rKTs


J340

(e-text produced by ADARSHA)

see text in transliteration
83.113a
།།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཞི་བཅུ་རྩ་གཅིག་པ་སྟེ། འཕགས་པ་བྱམས་པས་ཞུས་པ་ལུང་བསྟན་པ། བམ་པོ་གཅིག་པ། ༄#། །རྒྱ་གར་སྐད་དུ། ཨཱརྱ་མཻ་ཏྲེ་ཡ་པ་རི་པྲིཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བྱམས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་བརྒ་ན་ཆུ་སྲིན་བྱིས་པ་གསོད་ལྟ་བུའི་རི་འཇིགས་སུ་རུང་བའི་ནགས་རི་དགས་ཀྱི་ནགས་ན་དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་མངོན་པར་ཤེས་པ་མངོན་པར་ཤེས་པ་གནས་བརྟན་ཉན་ཐོས་ཆེན་པོ་ཤག་སྟག་ལ། འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་ཤེས་ཀཽ་ཌི་ནྱ་དང་ཚེ་དང་ལྡན་པ་རྟ་ཐུལ་དང ། ཚེ་དང་ལྡན་པ་བརླངས་པ་དང ། ཚེ་དང་ལྡན་པ་མིང་ཆེན་དང ། ཚེ་དང་ལྡན་པ་བཟང་ལྡན་དང ། ཚེ་དང་ལྡན་པ་དྲི་མ་མེད་དང ། ཚེ་དང་ལྡན་པ་གང་པོ་དང ། ཚེ་དང་ལྡན་པ་བ་ལང་བདག་དང ། ཚེ་དང་ལྡན་པ་རི་དགས་མགོ་དང ། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་དང ། ཚེ་དང་ལྡན་པ་ཆུ་ཀླུང་འོད་སྲུང་དང ། ཚེ་དང་ལྡན་པ་ག་ཡཱ་འོད་སྲུང་དང ། ཚེ་དང་ལྡན་པ་བྱིན་པ་འོད་སྲུང་དང ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང ། ཚེ་དང་ལྡན་པ་དོན་ཡོད་རྒྱལ་པོ་དང ། ཚེ་དང་ལྡན་པ་བློ་གྲོས་བཟང་དང ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང ། ཚེ་དང་ལྡན་པ་རི་རྒྱལ་དང ། ཚེ་དང་ལྡན་པ་དགའ་བོ་དང ། ཚེ་དང་ལྡན་པ་ཉེ་དགའ་དང ། ཚེ་དང་ལྡན་པ་ཀུན་དགའ་བོ་དང ། ཚེ་དང་ལྡན་པ་སྒྲ་གཅན་ཟིན་དང ། དེ་དག་ལ་སོགས་པ་དགེ་སློང་ལྔ་བརྒྱ་ཙམ་དང་ཐབས་གཅིག་ཏུ་བཞུགས་སོ། །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར
83.113b
ཤེས་པ་མངོན་པར་ཤེས་པ་ཁྲི་དང་ཡང་ཐབས་གཅིག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་བློ་གྲོས་འཕེལ་དང ། བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་དང ། བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་དང ། བློ་གྲོས་ཡངས་པ་དང ། སྤོབས་པ་བརྩེགས་དང ། སྤྱན་རས་གཟིགས་དབང་ཕྱུག་དང ། མཐུ་ཆེན་ཐོབ་དང ། ཏོག་དཔལ་དང ། འཇམ་དཔལ་དང ། མངོན་པར་ཤེས་པའི་མེ་ཏོག་ཤིན་དུ་རྒྱས་པ་དང ། དམིགས་པ་མེད་པ་ཡིད་ལ་བྱེད་པ་དང ། དད་ལྡན་དང་རིན་པོ་ཆེའི་ཏོག་དང ། དབང་པོའི་ལྷ་དང་ཆུ་ལྷ་དང ། སྒྲ་དབྱངས་སྙན་དང ། ཞིང་རྣམ་པར་སྤྱོད་དང ། ལྷུན་པོ་བརྩེགས་དང ། སྤོབས་པ་ཕུན་སུམ་ཚོགས་དང ། དབང་པོའི་དཔལ་དང ། ས་འཛིན་དང ། སེམས་ཅན་དམྱལ་བ་བསྐེམས་དང ། ངན་སོང་སྤོང་དང ། རིན་ཆེན་ཟེ་བ་དང་དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཁྲི་དང་ཐབས་གཅིག་སྟེ། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་བྱམས་པ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ་།དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་བྱང་ཆུབ་སེམས་དཔའི་འཁོར་ཆེན་པོ་དེ་འདུས་པར་རིག་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་དྲི་བ་ལུང་བསྟན་པའི་ཕྱིར། དེ་བཞིན་གཤེགས་པས་རྟག་ཏུ་སྐབས་ཕྱེས། བྱམས་པ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང ། དྲིས་པ་དེ་དང་དེའི་ལུང་བསྟན་པས། སེམས་རངས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་དུ་དང་ལྡན་ན་ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་སུག་པར་མཆི་བར་མི་འགྱུར་ལ།
83.114a
མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་ཁྱོད་ནི་འདི་ལྟར་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། ཚེ་རབས་དྲན་པ། སྤོབས་པ་ཐོབ་པ། ཡུན་རིང་པོ་ནས་ཚངས་པར་སྤྱོད་པ་སྤྱད་པ་སྟེ། བྱམས་པ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་སྙིང་བརྩེ་བ་དང ། སྐྱེ་བོ་ཕལ་པོ་ཆེ་དང ། ལྷ་དང་མི་རྣམས་ཀྱི་དོན་དང ། ཕན་པ་དང ། བདེ་བ་དང ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང ། རིགས་ཀྱི་བུ་མོ་ད་ལྟར་གྱི་དང ། མ་འོངས་པ་རྣམས་ཡོངས་སུ་གཟུང་བའི་ཕྱིར་ཞུགས་ནས་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ལེགས་སོ་ལེགས་སོ། །བྱམས་པ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང ། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན་ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། ཆོས་གཅིག་གང་ཞེ་ན། འདི་ལྟ་སྟེ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་ཀྱི་སེམས་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་གཅིག་པོ་དེ་དང་ལྡན་ན་ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །བྱམས་པ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས
83.114b
