་ཞེས་ཟེར་བ་ཞིག་མཐོང་ངམ་ཐོས་ན་མདུང་རྩེ་ཁ་གསུམ་པ་སུམ་བརྒྱས་སྙིང་ལ་ཟུག་པ་དང་མཚུངས་ན། བདག་གི་ཁ་ནས་མ་ཡིན་ཞེས་ཟེར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཡིད་ཆེས་པའི་སེམས་སྲི་ཞུ་དང་མི་འགལ་བའི་སེམས་བསྐྱེད་པའི་རིགས་ན། སླར་ལོག་པར་མ་རབས་ལོག་པ་ལ་ལྟ་ཞིང་མ་ཡིན་ཞེས་ཟེར་བའི་གྲོགས་བྱེད་ན་དེ་ནི་བྱང་ཆུབ་སེམས་དཔའི་ཕས་ཕམ་པའོ། །དགེ་ཞུགས་སྤྱོད་པའི་རྣམས་ནི་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་འདི་བསླབས་པའི་རིགས་སོ། །འདིའི་ནང་ནས་རྡུལ་ཕྲ་མོ་ཙམ་ཡང་གཞིག་ཏུ་མི་རུང་ན་ཚུལ་ཁྲིམས་བཅུ་ཚང་བར་བཤིག་པ་ལྟ་སྨོས་ཀྱང་ཅི་དགོས། ལ་ལ་ཞིག་གིས་ཚུལ་ཁྲིམས་བཤིག་པ་ཞིག་ན
61.82b
ད་ལྟར་གྱི་ལུས་ལ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པའི་ལས་མ་ནུས་ཏེ། རྒྱལ་པོའི་གྲལ་ཡང་སྟོར། འཁོར་ལོ་བསྐོར་བའི་རྒྱལ་པོའི་གྲལ་ཡང་སྟོར། དགེ་སློང་དང ། དགེ་སློང་མའི་གྲལ་ཡང་སྟོར། གཡོས་ཤིང་ཕྱོགས་པ་བཅུ་དང ། བསྐྱེད་ཅིང་གསོལ་བ་བཅུ་དང ། ཆོས་རྡོ་རྗེ་དང་མཚུངས་པ་བཅུ་དང ། ས་བཅུའི་སངས་རྒྱས་ཀྱི་ངོ་བོ་ཉིད་རྟག་པའོ། །ཡོན་ཏན་ཟབ་མོ་ལ་སོགས་པ་ཟད་པར་སྟོར་ནས་ངན་སོང་གསུམ་དུ་ལྟུང་སྟེ། བསྐལ་པ་གཉིས་གསུམ་གྱི་བར་དུ་ཕ་མ་དང ། དཀོན་མཆོག་གསུམ་གྱི་མིང་མཁན་ཀྱང་མི་ཐོས་ཏེ། དེ་བས་ན་གཅིག་ཀྱང་གཞིག་ཏུ་མི་རུང་ངོ ། །ཁྱེད་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལོབས་པ་དང ། སློབ་པ་དང ། སློབ་པར་འགྱུར་བའི་རྣམས་ཚུལ་ཁྲིམས་འདི་བཅུ་བསླབས་ལ་གུས་པར་བྱོས་ཏེ་རྟག་པར་གཟུངས་སུ་གཟུང་བའི་རིགས་སོ། །གསལ་བར་ནི་ལེའུ་བརྒྱད་ཁྲི་པའི་ནང་ནས་རྒྱ་ཆེར་བཤད་དོ། །སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ། ཕས་ཕམ་པ་བཅུ་ནི་བཤད་ཟིན་ཏོ། །ལྟུང་བ་བཞི་བཅུ་རྩ་བརྒྱད་ནི་སངས་རྒྱས་ཀྱི་བུ་རྒྱལ་པོའི་གྲལ་ཐོབ་པའི་ཚེ་དང ། འཁོར་ལོས་བསྐོར་བའི་རྒྱལ་པོའི་གྲལ་ཐོབ་པའི་ཚེ་དང ། བློན་པོའི་གྲལ་ཐོབ་པའི་ཚེ་དང ། སྔར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་མནོད་པའི་རིགས་སོ། །འུང་ཏང་ལྷ་མ་སྲིན་ཐམས་ཅད་ཀྱང་རྒྱལ་པོའི་ལུས་དང ། བློན་པོའི་ལུས་ཀྱི་རིམ་གྲོ་དང ། སྐྱབས་བྱེད་དོ། །སངས་རྒྱས་ཐམས་ཅད་ཀྱང་དགྱེས་སོ། །ཚུལ་ཁྲིམས་ཐོབ་ཟིན་ན་སྲི་ཞུ་དང་མི་འགལ་བའི་སེམས་དང ། སེམས་ལ་གུས་པར་བྱས་པའི་སེམས་དཔའ་བསྐྱེད་དེ། གྲལ་མཐོན་པོ་ན་འདུག་པའི་མཁན་པོ་དང ། སློབ་དཔོན་དང ། ཐེག་པ་ཆེན་པོ་ལ་ཚངས་པར་སྤྱོད་དུ་མཚུངས་པ་དང ། མཚུངས་པར་མཐོང་བ་དང ། ལས་འཐུན་པར་བྱེད་པ་མཐོང་ན་ལངས་ཏེ་བསུ་ལ་ཕྱག་འཚལ་ཏེ་ནད་དྲི་བའི་རིགས་སོ། །བྱང་ཆུབ་སེམས་དཔའ་སླར་དྲེགས་པའི་སེམས་དང ། ལེ་ལོའི་སེམས་དང ། གླེན་པའི་སེམས་བསྐྱེད
61.83a
དེ་མ་ལངས། མ་བསུ། ཕྱག་མ་བྱས་ཏེ། ཇི་ལ་འང་ཆོས་བཞིན་དུ་ཞེ་ས་དང ། རི་མོ་དང ། བདག་གི་ལུས་དང ། ཡུལ་མཁར་དང ། ཕོ་སྨོས་དང ། ནོར་རིན་པོ་ཆེ་བདུན་ལ་སོགས་ཏེ་ནོར་རོ་ཅོག་བཙོངས་ལ་དགོས་སོ་ཅོག་མ་སྦྱར་ཏེ། དེ་ལྟར་མ་ནུས་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་ལ་ལ་ཆེད་ཀར་ཆང་འཐུང་ན་ཆང་གི་ཉེས་པ་སྐྱེས་ཏེ། དགེ་བའི་བསོད་ནམས་གྲངས་མེད་པ་སྟོར་ཏོ། །ལ་ལ་ཞིག་གིས་བདག་གིས་ལུས་དང་ལག་གིས་ཆང་སྣོད་བླངས་ཏེ་མི་ཕ་རོལ་པོ་ལ་བྱིན་ཏེ་བླུད་ན་ཚེ་རབས་ལྔ་བརྒྱའི་བར་དུ་ལག་པ་མེད་པར་འོང་ན། བདག་འཐུང་བ་ལྟ་སྨོས་ཀྱང་ཅི་དགོས། འདི་ལྟ་སྟེ། མིའོ་ཅོག་ཐམས་ཅད་དང ། སེམས་ཅན་ཐམས་ཅད་ལ་ཆང་འཐུང་བར་བསྟན་ཏུ་མི་རུང་ངོ ། །བདག་རང་འཐུང་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། བདག་ཆེད་ཀར་འཐུངས་པ་དང ། ཕ་རོལ་པོ་ལ་བདར་བ་ནི་ལྟུང་བའོ། །སངས་རྒྱས་ཀྱི་བུ་ཤ་ཆེད་ཀར་ཟོས་པ་དང ། ཤའོ་ཅོག་བཟར་མི་རུང་སྟེ། ཟོས་ན་སྙིང་རྗེ་ཞིང་བྱམས་པའི་རང་བཞིན་གྱི་ས་བོན་ཆད་པས་སེམས་ཅན་ཐམས་ཅད་ཀྱིས་མཐོང་ནས་འཇིགས་ནས་སྤོང་ངོ ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་ཅན་གྱི་ཤ་བཟར་མི་རུང་ངོ ། །ཤ་ཟོས་པ་ནི་སྡིག་གྲངས་མེད་དེ་ཤ་ཟོས་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་དཀུ་བ་རྣམ་ལྔ་བཟར་མི་རུང་ངོ ། །སྒོག་པ་དང ། བཙོང་དང ། རྒྱ་སྒོག་དང ། རི་སྒོག་རྣམས་དང ། ཤིང་ཀུན་དང ། འདི་རྣམ་ལྔ་ཁ་ཟས་སོ་ཅོག་གི་ནང་དུ་བཟར་མི་རུང་ངོ ། །ལ་ལ་ཞིག་ཆེད་ཀར་ཟོས་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་སེམས་ཅན་ཐམས་ཅད་ཀྱིས་ཚུལ་ཁྲིམས་བརྒྱད་དང ། ཚུལ་ཁྲིམས་ལྔ་དང ། ཚུལ་ཁྲིམས་བཅུ་དང ། རྩ་བ་རྣམ་པ་བཞི་བཤིག་པ་དང ། ལོག་པ་བདུན་དང ། གནོད་པ་བརྒྱད་ཀྱི་ཚུལ་ཁྲིམས་བཤིག་པའི་སྡིག་བྱེད་པ་མཐོང་ན་མཐོལ་ཚངས་བྱེད་དུ་གཞུག་པའི་རིགས་སོ། །དེ་ལས་བྱང་ཆུབ་སེམས་དཔའ་མ་བསྟན་ཏེ་མཐོལ་ཚངས་བྱེད་དུ་མ་བཅུག་ན། ལྷན་ཅིག་འདུག་འདུག་ཅིང་ཚངས་པར་སྤྱོད་དུ་མཚུངས་པའི་དགེ་འདུན་གྱི་རྣམས་གཅིག་ཏུ་ཚོགས་ཏེ་ཚུལ་ཁྲིམས
61.83b
བཤད་པའི་ཚེ་སྡིག་དངོས་སུ་བྱུང་གིས་ཉེས་པ་མཐོལ་ཚངས་བྱེད་དུ་ཆུག་ཤིག་།མ་བཅུག་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་མཁན་པོ་ཐེག་པ་ཆེན་པོ་ལ་ལྷན་ཅིག་ཏུ་ལྟ་བ་ལྷན་ཅིག་ཏུ་ལས་བྱེད་པ། དགེ་འདུན་གྱི་ཁང་ཁྱིམ་དང ། མཁར་དུ་འོངས་པ་མཐོང་ན་རྒྱང་གྲགས་སྟོང་གི་ལམ་ན་ཚུར་འོངས་ན་ནི་བསུ། འགྲོ་བ་ནི་བསྐྱལ་ཅིང་ཕྱག་འཚལ་ཏེ། བཀུར་སྟི་དང ། རི་མོ་དང ། ཉིན་གཅིག་ཅིང་དུས་གསུམ་དུ་རི་མོ་བྱ་ཉི་མ་གཅིག་གི་ཟན་དུ་གསེར་སྲང་གསུམ་གྱི་ཁ་ཟས་དང ། ཁྲི་སྟན་དང ། ཆོས་ཀྱི་མཁན་པོ་ཅི་འདོད་དོ་ཅོག་དགོས་ཀྱང་ཀུན་སྦྱོར་ཏེ་བྱིན་ལ་རྟག་པར་ཆོས་ཀྱི་མཁན་པོ་གཉེར་ཏེ། དུས་གསུམ་དུ་ཆོས་བཤད་དེ་ཉིན་གཅིག་ཅིང་དུས་གསུམ་དུ་ཕྱག་གུས་པར་འཚལ་ལ་ཁྲོ་བའི་སེམས་དང ། མྱ་ངན་གྱི་སེམས་མི་སྐྱེ་བར་བགྱིས་སོ། །ཆོས་ཀྱི་ཕྱིར་ལུས་དང་བསྔོས་ཏེ་ཆོས་གསོལ་ལོ། །དེ་ལྟར་མ་བྱས་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་གང་ལ་ཡང་རུང་སྟེ། ཚུལ་ཁྲིམས་དང ། མདོ་སྡེ་འཆང་བའི་ཁང་ཁྱིམ་ཆེན་པོའི་ནང་ན་ཆོས་འཆད་པ་ཡོད་ན་བྱང་ཆུབ་སེམས་དཔའ་གསར་དུ་སློབ་པ་ཚུལ་ཁྲིམས་ཀྱི་གླེགས་བམ་ཁྱེར་ཏེ། ཆོས་ཀྱི་མཁན་པོའི་གནས་སུ་སོང་ལ། གསོལ་ཏེ་དྲི་ཞིང་མནོད་པའི་རིགས་སོ། །ལ་ལ་ཞིག་རི་དང ། ཚལ་དང ། ཤིང་གི་དྲུང་དང ། དགེ་འདུན་གྱི་ས་དང ། ཁྱིམ་གྱི་ནང་དང ། ཆོས་འཆད་དོ་ཅོག་གི་སར་བྱིན་པར་བྱས་ཏེ། མཉན་ཅིང་འདོད་དོ། །དེའི་གནས་སུ་སོང་སྟེ་མ་མཉན། མ་མནོས་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་སེམས་ནི་ཐེག་པ་ཆེན་པོ་དང་འགལ་ཞིང་རྟག་པར་སངས་རྒྱས་ཀྱི་ཡི་གེ་དང ། ཚུལ་ཁྲིམས་ལ་འདུག་ཀྱང་ཁར་སྨྲ་ན་སངས་རྒྱས་ཀྱིས་བཤད་པ་མ་ཡིན་ཞེས་ཟེར་ན། རྟག་པར་ཐེག་པ་ཆུང་ངུ་རྣམ་གཉིས་དང ། མུར་འདུག་གི་ཆོས་ལ་ལྟ་ཞིང་ལོག་པར་ལྟ་བའོ་ཅོག་གི་ཚུལ་ཁྲིམས་དང ། ཆོས་ཀྱི་ཡི་གེ་གཟུངས་སུ་བཟུང་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་མི་ནད་ཀྱིས་བཏབ་བོ་ཅོག་རྟག་པར་རིམ་གྲོ་བྱས་ཏེ། གསོལ་ལ་སངས་རྒྱས་དང
