rKTs


J348

(e-text produced by ADARSHA)

see text in transliteration
83.303a
འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཞི་བཅུ་རྩ་དགུ་པ་སྟེ་འཕགས་པ་དྲང་སྲོང་རྒྱས་པས་ཞུས་པ། ། བམ་པོ་དང་པོ། རྒྱ་གར་སྐད་དུ། ཨཱརྱ་རི་ཥི་བྱཱ་ས་པ་རི་པྲྀཙྪ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དྲང་སྲོང་རྒྱས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གང་གཱའི་ཀླུང་གི་འགྲམ་རྒལ་བར་བྱ་བ་མ་ཡིན་པ། ཁུ་བྱུག་དང ། ནེ་ཙོ་དང ། བུང་བ་དང ། ངང་པའི་རྒྱལ་པོ་དང ། བྱའི་ཚོགས་དུ་མ་སྒྲ་སྙན་པ་འབྱིན་པ། ཤིང་པལག་ཤ་དང ། ནྱ་གྲོ་དྷ་དང ། ཙན་དན་དང ། མྱ་ངན་འཚང་དང ། ས་ལ་ཀིའི་ཡལ་གས་བསྐྱབས་པ། རྟག་ཏུ་མེ་ཏོག་དྲི་ཞིམ་པོ་སིལ་མར་བཀྲམ་པ་དེ་ན་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་བྱ་བ་བྱས་པ། བྱེད་པ་བྱས་པ། ཟག་པ་ཟད་པ། རྡུལ་ཟད་པ། ཆོས་ལས་མི་ཟློགས་པ། བསམ་གཏན་དང་ཁ་ཏོན་ལ་གནས་པ། འཆག་ས་དང་ཁྲིའི་སྟེང་ན་འདུག་ན་ངང་པའི་རྒྱལ་པོ་ལྟར
83.303b
ས་ཕྱོགས་དེ་མཛེས་པར་བྱེད་པ་ཤ་སྟག་ལ། ཁ་ཅིག་ནི་ནང་དུ་ཡང་དག་འཇོག་ལ་གནས་པ། ཁ་ཅིག་ནི་ཤིང་དྲུང་ན་གནས་པ། དེ་བཞིན་གཤེགས་པའི་བཀའ་ཀུན་བགྲོ་བར་བྱེད་པ། ཆ་བྱད་དུལ་ཞིང་བརྟན་པ། སྤྱོད་ལམ་རབ་ཏུ་ཞི་བ། འདོད་པ་ལ་འདོད་པ་དང ། གནོད་སེམས་དང ། སྙོམ་པ་དང ། གཉིད་དང ། ལེ་ལོ་དང་བྲལ་བ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་སྦྱིན་པ་བྱིན་ཅིག་།བྱ་བ་གང་ཡིན་པ་གྱིས་ཤིག་།ཚུལ་ཁྲིམས་ཀྱི་སྡོམ་པས་བསྡམས་ཤིང་དབང་པོ་སྲས་ལ་ཡིད་ཞི་བར་གནས་པར་གྱིས་ཤིག་།དེ་ནས་བཅོམ་ལྡན་འདས་དགེ་སློང་རབ་ཏུ་མང་པོ་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ་དང ། འོད་སྲུང་ཆེན་པོ་དང ། ཤཱ་རིའི་བུ་དང ། བཀྐུ་ལ་དང ། ནམ་གྲུ་དང ། ཚེ་དང་ལྡན་པ་ཀུན་ཤེས་ཀཽ་དི་ནྱ་དང ། དེ་དག་ལ་སོགས་པ་ཉན་ཐོས་ཆེན་པོ་ཤ་སྟག་དང་ཐབས་གཅིག་སྟེ། ཡང་དག་པར་དགའ་བ་དང ། ཡང་དག་པར་མགུ་བར་འགྱུར་བའི་གཏམ་མཛད་དོ། །དེའི་ཚེ་ནུབ་ཕྱོགས་ལོགས་ན་ཉི་མའི་དཀྱིལ་འཁོར་ལྟར་སྣང་བ་ཞིག་ཚེ་དང་ལྡན་པ་ཀུན་དགའ་བོས་མཐོང་ངོ ། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནུབ་ཕྱོགས་ལོགས་ན་འབར་ཞིང་སྣང་བ་ཞུགས་ཀྱི་འོད་ཟེར་ལྟ་བུར་གདའ་བ་འདི་ཅི་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་འདི་ནི་དྲི་ནག་མའི་བུ་དྲང་སྲོང་འཇིག་རྟེན་པའི་མངོན་པར་ཤེས་པ་ལྔ་དང་ལྡན་པ་དྲང་སྲོང་རྣམས་ཀྱི་མཆོག་དྲང་སྲོང་རྒྱས་པ་ཞེས་བྱ་བ་སྟེ། དྲང་སྲོང་དཀའ་ཐུབ་དྲག་པོ་ལ་གནས་པ། བསྙེན་པར་གནས་པ་བརྒྱ་སྟོང་གིས་དུབ་པ། ལུས་ཀྱི་མཛེས་པ་མེད་པ་ལྔ་བརྒྱ་ཙམ་ཕྱི་བཞིན་དུ་འབྲང་བ་ལ་དྲང་སྲོང་དཀར་མིན་གཞོན་ནུ་དང ། མི་ལྷ་དང ། རྣམ་པར་བདེ་སྲུང་གི་བུ་དང ། རི་དགས་མོའི་བུ་དང ། སྒྲ་བྱེད་ཀྱི་བུ་དང ། ཕུར་བུ་རྣ་དང ། མེའི་བུ་དང ། རྣམ་པར་རྐོའི་བུ་དང ། བསྙེན་པར་དགའ་དང ། དེ་དག་ལ་སོགས་པས་ཡོངས་སུ་བསྐོར་ནས་རྗེས་སུ་འཆག་པའོ། །དེ་ནས་དེའི་བར་སྐབས་སུ་རྒྱས་པས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དབང་པོ་ཞི་བ། ཐུགས་ཞི་བ
83.304a
བསམ་གཏན་གྱི་དབེན་པ་ལ་དགྱེས་པ། ཤིང་ལྗོན་པ་སྟུག་པོའི་ནང་ན་བཞུགས་པ་མཐོང་ངོ ། །མཐོང་ནས་ཀྱང་རྒྱས་པ་འདི་སྙམ་དུ་སེམས། ཀྱེ་མའོ་མ་ལ་ངོ་མཚར་ཏེ། འདི་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཕྱིན་ཅི་མ་ལོག་པ་གསུང་པ་ཞེས་འཇིག་རྟེན་དུ་གྲགས་པ་ནི་གནས་ཡིན་ནོ། །ཇི་ལྟར་འདི་ཁ་དོག་རྒྱས་པ་མཆོག་དང་ལྡན་ཞིང་རྨད་དུ་བྱུང་བའི་གཟུགས་རྒྱ་ཆེན་པོ་ཕུན་སུམ་ཚོགས་པ་ལས་ན་འདི་གདོན་མི་ཟ་བར་དེ་བཞིན་གཤེགས་པར་འགྱུར་རོ། །འདི་ལྟར་བཅོམ་ལྡན་འདས་གཟུགས་རྒྱ་ཆེན་པོ་འདི་ལྟ་བུ་དང་ལྡན་པས་འཁོར་ལོས་སྒྱུར་བའི་དབང་ཕྱུག་གི་བདག་པོ་དུག་དང་བཅས་པ་བཞིན་དུ་སྤངས་ཏེ་བུད་མེད་རིན་པོ་ཆེ་ས་འཚོ་མ་ལ་སོགས་པ་བུད་མེད་དྲུག་སྟོང་ཡང་སྤངས་ནས་དཀའ་ཐུབ་ཀྱི་ནགས་ཚལ་གྱི་ནང་དུ་གཤེགས་ཏེ་བཞུགས་པ་འདི་ནི་ཀྱེ་མའོ་འཇིག་རྟེན་ན་ངོ་མཚར་རྨད་དུ་བྱུང་བའོ། །སྙམ་དུ་སེམས་སོ། །དེ་ནས་དྲང་སྲོང་མེས་སྦྱིན་གྱི་བུས་ཀྱང་རྒྱང་རིང་པོ་ནས་བཅོམ་ལྡན་འདས་མཐོང་ངོ ། །མཐོང་ནས་ཀྱང་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ། །ཤིང་སྔོན་དག་གི་ཁྲོད་འདུག་ཅིང ། །བཙོ་མའི་གསེར་ལྟར་སེར་བར་སྣང ། །གཟུགས་ནི་ཤིན་ཏུ་འབར་བས་ན། །སྐྱེ་བོ་ཀུན་ཀྱི་དགའ་བ་སྐྱེད། །བཻ་དཱུརྱ་ནི་དྲི་མེད་བྲག་།སྟུག་ནང་རི་རབ་རྩེ་གཅིག་འཕགས། །སྟོན་གྱི་ཉི་མ་རབ་ལྷན་ལྟར། །དཔལ་གཟུགས་འབར་བ་འདི་སུ་ཞིག་།དེ་ནས་དྲང་སྲོང་ཆེན་པོ་དེ་དག་ཐམས་ཅད་དགའ་སྟེ་མིག་ཕྱེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འཛམ་བུའི་གླིང་པའི་དྲང་སྲོང་མེའི་ཕུང་པོ་ལྟར་འབར་བ། རལ་པའི་ཅོད་པན་ཅན། རྒས་པ། རབ་ཏུ་རྐེ་བ། ཟས་མི་ཟ་ཞིང་བསྙེན་པར་གནས་པ། ཤིང་ཤུན་དང ། གཡང་གཞི་གྱོན་པ། ཐལ་བས་བྱུགས་པ། ཐང་དང་བྲག་ཁྲོད་ན་གནས་པ། བཀྲེས་བཀྲེས་ལྟར་འདུག་པ། རླུང་འགམ་པ། ཟླ་བ་ཕྱེད་བསྙེན་གནས་བྱས་པ། ཡན་ལག་སྐེམ་པ་གཅེར་བུ་བ་ཤིང་ཤུན་གྱོན་པ། ཨག་ཚོམ་དང །
83.304b
སེན་མོ་དང ། སྤུ་རིང་བ། བུང་བའི་ཁ་དོག་ལྟ་བུ། དཀའ་ཐུབ་ཀྱི་ནོར་ཅན། བཟླས་བརྗོད་དང ། སྦྱིན་སྲེག་དང ། བསྲུང་བ་དང ། བཀྲ་ཤིས་པ་བྱས་པ་ས་དང ། བླ་གབ་མེད་པ་དང ། ཤིང་དྲུང་ན་གནས་པ། རྐང་པ་གྱེན་དུ་སྒྲེང་གཙོག་ཙོག་པོར་འདུག་པ། ཆུའི་ནང་དུ་འཇུག་པ། མེ་མདག་འབར་བ་དང ། སྲེག་མེ་རབ་ཏུ་འབར་བ་དང ། ཉི་མས་ལུས་ཤིན་ཏུ་གདུངས་པ། དཀའ་ཐུབ་དྲག་པོས་ཡོངས་སུ་བསྐོར་བ། བབ་བབ་ཏུ་གནས་པ། རིགས་ཙམ་གྱིས་ཡོངས་སུ་དགའ་བ། བླ་ན་མེད་པའི་ཡེ་ཤེས་དང་བྲལ་བ་དེ་དག་ལ་ལྟོས། དགེ་སློང་དག་དྲང་སྲོང་ཆེན་པོ་འདི་དག་ནི་འཁོར་བ་ལས་འབྱུང་བ་མི་ཤེས་པ་དག་སྟེ། འདི་དག་ནི་འདོད་པ་དང་རྒྱགས་པས་མྱོས་པ། ཡང་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ། ལྟ་བའི་རྒྱུ་བ་ཡོངས་སུ་མ་དག་པ་ཤ་སྟག་གོ་།དེ་ནས་དགེ་སློང་དེ་དག་བཅོམ་ལྡན་འདས་ལ་སེམས་ཐག་པ་ནས་སྐྱབས་སུ་དོང་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ནི་ཚངས་པར་སྤྱོད་པའི་ཚོགས་སྒྲུབ་པ་སྟེ། དེའི་སླད་དུ་བདག་ཅག་སྲིད་པར་སྐྱེ་བ་མི་འཛིན་ཏོ། །དེ་ནས་དྲང་སྲོང་ཆེན་པོ་རྒྱས་པས་དྲང་སྲོང་ཆེན་པོ་དེ་དག་གི་སེམས་དང་མི་འཇིགས་པ་དམན་ཞིང་ལྟ་བ་དམན་པར་ཁད་ཀྱིས་བརྟགས་ནས་གུས་པ་སྐྱེས་ཏེ། རྗེས་དང་བཅས་པ་དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་རལ་པ་མང་པོ་བརྫེས་ཏེ། མཆོད་ཕྱིར་ཐོགས་ཐོགས་པ། སྔོ་སངས་པོ། མིག་གཉིས་སེར་བ། སྐྲ་རྩུབ་ཅིང་གྲུགས་པ། ལག་ན་དབྱུག་གུ་གསུམ་ཐོགས་པ། གཟུགས་རབ་ཏུ་མི་སྡུག་པ་དང་ལྡན་པ། ནམ་མཁའི་ངོས་ལས་འགྲོ་བ། གཏམ་སྣ་ཚོགས་ཀྱི་གཏན་ཚིགས་དང་ལྡན་པ་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །འཁོར་འདི་ནི་ཀུན་ཏུ་རྨོངས་པ་སྟེ། འདི་ན་གནས་ལགས་ན་བདག་འདིར་མཆིས་པར་བཅོམ་ལྡན་འདས་མཁྱེན་པར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་སྲིད་པར་སྐྱེ་བ་ཐམས་ཅད་ཀྱང་ངས་ཤེས་ཏེ་དངོས་པོ་དེ་ཡང་རིག་གོ་།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་གསལ་བ་ཟུར་ཕྱིན་པ། ཞིབ་པ་མཁས་པ། བློ་དང་ཤེས་པ་དང ། མི་འཇིགས་པ་དང ། རལ་པའི་ཟར་བུའི་ཅོད་པན་ཅན་འདི་སུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ
83.305a
བོ་འདི་ནི་དྲང་སྲོང་ཆེན་པོ་རྒྱས་པ་ཞེས་བྱ་སྟེ། རིག་བྱེད་རྣམས་བྱེད་པ། ནུས་ཅན་བུའི་བསྟན་བཅོས་ཀྱིས་འཚོ་བ། ཡི་གེ་སྣ་ཚོགས་སྡུད་པའོ། །དེ་ནས་དགྲ་བཅོམ་པ་དེ་དག་ཐམས་ཅད་ཀྱིས་རྒྱས་པ་མཐོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ནི་འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་མ་གྲོལ་བ་ལགས་ན། དཀའ་ཐུབ་དྲག་པོས་ཡོངས་སུ་ཉོན་མོངས་པ་རྙེད་པ་འདིས་ཅི་ཞིག་ཐོག་དགྲ་བཅོམ་པ་དེ་དག་ཡང་འདི་སྙམ་དུ་སེམས་ཏེ། རྒྱས་པ་འདིས་བཅོམ་ལྡན་འདས་ལ་གཏམ་གང་བདག་མེད་པའི་གཏམ་འམ། སྦྱིན་པ་དང ། ཚུལ་ཁྲིམས་དང་རབ་ཏུ་ལྡན་པའི་གཏམ་འམ། ཅིའི་རྒྱུ་དང་རྐྱེན་གྱི་གཏམ་ཞིག་ཞུ་སྙམ་མོ། །དེ་ནས་དྲང་སྲོང་ཆེན་པོ་རྒྱས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འབྱུང་བ་དང ། ད་ལྟར་དྲང་སྲོང་ཆེན་པོ་ཚོགས་པ་འདི་ཤིན་ཏུ་རྙེད་པར་དཀའ་བ་ལགས་སོ། །གལ་ཏེ་ཞུ་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཆེན་པོ་རྒྱས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དྲང་སྲོང་ཆེན་པོ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང ། དྲིས་པ་དེ་དང་དེ་དེ་ལྟ་དེ་ལྟར་ལུང་བསྟན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་དྲང་སྲོང་ཆེན་པོ་རྒྱས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་སྦྱིན་པ་སྦྱིན་པར་བགྱི། སྦྱིན་པ་མ་ལགས་པའི་དོན་གང་ལགས། སྦྱིན་པ་ཞེས་བགྱི་བའི་དོན་གང་ལགས། སྦྱིན་བདག་ཇི་ལྟར་རབ་ཏུ་འཚལ་བར་བགྱི། ཇི་ལྟར་ན་གཏོང་བ་པོར་འགྱུར། ཇི་ལྟར་ན་སྦྱིན་བདག་ལགས་ལ་གཏོང་བ་པོ་མ་ལགས། ཇི་ལྟར་ན་སྦྱིན་བདག་སྦྱིན་པའི་མཐར་འགྲོ་བ་ཞེས་བགྱི། སྤུངས་པར་གནས་པ་འམ། བརྩེགས་པར་གནས་པ་འམ། ཇི་ལྟར་བལྟ་བར་བགྱི། ཇི་ལྟར་ན་སྦྱིན་བདག་ལེན་པ་ལ་མི་གནས་པར་སྦྱིན་པ་སྦྱིན་པ་ལགས། སྦྱིན་པའི་རྣམ་པར་སྨིན་པ་ཇི་ལྟར་བལྟ་བར་བགྱི། ཇི་ལྟར་ན་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་མཆོད་རྟེན་ལ་མཆོད་པ་ལགས། བསོད་ནམས་དེའི་རྣམ་པར་སྨིན་པ་ཇི་ལྟར་བལྟ་བར
83.305b
བགྱི། བཅོམ་ལྡན་འདས་ཁྱོད་ཡོངས་སུ་མྱ་ངན་ལས་འདས་ནས་ཡོངས་སུ་འཛིན་པར་འགྱུར་བ་གང་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཆེན་པོ་རྒྱས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དྲང་སྲོང་ཆེན་པོ་སེམས་དང་པོ་བསྐྱེད་པའི་གཏམ་ཁྱོད་ཀྱིས་དྲིས་པ་འདི་ནི་རྩིང་ངོ ། །དེ་ན་གནས་བརྟན་ཤཱ་ར་དྭ་ཏིའི་བུ་སྨིན་མ་རིང་བ། གཉེར་མ་ཅན། མགོ་སྐྱ་བོས་ལག་པ་གཡས་པས་སྨིན་མ་གཟར་ནས་མིག་ལྤགས་བཏེག་སྟེ་བལྟས་ནས་འདི་སྐད་ཅེས་སྨྲས་སོ། །དྲང་སྲོང་ཆེན་པོ་རྒྱས་པ་འདི་འཇིག་རྟེན་ན་གྲགས་པ་ཡིན་ན་གཏན་ཚིགས་ཀྱི་རིག་པ་མི་ཤེས་པའི་བྱིས་པ་རོགས་རྒོད་ལྟ་བུར་མཁས་པའི་བློ་མེད་དེ། རྒྱུ་དང་རྐྱེན་གྱི་གཏམ་སྤངས་ཤིང་བདག་མེད་པའི་གཏམ་བོར་ལ་ལྷ་ཡུལ་པའི་རྒྱུའི་གཏམ་བཏང་སྟེ། ཅིའི་ཕྱིར་སྦྱིན་པའི་གཏམ་ཉིད་ཞུས་པར་གྱུར། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་དྲང་སྲོང་ཆེན་པོ་འདི་ལ་སྦྱིན་པའི་འབྲས་བུ་སྦྱིན་པའི་བཀའ་མཆིད་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་གཤེགས་པ་ལ་དྲིས་ལ། ཉན་ཐོས་ཀྱིས་བཤད་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཚུལ་མ་ཡིན་ཏེ་མི་དགོས་ཀྱིས། ཀུན་དགའ་བོ་དེ་སྐད་མ་ཟེར་ཅིག་འདི་ནི་གནས་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་དྲང་སྲོང་ཆེན་པོ་རྒྱས་པ་ཅི་དང་ཅི་འཚལ་བ་དྲིས་པའི་ལན་གདབ་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཀྱང་དེ་སྐད་མི་འཚམ་པར་མ་ཟེར། ངའི་མདུན་ན་ཉན་ཐོས་ཀྱིས་ཐེ་ཚོམ་བཅད་པ་འདི་ནི་མི་རིགས་ཏེ། ང་ལ་སེམས་ཅན་གྱི་སེམས་མ་རངས་པར་འགྱུར་རོ། །སེམས་མ་རངས་ནས་འདི་སྐད་དུ་གང་གི་ཕྱིར་རྒྱས་པས་དྲིས་ཉན་ཐོས་འཆད་དུ་བཅུག་པ་ལས་ན་དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་དུ་ངེས་སོ། །ཡང་ན་ནི་སངས་རྒྱས་ལ་ངར་འཛིན་པ་ཡོད་དོ་ཞེས་ཟེར་བར་འགྱུར་ཏེ། སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ། །དེ་ནས་དགེ་སློང་དེ་དག་བཅོམ་ལྡན་འདས་ལ་དགའ་བ
83.306a
