rKTs


J298

(e-text produced by ADARSHA)

see text in transliteration
71.289b
༄#། ། རྒྱ་གར་སྐད་དུ། དྭི་ད་ཤ་ལོ་ཙ་ན་ནཱ་མ་སཱུ་ཏྲ། བོད་སྐད་དུ།
71.290a
མིག་བཅུ་གཉིས་པ་ཞེས་བྱ་བའི་མདོ། གྲུབ་པར་གྱུར་ཅིག་།སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་འོད་མའི་ཚལ་ན་བཞུགས་ཏེ། དེའི་ཚེ་གློག་བྱུང ། སྐར་མདའ་ལྟུང ། གནམ་ལྕགས་བབ་པ་དང ། དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་དང་བཅས་པས་ལྟས་མཁན་བྲམ་ཟེ་རྣམས་བཀུག་ནས་སྨྲས་པ། ཅིའི་རྒྱུ་ཅིའི་རྐྱེན་གྱིས་གནམ་ཀུན་འཁྲུག་པར་འགྱུར། བྲམ་ཟེ་རྣམས་ཀྱིས་གསོལ་པ། ལྟས་འདི་ལྟ་བུ་དག་མིག་བཅུ་གཉིས་ཞེས་བགྱི་བའི་གཙུག་ལག་ལས་འབྱུང་སྟེ། བདག་གིས་ཁྲེལ་བར་རྔོ་མི་ཐོག་གོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཞབས་ལ་ཕྱག་འཚལ་ནས་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་གྱི་དོན་དུ་ཐུགས་བརྩེ་བར་དགོངས་ཏེ། མིག་བཅུ་གཉིས་ཀྱི་ལྟས་ཀྱི་གཙུག་ལག་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ཏུ་བྱུང་བས་ནི་ཕྱི་རོལ་པ་འཇིག་རྟེན་གྱི་གཙུག་ལག་འདི་ལྟ་བུ་དག་བཤད་པའི་ཆ་མ་ཡིན་ནོ། །དེ་ནས་ཡང་རྒྱལ་པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ལ་བསྐྱར་ཏེ་གསོལ་པ། བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བར་དགོངས་ཏེ་ཐེ་ཙོམ་འདི་དགྲོལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཤད་པར་གནང་ནས་སྔོན་གྱི་གླེང་གཞི་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སྔོན་འདས་པའི་དུས་ན་གངས་ཀྱི་རི་དྲུང་ན་བྷ་ག་ཞེས་བྱ་བ་ཞིག་གནས་པ་དེ་དུས་གཞན་ན་སྟག་མོ་གཞོན་ནུ་ཞིག་འཁྱམ་པ་མཐོང་བ་དང་འདོད་ཆགས་སྐྱེས་ཏེ། དྲང་སྲོང་གིས་འཁྲིག་པའི་ཆོས་སྤྱད་པ་ལས་ལོ་དུས་སུ་བུ་བཅུ་གཉིས་བྱུང་བར་གྱུར་ཏོ། །བུ་བཙས་ནས་ལོ་བདུན་ལོན་པ་དང ། ཕ་མ་གཉིས་ཤི་ནས་ཕྲུ་གུ་རྣམས་ཀྱིས་ལོ་བཅུ་གཉིས་ཀྱི་བར་དུ་ཚངས་པའི་དངོས་གྲུབ་བསྒྲུབས་ནས།
71.290b
བསམ་པ་དང་རེ་བ་བསྐང་བར་གསོལ་བ་དང ། དེ་ནས་ཚངས་པས་སྙིང་རྗེས་བལྟས་ཏེ། བརྒྱ་བྱིན་ལྷའི་དབང་པོ་དང ། རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པར་འཛམ་བུའི་གླིང་དུ་ལྷགས་ཏེ། དེ་ནས་ཚངས་པས་བྱིས་པ་དེ་རྣམས་ལ་སྨྲས་པ། བུ་ཁྱེད་རྣམས་ཅི་འདོད། དེ་ནས་བྱིས་པ་རྣམས་ཀྱིས་ཚངས་པ་ལ་སྨྲས་པ། ལྷ་བདག་ཅག་རྣམས་ནི་བྱིས་པའི་རང་བཞིན་ཤིན་དུ་བློ་དམན་པ་ལགས་ཏེ། ལེགས་ཉེས་མ་འཚལ་ལགས་ན། ཉི་ཟླ་དང ། གཟའ་དང ། རྒྱུ་སྐར་གྱི་ལྟས་དང ། དཀྱིལ་འཁོར་དང ། གཙུག་ལག་ཇི་ལྟ་བུ་ལགས་པ་བཤད་དུ་གསོལ། དེ་ནས་བརྒྱ་བྱིན་ལྷའི་དབང་པོས་ཚངས་པ་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་སྟོན་པ་ཁྱོད་ཀྱིས་བྱིས་པ་འདི་རྣམས་ལ་དངོས་གྲུབ་སྩལ་བའི་རིགས་སོ། །དེ་ནས་ཚངས་པས་བྱིས་པ་རྣམས་ལ་སྨྲས་པ། བྱིས་པ་ཉོན་ཅིག་།རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང ། སྐར་མ་ཐམས་ཅད་ཀྱི་དཀྱིལ་འཁོར་དང ། ལྟས་དང ། ཉི་ཟླ་དང ། གཟའ་དང ། གནམ་ལྕགས་འབབ་པ་དང ། ས་གཡོ་ཞིང་འགུལ་བ་དང ། ལྟས་ཀྱི་གཙུག་ལག་ཇི་ལྟ་བུ་ཡིན་པ་དག་བསྟན་པར་བྱའོ། །དགུན་ཟླ་ར་བ་ཡར་གྱི་ངོ་དང ། མར་གྱི་ངོ་དང ། ཚེས་བརྒྱད་དང ། བཅུ་བཞི་དང ། བཅཝ་ལྔ་ལ་ཉི་མའི་འོད་མུན་པ་འདྲ་བ་ནག་པོར་གྱུར་ན་མི་ཡ་རབས་འཛངས་ཤིང་མཁས་པ་རྣམས་ལ་བགེགས་ཆེན་པོ་འབྱུང་བར་འགྱུར་རོ། །རྒྱུ་སྐར་ཨ་ཐ་སྐར་ཤཝི་ནཱིའི་ཉི་མ་ལ་ཉི་མ་ལས་དུ་བ་འདྲ་བ་བྱུང་སྟེ། འཁོར་ཞིང་འཐུལ་ན་ལོ་བཅུ་གཉིས་ཀྱི་བར་དུ་ཆར་མི་འབབ་པར་འགྱུར་རོ། །རྒྱུ་སྐར་བྷ་ར་ཎཱི[(]བྲ་ཉེ[)]འི་ཉི་མ་ལ་ཉི་མ་གསེར་གྱི་མདོག་འདྲ་བར་གྱུར་ན་ཉེ་སྐོར་གྱི་རྒྱལ་ཁམས་ཀྱི་ཡུལ་འཇིག་པ་དང་དབུས་སུ་མུ་གེ་ཆེན་པོ་འབྱུང་ངོ ། །དགུན་ཟླ་ཐ་ཆུངས་ཀྱི་ངོ་རྒྱུ་སྐར་ཀརྟི་ཀ[(]སྨིན་དྲུག[)]འི་ཉི་མ་ལ་ཉི་མ་ལྷག་པར་གསལ་བར་གྱུར་ན་མཐའི་ཡུལ་ཁམས་འཇིག་ཅིང་དབུས་སུ
71.291a
ཆར་མི་འོང་ངོ ། །དཔྱིད་ཟླ་ར་བའི་ངོ་རྒྱུ་སྐར་ཨཱ་གྲཱ[(]ལག[)]འི་ཉི་མ་ལ་ཉི་མ་ཁྱིམས་པ་དང ། ཉི་མ་གཉིས་སུ་སྣང་ན་མི་ནད་འབྱུང ། རྒྱལ་པོ་སྡེ་གཉིས་ལ་གནོད་པའི་བགེགས་འབྱུང ། དགུན་ཟླ་འབྲིང་པོའི་ངོ་རྒྱུ་སྐར་པུ་ཥྱ[(]རྒྱལ[)]འི་ཉི་མ་ལ་ཉི་མ་མུན་པ་འདྲ་བར་འགྱུར་ཞིང་ཉི་མ་ནུབ་ཀར་ཁ་དོག་སྐྱ་བོར་གྱུར་ན་རྒྱལ་པོ་ཆེན་པོ་ལ་བགེགས་འབྱུང ། དཔྱིད་ཟླ་ཐ་ཆུངས་ཀྱི་ངོ་རྒྱུ་སྐར་བྷ་ར་ཎཱི[(]བྲ་ཉེ[)]འི་དུས་ལ་ཉི་ཟླ་གཟས་ཟིན་ན་བློན་པོས་རྒྱལ་པོ་བསད་པར་འོང་ངོ ། །དབྱར་ཟླ་ར་བའི་ངོ་རྒྱུ་སྐར་པཱུར་བ་བྷ་དྲ་པཱ་དཱ[(]ཁྲུམས་སྟོད[)]འི་དུས་ལ་ཉི་མ་དམར་པོར་གྱུར་ན། རྒྱལ་པོ་དང ། བློན་པོ་དང ། དེའི་ཡུལ་འཁོར་དུ་གནོད་པའི་བགེགས་ཆེན་པོ་འབྱུང ། དབྱར་ཟླ་འབྲིང་པོའི་ངོ་རྒྱུ་སྐར་པཱུརྦཱ་ཤཱ་ཊཱ[(]ཆུ་སྟོད[)]འི་དུས་ལ་ཟླ་བ་ཉ་ལ་གཟས་ཟིན་ན་ཡུལ་འཁོར་འཁྲུག་པ་དང ། མི་ནད་དང ། མུ་གེ་འབྱུང ། དབྱར་ཟླ་ཐ་ཆུངས་ཀྱི་ངོ་རྒྱུ་སྐར་མཱུ་ལཾ[(]བསྣརུབ[)]འི་དུས་ལ་ཉི་ཟླ་གས་ཤིང་སེར་ག་བྱུང་བར་སྣང་ན་ཡུལ་དེར་གནོད་པ་ཆེན་པོ་འབྱུང ། སྟོན་ཟླ་ར་བའི་ངོ་རྒྱུ་སྐར་ཨ་ཤཝི་ནཱི[(]ཐ་སྐར[)]འི་དུས་ལ་ཉི་ཟླ་དུས་ཅིག་ཏུ་ཤར་ན་ཡུལ་འཁོར་དེར་ཁྲག་འཁྲུག་ཆེན་པོས་ཁྲག་འབབ་པར་འོང་ངོ ། །སྟོན་ཟླ་འབྲིང་པོའི་ངོ་རྒྱུ་སྐར་ཀཱརྟི་ཀ[(]སྨིན་དྲུག[)]འི་དུས་ཟླ་བ་ཉ་ལ་ཟླ་བ་མེའི་ཁ་དོག་འདྲ་བར་གྱུར་ན་ཡུལ་འཁོར་དེར་དགྲའི་དམག་གིས་ཡུལ་འཇིག་པར་འགྱུར། དགུན་ཟླ་ར་བའི་ངོ་རྒྱུ་སྐར་བྷ་ར་ཎཱི[(]བྲ་ཉེ[)]འི་ཉི་མ་ལ་རླུང་དམར་ནག་པོ་བྱུང་ལ་ཉི་མ་མི་གསལ་བར་གྱུར་ན། དགྲའི་ཚོགས་ཀྱིས་ཡུལ་འཇིག་པར་འགྱུར་རོ། །དགུན་ཟླ་ཐ་ཆུངས་ཀྱི་ངོ་རྒྱུ་སྐར་པཱུར་བ་ཕལ་གུ་ནཱི[(]གྲེ[)]འི་ཉི་མ་ལ་ས་བབ་ཅིང་རླུང་དམར་ཆེན་པོ་བྱུང་ན་རྒྱལ་པོ་ཆེན་པོ་ལ་གནོད་པ་འབྱུང ། དཔྱིད་ཟླ་ར་བ་དང་འབྲིང་པོའི་ངོ་རྒྱུ་སྐར་བི་ཤཱ་ཁཱ[(]ས་ག[)]འི་ཉི་མ་ལ་སེར་བ་བབ་ན་ཡུལ་འཁོར་དེར་ཁྲག་ནད་དང་གནོད་པ་འབྱུང ། དཔྱིད་ཟླ་ཐ་ཆུངས་ཀྱི་ངོ་རྒྱུ་སྐར་ཛྱེཥྛཱ[(]སྣརོན[)]འི་ཉི་མ་ལ་ནམ་ལངས་ཀར་སྐར་མ་ཉི་མ་བས་འོད་བཟང་པོར་གསལ་བར་བྱུང་ན་གཟའ་ཐམས་ཅད་ལ་བགེགས་ཆེན་པོ་འབྱུང ། དབྱར་ཟླ་ར་བའི་ངོ་རྒྱུ་སྐར
71.291b
པཱུརྦཱ་ཤཱ་ཌཱ[(]ཆུ་སྟོད[)]འི་ཉི་མ་ལ་ས་བབ་ཅིང་ཉི་མ་མི་གསལ་ན་རྒྱལ་པོ་སྟོང་འཁྲུག་ཅིང་འཐབ་པར་འགྱུར། ཡང་དབྱར་ཟླ་ར་བའི་ངོ་རྒྱུ་སྐར་པཱུརྦཱ་ཤཱ་ཊཱ[(]ཆུ་སྟོད[)]འི་ཉི་མ་ལ་རླུང་ཆེན་པོ་བྱུང་ན་ཆུ་དཀོན། ཁ་ཟས་དང ། འབྲུ་ཟན་མ་རུང་བར་འགྱུར། དབྱར་ཟླ་འབྲིང་པོའི་ངོ་རྒྱུ་སྐར་ཤྲ་བ་ཎཱ[(]གྲོ་བཞིན[)]འི་ཉི་མ་ལ་རླུང་དྲག་པོར་ལངས་ཤིང་ནམ་མཁའ་མུན་པར་གྱུར་ན་ཉེན་སྐོར་གྱི་ཡུལ་ཁམས་གཞན་དུ་འཇིགས་པ་ཆེན་པོ་འབྱུང ། དབྱར་ཟླ་འབྲིང་པོའི་ངོ་རྒྱུ་སྐར་པཱུར་བཱ་བྷ་དྲཱ་པཱ་དཱ[(]ཁྲུམ་སྟོད[)]འི་ཉི་མ་ལ་སེར་བ་བབ། གནམ་ལྕགས་གྲུམ་ན་ཡུལ་འཁོར་དེར་ནད་དང་མུ་གེ་འབྱུང ། དབྱར་ཟླ་ཐ་ཆུངས་ཀྱི་ངོ་རྒྱུ་སྐར་པཱུརྦཱ་བྷ་དྲཱ་པ་དཱ[(]ཁྲུམ་སྟོད[)]འི་ཉི་མ་ལ་བྱང་ཕྱོགས་ནས་རླུང་དམར་ཆེན་པོ་ལངས་ནས་ལྷ་ཁང་དང ། མཆོད་རྟེན་དང ། ཁང་ཁྱིམ་དང ། ཤིང་སྡོང་པོ་ཆེན་པོ་བསྒྱེལ་ན་ཡུལ་ཁམས་སུ་གནོད་པ་ཆེན་པོ་འབྱུང་ངོ ། །སྟོན་ཟླ་ར་བའི་ངོ་རྒྱུ་སྐར་ཨཱ་ཤཝི་ནཱི[(]ཐ་སྐར[)]འི་ཉི་མ་ལ་ཐོག་བབ་བམ། སྐར་མདའ་ལྟུང་ངམ། སེར་བ་བབ་ན་ཡུལ་ཁམས་དེར་ཐབ་མོ་ཆེན་པོ་འོང ། དགུན་ཟླ་ར་བའི་ངོ་རྒྱུ་སྐར་མ་གྷཱ[(]མཆུའ[)]འི་ཉི་མ་ལ་ཆར་པ་བབ་ན་ཡུལ་ཁམས་ཐམས་ཅད་ཁ་ཟས་མོད་པར་འོང ། དགུན་ཟླ་ཐ་ཆུངས་ཀྱི་ངོ་རྒྱུ་སྐར་ཨཱ་གྲཱ[(]ལག[)]འི་ཉི་མ་ལ་གནམ་མེའི་ཁ་དོག་འདྲ་བར་གྱུར་ན་ལྟས་རབ་ཏུ་ངན་ཏེ། ཡུལ་ཁམས་སུ་མི་བདེ་བ་དང་འཇིགས་པ་ཆེན་པོ་འབྱུང་ངོ ། །དཔྱིད་ཟླ་ཐ་ཆུངས་ཀྱི་ངོ་རྒྱུ་སྐར་བྷ་ར་ཎཱི[(]བྲ་ཉེ[)]འི་ཉི་མ་ལ་བྱང་ཕྱོགས་ནས་སྒྲ་ཆེན་པོ་བྱུང་ངམ། གནམ་སེར་པོར་སོང་ན་དགྲ་ཐམས་ཅད་ཀྱིས་ཡུལ་ཁམས་གཤིག་པར་འགྱུར་རོ། །དཔྱིད་ཟླ་ར་བའི་ངོ་རྒྱུ་སྐར་སཝཱ་ཏཱི[(]ས་རི[)]འི་ཉི་མ་ལ་ཆར་བབ་ལ་རླུང་མ་ལངས་པར་འཇའ་བྱུང་ན་གྲོང་ཁྱེར་ཆེན་པོ་མེས་ཚིག་པར་འགྱུར་རོ། །དབྱར་ཟླ་ར་བའི་ངོ་རྒྱུ་སྐར་པུ་ཥྱ[(]རྒྱལ[)]འི་ཉི་མ་ལ་གློག་དང ། སྦུར་མ་དང ། ཉལ་ཉིལ་གྱི་ཆར་བབ་ན་ཡུལ་ཁམས་དེར་མུ་གེ་འབྱུང ། དབྱར་ཟླ་འབྲིང་པོའི་ངོ་རྒྱུ་སྐར་མཱུ་ལཾ[(]བསྣུབས[)]འི་ཉི་མ་ལ་ཆར
71.292a
ཆེར་བབ་ལ་འཇའ་བྱུང་ན། རྒྱལ་རིགས་རྣམས་ལ་གནོད་པར་འགྱུར། དབྱར་ཟླ་ཐ་ཆུངས་ཀྱི་ངོ་རྒྱུ་སྐར་ཨུད་ཏ་ར་བྷ་དྲ་པཱ་དཱ[(]ཁྲུམ་སྟོད[)]འི་ཉི་མ་ལ་ས་ལས་སྒྲ་བྱུང་ངམ། རླུང་ནག་པོ་ལངས་ན་ཡུལ་དེར་མུ་གེ་འབྱུང ། དབྱར་ཟླ་འབྲིང་པོའི་ངོ་ཕྱོགས་མཚམས་དག་ནས་སྒྲ་ཆེན་པོ་བྱུང་ན་ཡུལ་ཕྱོགས་དེར་ཁྲག་ཁྲུག་ཆེན་པོ་འབྱུང ། སྟོན་ཟླ་ར་བའི་ངོ་རྒྱུ་སྐར་བྷ་ར་ཎཱི[(]བྲ་ཉེ[)]འི་ཉི་མ་ལ་གནམ་ལས་སྒྲ་ཆེན་པོ་བྱུང་ན་བཙུན་པ་དང ། དཀའ་ཐུབ་ཅན་རྣམས་ལ་གནོད་པ་འབྱུང ། སྟོན་ཟླ་ར་བའི་ངོ་དབང་པོའི་ཉི་མ་ལ་གནམ་ནས་སྒྲ་བྱུང་ན་མི་ལེ་ལོ་ཅན་དང ། ཕྱུགས་ལ་གནོད་པ་འབྱུང ། སྟོན་ཟླ་ཐ་ཆུངས་ཀྱི་ངོ་རྒྱུ་སྐར་དྷ་ནིཥྠ[(]མོན་གྲུ[)]འི་ཉི་མ་ལ་གནམ་ལས་རོལ་མོའི་སྒྲ་བྱུང་ན་རྩཝ་དང ། ལོ་ཏོག་ལེགས་པར་འགྱུར། ཆར་དུས་སུ་འབབ། མཇུག་ཏུ་མི་ནད་འབྱུང ། དགུན་ཟླ་ར་བའི་ངོ་རྒྱུ་སྐར་སཝཱ་ཏ[(]ས་རི[)]འི་ཉི་མ་ལ་གནམ་ལས་སྒྲ་ཆེན་པོ་འབྱུང་ཞིང་གནམ་འཁྲུག་ན་ཡུལ་འཁོར་དེར་འཇིགས་པ་ཆེན་པོ་འབྱུང ། དགུན་ཟླ་ཐ་ཆུངས་ཀྱི་ངོ་རྒྱུ་སྐར་ཛྱེཥྠ[(]བསྣརོན[)]འི་ཉི་མ་ལ་ཚུབ་མ་ལངས་ཤིང་ས་གཡོས་ན་དགེ་སྦྱོང་དང ། བྲམ་ཟེ་རྣམས་ལ་བགེགས་དང་གནོད་པ་འབྱུང ། དཔྱིད་ཟླ་ར་བའི་ངོ་རྒྱུ་སྐར་པཱུར་བཱ་བྷ་དྲཱ་པ་དཱ[(]ཁྲུམ་སྟོད[)]འི་ཉི་མ་ལ་ཉིན་པར་ས་གཡོས་ན་ལོ་གཉིས་ཀྱི་བར་དུ་དུས་སུ་ཡུལ་ཁམས་དེར་དམག་འོང ། དཔྱིད་ཟླ་འབྲིང་པོའི་ངོ་རྒྱུ་སྐར་པཱུརྦཱ་ཤཱ་ཌཱ[(]ཆུ་སྟོད[)]འི་ཉི་མ་ལ་ས་འགུལ་ན་བློན་པོས་རྒྱལ་པོ་བསད་པ་དང ། ཡུལ་ཁམས་དེར་འཁྲུག་པ་ཆེན་པོ་འབྱུང ། དབྱར་ཟླ་འབྲིང་པོའི་ངོ་རྒྱུ་སྐར་མཱུ་ལཾ་དབང་བ་ལ་ནུབ་མོ་ས་གཡོས་ན་ཁམས་ཀྱི་དབང་པོ་རྣམས་ལ་གནོད་པ་འབྱུང ། དབྱར་ཟླ་ཐ་ཆུངས་ཀྱི་ངོ་རྒྱུ་སྐར་རོ་ཧི་ཎཱི[(]སྣར་མ[)]་དབང་བ་ལ་ནུབ་མོ་ས་གཡོས་ཤིང་རླུང་མར་བྱུང ། ཆར་མ་བབ་ན་འབྲུ་ཟན་མ་རུངས་པར་འགྱུར་ཞིང་དམག་འོང ། སྟོན་ཟླ་འབྲིང་པོའི་ངོ་རྒྱུ་སྐར་ཨུད་ཏ་ར་བྷ་དྲ་པ་དཱ[(]ཁྲུམ་སྨད[)]འི་ཉི་མ་ལ་ཉིན་པར་ས་གཡོས་ན་ཕ་རོལ་གྱི་དགྲས་རྒྱལ་པོ་དེ་ཕམ་པར་འགྱུར། ཡུལ་ཕྱོགས་ཀྱང་ཆོམ་རྐུན་གྱིས་འཇིགས་པར་འགྱུར། སྟོན་ཟླ