61.84a
མཚུངས་པར་བྱས་ན་དགེ་བའི་བསོད་ནམས་རྣམ་པ་བརྒྱད་ཀྱི་ནང་ན་ནད་པ་ལ་ལྟ་ཞིང་གསོས་པའི་དགེ་བའི་བསོད་ནམས་ནི་བསོད་ནམས་ཀྱི་དམ་པའོ། །ཕ་མ་དང ། མཁན་པོ་དང ། དགེ་འདུན་དང ། སློབ་མ་འམ། དབང་པོ་མ་ཚང་བ་ནད་དོ་ཅོག་གིས་བཏབ་ཅིང་ཉོན་མོངས་ན་ཀུན་ཀྱང་གསོས་ཏེ་སོས་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་ལྟ་གཤེ་ཞིང་ངན་སེམས་ཀྱིས་དགེ་འདུན་གྱི་ཁྱིམ་དང ། ཡུལ་མཁར་དུ་མ་ཕྱིན་པ། དབྱེ་དང ། རི་ལུང་དང ། མཁར་དང ། ཚལ་ན་ནད་པ་འདུག་པ་མཐོང་སྟེ་ར་མདའ་དང ། རིམ་གྲོ་མ་བྱས་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་རལ་གྲི་དང ། མདའ་གཞུ་དང ། མདུང་དང ། སྟ་རེ་ལ་སོགས་ཏེ་ཐབ་མོའི་སྤྱད་མཚོན་ཆ་དང ། སེམས་ཅན་གསོད་པའི་སྤྱད་དང་འདྲ་བ་རྒྱ་རྒྱ་མོ་ལ་སོགས་པ་འཆང་དུ་མི་རུང་ངོ ། །བྱང་ཆུབ་སེམས་དཔའ་ནི་ཕ་མ་གཞན་གྱིས་བསད་ཀྱང་ཤ་མི་གླན་ན། སེམས་ཅན་ཐམས་ཅད་གསད་པ་ལྟ་སྨོས་ཀྱང་ཅི་དགོས། མཚོན་ཆ་ཆེད་ཀར་འཆང་བ་ན་ལྟུང་བའོ། །འདི་ལྟ་བུའི་ཚུལ་ཁྲིམས་རྣམ་བཅུ་ནི་བསླབས་ཏེ། རྟག་པར་གཟུངས་སུ་གཟུང་བའི་རིགས་སོ། །འོག་མ་ལེའུ་དྲུག་གི་ནང་ན་རྒྱ་ཆེར་བཤད་དོ། །སངས་རྒྱས་ཀྱིས་སངས་རྒྱས་ཀྱི་བུ་རྣམས་ལ་བཀའ་སྩལ་པ། སངས་རྒྱས་ཀྱི་བུ་ཁེ་འདོད་པའི་ཕྱིར་སེམས་ངན་པ་བསམས་ཏེ། ཉི་འོག་གི་ཡུལ་དུ་ཕོ་ཉར་འདྲུལ་བ་དམག་གི་གཡུལ་བཤམས་ཏེ། དམག་བསྐྱོད་ནས་འཐབས་ཏེ་སེམས་ཅན་མང་པོ་བསད་ན་བྱང་ཆུབ་སེམས་དཔའ་དམག་གི་ནང་དུ་སོང་ཞིང་ཕན་ཚུན་དུ་འདྲུལ་ཡང་མི་རུང་ན་ཆེད་ཀར་ཡུལ་གྱི་དགྲ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ལ་ཆེད་ཀར་བྱེད་པ་ནི་ལྟུང་བའོ། །སངས་རྒྱས་ཀྱི་བུ་བླ་འབངས་དང ། བྲན་ཕོས་སྨོས་དང ། ཕྱུགས་བདག་སྣ་དྲུག་དང ། གཤིན་སྒྲོམ་རོ་གཞུག་པའི་སྣོད་ལ་སོགས་པ། ཁེ་དང་ཚོང་སྤོགས་བདག་གིས་ཀྱང་བགྱི་བའི་མི་རིགས་ན་གཞན་ལ་བྱེད་པར་བསྟན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལ་ཆེད་ཀར་བྱེད་པ་ནི་ལྟུང་བའོ། །སངས་རྒྱས་ཀྱི་བུས་ངན་སེམས་བསྐྱེད་དེ་ཕ་ལོག་པོ་དགེཔ་ངེས་པ། ཆོས་ཀྱི་མཁན་པོ།
61.84b
དགེ་འདུན་རྒྱལ་པོ། ཡ་རབས་བཙུན་པ་ལ་མ་ཉེས་པར་ལོག་པ་བདུན་དང ། ཕམ་པ་བཅུ་དང ། ཕ་མ་དང ། ཕུ་བོ་ནུ་བོ་དང ། གཉེན་པ་རྣམ་དྲུག་གི་ཚུལ་ཁྲིམས་བཤིག་གོ་ཞེས་སྐུར་ན་སྲི་ཞུ་དང་མི་འགལ་ཞིང་བྱམས་ཤིང་སྙིང་རྗེ་བའི་སེམས་བསྐྱེད་པའི་རིགས་ཀྱི། དེ་ལ་སླར་ལོག་པའི་གནོད་པ་བསྐྱེད་ན་མི་བདེ་བའི་གནས་སུ་ལྷུང་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་ངན་སེམས་བསྐྱེད་དེ། ཆེད་ཀར་མེ་ཆེན་པོ་བཏང་ལ་རི་དང ། ཚལ་དབྱེ་དང ། རི་ལུང་དབྱར་ཟླ་ར་བ་མན་ཆད། སྟོན་ཟླ་ཐ་ཆུངས་ཡན་ཆད། བསྲེགས་སམ། ལ་ལ་ཞིག་གིས་མེ་བཏང་སྟེ། གཞན་གྱི་ཁང་ཁྱིམ་དང ། མཁར་དང ། གྲོང་དང ། དགེ་འདུན་གྱི་ཁྱིམ་དང ། ཞིང་དང ། བསྐྱེད་ཤིང་དང ། ལྷ་མ་སྲིན་དང ། བླའི་དཀོར་ལ་སོགས་ཏེ་བདག་པོ་ཡོད་དོ་ཅོག་གི་ནོར་རྫས་བསྲེག་ཏུ་མི་རུང་ངོ ། །ལ་ལ་ཞིག་གིས་ཆེད་ཀར་བསྲེགས་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་སངས་རྒྱས་ཀྱི་སློབ་མ་བདག་དང ། མུར་འདུག་དང ། གཉེན་རྣམ་དྲུག་ལ་སོགས་ཏེ། དགེ་བའི་བཤེས་གཉེན་ནོ་ཅོག་ཀུན་ཀྱང་ཅི་ཡང་ཐེག་པ་ཆེན་པོའི་ཡི་གེ་དང ། ཚུལ་ཁྲིམས་ནོད་ཅིང་གཟུངས་སུ་འཛིན་པར་བསྟན་པའི་རིགས་སོ། །གཞུང་དང་ལུགས་ཤེས་ཤིང་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་དང ། བསྐྱེད་ཅིང་གསོལ་བའི་སེམས་བཅུ་དང ། རྡོ་རྗེའི་ཆོས་ཀྱི་སེམས་གཡོ་བར་བསྟན་ཏེ། གཅིག་ནས་གཅིག་ཏུ་གོ་རིམས་དང ། ཆོས་ཀྱིས་ཆོ་ག་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའ་ལ་བྱང་ཆུབ་སེམས་དཔས་ངན་སེམས་དང ། ཞེ་སྡང་བསྐྱེད་དེ། གཞན་ཉན་ཐོས་ཀྱི་ཐེག་པ་ཆུང་ངུ་རྣམ་གཉིས་ཀྱི་ཚུལ་ཁྲིམས་དང ། ཡི་གེ་དང ། མུར་འདུག་དང ། ལོག་པར་ལྟ་བའི་བཤད་པ་བསྟན་པ་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་ལེགས་པའི་སེམས་ཀྱིས་སྔར་ཐེག་པ་ཆེན་པོའི་གོ་ཆ་དང ། ཚུལ་ཁྲིམས་དང ། ཡི་གེ་བསླབས་ནས་རྒྱ་ཆེར་ཕྱེ་ནས་གཞུང་གི་རོ་ཅི་བྲོ་བ་ཤེས་ནས་བྱང་ཆུབ་སེམས་དཔའ
61.85a
གསར་དུ་སློབ་པ་རྒྱང་གྲགས་བརྒྱ་སྟོང་གི་ལམ་ནས་ཐེག་པ་ཆེན་པོའི་ཡི་གེ་དང ། ཚུལ་ཁྲིམས་འདོད་ཅིང་འོང་བ་མཐོང་ན་ཆོས་ཀྱི་ཕྱིར་དཀའ་ཐུབ་སྤྱོད་པ་ཆོས་བཞིན་བཤད་པའི་རིགས་སོ། །དཀའ་ཐུབ་ཅེས་བྱ་བ་ནི་ལུས་བསྲེགས་པ། ལག་ངར་བསྲེགས་པ་སོར་མོ་བསྲེགས་པའོ། །དེ་ལ་ལུས་དང ། ལག་ངར་དང ། སོར་མོ་བསྲེགས་ཏེ། སངས་རྒྱས་ཐམས་ཅད་ལ་ཡོན་དུ་མ་གསོལ་ན། དེའི་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་མ་ཡིན་ནོ། །སྟག་དང ། སྤྱང་ཀི་དང ། སེང་གེ་ལྟོགས་པ་ལ་སོགས་པ་དང ། འདྲེ་ལྟོགས་པ་ལ་སོགས་པ་ཐམས་ཅད་ལ་ལུས་ཀྱི་ཤ་དང ། རྐང་ལག་གཏོང་ཕོད་པར་བྱས་ཏེ། བྱིན་ལ་དེ་ནས་གཅིག་ནས་གཅིག་ཏུ་མཐར་གྱིས་ཡང་དག་པའི་ཆོས་བཤད་དེ། སེམས་ནི་ཕྱེ། ཡིད་ནི་གོལ་བར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་བདག་གསོ་བའི་ཁེ་འདོད་པའི་ཕྱིར་ལན་གླན་པའི་རིགས་པ་ནི་མ་བླན་གྱི། ཡི་གེ་དང ། ཚུལ་ཁྲིམས་རི་མོ་དང ། འབྲུ་ཕྱིན་ཅི་ལོག་ཏུ་བཤད་ནས་སྔ་ཕྱི་མེད་པར་དཀོན་མཆོག་གསུམ་ལ་འཕྱ་ཞིང་འཆད་པ་ནི་ལྟུང་བའོ། །སངས་རྒྱས་ཀྱི་བུ་བདག་ཁ་ཟས་དང ། ནོར་རྫས་དང ། གསོ་བའི་ཁེ་དང ། མིང་སྙན་པའི་ཕྱིར་རྒྱལ་པོ་དང ། རྒྱལ་བུ་དང ། བློན་པོ་ཆེན་པོ་ལ་སོགས་པ་གཉེན་ཞེས་ཟེར་ཏེ། སྙེམས་ཤིང་ནན་གྱིས་ནོར་སློང་ལ། བཙན་ངག་གིས་བསྡིགས་ཏེ་ནན་གྱིས་ནོར་དང ། ཁེ་ཚོལ་ལོ་ཅོག་གི་མིང་ནི་ངན་པ་མང་པོ་ཚོལ་ཞེས་བྱའོ། །གཞན་ལ་ཡང་སྙིང་རྗེ་མེད་ཅིང་སྲི་ཞུ་དང་མི་འགལ་བའི་སེམས་ཡོང་མེད་པར་བསྟན་པ་ནི་ལྟུང་བའོ། །སངས་རྒྱས་ཀྱི་བུ་ཚུལ་ཁྲིམས་ཁ་ཏོན་དུ་ཀློག་པ་སློབ་པ་ན་ཉིན་གཅིག་ཅིང་དུས་དྲུག་ཏུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་བཟུང་ལ། དེའི་གཞུང་དང ། དོན་སངས་རྒྱས་ཀྱི་ངོ་བོ་ཉིད་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཡོན་ཏན་ཚིག་གཅིག་ལེའུ་གཅིག་ཀྱང་མི་ཤེས་པར
61.85b