སྐྱེས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དྲང་སྲོང་ཆེན་པོ་རྒྱས་པའི་ཐེ་ཚོམ་བསལ་བའི་སླད་དུ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཆེན་པོ་རྒྱས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དྲང་སྲོང་ཆེན་པོ་སྦྱིན་པའི་རྣམ་པར་སྨིན་པ་དང ། སྦྱིན་པའི་བྱ་བ་དང ། སྦྱིན་པའི་རྣམ་པར་དབྱེ་བ་དང ། སྦྱིན་པ་ཞེས་བྱ་བའི་དོན་གང་ཡིན་པ་དང ། སྦྱིན་པ་བདག་གིས་ཡོངས་སུ་སྤྱད་ན་ཇི་ལྟར་སྦྱིན་པ་སྦྱོང་བ་དང ། དེ་དག་ལ་བྱིན་ན་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཇི་ལྟར་རབ་ཏུ་འཕེལ་བ་དེ་ཉོན་ཅིག་གང་གི་ཕྱིར་སྦྱིན་པ་ཞེས་བྱ་བ་དང ། སྦྱིན་པ་ཞེས་བྱ་བའི་དོན་གང་ཡིན་ཞེས་བྱ་བ་ནི་དྲང་སྲོང་ཆེན་པོ་འདི་ལ་གཏོང་བ་པོས་སྦྱིན་པའི་དངོས་པོ་ཡོངས་སུ་བཏང་སྟེ། དད་པ་བསྐྱེད་ནས་གཞན་བྱེད་དུ་བཅུག་སྟེ་ཡུལ་གཞན་དུ་སོང་ནས་བྱེད་དུ་བཅུག་པ་དེས་ཀྱང་ནོར་རྣམས་རྣམ་པར་གཏོང་བར་བྱེད་ན་ནོར་གང་གི་ཡིན་པ་དེ་ནི་སྦྱིན་བདག་ཡིན་ནོ། །བྱེད་དུ་བཅུག་པས་བྱིན་པ་ནི་གཏོང་བ་པོ་ཡིན་གྱི་སྦྱིན་བདག་མ་ཡིན་ནོ། །གང་རང་གི་དངོས་པོ་བདག་ཉིད་ཀྱིས་སྦྱིན་པ་དེ་ནི་གཏོང་པ་པོ་ཡང་ཡིན་ལ་སྦྱིན་བདག་ཀྱང་ཡིན་ནོ། །དྲང་སྲོང་ཆེན་པོ་རྣམ་པ་སུམ་བཅུ་རྩ་གཉིས་ཀྱིས་སྦྱིན་པ་ཡོངས་སུ་མ་དག་པར་བལྟའོ། །རྣམ་པ་སུམ་བཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། དྲང་སྲོང་ཆེན་པོ་འདི་ལ་གཏོང་བ་པོ་ཕྱིན་ཅི་ལོག་ཏུ་ལྟ་བར་གྱུར་ཅིང་མ་དད་པ་དང་མ་དང་བ་མང་ལ་དེས་སྦྱིན་པ་བྱིན་ན་དེའི་སྦྱིན་པ་དེ་ཡོངས་སུ་མ་དག་པ་ཡིན་ནོ། །དྲང་སྲོང་ཆེན་པོ་གཞན་ཡང་ཕན་བཏགས་པའི་ལན་དུ་ཕན་འདོགས་པར་བྱ་བའི་ཕྱིར་སྦྱིན་པ་བྱིན་ན་དེ་ཡོངས་སུ་མ་དག་པ་ཡིན་ནོ། །དེས་དམན་པ་དང ། འདོད་པའི་རྒྱུའི་ཕྱིར་གང་འདི་ལྟ་བུའི་སེམས་ཀྱི་མེ་ལ་སྦྱིན་པ་སྦྱིན་ནོ་ཞེ་འམ། མེ་ལྕེ་ལ་སྦྱིན་པ་སྦྱིན་ནོ་ཞེས་འམ། ཆུ་ལ་སྦྱིན་པ་སྦྱིན་ནོ་ཞེ་འམ། དེས་བདག་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རྒྱལ་པོ་ལ་སྦྱིན་པ་བྱིན་ན་སྦྱིན་པ་དེ་ཡོངས་སུ་མ་དག་པ་ཡིན་ནོ། །གང་མི་འཇིགས་པའི་ཕྱིར་ཆོམ་པོ་ལ་སོགས་པ་སྦྱིན་པ་བྱིན་ཏེ། ཐུན་མོང་མ་ཡིན་པ་ལྔ་བྱིན་ན་སྦྱིན་པ
83.306b
ཡོངས་སུ་མ་དག་པ་ཡིན་ནོ། །དུག་སྦྱིན་པ་དང ། མཚོན་ཆ་སྦྱིན་པ་དང ། སྲོག་ཆགས་བསད་དེ་ཤ་སྦྱིན་པ་དང ། བག་མེད་པ་རྣམས་ལ་ཆང་སྦྱིན་པ་དང ། འདི་དག་ནི་བདག་གིར་འགྱུར་ཏེ་བདག་གི་རིམ་གྲོ་དང ། མཆོད་པར་འགྱུར་རོ་སྙམ་ནས་སེམས་ཅན་བསྡུ་བ་དང་འཐོབ་པའི་ཕྱིར་བསྡུ་བའི་སྦྱིན་པ་དང ། གང་བརྗོད་པ་དང ། སྒྲ་དང ། ཚིགས་སུ་བཅད་པའི་ཕྱིར་སྦྱིན་པ་སྦྱིན་པ་དང ། གང་གར་དང་གླུ་དང ། བཞད་གད་དང ། རྩེད་མོ་དང ། གཏམ་དང ། དགའ་བར་བྱ་བའི་ཕྱིར་རོལ་མོ་མཁན་རྣམས་ལ་སྦྱིན་པ་བྱིན་ན་སྦྱིན་པ་དེ་ཡོངས་སུ་མ་དག་པ་ཡིན་ནོ། །གང་བཟའི་མཚན་མའི་ཕྱིར་སྐར་མཁན་ལ་སྦྱིན་པ་གཏོང་བར་བྱེད་པ་དང ། གང་གཞན་གྱི་ནོར་མཛའ་བོ་ལ་སྦྱིན་པ་དང ། གང་གི་ཁྱིམ་འམ་ཞིང་ལ་གཞན་གྱི་འབྲུའི་ཕུང་པོ་འམ། ནས་དང་གྲོའི་ཕུང་པོ་ལ་རི་དགས་དང་བྱ་ཟ་བ་ལ་དེ་དེ་ལ་དགའ་བ་དང་མགུ་བ་སྐྱེད་ན་དེ་ཡང་སྦྱིན་པ་ཡོངས་སུ་མ་དག་པ་ཡིན་ནོ། །གང་བཟོའི་ཕྱིར་སྦྱིན་པ་བྱིན་པ་དང ། གང་ཡང་ལུས་མི་བདེ་བས་འཇིགས་པའི་ཕྱིར་སྨན་པ་ལ་སྦྱིན་པ་དང ། གང་ཡང་སློང་བ་རྣམས་ལ་སྤྱོས་བརྒྱད་དེ་ཚིག་པ་ཟ་བར་བྱས་ནས་སྦྱིན་པ་བྱིན་ན་དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་ཡང་སྦྱིན་པ་བྱིན་པ་འདིའི་རྣམ་པར་སྨིན་པ་ཡོད་དམ་མེད་ཅེས་ཐེ་ཚོམ་ཟ་ན་དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་ཡང་སྦྱིན་པ་བྱིན་ནས་གདུང་བ་དང་འགྱོད་པས་གདུངས་ན་དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་ཡང་སྦྱིན་པ་བྱིན་ནས་གང་བདག་ལས་ཁྱེར་བ་ཐམས་ཅད་ཀྱིས་ཚེ་ཕྱི་མ་ལ་སླར་སྦྱིན་པར་འགྱུར་རོ། །སྙམ་དུ་འདི་ལྟ་བུའི་སེམས་བསྐྱེད་ན་དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་བསོད་ནམས་ཀྱི་རྣམ་པར་སྨྱིན་པ་འདི་ནི་བདག་ཉིད་ཀྱིས་སྤྱད་ཀྱི། སེམས་ཅན་གཞན་གང་ལ་ཡང་མ་གྱུར་ཅིག་སྙམ་དུ་དེ་ལྟར་སེམས་བསྐྱེད་ན་དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་ལང་ཚོ་ལ་བབ་པས་སྦྱིན་པ་བྱིན་པ་དང ། ཕྱིས་དར་ཕྱིད་པ་དང་རྒ་བའི་གནས་དང ། ན་པས་གཟིར་བ་དང ། འཆི་བའི་དུས་ཀྱི་ཚེ་དང ། གནད་དུ་ཕོག་པའི་སྡུག་བསྔལ་བ་དང ། སྣང་བ་དང ། འཆི་བའི་མྱ་ངན་དུ་གྱུར་པ་ན་སངས་རྒྱས་པ་ལ་དགའ་བ་དང་དད་པ་མེད་པར་རྩ་ལག་རྣམས་ཀྱིས་བྱེད་དུ་བཅུག་སྟེ་སྦྱིན་གནས་རྣམས་ལ་སྦྱིན་པ་བྱིན་ན་དེ་ཡང་ཡོངས་སུ
83.307a
མ་དག་པ་ཡིན་ནོ། །གང་ཡུལ་གཞན་ན་གནས་ན་ཡང་ཡུལ་དང་གནས་ཆེ་གེ་མོ་ཞེས་བྱ་བ་ན་བདག་སྦྱིན་བདག་ཏུ་གྲགས་པར་འགྱུར་རོ་སྙམ་སྟེ་གྲག་པའི་རྒྱུར་སྦྱིན་པ་བྱིན་ན་དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་ཡང་ཁ་ཟས་གཏོང་མི་ཕོད་པ་ལ་འཇིག་རྟེན་པ་མི་དགའ་བར་མཐོང་ནས་སྦྱིན་ཕོད་པའི་ཉེས་པ་ནི་འཇིག་རྟེན་གྱིས་བཟོད་དོ་སྙམ་སྟེ་སྦྱིན་པ་བྱིན་ན་དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་ཡང་བུད་མེད་སྙིང་དུ་སྡུག་སྟེ་ཆུང་མར་བླང་བར་བྱ་བའི་དོན་དུ་བུད་མེད་ཀྱི་གཞི་ལས་མཛའ་བཤེས་དང་གཉེན་མདབ་དང་འབྲེལ་བའི་ཕྱོགས་ལ་ནོར་བུ་དང ། གསེར་དང ། དངུལ་དང ། རྡོ་རྗེ་དང ། བཻ་དཱུརྱ་དང ། དར་དང ། བྱི་རུ་དང ། དུ་ཀུ་ལའི་རས་ལ་སོགས་པས་མགུ་བར་བྱེད་ན་དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་ཡང་འདི་ལྟར་བདག་ལ་ནོར་ནི་མང་དུ་ཡོད་ལ་བདག་ལ་བུ་མེད་དེ། བདག་གིས་གང་རིགས་པ་ལ་གཏང་བར་བྱའོ་སྙམ་སྟེ་སྦྱིན་པ་སྦྱིན་ན་དེ་ཡང་ཡོངས་སུ་མ་དག་པ་ཡིན་ནོ། །གང་ཡང་ཚེ་འདི་ལ་བྱིན་པས་འཇིག་རྟེན་ཕ་རོལ་ཏུ་རྙེད་པར་འགྱུར་རོ་སྙམ་པའི་སེམས་ཀྱིས་སྦྱིན་པ་བྱིན་ན་དེ་ཡང་ཡོངས་སུ་དག་པ་ཡིན་ནོ། །གང་མེ་ཏོག་དང ། འབྲས་བུ་དང ། ཟང་ཟིང་འདོད་པས་དབུལ་བ་དང ། བཀྲེན་པ་དང ། སྡུག་ཕོངས་པ་གོས་དེངས་ཤིང་དྲི་མ་ཅན་རྣམ་བཀོལ་ཏེ་བོར་ལ་ཕྱུག་པ་རྒྱ་ཆེན་པོ་ཐོབ་པ་དག་ལ་སྦྱིན་པ་བྱིན་ན་དེ་ཡང་སྦྱིན་པ་ཡོངས་སུ་མ་དག་པ་ཡིན་ཏེ། དྲང་སྲོང་ཆེན་པོ་རྣམ་པ་སུམ་བཅུ་རྩ་གཉིས་པོ་དེ་དག་ནི་སྦྱིན་པ་བྱིན་ཡང་ཡོངས་སུ་དག་པ་མ་ཡིན་པར་བལྟའོ། །དྲང་སྲོང་ཆེན་པོ་དེ་དག་གི་རྣམ་པར་སྦྱིན་པ་ནི་ཚཝ་སྒོ་ཅན་གྱི་ཞིང་ལ་ས་བོན་ངན་པ་བཏབ་པའི་མྱུ་གུ་སྐྱེ་བ་བཞིན་དུ་བལྟ་སྟེ། སྦྱིན་པ་དེའི་རྣམ་པར་སྨིན་པ་ནི་མེད་པ་མ་ཡིན་མོད་ཀྱི། འོན་ཀྱང་ཞིང་དང་ས་བོན་གྱི་ཉེས་པས་མེ་ཏོག་དང་འབྲས་བུར་མི་འགྱུར་རོ། །དྲང་སྲོང་ཆེན་པོ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་གང་འདོད་པའི་ས་བོན་ཁྱེར་ཏེ་མ་རྨོས་མ་བསལ་བའི་ཞིང་ལ་བཏབ་ན། དེའི་ས་བོན་ས་ལ་གནས་པ་དེ་ལ་ཆར་པ་བབ་ནས་བངས་ན་གདོན་མི་ཟ་བར་མྱུ་གུ་སྐྱེ་ནུས་པར་འགྱུར་ཏེ། འོན་ཀྱང་མེ་ཏོག་དང་འབྲས་བུར་ནི་མི་འགྱུར་རོ། །དྲང་སྲོང་ཆེན་པོ་དེ་བཞིན་དུ་སྦྱིན་པ་དེའི་རྣམ་པར་དབྱེ་བ་དེ་ཡང་བསམ་པ་དང་སྦྱོར་བ་ཀུན་ནས་ཉོན་མོངས་པ་ཅན་དུ
83.307b
གྱུར་པས་འབྲས་བུ་རྣམ་པར་སྨིན་པ་གྲུང་པོར་མི་འགྱུར་རོ། །དེ་ནས་དྲང་སྲོང་ཆེན་པོ་རྒྱས་པས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཐམས་ཅད་མཁྱེན་པ་དང་འཐུན་པའི་རྣམ་པར་སྨིན་པ་སྐྱེ་དགུ་རྣམས་ལ་ཕན་པ་དང་བདེ་བ་བགྱིད་པ་ནི་བསྟན་ལགས་སོ། །བཅོམ་ལྡན་འདས་ཇི་ལྟར་ཚུལ་ཁྲིམས་འཆལ་བ་དང ། ཚུལ་ཁྲིམས་དང་ལྡན་པ་ལ་སྩལ་ན་སྦྱིན་པའི་རྣམ་པར་སྨིན་པ་ཆབ་མི་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་ཁྱོད་སྦྱིན་པའི་རྣམ་པར་སྨིན་པ་ལ་འཇུག་པ་ཉོན་ཅིག་།དྲང་སྲོང་ཆེན་པོ་དད་པས་གང་ཅུང་ཟད་ཅི་བྱིན་པ་དེ་དག་ཐམས་ཅད་ནི་སྦྱིན་པ་ཞེས་བྱའོ། །དྲང་སྲོང་ཆེན་པོ་གང་ཡང་འཇིག་རྟེན་ཕ་རོལ་གྱིས་འཇིགས་པར་སྣོད་མི་རྟོག་པར་མ་བསླང་པར་ཡང་ཚུལ་ཁྲིམས་དང་ལྡན་པ་འམ། ངན་པའི་ཚུལ་ཁྲིམས་འཆལ་བ་ལ་དད་པ་བསྐྱེད་ནས་མིག་ཕྱེ་སྟེ་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཀྱིས་སྦྱིན་པ་བྱིན་ན། དྲང་སྲོང་ཆེན་པོ་དེ་ནི་སྦྱིན་བདག་ཡིན་ནོ། །དྲང་སྲོང་ཆེན་པོ་གཞན་ཡང་སྦྱིན་པ་ལྔ་ཡོངས་སུ་རྫོགས་པར་བྱའོ། །ལྔ་གང་ཞེ་ན། འདྲོན་པོ་དང ། ནད་པ་དང ། ནད་གཡོག་དང ། ཆོས་སྨྲ་བ་དང ། ཡུལ་གཞན་དུ་འགྲོ་བ་ལ་དུས་སུ་སྦྱིན་པ་སྟེ་ལྔ་པོ་དེ་དག་གོ་།གཞན་ཡང་ལྔ་སྟེ། ཆོས་སྦྱིན་པ་དང ། ཟང་ཟིང་སྦྱིན་པ་དང ། གནས་སྦྱིན་པ་དང ། མར་མེ་སྦྱིན་པ་དང ། སྤོས་དང་ཕྲེང་བ་སྦྱིན་པའོ། །དྲང་སྲོང་ཆེན་པོ་རྒྱས་པས་གསོལ་པ། བཅོམ་ལྡན་འདས་སྦྱིན་པ་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དད་པ་བསྐྱེད་དེ་སེམས་ཅན་ཐམས་ཅད་ལ་དམིགས་ཤིང་བྱམས་པ་དང་ལྡན་པའི་སེམས་ཀྱིས་གུས་པར་བྱས་ཏེ་དུལ་བས་སྦྱིན་པ་བྱིན་པ་དེ་ཐམས་ཅད་ནི་ཡོངས་སུ་དག་པ་ཡིན་ནོ། །ཐར་པར་བསྔོས་ཏེ་སྦྱིན་པ་བྱིན་པ་ནི་ཡོངས་སུ་དག་པ་ཞེས་བྱའོ། །གཞན་ཡང་སྦྱིན་པ་བླ་ན་མེད་པར་བལྟ་བ་ལྔ་སྟེ། ལྔ་གང་ཞེ་ན་དེ་བཞིན་གཤེགས་པ་ལ་སྦྱིན་པ་བྱིན་པ་ནི་བླ་ན་མེད་པ་ཡིན་ནོ། །དགེ་འདུན་ལ་སྦྱིན་པ་བྱིན་པ་ནི་བླ་ན་མེད་པ་ཡིན་ནོ། །ཆོས་སྨྲ་བ་ལ་སྦྱིན་པ་བྱིན་པ་ནི་བླ་ན་མེད་པ་ཡིན་ནོ། །ནད་པ་ལ་སྦྱིན་པ་བྱིན་པ་ནི་བླ་ན་མེད་པ་ཡིན་ནོ། །ཕ་མ་ལ་སྦྱིན་པ་བྱིན་པ་ནི་བླ་ན་མེད་པ་ཡིན་ནོ། །
83.308a
གཞན་ཡང་སྦྱིན་པ་ཆེན་པོར་འགྱུར་བ་ནི་རྒྱལ་པོ་རྒྱལ་སྲིད་ཀྱི་དབང་ཕྱུག་ལས་ཉམས་པ་ལ་སྦྱིན་པ་བྱིན་ན་སྦྱིན་པ་ཆེན་པོ་ཡིན་ནོ། །རྒྱལ་པོས་མནར་བ་དང ། མགོན་མེད་པ་དང ། ནད་པ་ལ་སྦྱིན་པ་བྱིན་ན་སྦྱིན་པ་ཆེན་པོ་ཡིན་ནོ། །རྒྱལ་པོས་སྤངས་ནས་གཞན་ན་ཡང་ཉམ་ང་ཞིང་སྲོག་ཆད་ལ་ཁད་པ་འཆི་ལ་ཐུག་པ་ལས་གསོས་ན་སྦྱིན་པ་ཆེན་པོ་ཡིན་ནོ། །ན་པ་ལ་སྨན་བྱིན་ན་སྦྱིན་པ་ཆེན་པོ་ཡིན་ནོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་འཕགས་པའི་དགེ་འདུན་ལ་དུས་སུ་སྦྱིན་པ་བྱིན་ན་འབྲས་བུ་ཆེན་པོ་ཡིན་ནོ། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང ། ཤེས་རབ་ཕུན་སུམ་ཚོགས་པ་དང ། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པ་ལ་སྦྱིན་པ་བྱིན་ན་སྦྱིན་པ་ཆེན་པོ་ཡིན་ནོ། །དུད་འགྲོའི་སྐྱེ་གནས་སུ་སོང་བ་བྱ་རོག་དང ། འུག་པ་དང ། རི་དགས་ལ་སོགས་པ་ལ་མི་འཇིགས་པ་བྱིན་ན་སྦྱིན་པ་ཆེན་པོ་ཡིན་ནོ། །གང་ལ་གང་དགོས་པ་དང ། མི་བདོག་པ་དེའི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་ནི་སྦྱིན་པ་ཆེན་པོ་ཡིན་ཏེ། དྲང་སྲོང་ཆེན་པོ་དེ་ལྟར་ན། སྦྱིན་པ་བྱིན་པ་ཡོངས་སུ་དག་པ་དང་སྦྱིན་པ་ཆེན་པོ་ཡིན་ནོ། །སྦྱིན་པ་ཡོངས་སུ་དག་པ་འདི་དག་འདོད་པས་དེ་ལྟར་སྦྱིན་པ་ཡོངས་སུ་དག་པ་བསྒོམ་པར་བྱའོ། །སེམས་ཅན་གང་དག་གཞན་དག་གིས་དེ་ལྟར་བསྐུལ་ནས་དད་པ་དང་དང་བ་བསྐྱེད་དེ་སྦྱིན་པ་ཡོངས་སུ་དག་པ་འདི་ལ་རྗེས་སུ་ཡི་རང་བར་འགྱུར་བ་དེ་དག་མཚུངས་པར་བསོད་ནམས་སྐྱེད་པ་པོ་དང་སྦྱིན་བདག་ཏུ་འགྱུར་ཏེ། དེ་ལྟར་ན་གང་རྗེས་སུ་ཡི་རང་བ་དང ། གང་སྐུལ་བ་དེ་དག་ཐམས་ཅད་བསོད་ནམས་སྐྱེད་པ་པོར་མཚུངས་པར་འགྱུར་རོ། །དྲང་སྲོང་ཆེན་པོ་གང་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་ན་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཇི་ལྟར་འགྱུར། ཇི་ལྟར་སྦྱིན་པའི་བསོད་ནམས་ཟད་པར་འགྱུར་ཞེས་ཁྱོད་ཀྱིས་སྨྲས་པ།
83.308b