གཉིས་དང་ལྡན་ན་ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཞི་གནས་ཡོངས་སུ་ཚོལ་བ་དང ། ལྷག་མཐོང་ལ་མཁས་པ་སྟེ། བྱང་ཆུབ་སེམས་དཔའ་ཆོས་གཉིས་པོ་དེ་དག་དང་ལྡན་ན་ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །བྱམས་པ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་གསུམ་དང་ལྡན་ན་ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེས་ཆེན་པོ་ཐོབ་པ་དང ། སྟོང་པ་ཉིད་ཀྱི་ཆོས་ངེས་པར་སེམས་པ་དང ། དེས་ཀྱང་རློམ་སེམས་མི་བྱེད་པ་སྟེ། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་གསུམ་པོ་དེ་དག་དང་ལྡན་ན་ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །བྱམས་པ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ལ་གནས་པ་ཡིན། ཆོས་ཐམས་ཅད་ལ་སོམ་ཉི་མེད་པ་ཡིན། དགོན་པ་ལ་མངོན་པར་དགའ་བ་ཡིན། ཡང་དག་པར་ཞུགས་ཤིང་ཡང་དག་པར་བླངས་པ་ལས་མི་གཡོ་བ་ཡིན་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ་མྱུར་དུ་བླ་ན་མེད་པ་ཡང་དག་པར
83.115a
རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །བྱམས་པ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་ལྔ་དང་ལྡན་ན་ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། ལྔ་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་ལ་གནས་པ་དང ། གཞན་དག་གི་འཁྲུལ་པ་མི་ཚོལ་བ་དང ། བདག་ལྟ་རྟོག་པ་དང ། ཆོས་ལ་མངོན་པར་དགའ་བ་དང ། གཞན་ལ་ཕན་འདོགས་པར་ཞུགས་པ་ཡིན་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་ལྔ་པོ་དེ་དག་དང་ལྡན་ན་ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །བྱམས་པ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་དྲུག་དང་ལྡན་ན་ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དྲུག་གང་ཞེ་ན། འདི་ལྟ་སྟེ། བརྐམ་པ་མེད་པ་ཡིན། སྡང་བ་མེད་པ་ཡིན། རྨོངས་པ་མེད་པ་ཡིན། དྲིས་མ་ཐག་ཏུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལན་ལྡོན་པ་ཡིན། བསྙེན་པར་དཀའ་བ་མེད་པ་ཡིན། སྟོང་པ་ཉིད་སྤྱོད་ཡུལ་བ་ཡིན་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་དྲུག་པོ་དེ་དག་དང་ལྡན་ན་ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །བྱམས་པ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བདུན་དང་ལྡན་ན་ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། བདུན་གང་ཞེ་ན།
83.115b
འདི་ལྟ་སྟེ། དྲན་པ་ལ་མཁས་པ་ཡིན། ཆོས་ལ་མཁས་པ་ཡིན། བརྩོན་འགྲུས་བརྩམས་པ་ཡིན། དགའ་བ་ཐོབ་པ་ཡིན། ཤིན་དུ་སྦྱངས་པ་དང་ལྡན་པ་ཡིན། ཏིང་ངེ་འཛིན་ལ་མཁས་པ་ཡིན། ཤེས་རབ་ཀྱིས་རབ་ཏུ་དགྱེ་བ་ལ་མཁས་པ་ཡིན་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་བདུན་པོ་དེ་དག་དང་ལྡན་ན་ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །བྱམས་པ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བརྒྱད་དང་ལྡན་ན་ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་ཅན་ཡིན། ཡང་དག་པའི་རྟོག་པ་ཅན་ཡིན། ཡང་དག་པའི་ངག་ཅན་ཡིན། ཡང་དག་པའི་ལས་ཀྱི་མཐའ་ཅན་ཡིན། ཡང་དག་པའི་འཚོ་བ་ཅན་ཡིན། ཡང་དག་པའི་རྩོལ་བ་ཅན་ཡིན། ཡང་དག་པའི་དྲན་པ་ཅན་ཡིན། ཡང་དག་པའི་ཏིང་ངེ་འཛིན་ཅན་ཡིན་ཏེ། བྱམས་པ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན་ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །བྱམས་པ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་དགུ་དང་ལྡན་ན་ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ་མྱུར་དུ་བླ་ན་མེད་པ་ཡང་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དགུ་གང་ཞེ་ན། འདི་ལྟ་སྟེ། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་ནི་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ་དཔྱོད་པ་དང
83.116a
བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་སོ། །རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་རབ་ཏུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་བསྒྲུབས་ཏེ་གནས་སོ། །དགའ་བའི་འདོད་ཆགས་དང་བྲལ་བས། བཏང་སྙོམས་ལ་གནས་ཤིང་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱི་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ། །ཞེས་བརྗོད་པ་སྟེ། དགའ་བ་མེད་པ་བསམ་གཏན་གསུམ་པ་བསྒྲུབས་ཏེ་གནས་སོ། །བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་སོ། །རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ། །རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ། །རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་ཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ། །རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ། །རྣམ་པ་ཐམས་ཅད་དུ
83.116b
འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་འདུ་ཤེས་དང་ཚོར་བ་འགོག་པ་བསྒྲུབས་ནས་གནས་པ་སྟེ། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་དགུ་པོ་དེ་དག་དང་ལྡན་ན་ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །བྱམས་པ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན་ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་ལྡན་པ་ཡིན། གནས་དང་གནས་མ་ཡིན་པ་ལ་མངོན་པར་བརྩོན་པའི་ཏིང་ངེ་འཛིན་དང་ལྡན་པ་ཡིན། ཐབས་ཀྱིས་འགྲོ་བའི་ཏིང་ངེ་འཛིན་དང་ལྡན་པ་ཡིན། རྣམ་པར་སྣང་བྱེད་ཀྱི་ཏིང་ངེ་འཛིན་དང་ལྡན་པ་ཡིན། ཀུན་ནས་སྣང་བའི་ཏིང་ངེ་འཛིན་དང་ལྡན་པ་ཡིན། ཀུན་དུ་གསལ་བའི་ཏིང་ངེ་འཛིན་དང་ལྡན་པ་ཡིན། རིན་ཆེན་ཟླ་བའི་ཏིང་ངེ་འཛིན་དང་ལྡན་པ་ཡིན། ཟླ་བ་སྒྲོན་མའི་ཏིང་འཛིན་དང་ལྡན་པ་ཡིན། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དང་ལྡན་པ་ཡིན། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་གྱི་ཏིང་ངེ་འཛིན་དང་ལྡན་པ་ཡིན་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་བཅུ་པོ་དེ་དག་དང་ལྡན་ན་ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་ཚུལ་དང་འདྲ་བའི་ཚིགས་སུ
83.117a
བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །སྔོན་ཅད་སྦྱིན་པ་སྦྱིན་མཛད་པ། །སྡུག་པའི་བུ་དང་ཟས་དང་སྐོམ། །མགོ་དང་མིག་ཀྱང་བཏང་མཛད་དེ། །སངས་རྒྱས་སྦྱིན་ཀུན་ཕ་རོལ་ཕྱིན། །གཡག་རྔ་བཞིན་དུ་ཡུན་རིང་ནས། །ཁྱོད་ཀྱིས་ཚུལ་ཁྲིམས་མ་ཉམས་བསྲུངས། །ཁྲིམས་ཀྱིས་ཁྱོད་འདྲ་མ་མཆིས་ཏེ། །སངས་རྒྱས་ཁྲིམས་ལེགས་ཕ་རོལ་ཕྱིན། །བཟོད་པའི་སྟོབས་ནི་བསྐྱེད་མཛད་ནས། །བྱིས་པས་ནོངས་པ་བགྱིས་པ་བཟོད། །བཟོད་པའི་སྟོབས་རྣམས་ཀུན་དང་ལྡན། །སངས་རྒྱས་བཟོད་ལེགས་ཕ་རོལ་ཕྱིན། །བརྩོན་འགྲུས་སྟོབས་ནི་བསྐྱེད་མཛད་ནས། ཞི་བདེ་བླ་ན་མེད་པ་བརྙེས། །བརྩོན་འགྲུས་སྟོབས་ཀྱིས་སྟོབས་དང་ལྡན། །སངས་རྒྱས་བརྩོན་ལེགས་ཕ་རོལ་ཕྱིན། །སྡིག་པ་ཐམས་ཅད་བསྲེག་མཛད་ནས། །འདྲེན་པ་སྐྱེས་ཆེན་བསམ་གཏན་དགྱེས། །བསམ་གཏན་སྟོབས་ཀྱིས་སྟོབས་དང་ལྡན། །སངས་རྒྱས་བསམ་ལེགས་ཕ་རོལ་ཕྱིན། །ཆོས་རྣམས་དེ་དག་རང་བཞིན་སྟོང ། །ངོ་བོ་ཉིད་ཀྱིས་གང་མི་སྐྱེ། །ཤེས་རབ་ཀྱིས་ནི་ཕ་རོལ་གཤེགས། །སངས་རྒྱས་ཤེས་ལེགས་ཕ་རོལ་ཕྱིན། །མཁྱེན་ཆེན་བྱང་ཆུབ་ཤིང་དྲུང་དུ། །སྡེར་བཅས་བདུད་ནི་ཁྱོད་ཀྱིས་བཏུལ། །དོན་གྱི་མཆོག་ཀྱང་བརྙེས་པར་གྱུར། །སངས་རྒྱས་བདུད་ཀྱི་ཚོགས་ངན་འཛོམས། །སྐྱེས་ཆེན་བཱ་རཱ་ཎ་སཱིར་ནི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །མུ་སྟེགས་ཚོགས་ངན་སྐྲག་པར་མཛད། །སངས་རྒྱས་མུ་སྟེགས་ཅན་ཚོགས་འཇོམས། །ཤེས་རབ་ཆེན་པོ་བླ་ན་མེད། །ཀུན་ནས་ཟླ་དཔེ་ཡོང་མ་མཆིས། །དཀོན་མཆོག་ཆོས་དེ་སྟོན་པར་མཛད། །འདྲེན་པ་སངས་རྒྱས་འོད་མཛད་ལགས། །སྦྱིན་པ་དང་ནི་ཁྲིམས་སྟོབས་དང ། །བཟོད་བརྩོན་ཁྱོད་དང་འདྲ་མ་མཆིས། །ཀུན་གྱི་ཕ་རོལ་ཕྱིན་པར་གྱུར། །སངས་རྒྱས་ཡོན་ཏན་མང་པོས་འཕགས། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བཅོམ་ལྡན་འདས་ལ
83.117b
ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས་ཕྱོགས་གཅིག་ཏུ་འདུག་གོ་།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་འདི་ལྟར་སྤོབས་པ་ཕུན་སུམ་ཚོགས་པ་དང ། འདི་ལྟར་ཤིན་དུ་རྣམ་པར་ངེས་པའི་ཚིག་གིས་ཆོས་སྟོན་པ་དང ། འདི་ལྟར་ཚིག་དང་ཡི་གེ་མཚུངས་པའི་ཆོས་སྟོན་པ་དང ། འདི་ལྟར་ཟབ་མོའི་ཚིག་གིས་ཆོས་སྟོན་པ་དང ། འདི་ལྟར་ལེགས་པར་འབྲེལ་བའི་ཚིག་གིས་ཆོས་སྟོན་པ་དང ། དྲན་པའི་ཚིག་གིས་ཆོས་སྟོན་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་བཞིན་ཏེ། བྱང་ཆུབ་སེམས་དཔའ་བྱམས་པ་སྤོབས་པ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་བྱང་ཆུབ་སེམས་དཔའ་བྱམས་པ་ཤིན་དུ་རྣམ་པར་ངེས་པའི་ཚིག་གིས་ཆོས་སྟོན་པ་ནས་རྗེས་སུ་དྲན་པའི་ཚིག་གི་བར་གྱིས་ཆོས་སྟོན་པ་ནི་ངོ་མཚར་ཏོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་བྱམས་པ་ནི་ད་ལྟར་ང་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་དག་གིས་བསྟོད་པར་ཡང་མ་ཟད་དེ། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་བཅུར་ཚང་བར་གྱུར་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྣང་བས་རྣམ་པར་རོལ་པའི་མངོན་པར་ཤེས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་བྲམ་ཟེའི་ཁྱེའུ་བཟང་དག་ཅེས་བྱ་བ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཞིག་ཡོད་པ་དེ་བསྐྱེད
83.118a
མོས་ཚལ་དུ་འགྲོ་སྟེ། གྲོང་བར་དུ་ཕྱིན་པ་དང ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བས་རྣམ་པར་རོལ་པའི་མངོན་པར་ཤེས་པ་མཛེས་པ། དད་པར་བྱ་བ། དབང་པོ་ཞི་བ། ཐུགས་ཞི་བ། དུལ་བ་དང་ཞི་གནས་ཀྱི་མཆོག་བརྙེས་པ། དུལ་བ་དང་ཞི་གནས་ཀྱི་དམ་པ་བརྙེས་པ། དབང་པོ་བསྲུངས་པ། གླང་པོ་ཆེ་དབང་པོ་ཐུལ་བ་ལྟ་བུ། མཚོ་ལྟར་དང་ཞིང་རྙོག་པ་མེད་ལ་གསལ་བ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་པོ་དག་གིས་སྐུ་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུ་པོ་དག་གིས་སྐུ་རྣམ་པར་སྤྲས་པ། ཤིང་སཱ་ལའི་རྒྱལ་པོ་མེ་ཏོག་ཤིན་ཏུ་རྒྱས་པ་འདྲ་བ། རིའི་རྒྱལ་པོ་རི་རབ་ལྟར་མངོན་པར་འཕགས་པ། ཞལ་ཟླ་བའི་དཀྱིལ་འཁོར་ལྟར་ཞི་བ། ཉི་མའི་དཀྱིལ་འཁོར་ལྟར་ལྷམ་མེ་ལྷན་ནེ་ལྷང་ངེ་བ། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་འོད་འབར་བའི་སྐུ་དཔལ་ཆེན་པོས་འབར་བ་མཐོང་ངོ ། །མཐོང་ནས་ཀྱང་དེ་བཅོམ་ལྡན་འདས་ལ་སེམས་དད་པར་གྱུར་ཏོ། །དེ་སེམས་དད་ནས་འདི་སྙམ་དུ་སེམས་ཏེ། ཨ་ལ་ལ་དེ་བཞིན་གཤེགས་པའི་སྐུ་འདི་རྣམ་པར་སྤྲས་ཤིང་ཁ་དོག་དང་གཟི་བརྗིད་དང ། དཔལ་དང་མཚན་རྣམས་ཀྱིས་འབར་ཞིང་ལྷམ་མེ་ལྷན་ནེ་ལྷང་ངེ་བ་ངོ་མཚར་ཏོ། །སྙམ་མོ་དེ་ནས་བྲམ་ཟེའི་ཁྱེའུ་བཟང་དག་གིས་འདི་སྐད་ཅེས་སྨྲས་ཏེ། ཨ་ལ་ལ་བདག་ཀྱང་མ་འོངས་པའི་དུས་ན་ལུས་འདི་འདྲ་བ་དང་ལྡན་པར་གྱུར་ཅིག་།ཁོ་དོག་དང ། གཟི་བརྗིད་དང ། དཔལ་དང ། མཚན་རྣམས་ཀྱིས་འདི་ལྟར་འབར་ཞིང་ལྷམ་མེ་ལྷན་ནེ་ལྷང་ངེ་བར་གྱུར་ཅིག་ཅེས་དེས་སྨོན་ལམ་དེ་སྐད་བཏབ་ནས་ས་ལ་ཉལ་ཏེ་འདི་སྙམ་དུ་བསམས་སོ། །གལ་ཏེ་བདག་ཀྱང་མ་འོངས་པའི་དུས་ན་འདི་ལྟ་བུའི་ལུས་དང་ལྡན་པར་གྱུར་ཏེ། ཁ་དོག་དང ། གཟི་བརྗིད་དང ། དཔལ་དང ། མཚན་རྣམས་ཀྱིས་འབར་ཞིང་ལྷམ་མེ་ལྷན་ནེ་ལྷང་ངེར་འགྱུར་ཞེ་ན། དེ་བཞིན་གཤེགས་པའི་ཞབས་བདག
83.118b
གི་ལུས་ལ་རེག་པར་གྱུར་ཅིག་སྙམ་མོ། །ཀུན་དགའ་བོ་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བས་རྣམ་པར་རོལ་པའི་མངོན་པར་ཤེས་པ་དེས་བྲམ་ཟེའི་ཁྱེའུ་བཟང་དག་གི་ལྷག་པའི་བསམ་པ་མཁྱེན་ནས་བྲམ་ཟེའི་ཁྱེའུ་བཟང་དག་ག་ལ་བ་དེར་གཤེགས་ཏེ། བྲམ་ཟེའི་ཁྱེའུ་བཟང་དག་ལ་ཞབས་ཀྱིས་རེག་པར་མཛད་དོ། །དེ་བཞིན་གཤེགས་པ་སྣང་བས་རྣམ་པར་རོལ་པའི་མངོན་པར་ཤེས་པ་དེས་བྲམ་ཟེའི་ཁྱེའུ་བཟང་དག་ལ་ཞབས་ཀྱིས་རེག་པར་མཛད་མ་ཐག་ཏུ། དེ་ནས་དེའི་ཚེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ཀུན་དགའ་བོ་དེ་ནས་དེ་བཞིན་གཤེགས་པ་སྣང་བས་རྣམ་པར་རོལ་པའི་མངོན་པར་ཤེས་པ་དེས་སྣམ་ལོགས་སུ་གཟིགས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་གང་གིས་ཀྱང་བྲམ་ཟེའི་ཁྱེའུ་བཟང་དག་དེའི་ལུས་ལ་རྐང་པས་མ་རྫི་ཤིག་།དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་རོ། །དེ་ནས་དེ་ཉིད་ཀྱི་ཚེ་བྲམ་ཟེའི་ཁྱེའུ་བཟང་དག་གིས་ལྷའི་མིག་དང ། ལྷའི་རྣ་བ་དང ། ཕ་རོལ་གྱི་སེམས་ཤེས་པ་དང ། སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་སུམ་དུ་བྱ་བའི་ཤེས་པ་ཐོབ་པོ། །རྫུ་འཕྲུལ་ཡང་མངོན་པར་བསྒྲུབས་སོ། །དེས་དེ་བཞིན་གཤེགས་པ་སྣང་བས་རྣམ་པར་རོལ་པའི་མངོན་པར་ཤེས་པའི་སྤྱན་སྔར་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་དག་གིས་ཀྱང་མངོན་པར་བསྟོད་དོ། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་བསྐོར་ཏེ་བཙལ་བགྱིས་ཀྱང ། །འཇིག་རྟེན་དག་ན་མི་དབང་ཁྱོད་འདྲ་ཡོད་མ་མཆིས། །འགྲོ་བ་ཀུན་ན་རྫོགས་པའི་སངས་རྒྱས་མངོན་པར་འཕགས། །རྣམ་པར་འདྲེན་པ་རང་བྱུང་ཁྱོད་ལ་བདག་ཕྱག་འཚལ། །དཔེར་ན་པར་སྣང་ན་ནི་ཉི་མ་ལྷན་ནེ་ལྟར། །ཕྱོགས་དང་ཕྱོགས་མཚམས་ཀུན་ཀྱི་འཇིག་རྟེན་ཁམས་རྣམས་ན། །འཇིག་རྟེན་འདི་དག་ཐམས་ཅད་འོད་ཀྱིས
83.119a
ལྷམ་མེར་གྱུར། སངས་རྒྱས་ཡོན་ཏན་གཟི་མངའ་ཁྱོད་ལ་བདག་ཕྱག་འཚལ། །ཇི་ལྟར་སེང་གེ་ནགས་ཁྲོད་དག་ན་སྒྲ་སྒྲོགས་པ། །ཝ་ཚོགས་ཕལ་ཆེན་ཐམས་ཅད་ཟིལ་གྱིས་གནོན་པར་བགྱིད། །དེ་ལྟར་མི་ཡི་དམ་པ་མཐུ་ཆེན་མངའ་བ་ཡང ། །མུ་སྟེགས་ཅན་མང་འདུས་པ་ཐམས་ཅད་ཟིལ་ཀྱིས་གནོན། །བདེ་བར་གཤེགས་པ་སྨིན་མཚམས་པར་གྱི་མཛོད་སྤུ་དཀར། །དངུལ་དང་ཁ་བའི་ཚོགས་བཞིན་མཐའ་ཡས་གཟི་བརྗིད་ཅན། །དེས་ནི་འཇིག་རྟེན་འདི་དག་ཐམས་ཅད་སྣང་བར་བགྱིས། །འཇིག་རྟེན་ཀུན་ན་སངས་རྒྱས་ཁྱོད་ནི་མི་མཉམ་མཉམ། །སྐྱེས་བུ་ཁྱུ་མཆོག་ཞབས་ལ་ལྷ་ཡི་འཁོར་ལོ་མངའ། །གསལ་ཞིང་མཛེས་ལ་རྩིབས་སྟོང་ཚང་ཞིང་མུ་ཁྱུད་འཁོར། །དེ་དག་གིས་ནི་རི་དང་ནགས་བཅས་ས་འདི་རྣམས། །རབ་ཏུ་གཡོ་བགྱིད་ཐུབ་པ་གང་ཟག་མཚུངས་མེད་པ། །ཉོན་མོངས་ཤས་ཆེན་དོར་བར་བགྱི་བ་ཐམས་ཅད་བོར། །འཕགས་པ་ངེས་པར་འབྱིན་པའི་ལམ་ནི་རབ་ཏུ་བརྙེས། །ནོར་རྣམས་ཀུན་དང་ལྡན་ཞིང་ཡོན་ཏན་རྣམས་ཀྱིས་ཕྱུག་།བསམ་པ་བཞིན་དུ་འཕགས་པའི་ནོར་རྣམས་བཀོད་པ་མཛད། །ས་དང་མཚུངས་ཤིང་སྦྱིན་པའི་གནས་གྱུར་མཚུངས་མ་མཆིས། །ཡོན་ཏན་ཀུན་ལ་མངའ་བརྙེས་ཚུལ་ཁྲིམས་རྣམ་དག་པ། །ཇི་ལྟར་ནམ་མཁར་ལག་པ་མི་ཐོགས་མི་ཆགས་ལྟར། །འཇིག་རྟེན་དག་ན་ཁྱོད་ལ་རྗེས་ཆགས་ཁྲོ་མི་མངའ། །བཟོད་པ་ཟད་ཀྱིས་གཏུགས་པ་དོན་དང་ཆོས་རྣམས་ཀུན། །སྙིང་པོ་མ་མཆིས་པ་དང་གསོབ་དང་གསོག་ཏུ་མཁྱེན། །སྲིད་པའི་འགྲོ་བ་ཐམས་ཅད་དག་ན་གང་རྣམས་ལ། །རློམ་སེམས་འགྱུར་བའི་སེམས་ཅན་སྲོག་དང་དངོས་མ་བརྙེས། །ཁམས་དང་སྤྱོད་པ་དག་དང་སྦྱོར་དང་བསམ་པ་མཁྱེན། །རྨད་དུ་བྱུང་དང་རྣམ་པར་འབྱོར་མཛད་སྒྲོན་མར་གྱུར། །ཆུ་བོ་ཆེན་པོས་དེད་པའི་འགྲོ་བ་གཟིགས་གྱུར་ནས། །
83.119b
སྔོན་ཆད་བརྩོན་འགྲུས་སྟོབས་བརྟན་མཐུ་ནི་བསྐྱེད་པ་མཛད། །སྐྱེ་བ་སྤངས་ཤིང་ཉོན་མོངས་ཞི་བའི་ཐུགས་དང་ལྡན། །ཐུགས་རྒྱ་ཆེན་པོ་སྐྱེ་དང་རྒ་ཤི་མཐའ་མར་འབྱིན། །ནམ་མཁའི་དཀྱིལ་དང་མཚུངས་པར་ཆགས་པ་མི་མངའ་རྒྱུ། །འཇིག་རྟེན་ཆོས་ཀྱིས་མི་གོས་འཇིག་རྟེན་གསུམ་ན་རྒྱུ། །བདག་ཉིད་ཆེན་པོ་ཤེས་རབ་ཀྱིས་ནི་སྣང་བར་མཛད། །མུན་པ་མུན་གནག་གྱུར་པ་ཐམས་ཅད་རྣམ་པར་སེལ། །འདོད་ཆགས་རྡུལ་ཞི་མཛད་ཅིང་ཞེ་སྡང་གཏི་མུག་གི་།དྲི་མ་སྣ་ཚོགས་མུན་བསལ་ཁྱོད་ལ་ཕྱག་འཚལ་ལོ། །ཀུན་དགའ་བོ་དེ་ཚུན་ཆད་བྲམ་ཟེའི་ཁྱེའུ་བཟང་དག་དེའི་རྫུ་འཕྲུལ་རྣམས་སམ། །མངོན་པར་ཤེས་པ་རྣམས་ཡོངས་སུ་ཉམས་པར་མ་གྱུར་ཏོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་བཟང་དག་ཅེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་དོགས་ཤིང་ཡིད་གཉིས་ཟ་འམ། ཐེ་ཚོམ་ཟ་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་ཉིད་དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་བཟང་དག་ཅེས་བྱ་བར་གྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བས་རྣམ་པར་རོལ་པའི་མངོན་པར་ཤེས་པ་དེ་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་གལ་ཏེ་ཡུན་རིང་པོ་དེ་སྲིད་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ལགས་ན། ཅིའི་སླད་དུ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་བྱང་ཆུབ་སེམས
