rKTs


J326

(e-text produced by ADARSHA)

see text in transliteration
82.203b
།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་ཉི་ཤུ་རྩ་བདུན་པ་སྟེ་དེས་པས་ཞུས་པ། བམ་པོ་གཅིག་པ། ༄#། །རྒྱ་གར་སྐད་དུ། ཨཱརྱ་སུ་ར་ཏཱ་པ་རེ་པྲྀཙྪ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། ་བོད་སྐད་དུ། འཕགས་པ་དེས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་དག་དང་ཐབས་གཅིག་ཏུ་བཞུགས་ཏེ། འཁོར་བཞི་དང ། རྒྱལ་པོ་དང ། བློན་པོ་དང ། གྲོང་རྡལ་གྱི་མི་དང ། ལྗོངས་ཀྱི་མི་རྣམས་ཀྱིས་བཀུར་སྟིར་བྱས། བླ་མར་བྱས། རིམ་གྲོར་བྱས། མཆོད་པར་བྱས་སོ། །དེའི་ཚེ་མཉན་ཡོད་ཀྱི་གྲོང་ཁྱེར་ན་གྲོང་ཁྱེར་གྱི་མི་དབུལ་པོ་དེས་པ་ཞེས་བྱ་བ་སངས་རྒྱས་ལ་དད་པ་མི་ཕྱེད་པ་དང་ལྡན་པ། ཆོས་ལ་དད་པ་མི་ཕྱེད་པ་དང་ལྡན་པ། དགེ་འདུན་ལ་དད་པ་མི་ཕྱེད་པ་དང་ལྡན་པ། བསླབ་པའི་གཞི་ལྔ་ཡོངས་སུ་བཟུང་བ། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ། བྱམས་པ་ལ་གནས་ཏེ་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ། སྙིང་རྗེ་ལ་གནས་ཏེ་ཡིད་ཡོངས་སུ་སྐྱོ་བ་མེད་པ། དགའ་བ་ལ་གནས་ཏེ་ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པ།
82.204a
བཏང་སྙོམས་ལ་གནས་ཏེ་བདེ་བ་དང་སྡུག་བསྔལ་གྱིས་མི་བསྐྱོད་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ། སྔོན་གྱི་ཚུལ་ཕུན་སུམ་ཚོགས་པ། ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་སྨྱིན་པར་བྱེད་ཅིང་དབུལ་པོར་མིང་དུ་ཆགས་པ་ཞིག་གནས་ཏེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས་གྲོང་ཁྱེར་གྱི་དབུལ་པོ་དེས་པ་ཤིན་དུ་འདོད་པ་ཆུང་བ། ཆོག་ཤེས་པ། ཚུལ་ཁྲིམས་དང་བརྟུལ་ཞུགས་དང་ལྡན་པ། ཡིད་འཁྲུགས་པ་མེད་པ། རྟག་ཏུ་བཞིན་འཛུམ་པ། གཞན་གྱི་འཁྲུལ་པ་དག་ལ་སྐྱོན་དུ་མི་ལྟ་བ། སེམས་ཅན་ཐམས་ཅད་ཀྱི་སེམས་སྲུང་བ། བརྐམ་པ་མེད་པ། ཤེས་བཞིན་དུ་སྤྱོད་པ། ཆོག་ཤེས་ཤིང་དགང་སླ་ལ་གསོ་སླ་བ། བསམ་པ་ཕུན་སུམ་ཚོགས་པ། གཡོ་མེད་པ། ང་རྒྱལ་མེད་པ། དཀའ་བློ་བདེ་བ། འཐུན་པར་འཛིན་པ། རྟག་ཏུ་གསོ་སྦྱོང་གི་ཡན་ལག་བརྒྱད་དང་ལྡན་པ། ལག་ན་ཤིང་ལོའི་སྣོད་ཐོགས་པ། རྩཝ་བཏིང་བ་ལ་ཉལ་བ། གོས་ངན་པ་གྱོན་པ། རྙེད་ཀྱང་མི་ལེན་པ། བཟང་ཡང་རུང་ངན་ཀྱང་རུང་བགོ་བཤའ་བྱས་ནས་ཟ་བ། དུས་གསུམ་དུ་དེ་བཞིན་གཤེགས་པ་ལ་ལྟ་བ། ཆོས་ཉན་པར་འདོད་པ། གཏམ་སྣ་ཚོགས་འབྱུང་བ་ལ་སྤོབས་པ་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེ་མཐོང་ངོ ། །མཐོང་ནས་འདི་སྙམ་དུ་སེམས་ཏེ། ཅི་གྲོང་ཁྱེར་གྱི་དབུལ་པོ་འདི་ཡི་དམ་ལ་བརྟན་ནམ་མི་བརྟན་བདག་གིས་བརྟག་གོ་སྙམ་མོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་མི་མང་པོ་མངོན་པར་སྤྲུལ་ནས་གྲོང་ཁྱེར་གྱི་དབུལ་པོ་དེས་པ་ལ་ཚིག
82.204b
ངན་པ་དག་གིས་གཤེ་ཞིང་སྤྱོ་བར་བྱེད་དོ། །བོང་བ་དང ། དབྱུག་པ་དང ། མཚོན་ཆ་དག་ཀྱང་བསྟན་ན་ངེས་དེ་བཟོད་པའི་སྟོབས་ཀྱིས་དང་དུ་ལེན་པར་བྱེད་དེ། མི་འཁྲུག་ཅིང་གནོད་སེམས་མི་བསྐྱེད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་མི་གཞན་དག་ཅིག་སྤྲུལ་ནས་དེས་པའི་མདུན་དུ་བཞག་སྟེ། དེས་པ་དེ་ལ་དགའ་བའི་ཚིག་གིས་ཁོ་བོ་ཅག་ནི་ཁྱོད་ཀྱི་དོན་བྱེད་པར་འདོད་པ་ཡིན་གྱིས། ཅི་སྟེ་ཁྱོད་འདོད་པ་ལྟ་ན་ཁྱོད་ལ་སྡིགས་པའི་དགྲ་གང་ཡིན་པ་དེ་དག་ཁོ་བོ་ཅག་གིས་ཚར་བཅད་པར་བྱའོ་ཞེས་སྨྲས་སོ། །དེས་བས་སྨྲས་པ། གྲོགས་པོ་དག་ཐོང་དེ་སྐད་མ་ཟེར་ཅིག་།གལ་ཏེ་མི་འདི་དག་གི་ཁོ་བོའི་ལུས་དུམ་བུ་བརྒྱར་དུམ་བུ་དུམ་བུར་གཏུབས་སུ་ཟིན་ཀྱང་ཁོ་བོ་ནི་མི་འདི་དག་ལ་སྡིག་པའི་སེམས་མི་སྐྱེད་དོ། །གྲོགས་པོ་དག་འཇིག་རྟེན་དག་ནི་དགེ་བ་དང་མི་དགེ་བའི་ཕྱོགས་གཉིས་ལ་གནས་ལ་དེའི་འགྲོ་བ་ནི་གཉིས་ཁོ་ན་སྟེ། དགེ་བའི་ཕྱོགས་ཀྱི་ནི་བདེ་འགྲོའོ། །མི་དགེ་བའི་ཕྱོགས་ཀྱི་ནི་ངན་འགྲོའོ། །དེ་བས་ན་ཁོ་བོ་ནི་སེམས་ཅན་ཕ་རོལ་ཚིག་པ་ཟ་བར་བྱེད་པར་ང་མི་འདོད་ན་གཙེ་བ་ལྟ་ཅི་སྨོས། དེ་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ས་བོན་ཚ་བ་རྣམས་ཀྱི་ནི། །འབྲས་བུ་ཚ་བ་སྐྱེ་བར་འགྱུར། །ས་བོན་མངར་བ་རྣམས་ཀྱི་ནི། །འབྲས་བུ་མངར་བ་སྐྱེ་བར་འགྱུར། །དཔེ་ཟླར་བྱ་བ་འདི་ཡིས་ན། །སྡིག་པའི་རྣམ་སྨིན་ཚ་བ་དང ། །དཀར་པོའི་འབྲས་བུ་མངར་བ་དག་།མཁས་པའི་མིས་ནི་ཤེས་པར་འགྱུར། །རྟག་ཏུ་ལུས་དང་ངག་ཡིད་ཀྱིས། །སྡིག་པ་རྣམ་གསུམ་མི་བྱ་ཞིང ། །གཞན་དག་བྱེད་ཀྱང་མཁས་པ་ཡིས། །རྗེས་སུ་དགའ་བར་མི་བྱའོ། །ལུས་དང་ངག་དང་ཡིད་རྣམས་ཀྱིས། །དཀར་པོ་རྣམ་གསུམ་རྟག་ཏུ་བྱ། །
82.205a
གང་དག་དགེ་བ་སྤྱོད་བྱེད་པ། །གཞན་དག་ལ་ཡང་ཡི་རང་བྱ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དུས་གཞན་ཞིག་ན་དེས་པ་ལ་དབྱིག་དང ། གསེར་མང་པོ་བསྟན་ནས་འདི་སྐད་ཅེས་སྨྲས་སོ། །དེས་པ་འོ་ནི་ལས་ཁྱེར་ལ་སྦྱིན་བདག་བྱིན་ཅིག་།བསོད་ནམས་དག་གྱིས་ཤིག་།གོས་དང་རྒྱན་དག་ཀྱང་ཐོགས་ཤིག་།ཁྱོད་ངན་ཅིང་དབུལ་བས་ཅི་ཞིག་བྱ། དེས་པས་སྨྲས་པ། གྲོགས་པོ་དག་སྔོན་སེམས་ཅན་རྣམས་ལ་ལུས་ཀྱིས་ཉེས་པར་སྤྱད་པ་དང ། ངག་དང ། ཡིད་ཀྱིས་ཉེས་པར་སྤྱད་པས་འདིར་དབུལ་པོ་ཞེས་བྱ་བར་གྱུར་ཏོ། །དེ་བས་ན་ཁོ་བོ་ནི་མ་བྱིན་པར་ལེན་པ་བྱེད་པར་མི་འདོད་དོ། །བརྒྱ་བྱིན་གྱིས་སྨྲས་པ། དེས་པ་ཁྱོད་ད་ལྟར་ཇེ་བདེ་བར་འཚོ་བར་གྱིས་ཤིག་།འཇིག་རྟེན་ཕ་རོལ་བསམ་པས་ཁྱོད་ལ་ཅི་ཞིག་བྱ། དེས་པས་སྨྲས་པ། གྲོགས་པོ་གང་ཚེ་འདི་ཆེད་ཆེར་འཛིན་པ་འདི་ནི་བྱིས་པའི་ཆོས་ཡིན་གྱིས་མཁས་པ་རྣམས་ནི་ཚེ་ཕྱི་མ་ཆེད་ཆེར་འཛིན་ཏོ། །འདོད་པས་ཟིལ་གྱིས་ནོན་པ་དང ། ཞེ་སྡང་གིས་ཟིལ་གྱིས་ནོན་པ་དང ། གཏི་མུག་གིས་ཟིལ་གྱིས་ནོན་པ་དང ། འདོད་ཆགས་ཀྱིས་ཟིལ་གྱིས་ནོན་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱིས་མཁས་པ་དག་ནི་བརྐམ་པ་མ་ཡིན་ནོ། །སོགས་འཇོག་ཆེད་ཆེར་འཛིན་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི་མཁས་པ་དག་ནི་སོགས་འཇོག་མི་བྱེད་དོ། །བདག་གིར་འཛིན་པ་དང་བཅས་ཤིང་ཡོངས་སུ་འཛིན་པ་དང་བཅས་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི་མཁས་པ་དག་ནི་བདག་ཏུ་མི་འཛིན་ཅིང་ཡོངས་སུ་འཛིན་པར་མི་བྱེད་དོ། །ལུས་དང་སྲོག་ལ་ལྟ་བ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི་མཁས་པ་དག་ནི་ལུས་དང་སྲོག་ལ་མི་ལྟའོ། །ངོམས་མི་ཤེས་ཤིང་ཆོག་མི་ཤེས་པ་ནི་མ་བྱིན་པར་ལེན་པར་བྱེད་ཀྱི་མཁས་པ་དག་ནི་ངོམས་ཤེས་ཤིང་ཆོག་ཤེས
82.205b