དྲང་སྲོང་ཆེན་པོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །དྲང་སྲོང་ཆེན་པོ་གང་ལ་ལ་ཞིག་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དང ། ད་ལྟར་བཞུགས་པ་ལ་མཆོད་པ་བྱེད་པ་དེའི་རྣམ་པར་སྨིན་པ་ནི་མཚུངས་མཉམ་ཞིང་འདྲའོ་ཞེས་ང་འཆད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་ཡིན་གྱི། གཟུགས་ཀྱི་སྐུས་རབ་ཏུ་ཕྱེ་བ་མ་ཡིན་པའི་ཕྱིར་རོ། །གང་ལ་ལ་ཞིག་ང་འདུག་པ་འམ། ཡོངས་སུ་མྱ་ངན་ལས་འདས་པ་ལ་མཆོད་ན་སེམས་མཚུངས་པའི་ཕྱིར་འདི་གཉིས་ལ་བསོད་ནམས་ཀྱི་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །དྲང་སྲོང་ཆེན་པོ་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོས་རིས་སུ་གཏོགས་པ་རྣམས་ལ་བསྒོ་བ། ངའི་གང་གིས་ཀྱང་དེང་ཕྱིན་ཆད་སྲོག་གཅད་པ་དང ། མ་བྱིན་པ་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་དང ། བརྫུན་གྱི་ཚིག་འབྱིན་པ་དང ། ཕྲ་མ་དང ། ངག་རྩུབ་པོ་དང ། ཚིག་ཀྱལ་བ་འབྱིན་པ་མི་བྱའོ། །བརྣབ་སེམས་དང ། གནོད་སེམས་དང ། ལོག་པར་ལྟ་བའི་སེམས་བསྐྱེད་པར་མི་བྱའོ་ཞེས་བསྒོ་ལ། དེ་ལ་མི་ལ་ལས་རྒྱལ་པོས་བསྒོ་བ་དེ་ཐོས་ནས་བསྒོ་བ་རྣམས་རྗེས་སུ་སྲུང་ན་རྒྱལ་པོ་དེའི་ལུས་ལ་མཆོད་པ་བྱེད་པ་མ་ཡིན་མོད་ཀྱི་རྒྱལ་པོ་ངས་བསྒོ་བ་བཞིན་དུ་དེ་དག་གིས་བྱས་སོ་སྙམ་སྟེ་དགའ་བར་འགྱུར་རོ། །དེ་དག་རྒྱལ་པོ་དེས་བསྟན་ཅིང་བསྒོ་བ་རབ་ཏུ་སྲུང་ཞིང་སྲོག་གཅོད་པ་ལ་སོགས་པ་ཀུན་ཏུ་སྲུང་བ་དེའི་ལས་ཀྱི་རྣམ་པར་སྨིན་པས་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བ་ཡོངས་སུ་འཛིན་པར་འགྱུར་རོ། །གང་དག་རྒྱལ་པོ་དེས་བསྟན་ཅིང་བསྒོ་བ་མི་སྲུང་ཞིང་མི་དགེ་བའི་ལས་ལ་སྦྱོར་བ་དེ་དག་མི་དགེ་བའི་ལས་བྱེད་པས་ཚེ་འདི་ལ་རྒྱལ་པོ་དེ་ལས་སྡུག་བསྔལ་རྗེས་སུ་འཐོབ་པར་འགྱུར། དེ་འདི་ནས་ཤི་བའི་དུས་བྱས་ནས་ཀྱང །
83.309a
ལོག་པར་ལྟུང་བར་འགྲོ་བར་འགྱུར་རོ། །དྲང་སྲོང་ཆེན་པོ་དེ་བཞིན་དུ་གང་དག་གིས་ང་ལ་གཟུགས་ཀྱི་སྐུར་མཐོང་ལ་བསླབ་པ་རྣམས་རྗེས་སུ་མི་སྲུང་བ་དེ་དག་གིས་ཅི་འཐོབ་པར་འགྱུར་ཞེ་ན། དེ་དག་གིས་ལོག་པར་ལྟ་བ་བསྐྱེད་ནས་ལྷ་བྱིན་བཞིན་དུ་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ། །གང་དག་ང་ཡོངས་སུ་མྱ་ངན་ལས་འདས་པ་ན་བསླབ་པ་རྣམས་སྲུང་བ་དང ། མཆོད་པ་ཡང་བྱེད་པར་འགྱུར་བ་དེ་དག་ནི་ངས་མཆོག་དམ་པར་ཤེས་སོ། །དྲང་སྲོང་ཆེན་པོ་ད་ལྟར་ང་མཆོག་ཏུ་ཕྱིན་ཏེ་སེམས་ཅན་ཐམས་ཅད་ལས་ཁྱད་པར་དུ་འཕགས་ཤིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པས་མ་ངེས་པའི་སེམས་ཅན་རྣམས་ལ་མིང་བསྒྲགས་ཀྱང་བསླབ་པ་ཕུན་སུམ་ཚོགས་པར་བྱའོ། །དྲང་སྲོང་ཆེན་པོ་གང་ལ་ལ་ཞིག་ང་ཡོངས་སུ་མྱ་ངན་ལས་འདས་ཏེ་འདས་པའི་འོག་ཏུ་མཆོད་པ་བྱེད་པ་དེ་འདུག་པ་ལ་མཆོད་པ་བཞིན་དུ་འགྱུར་རོ། །དྲང་སྲོང་ཆེན་པོ་སེམས་ཅད་དེ་དག་བསོད་ནམས་ལྷག་པར་བྱ་བ་གང་བྱེད་པ་ཐམས་ཅད་ནི་བསོད་ནམས་ཆེན་པོའི་འཕེན་པ་བྱང་ཆུབ་ཏུ་འགྱུར་བ་བྱས་པ་ཡིན་ནོ། །དྲང་སྲོང་ཆེན་པོ་འདི་ལྟ་སྟེ་དཔེར་ན་ཆུ་ངོགས་ཀྱི་འདམ་བུ་སྟུག་པོའི་ནང་དུ་མེ་བཏང་ན་ཆར་བའི་རྒྱུན་འབབ་པའི་ཆུས་དེ་ཞི་བར་འགྱུར་རོ། །དྲང་སྲོང་ཆེན་པོ་དེ་བཞིན་དུ་སྦྱིན་བདག་སྦྱིན་པའི་བསོད་ནམས་ཀྱི་ཚོགས་ཆེན་པོ་སྡུད་པར་འགྱུར་རོ། །སྦྱིན་པའི་ཚོགས་དེ་ཡང་སྦྱིན་པ་པོ་དེ་ཉིད་ཀྱི་རྒྱུད་ལ་དད་པའི་ཆར་པ་བབ་ན་སྦྱིན་པ་པོ་ཉིད་ཀྱི་རྒྱུད་ལ་སོགས་པར་འགྱུར་མོད་ཀྱི། སྦྱིན་པ་བྱིན་པ་དེ་ཡང་ཕུང་པོར་གནས་པ་འམ། སྤུངས་པར་གནས་པ་འམ། ཕྱོགས་ན་གནས་པར་མི་འགྱུར་རོ། །གང་ཡང་འདི་ལྟར་སྦྱིན་པ་བྱིན་པ་དེ་ནི་སྦྱིན་པ་པོ་དེ་ལ་གྲིབ་མ་བཞིན་དུ་རྗེས་སུ་འབྲང་བར་འགྱུར་ཏེ། དེས་ན་སྦྱིན་པ་པོ་དེས་བསོད་ནམས་ཀྱི་རྣམ་པར་སྨིན་པ་དེ་མཐོང་ཡང་བསོད་ནམས་དེ་ཁོང་དུ་མི་ཆུད་དོ། །དྲང་སྲོང
83.309b
ཆེན་པོ་འདི་ལྟ་སྟེ་དཔེར་ན་རྒུན་འབྲུ་དང ། བུ་རམ་ཤིང་མ་བཙིར་བ་དེ་ལ་ཁུ་བ་མི་དམིགས་ཀྱི་བཙིར་ནས་དམིགས་ཏེ། རྒུན་འབྲུ་དང ། བུ་རམ་ཤིང་དེའི་ཁུ་བ་དེ་ཡང་ཕུང་པོར་གནས་པ་འམ། སྤུངས་པར་གནས་པ་འམ། ཕྱོགས་ན་གནས་པར་མི་སྣང་ངོ ། །ཁུ་བ་དེ་ནི་རྒུན་འབྲུ་རེ་རེ་དང ། བུ་རམ་ཤིང་གི་དུམ་བུ་རེ་རེའི་ནང་དུ་འདུས་པ་ཡང་མ་ཡིན་ནོ། །དྲང་སྲོང་ཆེན་པོ་དེ་བཞིན་དུ་སྦྱིན་པ་དེ་ཡང་སྦྱིན་པ་པོའི་ལག་པའི་རྩེ་མོ་དང ། སྙིང་དང་བྲལ་ན་རྣམ་པར་མི་གནས་ཏེ། སྦྱིན་པ་དེ་རྣམ་པར་སྨིན་པ་མི་འབྱིན་པ་ཡང་མ་ཡིན་ལ་སྦྱིན་བདག་འདོར་བ་ཡང་མ་ཡིན་ནོ། །ཇི་ལྟར་རྒུན་འབྲུ་དང ། བུ་རམ་ཤིང་བོར་ན་ཁུ་བ་དེ་དམིགས་པར་མི་འགྱུར་བ་དེ་བཞིན་དུ་སྦྱིན་བདག་མེད་ན་སྦྱིན་པའི་རྣམ་པར་སྨིན་པར་མི་འགྱུར་ཏེ། ཚེའི་འདུ་བྱེད་མ་བཏང་བར་ཡང་སྦྱིན་པའི་རྣམ་པར་སྨིན་པ་སྣང་བ་མ་ཡིན་ནོ། །དྲང་སྲོང་ཆེན་པོ་འདི་ལྟ་སྟེ་དཔེར་ན་ཤིང་ནྱ་གྲོ་དྷ་ས་བོན་ཁ་མ་འབུས་པར་ཤིང་དུ་སྣང་བར་མི་འགྱུར་རོ། །དེ་བཞིན་དུ་སྦྱིན་པ་འཕེལ་བ་ལས་འབྲས་བུ་གྲུང་པོར་འགྱུ་རོ། །དྲང་སྲོང་ཆེན་པོ་འདི་ལྟ་སྟེ་དཔེར་ན་ཚོང་པ་ལ་ལ་ཞིག་རྫས་ཀྱི་ཚོགས་ཉུང་ངུ་ཞིག་ཁྱེར་ཏེ་ཡུལ་གཞན་གྱི་གྲོང་ཁྱེར་དུ་སོང་ནས་ཚོང་འདུས་ཁྱད་པར་ཅན་དུ་རང་གི་རྫས་ནོར་ཆེན་པོར་རྒྱས་པར་བསྒྱུར་ཏེ། དེའི་ནོར་དེ་ཉུང་ངུ་ལས་མང་པོར་གྱུར་པ་དང ། སྦྲང་རྩིའི་སྦྲང་མས་མེ་ཏོག་མ་རུང་བར་བྱས་པ་ལྟར་སྦྱིན་བདག་གི་རྣམ་པར་སྨིན་པ་ཡང་ཆེར་སོགས་པར་འགྱུར་རོ། །དཔེར་ན་སྤྲིན་ནི་མ་འོངས་པའི་ཆར་པའི་ཆུ་རབ་ཏུ་འཛིན་ཏོ། །དེ་བཞིན་དུ་སྦྱིན་བདག་ཀྱང་རྣམ་པར་སྨིན་པ་འཕེན་པར་བྱེད་དེ། དྲང་སྲོང་པོ་དེ་ལྟར་སྦྱིན་བདག་བསོད་ནམས་འཕེན་པར་བྱེད་ཅིང་སྦྱིན་པ་སྦྱིན་ནོ། །དེའི་འབྲས་བུ་ལ་ཡང་སྤྱོད་དོ། །དེ་བས་ན་ལེན་པས་སྦྱིན་པ་ཤེས་པར་བྱེད་དོ། །དྲང་སྲོང་ཆེན་པོ་བསོད་ནམས་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་ཏུ་རྫོགས་པར་བྱེད་པ་འམ།
83.310a
མཐུ་རྩལ་ཐོབ་པས་སྲུང་བ་སྟེ། དེ་བས་ན་བསོད་ནམས་ཞེས་བྱའོ། །འཇིག་རྟེན་ཕ་རོལ་ནས་གཅིག་ནས་གཅིག་ཏུ་ལུས་དང་ལོངས་སྤྱོད་སྐྱེད་པར་བྱེད་པ་དེའི་ཕྱིར་འཇིག་རྟེན་ཕ་རོལ་གྱི་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་དྲང་སྲོང་ཆེན་པོ་རྒྱས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བདག་གི་སྦྱིན་པའི་རྣམ་པར་སྨིན་པ་ནི་བཀའ་སྩལ་ཏོ། །བཅོམ་ལྡན་འདས་རྣམ་པར་ཤེས་པ་ལུས་སུ་ཇི་ལྟར་འཇུག་།རྣམ་པར་ཤེས་པ་འདི་ཇི་ལྟར་ན་ལུས་ལ་ཆགས་པ་སྐྱེད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་འདི་ལྟ་སྟེ། དཔེར་ན། རྒྱལ་པོ་གྲོང་ཁྱེར་གྱི་དབུས་ན་འདུག་ན་ཕ་རོལ་གྱི་དམག་ཚོགས་ཀྱིས་འཇིགས་པས་ཐོག་མ་ཉིད་དུ་འོབས་རྐོ་ཞིང་རྫས་དང ། སྨན་དང ། འཕོང་གི་སློབ་དཔོན་དང ། སྐྱེས་བུ་དཔའ་བོ་སྡུད་པར་བྱེད་ཅིང་རྒྱལ་མཚན་བསྒྲེངས་ནས་གཞོན་ནུ་རྣམས་ལ་སྨྲའོ། །གླང་པོ་ཆེ་དང་བལ་གླང་མོ་ཆང་གིས་ར་རོ་བར་བྱེད་དོ། །རི་དང་ནགས་ན་གནས་པ་ཐམས་ཅད་དང ། ཞང་བློན་ལ་སོགས་པ་ཐམས་ཅད་སྡུད་དོ། །དམག་མི་རྣམས་ཀྱང་ནོར་གྱིས་བསྡུས་ནས་འདི་སྐད་དུ་ཐམས་ཅད་ཀྱང་འཐབ་འདོད་པར་གྱིས་ཏེ། སོ་སོའི་ལག་ཆ་ཐོགས་ལ་རལ་གྲི་ཕྱུང་སྟེ་ཉིན་མཚན་མ་ཉལ་བར་འདུག་ཤིག་ཅེས་བསྒོ་ནས་ཕ་རོལ་གྱི་དམག་རྟ་དང ། གླང་པོ་ཆེ་དང་མིར་འདྲེས་པ་འོངས་པ་དང ། འདི་ལྟར་རྒྱལ་པོ་དེས་བདག་གི་དམག་དབུགས་འབྱིན་ཅིང་ཕ་རོལ་གྱི་དཔུང་རང་གི་བསོད་ནམས་ཟད་པ་དང ། མཐུ་རྩལ་ཟད་པ་དང ། མཚོན་གྱིས་རྨས་པ་དང ། ཕམ་པར་མ་གྱུར་གྱི་བར་དུ་འཁོར་ལ་གླགས་མི་རྙེད་པར་སྲུང་བར་བྱེད་དོ། །དྲང་སྲོང་ཆེན་པོ་དེ་བཞིན་དུ་རྣམ་པར་ཤེས་པའི་རྒྱལ་པོ་ལུས་ཀྱི་གྲོང་ཁྱེར་དུ་སོང་ནས་སྐྱེ་མཆེད་ཀྱི་གྲོང་ཁྱེར་ལ་མི་རྟག་པའི་ངོ་བོར་གནས་པར་མཐོང་ནས་དེའི་ཚེ་དང་བའི་འོབས་རྐོ་བར་བྱེད། བརྩོན
83.310b
འགྲུས་ལ་གནས་ཏེ་འདུག་བཟོད་པའི་གོ་ཆ་གྱོན། བརྩམ་པ་ཆེན་པོ་རྩོམ། ཆོས་ཀྱི་གླང་པོ་ཆེ་རྒྱགས་པར་བྱེད། ཡེ་ཤེས་ཀྱི་རྟ་ལ་ཞོན་ཞིང་རྒྱུག་སྟེ། སྐྱེ་མཆེད་ཀྱི་གྲོང་ཁྱེར་ལ་འདི་སྐད་ཅེས་བག་ཡོད་པར་ཅི་བྱ་བ་དུས་སུ་གྱིས་ཤིག་།ཕ་རོལ་གྱི་དམག་ཚོགས་ཀྱི་དཔུང་ཐུབ་པར་དཀའ་བ་མི་རྟག་པའི་དམག་དཔག་ཏུ་མེད་པ་འོང་གིས། ད་མྱུར་དུ་སྦྱིན་པའི་གོ་ཆ་གྱོན་ཅིག་།ཡེ་ཤེས་ཀྱི་མཚོན་ཐོགས་ཤིག་།ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་རྒྱོགས་སྦྱོར་ཅིག་།ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། གཏོང་བའི་སྲུངས་མ་ཞོག་ཤིག་ཅེས་སྐུལ་ལོ། །དེ་དག་ཀྱང་ཕ་རོལ་གྱི་དམག་ཉེ་བར་གནས་པ་དེ་དང་ཕན་ཚུན་མི་མཐུན་པས་འབྲོས་སོ། །དེ་དག་དང་མི་མཐུན་པས་སྐྱེ་མཆེད་ཀྱི་གྲོང་ཁྱེར་དེ་ཞིག་ནས་རྣམ་པར་ཤེས་པའི་རྒྱལ་པོ་དེ་ལུས་ཀྱི་གྲོང་ཁྱེར་བོར་ཏེ་དེ་ཡུལ་ལ་ཕྱོགས་ནས་འབྲོས་སོ་རྣམ་པར་ཤེས་པ་བྲོས་ནས་ལུས་དང་དབང་པོའི་ཚོགས་ཁམས་ཀྱི་སྤྲུལ་གྱིས་གང་བས་སྐྱེ་མཆེད་དྲུག་ཞིག་ནས་བདག་པོ་མེད་པ་ཡིད་བརྟན་དུ་མི་རུང་བའི་ལུས་ཀྱི་གྲོང་ཁྱེར་འཇིག་པར་འགྱུར་རོ། །དྲང་སྲོང་ཆེན་པོ་དེ་བཞིན་དུ་རྣམ་པར་ཤེས་པའི་རྒྱལ་པོས་ལུས་ཀྱི་གྲོང་ཁྱེར་བོར་ནས་ལུས་གཞན་ཡོངས་སུ་འཛིན་པར་བྱེད་དེ། དེ་ལྟར་ན་རྣམ་པར་ཤེས་པ་འདི་རྒྱལ་པོ་ལྟར་བལྟའོ། །དེ་ནས་བཅོམ་ལྡན་འདས་ལ་དྲང་སྲོང་ཆེན་པོ་རྒྱས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྣམ་པར་ཤེས་པས་བསོད་ནམས་སུ་ཉེ་བར་མཆི་བ་འམ། བསོད་ནམས་མ་ལགས་པར་ཉེ་བར་མཆི་བ་འམ། མི་གཡོ་བར་ཉེ་བར་མཆིས་པའི་ལུས་ཇི་ལྟར་རབ་ཏུ་འཚལ། རྣམ་པར་ཤེས་པ་འདི་ཉིད་ཀྱིས་བདག་གི་ལུས་འདི་ཡོངས་སུ་བཏང་ངམ་མ་བཏང་སྙམ་དུ་ཇི་ལྟར་རབ་ཏུ་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་རྒྱ་མཚོ་ཆེན་པོ་རྒལ་བར་འདོད་པས་གཟིངས་ཆེན་པོའི་སྟེང་དུ་འདུག་ནས་ཆུའི་ནང་དུ་ཞུགས་པ་དང ། རྒྱ་མཚོ་ཆེན་པོའི
83.311a
ཆུ་རླབས་བརྒྱུད་མར་འབྱུང་བས་དཀྲུགས་པ། མཐོ་དམའ་ཅན། ཀུམ་བྷི་ར་མ་རུངས་པ་དང ། འཛིན་ཁྲི་དང ། ཆུ་སྲིན་བྱིས་པ་གསོད་དང ། སྦྲུལ་ཡོད་པའི་ཆུ་དེའི་ཚུ་རོལ་གྱི་འགྲམ་ནས་རླུང་གིས་ཕུལ་ནས་འབད་མི་དགོས་ཤིང་གནོད་པ་མེད་ལ་བདེ་བར་གནས་ཏེ་ཕ་རོལ་གྱི་འགྲམ་དུ་ཕྱིན་པར་གྱུར་རོ། །ཆུ་བོའི་རླུང་རབ་ཏུ་འཇིགས་པ་དེ་ལས་ཐར་པས་གཟིངས་དེ་ལ་དགའ་བ་བསྐྱེད་ནས་གཟིངས་འདིས་བདག་མཚོ་ཆེན་པོ་འདི་ལས་རྒལ་ཏོ་སྙམ་བསམས་ནས་གཟིངས་དེ་ལ་ལན་གསུམ་བསྐོར་བ་བྱས་ཏེ་གཟིངས་དེ་ལ་རབ་ཏུ་མཆོད་པ་བྱས་སོ། །དྲང་སྲོང་ཆེན་པོ་དེ་བཞིན་དུ་གང་བསོད་ནམས་བྱས་པའི་སེམས་ཅན་འདི་ནས་ཤི་འཕོས་པ་དེའི་རྣམ་པར་ཤེས་པ་དེ་འདི་སྙམ་དུ་སེམས་ཏེ། ལུས་འདིས་བདག་བདེ་འགྲོ་ལྷ་དང་མིར་སྐྱེ་བ་ཡོངས་སུ་བཟུང་བ་དང་ལྡན་པས་བདག་དོན་ཡོད་པར་མིའི་ལུས་ཐོབ་པར་གྱུར་ཏེ། ལུས་འདིས་བདག་ངན་སོང་དུ་འགྲོ་བའི་རྒྱ་མཚོ་ལས་རྒལ་ཏེ། འདིས་ལྷར་སྐྱེ་བའི་གནས་ཡོངས་སུ་བཟུང་ངོ་ཞེས་འདི་ལྟར་ལུས་དེ་ལ་དགའ་བ་བསྐྱེད་ནས་བདག་གིས་འདི་ལ་མཆོད་པ་ལེགས་པར་བྱའོ་སྙམ་མོ། །ཕྱིས་ལུས་དེ་གཟིངས་བཞིན་དུ་བོར་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོའོ། །གང་རང་གི་ལུས་ཀྱིས་བསོད་ནམས་མ་བྱས་པ་དེའི་རྣམ་པར་ཤེས་པ་དེ་ནི་ཇི་ལྟར་སྐྱེས་བུ་གཟིངས་རུལ་བས་མཚོ་ཆེན་པོའི་ནང་དུ་འབྱིང་ཞིང་ཞིག་སྟེ་མ་རུང་པར་གྱུར་ནས་སྐྱེས་བུ་དེ་ཡང་ཉམ་ཐག་སྟེ། གཟིངས་ཞིག་པ་དེས་འཇིགས་བཞིན་དུ་འགྲམ་དུ་ཕྱིན་ནས་ཀྱང་སེང་གེ་དང་སྟག་ཡོད་པའི་འཇིགས་སར་ཕྱིན་པར་གྱུར་ནས་དེ་འདི་སྐད་ཅེས་ཟེར་རོ། །གཟིངས་རུལ་བས་ཉོན་མོངས་ཀྱི་སྟེང་དུ་ལོག་པར་སོང་ནས་མཚོ་ཆེན་པོ་ཆུའི་རླབས་ཀྱིས་དཀྲུགས་པ་སྦྲུལ་གྱི་ས་གློངས་པར་ཞུགས་སོ་ཞེས་གཟིངས་དེ་ལ་དེ་སྐད་སྨྲའོ། །དེ་བཞིན་དུ་རྣམ་པར་ཤེས་པ་འདི་བསོད་ནམས་མ་ཡིན་པ་བྱས་པའི་ལུས་ལ་བརྟེན་ནས་ངན་སོང་གི་སར་སོང་ནས་ལུས་དེ
83.311b
ལ་འདི་སྐད་ཟེར་རོ། །སྡིག་པའི་ལུས་འདིས་ཅི་ཞིག་རྙེད་ན་སྡིག་པ་ཅན་གྱི་ལུས་མངོན་པར་གྲུབ་ནས་བདག་ཁུར་ལྟ་བུས་ནོན་པར་གྱུར། བདག་ལུས་རུལ་པ་འདིའི་རྒྱུས་ངན་སོང་དུ་མངོན་པར་ཕྱོགས་ཤིང་ཞུགས་ཏེ། མཆིལ་པས་ཉ་ཟིན་པ་བཞིན་ནོ་སྙམ་མོ། །དེ་ལྟར་རྣམ་པར་ཤེས་པ་དེ་ལེགས་པར་བྱས་པའི་བསོད་ནམས་ཀྱིས་གཟིངས་བཟང་པོ་བཞིན་དུ་འཁོར་བ་ལས་རྒལ་བར་བྱེད་དོ། །བསོད་ནམས་མ་ཡིན་པས་ནི་ལོག་པར་ལྟུང་བར་བྱེད་དོ། །དེ་ལྟར་ན་རྣམ་པར་ཤེས་པས་བསོད་ནམས་སུ་ཉེ་བར་འགྲོ་བ་དང ། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་ལུས་རྣམ་པ་འདི་གཉིས་རབ་ཏུ་ཤེས་སོ། །ཡང་རྣམ་པར་ཤེས་པས་ལུས་འདི་ཡོངས་སུ་བཏང་ནས་གཞན་ལུས་གཉིས་པར་འགྲོ་ཞིང་ཉེ་བར་འགྲོའོ། །དེ་མངལ་ན་གནས་པའི་ཚེ་ཞག་བདུན་གྱི་བར་དུ་རྣམ་པར་ཤེས་པས་བདག་འདི་ནས་ཤི་འཕོས་ནས་འདིར་འོངས་སོ། །ལས་འདི་བྱས་སོ། །བདག་གིས་ལས་འདི་བྱས་སོ་ཞེས་དེ་དྲན་ནས་དེ་ལེགས་པར་བྱས་པའི་ལས་ཀྱིས་དགའ་བཞིན་དུ་འགྲོའོ། །དེ་རུམ་ན་གནས་པ་ན་དེའི་མ་ལ་མཚན་མ་གསུམ་འབྱུང་ངོ ། །གསུམ་གང་ཞེ་ན། བཞིན་འཛུམ་ཞིང་དེའི་བཞིན་རྙི་རྙི་པོ་མ་ཡིན་པ་དང ། བཞིན་ལྷའི་ཁ་དོག་ལྟ་བུར་འགྱུར་ཞིང་རྐང་པ་གཡས་པ་ལ་རབ་ཏུ་གནོན་ལ་སྐུ་གཡས་པ་ལ་ལན་དུ་མར་ཉུག་པ་དང ། དེ་གོས་དཀར་པོ་དང་རབ་ཏུ་མཛེས་པ་སྟེ། བསོད་ནམས་སུ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་མའི་མངལ་ན་གནས་པའི་ཚེ་མའི་གཟུགས་དེ་ལྟ་བུར་བལྟའོ། །དྲང་སྲོང་ཆེན་པོ་གང་བསོད་ནམས་མ་ཡིན་པའི་རྣམ་པར་ཤེས་པས་སྐྱེས་པར་གྱུར་པ་དེ་ཞག་བདུན་གྱི་བར་དུ་བདག་དེ་ནས་ཤི་འཕོས་ནས་འདིར་སྐྱེས་སོ། །སྡིག་པའི་ལས་ནི་འདི་བྱས་སོ་ཞེས་དེ་ལྟ་བུ་དྲན་པར་འགྱུར་རོ། །དེ་དེ་ལྟ་བུ་དྲན་ནས་ཡིད་མི་བདེ་བ་སྐྱེའོ། །ཡིད་བདེ་བ་སྐྱེས་པ་དེའི་མ་ལ་ལྟས་མང་དུ་འབྱུང་བར་བལྟ་སྟེ། ལུས་དྲི་མི་ཞིམ་པར་འགྱུར་བ་དང ། ལུས་རིད་པར་འགྱུར་བ་དང ། ལུས་ལ