སྒྱུ་མའི་ཚིག་ཏུ་ནུས་ཤེས་ཟེར་བ་ནི་བདག་ལ་བརྙས་ཤིང་བསླུས། གཞན་ལ་ཡང་བརྙས་ཏེ་ཆོས་སོ་ཅོག་རྣམ་པ་གཅིག་ཀྱང་མི་ཤེས་པར་གཞན་ལ་མཁན་པོ་བྱེད་ཅིང་ཚུལ་ཁྲིམས་སྟོན་པ་ནི་ལྟུང་བའོ། །སངས་རྒྱས་ཀྱི་བུ་ངན་སེམས་བསྐྱེད་དེ། ཚུལ་ཁྲིམས་འཛིན་པའི་དགེ་བའི་ལག་ན་པོག་སྣོད་ཁྱེར་ཏེ། བྱང་ཆུབ་སེམས་དཔའི་ལས་བྱེད་པ་ལ་མཐོང་ནས་ཕན་ཚུན་གཉིས་ཀྱིས་བར་དུ་བར་བཅུག་སྟེ། འཕགས་པའི་མི་ལ་བརྙས་མ་ཤིན་བྱེད་ཅིང་ངན་མི་བྱེད་པ་མེད་དོ་ཞེས་སྐུར་ཏེ། དེ་ལྟ་བུ་ཆེད་ཀར་བྱས་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་སྙིང་རྗེ་སྤྱད་དེ་ཅི་འང་མི་གསད་པར་བཏང་བའི་ལས་བྱེད་ཅིང་ཕོའོ་ཅོག་ནི་བདག་གི་ཕ་ཡིན། མོའོ་ཅོག་ནི་བདག་གི་མ་ཡིན། བདག་སྔན་ཆད་ཀྱི་ཚེ་རབས་ལ་གར་སྐྱེས་སོ་ཅོག་ན་ཡང་དེ་དག་ལས་མ་སྐྱེས་པ་མེད་པས་ན་འགྲོ་བ་དྲུག་གི་སེམས་ཅན་བདག་གི་ཕ་མ་ཡིན་ཏེ། དེ་བསད་ཅིང་ཟོས་ན་བདག་གི་ཕ་མ་བསད་དོ། །གཅིག་ཏུ་ན་བདག་གི་ལུས་རྙིང་པ་བསད་དོ། །ས་དང་ཆུ་ཐམས་ཅད་ནི་བདག་གི་ལུས་སྔ་མ་ཡིན་ནོ། །མེ་དང་རླུང་ངོ་ཅོག་ནི་བདག་གི་གཟུགས་ཀྱི་ཕྱི་མོ་ཡིན་པས་རྟག་པར་གསོན་པོར་བཏང་བའི་ལས་བྱེད། གར་སྐྱེས་གར་སྐྱེས་ཀྱང་སེམས་ཅན་གསོད་པ་མཐོང་ན་ཐབས་སྤྱད་དེ་བདག་གིས་འོར་བ་དང་ར་མདའ་བྱས་ཏེ། ཉོན་མོངས་ཤིང་ཕོངས་པ་ཐར་བར་བྱའོ། །རྟག་པར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་བཤད་དེ་བསྟན་བསླབས་ནས་སེམས་ཅན་ཐར་པའི་ར་མདའ་བྱའོ། །ཕ་མ་དང ། བུ་ཕོ་དང་ནུ་བོ་ཞིག་ཤི་ན་དེ་ཉིན་པར་ཆོས་ཀྱི་མཁན་པོ་གཉེར་ཏེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་བཤད་ན་དེའི་བསོད་ནམས་ཀྱིས་ཤི་བ་དེ་སངས་རྒྱས་ཐམས་ཅད་དང་ཕྲད་དེ་མཐོ་རིས་སུ་སྐྱེའོ། །དེ་ལྟར་མ་བྱས་ན་ལྟུང་བའོ། །ཆོས་ཀྱི་རྒྱ་མོ། བམ་པོ་གཉིས་པ་སྟེ་ཐ་མ། འདི་ལྟ་སྟེ། ཚུལ་ཁྲིམས་འདི་བཅུ་བསླབས་ན་སེམས
61.86a
གུས་པར་གཟུངས་སུ་གཟུང་བའི་རིགས་སོ། །སྡིག་བཀྲུ་བའི་ལེའུའི་ནང་ནས་ཀྱང་ཚུལ་ཁྲིམས་གཅིག་པུ་གཅིག་ནས་རྒྱ་ཆེ་ཞིང་གསལ་བར་བཤད་དོ། །སངས་རྒྱས་ཀྱིས་སངས་རྒྱས་ཀྱི་བུ་ལ་བཀའ་སྩལ་པ། ཁྲོས་པའི་ལན་ཁྲོས་པས་མི་གླན། བརྡེག་པའི་ལན་བརྡེག་པས་མི་བླན། ཕ་མ་དང ། ཕུ་ནུ་བོ་གཉེན་རྣམ་དྲུག་བསད་ཀྱང་ཤ་གླན་དུ་མི་རུང་ངོ ། །གཞན་ཞིག་གིས་བདག་གི་རྒྱལ་པོ་གསད་ཀྱང་ཤ་གླན་དུ་མི་རུང་ངོ ། །སྲོག་གཅོད་ཅིང་ཤ་གླན་ན་སྲི་ཞུའི་ཆོས་དང་འགལ་ལོ། །བྲན་ཕོ་སྨོས་ལ་ངག་ངན་པས་སྤྱོས་ཤིང་བརྡེགས་ལ་ཉིན་གཅིག་ཅིང་ལས་ངན་པ་རྣམ་གསུམ་སྤྱོད་པ་ལ་ཡང་སྡིག་གྲངས་མེད་ན་ཆེད་ཀར་ལོག་པ་སྣ་བདུན་གྱི་སྡིག་བྱས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ལ་སྙིང་རྗེ་མེད། གཉེན་རྣམ་དྲུག་ལ་སོགས་པའི་ཤ་བླན་པ་ཆེད་ཀར་བྱེད་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་གདོད་མ་དང་པོ་རབ་ཏུ་བྱུང་སྟེ། ཇི་འང་མི་ཤེས་པར་བདག་དབང་པོ་རྣོ་ལ་འཛངས་པར་རློམ་ཞིང་ལ་ལ་ནི་ལོ་གྲངས་རྒན་ཞིང་ཕྱུག་བཙན་སྙེམས་ཏེ། ལ་ལ་རུས་ཆེ་ཞིང་ཐབས་མཐོ་བ་དང ། མང་དུ་ཤེས་པ་དང ། དབང་ཆེ་བ་དང ། ནོར་རིན་པོ་ཆེ་སྣ་བདུན་མང་དུ་བདོག་པས་རྒྱགས་དྲེགས་སྔན་ཆད་ཆོས་ཤེས་པའི་མཁན་པོ་ལ་ཡི་གེ་དང ། ཚུལ་ཁྲིམས་མི་གསོལ། མི་ནོད། ཆོས་ཀྱི་མཁན་པོ་ལ་ལ་ནི་རུང་ཆུང ། ལ་ལ་ནི་ནས་གཞོན། ལ་ལ་ནི་ཐབས་ཆུང ། ལ་ལ་ནི་དབུལ། ལ་ལ་ནི་དབང་པོ་མ་ཚང་ཡང་ལེགས་པའི་ཆོས་དབེན་པ་ཡོད་དེ། ཆོས་ཀྱི་ཡི་གེ་དང ། ཚུལ་ཁྲིམས་སོ་ཅོག་ཟད་པར་ཤེས་ན་བྱང་ཆུབ་སེམས་དཔའ་གསར་དུ་སློབ་བོ། །ཆོས་ཀྱི་སློབ་དཔོན་མ་རིག་པ་དང ། ཐབས་ལ་འཕྲལ་གང་དུ་བལྟས་ཤིང་ཆོས་ཀྱི་མཁན་པོ་ལ་ཡང་དག་པའི་བདེན་པ་གཞུང་ངོ་ཅོག་གསོལ་ཞིང་ནོད་དུ་མ་འོངས་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་སངས་རྒྱས་འདས་པའི་ཕྱི་ན་སེམས་དགེ་བས་སངས་རྒྱས་ཀྱི་ཚུལ་ཁྲིམས་འདོད་ཅིང་ནོད་ན་སངས་རྒྱས་དང །
61.86b
བྱང་ཆུབ་སེམས་དཔའི་གཟུགས་ཀྱི་སྤྱན་སྔར་བདག་གི་སེམས་ལ་ཡི་དམ་བཅས་ཏེ། ཞག་བདུན་གྱི་བར་དུ་སངས་རྒྱས་ཀྱི་སྤྱན་སྔར་མཐོལ་ཚངས་བྱས་ལ། ལྟས་བཟང་པོ་མཐོང་བ་ནི་ཚུལ་ཁྲིམས་ཐོབ་བོ། །ལྟས་བཟང་པོ་མ་མཐོང་བ་ནི་ཞག་བདུན་གཉིས། བདུན་གསུམ། ལོ་གཅིག་གི་བར་དུ་ལྟས་བཟང་པོ་མཐོང་བའི་དྲོད་ཀྱིས་གཟུང་ངོ ། །ལྟས་བཟང་པོ་མཐོང་ནས་སངས་རྒྱས་དང ། བྱང་ཆུབ་སེམས་དཔའི་གཟུགས་ཀྱི་སྤྱན་སྔར་ཚུལ་ཁྲིམས་མནོད་དོ། །ལྟས་བཟང་པོ་མ་མཐོང་ན་སངས་རྒྱས་དང ། བྱང་ཆུབ་སེམས་དཔའི་གཟུགས་ཀྱི་སྤྱན་སྔར་ཚུལ་ཁྲིམས་མནོད་ཀྱང་མིང་ཚུལ་ཁྲིམས་ཐོབ་པ་ཞེས་མི་བྱའོ། །ལ་ལ་ཞིག་གིས་སྔོན་ཆད་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་མནོས་པའི་མདུན་དུ་ནོད་ན་ལྟས་བཟང་པོ་མི་དགོས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་མཁན་པོ་གཅིག་ནས་གཅིག་ཏུ་བསྟན་པས་ན་ལྟས་བཟང་པོ་མི་དགོས་ཏེ། ཆོས་ཀྱི་མཁན་པོ་དེའི་མདུན་དུ་ཚུལ་ཁྲིམས་མནོས་ན་ཚུལ་ཁྲིམས་ཀྱང་ཐོབ་སྟེ་གུས་པའི་སེམས་སྐྱེའོ། །རྒྱང་གྲགས་སྟོང་ལམ་ཚུན་ཆད་ཚུལ་ཁྲིམས་སྦྱིན་ནུས་པའི་མཁན་པོ་མེད་ལ་སངས་རྒྱས་དང ། བྱང་ཆུབ་སེམས་དཔའི་གཟུགས་ཀྱི་སྤྱན་སྔར་ཚུལ་ཁྲིམས་ནོད་ན་ལྟས་བཟང་པོ་མཐོང་བར་དགོས་སོ། །ཆོས་ཀྱི་མཁན་པོ་ལ་ལ་ཞིག་བདག་ཐེག་པ་ཆེན་པོའི་ཡི་གེ་དང ། ཚུལ་ཁྲིམས་ཤེས་པ་དང ། རྒྱལ་པོ་དང ། རྒྱལ་བུ་དང ། བློན་པོ་རྣམས་བྱམས་ཤིང་མཛའ་བ་སྙེམས་ཏེ། བྱང་ཆུབ་སེམས་དཔའ་གསར་དུ་སློབ་པ་ཆོས་ཀྱི་ཡི་གེའི་ལུགས་དང ། ཚུལ་ཁྲིམས་ཀྱི་གཞུང་འདྲིར་འོངས་པ་ལ་བརྙས་པའི་སེམས་དང ། ངན་སེམས་དང ། ལེ་ལོའི་སེམས་ཀྱིས་གཅིག་པུ་གཅིག་པུ་ནས་འདྲི་བའི་ལན་མ་བླན་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་སངས་རྒྱས་ཀྱི་ཆོས་དང ། ཚུལ་ཁྲིམས་ཀྱི་ཡི་གེ་དང ། ཐེག་པ་ཆེན་པོའི་དྲང་པོའི་ཆོས། དྲང་པོར་མཐོང་བ། དྲང་པོའི་ངོ་བོ་ཉིད། དྲང་པོའི་ཆོས་ཀྱི
61.87a
ལུས་ཀྱིས་འགྲུས་པར་སློབ་ཅིང་སྤྱོད་སྒོམ་མི་ནུས་པ་རྣམས་ནི་དཀོན་མཆོག་བདུན་བདུན་བཏང་སྟེ། སླར་ལོག་པར་བལྟས་ཏེ་ཐེག་པ་ཆུང་ངུ་རྣམ་གཉིས་དང ། མུར་འདུག་གི་ཆོས་དང ། མ་རབས་ཀྱི་གཞུང་ལ་བསྟེན་པ་དང ། ་བྷི་དྷརྨ་བཤད་པ་སློབ་པ་དང ། ཐེག་པ་ཆུང་ངུའི་ཡི་གེ་དང ། འདུག་པར་སློབ་ན་དེ་ནི་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་ས་བོན་ཆད་པས་ལམ་འགོག་པས་བསྒྲིབས་པའི་རྒྱུ་རྐྱེན་གྱིས་བྱང་ཆུབ་སེམས་དཔའི་ལམ་མ་ཡིན་ནོ། །དེ་ལྟ་ན་ཆེད་ཀར་བྱས་པ་ནི་ལྟུང་བའོ། །སངས་རྒྱས་ཀྱི་བུ་སངས་རྒྱས་འདས་པའི་ཕྱི་ན་ཆོས་འཆད་པ་བདག་པོ་བྱེད་པ་དང ། དགེ་འདུན་གྱི་ཁྱིམ་བདག་པོ་དང ། སྟོན་ཅིང་འཕྲུལ་པའི་བདག་པོ་དང ། བསམ་གཏན་དུ་འཇུག་པའི་བདག་པོ་དང ། འགྲོ་ཞིང་འོངས་པའི་བདག་པོ་དང ། དེ་ལྟ་བུ་བྱེད་ན་བྱམས་པའི་སེམས་བསྐྱེད་ལ་མི་མཛའ་སྟེ། འཐབ་ཅིང་རྩོད་པ་ཡང་དགེ་བར་བསྡུམ་པའི་རིགས་སོ། །དཀོན་མཆོག་གསུམ་གྱི་ནོར་ཡང་དགེ་བར་བསྲུངས་ཏེ་མ་འོས་པར་མི་སྤྱད། བདག་གིས་བདག་གི་སྒོར་བབ་པ་དང་མཚུངས་པར་བྱའོ། །དེ་ལ་ལས་ལོག་པར་མང་པོ་འགྲུབ་ཅིང་འབད་པ་དང ། རང་ཉམས་ཀྱི་སེམས་ཀྱིས་དཀོན་མཆོག་གསུམ་གྱི་ནོར་སྤྱད་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་སྔན་ཆད་དགེ་འདུན་གྱི་ཁྱིམ་གྱི་ནང་ན་འདུག་ལ་བྱང་ཆུབ་སེམས་དཔའ་དང ། དགེ་སློང་འདྲོན་པ་ཞིག་ཕྱིས་དགེ་འདུན་གྱི་ཁང་ཁྱིམ་དང ། མཁར་དང ། གྲོང་དང ། རྒྱལ་པོའི་ཁྱིམ་དང ། དབྱར་ཚུལ་དུ་ཞུགས་པའི་ཚེ་དང ། འཁོར་གྱི་ནང་དུ་འོངས་པ་མཐོང་ན་སྔ་ན་འདུག་པའི་དགེ་འདུན་གྱིས་འོང་ན་ནི་བསུ་འགྲོ་ན་ནི་བསྐྱལ་ཏེ་ཟས་ཀྱི་བསྟི་སྟང་དང ། ཁང་ཁྱིམ་དང་ཉལ་བའི་མལ་ཆ་དང ། ཁྲི་དང ། སྣ་སྣ་ནས་སྦྱར་ཏེ་སྦྱིན་ནོ། །ལ་ལ་ཞིག་བདག་ལ་ནོར་མེད་ན་བདག་གི་ལུས་དང ། བུ་ཕོ་དང ། བུ་མོ་དག་བཙོངས་ཏེ། ཅི་འདོད་པ་ཀུན་སྦྱར་ཏེ་སྦྱིན་དགོས་སོ། །སྦྱིན་བདག་ལ་ལ་ཞིག་འོངས་ཏེ། དགེ་འདུན་ཕལ་དང ། དགེ་འདུན་གྱི་འདྲོན་པ་ཞིག་གཉེར་ཏེ། ཡོན་གྱི་ནོར་སྐལ་བ་ཡོད
