rKTs


J216

(e-text produced by ADARSHA)

see text in transliteration
63.35b
༄#། །རྒྱ་གར་སྐད་དུ། ཨཱརྱ་བུད་དྷ་བྷཱུ་མི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། ་བོད་སྐད་དུ། འཕགས་པ་སངས་རྒྱས་ཀྱི་ས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གཞལ་མེད་ཁང་ཆེན་པོ་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ། གནས་ཐ་དད་པ་ཤིན་དུ་རྣམ་པར་ཕྱེ་བ་ཚད་མེད་པ་རྣམ་པར་གནས་པ། རྒྱ་ཡོངས་སུ་མ་ཆད་པ། ཁམས་གསུམ་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ། འཇིག་རྟེན་ལས་འདས་པའི་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ། ཤིན་དུ་རྣམ་པར་དག་ཅིང་དབང་སྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད། དེ་བཞིན་གཤེགས་པའི་གནས། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་དགེ་འདུན་རྗེས་སུ་སོང་བ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དང ། མི་དང ། མི་མ་ཡིན་པ་ཚད་མེད་པ་རྣམ་པར་རྒྱུ་བ། ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བརྟན་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཡང་དག་པར་ཐོབ་པར་བྱེད་པར་ཉེ་བར་གནས་པ། ཉོན་མོངས་པའི་དྲི་མའི་གནོད་པ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ། ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པ། དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཀྱིས་བཀོད་པ། དྲན་པ་དང ། བློ་གྲོས་དང ། རྟོགས་པ་ཆེན་པོས་ངེས་པར་འབྱུང་བ་ཡིན་པ། ཞི་གནས་དང་ལྷག
63.36a
མཐོང་ཆེན་པོའི་བཞོན་པ་ཡིན་པ་རྣམ་པར་ཐར་པའི་སྒོ་ཆེན་པོ་སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པ་ནས་འཇུག་པ། རིན་པོ་ཆེ་ཆེན་པོའི་པད་མའི་རྒྱལ་པོ་ཡོན་ཏན་གྱི་ཚོགས་ཚད་མེད་པས་བརྒྱན་པའི་བཀོད་པ་ལ་བརྟེན་པ་ན་བཞུགས་ཏེ། བཅོམ་ལྡན་འདས་ལེགས་པར་ཐུགས་སུ་ཆུད་པའི་བློ་དང་ལྡན་པ། ཀུན་དུ་སྤྱོད་པ་གཉིས་མི་མངའ་བ། མཚན་ཉིད་མེད་པའི་ཆོས་ལ་མཆོག་ཏུ་གཞོལ་བར་མཛད་པ། སངས་རྒྱས་ཀྱི་གནས་པས་གནས་པ། སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་བརྙེས་པ། སྒྲིབ་པ་མེད་པའི་རྟོགས་པ་བརྙེས་པ། ཕྱིར་མི་ཟློགས་པའི་ཆོས་དང་ལྡན་པ། སྤྱོད་ཡུལ་གྱིས་མི་འཕྲོགས་པ། བསམ་གྱིས་མི་ཁྱབ་པ་རྣམ་པར་འཇོག་པ། དུས་གསུམ་ལ་མཉམ་པ་ཉིད་ཚར་ཕྱིན་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཏུ་ཞུགས་པའི་སྐུ་དང་ལྡན་པ། ཆོས་ཐམས་ཅད་ལ་ཐེ་ཙོམ་མེད་པའི་མཁྱེན་པ་མངའ་བ། སྤྱོད་པ་ཐམས་ཅད་དང་ལྡན་པའི་བློ་མངའ་བ། ཆོས་མཁྱེན་པ་ལ་ནེམ་ནུར་མི་མངའ་བ། རྣམ་པར་མ་བརྟགས་པའི་སྐུ་མངའ་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡེ་ཤེས་ཡང་དག་པར་བླངས་པ། སངས་རྒྱས་ཀྱི་གནས་པ་གཉིས་སུ་མེད་པ་དམ་པའི་ཕ་རོལ་ཏུ་བྱོན་པ། དེ་བཞིན་གཤེགས་པ་མ་འདྲེས་པ་རྣམ་པར་ཐར་བར་མཛད་པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ། མཐའ་དང་དབུང་མེད་པའི་སངས་རྒྱས་ཀྱི་ས་མཉམ་པ་ཉིད་ཐུགས་སུ་ཆུད་པ། ཆོས་ཀྱི་དབྱིངས་དམ་པ་ཅན། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ་དེ་ཉན་ཐོས་ཀྱི་དགེ་འདུན་ཚད་མེད་པ་ཐམས་ཅད་ཀྱང་ཅང་ཤེས་པ། སངས་རྒྱས་ཀྱི་སྲས། སེམས་ཤིན་དུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་དུ་རྣམ་པར་གྲོལ་བ། ཚུལ་ཁྲིམས་ཤིན་དུ་རྣམ་པར་དག་པ། ཆོས་འདོད་པ་རྣམས་བདེ་བ་དང་ཕྲད་པ། མང་དུ་ཐོས་པ། ཐོས་པ་འཛིན་པ། ཐོས་པ་བསགས་པ། ལེགས་པར་བསམ་པ་སེམས་པ། ལེགས་པར་སྨྲ་བ་རྗོད་པ། ལེགས་པར་བྱ་བའི་ལས་བྱེད་པ། ཤེས་རབ་མྱུར་བ། ཤེས་རབ
63.36b
མགྱོགས་པ། ཤེས་རབ་རྣོ་བ། ངེས་པར་འབྱུང་བའི་ཤེས་རབ་ཅན། ངེས་པར་རྟོགས་པའི་ཤེས་རབ་ཅན། ཤེས་རབ་ཆེ་བ། ཤེས་རབ་ཡངས་པ། ཤེས་རབ་ཟབ་པ། ཤེས་རབ་མཉམ་པ་མེད་པ། ཤེས་རབ་རིན་པོ་ཆེ་དང་ལྡན་པ། རིག་པ་གསུམ་དང་ལྡན་པ། ཚེ་འདི་ལ་བདེ་བར་གནས་པའི་མཆོག་ཐོབ་པ། ཡོན་ཡོངས་སུ་སྦྱོང་བ་ཆེན་པོ། །སྤྱོད་ལམ་རབ་ཏུ་ཞི་བ། ཕུན་སུམ་ཚོགས་པ། བཟོད་པ་དང་དེས་པ་ཆེན་པོ་དང་ལྡན་པ། དེ་བཞིན་གཤེགས་པའི་བཀའ་ལ་ཤིན་དུ་ཞུགས་པ་ཤ་སྟག་དང ། བྱང་ཆུབ་སེམས་དཔའ་ཤིན་དུ་འདུས་པ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔག་ཏུ་མེད་པ་ཐམས་ཅད་ཀྱང་གནས་ཆེན་པོ་ལ་ཡང་དག་པར་ཞུགས་པ། ཐེག་པ་ཆེན་པོའི་ཆོས་ཀྱིས་ངེས་པར་བྱུང་བ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ། བསྐལ་པ་དང་བསྐལ་པ་མ་ཡིན་པར་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ། བདུད་ཕྱིར་རྒོལ་བ་ཐམས་ཅད་ངེས་པར་བཅོམ་པ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་ཐམས་ཅད་ལས་རིང་དུ་གྱུར་པ། ཆོས་ཆེན་པོའི་རོའི་དགའ་བ་དང་བདེ་བས་ཉེ་བར་བརྟན་པ། འཇིགས་པ་ལྔ་ལས་ཡང་དག་པར་འདས་པ། ཕྱིར་མི་ལྡོག་པའི་ས་བགྲོད་པ་གཅིག་པར་གྱུར་པ་ཅན། སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ས་མངོན་དུ་གྱུར་པ་ཤ་སྟག་དང་ཐབས་གཅིག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཤིན་དུ་འདུས་ལ་བཀའ་སྩལ་པ། ཤིན་དུ་འདུས་སངས་རྒྱས་ཀྱི་ས་ནི་ཆོས་ལྔས་བསྡུས་པ་ཡིན་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང ། མེ་ལོང་ལྟ་བུའི་ཡེ་ཤེས་དང ། མཉམ་པ་ཉིད་ཀྱི་ཡེ་ཤེས་དང ། སོ་སོར་རྟོགས་པའི་ཡེ་ཤེས་དང ། བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱིས་སོ། །ཤིན་དུ་འདུས་དེ་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་གཟུགས་སུ་གྱུར་པ་སྣ་ཚོགས་ཀྱི་རྣམ་པ་ཐམས་ཅད་ན་ཀུན
63.37a
ན་ཡོད་ཀྱང་དེས་བརྗོད་པར་བྱ་བ་ཡང་མ་ཡིན། སྣ་ཚོགས་ཀྱང་མ་ཡིན་ཏེ་རོ་གཅིག་གོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡང་ཤེས་བྱ་སྣ་ཚོགས་ཀྱི་རྣམ་པ་ཐམས་ཅད་ལ་ཀུན་ན་ཡོད་ཀྱང་དེས་བརྗོད་པར་བྱ་བ་ཡང་མ་ཡིན། སྣ་ཚོགས་ཀྱང་མ་ཡིན་ཏེ་རོ་གཅིག་གོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་གཟུགས་སུ་གྱུར་པ་ཐམས་ཅད་ཐ་མི་དད་པར་ཞུགས་ཀྱང་གཟུགས་ཀྱི་ཉེས་པ་རྣམས་ཀྱིས་ཀྱང་མི་གོས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡང་སེམས་ཅན་ཐམས་ཅད་དང་སེམས་མཉམ་པ་ཉིད་ཀྱི་ཡོངས་སུ་གྲུབ་པས་ཐ་མི་དད་པར་ཞུགས་ཀྱང་སེམས་ཅན་གྱི་ཉེས་པ་རྣམས་ཀྱིས་ཀྱང་མི་གོས་སོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་ལུས་དང ། ངག་དང ། ཡིད་ཀྱི་ལས་སུ་གྱུར་པ་ཐམས་ཅད་ལ་གོ་འབྱེད་ཀྱང་ནམ་མཁའ་ནི་རྩོལ་བ་ཡང་མེད། མངོན་པར་འདུ་བྱེད་པ་ཡང་མེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡང་ཡེ་ཤེས་དང ། སྤྲུལ་པ་དང་སེམས་ཅན་གྱི་བྱ་བ་སྒྲུབ་པ་ཐམས་ཅད་ཀྱི་གོ་འབྱེད་ཀྱང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་རྩོལ་བ་ཡང་མེད། མངོན་པར་འདུ་བྱེད་པ་ཡང་མེད་དོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་གཟུགས་རྣམ་པ་ཐ་དད་པ་རྣམས་ཀྱི་སྐྱེ་བ་ཡང་སྣང ། འཇིག་པ་ཡང་སྣང་ཡང་ནམ་མཁའ་ནི་སྐྱེ་བ་ཡང་མེད་འཇིག་པ་ཡང་མེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ཡང་ཡེ་ཤེས་དང ། སྤྲུལ་པ་དང་སེམས་ཅན་གྱི་བྱ་བ་སྒྲུབ་པ་ཐམས་ཅད་ཀྱི་སྐྱེ་བ་ཡང་སྣང ། འཇིག་པ་ཡང་སྣང་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་སྐྱེ་བ་ཡང་མེད། འཇིག་པ་ཡང་མེད་དོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་གཟུགས་རྣམ་པ་སྣ་ཚོགས་དུ་མ་དག་གི་འཕེལ་བ་ཡང་སྣང ། འགྲིབ་པ་ཡང་སྣང་ཡང་ནམ་མཁའ་ལ་ནི་འཕེལ་བ་ཡང་མེད། འགྲིབ་པ་ཡང་མེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས
63.37b
རྣམ་པར་དག་པ་ལ་དེ་བཞིན་གཤེགས་པའི་བསྟན་པ་སྙིང་ཁུ་འཕེལ་བ་ཡང་སྣང ། ནུབ་པར་འགྱུར་བ་ཡང་སྣང་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་འཕེལ་བ་ཡང་མེད། འབྲི་བ་ཡང་མེད་དོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ཐུག་པ་མེད་པའི་ཕྱིར་ནམ་མཁའ་ལ་ཕྱོགས་བཅུ་ན་གཟུགས་སུ་གྱུར་པ་རྣམས་མཐའ་ཡས་མུ་མེད་ཀྱང་ནམ་མཁའ་ནི་འགྲོ་བ་འམ། འོང་བ་འམ། གཡོ་བ་འམ། འགུལ་བ་མེད་དོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་མཐའ་ཐུག་པ་མེད་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ཕྱོགས་བཅུ་དག་ན་སེམས་ཅན་ཐམས་ཅད་ལ་ཕན་པ་དང ། བདེ་བ་སོ་སོར་ཉེ་བར་གནས་པར་བྱ་བ་དག་མཐའ་ཡས་མུ་མེད་ཀྱང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་འགྲོ་བ་འམ། འོང་བ་འམ། གཡོ་བ་འམ། འགུལ་བ་མེད་དོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་པ་དག་ཀྱང་སྣང ། འཆགས་པ་དག་ཀྱང་སྣང་ཡང་ནམ་མཁའ་ནི་འཇིག་པ་ཡང་མ་ཡིན། འཆགས་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་དང ། ཡོངས་སུ་མྱ་ངན་ལས་འདས་པ་དཔག་ཏུ་མེད་པ་དག་སྣང་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་མེད། ཡོངས་སུ་མྱ་ངན་ལས་འདའ་བ་ཡང་མེད་དོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་རྟེན་པ་གཟུགས་སུ་གྱུར་པ་དག་ལ་སྣང་བ་དང ། འདྲུལ་བ་དང ། འཚིག་པ་དང ། སྐམ་པ་དང ། འགྱུར་བ་རྣམ་པ་སྣ་ཚོགས་སྣང་ཡང་ནམ་མཁའ་ལ་ནི་དེ་དག་གིས་འགྱུར་བ་ཡང་མེད། ཡོངས་སུ་སྐྱོ་བ་ཡང་མེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་རྟེན་པའི་སེམས་ཅན་གྱི་ཁམས་ལ་བསླབ་པ་དང ། ལུས་དང ། ངག་དང ། ཡིད་ཀྱི་ལས་ལོག་པར་གྲུབ་པ་རྣམ་པ་མང་པོ་སྣང་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་དེ་དག་གིས