83.312a
སེམས་པས་ཁྱབ་པར་འགྱུར་བ་དང ། ཡང་དང་ཡང་དུ་བཞིན་ཁྲོ་གཉེར་སྡུད་པར་འགྱུར་བ་དང ། གང་ཚུན་ཆད་སེམས་ཅན་དེ་མངལ་དུ་སྐྱེས་པར་གྱུར་པ་དེ་ཚུན་ཆད་ཁྱིམ་དེར་ཉོན་མོངས་པ་དང ། གནོད་པ་དང ། ནད་མང་པོར་འགྱུར་རོ། །སེམས་ཅན་དེ་བཙས་པའི་ཚེ་ཡང་ན་ནི་མ་འཆི་བའི་དུས་བྱེད་པ་དང་ལྡན་པར་འགྱུར། ཡང་ན་ནི་བདག་ཉིད་མངལ་ན་གནས་པའི་ཚེ་མ་རུང་བར་འགྱུར་ཏེ། དྲང་སྲོང་ཆེན་པོ་དེ་ལྟ་བུ་ནི་བསོད་ནམས་མ་ཡིན་པས་ཉེ་བར་འགྲོ་བའི་སེམས་ཅན་དུ་ཅན་དུ་བལྟའོ། །དེ་ནས་བཅོམ་ལྡན་འདས་ལ་དྲང་སྲོང་ཆེན་པོ་རྒྱས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལ་རྣམ་པར་ཤེས་པ་དེ་ཐོག་མ་མངལ་དུ་སྐྱེས་པའི་ཚེ་ཅི་དྲན། ཅི་རྣམ་པར་ཤེས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་འདི་ལ་རྣམ་པར་ཤེས་པ་ཐོག་མ་སྐྱེས་པའི་ཚེ་འདི་ལྟ་བུ་དྲན་པར་འགྱུར་ཏེ། ཀུན་དགའ་ར་བ་དང ། བསྐྱེད་མོས་ཚལ་དང ། ནགས་ཚལ་དང ། རྫིང་དང་ལུ་མ་དང ། གསེར་གྱི་གཞལ་མེད་ཁང་མཐོང་ཞིང་འཛམ་བུའི་གླིང་འདིར་སྐྱེ་བོ་མཛའ་བ་འདུ་བས་གང་བ་དང ། མཆོག་ཏུ་ཡིད་དུ་འོང་བའི་བསོད་ནམས་བྱེད་པའི་སེམས་ཅན་གྱིས་གང་བར་མཐོང་ངོ ། །ལྷའི་ཤེས་པའི་སྣང་བས་ཚེ་རབས་བརྒྱ་སྟོང་དུ་མ་རྗེས་སུ་དྲན་ནོ། །རྗེས་སུ་དྲན་ཞིང་རྗེས་སུ་དྲན་ནས་ཀྱང་དགའ་བ་སྐྱེད་དེ། འདི་ནི་སྐྱེ་བ་ལྔ་བརྒྱར་བདག་གི་མར་གྱུར་ཏོ་ཞེས་དེ་ལྟར་རབ་ཏུ་ཤེས་ཏེ། དེ་ལྟར་རྗེས་སུ་དྲན་ནས་མ་དེ་ལ་ཆགས་པར་མི་བྱེད་ཅིང་འདོད་ཆགས་དང་བྲལ་བ་སྐྱེད་དེ། ཀྱེ་མའོ་འདི་ལྟར་ཡང་སྐྱེ་བ་དང་འབྱུང་བ་ནི་སྡུག་བསྔལ་ཏེ་འཁོར་བས་ནི་ཆོག་གོ་།ཡོངས་སུ་འཛིན་པ་འདིས་ཀྱང་ཆོག་གོ་སྙམ་མོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། དྲང་སྲོང་ཆེན་པོ་རྒྱས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་དེ་མི་ཆགས་ན་འཁོར་བ་ལས
83.312b
འབྱུང་བར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་ཐམས་ཅད་དེ་ལྟ་བུ་ནི་མ་ཡིན་ཏེ། རྣམ་པར་ཤེས་པ་དེ་ནི་གཟུགས་མེད་པ། བསྟན་ཏུ་མེད་པ། སྣང་བ་མེད་པའོ། །རྣམ་པར་ཤེས་པའི་ཁམས་ཆགས་པ་མེད་པར་མ་གྱུར་པར་འཁོར་བར་མི་སྐྱེ་བ་དེ་ལྟ་བུའི་གནས་མེད་དོ། །བསོད་ནམས་སུ་ཉེ་བར་འགྲོ་བ་དང ། མི་གཡོ་བར་ཉེ་བར་འགྲོ་བ་དང ། མྱ་ངན་ལས་འདའ་བར་ཉེ་བར་འགྲོ་བ་ཐམས་ཅད་ནི་དེ་ལྟར་འགྱུར་རོ། །དྲང་སྲོང་ཆེན་པོ་དེ་དག་ནི་འདི་ལྟར་བལྟ་སྟེ། རྣམ་པར་ཤེས་པ་གང་དེ་ལྟར་སེམས་པ་དེ་ནི་རྣམ་པར་ཤེས་པའི་ཤས་ཆེ་བར་ལྟ་སྟེ། ལུས་ཀྱི་ཤས་ཆེ་བས་ནི་མི་ནུས་སོ། །རྣམ་པར་ཤེས་པ་ནི་ཚོར་བར་བྱེད་པ། རྣམ་པར་ཤེས་པ་ནི་སེམས་པར་བྱེད་པ་སྟེ། དེའི་ཕྱིར་རྣམ་པར་ཤེས་པ་ཞེས་བྱའོ། །དྲང་སྲོང་ཆེན་པོ་ཁྱོད་ཀྱིས་རྣམ་པར་ཤེས་པ་དེ་དེ་ལྟར་ཁོང་དུ་ཆུད་པར་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །དགྲ་རྣམས་ཐམས་ཅད་ཤིན་ཏུ་བསྲུང ། །ཉོན་མོངས་སོགས་པར་བྱེད་པའོ། །ཤེས་དང་མི་ཤེས་ཤེས་པ་པོ། །ཤེས་རབ་དང་ནི་གཏི་མུག་ལྡན། །ལྟ་དང་ང་རྒྱལ་མ་རིག་པ་དང ། །རྣམ་པར་ཤེས་པ་ཀུན་ལ་ཡོད། །རྣམ་པར་ཤེས་པ་མེད་པར་ནི། །གང་ཡང་འབྱུང་བར་མི་འགྱུར་རོ། །རྣམ་པར་ཤེས་པ་མེད་པར་ནི། །དེ་དག་འདུ་བར་མི་འགྱུར་ཏེ། །གཅིག་ཆར་གྱུར་ན་འདུ་བར་འགྱུར། །གཅིག་མིན་འཁོར་ལོ་ཤིང་རྟ་བཞིན། །སྐྱེས་བུ་མཉམ་དུ་འདུ་བ་ནི། །ཉིད་དང་གཞན་དང་གཉིས་གས་མིན། །གཅིག་གིས་མ་ཡིན་གཞན་གྱིས་མིན། །གླང་གཉིས་ཇི་ལྟ་བཞིན་དུའོ། །ཤིང་རྟ་སྣ་སྒྱུར་གཉིས་དང་ནི། །འཁོར་ལོ་གཉིས་སུ་ལྡན་པ་དང ། །ཐག་པ་དག་གིས་བཅིངས་བྱས་པ། །ཤིང་རྟ་ཞེས་ནི་ཡོངས་སུ་གྲགས། །དེ་ལྟར་ལུས་ཀྱི་ཤིང་རྟ་ཡང ། །ཁམས་ཀྱི་འདུ་འཕྲོད་རྣམས་ལས་འབྱུང ། །དེ་ལས་དབང་པོ་ལྡན་གྱུར་ཏེ། །
83.313a
རྣམ་པར་ཤེས་པས་རབ་ཏུ་བསྟན། །གནད་དང་མཚམས་སུ་སྦྱོར་བ་དང ། །དེ་ལྟར་རྩ་དང་འཛིང་ཆུ་དང ། །སྐྲ་དང་རུས་པ་སོ་དང་མགོ་།སེན་མོ་ལྤགས་པས་མདོག་བྱས་དང ། །རྒྱུ་མ་གློ་བ་མཁལ་མ་དང ། །སྙིང་དང་མཚེར་བ་ཚིལ་བུ་དག་།ཐམས་ཅད་མཉམ་དུ་འདུས་པ་ལས། །ལུས་ནི་ཤིན་དུ་གནས་པ་ཡིན། །དེ་ལ་ཁམས་ནི་ལུས་ཆེན་ཏེ། །སེམས་ལས་དངོས་པོ་ཀུན་འབྱུང་བས། །དེ་ཕྱིར་རྣམ་པར་ཤེས་ཀྱིར་འདོད། །དེ་ནི་ཁ་ལོ་སྒྱུར་བར་འདོད། །དྲང་སྲོང་ཆེན་པོ་གཞན་ཡང་རྣམ་པར་ཤེས་པ་འདི་ནི་ཕྲ་བ། གཟུགས་མེད་པ། བསྟན་དུ་མེད་པ། མི་མངོན་པ་སྟེ། དེ་ནི་ཁ་དོག་དང ། དབྱིབས་དང ། གཟུགས་ཀྱི་དབང་པོ་མ་ཡིན་ནོ། །དབང་པོ་རགས་པ་བོར་བའི་ཕྱི་ན་རྣམ་པར་ཤེས་པར་བལྟ་བ་གཞན་མེད་དེ། མིའི་སྙིང་འཕར་བ་དང ། འཇིགས་པ་གང་ལས་བྱུང་བ་དང ། རྣམ་པར་རྟོག་པ་དང ། རྣམ་པར་དཔྱོད་པ་གང་ཡིན་པ་དེ་ཐམས་ཅད་ནི་རྣམ་པར་ཤེས་པའི་ཤས་ཆེ་བ་ཡིན་གྱི། ལུས་ཀྱི་ཤས་ཆེ་བ་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་དྲང་སྲོང་ཆེན་པོ་རྒྱས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་སྔོན་གྱི་རང་བཞིན་ཇི་ལྟར་བལྟ་བར་བགྱི། སེམས་ཅན་དམྱལ་བར་ཉེ་བར་མཆི་བ་དང ། ཡི་དགས་སུ་ཉེ་བར་མཆི་བ་དང ། དུད་འགྲོའི་སྐྱེ་གནས་སུ་ཉེ་བར་མཆི་བའི་རང་བཞིན་ཇི་ལྟར་བལྟ་བར་བགྱི། ཇི་ལྟར་ལྷར་ཉེ་བར་མཆི་བ་དང ། ཇི་ལྟར་མིར་ཉེ་བར་མཆི་བ་དང ། དགེ་བའི་རྩ་བ་རྣམས་དང ། མི་དགེ་བའི་རྩ་བ་རྣམས་གང་ལགས་པར་བལྟ་བར་བགྱི། དགེ་བའི་རྩ་བ་གང་དག་གིས་ལྷ་དང་མིར་སྐྱེ་བར་འགྱུར། མི་དགེ་བའི་རྩ་བ་གང་དག་གིས་སེམས་ཅན་དམྱལ་བ་དང ། དུད་འགྲོ་དང ། ཡི་དགས་སུ་སྐྱེ་བར་འགྱུར་བ་འདི་དག་བཅོམ་ལྡན་འདས་ཀྱིས་ལུང་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་ཁྱོད་སེམས
83.313b
ཅན་རྣམས་ཀྱི་རང་བཞིན་དང ། དགེ་བའི་རྩ་བ་རྣམས་དང ། འཆི་འཕོ་དང་སྐྱེ་བ་ཉོན་ཅིག་།ཡང་ཐམས་ཅད་མཁྱེན་པའི་ཡུལ་འདི་ནི་མངོན་པར་ཤེས་པ་ལྔའི་ཡུལ་མ་ཡིན་ནོ། །འདི་ནི་ལྷ་རྣམས་དང ། ཚངས་པ་ལ་སོགས་པ་འོག་མིན་ལ་ཐུག་པ་རྣམས་ཀྱི་མ་ཡིན་ཏེ། འདི་ནི་ཉན་ཐོས་རྣམས་ཀྱི་སྐབས་ཀྱང་མ་ཡིན་ན་སེམས་ཅན་གཞན་རྣམས་ཀྱི་ལྟ་ག་ལ་ཡིན། དྲང་སྲོང་ཆེན་པོ་གང་དྲི་མ་གསུམ་སྤངས་པ། ཆོས་ཉིད་དང་པོ་ཐོབ་པ། ངའི་བསྟན་པ་ལ་རྒྱུན་དུ་ཞུགས་པའི་རྣམ་པར་ཤེས་པའི་ཡུལ་ནི་འདི་ཡིན་ཏེ། དེ་ལྷ་དང་དྲང་སྲོང་ཐམས་ཅད་ཀྱི་ནི་མ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། དྲང་སྲོང་ཆེན་པོ་རྒྱས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་ང་རྒས་འཁོགས་གཏུགས་པས་འབྲས་བུ་རྣམས་ལ་བརྩལ་བའི་རྔོ་མི་ཐོག་གོ་།བདག་ད་ཁུར་ཆེན་པོ་བསྐུར་བའི་རྔོ་མི་ཐོག་གོ་།བདག་ད་བཅོམ་ལྡན་འདས་དང ། ཆོས་དང ། ཐ་བ་ཐམས་ཅད་སྤངས་པའི་འཕགས་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དང་སླན་ཆད་སློབ་མ་དང་བཅས། གཡོག་དང་བཅས་ཏེ་གསུམ་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་ལྷའི་འཇིག་རྟེན་ནས་ཤི་འཕོས་ནས་འགྲོ་བ་གང་དུ་འགྱུར་བ་ད་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང ། ལྷའི་འཇིག་རྟེན་དུ་སྐྱེ་བའི་རང་བཞིན་གང་ཡིན་པ་དང ། ལྟས་གང་ཡིན་པ་ངས་བཤད་དོ། །དྲང་སྲོང་ཆེན་པོ་འདི་ལ་མེ་ཏོག་དང ། སྤོས་དང ། ཕྲེང་བ་སྦྱིན་པ་དང ། བསྟེན་པ་དང ། བསྒོམས་པ་དང ། མང་དུ་བྱས་པ་དང ། དད་པ་དང་ལྡན་པའི་སྐྱེས་བུ་ནི་འཆི་བའི་དུས་བྱས་ན་ཕྲེང་ཐོགས་ཀྱི་ལྷའི་ནང་དུ་སྐྱེའོ། །དྲང་སྲོང་ཆེན་པོ་དེ་འཆི་བའི་དུས་ཀྱི་ཚེ་དེའི་ལུས་དྲི་རབ་ཏུ་ཞིམ་པའི་སྤོས་ཀྱིས་བསྒོས་པའི་མེ་ཏོག་བཞིན་དུ་སྣང་ངོ ། །དྲང་སྲོང་ཆེན་པོ་དེ་ལ་མེ་ཏོག་གི་ཆར་མང་པོ་རབ་ཏུ་བབ་ནས་འཆི
83.314a
བའི་དུས་བྱེད་པར་འགྱུར། དེའི་ལུས་ལ་མེ་ཏོག་ཁ་དོག་སྣ་ཚོགས་རབ་ཏུ་འཐོར་བར་འགྱུར་རོ། །དེའི་རྩ་ལག་སྙིང་དུ་སྡུག་པ་གང་ཡིན་པ་དེ་དག་ཀྱང་མེ་ཏོག་ཐོགས་ཤིང་མྱ་ངན་བྱེད་པར་འགྱུར། དེའི་བཞིན་གྱི་མདོག་སྣུམ་པར་འགྱུར། དེའི་མིག་ཧ་ཅང་བཙུམས་པ་ཡང་མ་ཡིན། ཧ་ཅང་ཕྱེ་བ་ཡང་མ་ཡིན་པར་འགྱུར། རྐང་ལག་ལེགས་པར་སྙད་ནས་འཆི་བའི་དུས་བྱེད་པར་འགྱུར་ཏེ། དེ་འཆི་བའི་དུས་ཀྱི་ཚེ་འདི་ལྟ་བུའི་རྟགས་འདི་དག་འབྱུང ། འདི་ལྟ་བུའི་ལྟས་ཀྱང་མཐོང་བར་འགྱུར་ཏེ། ཁང་པ་བརྩེགས་པ་མེ་ཏོག་སྣ་ཚོགས་རབ་ཏུ་སྦྱངས་པ། མེ་ཏོག་ཐ་དད་པས་མཛེས་པར་བྱས་པ། བུད་མེད་བརྒྱ་སྟོང་གིས་བསྐོར་བ་མཐོང་ནས་རྩ་ལག་རྣམས་ལ་འདི་སྐད་སྨྲ་སྟེ། བདག་གིས་རྨི་ལམ་ན་ཁང་པ་བརྩེགས་པ་ལྷའི་མེ་ཏོག་རྣམ་པ་སྣ་ཚོགས་དང ། མེ་ཏོག་གི་ལྡ་ལྡི་སྦྱངས་པ། ལྷའི་མེ་ཏོག་བཀྲམ་པ། བུད་མེད་བརྒྱ་སྟོང་གིས་བསྐོར་བ་དེ་ལྟ་བུ་མཐོང་ངོ་ཞེས་བདག་གིས་རྩ་ལག་དེ་དག་ལ་སྨྲས་ནས། དེ་དག་གིས་ཀྱང་ཕྲེང་ཐོགས་ཀྱི་ལྷའི་ནང་དུ་སྐྱེ་བར་རིག་གོ་།དེ་འཆི་བའི་དུས་བྱས་ནས་ཕྲེང་ཐོགས་ཀྱི་ལྷའི་ནང་དུ་སྐྱེ་བ་ན་ཕ་དང་མ་འདུས་པ་མཐོང་ནས་སྐྱེ་བ་ཡོངས་སུ་འཛིན་ཏོ། །ཕྲེང་བ་ཐོགས་པ་དེ་དག་ཀྱང་གཉིས་ཀྱི་དབང་པོ་གཉིས་སྤྲོད་པར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན་འཛམ་བུའི་གླིང་པའི་མི་བཞིན་ནོ། །དེ་ལ་དེ་དག་གི་རྣམ་པར་ཤེས་པ་ཕན་ཚུན་འདྲེས་ཤིང་དགའ་བ་ཙམ་གྱིས་ནོན་པས་འཇུག་པར་འགྱུར་གྱི་དེ་དག་ཁུ་བ་འབྱུང་བ་ནི་མ་ཡིན་ནོ། །དྲང་སྲོང་ཆེན་པོ་ལྷ་དེ་དག་ནི་ལྷ་མོས་མངལ་ན་ཞག་བདུན་དུ་འཛིན་ཏོ། །ཞག་བདུན་འདས་ནས་དཀུ་གཡས་པ་ནས་འབྱུང་ངོ ། །དྲང་སྲོང་ཆེན་པོ་དེ་དེའི་མངལ་ནས་བྱུང་ནས་ལྷའི་མེ་ཏོག་དྲི་རབ་ཏུ་ཞིམ་པ་མཆོག་ཏུ་ཡིད་དུ་འོང་བ་སྣ་ཚོགས་པ་བརྒྱུས་པའི་ཕྲེང་བ་བྲང་ལས་འབྱུང་བར་འགྱུར་རོ། །དྲང་སྲོང་ཆེན་པོ་དེའི་ཕྲེང་བ་དྲི་རབ་ཏུ་ཞིམ་པའི་དང་རླུང་གིས་བདས་ནས་ཕྱོགས་ཀུན་དུ
83.314b
དཔག་ཚད་ཙམ་དུ་འགྲོའོ། །ཕྲེང་བ་དེ་ལ་ཁ་དོག་བདུན་ཡོད་པ་འདི་ལྟ་སྟེ། དཀར་པོ་དང ། དམར་པོ་དང ། སེར་པོ་དང ། སྔོན་པོ་དང ། བཻ་དཱུརྱ་དང་རྨ་དང་པད་མ་རཱ་ག་ལས་ལྷག་པ་སྟེ། བལྟ་ན་སྡུག་པ་སྣ་ཚོགས་ཀྱི་ཕྲེང་བ་དེ་དག་དེ་མ་ཤི་བར་དུ་མ་རྙིས་པར་ཐོགས་པར་འགྱུར་ཏེ། དེའི་ཕྱིར་དེ་ཕྲེང་ཐོགས་ཞེས་བྱའོ། །དྲང་སྲོང་ཆེན་པོ་ཕྲེང་ཐོགས་ཀྱི་ལྷ་དེ་དག་གི་གནས་དེ་ན་ཤིང་ལྗོན་པ་ཧ་ཅང་ཡང་མི་རིང ། ཧ་ཅང་ཡང་མི་ཐུང་བ་འབྲས་བུ་སྣ་ཚོགས་ཧ་ཅང་ཡང་མི་སྐྱུར། ཧ་ཅང་ཡང་མི་མངར་ལ་བདུད་རྩི་དང་འདྲ་བའི་རོ་བྲོ་བ་མང་པོ་བཟང་པོ་ལྷའི་རོ་བྲོ་བ་ཡན་ལག་བརྒྱད་དང་ལྡན་པ་དག་ཡོད་དོ། །དྲང་སྲོང་ཆེན་པོ་ཤིང་དེ་དག་གི་འབྲས་བུ་དེ་དག་གི་ཚད་ནི་ཤིང་ཏོག་བིལ་བ་ཙམ་མོ། །དེ་དག་གི་ནང་ནས་ལྷ་རྣམས་གང་དང་གང་ཟ་བར་འདོད་པའི་ཟས་དེ་དང་དེ་དེ་དག་ལ་ཉེ་བར་གནས་ཏེ། ལྷ་དེ་དག་ནི་འབྲས་བུ་ཟ་བར་ལྟའི། ཁམ་གྱིས་ཟ་བའི་ཟས་ཅན་ནི་མ་ཡིན་ནོ། །དྲང་སྲོང་ཆེན་པོ་ལྷ་དེ་དག་གི་ས་ཕྱོགས་ནི་རབ་ཏུ་རྣོ་བའི་ཚེར་མའི་བག་མེད་པ། མེ་ཏོག་གིས་མཛེས་པར་བྱས་པ་ནིའུ་གསིང་གིས་ཁེབས་པ། གསེར་དང་དངུལ་གྱི་ཕྲེང་བ་སྣ་ཚོགས་ཀྱིས་མཛེས་པར་བྱས་པ། ཡིད་ཙམ་སེར་བ་ལྟ་བུར་སྣང་བའོ། །དྲང་སྲོང་ཆེན་པོ་གནས་དེ་ན་ཕྲེང་བ་ཐོགས་པའི་ལྷ་དེ་དག་ལྷའི་བུ་མོ་ལྷའི་བུ་མཆོག་ཏུ་འབར་བའི་གོས་དང་རྒྱན་ཅན། སྐར་ཁུང་དང ། ཁ་ཁྱེར་དང ། བུ་ཤུའི་ངོས་ལ་རྒྱུ་བ། བདེ་བ་དང་ཡིད་བདེ་བ་མཆོག་དང་ལྡན་པ་དག་དང་གནས་སོ། །དེ་ན་དེ་དག་གི་ཚེའི་ཚད་ནི་ལོ་ཉིས་སྟོང་ཐུབ་བོ། །དེ་ན་ཚེ་ཟད་པའི་ལྟས་འབྱུང་བ་ནི་ཤིང་གང་གི་དྲུང་ན་འདུག་འདུག་པའི་ཤིང་དེ། ལོ་མ་རྙིས། ཡལ་ག་འཕྱང ། མེ་ཏོག་དང་དྲི་ཡང་མེད་པར་འགྱུར་ཏེ། སེམས་ཅན་དེ་ཡང་ཤིང་དྲུང་དེ་ན་མི་དགའ་བ་རྙེད་པར་འགྱུར། དེའི་ཕྲེང་བ་སྔོན་མ་རྙིས་པ་དེ་ཡང་རྙིས་པར་འགྱུར། ལྷའི་འཇིག་རྟེན་གྱི་རླུང་བསིལ་ཞིང་བདེ་བར་ལྡང་བ་དེ་ཡང་དྲོ་བར་འགྱུར་བ་སྟེ། དེའི་གནས་དེ་དག་མཐོང་ནས