61.87b
པའི་སར་དགེ་འདུན་ཁྱིམ་བདག་པོས་དགེ་འདུན་འདྲོན་པའི་རྣམས་རིམ་གྱིས་གཉེར་བ་བཏང་སྟེ། དེ་ལས་དགེ་འདུན་སྔ་ནས་འདུག་པས་བདག་འབའ་ཞིག་གཉེར་བར་སོང་སྟེ། དགེ་འདུན་འདྲོན་པ་མ་བཏང་ན་དགེ་འདུན་གྱི་ཁྱིམ་གྱི་བདག་པོ་སྡིག་གྲངས་མེད་པར་ཐོབ་སྟེ་བྱོལ་སོང་དང་མཚུངས་སོ། །དགེ་སྦྱོང་མ་ཡིན་ཤཱཀྱའི་རིགས་ཀྱི་ས་བོན་ཡང་མ་ཡིན་ཏེ། དེ་ལྟར་བྱས་པ་ནི་ལྟུང་བའོ། །སངས་རྒྱས་ཀྱི་བུ་ཅི་ཡང་གོ་རིམས་སུ་མ་བབ་པར་ལོགས་ཤིག་ཏུ་ཡོན་བླངས་ཤིང་བདག་གིར་བཀུར་དུ་མི་རུང་ངོ ། །དེ་ལྟ་བུའི་ཡོན་གྱི་ནོར་རྫས་ནི་ཕྱོགས་བཅུའི་དགེ་འདུན་དབང་སྟེ། དེ་ལ་ལོགས་ཤིག་ཏུ་མནོས་ཤིང་ཁྱེར་ན་ཕྱོགས་བཅུའི་དགེ་འདུན་གྱི་ནོར་བདག་གི་སྒོར་ཁྱེར་ན་བསོད་ནམས་རྣམ་པ་བརྒྱད་དང ། སངས་རྒྱས་དང ། འཕགས་པ་རྣམས་དང ། མཁན་པོ་དང ། དགེ་འདུན་དང ། ཕ་མ་དང ། ནད་པའི་རྫས་བདག་གིས་སྤྱད་ཀྱིས་ལྟུང་བའོ། །སངས་རྒྱས་ཀྱི་བུ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དང ། རབ་ཏུ་མ་བྱུང་བའི་སྦྱིན་བདག་གིས་དགེ་འདུན་གཉེར་ཏེ། བསོད་ནམས་བསྐྱེད་ཅིང་སྨོན་ལམ་གསོལ་ན་དགེ་འདུན་གྱི་ནང་དུ་སོང་ན་དགེ་སྐོས་ལ་དྲིས་ཏེ། དེ་རིང་གོ་རིམས་གང་ལ་བབ་པ་གཉེར་ན་ཕྱོགས་བཅུའི་འཕྲུལ་གྱི་དགེ་འདུན་འཐོབ་བོ། །གུད་ནས་དགྲ་བཅོམ་པ་དང ། བྱང་ཆུབ་སེམས་དཔའ་དང ། དགེ་འདུན་ལྔ་བཅུ་གཉེར་བ་བས་གོ་རིམས་སུ་བབ་པའི་དགེ་འདུན་ཐ་མལ་པ་གཅིག་གཉེར་བ་བསོད་ནམས་ཆེའོ། །དེ་ལས་དགེ་འདུན་གཞན་གཉེར་བ་ནི་མུར་འདུག་ངན་པའི་ཆོས་སོ། །སངས་རྒྱས་བདུན་ལ་ནི་གུད་ནས་གཉེར་བའི་ཆོས་མེད་དོ། །སྲི་ཞུའི་ལམ་དང་འགལ་བས་གུད་ནས་དགེ་འདུན་གཉེར་བ་ནི་ལྟུང་བའོ། །སངས་རྒྱས་ཀྱི་བུ་ངན་སེམས་སྤྱད་དེ་གསོ་བའི་ཁེའི་ཕྱིར་ཕོ་སྨོས་ཀྱི་གཡེམ་པ་འཚོང་བའི་བདག་དར་ཅིང་ཟན་བྱེད་པ་དང ། བདག་རྡུང་བ། བདག་འདུ་བ་ཕོ་སྨོས་ཀྱི་མཚན་ལྟ་རྨི་ལམ་བཟང་ངན་འགྲོ་ལ་ཕོ་ཞེས་ཟེར། མོ་ཞེས་ཟེར། ལོག་པའི་ཆོས་ཀྱི་སྔགས་སྒྱུ་མ་རང་བཟོར་ཟེར། དགྲ་བསླབ་པའི་ཆོས་བྱེད། དུག་གོ་ཅོག་སྦྱོར་ཞིང་བྱེད་ལ
61.88a
དུག་རྩི་རྣམ་པ་བརྒྱ་སྟོང་བྱེད་དེ་སྦྲུལ་དུག་།གསེར་དངུལ་མ་བཏུལ་བའི་དུག་དང ། བྱད་སྟེམས་ལ་སོགས་པ་སྙིང་རྗེ་ཡོང་མེད་པ་ལྟ་བུ་ཆེད་ཀར་བྱས་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་ངན་སེམས་བསྐྱེད་དེ། བདག་གི་ལུས་ཀྱིས་དཀོན་མཆོག་གསུམ་ལ་སྐུར་བ་བྱས་ཏེ་གཞན་ལ་གཉེན་སྒྱུ་མ་སྨོས་ཏེ། ཁ་ནི་སྟོང་པ་འཆད། ལས་ནི་ཡོད་པའི་ལས་བྱེད་ལ། ཐ་མལ་པའི་བུད་མེད་དང ། སྐྱེས་པའི་སྨྱན་བྱེད་ཅིང་མི་ཚངས་པར་སྤྱོད་པར་སྦྱོར་ཏེ། ཅི་ལ་འང་མི་འཇིགས་ཤིང་ཆགས་པ་མེད། དུས་དྲུག་ཏུ་མཆོད་སྟོན་བྱེད་པའི་ཉི་མ་དང ། ལོ་གཅིག་ལ་ཟླ་བ་གསུམ་གསུམ་མཆོད་སྟོན་རྟག་ཏུ་བྱེད་པའི་ཚེ་སེམས་ཅན་གསོད། རྐུན་པོ་དང ། ཆོམ་པོ་བྱེད་ཅིང་མཆོད་སྟོན་གྱི་ཚུལ་ཁྲིམས་བཤིག་པ་ནི་ལྟུང་བའོ། །ཚུལ་ཁྲིམས་འདི་བཅུ་བསླབས་ལ་རྟག་པར་གཟུངས་སུ་གཟུང་བའི་རིགས་སོ། །ཁྲིམས་གཟུང་བའི་ལེའུའི་ནང་ནས་ཀྱང་རྒྱ་ཆེར་མངོན་པར་བཤད་དོ། །སངས་རྒྱས་ཀྱིས་བཀའ་སྩལ་པ། སངས་རྒྱས་ཀྱི་བུ་སངས་རྒྱས་འདས་པའི་ཕྱི་ན་ངན་པའི་དུས་ལ་མུར་འདུག་དང ། མི་ངན་པའོ་ཅོག་དང ། རྐུན་པོ་ཆེན་པོས་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཕ་མ་དང་མཚུངས་པའི་གཟུགས་འཚོང་བ་མཐོང་ངམ། ཆོས་དང་ཚུལ་ཁྲིམས་ཀྱི་ཡི་གེ་འཚོང་བ་མཐོང་ངམ། དགེ་སློང་དང ། དགེ་སློང་མ་འཚོང་ངམ། གཅིག་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་འཚོང་བ་དང ། ལ་ལ་ཞིག་སྙིང་རྗེའི་ལས་ལ་མངགས་པའི་འབྲང་ནས་བྲན་ཕོ་བྲན་མོར་བྱས་པ་ཞིག་བྱང་ཆུབ་སེམས་དཔས་དེ་ལྟ་བུ་མཐོང་ན་བྱམས་པའི་སེམས་བསྐྱེད་དེ། ཐབས་ཀྱིས་ར་མདའ་དང ། སྐྱབས་བྱས་ཏེ་གནས་གནས་ན་འཁོད་དོ་ཅོག་ཀྱང་སླར་སློབ་ཅིང་སྟོན་ཅིག་།སངས་རྒྱས་དང ། བྱང་ཆུབ་སེམས་དཔའི་གཟུགས་དང ། དགེ་སློང་དང ། དགེ་སློང་མ་དང ། ཆོས་དང ། ཚུལ་ཁྲིམས་ཀྱི་ཡི་གེ་ཐམས་ཅད་ནོར་ཡོད་ན་ནོར་གྱིས་སླུས་ཤིག་དེ་ལྟར་མ་སླུས་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་འཆང་དུ་མི་གནང་བ་ལ་མཚོན་ཆ་དང ། མདའ་གཞུ་འཆང་བ་དང །
61.88b
ཚོང་སྤོགས་བྱེད་པ་དང ། སྲང་དང་བྲེ་ཆེ་ཆུང་འཆང་བ་དང ། རྩ་ལག་སྙེམས་ཤིང་མི་གཞན་ལ་ནོར་ལེན་པ་དང ། སེམས་ཅན་ལ་ཕྲག་དོག་བྱེད་དེ། ཕ་ལོག་པོ་བཅིངས་དྲགས་བྱས་པ་དང ། ངོ་སོ་དོན་དུ་ཡོད་པ་ཞིག་བཏང་བྱི་ལ་དང ། སེལ་བྱི་དང ། ཁྱི་དང ། ཕག་དང ། བྱ་འཆང་ཞིང་གསོར་མི་རུང་ངོ ། །དེ་ལྟ་བུ་ཆེད་ཀར་གསོས་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་ངན་སེམས་བསྐྱེད་དེ་ཕོ་སྨོས་ལ་སོགས་པ་འཐབ་བོ་ཅོག་ལ་ལྟ་བ་དམག་གི་གཡུལ་དང་དགྲ་ཆེན་པོ་བྱེད་པ་ལ་སོགས་པ་ལ་བལྟར་མི་རུང་ངོ ། །ཡང་གཅིག་ཏུ་དུང་འབུད་པ་དང ། རྔ་གླིང་དང ། གྱིམ་ཤིང་དང ། ཛེང་དང ། གླིང་བུ་དང ། ཀོང་ཧིའུ་དང ། གླུ་ལེན་པ་དང ། རོལ་མོའི་སྒྲ་ལ་མཉན་དུ་མི་རུང་ངོ ། །ཆོ་ལོ་དང ། མིག་མངས་དང ། པར་སིག་གི་རྩེད་མོ་དང ། ར་འབྲི་ལུག་གི་དམག་གི་རྩེད་མོ་དང ། ཕོ་ལོང་རྡོབ་པ་དང ། རྡོ་འཕེན་གྱིས་རྩེ་བ་དང ། བུམ་བུ་ལ་རྡེའུ་འཕེན་པ་དང ། ཁྲས་བྱེད་པ་དང ། མེ་ལོང་བྲུད་པ་བྱར་མི་རུང་ངོ ། །རྩ་ཙི་ཚའུ་དང ། རྒྱ་ལྕང་དང ། ཕོར་ཁ་རུབ་དང ། མིའི་ཐོད་པ་དང ། དེ་རྣམས་ལ་མོ་གདབ་ཏུ་མི་རུང་ངོ ། །རྐུན་པོའི་ཐན་གྱི་ཕོ་ཉ་ལ་སོགས་པ་གཅིག་ཀྱང་བྱར་མི་རུང་ངོ ། །དེ་ལྟར་ཆེད་ཀར་བྱས་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་ཚུལ་ཁྲིམས་ཐུབ་པར་བཟུང་བའི་རིམ་གྲོ་བྱས་ན་འགྲོ་ཉལ་འདུག་ལངས། ཉིན་མཚན་དུས་དྲུག་ཏུ་ཚུལ་ཁྲིམས་ཁ་ཏོན་ཀླགས་ན་རྡོ་རྗེ་དང་མཚུངས་སོ། །རྐྱལ་པ་ཐོགས་པ་མཚོ་ཆེན་པོ་རྒལ་བ་དང་མཚུངས་སོ། །གཅིག་ཏུ་ན་དགེ་སློང་རྩཝས་བཅིངས་པ་དང་མཚུངས་ཏེ། ཐེག་པ་ཆེན་པོ་ལ་དགེ་ཞིང་ཡིད་ཆེས་པའི་སེམས་རྟག་པར་བསྐྱེད་ལ་བདག་གིས་ཤེས་པར་བསམ་པ་ང་ནི་ད་རུང་སངས་རྒྱས་སུ་མ་ཕྱིན་པའི་སངས་རྒྱས་སོ། །སངས་རྒྱས་ཀྱི་རྣམས་ནི་སངས་རྒྱས་སུ་ཕྱིན་པའི་སངས་རྒྱས་སོ་སྙམ་དུ་བྱང་ཆུབ་ཏུ་སེམས་བསྐྱེད་དེ་བར་མི་ཆད་པར་སེམས་ལ་བསམས་ལ་དེ་སྐད་ཅིག་གཅིག་ཐེག་པ་ཆུང་ངུ་གཉིས་དང ། མུར་འདུག་ལ་སེམས་ཀྱིས་བསམས་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་རྟག་པར་སྨོན་ལམ་ཐམས་ཅད་གསོལ་ལ། ཕ་མ་དང ། མཁན་པོ་དང ། དགེ་འདུན