63.38a
འགྱུར་བ་ཡང་མེད། ཡོངས་སུ་སྐྱོ་བ་ཡང་མེད་དོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་རྟེན་པའི་ས་ཆེན་པོ་ཡང་སྣང ། རི་ཆེན་པོ་དང ། མེ་དང ། སྣང་བ་དང ། བྱ་རྒྱུ་བ་དག་དང ། ཉི་མ་དང་ཟླ་བ་རྒྱུ་བ་དག་ཀྱང་སྣང་ཡང་ནམ་མཁའ་ནི་དེ་དག་གི་མཚན་ཉིད་མ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་དང ། རྣམ་པར་གྲོལ་བ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དག་སྣང་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ནི་དེ་དག་གི་མཚན་ཉིད་མ་ཡིན་ནོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་རྒྱུ་དང་རྐྱེན་གཞན་དང་གཞན་འདུས་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་དཀྱིལ་འཁོར་དཔག་ཏུ་མེད་པ་དག་སྣང་ཡང་དེ་ལ་ནམ་མཁའ་ནི་རྩོལ་བ་ཡང་མེད། མངོན་པར་འདུ་བྱེད་པ་ཡང་མེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་རྣམ་པ་ཐམས་ཅད་ཕུན་སུམ་ཚོགས་པ་དཔག་ཏུ་མེད་པ་དག་སྣང་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ནི་རྩོལ་བ་ཡང་མེད། མངོན་པར་འདུ་བྱེད་པ་ཡང་མེད་དོ། །ཤིན་དུ་འདུས་མེ་ལོང་ལྟ་བུའི་ཡེ་ཤེས་ནི་འདི་ལྟ་སྟེ་དཔེར་ན། མེ་ལོང་གི་དཀྱིལ་འཁོར་ལ་རྟེན་ནས་གཟུགས་བརྙན་དག་སྣང་ངོ ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་རྟེན་ནས་སྐྱེ་མཆེད་དང་དེའི་ཡུལ་ལ་རྣམ་པར་ཤེས་པའི་གཟུགས་བརྙན་དག་སྣང་ངོ ། །དེ་བས་ན་མེ་ལོང་གི་དཀྱིལ་འཁོར་དང ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་མཉམ་པས་མཉམ་པ་སྟེ། དེས་ན་མེ་ལོང་ལྟ་བུའི་ཡེ་ཤེས་དེ་མེ་ལོང་ལྟ་བུའི་ཡེ་ཤེས་ཤས་བྱའོ། །དེ་ལྟ་བས་ན་མེ་ལོང་གི་དཀྱིལ་འཁོར་ནི་དེའི་དཔེར་རིག་པར་བྱའོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན་མི་བསོད་ནམས་འདོད་པ་ལ་ལ་ཞིག་གིས་སྐྱེ་བོ་ཕལ་པོ་ཆེ་ཇི་སྙེད་འོངས་ཤིང་ལྷགས་པ་དག་རང་གི་ལུས་ཀྱི་སྐྱོན་དང་ཡོན་ཏན་ལ་སོ་སོར་རྟོག་པར་བྱ་བའི
63.38b
ཕྱིར་མེ་ལོང་གི་དཀྱིལ་འཁོར་ཆེན་པོ་གནས་བཟང་པོར་མི་འགུལ་བར་བཞག་ན་སྐྱོན་སེལ་ཅིང་ཡོན་ཏན་སྐྱེད་པར་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་ཇི་སྙེད་པ་དག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་སོ་སོར་རྟོག་པར་བྱ་བའི་ཕྱིར་རྒྱུན་མི་འཆད་པས་མི་གཡོ་བར་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་གནས་སུ་བཞག་ན་ཀུན་ནས་ཉོན་མོངས་པ་དང ། རྣམ་པར་བྱང་བ་སེལ་བ་དང ། སྐྱེད་པར་འགྱུར་བའི་ཕྱིར་རོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། མེ་ལོང་གི་དཀྱིལ་འཁོར་ཤིན་དུ་ཕྱིས་པ་གསལ་ཞིང་རྣམ་པར་དང་ལ་གཡའ་མེད་པ་ནི་ཀུན་དུ་ལམ་མེ་ཐལ་ལེ་ལྷང་ངེའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་སངས་རྒྱས་ཀྱི་ཡེ་ཤེས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་བསལ་བ་ཤིན་དུ་སྦྱངས་པ་ཡང་དེ་ལ་རྟེན་པའི་ཏིང་ངེ་འཛིན་ཡོངས་སུ་བཟུང་བས་གསལ་ཞིང་རྣམ་པར་དང་ལ་གཡའ་མེད་དེ། སེམས་ཅན་ཐམས་ཅད་ཀྱི་བྱ་བ་སྒྲུབ་པ་ཉིད་ཀྱི་ཕྱིར་ལམ་མེ་ཐལ་ལེ་ལྷང་ངེའོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། མེ་ལོང་གི་དཀྱིལ་འཁོར་ནི་གཟུགས་ཀྱི་རྐྱེན་ལ་ལྟོས་ནས་གཟུགས་བརྙན་སྣ་ཚོགས་འབྱུང་བའི་རྒྱུར་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་སེམས་ཅན་གྱི་དུས་ཀྱི་རྐྱེན་ལ་ལྟོས་ནས་ཡེ་ཤེས་ཀྱི་གཟུགས་བརྙན་སྣ་ཚོགས་འབྱུང་བའི་རྒྱུར་འགྱུར་རོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། མེ་ལོང་གི་དཀྱིལ་འཁོར་ལ་གཟུགས་བརྙན་རྣམ་པ་དུ་མ་རྣམ་པ་སྣ་ཚོགས་མང་པོ་སྣང་ཡང་མེ་ལོང་གི་དཀྱིལ་འཁོར་དེ་ལ་དེ་དག་ཡོད་པ་མ་ཡིན་ཏེ། དེ་ལ་མེ་ལོང་གི་དཀྱིལ་འཁོར་དེ་ནི་རྩོལ་བ་ཡང་མེད། མངོན་པར་འདུ་བྱེད་པ་ཡང་མེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཤེས་པའི་གཟུགས་བརྙན་རྣམ་པ་དུ་མ་རྣམ་པ་སྣ་ཚོགས་མང་པོ་འབྱུང་ཡང་མེ་ལོང་ལྟ་བུའི་ཡེ་ཤེས