83.120a
དཔའ་རྣམས་ཀྱི་བཀོད་པ་དང་ཡོངས་སུ་གཟུང་བ་ནི་གཉིས་པོ་འདི་དག་སྟེ། །གཉིས་གང་ཞེ་ན། སེམས་ཅན་བཀོད་པ་དང་སེམས་ཅན་ཡོངས་སུ་གཟུང་བ་དང ། ཞིང་བཀོད་པ་དང་ཞིང་ཡོངས་སུ་གཟུང་བ་དང་གཉིས་པོ་འདི་དག་ཡིན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཞིང་བཀོད་པ་རྣམ་པར་སྦྱངས་ཞིང་ཡོངས་སུ་གཟུང་བ་ཡོངས་སུ་བཟུང་ངོ ། །ཀུན་དགའ་བོ་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ངས་ནི་སེམས་ཅན་བཀོད་པ་རྣམ་པར་སྦྱངས། སེམས་ཅན་ཡོངས་སུ་གཟུང་བ་ཡོངས་སུ་བཟུང་ཞིང་བཀོད་པ་ཡང་རྣམ་པར་སྦྱངས་ཞིང་ཡོངས་སུ་གཟུང་བ་ཡང་ཡོངས་སུ་གཟུང་ངོ ། །ཀུན་དགའ་བོ་ངས་མངོན་པར་ཤེས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཡང་དག་པར་ཞུགས་ནས་བསྐལ་པ་བཞི་བཅུ་རྩ་གཉིས་ལོན་པའི་འོག་ཏུ་ངས་གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཀུན་དགའ་བོ་བསྐལ་པ་བཟང་པོ་འདི་འདས་ནས་བསྐལ་པ་དགུ་བཅུ་རྩ་བཞི་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་མཚང་རྒྱ་བའི་རིགས་པ་ལས། ཀུན་དགའ་བོ་ངས་བརྩོན་འགྲུས་འབར་བར་བྱས་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཀུན་དགའ་བོ་ངས་བརྩོན་འགྲུས་རླབས་པོ་ཆེས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཀུན་དགའ་བོ་ཆོས་བཅུ་པོ་འདི་དག་གིས་ང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། བཅུ་གང་ཞེ་ན། བདོག་པ་ཕངས་པ་ཐམས་ཅད་ཡོངས་སུ་བཏང་བ་དང ། ཆུང་མ་ཕངས་པ་ཡོངས་སུ་བཏང་བ་དང ། བུ་ཕངས་པ་ཡོངས་སུ་བཏང་བ་དང །
83.120b
མགོ་ཕངས་པ་ཡོངས་སུ་བཏང་བ་དང ། མིག་ཕངས་པ་ཡོངས་སུ་བཏང་བ་དང ། རྒྱལ་སྲིད་ཕངས་པ་ཡོངས་སུ་བཏང་བ་དང ། ལོངས་སྤྱོད་ཕངས་པ་ཡོངས་སུ་བཏང་བ་དང ། ཁྲག་ཕངས་པ་ཡོངས་སུ་བཏང་བ་དང ། རུས་པ་དང་རྐང་ཕངས་པ་ཡོངས་སུ་བཏང་བ་དང ། ཡན་ལག་ཕངས་པ་ཐམས་ཅད་ཡོངས་སུ་བཏང་བས་ང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཀུན་དགའ་བོ་ཆོས་བཅུ་པོ་དེ་དག་གིས་ང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཀུན་དགའ་བོ་གཞན་ཡང་ང་ཆོས་བཅུས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། བཅུ་གང་ཞེ་ན། ཀུན་དགའ་བོ་ང་ཚུལ་ཁྲིམས་ཀྱི་ཡོན་ཏན་ཀྱི་ཆོས་ལ་གནས་ཏེ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཀུན་དགའ་བོ་ང་བཟོད་པའི་སྟོབས་དང་ལྡན་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཀུན་དགའ་བོ་ང་བརྩོན་འགྲུས་འབར་བ་བརྩམས་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཀུན་དགའ་བོ་ང་བསམ་གཏན་གྱི་ཡོན་ཏན་ལ་གནས་ཏེ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཀུན་དགའ་བོ་ང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་ཏེ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཀུན་དགའ་བོ་ངས་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཀུན་དགའ་བོ་ང་ཐབས་ལ་མཁས་པ་ལ་གནས་ཏེ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས
83.121a
པར་སངས་རྒྱས་སོ། །ཀུན་དགའ་བོ་ང་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཀུན་དགའ་བོ་ངས་སྟོང་པ་ཉིད་ཀྱི་ཆོས་རྟོགས་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཀུན་དགའ་བོ་ངས་མཚན་མ་མེད་པ་དང ། སྨོན་པ་མེད་པའི་ཆོས་རྟོགས་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཀུན་དགའ་བོ་ཆོས་བཅུ་པོ་དེ་དག་གིས་ང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཀུན་དགའ་བོ་ངས་ཚོར་བ་སྡུག་བསྔལ་བ་དྲག་པ་རྩུབ་པ་ཇི་ལྟ་བུ་དག་གིས་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ། གལ་ཏེ་ཁྱོད་ཀྱིས་ཤེས་སུ་ཟིན་ན་ཀུན་དགའ་བོ་ཁྱོད་སྤོབས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་བུ་གཞོན་ནུ་ནོར་ཐམས་ཅད་སྦྱིན་པ་ཞེས་བྱ་བ་གཟུགས་བཟང་བ། མཛེས་པ་བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། རྒྱལ་པོའི་འབྱོར་པ་ཆེན་པོ་དང་རྒྱལ་པོའི་མཐུ་ཆེན་པོ་དང་ལྡན་པ་ཞིག་ཡོད་པ་དེ་བསྐྱེད་མོས་ཚལ་དུ་འགྲོ་ཏེ། གྲོང་བར་དུ་ཕྱིན་པ་དང་གནོད་པས་ཉེན་ཅིང་སྡུག་བསྔལ་ལ་ནད་ཚབས་ཆེན་པོས་བཏབ་པའི་མི་ཞིག་མཐོང་ངོ ། །མཐོང་ནས་ཀྱང་དེ་སྙིང་རྗེ་བར་གྱུར་ཏེ། དེ་མི་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ། །ཀྱེ་མི་ཁྱོད་ཅི་སྡུག་བསྔལ་ལམ། དེས་སྨྲས་པ། ལྷ་བདག་ནི་ནད་ཀྱིས་བཏབ་བོ། །དེས་སྨྲས་པ། ཀྱེ་མི་ཁྱོད་ཀྱི་ནད་ཅིས་ཞི་བར་འགྱུར། ཁྱོད་ལ་ཅི་སྦྱིན། དེས་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་བདག་གིས་ལྷ་ཁྱོད་ཀྱི་ལུས་ལས་ཇི་ཙམ་གྱིས་ཚིམ་པར་འགྱུར་པའི་ཁྲག་ཅིག