61.89a
དང ། དཀོན་མཆོག་གསུམ་ལ་སྲི་ཞུ་ཆེ་ཞིང་ཡིད་དང་མི་འགལ་བར་སྨོན། རྟག་པར་མཁན་པོ་མཁས་པ་དང ། ཚངས་པར་སྤྱོད་དུ་མཚུངས་པའི་དགེ་བའི་བཤེས་གཉེན་དང་ཕྲད་དེ་རྟག་པར་བདག་ཐེག་པ་ཆེན་པོའི་ཡི་གེ་དང ། ཁྲིམས་དང ། གཡོ་ཞིང་ཕྱོགས་པ་བཅུ་དང ། བསྐྱེད་ཅིང་གསོ་གསོ་བ་བཅུ་དང ། ཆོས་རྡོ་རྗེ་དང་མཚུངས་པ་བཅུ་དང ། ས་བཅུ་ལ་སོགས་པ་བདག་བྱེད་ཅིང་ཤེས་ལ་ཆོས་བཞིན་དུ་ལས་བྱེད་པར་སྨོན་ཏོ། །སངས་རྒྱས་ཀྱི་བུ་ཚུལ་ཁྲིམས་བཟུང་ལ་སྲན་ཐུབ་པར་བྱ་བ་ནི་ལུས་དང་སྲོག་ཀྱང་བོར་ཏེ་སེམས་ལ་སེམས་པའི་བར་མི་གཅད་པར་སེམས་བསམ་མོ། །དེ་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་འདི་ལྟ་བུའི་སྨོན་ལམ་མ་བསྐྱེད་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་སྨོན་ལམ་ཆེན་པོ་བཅུ་སྨོན་པའི་འོག་ཏུ་སངས་རྒྱས་ཀྱི་ཚུལ་ཁྲིམས་གཟུངས་སུ་བཟུང་སྟེ་སྨོན་ལམ་འདི་བཞིན་དུ་གདབ་བོ། །བདག་གི་ལུས་འདི་མེ་ཆེན་པོའི་ནང་དུ་ཚིག་ཀྱང་རུང་ཁུང་ཟབ་མོ་དང ། རལ་གྲིའི་རི་ལ་སོང་ཡང་རུང་སྟེ་དུས་གསུམ་གྱི་སངས་རྒྱས་ཀྱི་དམ་པའི་ཆོས་ཀྱི་ཡི་གེ་དང ། ཚུལ་ཁྲིམས་མཐར་མི་ཞིག་པ་དང ། ནམ་དུ་ཡང་མི་ཞིག་པ་བུད་མེད་ཐམས་ཅད་སོགས་པ་མི་བྱེད་པར་སྨོན་ཏོ། །གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ། །ལྕགས་བསྲེག་པའི་དྲ་བ་དང ། དེ་ལྟ་བུ་རྒྱ་མོ་རིམ་པ་སྟོང་གིས་བསྐོར་ཏེ་ལུས་དཀྲིས་ཀྱང་མཐར་ཡུན་དུ་ཚུལ་ཁྲིམས་དྲལ་བའི་ལུས་ཀྱིས་དད་པའི་སྦྱིན་བདག་གི་གོས་ཐམས་ཅད་མི་བགོ་བར་སྨོན་ཏོ། །ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ། །ཁ་འདིའི་ནང་དུ་ལྕགས་ཀྱི་ཐུ་ལུམ་བསྲེགས་པ་དང ། མེ་ཆུ་བཞིན་དུ་བབ་སྟེ་འོང་བ་ལ་བསྐལ་པ་བརྒྱ་སྟོང་གི་བར་དུ་ལོན་ཀྱང་ཚུལ་ཁྲིམས་བཤིག་པའི་ཁས་དད་པའི་སྦྱིན་བདག་གི་ཟས་ཐམས་ཅད་མི་ཟ་བར་སྨོན་ཏོ། །ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ། །ལུས་འདི་མེ་ཆེན་པོས་བསྲེགས་པའི་ལྕགས་ཀྱི་དྲ་བ་དང ། ལྕགས་བསྲེགས་པའི་ཚ་བའི་སྟེང་དུ་བསྙལ་ཀྱང་ཚུལ་ཁྲིམས་དྲལ་བའི་ལུས་ཀྱིས་དད་པའི་སྦྱིན་བདག
61.89b
གི་ཁྲིའོ་ཅོག་གི་སྟེང་དུ་མི་འདུག་པར་སྨོན་ཏོ། །ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ། །ལུས་འདི་བསྐལ་པ་གཅིག་གཉིས་ཀྱི་བར་དུ་མདུང་རྩེ་ཁ་གསུམ་པ་སུམ་བརྒྱས་གཙགས་ཀྱང་རུང་སྟེ། མཐར་ཚུལ་ཁྲིམས་བཤིག་པའི་ལུས་ཀྱིས་དད་པའི་སྦྱིན་བདག་གི་རྩི་སྨན་ཐམས་ཅད་མི་ཟ་བར་སྨོན་ཏོ། །ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ། །ལུས་འདིས་བསྐལ་པ་སྟོང་གི་བར་དུ་ལྕགས་ཀྱི་ཟངས་པོ་ཆེ་ཚ་བའི་ནང་དུ་བཅུག་ཀྱང་རུང་སྟེ། མཐར་ཚུལ་ཁྲིམས་དྲལ་བའི་ལུས་ཀྱིས་དད་པའི་སྦྱིན་བདག་གི་ཁང་ཁྱིམ་མོ་ཅོག་དང ། ལྡུམ་ར་དང ། བསྐྱེད་ཤིང་དང ། ཞིང་གི་སྟེང་དུ་མི་འདུག་པར་སྨོན་ཏོ། །ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ། །ལུས་འདི་མགོ་ནས་རྐང་པའི་བར་དུ་ལྕགས་ཀྱི་གཏུན་བུས་བརྡུངས་ཏེ་རྡུལ་ཕྲ་མོ་བཞིན་དུ་སོང་ཡང་ཁྲིམས་དྲལ་བའི་ལུས་སེམས་ཡིད་ཆེས་པའི་སྦྱིན་བདག་གིས་འགྲུས་ཤིང་གུས་པར་ཕྱག་མི་འཚལ་བར་སྨོན་ཏོ། །ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ། །སྟོང་ཕྲག་བརྒྱའི་ལྕགས་བསྲེགས་པའི་རལ་གྲི་དང ། མདུང་རྩེས་མིག་གཉིས་བྲུས་ཤིང་བཙགས་ཀྱང་ཚུལ་ཁྲིམས་བཤིག་པའི་སེམས་ཀྱིས་ཕ་ལོགས་ཀྱི་ཁ་དོག་བཟང་པོ་ལ་མི་ལྟ་བར་སྨོན་ཏོ། །ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ། །ལྕགས་ཀྱི་སྨྱུང་བུ་སྟོང་ཕྲག་བརྒྱས་བསྐལ་པ་གཅིག་གཉིས་ཀྱི་བར་དུ་ལུས་ཀྱི་ཆུ་བ་དང ། རྣ་བའི་རྩ་བར་བཙུགས་ཀྱང་ཐ་མར་ཁྲིམས་དྲལ་བའི་སེམས་ཀྱིས་རོལ་མོ་སྙན་པ་ལ་མི་མཉན་པར་སྨོན་ཏོ། །ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ། །བསྐལ་པ་སྟོང་ཕྲག་བརྒྱའི་བར་དུ་རལ་གྲིས་སྣ་བཅད་ཅིང་གཞོགས་ཀྱང་ཁྲིམས་དྲལ་བའི་སེམས་ཀྱིས་སྤོས་སོ་ཅོག་ལ་མི་སྣོམ་པར་སྨོན་ཏོ། །ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ། །བསྐལ་པ་བརྒྱ་སྟོང་གི་བར་དུ་ལྕེ་རལ་གྲིས་བཅད་གཏུབས་ཀྱང་ཁྲིམས་དྲལ་བའི་སེམས་ཀྱིས་མིའོ་ཅོག་གི་ཁ་ཟས་གཙང་མའོ་ཅོག་ལ་མི་བཟའ་བར་སྨོན་ཏོ། །ཡང་གཅིག་ཏུ་སྨོན་ལམ་འདི
61.90a
ལྟར་སྨོན་ཏོ། །སྟ་རེ་རྣོན་པོས་ལུས་བཅད་གཏུབས་ཀྱང་མཐར་ཁྲིམས་དྲལ་བའི་སེམས་ཀྱིས་རེག་པའི་བཟང་པོ་ལ་མི་བརྐམ་མི་ཆགས་པར་སྨོན་ཏོ། །ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ། །སེམས་ཅན་ནོ་ཅོག་སངས་རྒྱས་སུ་ཡོད་པར་སྨོན་ཏོ། །བྱང་ཆུབ་སེམས་དཔའ་འདི་ལྟ་བུའི་སྨོན་ལམ་མ་བསྐྱེད་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་རྟག་པར་དུས་གཉིས་སུ་སྦྱངས་པའི་ཡོན་ཏན་པ་དགུན་དང ། དབྱར་བསམ་གཏན་དུ་འཇུག་པ་དང ། ཚུལ་ཁྲིམས་སུ་འཇུག་པ་སོ་ཤིང་དང ། སྲན་ཕྱེ་དང ། ཆོས་གོས་གསུམ་དང ། རིལ་བ་དང ། ལྷུང་བཟེད་དང ། གདིང་བ་དང ། གསིལ་བྱེད་དང ། པོག་ཕོར་དང ། ཆུ་ཚགས་དང ། ལག་ཕྱིས་དང ། གྲི་དང ། གཙུབ་ཤིང་དང ། གཙུབ་སྟན་དང ། སྨང་ཚེར་དང ། ཐ་གུའི་ཁྲི་དང ། དར་མ་དང ། ཁྲིམས་དང ། སངས་རྒྱས་ཀྱི་བུ་སྦྱངས་པའི་ཡོན་ཏན་སྤྱད་པའི་ཆ་གྲོང་རྒྱུ་བའི་ཚེ་འགྲོ་ཞིང་འོངས་ན་རྒྱང་གྲགས་བརྒྱ་སྟོང་དུ་འགྲོ་ན་ཡོ་བྱད་བཅཝ་བརྒྱད་རྟག་པར་ལུས་དང་མི་འབྲལ་ཏེ། སྦྱངས་པའི་ཡོན་ཏན་པ་ནི་དཔྱིད་ཟླ་ར་བ་ཚེས་བཅཝ་ལྔ་ནས་དཔྱིད་ཟླ་ཐ་ཆུངས་ཚེས་བཅཝ་ལྔའི་བར་དུའོ། །སྟོན་ཟླ་འབྲིང་པོའི་ཚེས་བཅཝ་ལྔ་ནས་དགུན་ཟླ་ར་བ་ཉའི་བར་དུ་དུས་གཉིས་སུ་ཡོ་བྱད་བཅཝ་བརྒྱད་ལུས་དང་མི་འབྲལ། དཔེར་ན་བྱའི་འདབ་མ་དང་འདྲའོ། །དེ་སྟེ་གསོ་སྦྱིན་གྱི་ཉི་མ་ལ་གསར་དུ་སློབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཟླ་བ་ཕྱེད་ཕྱེད་ཅིང་ཁ་ཏོན་དུ་ཕས་ཕམ་པ་བཅུ་དང ། ལྟུང་བ་བཞི་བཅུ་རྩ་བརྒྱད་ཀྱི་ཁྲིམས་ཁ་ཏོན་དུ་ལྷོགས་ཤིག་།དེ་སྟེ་ཁྲིམས་ཀློག་པའི་ཚེ་སངས་རྒྱས་ཐམས་ཅད་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཟུགས་ཀྱི་སྤྱན་སྔར་གཟུགས་དང ། གཟུགས་བརྙན་གྱི་སྤྱན་སྔར་མི་གཅིག་གིས་ཁ་ཏོན་ཀླགས་ལ་གཅིག་གིས་འཐོལ་ཚངས་བྱ་སྟེ། གཅིག་གམ་གཉིས་སམ་གང་ཡང་རུང་སྟེ། སྟོང་བརྒྱ་དེ་ཡང་མི་གཅིག་གིས་ཁ་ཏོན་ཀློག་གོ། །ཁ་ཏོན་ཀློག་པ་ནི་ས་མཐོན་པོ་ལ་འདུག་ལ་ཉན་པ་ནི་དམའ་བ་ལ་འདུག་གོ། །སོ་སོ་ནས་ཆོས་གོས་ཚལ་བུ་དགུ་པ