པ་ཡིན་ནོ། །འཚོ་བ་ཡོངས་སུ་མ་དག་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི་མཁས་པ་དག་ནི་འཚོ་བ་ཡོངས་སུ་དག་པ་ཡིན་ནོ། །ལས་མ་མཐོང་བ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི་མཁས་པ་དག་ནི་ལས་མཐོང་བ་ཡིན་ནོ། །རྣམ་པར་འཚེ་བ་ཆེད་ཆེར་འཛིན་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི་མཁས་པ་དག་ནི་རྣམ་པར་མི་འཚེ་བ་ཆེད་ཆེར་འཛིན་ཏོ། །བྱམས་པའི་སེམས་མེད་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི་མཁས་པ་དག་ནི་བྱམས་པའི་སེམས་དང་ལྡན་ནོ། །ཕྱིན་ཅི་ལོག་བཞིས་སེམས་བསླད་པ་དག་ནི་མ་བྱིན་པར་ལེན་པར་བྱེད་ཀྱི་མཁས་པ་དག་ནི་སེམས་ཕྱིན་ཅི་མ་ལོག་པ་ཡིན་ནོ། །གཞན་ཡང་སེམས་ཅན་དབུལ་པོ་གང་ཡིན་པ་དེ་དག་ཁོ་བོས་ཚིགས་སུ་བཅད་པ་དག་གིས་བཤད་ཀྱིས་ཉོན་ཅིག་།བྱེ་བ་ཕྲག་སྟོང་གཏེར་ཡོད་ཀྱང ། །གང་དག་ལ་ནི་གཏོང་མེད་པ། །དེ་དག་འཇིག་རྟེན་འདིར་དབུལ་ཞེས། །ཐོས་མང་རྣམས་ཀྱིས་དེ་སྐད་བཤད། །གང་ལ་ཟན་ཅིག་མེད་བཞིན་དུ། །དེ་ནི་གཏོང་ལ་རབ་གནས་ན། །དེ་ནི་འཇིག་རྟེན་ནོར་ཆེ་ཞེས། །ཡང་དག་གཟིགས་པ་རྣམས་ཀྱིས་བཤད། །གང་ལ་སྡིག་མེད་འཕགས་པ་ནི། །རྣམ་པ་ཀུན་གྱིས་མཛེས་པ་ཡིན། །བྱིས་པ་སྡིག་པ་བྱེད་པ་ནི། །ཤིན་དུ་བརྒྱན་ཀྱང་མཛེས་མ་ཡིན། །མཁས་པ་དག་གིས་སྤྱོས་སླ་ཡི། །བྱིས་པས་བསྔགས་པ་དེ་ལྟ་མིན། །བྱིས་པ་སྡིག་པ་བསྔགས་པར་བྱེད། །མཁས་པ་དག་ནི་སྡིག་ལ་སྨོད། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དུས་གཞན་ཞིག་ན་མི་གཞན་ཞིག་སྤྲུལ་ཏོ། །དེ་ནས་མི་དེས་གསེར་མང་པོ་ཁྱེར་ཏེ་དེས་པ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་དེས་པ་གསེར་ཁྱེར་ལ་ཁོ་བོ་མི་གཞན་ཞིག་དང་རྩོད་པ་དེ་ལ་ཁྱོད་གཅིག་པུས་ཆེ་བཞི་བྱ་བར་ཁོ་བོས་བྱས་ཀྱི་དེར་ཁོ་བོའི་ཆེ་བཞི་གྱིས་ཤིག་།དེས་པས་སྨྲས་པ། གྲོགས་པོ་ཐོང་ཁྱོད་དེ་སྐད་མ་ཟེར་ཅིག་།
82.206a
ཁོ་བོ་ནི་བརྫུན་ཟེར་དུ་མི་འདོད་དོ། །ཀྱེ་གྲོགས་པོ་བརྫུན་དུ་སྨྲ་བ་ནི་བདག་ལ་ཡང་སླུ་ཞིང་ཕ་རོལ་ལ་ཡང་སླུ་ལ་འཕགས་པ་ལ་སླུ་བ་ཡིན་ཏེ། གྲགས་པ་དམས་པ་བྱེད་པ་དང ། ཡིད་མི་ཆེས་པ་དང ། ཡིད་དུ་མི་འོང་བར་བྱེད་པ་དང ། བརྙས་པར་བྱེད་པ་དང ། སེམས་ཡོངས་སུ་གདུང་བར་བྱེད་པ་ཡིན་ནོ། །ཀྱེ་གྲོགས་པོ་བརྫུན་དུ་སྨྲ་བ་ནི་ཁ་མནམ་པར་བྱེད་པ་དང ། ལུས་སྨད་པར་བྱེད་པ་དང ། ལྷའི་ཡིད་དུ་མི་འོང་བར་བྱེད་པ་ཡིན་ནོ། །ཀྱེ་གྲོགས་པོ་བརྫུན་དུ་སྨྲ་བ་ནི་དགེ་བའི་རྩ་བ་རྣམས་ལ་རྐུ་བ་དང ། དྲན་པ་རྨུགས་པར་བྱེད་པ་དང ། མཐོ་རིས་ཀྱི་ལམ་ལ་སྒྲིབ་པ་ཡིན་ནོ། །ཀྱེ་གྲོགས་པོ་བརྫུན་དུ་སྨྲ་བ་ནི་འཕགས་པ་རྣམས་ཀྱིས་བཙན་པར་མི་བྱ་བ་དང ། ཡང་དག་པར་སྨྲ་བ་རྣམས་ཀྱི་ནང་དུ་ཚིག་མི་མཛེས་པ་དང ། མཁས་པ་རྣམས་ཀྱིས་སྨད་པ་དང ། སྡིག་པ་ཐམས་ཅད་ཀྱི་རྩ་བ་དང ། བརྟུལ་ཞུགས་ཡོངས་སུ་སྐོང་བའི་རྩ་བ་གཅོད་པ་དང ། ངན་འགྲོ་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཡིན་ནོ། །དེ་ནས་དེའི་ཚེ་གྲོང་ཁྱེར་གྱི་དབུལ་པོ་དེས་པས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བརྫུན་དུ་སྨྲ་བའི་ཁ་ནས་ནི། །རུལ་པའི་དྲི་ཡང་མནམ་པར་འགྱུར། །དགོན་པར་ཇི་ལྟར་བཅོམ་པ་བཞིན། །སྔོན་གྱི་དཀར་རྣམས་སྤོང་བར་བྱེད། །རྨོངས་པས་བདག་དང་ལྷ་རྣམས་དང ། །འཕགས་རྣམས་ཡིད་ཀྱང་འབྱུང་བར་བྱེད། །མི་ནི་གང་ཞིག་བརྫུན་ཟེར་བ། །དེ་ནི་རྟག་ཏུ་དོགས་པར་འགྱུར། །བརྫུན་དུ་སྨྲ་བར་བྱེད་པ་དེ། །སྡིག་པ་ཀུན་གྱི་རྩ་བ་དང ། །དཀའ་ཐུབ་ཅན་གྱི་རྩ་གཅོད་དང ། །ངན་འགྲོར་འགྲོ་བ་ཞེས་ཀྱང་བྱ། །གལ་ཏེ་འཛམ་གླིང་གང་བ་ཡི། །གསེར་དག་ཁྱོད་ཀྱིས་བྱིན་ན་ཡང ། །ཁོ་བོ་ཆོས་ནི་བསྲུང་བའི་ཕྱིར། །རྟག་ཏུ་བརྫུན་ནི་སྨྲ་མི་བྱེད། །དེ་ནས་བརྒྱ་བྱིན་གྱིས་སྤྲུལ་པའི་མིས་དེས་པ་བརྫུན་ཟེར་དུ་གཞུག་མ་ནུས་ནས་སོང་ངོ ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་མོ་ཉི་འོད་དང ། ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་གཉིས་སོང་ལ་བརྟུལ
82.206b
ཞུགས་དང ། དཀའ་ཐུབ་བྱེད་པ་འདི་ཅི་འདོད་པ་ལ་ལོངས་སྤྱོད་པ་ཞིག་གམ། འོན་ཏེ་འདོད་པ་དོན་དུ་མི་གཉེར་བ་ཞིག་ཡིན་པར་རྟོགས་ཤིག་།དེ་ནས་ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་དང ། ལྷའི་བུ་མོ་ཉི་འོད་ནམ་ནངས་ནས་ཕྱོགས་གང་ན་དེས་པ་འདུག་པའི་ཕྱོགས་དེར་སོང་ནས་དེས་པ་ལ་ཚིག་སྙན་པར་སྨྲས་ཏེ། དེས་པ་བཞེངས། བདག་ཅག་གཉིས་ནི་ཁྱོད་ཀྱི་བསྙེན་བཀུར་བགྱིད་པ་ལགས་སོ། །དེས་པ་བདག་ཅག་གཉིས་ཀྱི་གཟུགས་ཕུན་སུམ་ཚོགས་པ་ལ་གཟིགས་ཤ་ཚུགས་དང ། ཁ་དོག་དང ། དབྱིབས་དང ། ལུས་བྱུགས་པ་དང ། རྒྱན་དང ། ཆས་དང ། ལྷབ་ལྷུབ་དག་ལ་གཟིགས། ན་ཚོད་དང་པོའི་ལང་ཚོ་ལ་བབ་པ་ལ་གཟིགས། དེས་པ་ཁྱོད་ཀྱི་བསྙེན་བཀུར་བགྱིད་པ་འདི་འདྲ་བ་བདག་ཉིད་ཀྱི་བསོད་ནམས་ཕུན་སུམ་ཚོགས་པ་ལ་གཟིགས། དེས་པས་བལྟས་ནས་སྨྲས་པ། ཁྱེད་གཉིས་ནི་སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་དུ་ཞུགས་པ་རྣམས་ཀྱི་བསྙེན་བཀུར་བྱེད་པ་ཡིན་གྱི་ལྷ་དང་མིར་ཞུགས་པ་དག་གི་ནི་མ་ཡིན་ནོ། །ཁྱེད་གཉིས་ཀྱི་ལུས་ནི་སྒྱུ་མ་དང ། རྨི་ལམ་གྱི་རང་བཞིན་ལྟ་བུར་ཁོ་བོས་མཐོང་ངོ ། །ཁྱེད་གཉིས་ཀྱི་གཟུགས་ནི་དབུ་བ་དང ། ཆུ་བུར་དང ། སྨིག་རྒྱུ་ལྟ་བུར་མཐོང་ངོ ། །ཁྱེད་ཙན་དན་གྱི་མདེ་གུས་ལུས་བྱུགས་པ་ནི་སྤགས་པ་རློན་པ་ཤས་ཡོག་པ་ལྟ་བུར་མཐོང་ངོ ། །ཁྱེད་ཀྱི་རྒྱན་དང་ལྷབ་ལྷུབ་ནི་མི་སླུ་བའི་སྒྱུ་མ་བྱས་པ་ལྟ་བུར་མཐོང་ངོ ། །ཁྱེད་ཀྱི་ལང་ཚོ་ནི་མི་རྟག་པ་དང ། འགྱུར་བའི་ཆོས་ཅན་དུ་མཐོང་ངོ ། །བསོད་ནམས་མ་ཡིན་པར་མཐོང་བའི་ཕྱིར་ཁྱེད་གཉིས་ལ་ཁོ་བོ་མ་ཆགས་སོ། །ཁྱེད་གཉིས་ནི་སྤྲེའུ་དང ། བུད་མེད་ཀྱི་སེམས་ལྟ་བུར་གྱུར་བ་རྣམས་ཀྱི་བསྙེན་བཀུར་བྱེད་པ་ཡིན་གྱི་སེམས་དྲན་པས་ཀུན་ནས་བསྲུངས་པ་དག་གི་ནི་མ་ཡིན་ནོ། །ཆེ་ཞེ་དག་འདོད་པ་ལ་སྟེན་པ་ནི་མི་སྡུག་པའོ། །འདོད་པ་ལ་སྟེན་པ་ནི་དྲི་ང་བའོ། །འདོད་པ་ལ་སྟེན་པ་ནི་རུལ་བའོ། །འདོད་པ་ལ་སྟེན་པ་ནི་ཤིན་དུ་སྡུག་བསྔལ་བའོ། །འདོད་པ་ལ་སྟེན་པ་ནི་བདེ་བ་ཐམས
82.207a
ཅད་ཡོངས་སུ་འགྲིབ་པར་བྱེད་པའོ། །འདོད་པ་ལ་སྟེན་པ་ནི་སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་དང ། གཤིན་རྗེའི་འཇིག་རྟེན་ལ་སྟེན་པའོ། །འདོད་པ་ལ་སྟེན་པ་ནི་ངན་འགྲོ་ན་གནས་པའོ། འདོད་པ་ལ་སྟེན་པ་ནི་འཐབ་པ་དང ། རྩོད་པ་དང ། འགྱེད་པ་དག་ལ་སྟེན་པའོ། །འདོད་པ་ལ་སྟེན་པ་ནི་མི་མཐུན་པ་དང་གོར་ན་གནས་པའོ། །འདོད་པ་ལ་སྟེན་པ་ནི་ཕྱིན་ཅི་ལོག་སྐྱེད་པའོ། །འདོད་པ་ལ་སྟེན་པ་ནི་སྲིད་པའི་བག་ལ་ཉལ་བ་ལ་གནས་པའོ། །འདོད་པ་ལ་སྟེན་པ་ནི་རྣམ་པར་རྨོངས་ཤིང་ཤིན་དུ་རྨོངས་ལ་ཀུན་དུ་རྨོངས་པའོ། །འདོད་པ་ལ་སྟེན་པ་ནི་ཉེ་བར་གཟིར་ཅིང་རྣམ་པར་གཟིར་ལ་རབ་ཏུ་གཟིར་བའོ། །འདོད་པ་ལ་སྟེན་པ་ནི་ཀུན་དུ་གདུངས་ཤིང་རྣམ་པར་གདུངས་ལ་ཡོངས་སུ་གདུངས་པའོ། །འདོད་པ་ལ་སྟེན་པ་ནི་མི་དགེ་བའི་རྗེས་སུ་འཇུག་ཅིང་དགེ་བ་ཡོངས་སུ་ཉམས་པར་བྱེད་པའོ། །འདོད་པ་ལ་སྟེན་པ་ནི་མི་དགེ་བའི་རྩ་བ་སྐྱེད་པའོ། །འདོད་པ་ལ་སྟེན་པ་ནི་མི་དགེ་བའི་སྤྲིན་གྱི་དྲ་བས་ཀུན་ནས་ཁེབས་པའོ། །འདོད་པ་ལ་སྟེན་པ་ནི་སྲིན་མོ་དང་འདྲིས་པར་བྱེད་པ་དང ། གཟུགས་མི་སྡུག་པ་དང་འདྲིས་པར་བྱེད་པ་དང ། ཤ་ཟ་མ་དང་འདྲིས་པར་བྱེད་པའོ། །འདོད་པ་ལ་སྟེན་པ་ནི་བ་ལང་དང ། བོང་བུ་དང ། ཁྱི་དང ། ཕག་དང ། རྔ་མོ་དང ། གླང་པོ་ཆེ་དང ། རྟ་དང ། ལུག་དང ། ཝ་ལ་སྟེན་པའོ། །འདོད་པ་ལ་སྟེན་པ་ནི་སྐྱེས་བུ་དམ་པ་མ་ཡིན་པ་ལ་སྟེན་པའོ། །འདོད་པ་ལ་སྟེན་པ་ནི་ཚུལ་ཁྲིམས་དང ། ཐོས་པ་དང ། གཏོང་བ་ཡོངས་སུ་འདོར་བ་ལ་སྟེན་པའོ། །འདོད་པ་ལ་སྟེན་པ་ནི་བརྟུལ་ཞུགས་དང ། དཀའ་ཐུབ་འདོར་བའོ། །འདོད་པ་ལ་སྟེན་པ་ནི་ཤིན་དུ་བག་མེད་པའོ། །འདོད་པ་ལ་སྟེན་པ་ནི་ཉོན་མོངས་པ་ཤིན་དུ་འཕེལ་བར་བྱེད་པའོ། །འདོད་པ་ལ་སྟེན་པ་ནི་ཤིན་དུ་བར་ཏུ་གཅོད་པར་བྱེད་པའོ། །དེ་ནས་དེའི་ཚེ་གྲོང་ཁྱེར་གྱི་དབུལ་པོ་དེས་པས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འདོད་པ་མི་རྟག་རྟག་ཏུ་སྨད་པ་སྟེ། །ཤིན་དུ་སྡུག