83.315a
ལྷའི་བུ་མོ་དེ་དག་ང་རོ་གཅིག་ཏུ་སྙིང་རྗེ་རྗེ་སྐད་སྨྲེ་སྔགས་འདོན་ཏེ། སེམས་ཅན་དེ་ཡང་མཐོ་རིས་ཀྱི་གྲོང་ཁྱེར་ལྷའི་ཤིང་དང ། མེ་ཏོག་དང ། འབྲས་བུས་མཛེས་པར་བྱས་པ་དང ། ལྷའི་བུ་མོའི་ཚོགས་དང་འདྲེ་བ་ཡོངས་སུ་བཏང་ནས་བསོད་ནམས་ཟད་པར་འགྱུར་བ་འདི་ནི་མཐོ་རིས་ཀྱི་ཉེས་པའོ། །དྲང་སྲོང་ཆེན་པོ་དེ་ནས་ལྷའི་བུ་མོ་དེ་དག་གིས་དེའི་མཐའ་སྐོར་ནས་ཉམ་ཐག་པ་ཆེན་པོའི་སྒྲར་དུ་སྟེ། ཀྱི་ཧུད་མི་རྟག་པ་འདི་ནི་སྙིང་རྗེ་མེད་པའོ། །འདི་ལྟར་སྙིང་ལ་དགའ་བ་སྐྱེས་ཤིང་འཁོད་འཁོད་པ་ལས་མི་འདོད་བཞིན་དུ་དབང་མེད་པར་མཐོ་རིས་ནས་ལྟུང་ངམ། ཨེ་མའོ་ལྷ་གཞོན་ནུ་ང་མྱུར་དུ་མིའི་འཇིག་རྟེན་དུ་མིར་སྐྱེ་བར་གྱུར་ཅིག་།ཅེས་མྱ་ངན་བྱེད་པ་ན་རིམས་དྲག་པོས་བཏབ་ནས་དེ་རིམས་དྲག་པོས་ནོན་ཏེ། དེའི་ལུས་གཅིག་ཏུ་འབར་བར་འགྱུར་རོ། །ལུས་འབར་བས་གནས་དེ་ནས་འཆི་འཕོ་བར་འགྱུར་ཏེ། དེའི་འབར་བ་དེ་ཁར་ཞི་བར་འགྱུར་རོ། །དེ་ནས་ཤི་འཕོས་ནས་ཕ་དང་མ་འདུས་པ་མཐོང་བས་སྐྱེ་བ་ཡོངས་སུ་འཛིན་ཏོ། །དྲང་སྲོང་ཆེན་པོ་ཕྲེང་ཐོགས་སུ་ཉེ་བར་འགྲོ་བའི་ལྷའི་བུ་དེ་འདི་ལྟར་སྐྱེ་བར་བལྟ་སྟེ། མའི་མངལ་ན་གནས་པའི་ཚེ་ལྟས་འབྱུང་བ་ནི་མངལ་ན་གནས་པ་ན་མེ་ཏོག་པ་དང ། སྤོས་དང ། ཕྲེང་བ་འདོད་པ་དང ། འབྲས་བུ་སྣ་ཚོགས་འདོད་པ་དང ། ནགས་ཚལ་སྣ་ཚོགས་སྟུག་པོ་ཉམས་དགའ་བ་འདོད་པར་འགྱུར། བདེ་བ་ཐམས་ཅད་དང་ལྡན་པར་འགྱུར། ལུས་ལ་ན་པ་མེད་པར་མངལ་ན་འཛིན་པར་འགྱུར། རྨི་ལམ་ན་བསོད་ནམས་སྣ་ཚོགས་ཀྱི་ཚོང་འདུས་མེ་ཏོག་གི་ཕྲེང་བ་སྦྱངས་པའི་གྲོང་ཁྱེར་མཐོང་སྟེ། འདི་དག་ནི་དེའི་མས་ལྟས་མཐོང་བའོ། །དྲང་སྲོང་ཆེན་པོ་གཞན་ཡང་ལྷ་གཞོན་ནུ་དེ་བཅས་ནས་ཕྲེང་བ་ཐོགས་པའི་ལྷ་ལས་ཤི་འཕོས་པས་ཤིན་དུ་དགའ་བ་ཆེན་པོ་སྐྱེའོ། །གོས་དཀར་པོ་ལ་དགའ་བར་འགྱུར། མཛེས་པ་དང་ལྡན་པར་འགྱུར། ཤེས་པ་དང
83.315b
ལྡན་པར་འགྱུར། འདོད་པ་ལ་རབ་ཏུ་ཆགས་ཤིང་འགྲོ་བ་དང ། རྒྱུ་བ་འཕྱར་བག་ཅན་དང ། དུས་སྟོན་དང ། ལྟད་མོ་དང ། ཕྲ་བའི་གོས་ལ་མངོན་པར་དགའ་བར་འགྱུར། ཀུན་དགའི་ར་བ་ལ་དགའ་བ་དང ། ཕ་རོལ་འབྱོར་པ་མཐོང་ན་འདོད་པ་སྟེ། དྲང་སྲོང་ཆེན་པོ་འདི་དག་ནི་ཕྲེང་ཐོགས་ཀྱི་ལྷ་ལས་མིར་སྐྱེ་བའི་ལྟས་སུ་བལྟ་བ་དག་གོ། །། བམ་མོ་གཉིས་པ་སྟེ་ཐ་མ་དྲང་སྲོང་ཆེན་པོ་གཞན་ཡང་རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེ་བའི་ལྟས་དང ། འཆི་འཕོའི་ལྟས་སུ་ལྟ་བ་ནི་དྲང་སྲོང་ཆེན་པོ་འདི་ལ་དམན་པ་འམ། མགོན་མེད་པ་ལ་ཟས་བཟང་པོ་དང ། ན་པའི་གསོས་སྨན་དང ། ཀུན་འཐུང་བའི་ཆུ་གྲང་མོ་དང ། ཆུ་མིག་དང ། འཚེའུ་དང ། ལྟེང་ཀ་དང ། ལུ་མ་དང ། རྫིང་བུ་དང ། ཁྲོན་ཆུ་བྱིན་ནས། དད་པ་དང ། ཡིད་རབ་ཏུ་དགའ་ཞིང་འཆི་བའི་དུས་ཀྱི་ཚེ་ཉོན་མོངས་པའི་འབར་བ་མེད་པའི་ལུས་སུ་འགྱུར། དེའི་ལུས་རིང་པར་མི་འགྱུར། མདོག་ངན་པར་མི་འགྱུར་རྡུལ་དང་དྲི་མ་ཆགས་པར་མི་འགྱུར། དེའི་ལུས་ལ་ཉམ་ང་བའི་ཚོར་བ་མི་འབྱུང ། སྐད་དམན་པ་དང ། རྩ་ལག་དང་བྲལ་ཞིང་གདུང་བ་དང་ལྡན་པར་མི་འགྱུར། དེ་བཀྲེས་པ་དང ། སྐོམ་པས་ཉེན་པར་མི་འགྱུར། དེའི་ལུས་བསྐུམ་པ་དང ། སྙང་བ་ལ་སོགས་པས་སྡུག་བསྔལ་བར་མི་འགྱུར། བཤང་གཅི་འབྱུང་བར་མི་འགྱུར། ཡུལ་ལས་ཡོངས་སུ་ཉམས་པས་སྒྱིད་ལུག་པར་མི་འགྱུར། དེའི་དབང་པོ་ཞུམ་པར་མི་འགྱུར་བ་སྟེ། དེ་ལྟ་བུ་དེ་ནི་མཐོ་རིས་ཀྱི་བདེ་བ་དང་ལྡན་ཞིང་འཆི་བའི་དུས་བྱེད་པར་འགྱུར་རོ། །དེའི་ལུས་ཡོངས་སུ་བཏང་ནས་རྣམ་པར་ཤེས་པ་དེ་རབ་ཏུ་དགའ་བར་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་ནང་དུ་བསྐྱེད་མོས་ཚལ་དང ། ནགས་ཚལ་སྟུག་པོའི་ནང་དུ་གནས་པར་འགྱུར་རོ། །དེ་འཆི་ཁར་ལྷའི་རིས་དེ་མཐོང་ནས་བཞིན་མེ་ཏོག་པད་མ་ལྟ་བུར་འགྱུར། དེའི་ཁ་ནས་དྲི་ཞིམ་པོ་འབྱུང་བར་འགྱུར་དེ་ལ
83.316a
མེ་ཏོག་སྣ་ཚོགས་དྲི་དང་ལྡན་པའི་རླུང་རྗེས་སུ་འཐུན་པ་ལྡང་བར་འགྱུར། དེ་ཤི་ནས་ཀྱང་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་ནང་ན་ཕ་མ་འདུས་ནས་བསྐྱེད་མོས་ཚལ་ན་རྩེ་ཞིང་འདོད་པ་མྱོང་པས་རྒྱགས་དྲེགས་ནས་ལག་པ་གཡས་པས་ལྷ་མོའི་ལྟེ་བ་ལ་རེག་པར་མཐོང་ནས། དེའི་རྐྱེན་གྱིས་རྣམ་པར་ཤེས་པ་ལྷ་མོ་དེའི་པང་པར་སྐྱེ་བ་ཡོངས་སུ་འཛིན་ཏོ། །དེ་ཞག་བདུན་འདས་ནས་དྲི་མ་མེད་པའི་རྣ་ཆ་འགུལ་བའི་མགོ་དང་ལྡན་པའི་གཞོན་ནུར་མངོན་པར་འགྲུབ་སྟེ། གོང་པ་དང ། གར་བྱེད་པ་དང ། གླུ་ལེན་པ་དང ། འདོད་པའི་ལོངས་སྤྱོད་སྐྱེད་ནུས་སོ། །དྲང་སྲོང་ཆེན་པོ་དེ་ལ་རྒྱལ་ཆེན་བཞིའི་ལྷའི་རིས་ཀྱི་ས་ཕྱོགས་ནི་དངུལ་དང་ལྡོང་རོས་རྣམ་པར་བཀྲ་བ་སྣ་ཚོགས་ཀྱིས་སྤྲས་ཤིང་མཛེས་པར་བྱས་པ། ལྷ་མོ་བརྒྱ་སྟོང་གིས་ལེགས་པར་བརྒྱན་པ། ལྷའི་གནས་མཐོ་བ། རང་བཞིན་གྱིས་མཛེས་པ། རེག་ན་བདེ་བའི་རླུང་ལྡང་བའོ། །དྲང་སྲོང་ཆེན་པོ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དེ་དག་གི་བསྐྱེད་མོས་ཚལ་ནི་དཔག་ཚད་བརྒྱད་ཁྲི་བཞི་སྟོང་གྲུ་བཞི་ལྟམ་པ། ནོར་བུའི་སྒྲོན་མས་སྣང་བར་བྱས་པ། ཤིང་གི་ཡལ་ག་དང་རྩེ་མོ་ལ་དཔག་བསམ་ཀྱི་ཤིང་གི་རས་བཅོས་བུ་དང ། རྒྱ་དར་ལའི་ལྡ་ལྡི་སྤྱངས་པ། ནགས་ཚལ་གྱི་བར་འཇམ་ཞིང་ཡིད་དུ་འོང་པ། ཁྱིམ་གྱི་བར་ན་རྟག་ཏུ་པི་བང་དང ། གླིང་བུ་དང ། རྫ་རྔ་དང ། ཁར་རྔའི་སྒྲ་འབྱུང་བའོ། །དྲང་སྲོང་ཆེན་པོ་ལྷའི་གནས་ན་གནས་པ་དེ་དག་ཟས་ཁམ་གྱི་ཟ་བ་ཅན་ཏེ། དྲི་རབ་ཏུ་ཞིམ་པའི་དྲི་དང ། ཁ་དོག་དང ། རོ་དང ། རེག་པ་དང ། ཡོན་ཏན་ཕུན་སུམ་ཚོགས་པར་རེག་པར་བྱའོ། །དེ་དག་རེ་རེ་ལ་ཡང་གསེར་གཞོང་གཉིས་གཉིས་ཡོད་དེ་དེ་ན་གང་ཟས་གང་འདོད་པ་དེ་ནི་དེའི་ཕུན་སུམ་ཚོགས་པར་གཞོང་པ་དེ་ལས་འགྲུབ་པར་འགྱུར་རོ། །ལྷའི་མེ་ཏོག་གི་ཁུ་བ་རོ་དང་ལྡན་པ་མངོན་པར་འགྲུབ་སྟེ། དེ་ནི་མེ་ཏོག་གི་ཆང་ཞེས་བྱའོ། །དྲང་སྲོང་ཆེན་པོ
83.316b
ཆང་དེ་ནི་དྲི་རབ་ཏུ་ཞིམ་པ། མཆོག་ཏུ་བདེ་བ་བསིལ་བ། དྲིས་ཀྱང་ར་རོ་བ་མངོན་པར་འགྲུབ་ན་འཐུངས་པས་ལྟ་ཅི་སྨོས་ཏེ། དེ་ན་ལྷ་གཞོན་ནུ་ར་རོ་བར་འགྱུར་རོ། །དྲང་སྲོང་ཆེན་པོ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དེ་དག་གི་གཞལ་མེད་ཁང་ནི་མཛེས་བྱེད་ཅེས་བྱ་སྟེ། རྟག་ཏུ་མེ་ཏོག་རྒྱས་པ་འཁྲི་ཤིང་གིས་མཛེས་པར་བྱས་པ། གསེར་དང ། དངུལ་དང ། རྡོ་རྗེ་འབར་བའི་ཀ་བ་བརྒྱ་སྟོང་གིས་ཕྱོགས་ཕྱོགས་ཤིན་དུ་བརྟན་པ། ལྷའི་མལ་ཆ་དང ། གདིང་བ་བཏིང་བས་ས་ཕྱོགས་ཤིན་དུ་རྣམ་པར་ཕྱེ་བ། ལྷ་མོ་བཟོར་བྱས་པ་སྣ་ཚོགས་ཀྱིས་བརྒྱན་པའི་ཁྱད་པར་དང་ལྡན་པ། སྟེག་ཅིང་འཇོ་བའི་རྗེས་སུ་ཆགས་པ། ལྷའི་གོས་འབར་ཞིང་རྣམ་པར་མཛེས་པས་སྤུང་སྤུང་པ། ཀ་ལ་པིང་ཀ་དང ། བུང་བའི་ཚོགས་ཀྱི་སྒྲ་ལྟ་བུ་དང་ལྡན་པ། གཟུགས་རབ་ཏུ་ཆེ་ཞིང་ཤིན་དུ་གཞོན་ཤ་ཆགས་པ། གླུ་དང ། གར་དང ། སིལ་སྙན་དང ། འཛུམ་ཞིང་རྩེ་བས་རྒྱགས་པའི་ཤས་ཆེ་ལ་རབ་ཏུ་སྒེག་པ་ཤ་སྟག་གིས་བསྐོར་ཅིང་གང་བ་སྟེ། གནས་དེའི་ཀ་བ་ནི་གསེར་ཆུ་དང ། དངུལ་ཆུས་རྣམ་པར་བྲིས་པ། དར་གྱི་རྒྱལ་མཚན་སྦྱངས་པ། རྒྱལ་མཚན་དང་བ་དན་བསྒྲེང་བའོ། །གཞལ་མེད་ཁང་དེ་དག་ན་འདི་ལྟ་སྟེ། ཡུལ་འཁོར་སྲུང་དང ། །འཕགས་སྐྱེས་པོ་དང ། མིག་མི་བཟང་དང ། ལུས་ངན་པོ་དང་རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་ལྷའི་འདོད་པ་དང ། བདེ་བ་དང ། རྩེ་བ་མྱོང་ཞིང་རབ་ཏུ་དགའ་སྟེ། དགའ་བ་དང་བདེ་བ་དང་ལྡན་ལ། གླུ་དང ། གར་དང ། སིལ་སྙན་དང ། ལྷའི་ཁ་ཟས་ཟ་བས་དབང་པོ་ཚིམ་ཞིང་བདེ་བ་ཐམས་ཅད་དང་ལྡན་པར་གནས་སོ། །དྲང་སྲོང་ཆེན་པོ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་རིས་དེ་ན་ལྷ་གཞོན་ནུ་དེ་དག་ལག་པ་རིང་ཞིང་ཤ་རྒྱས་པ། གླང་པོ་རྒྱགས་པའི་ཚུལ་དུ་འགྲོ་བ། སྐྱེས་བུ་སྟོང་གི་སྟོབས་དང་རྩལ་ཡོད་པ། ལྷའི་ལུས་ཤིན་དུ་འཇམ་པ་ཤ་སྟག་གོ་།དེ་དག་གི་དྲི་ཆང་གི་ཤས་ཆེ་བས་དཔག་ཚད་ཁོར
83.317a
ཡུག་ཆང་དྲིར་ཕྱོགས་པར་བྱེད་དོ། །ལྷ་དེ་དག་གི་ཚེའི་ཚད་ནི་ལོ་བཞི་སྟོང་ཐུབ་སྟེ། བར་མ་དོར་འཆི་བའི་དུས་མི་བྱེད་དེ། དེ་དག་ཐམས་ཅད་བདེ་བ་དང ། ཡིད་བདེ་བ་དང ། དགའ་བར་གནས་སོ། །ལྷའི་རིས་དེ་ན་སྐལ་པ་བཟང་པོ་ཅན་གསེར་དྲི་མ་མེད་པའི་འོད་ཀྱིས་བརྒྱན་པ་དག་ནགས་ཀྱི་ཕྲེང་བས་མཛེས་པར་བརྒྱན་པ། དགའ་བ་སྐྱེད་པ་ལ་སོགས་པའི་བསྐྱེད་མོས་ཚལ་བཟང་པོ་དྲི་ང་བ་མེད་པ་རྣམས་ནི་སྙིང་དགའ་བ་དང་ལྡན་པར་གནས་སོ། །དེ་དག་དེ་ན་གནས་པ་ན་མེ་ཏོག་སིལ་མ་བཀྲམ་ཞིང་ནོར་བུ་དང་གསེར་གྱིས་མཛེས་པར་བྱས་པ། ཤིན་དུ་རྣམ་པར་ཕྱེ་བ། གྲུ་བཞི་པ། ནོར་བུའི་ཐེམ་སྐས་ཀྱིས་བརྒྱན་པ། ལྷའི་བུ་མོ་བརྒྱ་སྟོང་གླུ་སྙན་པ་ལེན་པ། ནོར་བུའི་སྣོད་རྣམས་བདག་ཉིད་སྒྲ་འབྱིན་པའི་རྗེས་སུ་ཆགས་པ་ན་དེ་དག་གནས་གནས་པ་ལས་དེ་དག་བསོད་ནམས་ཟད་པས་ཚེ་ཟད་པར་འགྱུར་བའི་ལྟས་གཉིས་འབྱུང་སྟེ། དེ་ཐོག་མར་གྲིབ་མ་མི་སྣང་བར་འགྱུར་ཞིང་མེ་ཏོག་ལས་དྲི་མི་འབྱུང་བ་དང ། ལྷའི་བུ་མོ་དང་ཀུན་སྨྲ་བའི་སྒྲ་སྙན་པ་མི་ཐོས་པའོ། །ཡང་ལྷ་གཞོན་ནུ་དེ་ལྷ་ཡུལ་བའི་ལྷའི་གནས་རྣམས་སུ་འདུ་ཞིང་མི་འགྲོ་སྟེ། ལྷའི་གནས་ལྷའི་བུ་མོ་བརྒྱ་སྟོང་གིས་གང་བ། ཡལ་གའི་རྩེ་མོ་ལ་དོ་ཤལ་དང ། སེ་མོ་དོ་དང་མེ་ཏོག་གི་ཕྲེང་བ་སྤྱངས་པ། ནགས་ཚལ་གྱི་བར་གྱི་བྱ་ཁུ་བྱུག་རྒྱགས་པའི་སྒྲ་འབྱིན་པ་དེ་དག་ན་ལྷའི་བུ་མོའི་ཚོགས་ངུ་ཞིང་གོས་དྲི་མ་ཅན་གྱོན་ནས་སའི་སྟེང་ན་འགྲེ་ལྡོག་ཅིང་སྙིང་རྗེ་རྗེ་ལྟར་ལྟ་སྟེ། སའི་སྟེང་ན་འགྲེ་ལྡོག་པས་མེ་ཏོག་གི་བླ་རེས་བརྒྱན་པའི་ས་ཕྱོགས་དག་ན་ཡང་དགའ་བ་མི་རྙེད་དེ། དེ་དག་གི་ལུས་ལས་རྡུལ་འབྱུང་ཞིང་དེ་དག་མིག་མི་འཛུམས་པ་ལས་མིག་འཛུམ་པར་འགྱུར་ཏེ། ཉ་ཆུའི་གནས་ནས་བྱུང་ནས་ཉི་མའི་འོད་ཟེར་གྱིས་གདུངས་པ་བཞིན་དུ་ཕན་ཚུན་དུ་འགྲེ་ལྡོག་ཅིང་གཅིག་པུ་ས་ལ་གནས་པར་མཐོང་ནས་ལྷའི་བུ་མོ་དེ་དག་གིས་བསྐོར་ཏེ།
83.317b
སྙིང་རྗེ་རྗེ་ལྟར་ལྟ་ཞིང་སྐད་འཐུན་པར་ངུ་སྟེ། འདི་སྐད་ཅེས་ཀྱི་ཧུད་རེ་སྡུག་།ཀྱི་ཧུད་རེ་སྡུག་།ཀྱི་ཧུད་གཞོན་ནུའི་མཆོག་དེ་ཕྱོགས་གང་དུ་སོང ། ལུས་ཆེ་ལ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། འགྲམ་པ་ཆེ་ལ་མཛེས་པ་བྲང་ཤིན་དུ་རྒྱས་པ། བསྐྱེད་མོས་ཚལ་སྣ་ཚོགས་ཀྱི་བར་ན་རྒྱུ་བ་དེས་བདག་ཅག་བོར་ཞིང་ལྷ་ཡུལ་བའི་ལྷའི་གནས་ཡིད་དུ་འོང་བ་ཡང་བོར་ཏེ་དགར་འགྲོ་ཞེས་འཛེར་ཏོ། །དེ་ནས་ལྷའི་བུ་མོ་དེ་དག་གིས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རྣམ་པ་སྣ་ཚོགས་ལེགས་པར་བཀོད། །ལྷ་ཡི་ནགས་ཀྱིས་ཤིན་ཏུ་བརྒྱན། །ཟས་དང་དུས་སྟོན་གང་གྱུར་པ། །རྒྱལ་པོ་ཆེན་པོས་གནས་བྱས་པ། །ཀ་བ་བཞི་དང་རབ་ལྡན་པ། །བསོད་ནམས་ཀྱི་ནི་ཚོང་འདུས་མཆོག་།ལྷ་ཡི་བུད་མེད་གང་བས་དགའ། །མེ་ཏོག་འབྱོར་པ་ཡིད་འཕྲོག་པ། །བོར་ནས་མི་རྟག་པ་འདི་ཡིས། །སྡུག་པ་དག་ནི་ཟིན་ཏེ་སོང ། དེ་ལྟར་ལྷའི་བུ་བུ་མོ་དེ་དག་གིས་བསྐོར་ཏེ། མཆི་མ་ཟག་སྐད་འགགས་ཤིང་ཐག་རིང་པོ་ཉིད་ནས་ལག་པ་གཡས་པ་བརྐྱང་སྟེ་མེ་ཏོག་གཏོར་ནས་འདི་སྐད་ཅེས་ཀྱེ་མའོ་སྡུག་པ། ལེགས་པར་བྱེད་པའི་འཇིག་རྟེན་མིའི་འཇིག་རྟེན་དུ་སོང་སྟེ། དད་པའི་གཤོལ་གྱིས་བསོད་ནམས་ཀྱི་ཞིང་རྨེད་པར་གྱུར་ཅིག་ཅེས་འཛེར་ཏོ། །དེ་ལྟར་སེམས་པས་ཀུན་དུ་ཁྱབ་པའི་ལུས་ཡོངས་སུ་བཏང་བར་བདག་གིས་རིག་ནས་དེ་རིམས་དྲག་པོ་བཟད་པས་བཏབ་བོ། །རིམས་དྲག་པོ་དེས་ལུས་བཤིག་ནས་དེའི་ལུས་མར་གྱི་ཐིགས་པ་རྡོ་ཚན་ལ་ཐིམ་པ་བཞིན་ནོ། །དེའི་ལུས་ཡོངས་སུ་རྙིས་ནས་འདྲུད་པ་ཞེས་བྱ་བའི་རླུང་གིས་རབ་ཏུ་བདས་ཏེ། རླུང་དེས་དེའི་ལུས་སྟོང་དུ་གཏོར་ནས་ཕྱེ་མ་ཞིབ་མོ་བཞིན་དུ་ནམ་མཁའི་དཀྱིལ་ནས་ལྷུང་ངོ ། །དེ་ལྟར་ལྷུང་ནས་མིའི་སྲིད་པར་སྐྱེ་བ་ཡོངས་སུ་ལེན་ཏེ། ཕ་མ་འདུས་པ་མཐོང་ནས་རབ་ཏུ་དགའ་བའི་ཡིད་ཀྱིས་མའི་མངལ་དུ་སྐྱེའོ། །དེ་ཐོག་མར་སྐྱེས་ཤིང་མའི་མངལ
83.318a