61.90b
དང ། ལྔ་པ་དང ། བདུན་པ་བགོས་ཏེ་ཚུལ་དུ་འཇུག་པ་ནི་གཅིག་ནས་གཅིག་ཏུ་ཆོས་བཞིན་དུའོ། །སྦྱངས་པའི་ཡོན་ཏན་སྤྱོད་པའི་ཚེ་བགེགས་ཡོད་ཅིང་མི་བདེ་བའི་ནང་དུ་མ་འགྲོ་ཅིག་།ཡུལ་གྱི་བགེགས་དང ། རྒྱལ་པོ་མི་སྲུན་པ་དང ། ས་མཐོ་དམའ་དང ། རྩི་ཤིང་ཟབ་མོ་དང ། དབྱར་སེང་གེ་དང ། སྟག་དང ། སྤྱང་ཀི་དང ། ཆུ་སྟེ་རླུང་གི་བགེགས་དང ། རྐུན་པོ་ཆོམ་པོ་དང ། སྦྲུལ་གདུག་པའི་ལམ་ལ་སོགས་ཏེ། བགེགས་ཡོད་དོ་ཅོག་ཐམས་ཅད་དུ་སྦྱངས་པའི་ཡོན་ཏན་པ་འགྲོར་མི་རུང་ངོ ། །དེ་ལ་ཆེད་ཀར་སོང་ན་ནི་ལྟུང་བའོ། །སངས་རྒྱས་ཀྱི་བུ་ཆོས་འདི་བཞིན་དུ་རིམ་པས་འཁོད་ཅིག་།ཚུལ་ཁྲིམས་སྔར་ནོས་པ་ནི་སྔར་འདུག་ཤིག་།ཚུལ་ཁྲིམས་ཕྱིས་ནོད་པ་ནི་ཕྱི་ནས་འདུག་ཤིག་།རྒན་གཞོན་མི་ལྟ། དགེ་སློང་ཕོ་དང ། དགེ་སློང་མོ་དང ། ཡ་རབས་དང ། བཙུན་པ་དང ། རྒྱལ་པོ་རྒྱལ་བུ་དང ། ཉུང་རུམ་དང ། བྲན་ཕོ་སྨོས་ལ་སོགས་པ་ཚུལ་ཁྲིམས་སྔར་ནོས་པ་ནི་སྔར་འདུག་ཤིག་།ཕྱིས་ནོས་པ་ནི་ཕྱིས་གོ་རིམས་བཞིན་དུ་འདུག་ཤིག་།མུར་འདུག་ངན་པ་དང ། མི་གླེན་པོ་བཞིན་དུ་རྒན་ཡང་རུང ། གཞོན་ཡང་རུང ། སྔ་མེད་ཕྱི་མེད་པའི་གོ་རིམས་མེད་པ་ནི་གཡུང་པོ་བྲན་གྱི་ཆོས་སོ། །ང་སངས་རྒྱས་ཀྱི་ཆོས་ཀྱི་ནང་ན་ནི་སྔ་མ་ནི་སྟེང་དུ་འདུག་།ཕྱི་མ་ནི་འོག་ཏུ་འདུག་གོ། །བྱང་ཆུབ་སེམས་དཔའ་ནི་ཆོས་བཞིན་དུ་གོ་རིམས་སུ་མ་འཁོད་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་རྟག་པར་སེམས་ཅན་ནོ་ཅོག་བསྟན་ཅིང་བཅོས་ཏེ། དགེ་འདུན་གྱི་ཁང་ཁྱིམ་བྱེད་ཅིང་རི་དང ། ཚལ་དང ། ར་བ་དང ། ཞིང་ལ་སངས་རྒྱས་ཀྱི་རྟེན་གྱི་ཁང་པ་བྱས་ལ་དབྱར་དགུན་དུ་ཚུལ་དང ། བསམ་གཏན་དུ་འཇུག་པའི་གནས་དང ། གཙང་མའི་འཆགས་འཛུགས་སུ་གཞུག་པའི་རིགས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་ནོ་ཅོག་གི་ཕྱིར་ཐེག་པ་ཆེན་པོའི་ཆོས་དང ། ཚུལ་ཁྲིམས་ཀྱི་ཡི་གེ་བཀྲོལ་བཤད་ན་ནམ་ན་ཚ་བྱུང་བ་དང ། ཡུལ་གྱི་བགེགས་དང ། དགྲའི་བགེགས་དང ། ཕ་མ་དང ། ཕུ་ནུ་བོ་དང ། མཁན་པོ་ལ་སོགས་པ་ཐོག
61.91a
མ་ཤི་བའི་དུས་དང ། བདུན་གསུམ་གྱི་ཉི་མ་དང ། བདུན་བཞིའི་ཉི་མ་དང ། བདུན་ལྔའི་ཉི་མ་དང ། བདུན་བདུན་གྱི་ཉི་མ་ལ་དེའི་ཕྱིར་ཐེག་པ་ཆེན་པོའི་ཡི་གེ་དང ། ཚུལ་ཁྲིམས་བཀྲོལ་བཤད་དེ། མཆོད་སྟོན་བྱས་ཏེ། དགེ་བའི་བསོད་ནམས་ཐོབ་པར་གསོལ་ཅིག་།འགྲོ་འོངས་ཀྱང་གསོན་པོའི་མཚོ་བསོད་ནམས་བྱེད་པ་ལ་མེ་ཆེན་པོས་བསྲེགས། ཆུ་ཆེན་པོས་ཁྱེར། རླུང་ནག་པོ་ཆེན་པོས་གྲུ་བུས་པ་དང ། གཙང་པོ་དང་མཚོ་ཆེན་པོའི་དགྲའི་བགེགས་ལ་སོགས་ཏེ། སྡིག་གོ་ཅོག་བགེགས་དང་ལན་གྱིས་ན་མཚམས་མེད་པ་བདུན། བགེགས་བརྒྱད། ལག་སྒྲིལ། རྐང་སྒྲིལ་ལྟུང་དང ། ལྕགས་དང་ལུས་བཅིངས་དྲགས་ཏེ། གཡེམ་ཞིང་ཁྲོ་བ་མང་པོ་དང ། བླུན་ཞིང་གླེན་པ་མང་པོ་དང ། ན་ཚའི་མང་པོའི་དགྲ་ཟུས་ན་ཀུན་གྱིས་ཀྱང་ཐེག་པ་ཆེན་པོའི་ཆོས་ཀྱི་ཡི་གེ་དང ། ཚུལ་ཁྲིམས་ཁ་ཏོན་ཀླགས་ཏེ་དགྲོལ་བཤད་དོ། །བྱང་ཆུབ་སེམས་དཔའ་གསར་དུ་སློབ་པ་འདི་བཞིན་མ་བྱས་ན་ལྟུང་བའོ། །ཚུལ་ཁྲིམས་འདི་དགུ་བསླབས་ལ་གུས་པར་རྟག་པར་གཟུངས་སུ་ཟུང་ཤིག་།སྙོམས་པའི་ཆོས་ཀྱི་ལེའུ་ལས་ཀྱང་རྒྱ་ཆེ་ཞིང་མངོན་པར་བཤད་དོ། །སངས་རྒྱས་ཀྱིས་སངས་རྒྱས་ཀྱི་བུ་ལ་བཀའ་སྩལ་པ། སངས་རྒྱས་ཀྱི་བུ་མི་ལ་ཚུལ་ཁྲིམས་ཤིག་སྦྱིན་ན་བྱེ་བྲག་དབྱེ་ཞིང་གདམ་དུ་མི་རུང ། རྒྱལ་པོ་དང ། རྒྱལ་བུ་དང ། བློན་པོ་ཆེན་པོ་དང ། བློན་པོ་ཕལ་དང་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང་དགེ་བསྙེན་མ་དང ། ཕོ་གཡེམ་མོ་གཡེམ་དང ། གཟུགས་ཀྱི་གནམ་བཅཝ་བརྒྱད་དང ། འདོད་པའི་ཁམས་ཀྱི་གནམ་དྲུག་དང ། དབང་པོ་མེད་པ་དང ། དབང་པོ་རྣམ་གཉིས་ཡོད་པ་དང ། ཉུང་རུམ་དང་བྲན་ཕོ་སྨོས་དང་ལྷ་མ་སྲིན་ལ་སོགས་ཏེ། ཐམས་ཅད་ཀུན་ཁྲིམས་མནོད་དུ་རུང་ངོ ། །ལུས་ལ་ཆོས་ཀྱི་གོས་བགོ་བ་རྣམས་ནི་ཁ་དོག་བསྒྱུར་བར་སྟོན་ལ་ཆོས་དང་འཐུན་པར་གྱིས་ཤིག་།ཁ་དོག་སེར་པོ་སྔོན་པོ་ནག་པོ་དམར་པོ། མལ་གོས་ཡན་ཆད་ཁ་དོག་བསྒྱུར་རོ། །ལུས་ལ་གོས་བགོའོ་ཅོག་ཚོས་ཏེ་ཁ་དོག
61.91b
སྒྱུར་ཅིག་།ཡུལ་ལོ་ཅོག་གི་ནང་ན་མིའི་གོས་སུ་བགོ་བ་ལ། དགེ་སློང་ངོ་ཅོག་གི་གོས་ནི་ཐ་མལ་པའི་གོས་དང་མི་མཐུན་ནོ། །ཐོག་མ་ཚུལ་ཁྲིམས་སྦྱིན་པའི་ཚེ་མཁན་པོས་དྲི་བ་ཁྱེད་ཚེ་འདི་ལ་ལོག་པ་བདུན་གྱི་སྡིག་བྱས་སམ་ཞེས་དྲིས་ཤིག་།ཆོས་ཀྱི་མཁན་པོ་བྱང་ཆུབ་སེམས་དཔའ་ནི་ལོག་པ་བདུན་བྱས་པ་ལ་ཚུལ་ཁྲིམས་སྦྱིན་དུ་མི་རུང་ངོ ། །ལོག་པ་བདུན་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ལུས་ལ་ཁྲག་ཕྱུང་བ་དང ། ཕ་མ་དང་མཁན་པོ་དང་སློབ་དཔོན་བསད་པ་དང ། ལུས་ཀྱི་ཚུལ་ཁྲིམས་གཙང་མ་བཤིག་པ་དང ། ཆོས་ཀྱི་འཁོར་ལོ་བསྐོར་བ་པའི་འཕགས་པ་གསོད་པ་ཡིན་ཏེ། འདི་རྣམ་བདུན་ཚང་བར་བྱས་ཏེ་བསྒྲིབས་པའི་ཚུལ་ལ་ཚུལ་ཁྲིམས་སྦྱིན་དུ་མི་རུང་ངོ ། །གཞན་ནི་ཐམས་ཅད་ཀྱང་ཚུལ་ཁྲིམས་སྦྱིན་དུ་རུང་ངོ ། །རབ་ཏུ་བྱུང་བའི་ཆོས་ནི་རྒྱལ་པོ་ལ་ཡང་ཕྱག་མི་འཚལ། ཕ་མ་ལ་ཡང་ཕྱག་མི་འཚལ། གཉེན་པ་རྣམ་པ་དྲུག་ལ་ཡང་ཞེ་ས་མི་བྱ། ལྷ་མ་སྲིན་ལ་ཡང་ཕྱག་མི་འཚལ་ལོ། །ཆོས་ཀྱི་མཁན་པོ་སྐད་ཤེས་པ་ཞིག་རྒྱང་གྲགས་སྟོང་གི་ལམ་ནས་འོངས་ཏེ། ཁྲིམས་གསོལ་བ་ཞིག་ཡོད་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་མཁན་པོས་ངན་སེམས་དང་ཁྲོ་བའི་སེམས་བསྐྱེད་དེ། སེམས་ཅན་ནོ་ཅོག་ལ་ཚུལ་ཁྲིམས་མ་བྱིན་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་ལ་བསྟན་བཅོས་ཏེ། ཡིད་ཆེས་པའི་སེམས་གཡོ་བར་བྱ་ན་བྱང་ཆུབ་སེམས་དཔས་གཞན་ཚུལ་ཁྲིམས་བསྟན་པའི་ཆོས་ཀྱི་མཁན་པོ་བྱས་ཏེ། ཚུལ་ཁྲིམས་མནོད་དུ་འོང་བའི་མི་ཞིག་མཐོང་ན་སྔར་མཁན་པོ་སློབ་དཔོན་གཉེར་དུ་ཐོང་ཤིག་།མཁན་པོ་གཉིས་ཀྱིས་ཀྱང་ཁྱེད་ལ་བདུན་གྱིས་བསྒྲིབས་པའི་སྡིག་ཡོད་དམ་དྲིས་ཤིག་།དེ་ལ་ཡང་ཚེ་འདི་ལ་བདུན་གྱིས་བསྒྲིབས་པའི་སྡིག་ཡོད་ན་མཁན་པོས་ཚུལ་ཁྲིམས་སྦྱིན་པ་མི་རིགས་སོ། །བདུན་གྱིས་བསྒྲིབས་པའི་སྡིག་མེད་ན་ཚུལ་ཁྲིམས་སྦྱིན་དུ་རུང་ངོ ། །ལ་ལ་ཞིག་གིས་ཚུལ་ཁྲིམས་བཅུ་བཤིག་པ་ཞིག་ཡོད་ན་མཐོལ་ཚངས་བྱེད་དུ་ཆུག་ཤིག་།སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཞལ་སྔར་ཉིན་མཚན་དྲུག་ཏུ་ཕམ་པ་བཅུ་དང ། ལྟུང་བ་བཞི་བཅུ་རྩ་བརྒྱད་ཀྱི་ཚུལ་ཁྲིམས་ཁ་ཏོན་དུ་ཀླགས་ལ་དུས་གསུམ་གྱི་སངས་རྒྱས་ལ་སེམས
61.92a