82.207b
བསྔལ་བདེ་བ་འཇིག་པར་བྱེད། །རྟག་ཏུ་ངན་སོངས་རྣམས་ཀྱི་ཁྱིམ་དུ་གྱུར། །སེམས་རྨོངས་གྱུར་བ་དག་གིས་རྟག་ཏུ་བསྟེན། །འཐབ་རྩོད་ཅན་དེ་མི་བདེ་མཚང་དུ་གྱུར། །རྟག་ཏུ་འགྱེད་ཅིང་མི་མཐུན་གོ་རར་གནས། །འདི་དག་ཕྱིན་ཅི་ལོག་སྐྱེད་གཞི་ཡིན་ཏེ། །འདོད་སྟེན་སྲེད་པ་འཕེལ་བྱེད་བདེ་བ་མེད། །རྣམ་རྨོངས་རབ་རྨོངས་དེ་བཞིན་ཀུན་དུ་རྨོངས། །འདོད་སྟེན་རྟག་ཏུ་གཟིར་ཅིང་གནོད་པ་སྟེ། །འདི་ནི་ཀུན་གདུངས་རྣམ་གདུངས་ཡོངས་སུ་གདུངས། །སྡིག་པར་སྦྱོར་ཞིང་དགེ་བ་ཆུད་གཟོན་པ། །འདི་ནི་མི་དགེ་ཀུན་གྱི་རྩ་བ་སྟེ། །འདོད་སྟེན་དཔེར་ན་སྤྲིན་གྱི་དྲ་བ་འདྲ། །འདོད་སྟེན་ཤ་ཟ་མོ་དང་སྲིན་མོ་དང ། །བུད་མེད་གཟུགས་མི་སྡུག་དང་འདྲིས་བྱེད་བཞིན། །འདི་ནི་བ་ལང་བོང་བུ་རྟ་དག་དང ། །ཕག་དང་ཁྱི་དང་ཝ་དང་རྔ་མོ་དང ། །གླང་ཆེན་ལུག་རྣམས་ཀྱིས་ཀྱང་བསྟེན་པ་སྟེ། །འདོད་པ་སྐྱེས་བུ་དམ་པ་རྣམས་ཀྱིས་སྤངས། །འདོད་སྟེན་ཚུལ་ཁྲིམས་ཐོས་དང་གཏོང་བ་དང ། །དཀའ་ཐུབ་བརྟུལ་ཞུགས་རྣམས་ནི་འཇོམས་པ་སྟེ། །འདི་ལ་རྟག་ཏུ་བག་མེད་ཉེས་པ་འཕེལ། །དེ་ཕྱིར་ཐར་འདོད་རྟག་ཏུ་བུད་མེད་སྤོང ། །གལ་ཏེ་འཇིག་རྟེན་འདི་དག་ཁྱེད་འདྲ་བའི། །མདངས་ལྡན་གཟུགས་ཅན་དག་གིས་གང་གྱུར་ཀྱང ། །ཡོན་ཏན་གནས་པ་ཁོ་བོའི་སེམས་གཅིག་ཀྱང ། །འདོད་ཆགས་ལ་ནི་ནམས་ཀྱང་རྟོན་མི་འགྱུར། །དེ་ནས་ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་དང ། །ལྷའི་བུ་མོ་ཉི་འོད་སོང་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་ཚིགས་སུ་བཅད་དེ་སྨྲས་པ། དེས་ནི་འདི་ན་བུ་མེད་རྣམས་ཀྱི་སྐྱོན་ཡང་དག་།གང་ལགས་དེ་དག་ཤིན་དུ་མཐོང་བར་དོགས་མ་མཆིས། །ཇི་ལྟར་དེ་ཡི་སེམས་ནི་ཡུལ་ལས་ལོག་གྱུར་པ། །དེ་ལྟར་འདོད་པ་རྣམས་ལ་སེམས་ནི་ཆགས་མ་མཆིས། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྲོང་ཁྱེར་གྱི་དབུལ་པོ་དེས་པའི་ཐད་དུ་སོང་ནས་ཚིགས་སུ་བཅད་དེ་སྨྲས་པ། ཅི་ཞིག་དོན་གཉེར་དེས་པ་ཆོས་སྤྱོད་པ། །བརྟུལ་ཞུགས་སྤྱོད་པ་དེ་ནི་རྣམ་དག་སྨྲོས། །འདི་ཡིས་ཉི་ཟླ
82.208a
འམ་ནི་ཡང་ན་དབང་པོའམ། །ཚངས་པའམ་ལྷ་རྒྱལ་ཅི་ཞིག་ཁྱོད་སློང་བྱེད། །དེས་པས་སྨྲས་པ། ཉི་མ་ཟླ་བ་དེ་བཞིན་བརྒྱ་བྱིན་དང ། །ཚངས་པའམ་རྒྱལ་པོའམ་འདི་ན་གཞན་དག་ཀྱང ། །འགྲོ་བ་རྒྱ་ཆེན་གང་ཡོད་དེ་དག་ཀུན། །གར་བྱེད་ལྟ་བཞིན་མི་རྟག་མི་བརྟན་ན། །མཁས་པ་སུ་ཞིག་དེ་ལ་དགའ་བར་བྱེད། །གང་ལ་སྐྱེ་མེད་རྒ་མེད་འཆི་བ་མེད། །སྡུག་དང་མི་སྡུག་རྣམས་དང་ཕྲད་པའང་མེད། །འགྲོ་བ་གྲོལ་མཛད་སངས་རྒྱས་འགྱུར་བྱ་ཞེས། །དེ་ཐོབ་བྱ་ཕྱིར་སེམས་ཀྱི་སྤྱོད་པ་དེས། །བརྒྱ་བྱིན་གྱིས་སྨྲས་པ། ཕན་བྱེད་ཁྱོད་ཀྱི་ཚིག་ལ་རྗེས་སུ་ཡི་རང་སྟེ། །ཁྱོད་ཀྱིས་སྨོན་ལམ་བཏབ་པ་ལེགས་པར་གྲུབ་གྱུར་ཅིག་།བདུད་རྣམས་སྡེར་བཅས་མྱུར་དུ་ངེས་པར་བཅོམ་ནས་ནི། །ཤཱཀྱ་སེང་གེ་རྒྱལ་ལྟར་བྱང་ཆུབ་ཐོབ་གྱུར་ཅིག་།དེ་ནས་གྲོང་ཁྱེར་གྱི་དབུལ་པོ་དེས་པས་དུས་གཞན་ཞིག་ན་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་ཞིག་རྙེད་ནས་དེ་འདི་སྙམ་དུ་སེམས་ཏེ། ནོར་བུ་རིན་པོ་ཆེ་འཛམ་བུའི་གླིང་ན་མཆོག་ཏུ་གྱུར་བ་འདི་བདག་གིས་མཉན་ཡོད་འདི་ན་ཐམས་ཅད་ཀྱི་ནང་ན་དབུལ་པོ་གང་ཡིན་པ་དེ་ལ་སྦྱིན་གོར་མ་ཆག་གོ་སྙམ་ནས་དེ་གྲོང་བར་དུ་སོང་སྟེ། ཐམས་ཅད་ཀྱི་ནང་ན་དབུལ་པོ་སུ་ཡིན་པ་དེ་ལ་རིན་པོ་ཆེ་འདི་སྦྱིན་ནོ་ཞེས་སྒྲ་བསྒྲགས་པ་དང ། དབུལ་པོ་མགོན་མེད་པ་ལ་ཕལ་པོ་ཆེ་དེར་འདུས་ཏེ། བདག་ཅག་དབུལ་པོ་ཡིན་གྱིས་བདག་ཅག་ལ་བྱིན་ཅིག་ཅེས་འཛེར་ཏོ། །དེས་པས་སྨྲས་པ། ཁྱེད་ནི་དབུལ་པོ་མ་ཡིན་གྱི། མཉན་ཡོད་འདི་ན་ཆེས་དབུལ་བ་གཞན་ཞིག་ཡོད་ཀྱིས་དེ་ལ་སྦྱིན་ནོ། །དེ་དག་གིས་སྨྲས་པ། གང་ཡིན། དེས་པས་སྨྲས་པ། རྒྱལ་པོ་གསལ་རྒྱལ་འདི་ཡིན་ནོ། །དེ་དག་གིས་སྨྲས་པ། ཁྱོད་དེ་སྐད་མ་ཟེར་ཅིག་།རྒྱལ་པོ་གསལ་རྒྱལ་ནི་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཡིན་གྱི། བདག་ཅག་ནི་དབུལ་ཞིང་མགོན་མེད་པ་ཡིན་ནོ། །དེས་པས་སྨྲས་པ། ནོར་མང་གིས་ནི་ཅི་ཞིག་བྱ། །
82.208b
རྒྱ་མཚོ་ལ་ནི་ཀླུ་རྣམས་བཞིན། །གང་དག་ལ་ནི་ཆོག་མེད་པ། །མ་བསྡམས་དེ་དག་དབུལ་པོ་ཡིན། །གང་དག་འདོད་པ་རབ་འཕེལ་ཞིང ། །ཡ་ང་ཡིད་ནི་སྐྱེ་འགྱུར་བ། །རྨོངས་པ་དེ་དག་ཚེ་འདི་དང ། །ཕ་རོལ་དུ་ཡང་དབུལ་པོར་འགྱུར། །དེ་ནས་གྲོང་ཁྱེར་གྱི་དབུལ་པོ་དེས་པ་སྐྱེ་བོ་ཕལ་པོ་ཆེ་དེ་དག་གིས་ཡོངས་སུ་བསྐོར་ཅིང་ནོར་བུ་རིན་པོ་ཆེ་དེ་ཁྱེར་ནས་རྒྱལ་པོ་གསལ་རྒྱལ་གྱི་དོན་བྱ་བའི་ས་ག་ལ་བ་དེར་སོང་ངོ ། །དེའི་ཚེ་རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་ཚོང་དཔོན་དང ། ཁྱིམ་བདག་རིགས་དང་ལྡན་པའི་མཆོག་ལྔ་བརྒྱ་ཙམ་ཞིག་གཡོན་ཆུང་ངུའི་ཕྱིར་བདོག་པ་ཐམས་ཅད་ཕྲོགས་སོ། །གྲོང་ཁྱེར་གྱི་དབུལ་པོ་དེས་པས་ནོར་བུ་རིན་པོ་ཆེ་དེ་རྒྱལ་པོ་ལ་ཕུལ་ཏེ། རྒྱལ་པོ་ཆེན་པོ་ནོར་བུ་རིན་པོ་ཆེ་རིན་ཐང་མ་མཆིས་པ་འཛམ་བུ་གླིང་ཐམས་ཅད་རི་བ་བདག་གིས་རྙེད་པ་འདི་ལ་བདག་གིས་འདི་སྙམ་དུ་བསམས་ཏེ། མཉན་ཡོད་འདི་ན་ཐམས་ཅད་ཀྱི་ནང་ན་དབུལ་པོ་གང་ལགས་པ་དེ་ལ་སྩལ་ཏོ་སྙམ་མོ། །དེ་ལ་བདག་གིས་འདི་སྙམ་དུ་བསམ་ཏེ། ཁྱོད་ནི་འདི་ན་ཐམས་ཅད་ཀྱི་ནང་ན་དབུལ་པོ་ལགས་སོ་སྙམ་བགྱིད་ཀྱིས། ཀྱེ་ནོར་བུ་རིན་པོ་ཆེ་འདི་བཞེས་སུ་གསོལ། དེ་ནས་རྒྱལ་པོ་གསལ་རྒྱལ་ཡུལ་ཡུལ་པོར་གྱུར་ཅིང་ངོ་ཚ་བར་གྱུར་ནས་གྲོང་ཁྱེར་གྱི་དབུལ་པོ་དེས་པ་ལ་འདི་སྐད་ཅེས་སྨྲས་སོ། །དེས་པ་ཅི་ང་ཁྱོད་པས་ཀྱང་ཆེས་དབུལ་ལམ། དེས་པས་སྨྲས་པ། ལྷ་དེ་ལྟ་ལགས་ཏེ། བདག་པས་ཁྱོད་ཆེས་དབུལ་བ་ལགས་སོ། །རྒྱལ་པོས་སྨྲས་པ། རྣམ་གྲངས་གང་གིས་དབུལ། དེས་པས་ཚིགས་སུ་བཅད་དེ་སྨྲས་པ། གང་གི་འདོད་པ་རབ་མང་རྣམ་པར་འཕེལ་ཞིང་ལོངས་སྤྱོད་དག་གིས་ཆོག་མ་འཚལ། །གནོད་པ་བགྱིད་པའི་སླད་དུ་རྒྱལ་སྲིད་འཁྲུག་ཅིང་བདག་ཉིད་ཀྱང་ནི་འདོར་བགྱིད་པ། །དེ་ནི་འདི་ན་འཇིག་རྟེན་མི་སྲུང་ཡོན་ཏན་ཆུང་ངུ་དག་ལ་མཆོག་ཏུ་འཛིན། །དེ་ཕྱིར་འདི་ན་དེ་ལ་རྟག་ཏུ་ཆོས་འདོད
82.209a
རྣམས་ནི་དབུལ་པོ་ལགས་པར་སེམས། །གང་ཞིག་བྱམས་པ་རབ་ཏུ་བསྒོམས་ཏེ་སེམས་ཅན་རྣམས་ལ་ཐ་བ་མ་མཆིས་ཤིང ། རྟག་པར་རྒྱུན་དུ་ངན་ངོན་ཙམ་གྱིས་ཆོག་པར་འཛིན་ཅིང་འདོད་པ་མ་མཆིས་ལ། །ཉམ་ཐག་མཐོང་ན་རྟག་ཏུ་སྙིང་རྗེ་བགྱིད་ཅིང་ཤར་གཉེར་བགྱིད་པ་མ་མཆིས་པ། །ནི་ཕྱུག་ཅིང་ནོར་བཟང་ཤིན་དུ་ནོར་ཆེ་དད་པ་ལ་སོགས་ལོངས་སྤྱོད་གནས། །གང་ཞིག་འགྲོ་བ་འདི་ན་དབང་ཕྱུག་རྒྱ་ཆེན་ལྡན་ལ་ཆོས་སྲུང་མི་བགྱིད་དང ། །གང་ཞིག་འདི་ན་སྐྱེ་བོ་དམན་ཞིང་སྡུག་བསྔལ་གཟིར་པ་བཟུང་ནས་ཆད་པས་གཅོད། །གང་ཞིག་ཆུང་མ་དག་གིས་མདུན་བལྟས་དགའ་ཞིང་འཇིག་རྟེན་ཕ་རོལ་མི་ལྟ་བ། །དེ་ནི་ཆོས་སྲུང་མི་བགྱིད་ཤིན་དུ་དབུལ་ཞིང་དམན་པའི་མི་ཞེས་རིག་པར་བགྱི། །དད་པས་བསམ་པ་དྲི་མ་མེད་ཅིང་རབ་བརྟན་ཚུལ་ཁྲིམས་དག་ལ་ཡང་དག་གནས། །རྟག་ཏུ་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་ཐོས་པ་འཛིན་ཏེ་གཏོང་ལ་དགའ་བ་དང ། །ཤེས་རབ་ཀྱིས་ནི་མཐར་ཕྱིན་བློ་གྲོས་ལྡན་ཞིང་འཇིག་རྟེན་ཀུན་ལ་ལྟ་བགྱིད་པ། །དེ་དག་རྟག་ཏུ་མི་དབུལ་ཐོབ་ཅིང་ཆོས་འདོད་རྣམས་ཀྱིས་མཆོད་པར་འོས་པ་ལགས། །གང་དག་ལོངས་སྤྱོད་རྣམས་ལ་རབ་ཆགས་བདེ་ལ་དགའ་ཞིང་གཏོང་བ་མ་མཆིས་ལ། །ལུས་དང་སྲོག་ལ་སྙིང་པོར་འཛིན་ཅིང་རྟག་པར་སྙིང་པོ་དོན་དུ་མི་གཉེར་དང ། །གང་དག་གླང་ཆེན་མྱོས་པ་ལྟ་བུར་རྟག་ཏུ་ཡིད་མྱོས་རྣམ་པར་རྒྱུ་བ་དང ། །ལྷ་ཅིག་གང་དག་དྲན་པ་མ་མཆིས་དེ་དག་དབུལ་བ་ཉིད་ནི་ཐོབ་པ་ལགས། །གང་དག་དཀོན་མཆོག་གསུམ་པོ་དྲི་མ་མེད་ལ་གུས་པ་ཤིན་དུ་ཆེ་བ་དང ། །ལུས་དང་སྲོག་དང་ནོར་རྣམས་ལས་ནི་རྟག་ཏུ་སྙིང་པོ་སྒྲུབ་པའི་མཁས་པ་དག་།རྟག་ཏུ་མི་བརྐམ་སྡང་བར་མི་བགྱིད་གླེན་པ་མ་ལགས་རབ་ཏུ་རྒྱགས་མ་མཆིས། །ལྷ་ཅིག་གང་དག་ཆོས་ཀྱིས་བརྒྱན་པ་དེ་དག་ནོར་ཆེ་སྐྱེས་བུ་དམ་པ་ལགས། །ལྷ་ཅིག་མེ་ནི་རྟག་ཏུ་ནགས་ཀྱི་སྦན་སྦུན་སྐམ་པོ་སྲེག་པས་ཆོག་མ་འཚལ། །ལྷ་ཅིག་འདི་ན་རྒྱ་མཚོ་ཆུ་ཀླུང་རྣམས་ཀྱི་ཆུ་འཛིན་པས་ཀྱང་ཆོག་མ་འཚལ། །
82.209b
འདི་ན་ཉི་མ་ཟླ་བ་འདི་དག་མཁའ་ལ་མཐར་གྱིས་རྒྱུ་བས་ཆོག་མ་འཚལ། །རྒྱལ་པོ་བརྐམ་ཕྱིར་རྟག་ཏུ་ལོངས་སྤྱོད་དག་གིས་ཆོག་མི་མཁྱེན་པས་བརླག་པར་འགྱུར། །ཞུགས་ནི་གུམ་པར་གྱུར་བས་རྩཝ་མང་དག་གིས་སླར་ཡང་འབར་བར་ཡོད་མི་བགྱིད། །དེ་བཞིན་མཁས་པ་ཤེས་རབ་ཆོག་པར་མི་འཛིན་ཉོན་མོངས་རྣམས་ཀྱིས་འབར་མི་བགྱིད། །ཆུ་ཡི་ཐིགས་པ་བཞིན་དུ་རྒྱལ་སྲིད་དག་ཀྱང་མི་བརྟན་འཇིག་པར་རབ་ཕྱོགས་ན། །གནོད་པའི་རྩ་བར་གྱུར་ཅིང་དགེ་བ་འཇོམས་པའི་རྒྱལ་སྲིད་དེ་ནི་སུ་ཞིག་འཚལ། །དེ་ནས་རྒྱལ་པོ་གསལ་རྒྱལ་སེམས་འཁྲུགས་ནས་གྲོང་ཁྱེར་གྱི་དབུལ་པོ་དེས་པ་ལ་འདི་སྐད་ཅེས་སྨྲས་སོ། །དེས་པ་དེ་ལྟར་ང་ནི་དབུལ་ལ་ཁྱོད་ནི་ཕྱུག་པར་ཁྱོད་ལ་དཔང་སུ་ཡོད། དེས་པས་སྨྲས་པ། ལྷ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉན་ཡོད་འདི་ན་བཞུགས་པ་ཁྱོད་ཀྱིས་མ་གསན་ཏམ། རྒྱལ་པོས་སྨྲས་པ། ངས་མཐོང་ཡང་མ་མཐོང་ངོ ། །དེས་པས་སྨྲས་པ། ལྷ་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་མིག་ཏུ་གྱུར་ཅིང་ཚད་མར་གྱུར་བ་སྟེ། དེ་ནི་བདག་གི་དཔང་ལགས་སོ། །རྒྱལ་པོས་སྨྲས་པ། སོང་ལ་དེ་བཞིན་གཤེགས་པ་དེ་སྤྱན་དྲོངས་ཤིག་དང་དེས་ཇི་སྐད་དུ་ལུང་བསྟན་པ་དེ་བཞིན་དུ་ངས་གཟུང་བར་བྱའོ། །དེས་པས་སྨྲས་པ། སྟོན་པ་དེ་ལ་ངན་བུའམ། ཕོ་ཉ་གཞན་གཏང་འོས་མ་ལགས། །འདིར་ནི་བདག་གིས་བསམ་བགྱིས་ན། །དེ་མཁྱེན་ནས་ནི་གཤེགས་པར་འགྱུར། །འཇིག་རྟེན་འདི་འམ་ཕ་རོལ་ལ། །དེ་ནི་མི་མཁྱེན་ཅང་མི་མངའ། །ཐུགས་ཀྱིས་བསམ་པ་མཁྱེན་ནས་ཀྱང ། །འདྲེན་པ་དེ་ནི་གཤེགས་པར་འགྱུར། །སེམས་ཅན་རྣམས་ལ་ཐུགས་བརྩེ་བས། །དེ་ལ་ང་རྒྱལ་སྐྱོན་མི་མངའ། །སེམས་ཅན་རྣམས་ལ་ལེགས་དགོངས་པས། །ཤིན་དུ་རིང་དུའང་གཤེགས་འགྱུར་གྱིས། །རྒྱལ་ཆེན་བདག་གིས་གསོལ་བ་ལ། །ད་ནི་ལེགས་པར་ཐུགས་ཆེས་མཛོད། །གང་གིས་སྟོན་པ་འདིར་གཤེགས་པའི། །བདེན་པའི་བྱིན་བརླབས་བགྱི་བར
82.210a
འཚལ། །མེ་ཏོག་སྤོས་དང་མེ་ཏོག་ཕྲེང ། །རྒྱལ་མཚན་གདུགས་དང་བྱུག་པ་དང ། །སིལ་སྙེན་སྟ་གོན་མཛོད་ཅིག་དང ། །འདྲེན་པ་དེ་ནི་གཤེགས་པར་འགྱུར། །དེས་པས་ཐལ་མོ་སྦྱར་ནས་ཀྱང ། །ཕྲག་པ་གཅིག་ཏུ་གོས་གཟར་འདུག་།པུས་མོ་ས་ལ་བཙུགས་བྱས་ནས། །འདི་སྐད་དུ་ནི་ཚིག་ཀྱང་སྨྲས། །ཀུན་མཁྱེན་བདེན་པོ་གང་གིས་སུ། །བདག་གིས་བསམ་པ་མཁྱེན་ཅེ་ན། །བདེན་པའི་ཚིག་ནི་འདི་ཉིད་ཀྱིས། །ཐུབ་པ་བདག་གི་མདུན་དུ་བཞུགས། །དེ་ནས་ཚིག་འདི་སྨྲས་ནས་ཀྱང ། །ས་ནི་རབ་ཏུ་གཡོས་པར་གྱུར། །ས་གཞི་རྣམ་པར་བརྟོལ་ནས་ནི། །དེ་བཞིན་གཤེགས་པ་བྱུང་བར་གྱུར། །རྫུ་འཕྲུལ་དག་དང་ལྡན་པ་ཡི། །ཉན་ཐོས་ལྔ་བརྒྱས་ཡོངས་སུ་བསྐོར། །བརྒྱ་ཕྲག་བཅུ་གཉིས་སྙེད་དག་གི། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །སྐྱོང་བ་དང་ནི་ལྷ་ཀླུ་དང ། །བརྒྱ་བྱིན་ཚངས་པས་མདུན་གྱིས་བལྟས། །དེ་འདྲའི་རྫུ་འཕྲུལ་མཐོང་ནས་ནི། །དེ་ཚེ་འཇིག་རྟེན་ངོ་མཚར་འཛིན། །རྒྱལ་པོ་དཔུང་བཅས་བློན་པོར་བཅས། །སྟོན་པའི་ཞབས་ལ་འདུད་པར་བྱེད། དེར་ནི་སྲོག་ཆགས་སྟོང་དག་གིས། །སྟོན་པ་ལ་ནི་མཆོད་པ་བྱས། །རྫོགས་པའི་སངས་རྒྱས་མཆོད་བྱས་ནས། །བྱང་ཆུབ་དོན་དུ་ཡིད་བཏུད་དོ། །དེ་ནས་གྲོང་ཁྱེར་གྱི་དབུལ་པོ་དེས་པས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་མཉན་ཡོད་འདི་ན་འཁྱམ་ཞིང་མཆིས་མཆིས་པ་ལས་ནོར་བུ་རིན་པོ་ཆེ་རིན་ཐང་མ་མཆིས་པ་ཞིག་རྙེད་ནས་དེ་ལ་བདག་འདི་སྙམ་བགྱིད་དེ། མཉན་ཡོད་འདི་ན་ཐམས་ཅད་ཀྱི་ནང་ན་དབུལ་པོ་གང་ལགས་པ་དེ་ལ་སྩལ་ཏོ་སྙམ་ནས་དེ་ལ་བདག་འདི་སྙམ་བགྱིད་དེ། རྒྱལ་པོ་གསལ་རྒྱལ་འདི་ནི་ཐམས་ཅད་ཀྱི་ནང་ནས་ཆེས་དབུལ་བ་སྟེ། འདི་ནི་ཕ་རོལ་གྱི་ནོར་འཕྲོག་པར་བགྱིད་པས་ན་ངོམས་མ་འཚལ་བ་ལགས་སོ། །སླར་ཞིང་དོན་དུ་གཉེར་བར་བགྱིད་པས་ན་ཆོག་མ་འཚལ་བ
82.210b
ལགས་སོ། །གཞན་གྱི་ལོངས་སྤྱོད་དག་གིས་ངོམས་མ་འཚལ་བ་ལགས་སོ། །སྡུག་བསྔལ་བ་རྣམས་ལ་རྣམ་པར་མཐོ་འཚམ་པ་ལགས་སོ། །སྐྱིད་པ་རྣམས་ཐལ་མར་འབྱིན་པ་ལགས་སོ། །དབུལ་པོ་རྣམས་རབ་ཏུ་ཕུང་བར་བགྱིད་པ་ལགས་སོ། །ཕྱུག་པོ་རྣམས་ཚར་གཅོད་པ་ལགས་སོ། །ཤིན་དུ་རབ་ཏུ་མྱོས་པ་ལགས་སོ། །རྒྱལ་པོའི་ལོངས་སྤྱོད་རྣམས་དང་སྲེད་པས་རྣམ་པར་བཅིངས་པ་ལགས་སོ། །སྙམ་ནས་དེ་ལ་བདག་གིས་སྩལ་ན་ལེན་པར་མི་བགྱིད་པར་འདི་སྐད་དུ་དེ་ལྟར་ང་ནི་དབུལ་ལ་ཁྱོད་ནི་འབྱོར་བར་ཁྱོད་ལ་དཔང་སུ་ཡོད་ཅེས་ཀྱང་མཆིའོ། །དེའི་སླད་དུ་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཐུགས་སྙོམས་པ། ངོ་ཟློག་མི་སྤྱོད་པ་མི་མངའ་བ། ཐ་བ་དང ། དྲི་མ་དང ། ཁོང་ཁྲོ་བ་མི་མངའ་བ། བཅོམ་ལྡན་འདས་ཀྱིས་དོན་འདི་ལེགས་པར་ལུང་བསྟན་པར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ནི་ཚེ་འདིའི་རྒྱལ་སྲིད་ཀྱིས་དབང་ཕྱུག་གི་ལོངས་སྤྱོད་གསེར་དང ། ནོར་བུ་དང ། མུ་ཏིག་དང ། བཻདཱུ་རྱ་དང ། དུང་དང ། མན་ཤེལ་དང ། བྱི་རུ་དང ། ས་ལེ་སྦྲམ་དང ། དངུལ་དང ། རྟ་དང ། གླང་པོ་ཆེ་དང ། ཤིང་རྟ་དང ། དཔུང་པུ་ཆུང་དང ། བཞོན་པ་དང ། མཛོད་དང ། བང་མཛོད་ཐོབ་པ་གང་ཡིན་པ་འདི་དག་གིས་བདག་ཕྱུག་གོ་སྙམ་དུ་སེམས་སོ། །རྒྱལ་པོ་ཆེན་པོ་དེས་པ་ནི་སྦྱིན་པ་དང ། དུལ་བ་དང ། ལེགས་པར་སྡོམ་པ་དང ། བཟོད་པ་དང ། དེས་པ་དང ། ཚུལ་ཁྲིམས་དང ། བརྟུལ་ཞུགས་དང ། དཀའ་ཐུབ་དང ། བག་ཡོད་པ་དང ། སྦྱངས་པའི་ཡོན་ཏན་དང ། ཡོ་བྱད་བསྙུངས་པ་ལ་གནས་པ་དང ། བྱམས་པ་དང ། སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་ལ་གནས་པ་དང ། སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་དང་བ་དང ། དད་པ་དང ། ཚུལ་ཁྲིམས་དང ། ཐོས་པ་དང་གཏོང་བ་དང ། ཤེས་རབ་དང ། ངོ་ཚ་ཤེས་པ་དང ། ཁྲེལ་ཡོད་པ་དང ། བརྟན་པ་དང ། སྡོམ་པ་གང་ཡིན་པ་འདི་དག་གིས་བདག་ཕྱུག་གོ་སྙམ་དུ་སེམས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱི་འོག་ཏུ་གཏོགས་པའི་སེམས་