ན་གནས་པ་ན་མཚན་མ་འབྱུང་བ་ནི་དེའི་མ་དེ་ཁ་ཟས་ལ་རབ་ཏུ་དགའ་བར་འགྱུར། གོས་དམར་པོ་འཚེར་བ་ལ་མངོན་པར་དགའ་བར་འགྱུར། སྐྱེ་བོ་སྣ་ཚོགས་ཕལ་པོ་ཆེ་ལ་ལྟ་འདོད་ཅིང་རྩ་ལག་དང་མཛའ་བ་ཙམ་དུ་འདུ་ཤེས་སྐྱེད་པར་འགྱུར། དེ་དེའི་མངལ་དུ་ཞུགས་ནས་མངལ་ན་ཚོར་བ་སྐྱེ་བར་མི་འགྱུར། ཁ་ཆུ་ཟག་པ་དང ། ཆུ་སེར་འབྱུང་བར་མི་འགྱུར། དེའི་ལུས་ན་པར་མི་འགྱུར། དེ་དེའི་མངལ་ན་ལག་པ་དང ། རྐང་པ་དང ། མགོ་ཤིན་དུ་ཡོངས་སུ་རྫོགས་པར་གྲུབ་ནས། དེ་བཙས་པ་དང་གཟི་བརྗིད་དང་ལྡན་ཞིང་མཐོང་ན་དགའ་བ་རབ་ཏུ་འཕེལ་བར་འགྱུར། རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་གཏམ་ཐོས་ན་དགའ་བ་སྐྱེ་བར་འགྱུར། སྦྱིན་པ་ལ་དགའ་བ་དང ། ཆང་ལ་སྲེད་པ་དང ། ཤིན་དུ་དྲི་ཞིམ་པའི་ཆ་བྱདའཛིན་ཅིང་བསྐྱེད་མོས་ཚལ་ལ་དགའ་བར་འགྱུར། བུད་མེད་ལ་དབང་པོ་མངོན་པར་རབ་ཏུ་ཆགས་པར་འགྱུར། ཡང་དང་ཡང་ཟས་འདོད་པར་འགྱུར། གླུ་དང ། གར་དང ། སིལ་སྙན་གྱི་རྗེས་སུ་འཇུག་པར་འགྱུར། མདོག་སྣུམ་ཞིང་སྔོ་སངས་པོར་འགྱུར། མིག་ལྷའི་བཻ་དཱུརྱ་སྔོན་པོ་ལྟར་འགྱུར་རོ། །དྲང་སྲོང་ཆེན་པོ་འདི་དག་ནི་ལུས་དང་སེམས་ཀྱི་རྒྱུད་ཀྱི་བག་ཆགས་ཀྱིས་བསྒོས་པས་རྒྱལ་ཆེན་བཞིའི་རིས་ནས་ཤི་འཕོ་བའི་ལྟས་སུ་བལྟའོ། །དྲང་སྲོང་ཆེན་པོ་གང་ལ་ལ་སྲོག་གཅོད་པ་སྤངས་ནས་དད་ཅིང་དང་བས་སྦྱིན་པ་སྦྱིན་ཞིང ། མ་བྱིན་པར་ལེན་པ་དང ། བཟའ་བ་དང ། བཅའ་བ་དང ། བལྡག་པ་དང ། གཞིབ་པ་དང ། ཡོ་བྱད་ཀྱི་ཁྱད་པར་སྤངས་ནས་ནོར་བུ་དང ། གསེར་དང ། དངུལ་དང ། རྡོ་རྗེ་དང ། བཻ་དཱུརྱ་ལ་སོགས་པ་རྫས་ཐམས་ཅད་རབ་ཏུ་སྦྱིན་པ་ལ་བསྟེན་པ་དང ། བསྒོམས་པ་དང ། མང་དུ་བྱས་ནས་དད་པ་དང ། རབ་ཏུ་དགའ་བའི་ཡིད་ཀྱིས་མེ་ཏོག་གི་ལྡ་ལྡི་འབུལ་བ་དང ། མཆོད་རྟེན
83.318b
ལ་མངོན་པར་ཕྱག་འཚལ་བ་ལ་སོགས་པའི་རྣམ་པར་སྨིན་པས་ཚེ་ཡོངས་སུ་ཟད་པའི་དུས་ན་ལུས་ལ་ཉོན་མོངས་པ་ཆུང་བར་འགྱུར། སྣུམ་པའི་དྲི་མ་དང ། དྲི་ང་བ་རྣམ་པར་སྤངས་ནས་རང་གི་དགེ་བའི་རྩ་བ་རྗེས་སུ་དྲན་ཞིང་འཆི་བའི་དུས་ཀྱི་ཚེ་རབ་ཏུ་དང་བའི་ལྟས་མཐོང་བར་འགྱུར་རོ། །འདི་ནི་དེའི་ལྟས་ཡིན་ཏེ། བཞིན་གསེར་གྱི་ཁ་དོག་ལྟ་བུར་འགྱུར། དེའི་སྣ་ཡོན་པོར་མི་འགྱུར། དེའི་སྙིང་འཕར་བར་མི་འགྱུར། མིད་པ་ནས་སྒྲ་ངར་ངར་པོ་འབྱུང་བར་མི་འགྱུར། དེའི་ལུས་ལ་དབུགས་རྒོད་པར་འགྱུར། དེའི་ལུས་གདུང་བར་མི་འགྱུར། དབང་པོ་འགྱུར་བ་མ་ཡིན། ཡན་ལག་དང་ཉིང་ལག་ཀུན་དུ་ཆད་པར་མི་འགྱུར། གཤིས་ཀྱི་མཚམས་འཇིག་པར་མི་འགྱུར། མལ་གྱི་སྟེང་ན་འགྲེང་ཞིང་ལྡོག་པར་དམན་པའི་ཚིག་ལྟ་བུ་སྨྲ་བར་མི་འགྱུར། རིམས་ནད་ཀྱིས་འཆི་བའི་དུས་བྱེད་པར་མི་འགྱུར། ཕ་རོལ་པོས་དུག་བྱིན་པས་གནོད་པར་མི་འགྱུར། མེ་ཏོག་དང་འབྲས་བུ་ལ་བརྐམ་པའི་ཕྱིར་ཤིང་ལ་འཛེགས་ནས་ལྷུང་བས་འཆི་བའི་དུས་བྱེད་པར་མི་འགྱུར། ཡིད་དུ་མི་འོང་བའི་ཁ་ཟས་ཟོས་ཏེ་ཁ་ཟས་མ་ཞུ་བས་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །གལ་ཏེ་མིའི་ཕུང་པོ་ཡོངས་སུ་བཏང་ནས་ཀྱང་ལྷའི་ནང་གི་རྣམ་པར་ཤེས་པས་སུམ་བཅུ་རྩ་གསུམ་རིས་ཀྱི་ལྷ་རྣམས་མཐོང་སྟེ། ཁང་པ་བརྩེགས་པ་ནོར་བུ་དང ། གསེར་དང ། བཻ་དཱུརྱ་དང ། དངུལ་སྟོང་གིས་རྣམ་པར་བརྒྱན་ཅིང་ཤིན་དུ་རྣམ་པར་ཕྱེ་བས་སྤྲས་པ། གསེར་གྱི་ཉ་དང ། ཆུ་སྲིན་གྱི་རྒྱལ་མཚན་དང ། རྟ་བབས་དང ། བ་དན་གྱིས་མཛེས་པར་བྱས་པ། རོལ་མོའི་དབྱངས་སྒྲ་དང ། སིལ་སྙན་སྣ་ཚོགས་ཀྱི་སྒྲ་སྙན་པ་འབྱུང་བ་དང ། གནས་སྣ་ཚོགས་ཀྱིས་བསྐོར་བ། ཤིང་འདབ་ཆགས་པས་བརྒྱན་པའི་ནགས་ཚལ་གྱི་ནང་ན་འདུག་པ། ཙན་དན་སྦྲུལ་གྱི་སྙིང་པོའི་ཆུས་ཆག་ཆག་བཏབ་པས་འདམ
83.319a
དུ་གྱུར་པ། ལྷའི་རོལ་མོའི་སྒྲ་དང་སྒྲོན་མའི་ཕྲེང་བས་བརྒྱན་ཅིང་མཛེས་པར་བྱས་པ། བུད་མེད་འབར་བ་སྣ་ཚོགས་རྣམ་པར་རྩེ་བས་མཛེས་པར་བྱས་པ། དཔུང་རྒྱན་དང ། གདུ་བུ་དང ། སོར་གདུབ་དང ། སེ་མོ་དོ་དང ། དོ་ཤལ་སྣ་ཚོགས་ཀྱིས་བརྒྱན་ཅིང་མཛེས་པར་བྱས་པའི་སུམ་བཅུ་རྩ་གསུམ་རིས་ཀྱི་ལྷ་རྣམས་མཐོང་ངོ ། །དྲང་སྲོང་ཆེན་པོ་སུམ་བཅུ་རྩ་གསུམ་གྱི་ལྷའི་རིས་དེ་ན་ལྷའི་བུ་དེ་དག་མཆོག་གི་བསྐྱེད་མོས་ཚལ་དུ་སོང་སྟེ་རྩེ་དགའ་ལ་དགའ་མགུར་སྤྱོད་ཅིང་འདོད་པས་རྒྱགས་མྱོས་ནས་དེ་དག་བསྐྱེད་མོས་ཚལ་དང ། ནགས་ཚལ་གྱི་བར་དུ་འགྲོ་ཞིང་དགའ་བ་བསྐྱེད་དོ། །སེམས་ཅན་དེའི་རྣམ་པར་ཤེས་པ་དེ་བསོད་ནམས་སུ་ཉེ་བར་འགྲོ་བ་ཡིན་པས་སེམས་ཅན་དེས་ལྷ་དང་ལྷ་མོ་ཁྲི་གཅིག་གི་སྟེང་ན་འདུག་པ་མཐོང་ནས་རབ་ཏུ་དགའ་བའི་ཡིད་ཀྱིས་མྱུར་བ་མྱུར་བར་ནོར་བུ་སྐུད་པ་ལ་བརྒྱུས་པ་འཆུགས་པ་བཞིན་དུ་སོང་སྟེ་སྐྱེའོ། །སེམས་ཅན་དེ་འཇུག་པའི་ཚེ་ལྷ་མོ་དེའི་ལག་མཐིལ་གཉིས་ནས་མེ་ཏོག་འབྱུང་ངོ ། །སེམས་ཅན་དེས་མེ་ཏོག་དེ་མཐོང་ནས་འཇུག་སྟེ་ལྷ་མོ་དེ་ལྷ་ལ་དགའ་བ་དང་བདེ་བའི་ཡིད་ཀྱིས་ལྟ་ཞིང་ལག་པ་གཉིས་ཀྱིས་མེ་ཏོག་དེ་ཉེས་ནས་དེའི་ལག་པ་ཕྲད་པའི་རྐྱེན་གྱིས་ལྷའི་ནང་དུ་སྐྱེ་བར་འགྱུར་རོ། །དེ་སྐྱེས་པའི་ཚེ་ལྷ་མོ་དེ་ལྷ་ལ་ལྟ་ཞིང་གཞོན་ནུ་སྐྱེས་ཀྱིས་ཁྱོད་དགའ་བ་སྐྱེད་ཅིག་ཅེས་ཟེར་ཏེ་ཕ་མ་དེ་གཉིས་ཡིད་དགའོ། །གཞོན་ནུ་དེ་ཞག་བདུན་འདས་ནས་རྣ་ཆ་སྣ་ཚོགས་འགུལ་བ་འཕྱང་བ་མངོན་པར་འགྲུབ་བོ། །དེ་ཞག་བདུན་འདས་ནས་འདི་ལྟ་བུ་དྲན་པར་འགྱུར་ཏེ། བདག་ཆེ་གེ་མོ་ཞིག་ནས་འདིར་འོངས་ཏེ་འདི་གཉིས་ནི་བདག་གི་ཕ་མ་ཡིན་ནོ། །བདག་གིས་དགེ་བའི་ལས་ནི་འདི་བྱས་སོ་སྙམ་དུ་དེ་ལྟར་སེམས་ཤིང་ཉེ་བར་རྟོག་པ་ན་དགའ་བ་ཆེན་པོ་སྐྱེའོ། །དེ་དགའ་བས་མྱོས་ནས་རྒྱགས་པས་འདོད་པ་ལ་སྲེད་པར་འགྱུར། རྒྱང་རིང་པོ་ཉིད་ནས
83.319b
ལྷའི་གནས་ཡངས་པ་ཉེ་བར་གནས་པ་དེ་དེས་མཐོང་ནས་དེ་ལ་མངོན་པར་དགའ་བའི་སེམས་སྐྱེ་བར་འགྱུར་རོ། །དེ་ལྷའི་འགྲོས་ཀྱི་ཚུལ་གྱིས་གླང་པོ་རྒྱགས་པའི་འགྲོས་ལྟར་འགྲོ་བ། བྲང་ཆེ་བ། ལག་པ་རིང་ཞིང་རབ་ཏུ་འཕྱང་བ། ་རོ་སྟོད་སེང་གེ་འདྲ་བ། ལྟེ་བ་ཟབ་པ། རྐེད་པ་གཞུའི་ཆང་ཟུངས་ལྟར་ཕྲ་བ། སྒལ་ཚིགས་རིམ་བཞིན་འདུག་པ། བརླ་ཆུ་ཤིང་གི་སྡོང་པོ་ལྟར་མཁྲིགས་པ། ལྷའི་སྨྲ་བ། ཨག་ཙོམ་དང་སྤུ་ཐུང་བ། དྲི་ང་བ་མེད་པ། ལྷའི་དྲི་ཡོངས་སུ་བཟུང་བ། ལུས་ལྷབ་ལྷུབ་ཀྱིས་སྤུད་པ། ལྷའི་གོས་འབར་བ་བགོས་པ། ཡིད་གཅིག་ཏུ་བརྟགས་ཀྱང་ལུས་མཛེས་པ་སྟེ། དེ་ལྷའི་གནས་དེ་ན་ལྷའི་བུ་མོ་ཁ་ཅིག་གིས་ནི་ཀུན་ནས་བསྐོར་ཅིང་གནས། ཁ་ཅིག་ནི་རྩེ་དགའ་ལ་དགའ་མགུར་སྤྱོད་ཅིང་འདི་སྐད་ཅེས་འཛེར་ཏེ། ཇོ་ཅོ་ལྷའི་གནས་འདིར་སྙན་མི་མངའ་ཞིང་ལེགས་པར་བྱོན་ཏམ། ཁྱོད་བདག་ཅག་གི་མགོན་དུ་གྱུར་ཅིག་།བདག་ཅག་ལང་ཚོ་ལ་བབ་པ། གཟུགས་ཕུན་སུམ་ཚོགས་པ། ནུ་མ་གསེར་གྱི་བུམ་པ་ལྟར་འབུར་བ། མཆུ་པད་མ་འདྲ་བ་གཟུགས་སྤྲིན་གྱི་ནང་ནས་གློག་འབྱུང་བ་འདྲ་བ་དག་དང ། གཞལ་མེད་ཁང་ཆེན་པོ་དང ། ཤིང་ཡོངས་འདུ་ས་བརྟོལ་མྱུ་གུ་དང་ཡལ་ག་ཆགས་པས་མཛེས་པར་བྱས་པ། བུད་མེད་དྲུག་ཁྲི་ལང་ལོང་དུ་གྱུར་པ་འདི་དག་ལ་ཇོ་ཅོ་དགྱེས་པར་མཛོད་ཅིག་ཅེས་འཛེར་ཏོ། །ལྷའི་གནས་པི་བང་དང ། གླིང་བུ་དང ། རྫ་རྔ་དང ། ཅང་ཏེའུ་དང ། གླུ་དབྱངས་འབྱུང་བ་དེ་དག་ན་ལྷའི་གདིང་བས་མཛེས་པར་བྱས་པའི་སེང་གེའི་ཁྲི་མཐོང་ངོ ། །དེས་དེ་མཐོང་ནས་རྒྱལ་བུ་དར་མང་པོས་བཅིངས་ཏེ་སྤྱི་བོ་ནས་དབང་བསྐུར་བ་བཞིན་དུ་དེ་སེང་གེའི་ཁྲི་ལ་འཛེགས་ནས་འདུག་གོ་།དེ་དེ་ན་གནས་པ་ན་རྟག་ཏུ་ཡིད་དུ་འོང་བའི་སྒྲ་འབྱུང་ངོ ། །ལྷའི་རོལ་མོའི་སྒྲ་འབྱུང་ངོ ། །ཕྱོགས་ཀུན་ནས་ཀྱང་འདི་ལྟ་བུའི་སྒྲ་གྲག་སྟེ། འདི་ནི་བསོད་ནམས་སུ་ཉེ་བར་འགྲོ་བའི་སེམས་ཅན་ཏེ། འཛམ་བུའི་གླིང་ནས
83.320a
ཤི་འཕོས་ནས་བསོད་ནམས་ཀྱིས་ཡོངས་སུ་བཟུང་བས་ལྷའི་གནས་འདིར་སྐྱེས་ཀྱིས་བདག་ཅག་དེའི་གན་དུ་འདོང་ངོ ། །ཉེ་བར་གནས་ནས་དགའ་མགུར་སྤྱད་པར་བྱའོ། །རོལ་མོའི་དབྱངས་སྒྲ་དང་གར་གྱིས་རྩེ་བར་བྱའོ་ཞེས་སྒྲོགས་སོ། །དེ་བུད་མེད་དྲུག་ཁྲི་དང་དགའ་མགུར་སྤྱོད་དེ། དེ་དག་ཐམས་ཅད་ཀྱང་ལག་ན་མེ་ཏོག་ཐོགས་པ། ཤིན་དུ་དྲི་ཞིམ་པའི་ཆ་བྱད་ཅན། དུ་ཀུ་ལའི་རས་ཀྱི་བླ་གོས་བགོས་པ། རྒྱན་དམ་པ་དང ། རྐང་གདུབ་སྒྲ་སྙན་པ། བཞིན་པད་མ་ལྟ་བུ་ལ་ཟླ་གམ་ལྟ་བུས་མཛེས་པར་བྱས་པ་དག་སྦྲང་རྩི་དང ། སྦྲང་ཆང་མངར་བ་དང ། མེ་ཏོག་གི་ཆང་གིས་རྒྱགས་ཤིང་མྱོས་པས་འཁྱུད་ནས་འདུག་སྟེ་དེ་དག་ཐམས་ཅད་འདི་སྐད་ཅེས་བདག་ཅག་ཐམས་ཅད་ཇོ་ཅོ་འདིའི་གཡོག་དང་བསྙེན་བཀུར་བྱའོ། །ཁྱོད་འདི་ནས་བསོད་ནམས་ཀྱི་སྟོབས་ཀྱིས་བསྒྲུབས་པའི་མཐོ་རིས་ཀྱི་འཇིག་རྟེན་གྱི་དྲི་ཞིམ་ཞིང་བདེ་བའི་ལྷའི་འདོད་པའི་ལོངས་སྤྱོད་ཤེས་པ་འདི་ལ་ཀུན་དུ་སྤྱོད་ཅིག་ཅེས་འཛེར་ཏོ། །དྲང་སྲོང་ཆེན་པོ་ལྷའི་བུ་དེ་དང ། ལྷའི་བུ་མོ་དེ་དག་ལྷན་ཅིག་ཏུ་དགའ་ཚལ་དང ། འདྲེས་ཚལ་དང ། ར་མོ་ནིག་ལྟ་བུའི་རྡོ་ལེབ་དང ། རྣམ་པར་མཉམ་འཕྲུལ་དང ། རབ་འབབ་དང ། སེང་སེང་པོ་དང ། མེ་ཏོག་གི་འཕྲལ་ཐབས་དང ། ཤིང་ཡོངས་འདུ་ས་བརྟོལ་ལ་སོགས་པའི་བསྐྱེད་མོས་ཚལ་དམ་པ་མཆོག་ཏུ་བདེ་ཞིང་བསིལ་བ། གནོད་པའི་རླུང་མེད་པ། ལྷའི་བྱ་ནམ་མཁའ་འགྲོ་ཞེས་བྱ་བའི་སྒྲ་སྙན་པས་མཛེས་པར་བྱས་པ། ལྷའི་མེ་ཏོག་དང ། འབྲས་བུ་དང ། སྤོས་ཀྱིས་ཀུན་དུ་གང་བ། བཻ་དཱུརྱ་དང ། ནོར་བུ་དང ། སྦུག་དང ། རྡོའི་སྙིང་པོ་རྣམ་པ་སྣ་ཚོགས་ཀྱི་སྒྲོན་མ་ཅན། བུང་བ་དང ། ཁུ་བྱུག་རྒྱགས་པ་དང ། བྱ་སྒྲ་སྙན་པ་འབྱིན་པ། རྨ་བྱ་འདབ་གཤོག་རྩེ་མོ་གསེར་ཅན་ཡོད་པ། ནོར་བུ་དང ། རིན་པོ་ཆེའི་ཐིག་ལེས་རྣམ་པར་བཀྲ་ཞིང་བཀྲ
83.320b
ཤིས་པ་ཡོད་པ། སྣ་མཐོ་ཞིང་རིང་བ། བཻ་དཱུརྱ་མཆུ་ལས་སྒྲ་སྐད་སྙན་པ་སྣ་ཚོགས་འཐུན་པར་སྒྲོགས་པ། མེ་ཏོག་བཀྲམ་པ་རྣམ་པར་ཕྱེ་བས་བརྒྱན་པའི་ཕྱོགས་ན་ལྷའི་བུ་འདི་དག་འདོད་པས་ངོམས་པས་རྒྱུན་དུ་ལོངས་སྤྱོད་པར་གྱུར་ཏེ་གནས་སོ། །སུམ་བཅུ་རྩ་གསུམ་ལྷའི་གནས་དེ་ན་རྫིང་བུ་གྲུ་བཞི་པ་ཟབ་པ། ཆུ་དང་བ། ཧ་ཅང་གྲང་བ་ཡང་མ་ཡིན། ཧ་ཅང་དྲོ་བ་ཡང་མ་ཡིན་པ། ཡིད་དུ་འོང་བ། ཆུ་དྲི་མ་མེད་པ། པད་མ་འདབ་མ་བརྒྱ་པ་ཁ་བྱེ་བ་ཡོད་པ། ངོགས་ཤིང་གིས་མཛེས་པར་བྱས་པ། མེ་ཏོག་བཀྲམ་པས་ཆུ་ཡིད་དུ་འོང་བའི་རྫིང་བུ་དེ་དག་ན་ལྷའི་བུ་དེ་དག་ལྷའི་བུ་དེ་དག་ལྷའི་བུ་མོ་བརྒྱ་སྟོང་གིས་བསྐོར་ནས་ཆུ་ལ་རྩེ་བ་རྗེས་སུ་མྱོང་ཞིང་བདེ་བར་གནས་སོ། །དྲང་སྲོང་ཆེན་པོ་དེ་དག་ན་དེ་དག་གི་བསྐྱེད་མོས་ཚལ་དང ། ནགས་ཚལ་གྱི་གམ་ཡོ་ན་རྣམ་པ་སྣ་ཚོགས་ཀྱི་ཐིག་ལེས་རྣམས་པར་བཀྲ་བའི་སྣོད་མངོན་པར་འགྲུབ་སྟེ། ལྷའི་བུ་དེ་དག་སྣོད་དེ་དག་འདོད་པ་ན་མེ་ཏོག་ཀུན་ད་དང ། ཀུ་མུ་ད་དང ། ཁ་བ་ལྟ་བུ་དང ། དངུལ་གྱི་ཁ་དོག་ལྟ་བུའི་ཁ་ཟས་མངོན་པར་འགྲུབ་བོ། །དྲང་སྲོང་ཆེན་པོ་རིན་པོ་ཆེའི་སྣོད་གཅིག་ལ་ཟ་བ་ན། གང་གིས་ཁ་ཅིག་གི་ཁམ་བླངས་པ་ནི་རིན་པོ་ཆེའི་ཁ་དོག་ལྟ་བུར་གྱུར། ཁ་ཅིག་གི་ཁམ་བླངས་པ་ནི་ཁ་དོག་སེར་པོ་དང ། སྔོན་པོ་དང ། དཀར་པོར་གྱུར་ཏེ། ཁ་དོག་གཅིག་ཏུ་འདྲ་བར་ཁ་དོག་རྒྱས་པ་མཆོག་དང་ལྡན་པ་གཅིག་པ་དེ་དག་གི་རིན་པོ་ཆེའི་སྣོད་དེ་དག་ལས་ཁ་ཟས་ཀྱི་ཁྱད་པར་སོ་སོ་ཐ་དད་པར་འབྱུང་སྟེ། དེ་ནི་དེ་དག་གི་སྦྱིན་པ་ཉེ་བའི་ཉོན་མོངས་པ་ཅན་གྱི་རྣམ་པར་སྨིན་པར་བལྟ་སྟེ། གང་གིས་སྔར་སྦྱིན་པ་བྱིན་ལ་ཕྱིས་འགྱོད་པར་གྱུར་པའི་ལས་དེའི་རྣམ་པར་སྨིན་པས་དེའི་ཟས་ཁ་དོག་ངན་པར་འགྲུབ་བོ། །གང་གིས་སྔར་སྦྱིན་པ་བྱིན་ལ་ཕྱིས་བྱམས་པ་དང་ལྡན་པའི་སེམས་ཀྱིས་སྙིང་རྗེ་བསྐྱེད་དེ་དགའ
83.321a
བ་བསྐྱེད་པར་གྱུར་པའི་ལས་དེའི་རྣམ་པར་སྨིན་པས་དེའི་ཟས་ཀྱི་བྱེ་བྲག་ཁ་དོག་བཟང་པོ་རིན་པོ་ཆེ་ལྟ་བུར་སྣང་བ་འགྲུབ་སྟེ། དྲང་སྲོང་ཆེན་པོ་ཁྱོད་ཀྱིས་དེ་ལྟར་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པར་བྱའོ། །དྲང་སྲོང་ཆེན་པོ་གཞན་ཡང་སུམ་བཅུ་རྩ་གསུམ་པའི་གནས་ཀྱི་ལྷའི་རིས་དེ་ན་ཤི་རི་ཤ་ཀ་ཞེས་བྱ་བའི་བསྐྱེད་མོས་ཚལ་ཡལ་ག་དང ། མེ་ཏོག་དང ། འབྲས་བུ་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་པ། ཤིང་བརྒྱ་སྟོང་སྣ་ཚོགས་སྟུག་པ། སྟུག་པོའི་མཐོངས་ན་ཤེལ་ལྟར་དྲི་མ་མེད་པའི་རྡོ་ལེབ་ཤིན་དུ་ཕྱི་བདར་བྱས་པ་ཕུན་སུམ་ཚོགས་པ་ཞི་ཞིང་དབང་པོ་རབ་ཏུ་ཞི་བའི་ཐུབ་པ་འདོད་ཆགས་དང་བྲལ་བས་བསྟེན་པ་ཡོད་དེ། དེ་ན་འདོད་པའི་ལོངས་སྤྱོད་ཅན་གྱི་ལྷའི་བུ་དང ། ལྷའི་བུ་མོའི་ཚོགས་མི་གནས་སོ། །དྲང་སྲོང་ཆེན་པོ་བསྐྱེད་མོས་ཚལ་དམ་པ་ཤི་རི་ཤ་ཀ་དེ་ན་མེ་ཏོག་དང་འབྲས་བུའི་ཤིང་ལྗོན་པ་མང་པོ་ལས་རྟག་ཏུ་ལྷའི་གཏམ་བརྗོད་པའི་སྒྲ་འབྱུང་ངོ ། །དྲང་སྲོང་ཆེན་པོ་དེ་ན་ཉན་ཐོས་ཀྱི་དགེ་འདུན་འདུས་པའི་གནས་བརྟན་པ་ལང་བདག་བྲམ་ཟེའི་རིགས་སུ་སྐྱེས་པ། བསམ་གཏན་ལ་གནས་པ། སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་ལ་གནས་པ། བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདུག་གོ་།དྲང་སྲོང་ཆེན་པོ་དེ་ཞག་བདུན་གྱི་བར་དུ་དབུགས་ཕྱི་ནང་དུ་མི་རྒྱུའོ། །དྲང་སྲོང་ཆེན་པོ་དེ་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཚེ་འདོད་ན་རླུང་མི་ལྡང་ངོ ། །དྲང་སྲོང་ཆེན་པོ་དེ་སྲེག་པའི་བསྐལ་པའི་ཚེས་མེ་ལྕེ་གཅིག་ཏུ་གྱུར་པ་ན་ཡང་དེའི་ལུས་ཡུངས་འབྲུ་ཙམ་ཡང་ཚིག་པར་མི་འགྱུར་རོ། །དེའི་ཚིགས་ཀྱིས་རིའི་རྒྱལ་པོ་རི་རབ་ཀྱང་ཕིགས་སོ། །ཀླུའི་རྒྱལ་པོ་དགའ་བོ་དང ། ཉེ་དགའ་སྟོབས་ཆེ་བ། ཆེར་གདུག་པའི་ཤུགས་ཅན་རྫུ་འཕྲུལ་ཆེ་བ། དབུགས་ཀྱིས་ཀྱང་རིའི