71.292b
ཐ་ཆུངས་ཀྱི་ངོ་རྒྱུ་སྐར་ཀཱརྟི་ཀཱ[(]སྨིན་དྲུག[)]འི་ཉི་མ་ལ་ས་གཡོས་ན་གྲོང་ཁྱེར་ཆེན་པོ་དང ། ཁང་ཁྱིམ་འཇིག་ཅིང་མུ་གེ་འབྱུང ། དགུན་ཟླ་ར་བའི་ངོ་རྒྱུ་སྐར་ཨ་ཤཝི་ནཱི[(]ཐ་ཀར[)]་དང ། ུད་ཏ་ར་ཕལ་གུ་ཎཱི་དབང་བའི་ནུབ་མོ་ས་གཡོས་ན་བྱིས་པ་ཆུང་ངུ་དང ། བུད་མེད་སྦྲུམ་མ་ལ་བགེགས་དང་གནོད་པ་འབྱུང ། དགུན་ཟླ་འབྲིང་པོའི་ངོ་རྒྱུ་སྐར་མྲྀ་ག་ཤི་རཱ[(]མགོའ[)]་དང ། པཱུརྦཱ་བྷ་དྲཱ་པ་དཱ[(]ཁྲུམ་སྟོད[)]འི་ཉིན་པར་ས་གཡོས་ན་རྐང་འགྲོས་ལ་བགེགས་དང་གནོད་པ་འབྱུང ། དབང་པོ་འམ། མ་གྷཱ[(]མཆུའ[)]འི་ཉི་མ་ལ་གཙུག་ལག་ཁང་སྐུ་གཟུགས་གཡོས་ཞིང་འགུལ་ལམ། ས་འཕོས་ན་ཡུལ་ཁམས་དེ་མྱུར་དུ་འཇིག་པར་འགྱུར། གཙུག་ལག་ཁང་གི་སྐུ་གཟུགས་གདན་ལས་འཕོས་སམ། དངུལ་ལྟ་བུ་བྱུང་ངམ། འགྱེལ་ན་ཡུལ་ཁམས་དེ་རྒྱལ་པོ་དང་བཅས་པར་རྒྱལ་ཁམས་གཞན་གྱི་དབང་དུ་འགྱུར། གཙུག་ལག་ཁང་གི་སྐུ་གཟུགས་འཕོས་སམ། སྤྱན་ནས་མཆི་མ་བྱུང་ན་ཡུལ་ཁམས་དེའི་མི་དཔའ་བོ་གཅེས་པ་བུ་སྨད་དང་བཅས་པར་ཡུལ་བྱུང་བར་འགྱུར། གཙུག་ལག་ཁང་གི་སྐུ་གཟུགས་གདན་ལས་འཕོས་སམ་འགུལ་ལ་ལྷ་ཁང་ནས་དུད་པ་འདྲ་བ། བྱུང་ན་ཡུལ་ཁམས་དེའི་རྒྱལ་པོ་ལ་གནོད་པར་འགྱུར། གཙུག་ལག་ཁང་ཆེན་པོ་དང ། གནས་ཁང་ལྟ་བུ་གཡོས་ན། གྲོང་ཁྱེར་དེ་ཕྱོགས་རྒྱལ་ཁམས་གཞན་གྱིས་གནངས་སུ་བཅད་པ་འམ་མེས་ཚིག་པར་འགྱུར། ཟླ་བའི་ཟུར་ལ་གཟའ་ཕུར་བུ་བྱུང་ན་མི་ཕྱུག་པོ་ལ་རྒྱལ་པོས་ནོར་འཕྲོག་ཅིང་གནོད་པར་འགྱུར། ཉི་ཟླ་དམར་པོར་སོང་ན་ཁམས་ཀྱི་དབང་པོ་ལ་གནོད་པ་འབྱུང ། གཟའ་སྤེན་པ་ཟླ་བའི་སྟེང་དུ་བྱུང་ན་ཡུལ་འཁོར་དེར་འཇིགས་པ་ཆེན་པོ་དང་བགེགས་འབྱུང ། ལྟས་འདི་རྣམས་བྱུང་བའི་དུས་སུ་ཟླ་བ་གཟས་ཟིན་ན་རྒྱལ་པོ་ཆེན་པོ་རྣམས་ལ་གནོད་པ་དང་བགེགས་འབྱུང ། རྒྱལ་པོ་དང་པོ་སྐྱེས་པའི་རྒྱུ་སྐར་གྱི་སྟེང་དུ་ཟླ་བ་བྱུང་ཞིང ། ཟླ་བའི་སྟེང་དུ་ཡང་གཟའ་མཇུག་རིངས་བྱུང་ན། ཡུལ་ཁམས་དེའི་རྒྱལ་པོ་དང ། རྒྱལ་ཁམས་ཉེ་བ་གཞན་གྱི་རྒྱལ་པོ་དང་འཐབ
71.293a
མོ་འོང ། གཟའ་སྤེན་པ་རྒྱུ་སྐར་རོ་ཧ་ཎཱི་དང ། ཀཱརྟི་ཀཱའི་དབུས་སུ་ཤར་ན་རྒྱལ་ཁམས་དེའི་མི་ཐམས་ཅད་ལ་གནོད་པ་ཆེན་པོ་དང ། བགེགས་བྱུང་ནས་མི་སུམ་ཆ་ཅིག་ལུས་པར་འགྱུར། གཟའ་པ་བ་སངས་དང ། རྒྱུ་སྐར་མ་གྷཱ་དང ། པཱུརྦ་ཕལ་གུ་ནི་ཟླ་བའི་དབུས་སུ་ཤར་ན་ལོ་ཏོག་ལ་གནོད་པ་འབྱུང ། གཟའ་ཕུར་བུ་དང ། པ་བ་སངས་དང ། སྤེན་པ་རྣམས་དམར་པོར་སོང་ན་ཡུལ་ཁམས་དེར་འཇིགས་པ་ཆེན་པོ་འབྱུང ། གཟའ་མཇུག་རིངས་རྒྱུ་སྐར་པུ་ཥྱའའི་སྟེང་དུ་ཤར་ན་རིང་པོ་མི་ཐོགས་པར་ཕྱོགས་བཞི་ནས་དམག་ཆེན་པོ་འབྱུང ། གཟའ་ཕུར་བུ་དང ། མིག་དམར་རྒྱུ་སྐར་ཤྲ་བ་ཎཱའི་སྟེང་དུ་ཤར་ན་ལོ་གསུམ་གྱི་བར་དུ་ཡུལ་ཁམས་དེར་འཇིགས་པ་ཆེན་པོ་དང་གནོད་པ་འབྱུང ། གཟའ་ཕུར་བུ་དང ། སྤེན་པ་རྒྱུ་སྐར་བི་ཤཱ་ཁཱའི་སྟེང་དུ་ཤར་ན་མི་མང་པོ་འཐབ་མོ་ལ་འཆི་བར་འགྱུར་རོ། །ལྷ་ཁང་དང་ཁང་པ་ཆེན་པོའི་སྟེང་དུ་བྱ་རོག་གར་བྱེད་ཅིང་འཕྱང་མོ་ཉུག་ན་ཡུལ་ཁམས་དེར་འཐབ་མོ་ཆེན་པོ་འབྱུང ། བུད་མེད་ལ་མི་མ་ཡིན་པའི་བུ་བྱུང་ངམ། ཡང་ན་ཕྱུགས་ལ་མིའི་བུ་བྱུང་ན་ཡུལ་ཁམས་དེའི་བུད་མེད་ལ་བགེགས་དང་གནོད་པ་ཆེན་པོ་འབྱུང ། མའི་མངལ་ན་བུ་ཡོད་པ་རྒོད་དམ། སྨྲ་འམ། ངུ་ན་ཡུལ་ཁམས་དེ་འཇིག་པར་འགྱུར། བུད་མེད་ཀྱི་མངལ་ནས་བུ་རྐང་གཅིག་པ་འམ། གསུམ་པ་འམ། རྐང་བཞི་པ་བྱུང་ན་ཡུལ་དེའི་རྒྱལ་པོ་ལ་གནོད་པ་འབྱུང ། བུད་མེད་ཀྱི་ལྟོ་ནས་བུ་མ་ནིང་མཚན་གཉིས་པ་བྱུང་ན་ཡུལ་ཁམས་དེའི་རྒྱལ་པོ་འཆི་བར་འགྱུར། བུད་མེད་ལས་བྱོལ་སོང་གི་བུ་དང ། བུ་མགོ་མང་པོ་ཅན་བྱུང་ན་ཡུལ་ཁམས་དེ་འཇིག་པར་འགྱུར། བུད་མེད་ལས་བུ་མགོ་གཅིག་ལ་གདོང་གཉིས་མིག་གསུམ་པ་བྱུང་ན་ཡུལ་ཁམས་དེ་མྱུར་དུ་འཇིག་པར་འགྱུར། བུད་མེད་ལས་བུ་གྲུལ་བུམ་མགོ་བཞི་པ་བྱུང་ན་ཡུལ་འཁོར་དེར་འཇིགས་པ་ཆེན་པོ་འབྱུང ། བུད་མེད་ལས་བུ་ཕག་གི
71.293b
གདོང་ཅན་བྱུང་ན་ཕྱོགས་བཞི་ནས་ཡུལ་ཁམས་དེ་འཇིག་པར་འགྱུར། བུད་མེད་ལས་བུ་ཉི་མའི་འོད་བཞིན་འབར་བ་བྱུང་ན་ནང་འཁྲུག་གིས་ཡུལ་ཁམས་དེ་འཇིག་པར་འགྱུར། བྱིས་པ་ཚེམ་བུ་ན་གནས་པ་ཆེན་པོ་བཞིན་ཚིག་སྨྲ་ན་ཡུལ་འཁོར་དེ་འཇིག་པར་འགྱུར། མ་ཉིད་ཀྱིས་མ་ཚོར་བར་མངལ་ནས་བུ་བྱུང་ན་འདྲེ་གདོན་དང ། བགེགས་ནད་ཀྱིས་ཡུལ་ཁམས་དེ་འཇིག་ཅིང་འཇིགས་པ་ཆེན་པོ་འབྱུང ། བུད་མེད་ལས་བུ་སྐྱེ་ནུབ་པ་དང ། སོ་སྐྱེས་པ་བྱུང་ན་ཡུལ་ཁམས་དེ་དགོན་པར་འགྱུར་ཏེ། མི་ཐམས་ཅད་ཀྱང་ཕྱོགས་གཞན་དུ་འགྲོ་བར་འགྱུར། བུད་མེད་ལས་བུ་མགོ་མེད་པ་ལག་པ་གཅིག་པ་བྱུང་ན་ཡུལ་ཁམས་དེར་གནོད་པ་ཆེན་པོ་འབྱུང ། ཡུལ་ཁམས་སུ་མེ་ཏོག་དང ། ཤིང་ཏོག་འབྲས་བུ་ལས་ཁུ་བ་འཛག་ན་རྒྱལ་པོའི་རྒྱལ་འཚབ་ལ་བགེགས་དང་གནོད་པ་འབྱུང ། དུས་མ་ཡིན་པར་བཟའ་ཤིང་ལས་མེ་ཏོག་དང་འབྲས་བུ་སྐྱེ་ན་རྒྱལ་པོ་དང ། ཡུལ་མིར་བཅས་པས་ཡུལ་བོར་བར་འགྱུར། བཟའ་ཤིང་གི་འབྲས་བུ་ལྷག་པར་མདོག་བཟང་པོར་གྱུར་ཏམ། ཡང་ན་ཁྲག་འདྲ་བ་འཛག་ན་ཡུལ་ཁམས་དེར་འཇིགས་པ་ཆེན་པོ་དང ། ནད་དང ། མུ་གེ་འབྱུང ། བསྐྱེད་ཤིང་གི་གྲིབ་མ་མི་འཁོར་བར་ཕྱོགས་གཅིག་ཏུ་འདུག་ན་དགྲའི་དམག་བྱིན་ཆེན་པོས་ཡུལ་ཕྱོགས་དེ་བཅོམ་པར་འགྱུར། བསྐྱེད་ཤིང་འགྲོ་བ་ལྟར་སྣང་ན་ཡུལ་ཁམས་དེར་འཇིགས་པ་ཆེན་པོ་འབྱུང ། བསྐྱེད་ཤིང་ལྷག་པར་བརྗིད་ཅིང་གསལ་བར་སྣང་ན་ཡུལ་ཁམས་དེའི་རྒྱལ་པོ་ཚེ་ཐུང་བར་འགྱུར། འཇིག་རྟེན་པའི་ལྷ་མཆོད་པའི་ཚེ་ལྷ་སྨྲ་འམ་འཛུམ་ན། རྒྱལ་པོ་ལ་བགེགས་དང་གནོད་པ་འབྱུང ། མེ་ཏོག་གི་ཆར་འབབ་པ་འམ། རླུང་དམར་ལངས་ཤིང་གནམ་ལས་སྲིན་བུ་བབ་ན་ཡུལ་ཁམས་དེར་ཆོམ་རྐུན་གྱིས་འཇིག་པར་འགྱུར། འཇིག་རྟེན་པའི
71.294a
ལྷ་ཁང་དུ་མེ་མ་བུས་པར་དུ་བ་བྱུང་ཞིང ། ལྷ་ཡང་མཚན་དང་ཆོ་འཕྲུལ་སྟོན་ན་རྒྱལ་པོ་ལ་བགེགས་དང་གནོད་པ་འབྱུང ། འཇིག་རྟེན་པའི་ལྷ་ཁང་དུ་མེ་མར་མ་བུས་པར་མེ་མར་འདྲ་བར་སྣང་ན་རྒྱལ་པོའི་གནང་ཆེན་ལ་བགེགས་དང་གནོད་པ་འབྱུང ། རྒྱལ་པོ་བཙུན་མོའི་འཁོར་དུ་སོང་སྟེ་འདོད་ཆགས་མི་ལྡང་ན་རྒྱལ་པོའི་ཕོ་བྲང་མེས་ཚིག་ཅིང་རྒྱལ་པོ་ལ་མི་དགེ་བ་སྣ་ཚོགས་འབྱུང ། ཆར་པ་དང་སེར་བ་འབབ་ལ། གནམ་ལ་ཁ་དོག་གསལ་བ་དག་བྱུང་ན་ཡུལ་ཁམས་དེར་འཇིགས་པ་ཆེན་པོ་འབྱུང ། གྲོང་ཁྱེར་ཚུབ་མས་བསྐོར་ཅིང་འགྲོ་བ་དང ། རླུང་མར་ལངས་ཤིང་ཆར་པ་ཁྲག་འདྲ་བ་བབ་ན་ཡུལ་ཁམས་དེར་འཇིགས་པ་ཆེན་པོ་འབྱུང ། གློག་འབྱུང་ཞིང་ཆར་པ་འབབ་ལ་སྤྲིན་འཁོར་ལིང་འཁོར་ལིང་དུ་ཆད་དེ། སྤྲིན་ལིང་དུ་ཆད་པའི་བར་བར་ན་དྲི་ཟའི་གྲོང་ཁྱེར་འདྲ་བ་སྣང་ན་ཡུལ་ཁམས་དེར་འཇིགས་པ་ཆེན་པོ་འབྱུང ། ཟླ་བ་དམར་པོར་གྱུར་ན་ཡུལ་ཁམས་དེར་གྲོང་ཁྱེར་མེས་ཚིག་པ་དང ། རིམས་ཀྱིས་མི་ངས་པར་འགྱུར། ཟླ་བ་མཐའ་དམར་ལ་དབུས་ནག་པོར་སོང་ན་ཡུལ་ཁམས་དེར་འཇིགས་པ་ཆེན་པོར་འགྱུར། ཟླ་བའི་ཁ་དོག་བཙག་འདྲ་བར་དམར་པོར་སྣང་ལ་སླར་ཡང་འཕྲལ་དུ་དཀར་པོའི་རང་བཞིན་དུ་གྱུར་ན་རླུང་མི་ལྡང་བར་དྲག་པོར་འབབ། རོ་སྐམ་ལྟ་བུར་ཆུ་མིག་བྱུང་ན་ལོ་ཏོག་ལེགས་པར་འགྱུར། མེ་མ་བུས་པར་ཡུལ་ཁམས་དེར་དུ་བ་བྱུང་ན་ཡུལ་ཁམས་དེར་འཇིགས་པ་ཆེན་པོ་འབྱུང ། མདའ་གཞུ་སྐྱིས་ཀོར་ལ་མེའམ་དུད་པ་བྱུང་ན་ཡུལ་ཁམས་དེར་དགྲའི་འཇིགས་པ་འབྱུང་ངོ ། །དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང ། རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་དང་བཅས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། །མིག་བཅུ་གཉིས་པ་ཞེས་བྱ་བའི་མདོ། རྫོགས་སོ།། །།ཞུས་ཏེ་དག་གོ། །ཡང་ཞུས་ཤེ་བསོད་ནམས་ཆེན་པོའི་དཔལ་གྱིས་ཕྱོགས་ལས་རྣམ་པར་རྒྱལ་བ་གཙུག་ལག་གཉིས་ཀྱི་མཛད་པས་བསྟན་པ་རིན་པོ་ཆེའི་ཞབས་ཏོག་དང ། འགྲོ་བ་དཔག་ཏུ་མེད་པའི་མགོན
71.294b
སྐྱབས་དང་དཔུང་གཉེན་དམ་པར་གྱུར་པ་སྔོན་གྱི་སྨོན་ལམ་རྣམ་པར་དག་པ་ཡོངས་སུ་རྫོགས་པས་འཇིག་རྟེན་གྱི་བྱ་བ་རྣམས་སྙིང་པོ་མེད་པར་གཟིགས་ཏེ་རྣམ་གཡེང་གི་དྲི་མ་ཀུན་སྤངས་ནས་རི་ཁྲོད་དབེན་གནས་ཁོ་ནར་བཞུགས་ཤིང་བསླབ་གསུམ་གྱི་ཁངས་བཟང་མང་དུ་ཐོས་པའི་ནོར་གྱིས་ཕྱུག་ལ་ཐུགས་རྗེའི་རྒྱལ་མཚན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཏོག་གིས་མཛེས་པ་དཔལ་ལྡན་བླ་མ་བཟང་པོའི་མཚན་ཅན་དགེ་སྦྱོང་ཆེན་པོ་དེའི་ཐུགས་དགོངས་རྫོགས་པར་བྱ་བའི་ཕྱིར་དང ། འགྲོ་བ་མ་ལུས་པའི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མ་ལུས་པའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་ཤིང་ཕྱོགས་ཀུན་དུ་དར་ཅིང་རྒྱས་པར་བྱ་བའི་ཕྱིར་བོད་ཁམས་སུ་སྨོན་ལམ་གྱི་སྟོབས་ཅན་མངའ་བདག་ལྷ་བཙན་པོ་བྱང་ཆུབ་སེམས་དཔའ་རྣམས་དང ། ལོ་པཎ་སྐྱེ་མཆེད་ཁྱད་པར་ཅན་རྣམས་ཀྱི་བདག་རྐྱེན་ལ་བརྟེན་ནས། བདེ་བར་གཤེགས་པའི་གསུང་རབ་ཐོག་མཐའ་བར་དུ་དགེ་ཞིང ། སྒྲོ་སྐུར་གྱི་མཐའ་དང་བྲལ་ལ། གཞུང་ལུགས་ངན་པའི་དྲི་མས་དབེན་པ་མདོ་སྡེ་དང ། རྒྱུད་སྡེའི་ཕྱོགས་སྔ་ཕྱིར་འགྱུར་རོ་ཅོག་རྣམས་དཔལ་ལྡན་རྒྱལ་བའི་སྡེས། ཏི་ཤིཧ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་བསྟན་པ། སྐྱོང་བའི་དུས་རྒྱལ་བའི་བསྟན་པ་ལྔ་བརྒྱ་བདུན་པའི་མཐར་ཉེ་བ་འགྲོ་བའི་བླ་མ་སྟོན་པ་གདུལ་བྱའི། ངོར་ཞི་བར་གཤེགས་པའི་ཚུལ་བསྟན་ནས། ལོ་སུམ་སྟོང་བཞི་བརྒྱ་བརྒྱད་བཅུ་འདས་པ་མེ་མོ་ཕག་ལོ་ལ་དབུ་གཙུགས་ཏེ། བཞེངས་པ་རྣམས་རྒྱལ་སྲས་བྱང་ཆུབ་དཔལ་གྱིས་རྒྱུའི་དངོས་པོ་བཟང་ཞིང་ཁ་ན་མ་ཐོ་བ་མེད་པ་རྣམས་ཀྱིས་བསྟན་པའི་འབྱུང་གནས་དཔལ་ན་ལེན་དྲ་དང་མཚུངས་པའི་ཆོས་གྲ་ཆེན་པོ་དཔལ་གུང་ཐང་གི་གཙུག་ལག་ཁང་དུ་དད་པ་དང ། བརྩོན་འགྲུས་ཆེ་ཞིང་བློ་གྲོས
71.295a
གསལ་ལ་ཚུལ་ཁྲིམས་ཀྱི་རྒྱན་དང་ལྡན་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཞུས་དག་ལན་གསུམ་མཛད་པ་འདི་ས་མོ་གླང་གི་ལོ་གསར་གྱི་ཟླ་བ་ལོ་སྟོང་ལྔ་བརྒྱ་བཅཝ་བརྒྱད་བསྟན་པའི་ལྷག་མར་ཡོད་པའི་དུས་སུ་ལེགས་པར་གྲུབ་པའོ། །ཁ་ཏ་དང་དོས་རྣམས་བཙུན་པ་ཐང་ཆེན་པ་ཀུན་དགའ་འབུམ་ལ་སོགས་པ་སྡོམ་བརྩོན་དམ་པ་མང་དུ་ཐོས་ཤིང་སྡེ་སྣོད་འཛིན་པ་རྣམས་ཀྱིས་རྒྱ་གར་སྐད་ལ་སོགས་པ་ལེགས་པར་སྦྱར་བའི་སྐད་སོར་བཞག་རྣམས་ནི་སྔོན་གྱི་ལོ་ཙྪ་བ་ཆེན་པོ་རྣམས་ཀྱི་མཛད་པ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་པོ་དང ། སྒྲ་སྦྱོར་བམ་པོ་གཉིས་པ་ལ་སོགས་པ་ལ་བརྟེན་ནས་དག་པར་བྱས་ཤིང ། བོད་སྐད་རྣམས་ནི་ཡུལ་སྐད་དང ། འཕྲལ་སྐད་ངན་པ་རྣམས་དང་མ་འདྲེས་པར་བོད་ཡུལ་གྱི་སྔོན་གྱི་བརྡ་མས་མཁན་པོ་རྣམས་དང ། སྒྱུར་བྱེད་དམ་པ་སྔ་ཕྱིར་བྱོན་པ་རྣམས་ཀྱི་བརྡ་གསར་རྙིང ། སྐད་གསར་བཅད་ལ་སོགས་པའི་རྗེས་སུ་འབྲངས་ནས་མ་མྱ་ད་དྲག་ས་སྩོགས་ལ་སོགས་པ་ཡོད་མེད་རྣམས་མཁས་པ་རྣམས་ཀྱིས་ཇི་ལྟར་མཛད་པ་ལྟར་གསུང་རབ་ཀྱི་དཔི་བྱི་རྣམས་ལ་སྔ་ཞུས་གསུང་རབ་གསུམ་གསུམ་དང་གཏུགས་ཏེ་བརྡ་དོན་མ་ནོར་བར་དག་པར་བགྱིས་ནས་གཞི་དུང་གི་ས་བཞི་ལྟར་དཀར་ཞིང་འཇམ་ལ་མཁྲེགས་པའི་ལྷོ་རྒྱལ་པོ་ལྷ་ཁང་གི་ཤོ་གུ་ལ། དམ་ཆེ་ཞིང་མདངས་གསལ་བ་ཨུད་པ་ལ་སྔོན་པོ་ལྟ་བུ་རྒྱ་ནག་ཆེན་པོ་ལས་འོངས་པའི་སྣག་ཚས། །འབུར་དཀྱུས་ཚུགས་གསུམ་ལ་མཁས་པའི་མཐར་ཕྱིན་པས་ཡི་གེའི་རིག་བྱེད་ལ་སློབ་དཔོན་ཀྱི་གོ་འཕང་ཐོབ་པས
71.295b
དག་སྙོམས་མཛེས་པར་བཞེངས་པ། དབུས་གཙང་གི་ཡི་གེ་པ་ཡིད་གཞུངས་ཤིང་མཁས་པ་རྣམས་ཀྱིས་ལེགས་པར་བྲིས་པ་ལ་ཕྱི་ཞུས་ལན་གསུམ་དུ་བགྱིས་ཏེ་བཞེངས་པ་རྣམས་ལས་ཁྱད་པར་དུ་ཐུགས་དམ་མདོ་མངས་སྐྱེ་དགུའི་བློ་གྲོས་མུན་སེལ་ཕན་བདེའི་གཏེར་ཆེན་ཞེས་བྱ་བ་འདི་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེའི་ཐུགས་དམ་ལྷ་མིའི་རྒྱན་མཆོག་མ་ཞེས་བྱ་བ་དང ། ཕོ་བྲང་ཆེན་པོ་གཙང་ཆུ་མིག་རིང་མོའི་གཙུག་ལག་ཁང་གི་མདོ་མངས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་དགེ་བའི་ཤེས་གཉེན་འདར་ཕྱར་ཀྱིས་བཞེངས་པའི་མདོ་མངས་འདར་ཕྱར་མ་ཞེས་གྲགས་པ་དང ། འབྲང་མཚམས་ཕུག་ཆུད་མ་ཞེས་གྲགས་པ་དང ། དགའ་འབར་མ་ཞེས་གྲགས་པ་དང ། དཔལ་སྣར་ཐང་གི་གཙུག་ལག་ཁང་གི་མདོ་མངས་རྣམས་ཀྱི་མཆོག་ཏུ་གྱུར་པ་མཁན་པོ་ཆེན་པོ་མཆིམས་ཀྱི་ཐུགས་དམ་མདོ་མངས་གསེར་གཞུང་མ་དང ། ཕྱུག་རྒྱལ་མ་དང ། དགོན་གསར་མ་ལ་སོགས་པ་རྣམས་དང ། གཞན་ཡང་བླ་མ་གྲུ་སྤང་རྩ་བའི་ཐུགས་དམ་མདོ་མངས་འཛམ་གླིང་རྒྱན་དང ། ཤོག་ཆུང་གི་གཙུག་ལག་ཁང་གི་མདོ་མངས་དྲུག་བཅུ་རྩ་གཉིས་དུམ་དང ། སྤུན་གསུམ་གྱི་གཙུག་ལག་ཁང་གི་མདོ་མངས་དང ། ཞ་ལུ་གསེར་ཁང་གི་གཙུག་ལག་གི་མདོ་མངས་གཞི་མ་དང ། སྨོན་དར་ཞེས་གྲགས་པ་ལ་སོགས་པ་མདོ་སྣ་མང་ཞིང་གོ་རིམས་ལེགས་པ་རྣམས་ལ་དཔེ་ཕྱི་བྱས་ནས་སྣར་ཐང་དུ་བཞེངས་པ་རྣམས་ཕྱི་མོར་གདན་དྲངས་ཏེ། མདོ་དངོས་མ་ཡིན་པ་རྒྱུད་སྡེར་གཏོགས་པའི་གཟུངས་རྣམས་ནི་རྒྱུད་འབུམ་གྱི་ནང་དུ་བྲིས་ཤིང ། གསེར་མདོག་གི་རྟོགས་པ་བརྗོད་པ་དང ། དགེ་བའི་བཤེས་གཉེན་གྱི་རྟོགས་པ་བརྗོད་པ་དང ། ཀུན་ལའི་རྟོགས་པ་བརྗོད་པ་དང ། དགེ་འདུན་འཕེལ་གྱིས་ལུང་བསྟན་པ་དང ། ལི་ལུང་བསྟན་པ་ལ་སོགས་པ་རྣམས་ནི་བདེ་བར་གཤེགས
71.296a
པ་མྱ་ངན་ལས་འདས་ནས་ཕྱིས་འཕགས་པ་རྣམས་ཀྱིས་མཛད་པ་ཡིན་ཞིང ། གདགས་པའི་བསྟན་བཅོས་རྣམས་ཀྱང་མདོ་སྡེ་པ་ལ་སོགས་པ་གྲུབ་མཐའ་སྨྲ་བ་ཁ་ཅིག་བཀར་མི་འདོད་ལ། སྐྱེས་རབས་དང ། སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བསྔགས་པར་འོས་པ་བསྔགས་པ་ལ་སོགས་པའི་བསྟོད་པ་རྣམས་དང ། གཞོན་ནུ་མ་བདུན་གྱི་རྟོགས་པ་བརྗོད་པ་ལ་སོགས་པ་རྣམས་ནི་ཕྱིས་སློབ་དཔོན་དཔའ་བོ་ལ་སོགས་པ་བསྟན་བཅོས་མཁན་པོ་རྣམས་ཀྱིས་མཛད་པ་ཡིན་པའི་ཕྱིར་དང ། ཐུབ་པ་དྲང་སྲོང་གརྒའི་ལྟས་ཀྱི་རྣམ་པ་བསྟན་པ་ལ་སོགས་པ་འགའ་ཞིག་ཕྱི་རོལ་པའི་རིག་བྱེད་ཀྱི་གཞུང་གི་ཆ་ཤས་སུ་སྣང་བས་བསྟན་བཅོས་འགྱུར་རོ་ཅོག་གི་ནང་དུ་བྲིས་པས་འདིར་ནི་ཐེག་པ་ཆེ་ཆུང་གི་མདོར་ངེས་པ་རྣམས་ཐེག་པ་དང་བརྗོད་བྱ་འཐུན་པ་དང ། མཚན་འཐུན་པ་དང ། སྡེ་ཚན་འཐུན་པ་རྣམས་སོ་སོར་བསྡེབས་ཏེ་གྲངས་དང་གོ་རིམས་ཚང་ལ་མ་ནོར་བར་རྒྱུ་བཟང་ཞིང་བཀོད་པ་ལེགས་པར་བཞེངས་པ་ཡིན་ནོ། །དེ་ལྟར་བསོད་ནམས་དཔལ་གྱིས་རབ་མཐོ་བ། །དཔལ་ལྡན་བླ་མ་དགེ་སྦྱོང་ཆེན་པོ་དེའི། །ཐུགས་ཀྱི་དགོངས་པ་རྫོགས་པར་བྱ་བའི་ཕྱིར། །མཁས་པའི་འབྱུང་གནས་དཔལ་གྱི་སྣར་ཐང་ནས། །བཀའ་འགྱུར་དྲི་མེད་ཕྱི་མོར་གདན་དྲངས་ཏེ། །ཆོས་ཀྱི་རྒྱལ་པོ་དཔལ་ལྡན་རྒྱལ་བའི་སྡེས། །ཕན་དང་བདེ་བའི་འབྱུང་གནས་རྒྱལ་བ་ཡི། །བསྟན་པ་སྤེལ་ཕྱིར་བདེ་བར་གཤེགས་པའི་གསུང ། །གངས་རིའི་ཁྲོད་འདིར་ཇི་སྙེད་འགྱུར་རོ་ཅོག་།ལེགས་པར་བཞེངས་པར་གྱུར་པ་དེ་དག་ལས། །འདི་ནི་སྐྱེ་དགུའི་བློ་གྲོས་མུན་སེལ་ཞིང ། །ཕན་བདེའི་གཏེར་ཆེན་ཞེས་བྱའི་མདོ་སྡེའོ། །དེ་ལྟར་དཔལ་ལྡན་ལྷག་བསམ་དག་པའི་མཐུས། །གསུང་རབ་རིན་ཆེན་ཚུལ་བཞིན་བཞེངས་པ་ལས། །བྱུང་བའི་དགེ་བ་སྟོན་ཀའི་ཟླ་འོད་དང ། །མཁའ་ལྟར་དག་ཅིང་ཡངས་པ་གང་ཐོབ་དེས། །འགྲོ་ཀུན་ཕན
71.296b
བདེའི་འབྱུང་གནས་རྒྱལ་བ་ཡི། །བསྟན་པ་རིན་ཆེན་ཕྱོགས་དུས་ཀུན་ཁྱབ་ཅིང ། །སྡེ་འཛིན་སྐྱོང་དང་སྲུང་བའི་དམ་པ་རྣམས། །སྐྱེ་དགུའི་དཔལ་དུ་ཡུན་རིང་བཞུགས་གྱུར་ཅིག་།གང་གིས་གསུང་རབ་དྲི་མེད་འདི་བཞེངས་པ། །ཆོས་ཀྱི་རྒྱལ་པོ་དཔལ་ལྡན་རྒྱལ་བའི་སྡེ། །བསྟན་དང་འགྲོ་བའི་རྩ་ལག་དམ་པར་ནི། །ས་ཆེན་སྟེང་འདིར་ཡུན་རིང་བཞུགས་གྱུར་ཅིག་།ཁྱད་པར་དུ་ཡང་དེས་པས་ས་སྐྱོང་བའི། །མི་དབང་ཡོན་མཆོད་འཁོར་དང་བཅས་པ་རྣམས། །སྙུན་མེད་སྐུ་ཚེ་རིང་ཞིང་ཆབ་སྲིད་བརྟན། །བྱམས་བརྩེའི་ཐུགས་ཀྱིས་སྐྱེ་དགུ་སྐྱོང་གྱུར་ཅིག་།སྲིད་འབངས་རྣམས་ཀྱང་ཕན་ཚུན་བྱམས་ལྡན་ཞིང ། །ནད་དང་མུ་གེ་འཐབ་རྩོད་ལ་སོགས་པ། །ཕྱི་ནང་ཉེར་འཚེའི་གནོད་པ་ཀུན་ཞི་ནས། །ཚེ་རིང་འབྱོར་ལྡན་བསྟན་ལ་དད་གྱུར་ཅིག་།གང་དག་འདི་ལ་སྒོ་གསུམ་གུས་པ་ཡིས། །བྱ་བ་བྱེད་དང་རྗེས་སུ་ཡི་རང་དང ། །རྒྱུ་རྐྱེན་འབུལ་དང་ཆོས་སྤྱོད་རྣམ་བཅུ་ཡིས། །ཚུལ་བཞིན་སྒྲུབ་པར་བྱེད་པ་དེ་དག་ཀྱང ། །འདིར་ཡང་ཚེ་རིང་ནད་མེད་འབྱོར་ལྡན་ཞིང ། །སྐྱེ་ཞིང་སྐྱེ་བའི་སྐྱེ་བ་ཐམས་ཅད་དུའང ། །འཁོར་ལོ་བཞི་དང་ཡོན་ཏན་རྣམ་བདུན་དང ། །རྣམ་སྨིན་བརྒྱད་ལྡན་དལ་འབྱོར་ལུས་ཐོབ་ནས། །མཐོང་དང་བསྒོམ་པས་སྤོང་བྱའི་ཉོན་མོངས་དང ། །ཤེས་བྱའི་སྒྲིབ་པ་བག་ཆགས་བཅས་པ་ཀུན། །སྤོང་བྱེད་གཉེན་པོ་ལམ་ལྔ་ས་བཅུ་རྣམས། །རིམ་གྱིས་བགྲོད་ནས་ཀུན་མཁྱེན་ཐོབ་པར་ཤོག་།གང་ལ་བརྟེན་ནས་ཉེས་ཚོགས་རྣམ་སྤོང་ཞིང ། །གནས་སྐབས
71.297a
མཐར་ཐུག་དགེ་ལེགས་ཀུན་འབྱུང་བ། །སྤོབས་པ་བཞི་ལྡན་བདེ་བར་གཤེགས་པའི་གསུང ། །མདོ་སྡེ་དཀོན་མཆོག་རྣམས་ཀྱི་བཀྲ་ཤིས་ཤོག་།ཞུས་ཏེ། དག་གོ། །ཡང་ཞུས་ཤེ། དུས་ཕྱིས་མདོ་མངས་ཀྱི་པོ་ཏི་རང་ག་རྣམས་ཀྱི་གཞུང་ལུགས་དང་འཐུན་པའི་འཆོས་དགོས་རྣམས་ལེགས་པར་གཏན་ལ་ཕབ་ནས་དག་པར་བཞུགས་པ་སྐར་མས་བགྱིས་སོ། །བཀྲ་ཤིས་པར་གྱུར་ཅིག ། །། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་དུན་ཏེ་ཥཱཾ་ཏ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ །། །།མདོ་མངས་པུ་ཏི་སུམ་བཅུ་རྩ་གཉིས་ལ། མདོ་གྲངས་ཉིས་བརྒྱ་བརྒྱད་བཅུ་རྩ་བཞི་བཞུགས།། །།