82.211a
ཅན་ཇི་སྙེད་པ་དེ་དག་འདི་ལྟར་ཁྱོད་དང་འདྲ་བར་ནོར་དང་ལྡན་པར་གྱུར་ཀྱང་དེ་དག་ནི་དེས་པས་གོམ་པ་བདུན་བོར་བའི་བར་གྱི་ཚུལ་ཁྲིམས་དང ། ཐོས་པ་དང ། བརྟུལ་ཞུགས་དང ། དཀའ་ཐུབ་དང ། བག་ཡོད་པའི་བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་མི་ཕོད་པ་ནས་དཔེའི་བར་དུ་ཡང་མི་བཟོད་དོ། །གསལ་རྒྱལ་གྱིས་གསོལ་བ། བཅོམ་ལྡན་འདས་བདག་ཅག་གི་ཡུལ་ན་སེམས་ཅན་ཡོན་ཏན་གྱི་ཆེ་བ་ཉིད་འདི་ལྟ་བུ་དང་ལྡན་པ་བདག་གནས་པ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ཡུལ་ན་སེམས་ཅན་ཡོན་ཏན་གྱི་ཆེ་བ་ཉིད་འདི་ལྟ་བུ་དང་ལྡན་པ་དག་མང་དུ་གནས་སོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་དེས་པ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ཀྱིས་གླེངས་པས་ཁོ་བོའི་ང་རྒྱལ་ངེས་བཅོམ་ཕྱིར། །དེས་པ་ཁྱོད་ནི་ཁོ་བོའི་སྟོན་པ་གཉིས་པ་སྟེ། །རྒྱལ་སྲིད་འདི་ཀུན་ཁྱོད་སྦྱིན་ཁོ་བོ་དཔུང་དང་བཅས། །ཁྱོད་ཀྱི་སློབ་མ་ཡིན་གྱིས་ཁྱོད་ཀྱིས་བདག་སློབས་ཤིག་།ཁོ་བོ་ཡུན་རིང་དག་ཏུ་ང་རྒྱལ་གྱིས་ཀྱང་བསླུས། །སྡིག་པའི་གྲོགས་པོ་དག་གིས་བསྐོར་ཅིང་བཟུང་བ་ལས། །དེས་པ་ཁྱོད་ཉིད་ལས་ནི་ཆོས་འདི་ཐོས་པས་ན། །རབ་ཏུ་བསྡམས་ཏེ་ཁོ་བོས་ཆོས་བཞིན་སྤྱད་པར་བྱ། །ཁྱིམ་ན་གནས་པ་བརྒྱ་ཕྲག་ལྔ་པོ་འདི་དག་ནི། །ནོར་གྱི་ཆེད་དུ་ཁོ་བོས་གོ་རར་བཅུག་པ་སྟེ། །ཁོ་བོས་ཐམས་ཅད་བཏང་གིས་བདེ་བར་འཁོད་པར་གྱིས། །ཕྱིན་ཅད་འདི་འདྲ་བ་དག་ཁོ་བོ་ཡོང་མི་བགྱིད། །ལྔ་བརྒྱ་བཏང་བར་གྱུར་བ་གང་ཡིན་དེ་དག་ཀྱང ། །དེས་པ་ལ་ནི་ཞེས་ལེགས་པར་བསྐྱེད་ནས་ཀྱང ། །སེམས་ནི་སྐྱོ་བར་གྱུར་ཅིང་ཅི་ལའང་མི་ལྟ་བར། །བདེ་བ་ཐམས་ཅད་མཁྱེན་པ་ཉིད་དུ་སྨོན་ལམ་བཏབ། །ང་ནི་དབུལ་བ་མ་ཡིན་ཁྱོད་ནི་དབུལ་པོ་ཞེས། །དེས་པ་ཁྱོད་ཀྱིས་ཚིག་འདི་ལེགས་པར་སྨྲས་པ་སྟེ། །དེས་པ་ལ་ནི་གང་ཞིག་དབུལ་པོ་ཞེས་བརྗོད་པ། །མི་དེ་རྒྱལ་པོའི་ཁྲིམས་དང
82.211b
འགལ་བར་བྱེད་པ་ཡིན། །དེ་ནས་བཅོམ་ལྡན་འདས་ལ་རིགས་ཀྱི་བུ་དེས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྐྱེ་བོའི་ཚོགས་ཆེན་པོ་འདུས་པ་འདི་ནི་བཅོམ་ལྡན་འདས་ལ་ལྟ་བས་ཆོག་མ་འཚལ་བ་ལགས་ན་བཅོམ་ལྡན་འདས་དེའི་སླད་དུ་ཅི་ནས་འདི་དག་གིས་དེ་བཞིན་གཤེགས་པ་མཐོང་བ་དོན་མཆིས་པར་འགྱུར་བ་དེ་ལྟ་དེ་ལྟར་འདི་དག་ལ་ལེགས་པར་ཆོས་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེས་པ་རིགས་ཀྱི་བུ་ཆོས་བཞི་དང་ལྡན་ན་དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ། །བཞི་གང་ཞེ་ན། ཡིད་ཆེས་པ་དང ། དད་པ་དང ། ཕངས་པར་འཛིན་པ་དང ། གུས་པ་སྟེ། ཆོས་བཞི་པོ་དེ་དག་དང་ལྡན་ན་དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ། །གཞན་ཡང་བཞི་སྟེ། དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་མཐོང་ན་བདག་ཀྱང་འདི་འདྲ་བར་གྱུར་ཅིག་ཅེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་དེ་བཞིན་གཤེགས་པ་ནི་སླུ་བར་མི་མཛད་པའི་ཕྱིར་ལྷག་པའི་བསམ་པ་ཡོངས་སུ་དག་པར་སེམས་བསྐྱེད་པ་དང ། སེམས་ཅན་ཐམས་ཅད་སྟོན་ཅིང་ཆེར་ན་རབ་ཏུ་གྲོལ་བར་བྱ་བའི་ཕྱིར་ཡང་སེམས་དེ་བསྐྱེད་པ་དང ། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱ་བའི་ཕྱིར་དམ་པའི་ཆོས་ཡོངས་སུ་གཟུང་བར་ཡང་སེམས་དེ་བསྐྱེད་པ་སྟེ། བཞི་པོ་དེ་དག་དང་ལྡན་ན་དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ། །གཞན་ཡང་བཞི་སྟེ། གཟུགས་དབེན་པར་མཐོང་བ་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་དབེན་པར་མཐོང་བ་དང ། ཁམས་བཞི་ནམ་མཁའ་དང་འདྲ་བར་མཐོང་བ་དང ། སྐྱེ་མཆེད་གྲོང་སྟོང་པ་ལྟ་བུར་མཐོང་བ་སྟེ། བཞི་པོ་དེ་དག་དང་ལྡན་ན་དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ། །གཞན་ཡང་བཞི་སྟེ། བདག་མེད་པའི་ཕྱིར་བདག་རྣམ་པར་དག་པ་དང ། སེམས་ཅན་མེད་པའི་ཕྱིར་སེམས་ཅན་རྣམ་པར
82.212a
དག་པ་དང ། སྲོག་མེད་པའི་ཕྱིར་སྲོག་རྣམ་པར་དག་པ་དང ། གང་ཟག་མེད་པའི་ཕྱིར་གང་ཟག་རྣམ་པར་དག་པ་སྟེ། བཞི་པོ་དེ་དག་དང་ལྡན་ན་དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ། །གཞན་ཡང་བཞི་སྟེ། ལྷའི་མིག་མངོན་པར་འདུ་བྱེད་པ་དང ། ཤེས་རབ་ཀྱི་མིག་ཀུན་དུ་སྦྱོང་བ་དང ། ཆོས་ཀྱི་མིག་གིས་སོ་སོར་རྟོག་པ་དང ། སངས་རྒྱས་ཀྱི་སྤྱན་རྗེས་སུ་རྟོགས་པར་བྱེད་པ་སྟེ། བཞི་པོ་དེ་དག་དང་ལྡན་ན་དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ། །གཞན་ཡང་བཞི་སྟེ། ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ་དང ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་དག་པ་དང ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཁོང་དུ་ཆུད་པའི་ཕྱིར་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་དག་པ་དང ། དེའི་རྣམ་པར་གྲོལ་བ་མཐོང་བའི་ཕྱིར་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་དག་པ་སྟེ། དེས་པ་རིགས་ཀྱི་བུ་ཆོས་བཞི་པོ་དེ་དང་ལྡན་ན་དེ་བཞིན་གཤེགས་པ་ལེགས་པར་མཐོང་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་ཆོས་ཀྱི་གཏམ་གྱིས་ཡང་དག་པར་དགའ་བར་མཛད་ནས་དང་པའི་རྒྱལ་པོ་ལྟར་འཁོར་དང་བཅས་ཏེ་བར་སྣང་ལ་གཤེགས་སོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་རིགས་ཀྱི་བུ་དེས་པ་ལ་འདི་སྐད་ཅེས་སྨྲས་སོ། །དེས་པ་ཁྱོད་ནམ་དེ་བཞིན་གཤེགས་པ་ལ་ལྟར་འགྲོ་བ་དེའི་ཚེ་ཁོ་བོ་ལ་ཡང་སྦྲོན་ཅིག་དང ། ཁོ་བོ་ཡང་དེ་བཞིན་གཤེགས་པ་ལ་ལྟར་འགྲོའོ། །དེས་པས་སྨྲས་པ། རྒྱལ་པོ་ཆེན་པོ་དེ་ལྟར་བགྱིའོ། །བདག་ནི་ཁྱོད་བུད་མེད་དང ། གཞོན་ནུ་དང ། བློན་པོ་ལ་སོགས་པའི་འཁོར་དང་བཅས་ཏེ་དེ་བཞིན་གཤེགས་པ་ལ་གཟིགས་སུ་གཤེགས་པར་འཚལ་ལོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་རྣམས་ནི་བདག་གཅིག་པུ་ལ་ཕན
82.212b