83.321b
རྒྱལ་པོ་རི་རབ་འཇིག་པ། རྒྱ་མཚོ་ཆེན་པོ་བཞི་ཡང་སྐམ་པར་བྱེད་པ། གཏུམ་ཞིང་ཆེར་གདུག་པའི་ཤུགས་ཅན་ཀླུའི་རྒྱལ་པོ་དེ་གཉིས་ཀྱང་དགེ་སློང་བ་ལང་བདག་དེའི་ཏིང་ངེ་འཛིན་གྱི་མཐུས་གདུག་པ་མེད་པར་འགྱུར་རོ། །དྲང་སྲོང་ཆེན་པོ་གནས་བརྟན་པ་ལང་བདག་བསྐྱེད་མོས་ཚལ་ཤི་རི་ཤ་ཀ་ན་གནས་ཤིང་བསམ་གཏན་ལ་གནས་པར་ལྷ་གཞོན་ནུ་དེ་དག་དང ། ལྷའི་བུ་མོ་དེ་དག་གིས་མཐོང་ནས་གུས་པ་དང་བཅས་རི་མོ་དང་བཅས་པས་གནས་བརྟན་དེ་ལ་དགའ་བ་དང་དད་པ་སྐྱེས་ནས་ལྷའི་མེ་ཏོག་མཱན་དཱ་ར་བ་དང ། མཱན་དཱ་ར་བ་ཆེན་པོ་དང ། མན་འཛུ་ཥ་ཀ་དང ། མན་འཛུ་ཥ་ཀ་ཆེན་པོ་དང ། ུད་པ་ལ་དང ། ཀུ་མུད་དང ། དྲི་མཆོག་དང ། པད་མ་དཀར་པོས་གཏོར་ནས་ཐལ་མོ་སྦྱར་བ་བྱས་ཏེ་ཕྱག་འཚལ་ནས། སུམ་བཅུ་རྩ་གསུམ་རིས་ཀྱི་ལྷའི་བུ་དེ་དག་ཐམས་ཅད་ཀྱིས་གནས་བརྟན་པ་ལང་བདག་ལ་ཡོངས་སུ་བསྐོར་ཏེ་མཆོད་པ་ཆེན་པོ་བྱས་ནས་མདུན་གྱིས་བལྟས་ཏེ་གནས་ནས་ལྷའི་ཟས་བདུད་རྩིའི་རོ་དང་ལྡན་པས་ཚིམ་པར་བྱེད་ཅིང་ཅི་བདེར་བྱེད་དོ། །གནས་བརྟན་པ་ལང་བདག་དེ་ལྷའི་བུ་དེ་དག་ལ་ཆོས་སྟོན་པ་ནི་འདི་ལྟ་སྟེ་མདོའི་སྡེ་དང ། དབྱངས་ཀྱིས་བསྙད་པའི་སྡེ་དང ། ལུང་དུ་བསྟན་པའི་སྡེ་དང ། ཚིགས་སུ་བཅད་པའི་སྡེ་དང ། ཆེད་དུ་བརྗོད་པའི་སྡེ་དང ། གླེང་གཞིའི་སྡེ་དང ། དེ་ལྟ་བུ་བྱུང་བའི་སྡེ་དང ། སྐྱེས་པ་རབས་ཀྱི་སྡེ་དང ། ཤིན་དུ་རྒྱས་པའི་སྡེ་དང ། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང ། འདུལ་བའི་སྡེ་དང ། མདོ་སྡེའི་ལུང་གི་ཕྱོགས་ཡང་དག་པར་རབ་ཏུ་སྟོན་ཏེ། དེ་དག་དགའ་བ་དང ། དད་པ་སྐྱེད་དོ། །དེ་ལྷའི་བསྐྱེད་མོས་ཚལ་དེ་ན་བསམ་གཏན་ལ་གནས་ཏེ་ཐམས་ཅད་བདེ་བ་དང་ལྡན་པར་བསྐྱེད་མོས་ཚལ་ཤི་རི་ཤ་ཀ་ན་རྟེན་ཅིང་གནས་སོ། །དྲང་སྲོང་ཆེན་པོ་གཞན་ཡང་སུམ་བཅུ་རྩ་གསུམ་ལྷའི་རིས་དེ་ན་ལྷའི་མདུན་ས་ཆོས་བཟང་ཞེས་བྱ་བ་ཡོད་དོ། །དེའི་ཀ་བ་བརྒྱད་ཁྲི་བཞི་སྟོང་གསེར་དང ། དངུལ་དང ། རྡོ་རྗེ་དང ། སྤུག་དང ། རྡོའི་སྙིང་པོ་ལས་བྱས་པ།
83.322a
ཙན་དན་མཆོག་ཤིང་གི་སྙིང་པོ་ལ་སོགས་པའི་དྲིལ་བུ་གཡེར་ཀ་སྒྲ་སྙན་པའི་དྲ་བས་ཁེབས་པར་བྱས་པ། ས་ཕྱོགས་གསེར་གྱི་བྱེ་མ་བདལ་བའོ། །ལྷའི་མདུན་ས་ཆོས་བཟང་ལྷའི་རས་རབ་ཏུ་སྦྱངས་པ། རྒྱལ་མཚན་དང ། གདུགས་དང ། བ་དན་བསྒྲེང་བ་དང ། ལྷའི་རོལ་མོ་ཁོང་ཧུ་དང ། པི་བང་དང ། གླིང་བུ་དང ། རྫ་རྔ་དང ། རྔ་པ་ཊ་ཧ་དང ། ལྕགས་ཀྱི་སིལ་ཁྲོལ་དང ། དུང་དང ། པི་བང་རྒྱུད་གསུམ་པ་རབ་ཏུ་སྒྲོགས་པ། ག་ཞ་དང ། སིལ་ཁྲོལ་དང ། ཅ་ཅོའི་སྒྲ་སྙན་པ་འབྱིན་པ་དང་ལྡན་པ། མེ་ཏོག་དང ། འབྲས་བུ་དང ། ཡལ་ག་དང ། ཁུ་བྱུག་གནས་ཤིང་ཕན་ཚུན་ནས་སྒྲ་འབྱིན་པ་དེ་ན་ལྷ་དང ། ལྷ་མོ་དེ་དག་དགའ་བ་དང ། བདེ་བ་སྐྱེ་བའི་བཞིན་གྱིས་གནས་སོ། །དྲང་སྲོང་ཆེན་པོ་ལྷའི་མདུན་ས་ཆོས་བཟང་དེའི་སའི་ངོས་ནོར་བུ་རིན་པོ་ཆེས་རབ་ཏུ་སྤྲས་པ། ལྗང་གུས་བྱུགས་པས་མདོག་སྣུམ་ཞིང་བཻ་དཱུརྱ་ལྟར་དྲི་མ་མེད་དེ། མེ་ལོང་གི་ངོས་ལྟ་བུར་བྱས་པ་རབ་ཏུ་འཇམ་པ་ན་སྤོས་ཀྱི་ཕྱེ་མ་དང ། མེ་ཏོག་རྣམ་པ་སྣ་ཚོགས་དང་འཐོར་བ། རླུང་དང ། ཉི་མ་དང ། ཤ་སྦྲང་དང ། སྦྲུལ་གྱི་ཉེས་པ་ཡོངས་སུ་སྤངས་པ། ངང་གིས་གཉིད་དང ། སྙོམ་པ་དང ། ལེ་ལོ་རྣམ་པར་སྤངས་པ་མཐོང་ཁུང་དང ། སྐར་ཁུང་ཟླ་ཁམ་ལྷ་བུའི་དྲ་བའི་བུ་ག་ནས་རེག་ན་བདེ་བའི་རླུང་གཏོང་བ། རྟ་བབས་དང ། ཡང་ཐོག་དང་ཡང་ཐོག་ཆུང་ངུ་ནས་བདེ་བའི་རླུང་གཏོང་བ། རིན་པོ་ཆེའི་ཕྲེང་བ་བྲེས་པའི་སྒྲས་རྟག་ཏུ་མཛེས་པར་བྱས་པ། དྲི་རབ་ཏུ་ཞིམ་པ་འབྱུང་བའི་སྤོས་དང་མེ་ཏོག་གི་སིལ་མ་འཐོར་བ་ཡིད་དུ་འོང་བ། བཞིན་ཟླ་བ་དང ། ཉི་མ་དང ། མེ་ལོང་གི་དཀྱིལ་འཁོར་ལྟ་བུ། ལྷའི་ཁྱད་པར་གྱིས་གཟུགས་རབ་ཏུ་བརྒྱན་པའི་ལྷའི་བུ་མོ་དག་གནས་ཏེ། དྲང་སྲོང་ཆེན་པོ་ལྷའི་མདུན་ས་ཆོས་བཟངས་དེ་ན་ལྷའི་བུ་མོ་རོལ་མོའི་དབྱངས་སྒྲ་སྒྲོགས་སོ། །ལྷའི་མདུན་ས་ཆོས་བཟངས་དེ་ནི་གྲུ་བཞི་ལྷམ་པ། ཤིན་དུ་རྣམ་པར་ཕྱེ་བ། ངོས་ཡངས་པ།
83.322b
ཤིང་ལྗོན་པ་དང ། བསྐྱེད་མོས་ཚལ་དང ། ནགས་དང ། ནགས་ཚལ་གཞན་རྣམ་པ་སྣ་ཚོགས་ཀྱིས་མཛེས་པར་བྱས་པ། རྒྱར་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བརྒྱ་ཡོད་པ། གསེར་དང་པད་མ་བཀྲམ་པ། མེ་ཏོག་སིལ་མ་བཀྲམ་པ། གླུ་དབྱངས་ཀྱི་སྒྲ་འབྱུང་བ། པད་མ་དང་ཤིང་ཡོངས་འདུ་ས་བརྟོལ་གྱིས་མཛེས་པར་བྱས་པའོ། །ལྷའི་མདུན་ས་ཆོས་བཟངས་དེ་ནི་ཡོ་བྱད་ཀྱི་ཁྱད་པར་ཐམས་ཅད་གསེར་དང ། དངུལ་དང ། བཻ་དཱུརྱ་དང ། སྤུག་དང ། རྡོའི་སྙིང་པ་ལས་བྱས་པ། རིན་པོ་ཆེའི་ཕུང་པོ་ཡོངས་སུ་བཟུང་བ། གསེར་གྱི་སྙིང་པོས་ཀུན་དུ་ཁྱབ་པ། རི་རྣམ་པ་དུ་མས་ཉེ་བར་བསྐོར་ཅིང་སྣ་ཚོགས་རྣམ་པར་བཀྲ་བས་མཛེས་པར་བྱས་པ། ངོས་བསྐྱེད་མོས་ཚལ་བརྒྱ་སྟོང་གིས་མཛེས་པར་བྱས་པ་སྟེ། སུམ་བཅུ་རྩ་གསུམ་གྱི་ལྷ་མྱ་ངན་དང ། ནད་ཀྱི་རྣམ་པའི་ཉེས་པ་ལས་གྲོལ་བ་དག་བསྐྱེད་མོས་ཚལ་མཆོག་ཏུ་དགའ་འདུན་མྱོང་ནས་ལྷའི་མདུན་ས་ཆོས་བཟངས་དེར་འདུས་ཏེ་རྩེ་བ་རྗེས་སུ་མྱོང་ངོ ། །དྲང་སྲོང་ཆེན་པོ་སུམ་བཅུ་རྩ་གསུམ་གྱི་ལྷའི་རིས་དེ་ན་བལྟ་ན་སྡུག་ཅེས་བྱ་བའི་གཞལ་མེད་ཁང་ཟླ་བ་དང་ཉི་མ་དང ། མེ་ལོང་གི་ངོས་ལྟར་དྲི་མ་མེད་པ། དྲི་རབ་ཏུ་ཞིམ་པའི་སྤོས་དང་མེ་ཏོག་གིས་མཛེས་པར་བྱས་པ། ཕྲེང་བ་དང་བྱུག་པས་བྲེས་པས་མཛེས་པར་བྱས་པ། བུད་མེད་བརྒྱ་སྟོང་གིས་མཛེས་པར་བྱས་པ། འཇོ་ཞིང་སྒེག་པ། མིག་ཟུར་གྱིས་ལྟ་ཞིང་ཁྲོ་གཉེར་གྱི་རིམ་པ་གཡོ་བའི་ཆ་བྱད་ཅན་འཁོད་པ། ངོས་མེ་ཏོག་རྣམ་པ་སྣ་ཚོགས་ཕལ་པོ་ཆེས་མཛེས་པར་བྱས་པ། ནོར་བུའི་བརྐྱང་ནུས་བྱས་པ། དྲིལ་བུ་གཡེར་ཀའི་དྲ་བ་བྲེས་པས་མཛེས་པར་བྱས་པ། རྟ་དང ། གླང་པོ་ཆེ་དང ། ཤིང་རྟའི་རྨིག་པས་རེག་ན་གསེར་གྱི་རྡུལ་ལྡང་བ་དང ། ཅོད་པན་ཆགས་ཤིང་འབྱོར་པས་མཛེས་པར་བྱས་པ་ཡོད་དོ། །དྲང་སྲོང་ཆེན་པོ་བལྟ་ན་སྡུག་ཅེས་བྱ་བའི་གཞལ་མེད་ཁང་དེ་ལ་ཀ་བ་དྲུག་ཁྲི་ཡོད་དེ། ཀ་ཞུ་ལྷའི་གསེར་དང ། དངུལ་དང ། བཻ་དཱུརྱ་རྱ
83.323a
ལས་བྱས་པ་སྣ་ཚོགས་ཀྱི་འཕྲས་རྣམ་པར་སྤྲས་པ། ཤིང་ཏ་མ་ལའི་ལོ་མ་དང ། ་ག་རུ་དང ། བདུག་པའི་ཕྲེང་བ་དྲི་རབ་ཏུ་ཞིམ་པར་བྱས་པའི་ཁྱད་པར་ཅན་ནོ། །གཞལ་མེད་ཁང་དེ་ན་ལྷའི་དབང་པོ་བརྒྱ་བྱིན་གནས་ཏེ། ལྷའི་བུད་མེད་བརྒྱ་སྟོང་གིས་བསྐོར་བ། གསེར་དང་རྡོ་རྗེའི་མི་གུས་ལུས་མཛེས་པར་བྱས་པ། ལྷའི་འདོད་པ་ལ་རྩེ་བ་རྗེས་སུ་མྱོང་བ། གླང་པོ་ཆེ་དགུ་ཁྲིའི་སྟོབས་དང་ལྡན་པ། ལག་པ་གླང་པོ་ཆེའི་སྣ་ལྟ་བུ། མདོག་གསེར་དྲི་མ་མེད་པ་ལྟར་སེར་བ། ལུས་གྲིམས་པ། རོ་སྟོད་སེང་གེའི་འདྲ་བ། རྣ་ཆ་དྲི་མ་མེད་པ་འགུལ་བས་ལུས་སྣང་བར་བྱས་པ། གོས་མཆོག་ཏུ་ཕྲ་ལ་རིང་ཞིང་ནར་བ། དབང་པོའི་བརྡ་སྤྲོད་པ་འདོན་ཅིང་བསྟན་བཅོས་ཤེས་ཤིང་མཁས་པ། ལྷའི་བུ་བརྒྱ་སྟོང་དུ་མ་རྗེས་སུ་འབྲང་ཞིང་ལྷའི་གསེར་གྱི་གཞལ་མེད་ཁང་གི་གནས་ན་རྒྱུ་བ། གསེར་གྱི་སྐུད་པ་དང ། སེ་མོ་དོ་དང ། དོ་ཤལ་གྱིས་བྲང་བརྒྱན་ཅིང་མཛེས་པར་བྱས་པ། ཧ་ཅང་ཚོ་བ་ཡང་མ་ཡིན་ཧ་ཅང་རིད་པ་ཡང་མ་ཡིན་པ། རྐང་པ་ཤིན་དུ་གནས་པ། བདུད་རྩིའི་རོ་དང་ལྡན་པའི་ཁ་ཟས་ཟ་བ། མཁུར་ཙོས་བུད་མེད་བརྒྱ་སྟོང་གིས་ཟུར་གྱིས་ལྟ་བ་དང་ལྡན་པ། གླང་པོ་ཆེ་ས་སྲུང་གི་བུ་རྒྱགས་པའི་རྣ་བའི་རླུང་གིས་སྒྲ་ཕྱུང་བ་སྟེ། དྲང་སྲོང་ཆེན་པོ་ལྷའི་དབང་པོ་རྒྱལ་པོ་དེའི་ལུས་ལ་རུས་པ་མེད་དོ། །དེའི་ལུས་ལ་ནད་ཐམས་ཅད་མེད་དེ། དྲི་རབ་ཏུ་ཞིམ་པ་དང་ལྡན་ལ་གདངས་ཤིན་ཏུ་སྙན་ཅིང་འཇམ་པའི་དབྱངས་དང་ལྡན་ནོ། །ལྷའི་རྒྱལ་པོ་དེའི་ལུས་ཀྱི་དྲིས་ཕོག་ན་སྤོས་ཀྱི་གླང་པོ་ཆེ་རབ་ཏུ་རྒྱགས་ཤིང་བདོ་བ་ཡང་རྒྱགས་པ་ཡོངས་སུ་འབྲི་བར་འགྱུར་རོ། །དྲང་སྲོང་ཆེན་པོ་ལྷའི་དབང་པོ་དེའི་ལུས་ཀྱི་ཚད་ནི་དེ་བཞིན་གཤེགས་པའི་སྐུའི་ཚད་ཙམ་མོ། །དེའི་གཟུགས་ཆེ་བ་གསེར་གྱི་མདོག་ལྟ་བུ་དེ་མཐོང་ནས་འཕགས་པ་ཉན་ཐོས་རྣམས་ཀྱང་དེའི་གན་དུ་འདོང་སྟེ། ལྷའི་དབང་པོའི་གཟུགས་ཕུན་སུམ་ཚོགས་པ་དེ་བཞིན་གཤེགས་པ་དང་འདྲའོ་ཞེས་བརྗོད་དོ། །
83.323b
དེ་ནས་དྲང་སྲོང་ཆེན་པོ་རྒྱས་པས་ལྷའི་དབང་པོའི་ལུས་ཀྱི་ཚད་ཐོས་ནས་ངོ་མཚར་དུ་གྱུར་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་དབང་ཆེན་པོའི་ལུས་ཆུང་ངུ་མི་རྟག་པའི་རྗེས་སུ་འབྲང་བ་གར་མཁན་གྱི་ཆ་བྱད་ལྟ་བུར་ཤིན་དུ་སྤྲས་པ། གླེགས་ཤིང་གི་ལས་དང ། ཤིང་གི་ལས་དང ། འཁྲུལ་འཁོར་གྱི་ལས་ལྟ་བུར་བྱས་པ། མེ་ཏོག་གི་ལས་ལྟ་བུར་ཡུད་ཙམ་ཞིག་མཛེས་པ། མེ་ལོང་གི་ནང་གི་གཟུགས་བརྙན་ལྟ་བུ་ལ་ཁྱོད་ཅིའི་ཕྱིར་ངོ་མཚར་དུ་བྱེད། དྲང་སྲོང་ཆེན་པོ་ཁྱོད་དགེ་སློང་མ་འགགས་པའི་ལུས་ཕ་དང་མ་ལས་སྐྱེས་པའི་ཚིགས་ཚིགས་མཚམས་མཚམས་རེ་རེ་ལ་ཡང་དབང་པོ་ཆེན་པོ་འདུན་པར་འགྱུར་བ་ལ་ལྟོས། དྲང་སྲོང་ཆེན་པོ་གཞན་ཡང་དགེ་སློང་མ་འགགས་པའི་ལུས་ལ་རྫུ་འཕྲུལ་གྱི་སྒྱུ་མ་ལ་ད་ལྟོས། དེ་ནས་དགེ་སློང་མ་འགགས་པ་བཅོམ་ལྡན་འདས་ཀྱིས་བསྐུལ་བར་ཤེས་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང ། ཏིང་ངེ་འཛིན་དེའི་མཐུས་དགེ་སློང་མ་འགགས་པ་ལྷའི་གསེར་འབར་བ་དང ། བྱི་རུའི་སྡོང་པོའི་ཁ་དོག་མཆོག་དང་ལྡན་པ། གཙུག་གི་ནོར་བུ་དང་ཅོད་པན་འཕྱང་བའི་གཙུག་པུད་དང་ལྡན་པ། མཁུར་བ་རྒྱས་ཤིང་མདངས་སྣུམ་པའི་མདོག་ཅན། མིག་ལྷའི་ཨུད་པ་ལ་སྔོན་པོ་འདྲ་ལ། ནོར་བུ་དང ། སྤུག་དང ། རྡོའི་སྙིང་པོ་དང་ལྡན་པའི་ཀླུའི་རྒྱལ་པོ་ལྟ་བུར་ཀུན་དུ་སྣང་སྟེ། དེའི་གཟུགས་ཆེན་པོ་མངོན་པར་གྲུབ་པའི་ལྷའི་དྲི་དང་གཟུགས་ཀྱིས་འཁོར་ཐམས་ཅད་ལ་སྣང་བར་བྱས་པས་ངོ་མཚར་དང་དགའ་བར་གྱུར་ཏེ་དྲི་རབ་ཏུ་ཞིམ་པའི་དྲི་དང་ལྡན་པར་འགྱུར་ཏོ། །དེའི་ཆོ་འཕྲུལ་དེ་དྲང་སྲོང་ཆེན་པོ་རྒྱས་པས་མཐོང་ནས་སྙིང་འཕར་ཞིང་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས་རབ་ཏུ་ངོ་མཚར་དུ་གྱུར་པས་སྒྲ་ཆེར་ཀྱེ་ཨ་ལ་ལ་ལེགས་སོ། །གང་གི་ཕྱིར་བདག་དེ་བཞིན་གཤེགས་པ་དང་ཕྲད་ཅིང་འདུས་ལ། ཐམས་ཅད་མཁྱེན་པའི་སྒོ་ནས་འདི་ལྟ་བུ་སྔོན་མ་མཐོང་བའི་ཆོ་འཕྲུལ་མཐོང་བ་མི་ཉིད་ཐོབ་པ་བདག་དོན་མཆིས་སོ། །བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཆེན་པོ
83.324a
རྒྱས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དྲང་སྲོང་ཆེན་པོ་འདི་ཇི་སྙམ་དུ་སེམས། དབང་པོ་ཆེན་པོའི་ལུས་དང ། གང་འདི་དགེ་སློང་མ་འགགས་པའི་ལུས་གསེར་འབར་བ་དང ། ནོར་བུ་མཆོག་ལས་གྲུབ་པ་འདི་གཉིས་གང་བཟང ། དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་དྲང་སྲོང་ཆེན་པོ་རྒྱས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་འདི་དགེ་སློང་མ་འགགས་པའི་ལུས་དེ་ལ་དབང་པོ་ཆེན་པོའི་ལུས་ཀྱིས་བརྒྱའི་ཆར་ཡང་ཉེ་བར་མི་མཆིས། སྟོང་གི་ཆ་དང ། བརྒྱ་སྟོང་གི་ཆའམ། གྲངས་སམ། ཆར་རམ། བགྲང་བར་རམ། དཔེར་ཡང་མི་བཟོད་དོ། །དྲང་སྲོང་ཆེན་པོ་བསོད་ནམས་ལས་བསྒྲུབས་པའི་ལུས་ལ་དགེ་བའི་རྩ་བ་བསྔོས་པའི་ཁྱད་པར་ནི་དེ་ལྟར་བལྟའོ། །དྲང་སྲོང་ཆེན་པོ་སུམ་བཅུ་རྩ་གསུམ་གྱི་ལྷའི་རིས་དེ་ན། བརྒྱ་བྱིན་གྱི་ཆུང་མའི་དམ་པ་བདེ་སོགས་ཤེས་བྱ་བ་ལྷའི་བུ་མོ་བརྒྱ་སྟོང་གིས་ཡོངས་སུ་བསྐོར་ཅིང་དགའ་ཚལ་ན་འདུག་སྟེ། ལུས་སྤོས་དང ། ཕྲེང་བ་དང ། མེ་ཏོག་གིས་བརྒྱན་ཅིང་འབར་བ། ལྷའི་མེ་ཏོག་པད་མ་དང ། ུད་པ་ལ་དྲི་རབ་ཏུ་ཞིམ་པའི་དྲི་ངད་ལྡན་པ། མཆུ་གསེར་དང་བིམ་པ་འདྲ་བ། མཆོག་ཏུ་འབར་བའི་ཆ་བྱད་འཛིན་པ། གོས་མཆོག་ཏུ་ཕྲལ་འཚེར་བ། བསྐྱེད་མོས་ཚལ་དང་ནགས་ན་རྒྱུ་བ། ལྷའི་རྒྱན་དང ། རྐང་གདུབ་དང ། གདུ་བུ་དང ། གདུ་བུ་བསྐྲིལ་མ་དང ། དོ་ཤལ་དང ། སེ་མོ་དོས་ལུས་དུད་པ། འཕྲལ་བ་དང་མཁུར་བ་ཆེ་ལ་ཤིན་དུ་རྣམ་པར་ཕྱེ་བ། ནོར་བུ་དང་གསེར་ཤིན་དུ་རྣམ་པར་ཕྱེ་བའི་སྐ་རགས་ཀྱིས་བཅིངས་པ། འཇོ་ཞིང་སྒེག་པའི་རྗེས་སུ་ཆགས་པ། མིག་རིང་ཞིང་ཕྱེ་ལ་འཛུམ་པ། ལག་པའི་ནང་རི་མོ་རིང་པོས་ཁྱབ་པ། ལྟེ་བ་ཟབ་པ། ཁྲོ་བ་དང ། སེར་སྣ་དང ། ཕྲག་དོག་དང ། འཐབ་པ་དང ། རྩོད་པའི་ཉེས་པ་སྤངས་པ། བཞིན་ཁྲོ་གཉེར་གྱི་རིམ་པ་གཡོ་བ་དང་བྲལ་བ། མངལ་འཛིན་པའི་སྐྱོན་རྣམ་པར་སྤངས་པའི་ལུས་དང་ལྡན་པའོ། །