83.121b
བཏུང་དུ་ཐོབ་པ་ལྟ་ན་བདག་གི་ནད་ཞི་བར་འགྱུར་རོ། །ཀུན་དགའ་བོ་དེ་ནས་རྒྱལ་བུ་གཞོན་ནུ་ནོར་ཐམས་ཅད་སྦྱིན་པ་དེས་མཚོན་རྣོན་པོ་བླངས་ཏེ། རང་གིས་ལུས་ཕུག་ནས་ཁྲག་གཟགས་ཏེ་མི་དེ་ལ་བཏུང་བར་བྱིན་ནོ། །ཀུན་དགའ་བོ་མི་དེས་དེ་འཐུངས་མ་ཐག་ཏུ་མི་དེའི་ནད་སོས་པར་གྱུར་ཏོ། །ཀུན་དགའ་བོ་རྒྱལ་བུ་གཞོན་ནུ་ནོར་ཐམས་ཅད་སྦྱིན་པས་རང་གི་ལུས་ཕུག་སྟེ་ཁྲག་ཐམས་ཅད་གཟགས་ཀྱང་འགྱོད་པའི་སེམས་གཅིག་ཀྱང་མེད་དོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་ནོར་ཐམས་ཅད་སྦྱིན་པར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཡིད་གཉིས་སམ། ཐེ་ཚོམ་ཟ་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ང་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་ནོར་ཐམས་ཅད་སྦྱིན་པ་ཞེས་བྱ་བར་གྱུར་ཏོ། །ཀུན་དགའ་བོ་རྒྱ་མཚོ་ཆེན་པོ་བཞིའི་ཆུའི་ཕུང་པོ་ནི་ཚད་གཟུང་དུ་ཡོད་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཡོངས་སུ་ཚོལ་ཞིང་ངས་སྔོན་སེམས་ཅན་རྣམས་ལ་ཁྲག་བྱིན་པ་ནི་ཚད་མེད་དོ། །ཀུན་དགའ་བོ་སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་བུ་གཞོན་ནུ་མེ་ཏོག་ཅེས་བྱ་བ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། རྒྱལ་པོའི་འབྱོར་པ་ཆེན་པོ་དང ། རྒྱལ་པོའི་མཐུ་ཆེན་པོ་དང་ལྡན་པ་ཞིག་ཡོད་པ་དེ་བསྐྱེད་མོས་ཚལ་གྱི་སར་འགྲོ་སྟེ། གྲོང་བར་དུ་ཕྱིན་པ་ངར་སྐྱ་རྦབ་ཀྱི་ནད་ཀྱིས་བཏབ་པའི་མི་གནོད་པས་ཉེན་པ། སྡུག་བསྔལ་བ། ནད་ཚབས་ཆེན་པོ་ཞིག་མཐོང་ངོ ། །དེས་དེ་མཐོང་ནས་ཀྱང་སྙིང་རྗེ་བར་གྱུར་ཏེ། དེ་མི་དེ་ག་ལ་བ་དེར་སོང་སྟེ། འདི་སྐད་ཅེས་སྨྲས་སོ། །ཀྱེ་ཅི་ཞིག་གིས་མི་ཁྱོད་ཀྱི་ནད་འདི་ཞི་བར་འགྱུར། ཁྱོད་ལ་ཅི་ཞིག་སྦྱིན། དེས་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་བདག་གིས་ལྷ་ཁྱོད་ཀྱི་ལུས་ལས་ཇི་ཙམ་གྱིས་ཚིམ་པར་འགྱུར་བའི་རྐང་ཐོབ་པ་ལྟ་ན་བདག་གི་ནད་ཞི་བར་འགྱུར་རོ། །དེ་ནས་རྒྱལ་བུ་གཞོན་ནུ་མེ་ཏོག་དེ་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ
83.122a
ནས་བདེ་བ་དང་ཡིད་བདེ་བ་སྐྱེས་ཏེ། རང་གི་ལུས་བརྡུངས་ནས་རྐང་བྲུས་ཏེ་མི་དེའི་ལུས་ལ་བསྐུས་སོ། །ཀུན་དགའ་བོ་བསྐུས་མ་ཐག་ཏུ་མི་དེའི་ནད་སོས་པར་གྱུར་ཏོ། །ཀུན་དགའ་བོ་རྒྱལ་བུ་གཞོན་ནུ་མེ་ཏོག་གིས་རང་གི་ལུས་བརྡུངས་ཏེ། རྐང་གཟགས་ཀྱང་སེམས་ལ་འགྱོད་པ་མེད་པར་གྱུར་ཏོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་མེ་ཏོག་ཅེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་བསྙམ་དུ་ཁྱོད་དོགས་ཤིང་ཡིད་གཉིས་སམ་ཐེ་ཚོམ་ཟ་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ང་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་མེ་ཏོག་ཅེས་བྱ་བར་གྱུར་ཏོ། །ཀུན་དགའ་བོ་རྒྱ་མཚོ་ཆེན་པོ་བཞིའི་ཆུའི་ཕུང་པོ་ནི་ཚད་གཟུང་དུ་ཡོད་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཡོངས་སུ་ཚོལ་ཞིང་ངས་སྔོན་སེམས་ཅན་རྣམས་ལ་རྐང་བྱིན་པ་ནི་ཚད་མེད་དོ། །ཀུན་དགའ་བོ་སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོ་མཚོ་ཕུང་ཟླ་འོད་ཅེས་བྱ་བ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། རྒྱལ་པོའི་འབྱོར་པ་ཆེན་པོ་དང་ལྡན་པ་ཞིག་ཡོད་པ་དེ་བསྐྱེད་མོས་ཚལ་དུ་འགྲོ་སྟེ། གྲོང་བར་དུ་ཕྱིན་པ་དང ། མི་མིག་མེད་པ་ལོང་བ། དབུལ་པོ། བཀྲེན་པ། སློངས་མོ་བྱེད་པ་ཞིག་མཐོང་ངོ ། །མཐོང་ནས་ཀྱང་དེ་སྙིང་རྗེ་བར་གྱུར་ཏོ། །དེ་ནས་མི་དེ་རྒྱལ་པོ་ཟླ་འོད་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ། །ལྷ་ཁྱོད་ནི་སྐྱིད་དོ། །ལྷ་ཁྱོད་ནི་དགྱེས་སོ། །བདག་ནི་སྡུག་བསྔལ་ལོ་ལོང་ངོ ། །མིག་མ་མཆིས་སོ། །དབུལ་ལོ་བཀྲེན་ནོ། །སློངས་མོ་པའོ། །མགོན་མ་མཆིས་པའོ། །ཀུན་དགའ་བོ་དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་མི་དེ་ཡང་མཐོང ། ཚིག་ཀྱང་ཐོས་ནས་དུས་ཏེ་མཆི་མ་ཟག་བཞིན་དུ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མི་ཁྱོད་ལ་ཅི་དགོས། ཁྱོད་ལ་བཟའ་བ་དང ། བཏུང་བ་དང ། བཞོན་པ་དང ། རྒྱན་དང ། གསེར་དང ། ནོར་བུ་དང ། མུ་ཏིག་དང ། རིན་པོ་ཆེ་སྣ་ཚོགས་སྦྱིན་པར་བྱ་འམ། ཁྱོད་ལ་གང་དགོས་པ་དེ་སྨྲོས་ཤིག
83.122b