63.39a
ཀྱི་དཀྱིལ་འཁོར་དེ་ལ་ཤེས་པའི་གཟུགས་བརྙན་དེ་དག་ཡོད་པ་མ་ཡིན་ཏེ། དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དེ་རྩོལ་བ་ཡང་མེད། མངོན་པར་འདུ་བྱེད་པ་ཡང་མེད་དོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། མེ་ལོང་གི་དཀྱིལ་འཁོར་ནི་གཟུགས་བརྙན་རྣམ་པ་དུ་མ་སྣ་ཚོགས་མང་པོ་དེ་དག་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཏེ། དེ་དག་དང་མི་ཉེ་བ་དང་དེའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་ཤེས་པའི་གཟུགས་བརྙན་རྣམ་པ་དུ་མ་སྣ་ཚོགས་མང་པོ་དེ་དག་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཏེ། དེ་དག་དང་མི་ཉེ་བ་དང་བསྙེལ་བ་མི་མངའ་བའི་ཆོས་ཉིད་ཀྱི་ཕྱིར་རོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། མེ་ལོང་གི་དཀྱིལ་འཁོར་ངོས་ཐམས་ཅད་ནས་ལེགས་པར་ཕྱིས་པ་ནི་མདུན་དང ། ཟུར་དང ། རྒྱབ་དང ། ཀུན་ནས་ཀྱང་གཟུགས་བརྙན་འབྱུང་བའི་རྒྱུར་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡོངས་སུ་མ་ཆད་པ་དང་ཚད་མེད་པའི་རྣམ་པ་ཤིན་དུ་སྦྱངས་པ་ཡང་ཀུན་ནས་ཤེས་པའི་གཟུགས་བརྙན་རྣམས་འབྱུང་བའི་རྒྱུར་འགྱུར་ཏེ། འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཉན་ཐོས་ཀྱི་ཐེག་པས་ངེས་པར་འབྱུང་བར་བྱ་བ་དང ། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་རང་སངས་རྒྱས་ཀྱི་ཐེག་པས་ངེས་པར་འབྱུང་བར་བྱ་བ་དང ། ཐེག་པ་ཆེན་པོ་པ་རྣམས་ཐེག་པ་ཆེན་པོས་ངེས་པར་འབྱུང་བར་བྱ་བའི་ཕྱིར་ཉན་ཐོས་ཀྱི་ཐེག་པ་ཤེས་པའི་གཟུགས་བརྙན་རྣམས་དང ། རང་སངས་རྒྱས་ཀྱི་ཐེག་པ་ཤེས་པའི་གཟུགས་བརྙན་རྣམས་དང ། ཐེག་པ་ཆེན་པོ་ཤེས་པའི་གཟུགས་བརྙན་རྣམས་ཀྱི་རྒྱུར་འགྱུར་རོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། མེ་ལོང་གི་དཀྱིལ་འཁོར་ལ་འདི་ལྟ་སྟེ། ས་དང ། རི་དང ། ཤིང་དང ། ཁྱིམ་དང ། གཞལ་མེད་ཁང་ཆེན་པོའི་གཟུགས་བརྙན་སྣང་སྟེ། གཟུགས་བརྙན་ཆེན་པོ་དག་སྣང་ཡང་མེ་ལོང་གི་དཀྱིལ་འཁོར་ནི་དེའི་ཚད་དུ་མ་ཡིན་ནོ། །
63.39b
དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཡང་བྱང་ཆུབ་སེམས་དཔའི་ས་དང་པོ་ནས་བཟུང་སྟེ་སངས་རྒྱས་ཀྱི་སའི་བར་དག་གི་ཡེ་ཤེས་ཀྱི་གཟུགས་བརྙན་དག་ཀྱང་སྣང ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཤེས་པའི་གཟུགས་བརྙན་དག་ཀྱང་སྣང་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་ནི་ཚད་ཡོངས་སུ་ཆད་པ་གང་ཡང་མེད་དོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན་མེ་ལོང་གི་དཀྱིལ་འཁོར་ནི་གཟུགས་གཞན་གྱིས་བསྒྲིབས་པའི་གཟུགས་རྣམས་ལ་གཟུགས་བརྙན་འབྱུང་བའི་རྒྱུར་མི་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་སེམས་ཅན་མི་དགེ་བའི་གྲོགས་པོས་ཟིན་པ་དམ་པའི་ཆོས་མ་ཡིན་པ་ཉན་པས་བསྒྲིབས་པ་དག་ལ་ཡེ་ཤེས་ཀྱི་གཟུགས་བརྙན་འབྱུང་བའི་རྒྱུར་མི་འགྱུར་ཏེ། སྣོད་མ་ཡིན་པའི་ཕྱིར་རོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། མེ་ལོང་གི་དཀྱིལ་འཁོར་ནི་གཟུགས་མུན་པའི་ནང་དུ་བཞག་པ་རྣམས་ཀྱི་གཟུགས་བརྙན་འབྱུང་བའི་རྒྱུར་མི་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་སེམས་ཅན་ཉེས་པར་སྤྱོད་པ་ལ་དགའ་བ་མ་རིག་པའི་མུན་པར་ཞུགས་པ་རྣམས་ལ་ཡེ་ཤེས་ཀྱི་གཟུགས་བརྙན་འབྱུང་བའི་རྒྱུར་མི་འགྱུར་ཏེ། སྣོད་མ་ཡིན་པའི་ཕྱིར་རོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། མེ་ལོང་གི་དཀྱིལ་འཁོར་ནི་ཡུལ་བསྐལ་པ་རྣམས་ན་གནས་པའི་གཟུགས་རྣམས་ཀྱི་གཟུགས་བརྙན་འབྱུང་བའི་རྒྱུར་མི་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་སེམས་ཅན་དམ་པའི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་རྣམ་པར་དག་པ་མ་ཡིན་པ་ལ་གནས་པ་འདོད་ཆེན་པ་མ་ཡིན་པ་དག་ལ་ཡེ་ཤེས་ཀྱི་གཟུགས་བརྙན་འབྱུང་བའི་རྒྱུར་མི་འགྱུར་ཏེ། སྣོད་མ་ཡིན་པའི་ཕྱིར་རོ། །ཤིན་དུ་འདུས་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ཡོངས་སུ་གྲུབ་པ་རྣམ་པ་བཅུ་ལས་རིག་པར་བྱ་སྟེ། མཚན་དང ། བདག་པོ་དང ། དགའ་བ་མཉམ་པ་ཉིད་ཁོང་དུ་ཆུད་པ་ཡོངས་སུ
63.40a