83.324b
ལྷའི་བུ་མོ་བདེ་སོགས་ཤེས་བྱ་བ་དེ་ཤིན་དུ་འདོད་པ་ལ་ཆགས་པ་ལས་བྱུང་བའི་སྒེག་པ། རི་རབ་ལ་ཡོད་པའི་གཞལ་མེད་ཁང་དང ། ཤིང་གེལ་བ་དང་འཁྲི་ཤིང་གི་བླ་རེས་ཁེབས་པར་བྱས་པ་ལས་བྱུང་བའི་འདོད་པ་སྐྱེས་པས་བྱུང་བ། མེ་ཏོག་འཐོར་བ་དང་བཅས་པའི་རླུང་ལྡང་བ། ཧ་ཅང་རིང་བ་ཡང་མ་ཡིན། ཧ་ཅང་ཐུང་བ་ཡང་མ་ཡིན། དཀུ་ཧ་ཅང་སྦོམ་པ་ཡང་མ་ཡིན། ཧ་ཅང་ཕྲ་བ་ཡང་མ་ཡིན་པ། ལུས་ཧ་ཅང་སྦོམ་པ་ཡང་མ་ཡིན། ཧ་ཅང་ཕྲ་བ་ཡང་མ་ཡིན་པ། བཞིན་མདངས་ཅན། གཙང་ཞིང་མཛེས་པ། པད་མ་འདོད་པ། དྲི་རབ་ཏུ་ཞིམ་པའི་དྲིའི་ངད་རླུང་གིས་བདས་པ་རྨད་དུ་བྱུང་བས་མཛེས་པར་བྱས་པའོ། །དྲང་སྲོང་ཆེན་པོ་དེ་ལྟར་སུམ་བཅུ་རྩ་གསུམ་རིས་ཀྱི་ལྷ་དེ་དག་ནི་ནད་མེད་པ། བསྐྱེད་མོས་ཚལ་དང ། ནགས་ཚལ་དང ། གཞལ་མེད་ཁང་གི་གནས་ཀྱི་ནང་ན་གནས་ཤིང་རྒྱུ་བའོ། །དེ་དག་གི་ཚེ་ནི་ལྷའི་ལོ་སྟོང་ཐུབ་བོ། །དེ་དག་ལྷའི་གནས་དེ་ན་གནས་པ་ལས་བསོད་ནམས་ཟ། ཟད་ནས་ཚེ་ཟད་པར་གྱུར་བའི་ཚེ་ཤི་འཕོ་བའི་ལྟས་སྔོན་མ་བྱུང་བ་ལྔ་འབྱུང་སྟེ། རྫིང་བུ་ཤེལ་རྡོ་ལྟར་གསལ་བ། རེག་ན་བདེ་བའི་རླུང་ལྡང་བ། རྫིང་བུའི་འགྲམ་ཁྲི་ཤིང་གི་བླ་རེ་དང ། ཤིང་གེལ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་ཞུགས་པ་ན་འབྲུ་མར་གྱིས་གཏོར་བ་ལྟ་བུ་འབྱུང་ངོ ། །དེས་འབྲུ་མར་གྱིས་གཏོར་བ་དེ་མཐོང་ནས་སྙིང་དངངས་སྐྲག་སྟེ། རྫིང་བུ་དེ་ནས་བྱུང་ནས་ནགས་སྟུག་པོར་རྒྱུག་ཅིང་བྲོས་སོ། །དེ་རིངས་པར་འགྲོ་བའི་བུ་མོ་དེ་དག་གི་མཐོང་ནས་ཕྱི་བཞིན་དུ་འབྲངས་པ་དང ། དེ་ནགས་སྟུག་པོ་དེའི་ནང་ན་ཤིང་དྲུང་ཞིག་ན་གནས་ཤིང་འདུག་གོ་།དེ་ནས་ལྷའི་བུ་མོ་དེ་དག་སྙིང་རྗེ་རྗེ་སྐད་དུ་ག་ཆད་པར་ངུ་ཞིང་འདི་སྐད་ཅེས་ཇོ་བོ་བདག་ཅག་བོར་ཏ་གཅིག་པུ་ཤིང་དྲུང་འདི་ན་ཅི་དགའ་ཞེས་འཛེར་ཏེ་དེ་ངུ་ཞིང་དམན་པའི་སྒྲས་སླར་འདི་སྐད་ཅེས་སྨྲས་སོ། །བདག་འདི་ན་སྔོན་མ་བྱུང་བ་འབྲུ་མར་གྱིས་གཏོར་བ་ལྟ་བུ་ལུས་ལས་བྱུང་ངེ་ཞེས་དེ་སྐད་སྨྲས་པ་དང ། མཆན་ཁུང་གཉིས་ནས་རྔུལ་བྱུང
83.325a
ནས། དེ་དག་གིས་རྔུལ་བྱུང་བ་མཐོང་བ་དང ། ལྷའི་བུ་མོ་དེ་དག་རིང་དུ་དོང་སྟེ་ཡོངས་སུ་སྤངས་སོ། །དེས་ཡོངས་སུ་སྤངས་པར་ཤེས་ནས་མྱ་ངན་གྱིས་རེག་གོ་།དེ་མྱ་ངན་གྱིས་རེག་པས་དབུགས་དྲག་ཏུ་རྒྱུའོ། །དབུགས་རྒྱུ་བའི་རྒྱུས་ལུས་ལ་གདུང་བ་སྐྱེས་སོ། །དེ་ལུས་དང་སེམས་གདུངས་པས་མེ་ཏོག་གི་ཐོང་སྔོན་རྙིས་མི་སྲིད་པ་ཡང་རྙིས། ཕྲེང་བ་ཡང་ཡོངས་སུ་རྙིས། སྔོན་རྙིས་མི་སྲིད་པའི་གོས་ཀྱང་རྙིས། ལྷའི་གདིང་བ་བཏིང་པའི་མལ་ཆ་ལ་ཡང་དགའ་བ་མི་རྙེད་དོ། །དེ་ནས་ལྷའི་བུ་མོ་དེ་དག་གིས་འཆི་འཕོ་བའི་ལྟས་ཀྱིས་ཉེན་པར་ཤེས་ནས་དེའི་དྲི་དེ་མི་བཟོད་དེ་རིང་དུ་སྤངས་ནས་སྙིང་རྗེ་རྗེ་སྐད་ག་ཆད་པར་བདག་དབང་མེད་པར་ངུའོ། །འབྲལ་བའི་སྡུག་བསྔལ་གྱིས་ཉེན་ནས་རབ་ཏུ་ངུ་ཞིང་ཀྱི་ཧུད་ལུས་མཆོག་ཏུ་ཤིན་དུ་འཇམ་པ། ལྷའི་བསྐྱེད་མོས་ཚལ་དང ། ནགས་ཚལ་ན་རྒྱུ་བ། སུམ་བཅུ་རྩ་གསུམ་གྱི་གླིང་ན་དུར་བ་དང་འདྲ་བ། ལྷའི་མདུན་ས་ཆོས་བཟངས་ན་ངང་པའི་རྒྱལ་པོ་དང་འདྲ་བ། དགའ་ཚལ་ན་བྱ་ཀ་ལན་ད་པ་ལྟ་བུ། རྫིང་བུ་ན་སྤོས་ཀྱི་གླང་པོ་ཆེ་འདྲ་བ། ཤིང་ཡོངས་འདུ་ས་བརྟོལ་དང ། བསྐྱེད་མོས་ཚལ་ན་བུང་བ་ལྟ་བུ། འདྲེས་པའི་ཚལ་ན་མེ་ཏོག་གི་རྣ་རྒྱན་ལྟ་བུ་བདག་ཅག་བོར་ཏེ་ང་གར་སོང ། གང་ན་གནས་ཞེས་འཛེར་ཅིང་བདག་ལ་དབང་མེད་པར་ངུའོ། །དེ་བདག་ལ་དབང་མེད་པར་རིམས་ནད་ཀྱིས་བཏབ་སྟེ། རིམས་དེས་ལུས་དང་སེམས་དཀྲུགས་ནས་འདྲོན་པོ་འདྲོན་པ་མང་པོ་དང་བྲལ་ཏེ་འབྲོག་འཚོལ་བ་དང་མཚུངས། ལམ་གྲོགས་གྲུ་ཞིག་པ་དང་འདྲ། རྒྱལ་པོ་ཡིད་བཞིན་གྱི་ནོར་བུ་སྟོར་བ་དང་མཚུངས། རི་ཞིག་པ་དང་འདྲ་བར་མི་རྟག་པའི་རླུང་གིས་གཏོར་ནས་ལུས་སའི་སྟེང་ན་འགྲེ་ལྡོག་སྟེ། ནམ་མཁའ་ལྡིང་གི་མཆུས་ཀླུ་གཞོན་ནུ་ཟིན་པ་དང་འདྲ་བར་འདར་བཞིན་དུ་མྱུར་བ་མྱུར་བར་ཐལ་མོ་སྦྱར་ནས་ལྷའི་བུ་མོ་དེ་དག་ལ་གསོལ་བ་བཏབ་པ་ཚུར་ཤོག་ལག་པའི་ཐལ་མོས་ངའི་ལུས་ལ
83.325b
རེག་པར་གྱིས་ཤིག་ཅེས་སྙིང་འདར་ལ་གདུངས་བཞིན་དུ་དེ་སྨྲེ་སྔགས་འདོན་ཅིང་གསོལ་བ་བཏབ་པ་དང ། ལྷའི་བུ་མོ་དེ་དག་གིས་བལྟས་ནས་མི་ཉེ་བར་སྤངས་ཏེ། ཡན་ལག་ལ་རེག་པར་ལྟ་ག་ལ་བྱེད་ཀྱི། མེ་ཏོག་ཅན་གྱི་ཡལ་ག་ཐོགས་ཏེ་འཆི་འཕོ་བར་འགྱུར་བའི་ལྷའི་བུ་དེའི་སྙིང་ཀར་བཞག་ནས་འདི་སྐད་ཅེས་འཛེར་ཏེ། མཐོ་རིས་ཀྱི་བསོད་ནམས་ཡོངས་སུ་ཉམས་ཏེ་ད་མྱུར་དུ་འཛམ་བུའི་གླིང་དུ་སྐྱེ་བར་འགྱུར་རོ་ཞེས་དེ་སྐད་སྨྲས་པ་དང ། ལྷའི་བུ་དེ་བདག་ལུས་ཀྱིས་ཡོངས་སུ་བཏང་བར་ཤེས་ནས་ཀྱི་ཧུད་ཀྱི་ཧུད་ཅེས་སྒྲ་ཆེར་སྙིང་རྗེ་རྗེ་སྐད་དུ་ངུ་ཞིང་ཀྱེ་མའོ་མཐོ་རིས་ལྷའི་གནས་འདིའི་གནས་འདིའི་ལྷའི་ཡོ་བྱད་དང ། རྒྱན་དང ། བསྐྱེད་མོས་ཚལ་མཆོག་ན་རྩེ་བ་རྗེས་སུ་མྱོང་ཞིང་ལྷའི་བུ་མོ་འདི་དག་ལ་བདག་གིས་སྡུག་པར་བསམས་པ་ལས་ད་བདག་འཆི་བའི་དུས་ལ་ཕྱོགས་ཤིང་ཞུགས་པའི་ཚེ་དེ་དག་ཉེ་བར་མི་གནས་ཤིང་འདི་སྐད་ཅེས་ཁྱོད་འཛམ་བུའི་གླིང་དུ་སྐྱེ་བར་འགྱུར་རོ་ཞེས་འཛེར་ཏོ་སྙམ་ནས་ཡང་དང་ཡང་དུ་བདག་གི་གནས་ལ་བལྟ་ཞིང་ས་ལ་འགྱེལ་ནས་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་ཏེ། ཀྱི་ཧུད་དགའ་ཚལ་དང ། འདྲེས་ཚལ་དང ། ར་མོ་ནིག་ལྟར་འཇམ་པའི་རྡོ་ལེབ་དང ། ཀྱི་ཧུད་ལྷའི་མདུན་ས་ཆོས་བཟངས་དང ། ཤིང་ཡོངས་འདུ་དང ། རྣམ་པར་མཛེས་དང ། དགའ་ཚལ་དང ། བསྐྱེད་མོས་ཚལ་དང ། རྫིང་བུ་དང ། གཞལ་མེད་ཁང་དམ་པ་སྒོ་མང་པོ་འདི་དག་དང ། ལྷ་ཡུལ་བའི་ལྷའི་གནས་འདི་དག་བོར་ཏེ། ང་ནི་མཐོ་རིས་ཀྱི་གཡང་ས་ནས་གདོན་མི་ཟ་བར་ལྷུང་ངོ་ཞེས་སྐྲག་པ་སྐྱེས་ནས་དེ་རང་གི་གནས་ལ་ལྟ་ཞིང་ཀྱི་ཧུད་བདག་གི་མཛའ་བོ་བྱམས་པ་རྣམས་ང་འཆིར་ཉེ་ན་ཅིའི་ཕྱིར་མི་སྨྲ། འདི་ལྟར་ད་ནི་ང་འཁོར་བའི་འབྲོག་དགོན་པ་དགོངས་མལ་རིང་པོར་ཆས་ཀྱིས་ཚུར་ཤོག་ང་ལ་འཁྱུད། ཕྱིས་ངས་ཀྱང་ཁྱེད་མི་མཐོང ། ཁྱོད་ཀྱིས་ཀྱང་ང་མི་མཐོང་ངོ ། །ཀྱི་ཧུད་མཐོ་རིས་འདི་ནས་བསོད་ནམས་ཀྱི་འབྲས་བུ་ཟད་པས་འཕོ་བར་འགྱུར་བའི་ཚེ་བདག་ལ་མུན
83.326a
པ་ལྟ་བུར་སྣང་ངོ ། །ཅི་མཐོ་རིས་འདི་སྟོངས་སམ། འདི་ན་ཡང་རོལ་མོ་དང་སིལ་སྙན་ཀྱང་མི་ལེན་ནམ། དེ་དག་གི་སྒྲ་ཡང་མི་གྲག་གོ་།ལས་ཀྱི་ཉེས་པས་བདག་ནི་འདིར་ཉམས་པར་གྱུར་ཏོ་ཞེས་དེ་སྐད་སྨྲས་ནས་ཡང་སྨྲེ་སྔགས་འདོན་ཏོ། །ཀྱི་ཧུད་མཐོ་རིས་ལྷ་དང་དྲི་ཟས་མཛེས་པར་བྱས་པ་ན་གང་མིག་སྟོང་པའི་ལྷའི་འཁོར་དུ་འགྲོ་བ་དང ། ཕྱིས་ཡང་དེ་མཐོང་བར་འགྱུར་བ་ནི་བསོད་ནམས་ཆེའོ། །ཀུན་ནས་སྐྱེས་པའི་མེ་ཏོག་ངའི་ཀླད་པ་ལ་འདུག་པ་ཅིའི་ཕྱིར་རྙིས་ཤེས་ལྷའི་བུ་དེས་སྨྲས་པ་དང ། ལྷའི་བུ་སེམས་དམན་པ་དྲི་མ་མེད་པའི་རྣ་ཆའི་གདུ་བུ་འགུལ་བ་ཐོགས་པ་དེ་དག་ཐམས་ཅད་མེ་ཏོག་ཁྱེར་ཏེ། ལྷའི་དབང་པོ་བརྒྱ་བྱིན་ལྷའི་བུ་བརྒྱ་སྟོང་གིས་ཡོངས་སུ་བསྐོར་ཅིང་ལྷ་མོ་བདེ་སོགས་དང ། ལྷ་མོ་དག་ཕྱི་བཞིན་འབྲང་བ་མི་སྦྱིན་གྱི་བུ་དང ། སྨིག་རྒྱུ་དང ། སྣ་ཚོགས་རྒྱན་དང ། གཙུག་པུད་ལྔ་པ་དང་ཏུམ་བུ་རུ་ལ་སོགས་པའི་ལྷ་དང་དྲི་ཟ་རྣམས་ལྷའི་གླུའི་དབྱངས་ལེན་ཅིང་འདོད་པ་དག་གིས་ལྟས་ལྔ་པོ་ངས་ཉམ་ཐག་པར་གྱུར་པ་མཐོང་ནས་སྙིང་རྗེ་བསྐྱེད་དེ། ང་རོ་གཅིག་ཏུ་ཀྱི་ཧུད་མི་རྟག་པ་འདི་ནི་རབ་ཏུ་དྲག་ཅིང་མི་བཟང་ངོ་ཞེས་ཚིག་སྨྲའོ། །ལྷའི་རྒྱལ་པོ་བརྒྱ་བྱིན་གྱིས་ཀྱང་ལྷའི་བུ་དེ་ལ་བལྟས་ནས་ཚངས་པའི་དབྱངས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ཆོག་གོ་ལྷའི་བུ་བདག་ཅག་ཐམས་ཅད་ཀྱི་འགྲོ་བ་ཡང་འདི་འདྲས་སྲེད་པར་མ་བྱེད། ངན་འགྲོར་མ་གནས་ཤིག་།ལྷའི་བུ་དེ་དག་གིས་དབྱངས་གཅིག་ཏུ་སྨྲས་པ་གྲོགས་པོ་དགེ་བ་བྱེད་པའི་འཇིག་རྟེན་མིའི་འཇིག་རྟེན་དུ་སོང་ཤིག་ཅེས་བྱས་པ་དང ། ལྷའི་བུ་དེས་བདག་ནི་ངེས་པར་འཆི་ཡང་དག་སྙམ་དུ་བསམས་ཏེ། ཐལ་མོ་སྦྱར་ནས་ལྷ་མང་པོ་དེ་དག་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ། །བདག་ནི་འཆི་འཕོ་བའི་དུས་ལ་ཉེ་བར་གནས་ཀྱིས་ལྷའི་བུ་ཐམས་ཅད་བདག་ལ་བཟོད་པར་མཛོད་ཅིག་།དེའི་ཚེ་ཤུགས་རིང་དུ་ཕྱུང་ནས་ལྟས་གཉིས་བྱུང་སྟེ། མིག་པད་མའི་ལོ་མ་རྙེས་པ
83.326b
ལྟ་བུར་གྱུར་པ་དང ། རྒྱན་ཐམས་ཅད་མི་སྣང་བར་གྱུར་བའོ། །དེ་ནས་ལྷའི་བུ་དེ་དག་གིས་རྒྱན་མི་སྣང་བར་གྱུར་པ་མཐོང་ནས་མེ་ཏོག་མན་དཱ་ར་བ་དང ། པད་མ་ལ་སོགས་པས་མངོན་པར་གཏོར། པི་བང་དང ། གླིང་བུ་དང ། སིལ་སྙན་གྱི་སྒྲ་ཡང་བྱས་ནས་རྒྱན་དེ་དག་ཀྱང་ལྷས་བསྡུས་པར་མཐོང་ནས་འཛམ་བུའི་གླིང་ལ་དགའ་བ་བསྐྱེད་དེ། དེ་མཆི་མ་ཟག་ཅིང་ག་ཆད་པར་ངུ་སྟེ་འཆི་བའི་དུས་ཀྱི་ཆོས་རྣམས་སྦྱོར་རོ། །ལྷའི་བསོད་ནམས་དང་ཚེ་ཡོངས་སུ་ཟད་ནས་རླུང་དྲག་པོ་ལངས་སོ། །རླུང་དྲི་རབ་ཏུ་ཞིམ་པ་དང་ལྡན་པ་དེས་དེའི་ལུས་ལ་ཕོག་ནས་གཏོར་ཏེ་ལྷའི་བུ་དེ་གནས་དེ་ནས་འཆི་འཕོ་བར་འགྱུར་རོ། །གནས་དེ་ནས་འཕོ་བ་ན་ལུས་ཀྱི་གནས་མི་ཤེས་སོ། །དེ་གནས་དེ་ནས་འཕོས་ནས་མིར་སྐྱེ་བ་ཡོངས་སུ་ལེན་ཏོ། །མིར་སྐྱེས་ཏེ་མའི་མངལ་ན་གནས་པའི་ཚེ་མ་ལ་མཚན་མར་བལྟ་བ་ནི་དེ་ཉིད་གླུ་དང ། གར་དང ། རྩེ་བ་དང ། དགོད་པ་ལ་དགའ་བའི་དབང་པོར་འགྱུར། མེ་ཏོག་དང ། འབྲས་བུ་དང ། དགོན་པ་ལ་དགའ་བར་འགྱུར། ཁ་དོག་སྣ་ཚོགས་འཚེར་བའི་གོས་འཆང་བར་འགྱུར། ལྷའི་ཁ་ཟས་ཤིན་དུ་བཟང་པོ་ལ་སྲེད་པར་འགྱུར་རོ། །དེ་མའི་མངལ་ན་གནས་པའི་ཚེ་མ་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་བསྐོར་བར་མི་འགྱུར། དེ་དྲི་རབ་ཏུ་ཞིམ་པའི་ཆ་ལུགས་ལ་དགའ་བར་འགྱུར། གཉིད་ལོག་ན་ཡང་རྨི་ལམ་ན་ལྷའི་ངོ་ན་སྐུལ་བ་མཐོང་བར་འགྱུར་རོ། །དྲང་སྲོང་ཆེན་པོ་དེ་མངལ་ན་གནས་པ་ན་ཕྱིན་ཅི་མ་ལོག་པའི་རྨི་ལམ་མཐོང་ངོ ། །བཙས་པའི་དུས་ན་ཡང་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་རྣམ་པར་སྤངས་ནས་བཙས་ཏེ། དེ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། རྐང་པ་ཤིན་དུ་གནས་པ། ཤེས་པའི་ཡན་ལག་དང་ཉིང་ལག་འབྲེལ་པ། ལག་པ་དང ། རྐང་པ་རིང་ལ་སྦོམ་པ། རོ་སྟོད་སིང་གེ་ལྟ་བུ། སོ་ཐགས་བཟང་བ། ཤིན་དུ་འཇམ་པའི་ལུས་སོ། །དེ་གཅིག་ཏུ་འདོད་པའི་འདོད་ཆགས་ལ་ཆགས་པར་འགྱུར་རོ། །འདོད
83.327a
ཆགས་མི་བཟད་པ། གོས་ཕྲ་བ་ལ་དགའ་བ། བསྐྱེད་མོས་ཚལ་ལ་དགའ་བ། ལྷའི་དྲི་དང་རོལ་མོ་ལ་དགའ་བར་འགྱུར་རོ། །དེ་གསེར་དང ། ནོར་ཐམས་ཅད་འབྱོར་པའི་རིགས་ཆེན་པོར་སྐྱེ་སྟེ། སྦྱིན་པ་དང ། དུལ་བ་དང ། ཡང་དག་པར་སྡོམ་པ་ལ་དགའ་བར་འགྱུར་རོ། །གལ་ཏེ་འདོད་པ་ལ་ཤིན་དུ་ཆགས་ནས་སྦྱིན་པ་དང ། ཚུལ་ཁྲིམས་ལ་དགའ་བར་གྱུར་ན། དེ་ཕྱིར་གཅིག་ནས་གཅིག་ཏུ་དབུལ་པོའི་རིགས་སུ་སྐྱེ་བར་འགྱུར་ཏེ། སེར་སྣ་ཅན་དང ། ཚུལ་ཁྲིམས་འཆལ་བ་རྣམས་ལ་བསྟོད་པ་དང ། ཧ་ཅང་སྔོ་བ་ཡང་མ་ཡིན་པ་དང ། ཧ་ཅང་དཀར་བ་ཡང་མ་ཡིན་པ་དང ། སྐྱེ་བོ་ཐམས་ཅད་དགའ་བ་དང ། གཞན་གྱི་ཆུང་མ་ལ་ཆགས་ཤིང་བདག་གི་ཆུང་མ་ལ་མི་ལྟ་བ་དང ། རྩ་ལག་གི་སྐྱེ་བོ་ལ་དགའ་བར་འགྱུར་རོ། །དྲང་སྲོང་ཆེན་པོ་འདི་ནི་སུམ་བཅུ་རྩ་གསུམ་ལྷའི་རིས་ནས་ཤི་འཕོ་བའི་ལྟས་འབྱུང་བའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དྲང་སྲོང་ཆེན་པོ་རྒྱས་པ་དང ། དྲང་སྲོང་ཆེན་པོ་དེ་དག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་དྲང་སྲོང་རྒྱས་པས་ཞུས་པའི་ལེའུ་ཞེས་བྱ་སྟེ་བཞི་བཅུ་རྩ་དགུ་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། །དགེའོ།། །། #