པའི་ཕྱིར་ཞུགས་པ་མ་ལགས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་འཁོར་ཕལ་ཆེ་ན་མཛེས་སོ། །རྒྱལ་པོས་སྨྲས་པ། དེས་པ་བྱང་ཆུབ་སེམས་དཔའི་འཁོར་གང་ཡིན། དེས་པས་སྨྲས་པ། རྒྱལ་པོ་ཆེན་པོ་ཡོངས་སུ་སྨིན་པར་བགྱི་བ་དང ། གདུལ་བའི་སླད་དུ་སེམས་ཅན་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་གཞན་ཡང་ཐེག་པ་གཞན་ལ་འདོད་པ་མ་མཆིས་པའི་སླད་དུ་གཞན་དག་ཀྱང་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་སེམས་ཅན་གཡོན་ཅན་འདུལ་བར་འགྱུར་བའི་ལྷག་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་ཕྱིར་མི་ཟློགས་པར་འགྱུར་བའི་འདུན་པ་དྲག་པོ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་སེམས་ཅན་སེར་སྣ་ཅན་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་སྦྱིན་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་སེམས་ཅན་ཚུལ་ཁྲིམས་འཆལ་པ་ཡོངས་སུ་སྨྱིན་པར་བགྱིད་པར་འགྱུར་བའི་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་སེམས་ཅན་གནོད་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་བཟོད་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་སེམས་ཅན་ལེ་ལོ་ཅན་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་བརྩོན་འགྲུས་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་སེམས་ཅན་སེམས་རྣམ་པར་གཡེངས་པ་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་བསམ་གཏན་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་སེམས་ཅན་འཆལ་བའི་ཤེས་རབ་ཅན་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་ཤེས་རབ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་སེམས་ཅན་ཐམས་ཅད་ལ་སེམས
82.213a
སྙོམས་པའི་བྱམས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་འཁོར་བ་ལ་ཡོངས་སུ་མི་སྐྱོ་བའི་སྙིང་རྗེ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པའི་དགའ་བ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་རྗེས་སུ་ཆགས་པ་དང ། ཁོང་ཁྲོ་བ་སྤོང་བའི་བཏང་སྙོམས་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་བའི་བསྡུ་བའི་དངོས་པོ་བཞི་པོ་དག་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་པར་འགྱུར་བའི་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་སོགས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་བདུད་ཀྱི་ལས་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་བའི་སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པ་རྣམས་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་ཚིག་བཙུན་པར་འགྱུར་བའི་བདེན་པ་དང་མི་རྩུབ་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་སྤོབས་པ་ཕུན་སུམ་ཚོགས་པར་འགྱུར་བའི་མི་འཕྱ་བ་དང་འཐིང་སླད་མི་བགྱིད་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་བརྗེད་ངས་པར་མི་འགྱུར་བའི་ཐོས་པའི་ཡོ་བྱད་སོགས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་ཐོས་པ་འཛིན་པར་འགྱུར་བའི་སླད་དུ་སློབ་དཔོན་དང་མཁན་པོ་ལ་གུས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བའི་ཐོས་པ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ཡང་དག་པར་འཛིན་པར་འགྱུར་བའི་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་དགེ་བའི་རྩ་བ་ཐམས་ཅད་ཡོངས
82.213b
སུ་རྫོགས་པར་འགྱུར་བའི་དགོན་པ་ལ་གནས་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་སེམས་ཅན་མ་དད་པ་དད་པར་འགྱུར་བའི་འཚོ་བ་ཡོངས་སུ་དག་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའི་སྒྲུབ་པར་འགྱུར་བའི་བག་ཡོད་པ་ནི་བྱང་ཆུབ་སེམས་དཔའི་འཁོར་ལགས་སོ། །དེ་ནས་རྒྱལ་པོ་གསལ་རྒྱལ་དགའ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་རྒྱལ་པོ་ལ་འོས་པའི་རས་བཅོས་བུ་ཟུང་སྟོང་ཆོས་ལ་དགབ་པའི་ཕྱིར་དེས་པ་ལ་བྱིན་ནོ། །དེས་པས་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ལ་བཀུར་སྟི་དང་མཆོད་པ་མཛད་པས་འཚལ་ཏོ། །གང་གིས་བདག་ལ་འཚལ་བར་འགྱུར་བའི་གོས་རས་རུལ་པའི་དུམ་བུ་བརྒྱ་བཙེམས་པ་བདག་ལ་མཆིས་ཀྱིས་བདག་ནི་བདག་གིར་འཛིན་པ་དང་བཅས་ཤིང་ཡོངས་སུ་འཛིན་པ་དང་བཅས་པའི་གོས་རྣམས་མི་འཚལ་ལོ། །རྒྱལ་པོ་ཆེན་པོ་དཔྱིད་ཀྱི་དུས་ན་རས་རུལ་པའི་དུམ་བུའི་གོས་འདི་ཤིང་གིས་ཡལ་ག་ལ་བཀལ་ཏེ་དགུང་གཅིག་གམ། དགུང་གཉིས་སམ། དགུང་བཅུ་འམ། དགུང་བརྒྱར་མཆིས་ཀྱང་དེ་ལ་སུ་ཡང་ལེན་པ་མ་མཆིས་ཤིང་དེ་ལ་སུ་ཡང་ཆགས་པའི་སེམས་སྐྱེད་པ་མ་མཆིས་ཏེ། བདག་ཀྱང་དེ་བོར་ནས་མི་ལྟ་བར་མཆི་བའི་དུས་དེ་མཆིས་སོ། །རྒྱལ་པོ་ཆེན་པོ་བདག་ནི་བདག་གིར་འཛིན་པ་དང ། ཡོངས་སུ་འཛིན་པ་དང་བཅས་པའི་གོས་རྣམས་མི་འཚལ་ལོ། །རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ནི་གང་ལ་བདག་ཉིད་ཀྱང་འདོད་པ་སྤོང་བར་འགྱུར་ཞིང་གཞན་ཡང་འདོད་པ་སྐྱེད་པར་མི་འགྱུར་བ་དེ་ལྟ་བུའི་གོས་བཅང་བར་བགྱིའོ། །རྒྱལ་པོས་སྨྲས་པ། དེས་པ་གལ་ཏེ་དེ་ལྟར་རས་བཅོས་བུ་ཟུང་འདི་དག་ཁྱོད་མི་ལེན་ན་ཁོ་བོ་ལ་སྙིང་བརྩེ་བའི་ཕྱིར་རྐང་པས་རྫིས་ཤིག་།དེས་པས་ལྷ་དེ་བཞིན་དུ་བགྱིའོ་ཞེས་སྨྲས་ནས་རས་བཅོས་བུ་ཟུང་དེ་དག་ལ་རྐང་པས་བརྫིས་ཏེ་སོང་ངོ ། །རྒྱལ་པོས་སྨྲས་པ། དེས་པ་རས་བཅོས་བུ་ཟུང་ཁྱོད་ཀྱི་རྐང་པའི་དམན་མར་གྱུར་བ
82.214a
འདི་རྣམས་ནི་ཇི་ལྟར་བྱ། དེས་པས་སྨྲས་པ། རྒྱལ་པོ་ཆེན་པོ་སེམས་ཅན་དབུལ་པོ་གཅེར་བུ་གོས་མ་མཆིས་པ་གང་ལགས་པ་དེ་དག་ལ་སྩོལ་ཅིག་།རྒྱལ་པོས་དེས་པ་དེ་ལྟར་བྱའོ་ཞེས་སྨྲས་ནས་རྒྱལ་པོའི་མིའི་རྣམས་ལ་བསྒོ་སྟེ། དེ་དག་གིས་ཀྱང་ཇི་སྐད་བསྒོ་བ་བཞིན་དུ་བྱས་སོ། །རས་བཅོས་བུ་ཟུང་དེ་དག་དབུལ་པོ་དེ་དག་གིས་བགོས་མ་ཐག་ཏུ་འདི་སྙམ་དུ་སེམས་བསྐྱེད་དེ། བདག་གིས་དེས་པ་ལ་ཇི་ལྟར་ལན་གླན་པར་བྱ་སྙམ་པ་ལས་སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང ། དེས་པའི་སྨོན་ལམ་གྱི་སྟོབས་ཀྱིས་དེ་དག་གིས་བར་སྣང་ལས་ཚིགས་སུ་བཅད་པ་འདི་དག་ཐོས་སོ། །འདོད་པ་བཞིན་དུ་ལན་ནི་གླན་བྱ་བ། །མེ་ཏོག་དང་ནི་སྤོས་དང་བྱུག་པ་དང ། །ཟས་སྐོམ་ནོར་རྣམས་ཀྱིས་ཀྱང་མི་ནུས་ཏེ། །བྱང་ཆུབ་སེམས་ཀྱིས་དེས་པ་དགའ་བར་འགྱུར། །དེས་པ་ཟས་དང་གོས་འདོད་མ་ཡིན་ཏེ། །རྙེད་དང་བཀུར་སྟི་གྲགས་པ་འདོད་མ་ཡིན། །དེས་པ་བྱང་ཆུབ་སེམས་ལས་ཆོས་འདོད་དེ། །བྱང་ཆུབ་སེམས་ཀྱིས་དེས་པ་དགའ་བ་སྐྱེ། །དེ་ནས་དུས་གཞན་ཞིག་ན་རིགས་ཀྱི་བུ་དེས་པ་དང ། རྒྱལ་པོ་གསལ་རྒྱལ་བཙུན་མོའི་འཁོར་དང་བཅས། བློན་པོ་དང་བཅས་འཁོར་དང་བཅས་པ་དང ། མཉན་ཡོད་ཀྱི་སྐྱེས་པ་དང ། བུད་མེད་དང ། ཁྱེའུ་དང ། བུ་མོ་དང ། སྲོག་ཆགས་བརྒྱ་ཕྲག་མང་པོ་དག་བཅོམ་ལྡན་འདས་བལྟ་བའི་ཕྱིར་དོང་ངོ ། །དེ་ནས་མཉན་ཡོད་དང་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་བར་དུ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འཁོར་གྱི་ཁྱམས་ཆེན་པོ་བཀྲ་བ་བལྟ་ན་སྡུག་པ་ཡངས་ཤིང་མཐོ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་འདི་ལྟ་སྟེ་དཔེར་ན་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ཁང་བཟངས་རྣམ་པར་རྒྱལ་བ་ལྟ་བུ་ཞིག་སྤྲུལ་ཏེ། དབུས་སུ་ཤིང་ཡོངས་འདུ་ས་བརྟོལ་སྤྲུལ་ཏོ། །ཡོངས་འདུ་ས་བརྟོལ་གྱི་དྲུང་དུ་ཡང་བཅོམ་ལྡན་འདས་ཀྱི་གདན་སེང་གེ་ཁྲི་བཀྲ་བ་བལྟ་ན་སྡུག་ཅིང་ཆུ་ཞེང་གབ་པ་ལ་ལྷའི་རས་བཅོས་བུ་བརྒྱ་སྟོང་དུ་མ་བཏིང་བ་མངོན་པར་སྤྲུལ་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟན་དྲུག
82.214b