གྲུབ་པ་ལས་དང ། རྟེན་ཅིང་འབྲེལ་པར་འབྱུང་བ་ཉམས་སུ་མྱོང་བ་མཉམ་པ་ཉིད་ཁོང་དུ་ཆུད་པ་ཡོངས་སུ་གྲུབ་པ་ལས་དང ། མཚན་ཉིད་དབེན་པ་མཚན་ཉིད་མེད་པར་མཉམ་པ་ཉིད་ཁོང་དུ་ཆུད་པའི་ཡོངས་སུ་གྲུབ་པ་ལས་དང ། ཡོངས་སུ་སྐྱོབ་པའི་རྣམ་པའི་བྱམས་པ་ཆེན་པོ་མཉམ་པ་ཉིད་ཁོང་དུ་ཆུད་པའི་ཡོངས་སུ་གྲུབ་པ་ལས་དང ། ཡལ་བར་མི་འདོར་བའི་རྣམ་པའི་སྙིང་རྗེ་ཆེན་པོ་མཉམ་པ་ཉིད་ཁོང་དུ་ཆུད་པའི་ཡོངས་སུ་གྲུབ་པ་ལས་དང ། སེམས་ཅན་ཐམས་ཅད་ལ་མོས་པ་ཇི་ལྟ་བ་བཞིན་དུ་གཟུགས་ཀྱི་ལུས་ཀུན་དུ་སྟོན་པ་མཉམ་པ་ཉིད་ཡོངས་སུ་གྲུབ་པ་ལས་དང ། སེམས་ཅན་ཐམས་ཅད་ཀྱིས་གཟུང་བར་འོས་པའི་ཚིག་མཉམ་པ་ཉིད་ཡོངས་སུ་གྲུབ་པ་ལས་དང ། འཇིག་རྟེན་ཉེ་བར་ཞི་བ་དང་རོ་གཅིག་པ་མཉམ་པ་ཉིད་ཡོངས་སུ་གྲུབ་པ་ལས་དང ། འཇིག་རྟེན་གྱི་ཆོས་བདེ་བ་དང་སྡུག་བསྔལ་རོ་གཅིག་པ་མཉམ་པ་ཉིད་ཡོངས་སུ་གྲུབ་པ་ལས་དང ། ཡོན་ཏན་ཤིན་དུ་བསྐྱེད་པ་མཉམ་པ་ཉིད་ཡོངས་སུ་གྲུབ་པ་ལས་སོ། །ཤིན་དུ་འདུས་སོ་སོར་རྟོག་པའི་ཡེ་ཤེས་ནི་འདི་ལྟ་སྟེ་དཔེར་ན། འཇིག་རྟེན་གྱི་ཁམས་ནི་སེམས་ཅན་གྱི་ཁམས་ཀྱི་གནས་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་ཏིང་ངེ་འཛིན་དང ། གཟུངས་ཀྱི་སྒོ་དང ། སོ་སོ་ཡང་དག་པར་རིག་པ་དང ། སྤོབས་པ་དང ། བསྟན་པ་དང ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ཡིན་ནོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། འཇིག་རྟེན་གྱི་ཁམས་ནི་སེམས་ཅན་རྣམས་ཀྱི་རྣམ་པར་རིག་པ་རྣམ་པ་སྣ་ཚོགས་ཅན་ཅིག་ཅར་འབྱུང་བའི་རྒྱུ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་རྣམ་པར་རིག་པ་རྣམ་པ་སྣ་ཚོགས་ཅན་ཅིག་ཅར་འཇུག་པའི་རྒྱུ་ཡིན་ནོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། འཇིག་རྟེན་གྱི་ཁམས་ནི་ཀུན་དགའ་ར་བ་དང ། ནགས་ཚལ་དང ། རྫིང་བུ་ཉམས་དགའ་བ་རྣམ་པ་སྣ་ཚོགས་པ་དག་གིས་ལམ་མེ་ཐལ་ལེ་ལྷང་ངེའོ། །དེ་བཞིན་དུ་དེ་བཞིན་གཤེགས
63.40b
པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་ཕ་རོལ་ཏུ་ཕྱིན་པ་དང ། བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་དང ། སྟོབས་དང ། མི་འཇིགས་པ་དང ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་རྣམ་པ་སྣ་ཚོགས་ཉམས་དགའ་བ་དག་གིས་ལམ་མེ་ཐལ་ལེ་ལྷང་ངེའོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། འཇིག་རྟེན་གྱི་ཁམས་ནི་འདི་ལྟ་སྟེ། གླིང་དང ། ཟླ་བ་དང ། ཉི་མ་དང ། རྒྱལ་ཆེན་བཞིའི་རིས་དང ། སུམ་བཅུ་རྩ་གསུམ་དང ། འཐབ་བྲལ་དང ། དགའ་ལྡན་དང ། འཕྲུལ་དགའ་དང ། གཞན་འཕྲུལ་དབང་བྱེད་དང ། ཚངས་རིས་ལ་སོགས་པས་ཤིན་དུ་རྣམ་པར་ཕྱེ་བའི་རྣམ་པ་ཡིན་ནོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་འདི་ལྟ་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་དང ། རྒུད་པ་དང ། རྒྱུ་དང་འབྲས་བུར་བཅས་པ་དང ། ཉན་ཐོས་དང ། རང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའི་ཡང་དག་པར་འགྲུབ་པ་མ་ལུས་པ་ལ་སོ་སོར་རྟོག་པས་ཤིན་དུ་རྣམ་པར་ཕྱེ་བའི་རྣམ་པ་ཡིན་ནོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། འཇིག་རྟེན་གྱི་ཁམས་ནི་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་ཆེན་པོར་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་རྣམ་པ་ཐམས་ཅད་ཕུན་སུམ་ཚོགས་པ་ཀུན་དུ་སྟོན་པས་ཆོས་ཀྱི་ལོངས་སྤྱོད་ཆེན་པོར་འགྱུར་བའོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། འཇིག་རྟེན་གྱི་ཁམས་ན་འགྲོ་བ་ལྔ་པོ་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་དང ། ལྷ་དང ། མིའི་འགྲོ་བ་དག་སྣང་ངོ ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ལ་ཡང་རྒྱུ་དང་འབྲས་བུར་བཅས་པའི་རྣམ་པ་རབ་ཏུ་དབྱེ་བ་མཐའ་ཡས་པ་དང་ལྡན་པའི་འགྲོ་བ་ལྔ་དག་སྣང་ངོ ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། འཇིག་རྟེན་གྱི་ཁམས་ན་འདོད་པ་དང ། གཟུགས་དང ། གཟུགས་མེད་པའི་ཁམས་དག་སྣང་ངོ ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ལ་ཡང་རྒྱུ་དང་འབྲས་བུར་བཅས་པའི
63.41a