ཐག་པ་ནས་ཕྱག་འཚལ་བའི་ཚེ་ལྟས་བཟང་པོར་བྱ་དགོས་སོ། །དེ་ལ་ཉི་མ་བདུན་དང ། བདུན་གཉིས་དང ། བདུན་གསུམ་དང ། ལོ་གཅིག་ཚུན་ཆད་ལྟས་བཟང་པོ་མཐོང་དགོས་སོ། །ལྟས་བཟང་པོ་ཞེས་བྱ་བ་ནི་སངས་རྒྱས་གཤེགས་ཏེ། སྤྱི་བོ་ལ་བྱུགས་ཏེ། འོད་མཐོང་བ་དང ། མེ་ཏོག་མཐོང་བ་དང ། ལྟས་ཅི་ཡང་རུང་བ་བཟང་པོ་མཐོང་ན་མོད་ལ་སྡིག་འབྱིན་ཏོ། །དེ་ལ་ལྟས་བཟང་པོ་མེད་ན་མཐོལ་ཚངས་སུ་ཟིན་ཀྱང་མི་ཕན་ཏེ། དེའི་ཚེ་ལུས་ཀྱིས་ནི་ཚུལ་ཁྲིམས་མི་ཐོབ་བོ། །ལོ་དང་ཉི་མས་བསྟན་ཏེ་སྤོགས་ཏེ་བྱས་ལ། ལྟས་འོད་བྱུང་བ་དག་མཐོང་ན་ཚུལ་ཁྲིམས་མནོད་དུ་རུང་ངོ ། །ལ་ལ་ཞིག་གིས་ལྟུང་བ་བཞི་བཅུ་རྩ་བརྒྱད་བཤིག་པ་ནི་མཐོལ་ཚངས་བྱས་པའི་མོད་ལ་འབྱུང་སྟེ། བདུན་གྱིས་བསྒྲིབས་པ་དང་མི་མཚུངས་སོ། །དེ་བས་ན་ཚུལ་ཁྲིམས་སྟོན་པའི་མཁན་པོས་ཆོས་འདིའི་ནང་ནས་ཀྱང་གཅིག་ནས་གཅིག་ནས་ཁྲེལ་ན་མཁན་པོ་བྱའོ། །ཐེག་པ་ཆེན་པོའི་ཡི་གེ་དང ། ཚུལ་ཁྲིམས་ཡང་བ་དང ། ལྕི་བ་དང ། ཡིན་པ་དང་མ་ཡིན་པའི་གཟུགས་དམ་པ་མི་ཤེས་ན་གཞུང་གི་མཆོག་བདེན་པ་དང ། སྔ་མའི་རང་བཞིན་གྱི་ས་བོན་དང ། ད་ལྟར་བསྐྱེད་ཅིང་གསོ་བའི་རང་བཞིན་དང ། གཏན་མི་རླག་པའི་རང་བཞིན་དང ། ཆོས་ཀྱི་ས་བོན་གྱི་རང་བཞིན་དང ། དྲང་པོའི་རང་བཞིན་དང ། དེའི་ནང་ནས་རྟོགས་པ་དང ། དཔྱོད་པའི་རང་བཞིན་དང ། ཕྱི་ནང་གི་བསམ་གཏན་བཅུའི་ཡལ་ག་ལ་སོགས་ཏེ་ཆོས་ཀྱིས་ལས་བྱའོ། །ཆོ་ག་དང་ཚུལ་ཁྲིམས་དང ། ཆོས་ཀྱི་ཡི་གེ་འདི་གཅིག་ནས་གཅིག་ཁོང་དུ་མ་ཆུད་དེ། བྱང་ཆུབ་སེམས་དཔའ་གཡོ་བའི་ཁེ་དང ། མིང་སྙན་པ་འདོད་པའི་ཕྱིར་སློབ་མ་ལ་ཁེ་བརྐམ་པས། ངན་པ་བཙལ་ཏེ་མི་ཤེས་པ་ལ་སྒྱུ་མར་ཆོས་དང ། ཚུལ་ཁྲིམས་ཀྱི་ཡི་གེ་ཀུན་ཤེས་སོ། །ཞེས་ཟེར་ཞིང་ཡོན་ལེན་པའི་བདག་ལ་ཡང་བསླུས་ཤིང་བརྙས། གཅིག་ཏུ་ན་གཞན་ལ་ཡང་བསླུས་ཤིང་བརྙས་ཏེ། དེ་ལྟ་བུས་མི
61.92b
ལ་ཚུལ་ཁྲིམས་བྱིན་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་གསོ་བའི་ཁེ་འདོད་པའི་ཕྱིར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་མ་མནོས་པའི་མདུན་དུ་མུར་འདུག་དང ། མ་རབས་ཀྱི་མདུན་དུ་སངས་རྒྱས་སྟོང་གི་ཚུལ་ཁྲིམས་ཆེན་པོ་འདི་བཤད་དུ་མི་རུང་ངོ ། །ལོག་པར་ལྟ་བའི་མདུན་དུ་མི་རུང་ངོ ། །རྒྱལ་པོ་མ་གཏོགས་པ་གཞན་སུའི་མདུན་དུ་ཡང་བཤད་དུ་མི་རུང་ངོ ། །མི་ངན་པ་རྣམས་ཀྱིས་སངས་རྒྱས་ཀྱི་ཚུལ་ཁྲིམས་མ་མནོས་པ་ནི་མིང་བྱོལ་སོང་ཞེས་བྱའོ། །གར་སྐྱེས་གར་སྐྱེས་ཀྱང་དཀོན་མཆོག་གསུམ་མི་མཐོང་ཞིང་རྡོ་ཤིང་དང་མཚུངས་སེམས་མེད་དེ་མིང་ཆོས་ལོག་པ་ཞེས་བྱའོ། །ལོག་པ་ལ་ལྟ་བའི་རྣམས་ནི་ཤིང་དུམ་དང་མཚུངས་སོ། །བྱང་ཆུབ་སེམས་དཔའ་དེ་ལྟ་བུ་ངན་པའི་མདུན་དུ་སངས་རྒྱས་རབས་བདུན་གྱི་ཚུལ་ཁྲིམས་བཤད་དེ་བསྟན་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་སེམས་ཡིད་ཆེས་ཏེ་རབ་ཏུ་བྱུང་ན། སངས་རྒྱས་ཀྱི་ཚུལ་ཁྲིམས་དམ་པོ་མནོས་ལ་ཆེད་ཀར་སེམས་བསྐྱེད་དེ། འཕགས་པའི་ཚུལ་ཁྲིམས་བཤིག་ན་སྦྱིན་བདག་གོ་ཅོག་གི་ཡོན་བླང་དུ་མི་རུང་ངོ ། །གཅིག་ཏུ་ནི་རྒྱལ་པོའི་ཁབ་ཀྱིས་རིས་ལ་ཡང་འགྲོར་མི་རུང ། རྒྱལ་པོའི་ཆུ་ལ་ཡང་འཐུང་དུ་མི་རུང་སྟེ། འདྲེ་ཆེན་པོ་ལྔ་སྟོང་གིས་རྟག་པར་དེའི་མདུན་བཅད་ནས་འདྲེ་ན་རེ་དགྲ་ཆེན་པོ་ཁྱིམ་དང ། མཁར་དང ། ཡུལ་གྱི་ནང་དུ་འོངས་སོ་ཞེས་ཟེར་ཏེ། དེ་རྣམས་ཀྱིས་ཁོར་མོར་མི་དེའི་རྗེས་ཕྱགས་སོ། །འཇིག་རྟེན་ན་རེ་ཡང་སངས་རྒྱས་ཀྱི་ཆོས་ཀྱི་ནང་དུ་འགྲོའོ་ཞེས་ཟེར་ཏེ་མིག་གིས་མཐོང་དུ་འོང་མི་དགའོ། །ཚུལ་ཁྲིམས་བཤིག་པ་ནི་བྱོལ་སོང་དང་མཚུངས། ཤིང་དུམ་དང་མཚུངས་ཏེ། དྲང་པོའི་ཚུལ་ཁྲིམས་བཤིག་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་སེམས་གཅིག་ཏུ་བརྟུལ་ཏེ་རྟག་པར་གཟུངས་སུ་བཟུང་སྟེ་ཁ་ཏོན་དུ་ཡང་ཀློག་གོ། །ལྤགས་པ
61.93a
བཤུས་ཏེ་ནི་ཤོག་ཤོག་བྱས། ཁྲག་ཕྱུང་བས་ནི་སྣག་ཚར་བྱས། རུས་པ་བཅག་སྟེ་སྨྱིག་གུར་བྱས་ལ་སངས་རྒྱས་ཀྱི་ཚུལ་ཁྲིམས་ཀྱི་ཡི་གེ་བྲིའོ། །ཤིང་གི་ཤུན་པ་དང ། ཐོད་ཀར་ལ་བྲིས་ཏེ་རྟག་པར་རིན་པོ་ཆེ་སྣ་བདུན་དང ། རིན་མེད་པའི་སྤོས་དང ། མེ་ཏོག་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་ཀྱི་གཟེབ་དང་སྣོད་བྱས་ཏེ། ནང་དུ་ཆོས་ཀྱི་ཡི་གེ་ཚུལ་ཁྲིམས་ཀྱི་གླེགས་བམ་གཞུག་གོ། །དེ་ལ་ཆོས་ཀྱི་བཞིན་དུ་རི་མོ་མ་བྱས་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་རྟག་པར་སེམས་རྒྱ་ཆེར་བསྐྱེད་དེ། ཡུལ་མཁར་དང་ཁང་ཁྱིམ་མོ་ཅོག་ཏུ་ཕྱིན་ཏེ། སེམས་ཅན་ནོ་ཅོག་ནི་མཐོང་ན་ཁྱེད་ལ་སོགས་པ་སེམས་ཅན་ནོ་ཅོག་ཐམས་ཅད་དཀོན་མཆོག་གསུམ་ལ་ཕྱོགས་ཤིང་ཚུལ་ཁྲིམས་བཅུ་ནོས་ཤིག་ཅེས་བསྒོ་བའི་རིགས་སོ། །བྱོལ་སོང་གི་ཁམས་ཤིག་ན་འང་སེམས་ལ་བསམ་ཁར་སྨྲས་ཏེ། ཁྱོད་ནི་བྱོལ་སོང་ན་བྱང་ཆུབ་སེམས་དཔའི་སེམས་སྐྱེད་ཅིག་ཅེས་བསམ་ཞིང་བྱའོ། །བྱང་ཆུབ་སེམས་དཔའ་ནི་རི་ལུང་དབྱེ་ཐང་ག་ལ་གནས་ཀྱང་རུང་སྟེ། སེམས་ཅན་ནོ་ཅོག་ཀུན་བྱང་ཆུབ་སེམས་དཔའི་སེམས་སྐྱེ་བར་བྱོས་ཤིག་།བྱང་ཆུབ་སེམས་དཔའ་སེམས་ཅན་མ་བསྟན་མ་བཅོས་ན་ལྟུང་བའོ། །སངས་རྒྱས་ཀྱི་བུ་རྟག་པར་བསྟན་ཅིང་བཅོས་པའི་སྙིང་རྗེ་ཆེན་པོ་བསྐྱེད་ནས་ཆོས་བྱེད་པ་དང ། ཡ་རབས་ལ་སོགས་པ་སྦྱིན་བདག་དང ། འདུ་བ་མང་པོའི་ནང་དུ་འགྲེང་ལ་གོས་སྐྱ་བོ་གྱོན་ཏེ་ཆོས་བཤད་དུ་མི་རུང་ངོ ། །གོས་སྐྱ་བོ་གྱོན་པ་འདུ་བ་མང་པོའི་ནང་དུ་ཆོས་བཤད་ན་ཆོས་ཀྱི་མཁན་པོ་ནི་ས་མཐོན་པོར་འདུག་ལ་སྤོས་དང་མེ་ཏོག་གིས་ཡོན་གསོལ་ཏེ། མཐའ་བཞིར་ཉན་པའི་རྣམས་དམའ་བ་ན་འཁོད་ལ་གུས་པར་མཉན་ཏོ། །ཕ་མ་ལ་སྲི་ཞུ་མི་འགལ་བར་བྱ་བ་དང ། སློབ་མས་མཁན་པོ་ལ་བྱ་བ་བཞིན་ཆོས་ལ་ཡང་དེ་བཞིན་གུས་པར་བྱའོ། །བྲམ་ཟེ་མེ་ལྷ་ཅན་ཆོས་བྱེད་པ་བཞིན་གུས་པར་བྱའོ། །དེ་བཞིན་མ་བྱས་ཏེ་ཆོས་འཆད་པ་པ་ཆོས་བཞིན་དུ་མ་བཤད་ན་ལྟུང་བའོ། །
61.93b
སངས་རྒྱས་ཀྱི་བུ་ཀུན་ཀྱང་ཐེ་ཙོམ་མེད་པའི་ཡིད་ཀྱིས་ཁྲིམས་ནོས་ཤིག་།རྒྱལ་པོ་དང་རྒྱལ་བུ་དང་སློབ་མ་སྡེ་བཞི་དང ། བདག་མཐོ་ཞིང་བཙན་སྙེམས་ཏེ། སངས་རྒྱས་ཀྱི་ཆོས་དང་ཚུལ་ཁྲིམས་བཤིག་ལ་ནན་ཏུར་གྱིས་ཆོས་བྱས་ཏེ། ངའི་སློབ་མ་རྣམ་བཞི་རབ་ཏུ་བྱུང་ཞིང་ཆོས་བྱེད་པར་མི་སྟེར་ཏེ། བགེགས་གཅིག་ཏུ་ན་སངས་རྒྱས་ཀྱི་གཟུགས་དང ། མཆོད་རྟེན་འཛུགས་ཤིང་ཆོས་དང་ཚུལ་ཁྲིམས་ཡི་གེར་འབྲིར་མི་སྟེར་ཏེ། དཀོན་མཆོག་འཇིག་ཅིང་དེ་ལྟ་བུར་ཆེད་ཀར་ཆོས་འཇིག་པ་ནི་ལྟུང་བའོ། །སངས་རྒྱས་ཀྱི་བུ་དགེ་བའི་སེམས་སྤྱོད་པ་ལ་རབ་ཏུ་ཕྱུང་ཤིག་།ལེགས་པའི་མིང་སྙན་པ་འདོད་པ་དང ། གསོ་བའི་ཁེའི་ཕྱིར་རྒྱལ་པོ་དང ། བློན་པོའི་མདུན་དུ་སངས་རྒྱས་བདུན་གྱི་ཚུལ་ཁྲིམས་བཤད་དེ། དགེ་སློང་དང་དགེ་སློང་མ་ལ་བྱང་ཆུབ་སེམས་དཔའི་ཁྲིམས་མི་རིགས་པར་བྱིན་ཏེ། སློབ་མ་རྣམས་བཅིངས་བཏགས་ན་སེང་གེའི་ལུས་ལ་སྲིན་བུ་འདུག་པས་སེང་གེ་བདག་གིས་ཤ་ཟོས་པ་དང་མཚུངས་ཏེ། ཕྱིའི་སྲིན་བུས་ཤ་ཟོས་པ་མ་ཡིན་ནོ། །དེ་ལྟ་བས་ན་སངས་རྒྱས་ཀྱི་བུ་མུར་འདུག་དང ། བདུད་ཀྱིས་ཆོས་བཤིག་པ་མ་ཡིན་ནོ། །བདག་གིས་ཆོས་བཤིག་པ་ཡིན་ནོ། །སངས་རྒྱས་ཀྱི་ཚུལ་ཁྲིམས་མནོས་ན་སངས་རྒྱས་ཀྱི་ཚུལ་ཁྲིམས་ཀྱི་རིམ་གྲོ་བྱ་བ་ནི་ཕ་མས་ཕ་མ་བུ་གཅིག་པུ་ལ་བསམ་པ་དང་མཚུངས་སོ། །ཕ་མ་ལ་སྲི་ཞུ་བྱ་བ་དང་འདྲའོ། །མུར་འདུག་དང ། མི་ངན་པ་ལ་ངག་ངན་པ་ཚིག་ངན་པས་སངས་རྒྱས་ཀྱི་ཚུལ་ཁྲིམས་ལ་སྐུར་བ་ཟེར་ན་མདུང་རྩེ་ཁ་གསུམ་པའི་མདུང་རྩེ་སུམ་བརྒྱས་སྙིང་ལ་བཙུགས་པ་དང ། རལ་གྲི་སྟོང་དབྱིག་པ་སྟོང་ཁྲིས་ལུས་བརྡེགས་པ་དང་མཚུངས་པར་བྱ་སྟེ། བདག་གི་ལུས་བསྐལ་པ་བརྒྱའི་བར་དུ་སེམས་ཅན་དམྱལ་བར་སོང་ཡང་སླའི། སངས་རྒྱས་ཀྱི་ཚུལ་ཁྲིམས་ལ་ཚིག་གཅིག་ངན་དུ་ཟེར་བའི་སྐད་ནི་མི་ཐོས་པར་སྨོན་ཏོ། །བདག་ཉིད་ཀྱིས་ཚུལ་ཁྲིམས་བཤིག་པ་གཞན་ལ་ལན་ལོན་པ་དང ། ཞར་གྱིས་ཞར་གྱིས་ཚུལ་ཁྲིམས་བཤིག་པར་བསྟན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྲི་ཞུ་དང་མི་འགལ་བའི་སེམས་མེད་དོ། །དེ་ལྟ་བུ་བྱས་ན་ལྟུང་བའོ། །ཚུལ་ཁྲིམས་འདི་དགུ་བསླབས་ལ་སེམས་གུས་པར