ཁྲི་དག་ཀྱང་མངོན་པར་སྤྲུལ་ཏོ། །ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་དང ། ལྷའི་བུ་མོ་ཁྲི་ཉིས་སྟོང་ཡང་མེ་ཏོག་དང ། བདུག་པ་དང ། སྤོས་དང ། མེ་ཏོག་ཕྲེང་དང ། བྱུག་པ་དང ། ལྷའི་ཙན་དན་གྱི་ཕྱེ་མ་དག་ཁྱེར་ནས་སིལ་སྙན་དང ། ཕེག་རྡོབ་པ་དག་བྱེད་ཅིང་དེས་པའི་གཡོག་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སེང་གེའི་ཁྲི་བརྒྱན་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་འོང་བར་ཐུགས་སུ་ཆུད་ནས་གཙུག་ལག་ཁང་ནས་བྱུང་སྟེ། བྱང་ཆུབ་སེམས་དཔའ་དང ། ཉན་ཐོས་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་དྲི་ཟའི་བུ་གཙུག་ཕུད་ལྔ་པས་ལྷའི་བུ་མོ་ཉི་འོད་ལ་སྨྲས་པ། བཟང་མོ་ཚུར་ཤོག་།དེས་པའི་གཡོག་བྱ་བའི་ཕྱིར་རྒྱུད་ཀྱི་སྒྲ་དང ། གླུའི་སྒྲ་དབྱངས་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ། །དེ་ནས་ལྷའི་བུ་མོ་ཉི་འོད་ཀྱིས་ལྷའི་བུ་མོ་ལྔ་བརྒྱ་ཙམ་དང་ཐབས་གཅིག་ཏུ་རྒྱུད་ཀྱི་སྒྲར་སྦྱར་བའི་ཚིགས་སུ་བཅད་པ་དག་གིས་བསྟོད་པ། ཁྱོད་ཀྱིས་བསྐལ་པ་བརྒྱར་ནི་སྔན་ཆད་དཀའ་ཐུབ་སྤྱད། །ཁྱོད་ནི་བསྡུ་བ་དག་དང་དུལ་དང་སྦྱིན་ལ་དགྱེས། །ཁྱོད་ཀྱི་སྐུ་གསུང་ཐུགས་རྣམས་ཡོངས་སུ་དག་པ་སྟེ། །སྲིད་གསུམ་འཇིག་རྟེན་བླ་མ་ལ་ནི་བདག་ཕྱག་འཚལ། །ཁྱོད་ནི་ཐ་བ་མི་མངའ་བཟོད་དང་བྱམས་ལ་དགྱེས། །ཁྱོད་ནི་བརྩོན་འགྲུས་བརྟན་དང་སྟོབས་ཀྱི་ཕ་རོལ་གཤེགས། །ཁྱོད་ནི་བསམ་གཏན་བློ་དང་ཚུལ་རྣམས་སྣང་ལ་དགྱེས། །དྲི་མ་གསུམ་གྱི་ཉེས་པ་སེལ་ལ་བདག་ཕྱག་འཚལ། །ཁྱོད་ནི་འདོད་ཆགས་ཞེ་སྡང་གཏི་མུག་སེལ་ལ་དགྱེས། །ཁྱོད་ཀྱི་ཐུགས་ནི་ཞི་ཞིང་སྙོམས་ལ་ཐུགས་རྗེ་ལྡན། །ཁྱོད་ནི་ཡང་དག་གསུང་ཞིང་དམ་པའི་དོན་ཡང་མཁྱེན། །སྲིད་པ་གསུམ་པོ་ཐར་པར་མཛད་ལ་བདག་ཕྱག་འཚལ། །ཁྱོད་ནི་མཐོང་བ་རྣམས་ཀྱི་ཐེ་ཚོམ་སེལ་བར་མཛད། །ཁྱོད་ནི་མཐོང་བ་རྣམས་ཀྱི་སྐྱོན་རྣམས་མཐའ་དག་སེལ། །ཁྱོད་ནི་མཐོང་བ་རྣམས་ལ་མཆོག་ཏུ་དགའ་བར་མཛད། །བདག་ནི་རྒྱལ
82.215a
ལ་སྲོག་གིས་སྐྱབས་སུ་མཆི་བར་བགྱི། །ལྷའི་བུ་མོ་མཆོག་ནི་འདོད་ཆགས་ཆགས་གྱུར་པ། །གང་གིས་མཐོང་བ་དེ་ཡང་ཆོས་ལ་དགའ་བར་འགྱུར། །དགའ་བས་དྲན་པ་ཤིན་དུ་རྒྱ་ཆེར་ཐོབ་འགྱུར་ཏེ། །དགའ་བས་སྡུག་ལ་འདོད་པའི་དགའ་དང་བྲལ་བར་འགྱུར། །མཚན་མཆོག་སུམ་བཅུ་རྩ་གཉིས་དག་གི་རྒྱན་རྣམས་ཀྱིས། །ལེགས་པར་བརྒྱན་པ་གསལ་བའི་ཡོན་ཏན་མཆོག་མངའ་བ། །གསུང་མཆོག་མི་ཡི་དམ་པ་གསུང་ནི་རྣམ་པར་དག་།མཚུངས་པ་མེད་པའི་འོད་མངའ་ཁྱོད་ལ་བདག་ཕྱག་འཚལ། །འཕགས་པ་འཛམ་བུ་ཆུ་བོའི་གསེར་མདོག་ཕྱག་མཐིལ་སྡུག་།ཐུབ་པའི་སྐུ་སྟོད་སེང་གེའི་འདྲ་ཞིང་གླང་ཆེན་སྟབས། །སྨིན་ཚུགས་ལེགས་ཤིང་ཤངས་ལེགས་ཚེམས་སྙོམས་ཐགས་བཟང་མཛེས། །དཔལ་གྱི་སྙིང་པོ་ཤཱཀྱ་ཐུབ་མཆོག་ཁྱེད་ལ་འདུད། །རྒྱལ་བ་ཡོན་ཏན་བརྒྱ་ཕྲག་དག་གིས་རྒྱས་གྱུར་པ། །བདེ་གཤེགས་ཤིན་དུ་དགའ་བ་སྐྱེད་མཛད་བསྟོད་པ་ཡི། །བསོད་ནམས་ཡོན་ཏན་མཐའ་ཡས་བསྒྲུབས་པ་གང་ལགས་པ། །དེ་ཡིས་འདིར་ནི་འཇིག་རྟེན་སངས་རྒྱས་མཉམ་གྱུར་ཅིག་།དེ་ནས་རིགས་ཀྱི་བུ་དེས་པ་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་གིས་ཡོངས་སུ་བསྐོར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་རིགས་ཀྱི་བུ་དེས་པ་ལ་ཁྲིའུ་སྟན་བཟང་པོ་བདག་ཉིད་ཀྱིས་བྱིན་ཏེ་འདི་ལ་འདུག་ཅིག་ཅེས་བྱས་ནས་རིགས་ཀྱི་བུ་དེས་པ་ཁྲིའུ་སྟན་བཟང་པོ་དེ་ལ་འདུག་གོ། །རྒྱལ་པོ་གསལ་རྒྱལ་འཁོར་དང་བཅས་པ་ཡང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་རང་རང་གི་སྟན་ལ་འཁོད་དོ། །དེ་ནས་ལྷའི་བུ་གང་དག་གིས་རིགས་ཀྱི་བུ་དེས་པ་སྔོན་མ་མཐོང་བ་དེ་དག་འདི་སྐད་དུ་དབུལ་པོ་གོས་ངན་པ་གྱོན་པ་འདི་ལ་འདི་ལྟ་བུར་མཆོད་པ་བྱེད་དོ་ཞེས་འཛེར་ཏོ། །དེ
82.215b
ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་འདི་ལ་བརྙས་པར་མ་བྱེད་ཅིག་།རིགས་ཀྱི་བུ་འདི་ཡོན་ཏན་གྱི་ཆེ་བ་ཉིད་ཇི་སྙེད་པ་དང་ལྡན་པ་དེ་ནི་ཁོ་བོའི་མངོན་སུམ་དུ་གྱུར་ཏོ། །གྲོགས་པོ་དག་ཁྱེད་རེ་ཤིག་སྡོད་ཅིག་དང ། རིགས་ཀྱི་བུ་འདིའི་ཡོན་ཏན་གྱི་བཀོད་པ་མཐོང་བར་འགྱུར་རོ། །དེ་ནས་རིགས་ཀྱི་བུ་དེས་པས་ལྷའི་བུ་དེ་དག་གི་བསམ་པ་རྟོགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་བཀོད་པའི་ཐབས་དང ། ཡེ་ཤེས་ཀྱི་བཀོད་པའི་ཐབས་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་ལས་འོད་ཕྱུང་སྟེ། འོད་དེས་དེས་པའི་ལུས་ལ་རེག་ནས་ལྷའི་དབང་པོ་བརྒྱ་བྱིན་གྱི་གཟུགས་ཀྱི་ལུས་ཡོངས་སུ་གྲུབ་པ་ཅི་འདྲ་བ་དེ་ལས་འབུམ་གྱུར་བས་ཀྱང་ཆེས་ལྷག་པར་གྱུར་ཏོ། །དེ་ནས་ལྷའི་བུ་དེ་དག་ཡ་མཚན་དུ་འཛིན་པར་གྱུར་ཏེ། དེས་པ་ལ་མེ་ཏོག་དག་གིས་གཏོར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེས་པ་ལ་བཀའ་སྩལ་པ། དེས་པ་གང་གི་ཚེ་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྟ་བུའི་མཐུ་ལ་གནས་པའི་ཚེ་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དམན་པར་སྟོན་ཅིང་དམན་པའི་མཐུ་ལ་གནས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མཆོག་ཏུ་སྟོན་པར་བྱེད་པ་འདི་ནི་དེའི་བཀོད་པ་ཡིན་ནོ། །ཡེ་ཤེས་ལ་གནས་ཀྱང་མི་ཤེས་པར་སྟོན་ཅིང་མི་ཤེས་པར་སྟོན་ཀྱང་ཤེས་པར་སྣང་བ་འདི་ནི་དེའི་བཀོད་པ་ཡིན་ནོ། །ཡེ་ཤེས་མ་ཐོབ་པ་རྣམས་ལ་ཡང་ལུས་ཀྱི་སྤྱོད་པ་དང ། སྤྱོད་ལམ་གྱི་དད་པ་སྐྱེད་པར་བྱེད་ཅིང་ཡེ་ཤེས་ཐོབ་པ་རྣམས་ལ་ཡང་སྤྱོད་པ་ཐམས་ཅད་ཡང་དག་པར་སྟོན་པས་རྫུ་འཕྲུལ་སྟོན་པར་བྱེད་པ་འདི་ནི་དེའི་བཀོད་པ་ཡིན་ནོ། །རྟག་ཏུ་སེམས་ལ་དབང་བྱེད་པས་ངན་ཅིང་དབུལ་བར་སྟོན་ཀྱང་ཚངས་པས་ཀྱང་མཆོད
82.216a
པ་དང ། མཆོག་གི་བཀོད་པ་ལ་གནས་ཀྱང་སྐྱེ་བོ་ཕལ་གྱིས་ཀྱང་མཆོད་པ་འདི་ནི་དེའི་བཀོད་པ་ཡིན་ནོ། །སེམས་ཅན་བསྡུ་བའི་ཕྱིར་ངན་ཅིང་དབུལ་བར་ཡང་ཉེ་བར་སྟོན་ལ་སེམས་ཅན་རྣམས་ལ་མངོན་པར་འབྱུང་བ་བསྐྱེད་པའི་ཕྱིར་ལོངས་སྤྱོད་རྒྱ་ཆེན་པོ་དང་ལྡན་ཡང་མངོན་པར་འབྱུང་བར་སྟོན་པ་འདི་ནི་དེའི་བཀོད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་དེས་པས་ཇི་སྲིད་ཅིག་ནས་བྱང་ཆུབ་ཀྱི་ཕྱིར་སྤྱད་པ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུ་དེས་པ་ནི་སངས་རྒྱས་བྱེ་བ་མང་པོ་ལ་བསྙེན་བཀུར་བྱས་པ། སྔོན་གྱི་ཚུལ་ཕུན་སུམ་ཚོགས་པ། བཟོད་པ་གསུམ་ཐོབ་པ། སྤོབས་པ་ཐོབ་པ། མངོན་པར་ཤེས་པས་རྣམ་པར་རྩེ་བར་བྱས་པ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པ་སྟེ། ངན་ཅིང་དབུལ་བས་སེམས་ཅན་རྣམས་འདུལ་བར་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་འདིས་ངན་ཅིང་དབུལ་བ་འདིས་སེམས་ཅན་ཇི་སྙེད་ཅིག་བཏུལ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ལྷའི་བུ་འབུམ་ཕྲག་མང་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་ཏེ། མི་རྣམས་ཀྱང་དེ་དང་འདྲ་འོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་འདི་ཇི་སྲིད་ཅིག་ན་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། འདིའི་སངས་རྒྱས་ཀྱི་ཞིང་གི་བཀོད་པ་རྣམས་ནི་ཅི་འདྲ་བ་ཞིག་ཏུ་འགྱུར། མིང་ནི་ཇི་སྐད་ཅེས་བགྱི་བ་ཞིག་ཏུ་འགྱུར་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། སེམས་ཅན་དོན་ལ་བརྩོན་དང་བརྟུལ་ཞུགས་བརྟན་པ་དང ། །གྲགས་པ་རྒྱ་ཆེན་དག་གིས་བསམ་པ་ཁྱབ་བྱས་དང ། །བྱང་ཆུབ་ཡོན་ཏན་གནས་པ་སྤྱོད་པ་ཅི་འདྲ་བ། །ངས་ནི་ཁྱོད
82.216b
ལ་བཤད་ཀྱིས་ཀུན་དགའ་ཁྱོད་ཉོན་ཅིག་།འདི་ན་རྒྱལ་མཆོད་མཆོག་ཕྱིར་ནི་གུས་བྱེད་ཅིང ། །དམ་པའི་ཆོས་ནི་བསྲུང་ཕྱིར་རབ་ཏུ་བརྩོན་བྱེད་པ། །དེས་པ་ཡི་ནི་སྤྱོད་པའི་རྣམ་པ་གང་ཡིན་པ། །དེ་དག་འདིར་ནི་བགྲང་བར་ནུས་པར་མི་འགྱུར་རོ། །ཕ་རོལ་ཕྱིན་པ་འདི་དག་ལ་ནི་ལེགས་པར་བསླབས། །མངོན་པར་ཤེས་པ་དག་གིས་སྔན་ཆད་རྩེ་བར་བྱས། །ཚངས་པའི་གནས་རྣམས་ཀྱིས་ནི་མཐའ་མར་ཕྱིན་པར་སོང ། །ཐབས་ལ་མཁས་པའི་སྤྱོད་པ་དག་ལ་ལེགས་པར་བསླབས། །འདིར་ནི་དེ་ཡིས་འདུས་བྱས་སྐྱོན་རྣམས་ལེགས་པར་མཐོང ། །སངས་རྒྱས་བྱང་ཆུབ་ཀྱང་ནི་མངོན་སུམ་གྱུར་བར་བྱས། །འདིས་ནི་སེམས་ཅན་ཇི་ལྟ་ཇི་ལྟར་ཐར་འགྱུར་བའི། །རྣམ་པར་སྨིན་པའི་མཚན་ཉིད་ལ་ཡང་ལེགས་པར་བསླབས། །འཇིགས་པ་མེད་ཅིང་བློ་དང་རྟོགས་དང་དྲན་དང་ལྡན། །སྤོབས་པ་དང་ནི་གཟུངས་རྣམས་དང་ཡང་ལྡན་པ་སྟེ། །བདུད་ཀྱི་ལྕགས་ཀྱུ་ཉོན་མོངས་རྫབ་ལས་ངེས་བྱུང་ཞིང ། །སངས་རྒྱས་སྤྱོད་ཡུལ་དོན་ཆེན་ལ་ནི་རབ་ཏུ་གནས། །འཇིག་རྟེན་ཆོས་རྣམས་མང་པོ་དག་གིས་མ་གོས་ལ། །ཆགས་པ་ལ་སོགས་རྣམས་ཀྱིས་བྲག་ལྟར་ཡོང་མི་གཡོས། །སུ་ཡི་དྲུང་དུ་མི་འགྲོ་རིང་བར་བྱེད་པ་འམ་མིན། །ནམ་མཁའ་ལྟ་བུར་བཅིངས་དང་གྲོལ་བ་མེད་པ་ཡིན། །སྙིང་རྗེར་གནས་ཤིང་སེམས་ཀྱང་ཡོངས་སུ་སྐྱོ་བ་མེད། །ཤིན་དུ་བསྡམས་ཤིང་ནེམ་ནུར་ཅན་ལ་བྱམས་སེམས་ལྡན། །སེམས་ཅན་ཀུན་ལ་བདག་དང་འདྲ་བར་སྡུག་པར་ལྟ། །སྐྱོན་ལ་མི་ལྟ་འཁྲུག་པ་དག་དང་ལྡན་མ་ཡིན། །ཇི་ལྟར་བསྟན་པ་བཞིན་དུ་སྒྲུབ་པ་རྣམས་ལ་གནས། །འདི་ནི་ཇི་སྐད་སྨྲས་པ་བཞིན་དུ་སྤྱོད་པར་བྱེད། །ཆོས་ཉིད་ལ་ནི་ཆོས་ཀྱི་ཚུལ་གྱིས་ལེགས་པར་བསླབས། །སྟོང་པ་ཉིད་ལ་མོས་ཤིང་གཉིས་ལས་རྣམ་པར་གྲོལ། །བཟོད་པ་གསུམ་ཐོབ་སྐྱེ་བོའི་སྤྱོད་ཡུལ་མ་ཡིན་ཏེ། །སངས་རྒྱས་ཚུལ་དང་ཡོན་ཏན་དག་ལ་རབ་ཏུ་གནས། །
82.217a
འདི་ནི་འཇིག་རྟེན་གང་དུ་རྒྱུ་བ་བྱེད་པ་ན། །དེར་ནི་སྐྱེ་བོ་མང་པོ་རྣམ་པར་གྲོལ་བར་བྱེད། །སངས་རྒྱས་ཀྱི་ནི་སྲས་འདི་གང་དུ་གནས་པ་དེར། །དེ་བཞིན་གཤེགས་པས་ཡུལ་ནི་སྟོངས་པ་མ་ཡིན་ཏེ། །དེ་ལ་ལྷ་དང་བཅས་པའི་འཇིག་རྟེན་མ་ལུས་པས། །ཇི་ལྟར་སངས་རྒྱས་བཞིན་དུ་འདི་ལ་གུས་པར་གྱིས། །ང་ནི་མྱ་ངན་འདས་ནས་ཉམས་པའི་དུས་བབ་ཚེ། །དེས་པ་འདི་ནི་སངས་རྒྱས་སྤྱོད་པ་སྤྱད་ནས་ཀྱང ། །སྔོན་ཆད་གནས་པ་མངོན་པར་དགའ་བའི་འཇིག་རྟེན་ཁམས། །མི་འཁྲུགས་འཇིག་རྟེན་ཉིད་དུ་ཕྱིར་ཡང་འགྲོ་བར་འགྱུར། །བརྟན་པོ་སྲོག་ཆགས་རྣམས་ལ་ཕན་པར་བྱ་བ་དང ། །ཞིང་གི་འབྱོར་པ་དག་ནི་ཡོངས་སུ་བཙལ་བ་དང ། །བྱང་ཆུབ་ཏུ་ནི་སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །བསྐལ་པ་གྲངས་མེད་གསུམ་དུ་སྤྱད་པ་སྤྱོད་པར་བྱེད། །དེ་ཡི་འོག་ཏུ་དེ་ནི་སྐྱོབ་པ་རྒྱལ་བར་འགྱུར། །མིང་ནི་འཇིག་རྟེན་རྒྱལ་པོ་དབང་ཕྱུག་ཅེས་ཀྱང་བྱ། །དེ་བཞིན་གཤེགས་པ་མི་འཁྲུགས་པ་ཞེས་བྱ་བ་ཡི། །ཞིང་དང་དེ་ཡི་འཇིག་རྟེན་དུ་ནི་མཚུངས་པ་ཡིན། །འཇིག་རྟེན་ཁམས་དེ་ལེགས་པར་སྦྲུལ་པ་ཞེས་བྱ་སྟེ། །ཡོན་ཏན་ཐམས་ཅད་དང་ནི་ལྡན་པར་འགྱུར་བ་ཡིན། །དེ་ཡི་ཚེ་ཡི་ཚད་ནི་ལོ་ཁྲི་ཐུབ་པར་འགྱུར། །དེ་ཡི་དགེ་འདུན་ཤིན་དུ་མང་སྟེ་བགྲང་ལས་འདས། །ཉན་ཐོས་ཐེག་པ་ཅན་གྱི་དགེ་འདུན་ཉུང་བར་འགྱུར། །ཕལ་ཆེར་བྱང་ཆུབ་དོན་དུ་བརྩོན་པ་བྱས་ནས་སུ། །དེ་དག་ཐམས་ཅད་ཡེ་ཤེས་སྟོབས་དང་རྫུ་འཕྲུལ་ལྡན། །རྣམ་པར་ཐར་པ་རྣམས་དང་ལྡན་ཞིང་འཇིགས་པ་མེད། །གཅིག་ཏུ་ངེས་པར་ཆོས་ནི་ལེགས་པར་བཤད་རྣམས་ཀྱིས། །འཇིག་རྟེན་ཁམས་དེར་རྟག་ཏུ་སྒྲ་ཆེན་སྒྲོགས་པར་འགྱུར། །དེ་ན་བདུད་རྣམས་མེད་ཅིང་སྲིད་པར་ཆགས་པ་མེད། །དེ་དག་ཐམས་ཅད་ཡང་དག་རིག་ཅིང་རྣམ་པར་དག་།བདེ་བར་གཤེགས་དེ་ཡོངས་སུ་མྱ་ངན་འདས་གྱུར་ནས། །ལོ་ནི་བརྒྱད་ཅུ་དག་ལས་བཞི
82.217b
ལྷག་རྣམས་སུ་ཡང ། །དེ་ཡི་དམ་པའི་ཆོས་ནི་རབ་ཏུ་སྤྱོད་པར་འགྱུར། །དེ་ཚེ་དེ་ཡི་ཆོས་ཀྱི་ཚུལ་ནི་འཁྲུགས་པ་མེད། །དེས་པ་དེ་ཡིས་གང་དག་ཡོངས་སུ་སྨིན་བྱས་པ། །དེ་དག་བྱང་ཆུབ་བླ་ན་མེད་པའི་དོན་དུ་སྤྱོད། །ཞིང་དེར་སེམས་ཅན་གང་དག་འབྱུང་བར་འགྱུར་བ་རྣམས། །དེ་དག་ཐམས་ཅད་སྐྱོན་རྣམས་དང་ནི་བྲལ་བ་ཡིན། །བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེས་པའི་ལུང་བསྟན་པ་བཤད་མ་ཐག་ཏུ་དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་ཏེ། ལྷའི་མེ་ཏོག་དང ། ཕྱེ་མ་དང ། གོས་དང ། རྒྱན་གྱི་ཆར་ཡང་མངོན་པར་བབ་བོ། །ཐམས་ཅད་དང་ལྡན་པའི་འཁོར་གྱིས་ཀྱང་རང་རང་གི་གོས་རྣམས་རིགས་ཀྱི་བུ་དེས་པ་ལ་བཀབ་བོ། །ཚོང་དཔོན་དང ། ཁྱིམ་བདག་དང ། བྲམ་ཟེར་བརྒྱ་ཕྲག་མང་པོ་དག་ཀྱང་རབ་ཏུ་བྱུང་ངོ ། །དེ་ནས་བཅོམ་ལྡན་འདས་ལ་དེས་པས་འདི་སྐད་ཅེས་གསོལ་ཏོ། །བདག་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བར་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེས་པའི་མགོ་བོ་ལ་ཕྱག་གི་བྱུགས་སོ། །བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་དེས་པའི་མགོ་བོ་ལ་རེག་མ་ཐག་ཏུ་གོས་ངུར་སྨྲིག་བགོས་ཤིང་དགེ་སློང་དུ་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་སྙིགས་མ་ལྔ་པོ་དུས་ཀྱི་སྙིགས་མ་དང ། སེམས་ཅན་གྱི་སྙིགས་མ་དང ། ཞིང་གི་སྙིགས་མ་དང ། ཚེའི་སྙིགས་མ་དང ། ཉོན་མོངས་པའི་སྙིགས་མའི་དུས་སུ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དེར་དེས་པས་ཇི་ལྟར་འདུལ་བ་ལས་རྣམ་པ་གཞན་གྱིས་གདུལ་བར་མི་བྱའོ། །ཀུན་དགའ་བོ་ང་ནི་འཇིག་རྟེན་གྱི་ཁམས་མི་མཇེད་དུ་སངས་རྒྱས་ཀྱི་འདུལ་བས་སེམས་ཅན་རྣམས་འདུལ་བར་མི་བྱེད་ཀྱི། ཀུན་དགའ་བོ་ང་ནི་ངན་ཅིང་དབུལ་བ་དང ། ངན་འགྲོའི་འཇིགས
82.218a
པས་བསྡིགས་པས་སེམས་ཅན་རྣམས་འདུལ་བར་བྱེད་དོ། །ཀུན་དགའ་བོ་གལ་ཏེ་འཇིག་རྟེན་གྱི་ཁམས་འདིར་ངས་སངས་རྒྱས་ཀྱི་ཡུལ་གྱིས་ཆོས་བསྟན་ཅིང་སངས་རྒྱས་ཀྱིས་ཡུལ་ཉེ་བར་བསྟན་དུ་ཟིན་ན་སེམས་ཅན་གཅིག་ཀྱང་འདུལ་བར་མི་འགྱུར་ལ་ཆོས་ཀྱང་རྟོགས་པར་མི་འགྱུར་རོ། །ཀུན་དགའ་བོ་དེ་ལྟ་བས་ན་ང་དང་དེས་པ་ཇི་ལྟར་འདུལ་བར་བྱེད་པ་དེ་བཞིན་དུ་ཁྱོད་ཀྱིས་ཀྱང་སེམས་ཅན་འདུལ་བར་གྱིས་ཤིག་།ཀུན་དགའ་བོ་སེམས་ཅན་དད་པ་ཅན་དང ། རྟོགས་པ་མང་བ་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་དད་པ་རྙེད་ཅིང་དེ་བཞིན་དུ་སྒྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང ། བྱང་ཆུབ་སེམས་དཔའ་དེས་པ་དང ། བྱང་ཆུབ་སེམས་དཔའ་དེ་དག་དང ། དགེ་སློང་དེ་དག་དང ། ལྷའི་དབང་པོ་བརྒྱ་བྱིན་དང ། རྒྱལ་པོ་གསལ་རྒྱལ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་དེས་པས་ཞུས་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་བདུན་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། སུ་རེན་དྲ་བོ་དྷི་དང ། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།