རྣམ་པ་རབ་ཏུ་དབྱེ་བ་མཐའ་ཡས་པ་དང་ལྡན་པའི་ཁམས་གསུམ་པོ་དག་སྣང་ངོ ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། འཇིག་རྟེན་གྱི་ཁམས་ན་རི་རབ་ལ་སོགས་པ་རིན་པོ་ཆེའི་རི་བོ་ཆེན་པོ་དག་སྣང་ངོ ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ལ་ཡང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའི་མཐུ་དང་ལྡན་པའི་ཆོས་རྒྱ་ཆེན་པོ་སྟོན་པ་དག་སྣང་ངོ ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། འཇིག་རྟེན་གྱི་ཁམས་ན་རྒྱ་མཚོ་ཆེན་པོ་ཟབ་པ་མི་འཁྲུགས་པ་དག་སྣང་ངོ ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ལ་ཡང་ཆོས་ཀྱི་དབྱིངས་ཟབ་མོ་མུ་སྟེགས་ཅན་དང ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་འཁྲུགས་པའི་ཆོས་བསྟན་པ་དག་སྣང་ངོ ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། འཇིག་རྟེན་གྱི་ཁམས་ནི་རི་ཁོར་ཡུག་དང་ཁོར་ཡུག་ཆེན་པོ་རྣམས་ཀྱིས་ཀུན་ནས་བསྐོར་ཏོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཀྱི་རྣམ་པ་ཐམས་ཅད་ལ་ཀུན་དུ་རྨོངས་པ་མེད་པས་ཡོངས་སུ་བསྐོར་ཏོ། །ཤིན་དུ་འདུས་བྱ་བ་སྒྲུབ་པའི་ཡེ་ཤེས་ནི་འདི་ལྟ་སྟེ་དཔེར་ན། སེམས་ཅན་རྣམས་ཀྱི་ལུས་ཀྱི་ལས་རྩོལ་བ་ལས་བྱུང་བ་དེས་སེམས་ཅན་རྣམས་ཞིང་ལས་དང ། ཚོང་བྱེད་པ་དང ། རྒྱལ་པོའི་ཞབས་འབྲིང་བྱེད་པ་ལ་སོགས་པས་ཡོངས་སུ་ཚོལ་བར་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱ་བ་སྒྲུབ་པའི་ཡེ་ཤེས་རྩོལ་བ་ལས་བྱུང་བ་ལུས་སྤྲུལ་པའི་ལས་དེས་དེ་བཞིན་གཤེགས་པ་རྣམས་སེམས་ཅན་ལས་དང་བཟོའི་གནས་ཐམས་ཅད་ཀྱིས་རྒྱགས་དྲེགས་པ་རྣམས་ལ་ལས་དང་བཟོའི་གནས་ཐམས་ཅད་ཉེ་བར་བསྟན་ཏེ། ཟིལ་གྱིས་མནན་ནས་ཐབས་ལ་མཁས་པ་དེས་ཀྱང་སེམས་ཅན་རྣམས་བསྟན་པ་ལ་འདུན་པར་བྱེད། ཡོངས་སུ་སྨིན་པར་བྱེད། རྣམ་པར་གྲོལ་བར
63.41b
བྱེད་དོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། སེམས་ཅན་རྣམས་ཀྱི་ལུས་ཀྱི་ལས་ཡོངས་སུ་སྤྱོད་པར་བྱེད་པ་དེས་སེམས་ཅན་རྣམས་གཟུགས་ལ་སོགས་པ་ཡུལ་རྣམས་ལ་ཡོངས་སུ་སྤྱོད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱ་བ་སྒྲུབ་པའི་ཡེ་ཤེས་ཡོངས་སུ་སྤྱོད་པར་བྱེད་པ་ལུས་སྤྲུལ་པའི་ལས་དེས་དེ་བཞིན་གཤེགས་པ་རྣམས་སྐྱེ་བའི་གནས་སོ་སོར་སྐྱེས་པར་གྱུར་པའི་སེམས་ཅན་རྣམས་ལ་སྐྱེ་བ་མཚུངས་པ་ཉིད་དུ་ཉེ་བར་སྟོན་ཏེ། རིས་འཐུན་པ་མཚུངས་པ་ཉིད་དུ་བསྟན་པས་ཀྱང་དབང་བྱས་ནས་ཐབས་ལ་མཁས་པ་དེས་ཀྱང་སེམས་ཅན་རྣམས་བསྟན་པ་ལ་འཛུད་པར་བྱེད། ཡོངས་སུ་སྨིན་པར་བྱེད། རྣམ་པར་གྲོལ་བར་བྱེད་དོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། སེམས་ཅན་རྣམས་ཀྱི་ལུས་ཀྱི་ལས་ཉམས་སུ་མྱོང་བར་བྱེད་པ་སེམས་ཅན་རྣམས་ལེགས་པར་བྱས་པ་དང ། ཉེས་པར་བྱས་པའི་ལས་རྣམས་ཀྱི་འབྲས་བུ་སོ་སོར་མྱོང་བར་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱ་བ་སྒྲུབ་པའི་ཡེ་ཤེས་ཉམས་སུ་མྱོང་བར་བྱེད་པ་ལུས་སྤྲུལ་པའི་ལས་དེས་དེ་བཞིན་གཤེགས་པ་རྣམས་དེ་ལྟ་བུ་བྱུང་བའི་སྡེ་དང ། སྐྱེས་པ་རབས་ཀྱི་སྡེ་དང ། དཀའ་བ་སྤྱད་པ་ཐམས་ཅད་ཉམས་སུ་མྱོང་བ་ཡང་དག་པར་བསྟན་ཏེ། སེམས་ཅན་རྣམས་འདུན་པར་བྱས་ནས་ཐབས་ལ་མཁས་པ་དེས་ཀྱང་སེམས་ཅན་རྣམས་བསྟན་པ་ལ་འཛུད་པར་བྱེད་ཡོངས་སུ་སྨིན་པར་བྱེད། རྣམ་པར་གྲོལ་བར་བྱེད་དོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། སེམས་ཅན་རྣམས་ཀྱི་ངག་གི་ལས་ཡང་དག་པར་དགའ་བར་བྱེད་པ་དེས་སེམས་ཅན་རྣམས་ཕན་ཚུན་སྨྲ་ལ། ཀུན་དུ་སྨྲ་ཞིང་རབ་ཏུ་དགའ་བར་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱ་བ་སྒྲུབ་པའི་ཡེ་ཤེས་ཡང་དག་པར་དགའ་བར་བྱེད་པ་དག་སྤྲུལ་པའི་ལས་དེས་དེ་བཞིན་གཤེགས་པ་རྣམས་ཀྱི་དོན་བཟང་པོ་ཚིག་འབྲུ་བཟང་པོ་ཐོས་པ་ཙམ་ཁོ་ནས་ཀྱང་སེམས་ཅན་བྱིས་པའི་ཤེས་རབ་ཅན་དད་པར་བྱེད་པའི་ཆོས་སྟོན་པར་རབ་ཏུ་འཇུག་ཅིང་ཐབས་ལ་མཁས་པ་དེས་ཀྱང་སེམས་ཅན
63.42a
རྣམས་བསྟན་པ་ལ་འཛུད་པར་བྱེད། ཡོངས་སུ་སྨིན་པར་བྱེད། རྣམ་པར་གྲོལ་བར་བྱེད་དོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། སེམས་ཅན་རྣམས་ཀྱི་ངག་གི་ལས་སྦྱོར་བར་བྱེད་པ་དེས་སེམས་ཅན་རྣམས་ཕན་ཚུན་དུ་བྱ་བ་དག་ལ་རྣམ་པར་སྦྱོར་བར་བྱེད་དེ། འཁྲུལ་པ་ལ་སྨོད། མ་འཁྲུལ་པ་ལ་བསྟོད་ཅིང་འབོད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱ་བ་སྒྲུབ་པའི་ཡེ་ཤེས་སྦྱོར་བར་བྱེད་པ་དག་སྤྲུལ་པའི་ལས་དེས་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་བསླབ་པའི་གནས་འཆའ་སྟེ། བག་ཡོད་པ་ལ་ནི་སྟོད་ཅིང་དད་པས་རྗེས་སུ་འབྲང་བ་དང ། ཆོས་ཀྱི་རྗེས་སུ་འབྲང་བ་ལ་སོགས་པའི་གང་ཟག་རྣམས་ཀྱང་རྣམ་པར་གཞོག་པར་བྱེད་ལ་ཐབས་ལ་མཁས་པ་དེས་ཀྱང་སེམས་ཅན་རྣམས་བསྟན་པ་ལ་འཛུད་པར་བྱེད། ཡོངས་སུ་སྨིན་པར་བྱེད། རྣམ་པར་གྲོལ་བར་བྱེད་དོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། སེམས་ཅན་རྣམས་ངག་གི་ལས་ཡང་དག་པར་གོ་བར་བྱེད་པ་དེས་སེམས་ཅན་རྣམས་ཕན་ཚུན་དུ་དོན་མི་ཤེས་པ་རྣམས་ཤེས་པར་བྱེད་དེ། སྙན་དངགས་དང་བསྟན་བཅོས་རྣམས་ཀྱང་རྗོད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱ་བ་བསྒྲུབ་པའི་ཡེ་ཤེས་ཡང་དག་པར་གོ་བར་བྱེད་པ་དག་སྤྲུལ་པའི་ལས་དེས་དེ་བཞིན་གཤེགས་པ་རྣམས་སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་ཐེ་ཙོམ་གྱི་རྣམ་པ་དཔག་ཏུ་མེད་པ་དག་ཟློག་ཅིང་ཐབས་ལ་མཁས་པ་དེས་ཀྱང་སེམས་ཅན་རྣམས་བསྟན་པ་ལ་འཛུད་པར་བྱེད། ཡོངས་སུ་སྨིན་པར་བྱེད། རྣམ་པར་གྲོལ་བར་བྱེད་དོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། སེམས་ཅན་རྣམས་ཀྱི་ཡིད་ཀྱི་ལས་རྣམ་པར་ངེས་པར་བྱེད་པ་དེས་སེམས་ཅན་རྣམས་བྱ་བ་དང་མི་བྱ་དག་རྣམ་པར་སེམས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱ་བ་སྒྲུབ་པའི་ཡེ་ཤེས་རྣམ་པར་ངེས་པར་བྱེད་པ་ཡིད་སྤྲུལ་པའི་ལས་དེས་དེ་བཞིན་གཤེགས་པ་རྣམས་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དག་རྣམ་པར་སེམས་ཤིང་ཐབས་ལ་མཁས་པ
63.42b
དེས་ཀྱང་སེམས་ཅན་རྣམས་བསྟན་པ་ལ་འཛུད་པར་བྱེད། ཡོངས་སུ་སྨིན་པར་བྱེད། རྣམ་པར་གྲོལ་བར་བྱེད་དོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། སེམས་ཅན་རྣམས་ཀྱི་ཡིད་ཀྱི་ལས་མངོན་པར་འདུ་བྱེད་པ་བྱེད་པ་དེས་སེམས་ཅན་དག་རྣམ་པར་བསམ་ནས་ལས་ཀུན་དུ་འབྱུང་བར་མངོན་པར་འདུ་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱ་བ་སྒྲུབ་པའི་ཡེ་ཤེས་མངོན་པར་འདུ་བྱེད་པར་བྱེད་པ་ཡིད་སྤྲུལ་པའི་ལས་དེས་དེ་བཞིན་གཤེགས་པ་རྣམས་སེམས་ཅན་གྱི་སྤྱོད་པ་དེ་དག་གི་ཀུན་དུ་སྤྱོད་པ་དང ། ཀུན་དུ་མི་སྤྱོད་པ་ཡོན་ཏན་དང་ཉེས་པ་དག་ཀྱང་དཔྱད་ནས། དེ་དོར་བ་དང་བསྐྱེད་པའི་ཕྱིར་གཉེན་པོ་རྣམས་མངོན་པར་འདུ་བྱེད་ཅིང་ཐབས་ལ་མཁས་པ་དེས་ཀྱང་སེམས་ཅན་རྣམས་བསྟན་པ་ལ་འཛུད་པར་བྱེད། ཡོངས་སུ་སྨིན་པར་བྱེད། རྣམ་པར་གྲོལ་བར་བྱེད་དོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། སེམས་ཅན་རྣམས་ཀྱི་ཡིད་ཀྱི་ལས་ཀུན་དུ་འབྱུང་བར་བྱེད་པ་དེས་སེམས་ཅན་རྣམས་ལས་ཀུན་ནས་སློང་བར་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀུན་དུ་འབྱུང་བར་བྱེད་པ་ཡིད་སྤྲུལ་པའི་ལས་དེས་དེ་བཞིན་གཤེགས་པ་རྣམས་དེའི་གཉེན་པོའི་ཆོས་བསྟན་པའི་ཕྱིར་མིང་གི་ཚོགས་དང ། ཚིག་གི་ཚོགས་དང ། ཡི་གེའི་ཚོགས་རྣམས་བརྗོད་ཅིང་ཐབས་ལ་མཁས་པ་དེས་ཀྱང་སེམས་ཅན་རྣམས་བསྟན་པ་ལ་འཛུད་པར་བྱེད། ཡོངས་སུ་སྨིན་པར་བྱེད། རྣམ་པར་གྲོལ་བར་བྱེད་དོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། སེམས་ཅན་རྣམས་ཀྱི་ཡིད་ཀྱི་ལས་ཉམས་སུ་མྱོང་བར་བྱེད་པ་དེས་སེམས་ཅན་རྣམས་བདེ་བ་དང་སྡུག་བསྔལ་སོ་སོར་མྱོང་བར་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱ་བ་སྒྲུབ་པའི་ཡེ་ཤེས་ཉམས་སུ་མྱོང་བར་བྱེད་པ་ཡིད་སྤྲུལ་པའི་ལས་དེས་དེ་བཞིན་གཤེགས་པ་རྣམས་མགོ་གཅིག་དང ། རྣམ་པར་དབྱེ་བ་དང ། དྲི་བ་དང་གཞག་པ་འདྲི་བ་ལ་ལན་གདབ་པ་དག་ལ་ཅི་རིགས་པར་ལན་གདབ་པར་བྱ་བའི་ཕྱིར་བྱུང་བ
63.43a
དང ། འབྱུང་བ་དང ། ད་ལྟར་གྱི་དོན་རྣམས་རབ་ཏུ་མྱོང་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཤིན་དུ་འདུས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་རྣམ་པར་དག་ན་ཡེ་ཤེས་ཀྱི་རྫོགས་པར་ལོངས་སྤྱད་པ། དགོས་པ། རོ་གཅིག་པ། འདྲེས་པ། ཉེ་བར་འདྲེས་པ། ཅི་དེ་བཞིན་གཤེགས་པ་རྣམས་ཉིད་ཀྱི་ལགས་སམ། འོན་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་དུ་འདུས་ཡེ་ཤེས་ཀྱི་རྫོགས་པར་ལོངས་སྤྱད་པ། དགོས་པ། རོ་གཅིག་པ། འདྲེས་པ། ཉེ་བར་འདྲེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་པར་ཡང་བལྟའོ། །གསོལ་པ། ཡེ་ཤེས་ཀྱི་རྫོགས་པར་ལོངས་སྤྱད་པ། དགོས་པ། རོ་གཅིག་པ། འདྲེས་པ། ཉེ་བར་འདྲེས་པ་བྱང་ཆུབ་སེམས་དཔའ་གང་དག་གི་ལགས་པར་བལྟ་བར་བགྱི། བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་ཀྱི་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དེ་དག་ནི་གཉིས་སུ་འདུ་ཤེས་པའི་གཉེན་པོར་སེམས་མཉམ་པ་ཉིད་ཐོབ་སྟེ། འདི་ལྟར་བདག་དང་གཞན་དུ་འདུ་ཤེས་པའི་གཉེན་པོའོ། །དེ་དག་དེ་ཡན་ཆད་བདག་དང་གཞན་དུ་འདུ་ཤེས་མི་འབྱུང་སྟེ། ཡེ་ཤེས་ཀྱི་རྫོགས་པར་ལོངས་སྤྱད་པ། དགོས་པ། རོ་གཅིག་པ། འདྲེས་པ། ཉེ་བར་འདྲེས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་འདི་དག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་ནས་བྱང་ཆུབ་སེམས་དཔའ་རྣམས་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་བའི་དཔེ་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། སུམ་བཅུ་རྩ་གསུམ་པའི་ལྷ་དག་ཇི་སྲིད་དུ་འདྲེས་པའི་ཚལ་དུ་ཞུགས་པར་མ་གྱུར་པ་དེ་སྲིད་དུ་དེ་དག་གི་ལྷའི་ལོངས་སྤྱོད་རྣམས་དངོས་པོ་དང ། ཉམས་སུ་མྱོང་བ་དང ། ང་ཡིར་འཛིན་པའི་སྒོ་ནས་འདྲེས་པ། ཉེ་བར་འདྲེས་པར་མི་གནས་ཀྱི།