61.94a
གཟུངས་སུ་ཟུང་ཤིག་།སངས་རྒྱས་ཀྱི་བུ་རྣམས་ཚུལ་ཁྲིམས་ཡང་བ་བཞི་བཅུ་རྩ་བརྒྱད་ཁྱེད་ལ་སོགས་པས་རྟག་པར་གཟུངས་སུ་ཟུང་ཤིག་།སྔར་འདས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་ཁ་ཏོན་ཟིན་ཏོ། །ད་ལྟར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ད་ལྟར་ཁ་ཏོན་བྱས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཕྱིས་འོང་བའི་རྣམས་ནི་ད་དེའི་ཁར་ཁ་ཏོན་བྱེད་དོ། །སངས་རྒྱས་ཀྱི་བུ་ཉོན་ཅིག་།ཕས་ཕམ་པ་བཅུ་དང ། ལྟུང་བ་བཞི་བཅུ་རྩ་བརྒྱད་ཅིག་འདས་པའི་སངས་རྒྱས་ཀྱིས་ཁ་ཏོན་ཟིན། ད་ལྟར་གྱི་ཁ་ཏོན་བྱས་ཕྱིས་ཀྱང་ཁ་ཏོན་བྱེད་དེ། ངའང་དེ་བཞིན་ད་ལྟར་ཁ་ཏོན་བྱེད་དོ། །དེ་ལྟ་བས་ན་ཁྱེད་ལ་སོགས་པས་སེམས་ཅན་ཕལ་མང་པོ་རྒྱལ་པོ་དང་རྒྱལ་བུ་དང ། བློན་པོ་དང་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནོས་ན་འགྲུས་པར་ཁ་ཏོན་ཀློགས་ལ་བཀྲོལ་བཤད་དེ། ཡི་གེར་བྲིས་ལ་སངས་རྒྱས་ཀྱི་རང་བཞིན་གྱིས་སྐལ་བ་རྟག་པར་འདུག་སྟེ། ཁྲིམས་ཀྱི་གླེགས་བམ་དུས་གསུམ་གྱི་བར་དུ་ཚུལ་བཞིན་འབབ་ཅིང་ཐོགས་པ་མེད་པར་བྱས་ཏེ། སེམས་ཅན་ཐམས་ཅད་བསྟན་ཅིང་བསླབ་པའི་རྒྱུན་མི་གཅོད་ཅིང་སངས་རྒྱས་མཐོང་ལ་སངས་རྒྱས་གཅིག་གིས་གཅིག་ལ་གཏད་དེ། ཚེ་ཚེ་རབསུ་ཡང་ངན་སོང་དང་བགེགས་བརྒྱད་ཀྱི་ནང་དུ་ཡང་མི་ལྟུང་ཞིང་རྟག་པར་མིའི་ལམ་དང་གནམ་གྱི་སྟེང་དུ་སྐྱེའོ། །ངས་ད་ལྟར་ཤིང་འདིའི་དྲུང་དུ་འདུག་སྟེ། སངས་རྒྱས་རབས་བདུན་གྱི་ཆོས་ཀྱི་ཁྲིམས་མདོ་ཙམ་ཞིག་ཕྱེ་བ་ཁྱེད་ལ་སོགས་པ་སྙིང་གཅིག་ཏུ་བརྟུལ་ཏེ་སོ་སོར་ཐར་པ་ལ་བསླབས་ལ་དགའ་ཞིང་གུས་པར་གྱིས་ཤིག་།གཟུགས་མེད་པའི་གནམ་གྱི་རྒྱལ་པོའི་ལེའུ་སློབ་པའི་བློན་འདེབས་པའི་ནང་ནས་གཅིག་པུ་གཅིག་པུ་ནས་རྒྱ་ཆེ་ཞིང་མངོན་པར་བཤད་དོ། །དེའི་ཚེ་སློབ་མ་མཁས་པ་སུམ་སྟོང་འདུག་ཅིང་ཉན་པས་སངས་རྒྱས་ཀྱིས་ཁ་ཏོན་ཀླགས་པ་ཐོས་ནས་སེམས་ཐག་པ་ནས་སྤྱི་བོ་ལ་ཁྱེར་ཏེ། དགའ་གཞའ་ནས་རྟག་པར་གཟུངས་སུ་བཟུང་ངོ ། །དེ་ལྟར་ཤཱཀྱ་ཐུབ་པ་སངས་རྒྱས་ཀྱི་ས་ཡན་ཆད་པད་མོའི
61.94b
མེ་ཏོག་གི་སྣོད་ཀྱི་ཁམས་ཀྱི་རྫོགས་ལོངས་སྤྱོད་པའི་སྐུའི་སེམས་ཀྱི་གནས་ཆོས་ཀྱི་སྒོ་མོ་ལེའུ་ཡི་ནང་ན་ཟག་པ་མེད་པའི་ཚུལ་ཁྲིམས་བཅུ་བཤད་ཟིན་ཏོ། །སྟོང་ཕྲག་བརྒྱ་འབུམ་གྱི་ཐུབ་པ་ཡང་དེ་བཞིན་ནོ། །དབང་པོ་ཆེན་པོའི་གནམ་གྱི་རྒྱལ་པོའི་ཕོ་བྲང་ནས་འདིའི་གཙང་མའི་ཤིང་དྲུང་ན་འདུག་པ་བཅུའི་གནས་ན་ཆོས་དང་ཚུལ་ཁྲིམས་ཀྱི་ལེའུ་ཡང་བཤད་དོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྒོ་བ་བཤད་ཀྱིས་མི་ལང་ངོ ། །མང་པོ་ཕལ་རྟག་པར་གཟུངས་སུ་ཟུང་ལ་ཁ་ཏོན་དུ་ལྷོགས་ཤིག་།དེའི་གཞུང་བཀྲོལ་བཤད་པ་དེ་ཡིན་ནོ། །སྟོང་ཕྲག་བརྒྱ་ཡང་འབུམ་གྱི་ཁམས་པད་མོའི་མེ་ཏོག་སྣོད་ཀྱི་ཁམས་རྡུལ་ཕྲ་མོ་སྙེད་ཀྱི་ཁམས་ཀྱི་ཐམས་ཅད་ཀྱི་སེམས་ཀྱི་སྣོད་ཚུལ་ཁྲིམས་ཀྱི་སྣོད་གྲངས་མེད་པའི་སྨོན་ལམ་གྱི་སྣོད་ཡོན་ཏན་དང ། སངས་རྒྱས་ཀྱི་རང་བཞིན་འདུག་པའི་སྣོད་དེ་སངས་རྒྱས་ཐམས་ཅད་གྲངས་མེད། ཆོས་ཀྱི་སྒོ་མོ་ཡང་བཤད་ཟིན་ཏོ། །སྟོང་ཕྲག་བརྒྱའི་ཁམས་ཀྱི་ནང་ན་སེམས་ཅན་ཐམས་ཅད་ཀྱིས་གཟུངས་སུ་བཟུང་སྟེ་དགའ་ཞིང་གུས་པར་བྱེད་དོ། །སེམས་ཀྱི་གནས་རྒྱ་ཆེར་ཕྱེ་བའི་གཟུངས་ནི་སངས་རྒྱས་ཀྱི་མེ་ཏོག་འོད་ཀྱི་རྒྱལ་བའི་ལེའུ་ཡི་ནང་ནས་བཤད་དོ། །སངས་རྒྱས་བདུན་གྱིས་ཚིག་གི་ལེའུ་བཤད་པ་གཅིག་སྟེ། སངས་རྒྱས་རྣམ་པར་གཟིགས་ཀྱིས་བསྟན་པའི་ཚུལ་ཁྲིམས་བཤད་པ། བཟོད་པའི་དམ་པས་དཀའ་ཐུབ་ཞུགས། །བཟོད་པའི་དམ་པས་མྱ་ངན་འདའ། །གཞན་ལ་གནོད་པ་དེ་ནི་བྱང་ཆུབ་མ་ཡིན་ནོ། །གཉིས་ཏེ་སྤྱི་ཏོར་སངས་རྒྱས་ཀྱིས་བསྟན་པ། མིག་ཅན་མི་བདེ་ཡོད་ལས་བྱོལ་ཏེ་འགྲོ། །མཁས་པས་འཚོ་བའི་འཇིག་རྟེན་ན། །སྡིག་པ་ཀུན་ཀྱང་རྣམ་པར་སྤོངས། །གསུམ་སྟེ་ཐམས་ཅད་སྐྱོབ་སངས་རྒྱས་ཀྱིས་བསྟན་པ། གནོད་ལ་མི་སྨྲ་མི་སེམས་ཏེ། །སོ་སོར་ཐར་པ་བཞིན་དུ་སྡོམ། །ཟས་ཀྱི་ཚོད་ཀྱང་རིག་པར་བྱ། །གནས་ཀྱང་དབེན་པར་འཇུག་པར་བྱ། །རབ་ཏུ་སེམས་དང་ལྡན་པ་ནི། །དེ་ནི་སངས་རྒྱས་བསྟན་པའོ།
61.95a
བཞི་སྟེ་ལོག་པར་དད་སེལ་སངས་རྒྱས་ཀྱིས་བསྟན་པ། ཇི་ལྟར་བུང་བ་མེ་ཏོག་གི། །ཁ་དོག་བསུང་ལ་མི་གནོད་པར། །ཁུ་བ་བླངས་ཏེ་འཕུར་བ་བཞིན། །དེ་བཞིན་བྱང་ཆུབ་གྲོང་དུ་སྤྱོད། །གཞན་གྱི་རྣམས་ལ་མི་བལྟ་བར། །གཞན་གྱིས་ལེགས་པ་བྱས་ལའོ། །བདག་རང་ཉིད་ལ་ལྟོས། ལེགས་ཉེས་ཅི་བྱས་པ། ལྔ་སྟེ་གསེར་ཐུབ་སངས་རྒྱས་ཀྱིས་བསྟན་པ། བསམ་གཏན་ལས་ནི་མ་བྱོལ་བར། །ཐུབ་པ་རྣམས་ཀྱིས་ཚུལ་ཐུབ་སློབས། །མི་བདེ་བར་ཡང་མི་འགྱུར་མགོན། །མངོན་པར་ཞི་བས་རྟག་ཏུ་དྲན་པའི་ཡིད། །དྲུག་སྟེ་བསོད་སྐྱབས་སངས་རྒྱས་ཀྱིས་བསྟན་པ། ཐམས་ཅད་སྡིག་པ་མི་བྱའོ། །དགེའོ་ཅོག་ནི་རྫོགས་པར་བྱ། །བདག་གི་སེམས་ཀྱང་ཤིན་དུ་གདུལ། །དེ་ནི་སངས་རྒྱས་བསྟན་པའོ། །བདུན་ཏེ་ཤཱཀྱ་ཐུབ་པ་སངས་རྒྱས་ཀྱིས་བསྟན་པ། ལུས་ཀྱིས་སུ་ནི་སྡོམ་པ་དགེ་།ངག་གི་སྡོམ་པ་ཡང་ནི་དགེ་།ཡིད་ཀྱི་སྡོམ་པ་ཡང་ནི་དགེ་།དགེའོ་ཐམས་ཅད་སྡོམ་པ་ནི། །བྱང་ཆུབ་ཀུན་ལ་མགོན་སྐྱབས་བྱེད། །ཉོན་མོངས་ཐམས་ཅད་ཀུན་ལས་སྐྱོབ། །བྱང་ཆུབ་དག་བསྲུང་ཡིད་ཀྱང་སྡོམ། །ལུས་ཀྱིས་མི་དགེ་མི་བྱ་ཞིང ། །འདི་གསུམ་ལས་ལས་རྣམ་པར་སྐྱོངས། །འཐོབ་པོ་དྲང་སྲོང་གསུངས་པའི་ལམ། །མི་ཡིས་བརྡེགས་སྤྱོས་ཤ་མི་གླན། །སྡིག་གི་མི་ལ་སེམས་མི་འཁོན། །གཤེ་བའི་མི་ལའང་རྟག་ཏུ་གཙང ། །མི་ཡིས་ངན་བྱས་བདག་མི་བྱེད། །སངས་རྒྱས་ཀུན་གྱིས་རབས་བཙུན་བྱས། །འཇིག་རྟེན་ར་མདའ་ཕ་སྐྱབས་ནུས། །སངས་རྒྱས་འདིས་ཚུལ་ཁྲིམས་བཤད་པ། །ངས་རྒྱ་ཆེར་བཤད་དུ་ཀུན་རྫོགས། །སངས་རྒྱས་ཀུན་དང་སློབ་མ་རྣམས། །ཆོས་ཀྱི་ཚུལ་ཁྲིམས་གུས་པར་འཛིན། །གཅིག་ལ་གཅིག་ཀྱང་གུས་པར་བྱོས། །ཆོས་ལ་དྲིན་གཟོ་ཆོག་ཚང་ན། །བྱ་བ་མེད་པའི་ཆོས་ཐོབ་ནུས། །ཚུལ་ཁྲིམས་ཡི་གེ་བཤད་ཟིན་ནས། །སེམས་གཅིག་བརྟུལ་ཏེ་བྱང་ཆུབ་ཐོབ། །ཆོས་ཀྱི་རྒྱ་མོ་རྫོགས་སྷོ།། །།
61.95b
[ཋིས་ཨིས་ཨ་བླནཀ་པགེ་ཝིཐོུཏ་ཨིམགེ]