མི་དེས་སྨྲས་པ། བདག་ལ་མིག་འཚལ་ན་བདག་ལ་མིག་སྩལ་དུ་གསོལ། ཀུན་དགའ་བོ་དེ་ནས་རྒྱལ་པོ་ཟླ་འོད་དེས་རང་གི་མིག་ཕྱུང་སྟེ་མི་དེ་ལ་བྱིན་ནོ། །ཀུན་དགའ་བོ་དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་རང་གི་མིག་ཕྱུང་སྟེ་མི་དེ་ལ་བྱིན་ཡང་དེའི་སེམས་ལ་འགྱོད་པ་མེད་པར་གྱུར་ཏོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཟླ་འོད་ཅེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཡིད་གཉིས་སམ་ཐེ་ཚོམ་ཟ་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ང་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཟླ་འོད་ཅེས་བྱ་བར་གྱུར་ཏོ། །ཀུན་དགའ་བོ་རིའི་རྒྱལ་པོ་རི་རབ་ལ་ནི་ཚད་གཟུང་དུ་ཡོད་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཡོངས་སུ་ཚོལ་ཞིང་ངས་སེམས་ཅན་རྣམས་ལ་མིག་ག་བྱིན་པ་ནི་ཆེས་མང་སྟེ་ཚད་མེད་དོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཐེག་པ་བདེ་བ། འཇུག་པ་བདེ་བ་ལམ་བདེ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབས་སོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ལག་པ་ཡོངས་སུ་བཏང་བ་མ་བྱས། རྐང་པ་ཡོངས་སུ་བཏང་བ་མ་བྱས། རྐང་ཡོངས་སུ་བཏང་བ་མ་བྱས། ཆུང་མ་ཕངས་པ་ཡོངས་སུ་བཏང་བ་མ་བྱས། བུ་ཕངས་པ་ཡོངས་སུ་བཏང་བ་མ་བྱས། གྲོང་དང་གྲོང་རྡལ་དང ། གྲོང་ཁྱེར་དང ། ལྗོངས་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་ཕངས་པ་ཡོངས་སུ་བཏང་བ་མ་བྱས་ཏེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཐབས་ལ་མཁས་པས་ཐེག་པ་བདེ་བ། འཇུག་པ་བདེ་བ། ལམ་བདེ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབས་སོ། །དེ་ནས་བཅོམ་ལྡན
83.123a
འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཐབས་ལ་མཁས་པ་གང་ལ་གནས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབས་པའི་ཐབས་ལ་མཁས་པ་དེ་གང་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཉིན་ལན་གསུམ་མཚན་ལན་གསུམ་དུ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་སངས་རྒྱས་ཐམས་ཅད་མངོན་སུམ་དུ་བྱས་ཏེ་ཚིག་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །དྲང་སྲོང་ལྷ་མིག་ལྡན་པ་ཡིན། །བྱང་ཆུབ་སེམས་དཔའ་རྣམས་དང་ཡང ། །ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །ངན་འགྲོ་ཐམས་ཅད་ཟློག་བགྱིད་ཅིང ། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །སེམས་ཀྱི་དབང་དུ་གྱུར་པས་ན། །བདག་གིས་སྡིག་པ་ཅི་བགྱིས་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །བདག་གིས་དེ་དག་བཤགས་པར་བགྱི། །བདག་ལས་རྣམ་པ་གསུམ་གང་གིས། །བསོད་ནམས་ཚོགས་ནི་སྐྱེས་པ་དེ། །བདག་གི་ཀུན་མཁྱེན་ས་བོན་ཏེ། །བདག་གི་བྱང་ཆུབ་མི་ཟད་ཤོག་།ཕྱོགས་བཅུ་དག་གི་ཞིང་རྣམས་སུ། །སངས་རྒྱས་མཆོད་པ་གང་བྱུང་བ། །སངས་རྒྱས་མཁྱེན་པའི་ཡི་རང་པས། །དེ་ལ་བདག་ནི་ཡིད་རང་ངོ ། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །བསོད་ནམས་ཀུན་ལ་ཡི་རང་ངོ ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །བདག་ནི་ཡེ་ཤེས་མཆོག་ཐོབ་ཤོག་།ཕྱོགས་བཅུ་དག་གི་ཕྱོགས་རྣམས་ན། །ས་བཅུ་དག་ལ་གནས་པ་ཡི། །བྱང་ཆུབ
83.123b
སེམས་དཔའ་བྱང་ཆུབ་མཆོག་།མཚང་རྒྱ་བགྱིད་པར་སྐུལ་མ་འདེབས། །བྱང་ཆུབ་དམ་པར་སངས་རྒྱས་ཤིང ། །སྡེ་དང་བཅས་པའི་བདུད་བཏུལ་ནས། །སྲོག་ཆགས་ཀུན་ལ་སྨན་སླད་དུ། །ཆོས་ཀྱི་འཁོར་ལོ་སྐོར་གྱུར་ཅིག་།ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། །སྡུག་བསྔལ་སེམས་ཅན་ཐར་བགྱིད་ཤོག་།བསྐལ་པ་བྱེ་བ་བསམ་ཡས་སུ། །ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག་།འདོད་པའི་འདམ་དུ་བྱིང་གྱུར་ཅིང ། །སྲེད་པའི་སྲད་བུས་དམ་བཅིངས་པ། །འཆིང་བ་ཀུན་གྱིས་བཅིངས་བདག་ལ། །རྐང་གཉིས་མཆོག་རྣམས་གཟིགས་སུ་གསོལ། །སེམས་ཀྱི་དྲི་མར་བགྱིས་པ་ལ། །སངས་རྒྱས་རྣམས་ནི་སྨོད་མི་མཛད། །སེམས་ཅན་རྣམས་ལ་བྱམས་ཐུགས་ལྡན། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག་།རྫོགས་པའི་སངས་རྒྱས་གང་བཞུགས་དང ། །གང་དག་འདས་དང་མ་བྱོན་པ། །དེ་དག་རྗེས་སུ་བདག་སློབ་ཅིང ། །བྱང་ཆུབ་སྤྱད་པ་སྤྱོད་གྱུར་ཅིག་།ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །འགྲོ་དྲུག་སེམས་ཅན་ཐར་བགྱིད་ཤོག་།མངོན་ཤེས་དྲུག་པོ་མངོན་བགྱིས་ནས། །བླ་མེད་བྱང་ཆུབ་རེག་གྱུར་ཅིག་།མ་སྐྱེས་པ་དང་མི་འབྱུང་དང ། །རང་བཞིན་མ་མཆིས་གནས་མ་མཆིས། །རྣམ་རིག་མ་མཆིས་དངོས་མ་མཆིས། །སྟོང་པའི་ཆོས་ནི་རྟོགས་པར་ཤོག་།སངས་རྒྱས་དྲང་སྲོང་ཆེན་པོ་ལྟར། །སེམས་ཅན་མ་མཆིས་སྲོག་མ་མཆིས། །གང་ཟག་མ་མཆིས་གསོ་མ་མཆིས། །བདག་མ་མཆིས་པའི་ཆོས་རྟོགས་ཤོག་།བདག་འཛིན་བདག་གིར་འཛིན་པར་ནི། །དངོས་པོ་ཀུན་ལ་མི་གནས་པར། །སེམས་ཅན་ཀུན་ལ་བདེ་སླད་དུ། །སེར་སྣ་མ་མཆིས་སྦྱིན་གཏོང་ཤོག་།དངོས་པོ་དངོས་པོ་མ་མཆིས་པས། །བདག་གི་ལོངས་སྤྱོད་ལྷུན་གྲུབ་ཤོག་།དངོས་པོ་ཐམས་ཅད་རྣམས་འཇིག་པས། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག་།ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང ། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས
83.124a
མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག་།ས་འམ་ཡང་ན་ཆུ་འམ་མེ། །རླུང་གི་ཁམས་ལྟར་མི་གནས་ཤིང ། །བཟོད་པ་འམ་ཁྲོ་བ་མ་མཆིས་པར། །བཟོད་པའི་ཕ་རོལ་ཕྱིན་རྫོགས་ཤོག་།བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས། །བརྟན་སྤྲོ་ལེ་ལོ་མ་མཆིས་ཤིང ། །སྟོབས་དང་ལྡན་པའི་ལུས་སེམས་ཀྱིས། །བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག་།སྒྱུ་མ་ལྟ་བུའི་ཏིང་འཛིན་དང ། །དཔའ་བར་འགྲོ་བའི་ཏིང་འཛིན་དང ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བསམ་གཏན་ཕ་རོལ་ཕྱིན་རྫོགས་ཤོག་།རྣམ་པར་ཐར་པའི་སྒོ་གསུམ་དང ། །དུས་གསུམ་མཉམ་པ་ཉིད་དང་ཡང ། །རིག་གསུམ་མངོན་སུམ་བགྱིས་པ་ཡིས། །ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤོག་།སངས་རྒྱས་ཀུན་གྱིས་བསྔགས་པ་དང ། །འོད་དང་གཟི་བརྗིད་འབར་བ་དང ། །བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱིས། །བདག་གི་བསམ་པ་རྫོགས་གྱུར་ཅིག་།དེ་ལྟར་སྤྱད་པ་སྤྱོད་བྱེད་ཅིང ། །བྱམས་པ་གྲགས་དང་ལྡན་པ་ཡིས། །ཕ་རོལ་ཕྱིན་དྲུག་རྫོགས་བྱས་ནས། །ས་བཅུ་པོ་ལ་རབ་ཏུ་གནས། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་གང་ལ་གནས་ནས་ཐབས་ལ་མཁས་པས་ཐེག་པ་བདེ་བ། འཇུག་པ་བདེ་བ། ལམ་བདེ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབས་པའི་ཐབས་ལ་མཁས་པ་ནི་དེ་ཡིན་ནོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སེམས་ཅན་རྣམས་འདོད་ཆགས་ཆུང་བ་དང ། ཞེ་སྡང་ཆུང་བ་དང ། གཏི་མུག་ཆུང་བ་དང ། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་ལ། ཕྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ན་ཅི་མ་རུང་ཞེས་དེ་ལྟར་ཞིང་རྣམ་པར་སྦྱངས་སོ། །ཀུན་དགའ་བོ་དུས་དེ་དང་ཚོད་དེ་འབྱུང་བ་ཡོད་དེ། དེའི་ཚེ་དེའི་དུས་ན་སེམས་ཅན
83.124b
དག་འདོད་ཆགས་ཆུང་བ་དང ། ཞེ་སྡང་ཆུང་བ་དང ། གཏི་མུག་ཆུང་བ་དང ། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་དག་འབྱུང་བར་འགྱུར་ཏེ། དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྨོན་ལམ་གྱི་དབང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀུན་དགའ་བོ་ངས་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྙིགས་མ་ལྔ་དང་ལྡན་པའི་འཇིག་རྟེན་གནས་པའི་ཚེ་སེམས་ཅན་འདོད་ཆགས་ཀྱི་ཤས་ཆེ་བ་དང ། ཞེ་སྡང་གི་ཤས་ཆེ་བ་དང ། གཏི་མུག་གི་ཤས་ཆེ་བ་དང ། འདོད་ཆགས་བདོ་བ་དང ། ཞེ་སྡང་བདོ་བ་དང ། གཏི་མུག་བདོ་བ་དང ། ཆོས་མ་ཡིན་པ་ལ་ཆགས་ཞིང་ཞེན་པ་དང ། ཆགས་པའི་ཡ་ང་བས་ཟིལ་གྱིས་ནོན་པ་དང ། ཆོས་ལོག་པས་ཡོངས་སུ་ཟིན་པ་དང ། ཕ་ལ་འཁུ་བ་དང ། མ་ལ་འཁུ་བ་དང ། སྤུན་ལ་འཁུ་བ་དང ། མིང་སྲིང་ལ་འཁུ་བ་དང ། ཁྱོ་ཤུག་ལ་འཁུ་བ་དང ། ཉེ་དུ་ལ་འཁུ་བ་དང ། འཕགས་པ་ལ་འཁུ་བ་དང ། མཁན་པོ་དང ། སློབ་དཔོན་ལ་འཁུ་བ་དང ། བདག་ལ་འཁུ་བ་དང ། མི་གཞན་ལ་འཁུ་བ་དང ། མི་དྲི་མ་ཅན་དང ། མི་དམུ་རྒོད་དང ། མི་ཅང་ཤེས་མ་ཡིན་པ་རྣམས་ཀྱི་ནང་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ན་ཅི་མ་རུང་ཞེས་དེ་ལྟར་སྨོན་ལམ་ཡོངས་སུ་སྦྱངས་ཏེ། དུས་ཡ་ང་བ་འདི་ལྟ་བུ་ལ་གནས་ནས་ཀུན་དགའ་བོ་ངས་སྙིང་རྗེ་ཆེན་པོ་མདུན་དུ་བྱས་ཏེ། སྙིང་རྗེ་ཆེན་པོ་དང་ལྡན་པས་ང་ད་ལྟར་གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་རྣམས་སུ་ཞུགས་ཏེ་ཆོས་སྟོན་པ་ན། ང་ལ་ཁ་ངན་ཟེར་ཞིང་གཤེ་རྒྱ་སྟེ་ཚོགས་པར་མི་དབྱུང་བ་རྩུབ་པ་བརླང་པོས་སྨྲ་བར་བྱེད་དོ། །ཀུན་དགའ་བོ་ང་ལ་ཆད་པར་སྨྲ་བ་ཡིན་ནོ། །ཞེས་ཀྱང་ཟེར་རོ། །རྟག་པར་སྨྲ་བ་ཡིན་ནོ་ཞེས་ཀྱང་ཟེར་རོ། །འཁོར་འདོད་པ་མང་ངོ་ཞེས་ཀྱང་གླེང་ངོ ། །འདོད་པ་ཆེའོ་ཞེས་ཀྱང་གླེང་ངོ །
83.125a
ཁྱིམ་གྱི་ནང་དུ་ཞུགས་ན་ཡང་ང་ལས་ས་ཀྱང་འཐོར་རོ། །དུག་དང་བསྲེས་པའི་ཟས་ཀྱང་བྱིན་ནོ། །མེའི་ཕུང་པོ་ཡང་ཉེ་བར་བསླུབས་སོ། །འདི་ལྟ་སྟེ། སངས་རྒྱས་སུ་གྱུར་ཀྱང་མཛེས་ལྡན་མ་དང་ཞེས་བྱ་བ་ལྟ་བུ་འཁྲིག་པའི་ཆོས་དང་ལྡན་པས་ང་ལ་སྐུར་བ་ཡང་བཏབ་བོ། །ཀུན་དགའ་བོ་ང་ནི་སྙིང་རྗེ་ཆེན་པོ་མདུན་དུ་བྱས་ཏེ། སྙིང་རྗེ་ཆེན་པོ་དང་ལྡན་པས་ད་ལྟར་སེམས་ཅན་དེ་དག་ལ་ཆོས་སྟོན་ཏེ། དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་དེ་ལྟ་བུ་དེ་དག་ལ་ཆོས་སྟོན་པར་མཛད་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་དུལ་བ་འདུལ་བ། ཁུར་ཆེན་པོ་བསྣམས་པ། དཀའ་བ་མཛད་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་དུལ་བ་འདུལ་བ། ཁུར་ཆེན་པོ་བསྣམས་པ། དགེ་བའི་ཆོས་ཐམས་ཅད་དང་ལྡན་པ་གང་དག་སེམས་ཅན་དེ་ལྟ་བུ་དག་ལ་ཆོས་སྟོན་པ་ནི་དཀའ་བ་མཛད་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པའི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་མཛེས་པ་དང ། བདག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ཤིང ། བཅོམ་ལྡན་འདས་ཀྱི་ཁྱུ་མཆོག་གི་གནས་འདི་ཐོས་ནས་སྤུ་ཟིང་ཞེས་བགྱིད་པ་ནི་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་སྔོན་གྱི་སྨོན་ལམ་ཡང་དག་པར་འཕགས
83.125b
པ་ཞེས་བྱ་བར་ཟུང་ཤིག་།དེ་བཞིན་གཤེགས་པ་ཡང་དག་པར་འབྱུང་བ་ཞེས་བྱ་བར་ཡང་ཟུང་ཤིག་།བྱང་ཆུབ་ཀྱི་དགོངས་པ་འབྱུང་བ་ཞེས་བྱ་བར་ཡང་ཟུང་ཤིག་།བྱམས་པས་ཞུས་པ་ཞེས་བྱ་བར་ཡང་ཟུང་ཤིག་།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང ། བྱང་ཆུབ་སེམས་དཔའ་བྱམས་པ་དང ། དགེ་སློང་ལྔ་བརྒྱ་པོ་དེ་དག་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་དང ། ལྷ་དང་མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་བྱམས་པས་ཞུས་པའི་ལེའུ་ཞེས་བྱ་སྟེ་བཞི་བཅུ་རྩ་གཅིག་པ། རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་སུ་རེན་དྲ་བོ་དྷི་དང ། ཞུ་ཆེན་གྱི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་པ་ཕབ་པ།