63.43b
གང་ཚུན་ཆད་འདྲེས་པའི་ཚལ་དུ་ཞུགས་པར་གྱུར་པ་དེའི་ཚེ་འདྲེས་པའི་ཚལ་གྱི་མཐུ་འདི་འདྲ་སྟེ། སུམ་བཅུ་རྩ་གསུམ་པའི་ལྷ་དེར་ཞུགས་པ་རྣམས་ཀྱི་ལྷའི་ལོངས་སྤྱོད་རྣམས་དངོས་པོ་དང ། ཉམས་སུ་མྱོང་བ་དང ། ང་ཡིར་འཛིན་པ་མེད་པར་འདྲེས་པ། ཉེ་བར་འདྲེས་པར་གནས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཇི་སྲིད་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་མ་གྱུར་པ་དེ་སྲིད་དུ། ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ལ་མེད་པ། སེམས་མཉམ་པ་དེ་ཐོབ་ནས་བཏང་སྙོམ་པ་དེ་ཐོབ་པར་མི་འགྱུར་ཏེ། གཉིས་སུ་འདུ་ཤེས་པ་དེ་དག་ཡེ་ཤེས་ཀྱི་རྫོགས་པར་ལོངས་སྤྱོད་པ་དགོས་པ། རོ་གཅིག་པ། འདྲེས་པ། ཉེ་བར་འདྲེས་པར་མི་གནས་ཀྱི་གང་ཚུན་ཆད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་པ་དེ་ཕན་ཆད་གཉིས་སུ་འདུ་ཤེས་པའི་གཉེན་པོས་སེམས་མཉམ་པ་ཐོབ་ནས། དེའི་འོག་ཏུ་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་བཏང་སྙོམས་ཐོབ་སྟེ། དེ་ཕན་ཆད་དེ་དག་གི་ཡེ་ཤེས་ཀྱི་རྫོགས་པར་ལོངས་སྤྱད་པ། དགོས་པ། རོ་གཅིག་པ། འདྲེས་པ། ཉེ་བར་འདྲེས་པར་གནས་སོ། །ཤིན་དུ་འདུས་འདི་ལྟ་སྟེ་དཔེར་ན། ཆུ་བོ་དང ། ཆུ་བྲན་རྣམ་པ་མང་པོ་དག་ཇི་སྲིད་ཏུ་རྒྱ་མཚོ་ཆེན་པོར་ཞུགས་པར་མ་གྱུར་པ་དེ་སྲིད་ཏུ་གནས་ཐ་དད་པ་དང ། ཆུ་ཐ་དད་པ་དང ། ཆུ་ཆུང་བ་དང ། ཆུ་སྐྱེ་འགྲིབ་ཡོད་པ་དང ། སོ་སོ་རང་གི་བྱ་བ་སྒྲུབ་པའི་ལས་ཅན་གྱི་ཆུ་དང ། སྲོག་ཆགས་ཆུ་ནས་སྐྱེས་པ་བྲུལ་བུ་དག་གི་འཚོ་བ་ཉེ་བར་སྟོན་པའི་གནས་ཡིན་ནོ། །གང་ཚུན་ཆད་རྒྱ་མཚོ་ཆེན་པོར་ཞུགས་པར་གྱུར་པ་དེའི་ཚེ་གནས་ཐ་དད་པ་མ་ཡིན་པ་དང ། ཆུ་ཐ་དད་པ་མ་ཡིན་པ་དང ། ཆུ་ཚད་མེད་པ་དང ། སྐྱེ་འགྲིབ་མེད་པའི་ཆུ་དང ། བྱ་བ་སྒྲུབ་པ་གཅིག་པའི་ལས་ཅན་གྱི་ཆུ་དང ། སྲོག་ཆགས་ཆུ་ནས་སྐྱེས་པ་ཕལ་པོ་ཆེ་ཆེན་པོ་རྣམས་ཀྱི་འཚོ་བ་ཉེ་བར་སྟོན་པའི་གནས་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཇི་སྲིད་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རྒྱ་མཚོ་ཆེན་པོར་ཞུགས་པར་མ་གྱུར་པ་དེ་སྲིད་ཏུ་གནས
63.44a
ཐ་དད་པ་དང ། ཡེ་ཤེས་ཐ་དད་པ་དང ། ཡེ་ཤེས་ཆུང་བ་དང་ཡེ་ཤེས་སྐྱེ་འགྲིབ་ཡོད་པ་དང་སོ་སོ་རང་གི་བྱ་བ་སྒྲུབ་པའི་ལས་ཅན་གྱི་ཡེ་ཤེས་དང ། སེམས་ཅན་ཉུང་ངུ་དག་ཡོངས་སུ་སྨིན་པར་འགྱུར་བའི་དགེ་བའི་རྩ་བའི་གནས་ཡིན་ནོ། །གང་ཚུན་ཆད་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རྒྱ་མཚོ་ཆེན་པོར་ཞུགས་པར་གྱུར་པ་དེའི་ཚེ་གནས་ཐ་དད་པ་མ་ཡིན་པ་དང ། ཡེ་ཤེས་ཐ་དད་པ་མ་ཡིན་པ་དང ། ཡེ་ཤེས་ཚད་མེད་པ་དང ། ཡེ་ཤེས་སྐྱེ་འགྲིབ་མེད་པ་དང ། ཡེ་ཤེས་ཀྱི་རྫོགས་པར་ལོངས་སྤྱད་པ། དགོས་པ། རོ་གཅིག་པ། འདྲེས་པ། ཉེ་བར་འདྲེས་པར་འགྱུར་ཏེ། སེམས་ཅན་ཚད་མེད་པ་དག་ཡོངས་སུ་སྨིན་པར་བྱེད་པའི་དགེ་བའི་རྩ་བའི་གནས་སུ་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྒྲིབ་གཉིས་ལྡན་དག་མཚན་ཉིད་ཅན། །དངོས་པོ་ཤེས་པ་དེ་དམིགས་པ། །དབང་ཚད་མི་ཤེས་མཚན་ཉིད་ཅན། །དེ་བཞིན་ཉིད་ཤེས་ཐམས་ཅད་ནས། །བསྒོམས་ལས་ཡང་དག་འགྲུབ་པ་ཅན། །སེམས་ཅན་ཀུན་ལ་གཉིས་སྐྱེད་པ། །རྣམ་ཀུན་མི་ཟད་འབྲས་བུ་ཅན། །ལུས་དང་ངག་དང་སེམས་སྤྲུལ་པའི། །སྦྱོར་བའི་ཐབས་ཀྱི་ལས་ཅན་ཡིན། །ཏིང་ངེ་འཛིན་དང་གཟུངས་སྒོ་དང ། །དཔག་ཏུ་མེད་པ་གཉིས་དང་ལྡན། །རང་བཞིན་ཆོས་རྫོགས་ལོངས་སྤྱོད་དང ། །སྤྲུལ་པས་ཐ་དད་འཇུག་པ་ཅན། །སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དབྱིངས། །རྣམ་དག་འདི་ནི་ཡང་དག་བརྗོད། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་བྱང་ཆུབ་སེམས་དཔའ་ཤིན་དུ་འདུས་དང ། བྱང་ཆུབ་སེམས་དཔའ་དེ་དག་དང ། ཉན་ཐོས་ཆེན་པོ་དེ་དག་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སངས་རྒྱས་ཀྱི་ས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏཱ་དང ། ཤཱི་ལེན་དྲ་བོ་དྷི་དང ། པྲཛྙཱ་བར་མ་དང ། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་ཊཱི་ཀ་དང་སྦྱར་ཏེ
63.44b
གསར་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །