rKTs


J455

(e-text produced by ADARSHA)

see text in transliteration
92.1a
(ཏ)་༄#། !་།གསང་སྔགས་རྒྱུད་འབུམ་གྱི་སྐོར་བཞུགས་སོ། །[(黃)་秘密經第九部]
92.1b
༄##། །རྒྱ་གར་སྐད་དུ། ་ཏྲཻ་ལོ་ཀྱ་བི་ཛ་ཡ་མ་ཧཱ་ཀལ་པ་རཱ་ཛཱ། ་བོད་སྐད་དུ། ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རྟོག་པའི་རྒྱལ་པོ་ཆེན་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་རབ་རིའི་རྩེ་མོ་ན་རྡོ་རྗེ་དང་ནོར་བུ་རིན་པོ་ཆེ་རྩེ་མོའི་ཁང་པ་བརྩེགས་པ་ན། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དུ་མ་དང་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་མི་འམ་ཅི་དང ། འབྱུང་པོ་དང་ཤ་ཟ་དང་རྗེད་བྱེད་དང ། མ་མོ་རྣམས་དང ། བལྟར་རུང་བ་དང ། བལྟར་མི་རུང་བ་དུ་མ་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དད་པ་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོ་ནམ་མཁའི་དཀྱིལ་ནས་བབས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ
92.2a
སྤྱི་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། འདི་སྐད་ཅེས་གསོལ་ཏོ། །ཡང་བཅོམ་ལྡན་འདས་བདག་གིས་ལྷ་ཆེན་པོ་ལ་སོགས་པ་སེམས་ཅན་མ་རུངས་པ་དེ་དག་ལ་དམ་ཚིག་འཛིན་དུ་སྩལ་བར་འཚལ་ན། བཅོམ་ལྡན་འདས་དེའི་སླད་དུ་བདག་ལ་བཀའ་སྩལ་དུ་གསོལ། དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོའི་ཚིག་།བཅོམ་ལྡན་འདས་ཆོས་ཀྱི་རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པས་གསན་ནས་ཕྱག་ན་རྡོ་རྗེ་ལ་འདི་སྐད་གསུངས་སོ། །གནོད་སྦྱིན་ཁྱོད་ཤིན་ཏུ་ཁེངས་པ་ཤིན་ཏུ་ཁྲོ་བ་ཤིན་ཏུ་འཐུར་བ་དེ། ཅི་ལྟར་ཁྱོད་ཀྱིས་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་འདི་ལྟ་བུའི་སྔགས་ཀྱི་ཚིག་སྨྲ། དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །དེའི་ཕྱིར་ན་བཅོམ་ལྡན་འདས་བདག་སེམས་ཅན་མ་རུངས་པ་འདུལ་བར་བགྱིད་དོ། །གང་གི་ཕྱིར་ཞེ་ན། བདག་གིས་འདོད་པའི་བདེ་བ་ཅན་རྣམས་དབང་དུ་བགྱི་བ་ལ་སོགས་པས་བཏུལ་ནས། བླ་ན་མེད་པའི་བདེ་བ་ལ་དགོད་པར་འཚལ་ལོ། །སེམས་ཅན་མ་རུངས་པ་རྣམས་བསད་པ་ལ་སོགས་པས་སྦྱངས་ཏེ་ཞི་བ་ལ་དགོད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཕྱག་ན་རྡོ་རྗེ་ལེགས་སོ་ལེགས་སོ། །འཇིག་རྟེན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་ཕན་པའི་ཕྱིར་དང་བདེ་བའི་ཕྱིར་སྙིང་པོ་འདི་སྨྲོས་ཤིག་།དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔས་ལྷ་ཐམས་ཅད་ནས་མི་རྣམས་ཐམས་ཅད་ཀྱི་བར་དུ་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དད་པ་དེ་རྣམས་ལ་བཀའ་སྩལ་པ། གྲོགས
92.2b
པོ་དག་སངས་རྒྱས་ལ་སྐྱབས་སུ་དོང་ཤིག་།ངའི་བཀའ་ཡང་རྗེས་སུ་སྐྱོངས་ཤིག་།དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་ན་རྡོ་རྗེས་ཕྱག་འཚལ་ནས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྙིང་པོ་འདི་གསུངས་སོ། །ོཾ་སུམ་བྷ་ནི་སུམ་བྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བན་བཛྲ་ཧཱུཾ་ཕཊ། དེ་ནས་འདི་གསུངས་པ་ཙམ་གྱིས་འཇིག་རྟེན་གསུམ་ཐམས་ཅད་གཡོས་རབ་ཏུ་གཡོས་ཀུན་ཏུ་རབ་ཏུ་གཡོས་སོ། །འགུལ་རབ་ཏུ་འགུལ་ཀུན་ཏུ་རབ་ཏུ་འགུལ་ཏོ། །འཕར་རབ་ཏུ་འཕར་ཀུན་ཏུ་རབ་ཏུ་འཕར་རོ། །དེ་ནས་ལྷ་ཐམས་ཅད་ལ་སོགས་པ་སེམས་ཅན་ཐམས་ཅད་འདར་ཡེད་ཡེད་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ནས། ཁོ་ར་ཁོར་ཡུག་དང་ཁོ་ར་ཁོར་ཡུག་ཆེན་པོའི་རི་ལ་སོགས་པ་ཚུན་ཆད་ཀྱི་གླིང་བཞིའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱིས་གང་ངོ ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གླིང་བཞིའི་འཇིག་རྟེན་གྱི་ཁམས་སུ་ཚོགས་པའི་དཀྱིལ་འཁོར་ཐམས་ཅད་ལ་གཟིགས་ནས་འདི་སྐད་གསུངས་སོ། །གྲོགས་པོ་རྣམས་སངས་རྒྱས་ལ་སོགས་པ་ལ་སྐྱབས་སུ་འགྲོ་བར་ཁས་ལོང་ཤིག་།ངའི་བཀའ་ཡང་རྗེས་སུ་སྐྱོངས་ཤིག་།དེ་ནས་འདུས་པའི་འཁོར་ཆེན་པོ་ཐམས་ཅད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སྐྲག་སྟེ། འདར་ཡེད་ཡེད་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་སྐྱབས་སུ་དོང་ངོ ། །དེ་ནས་བཅོམ་ལྡན་འདས་ལ་ལྷ་ཆེན་པོའི་ལྷ་དང་མཐུ་བོ་ཆེ་དང་ཚངས་པ་རྣམས་ཀྱིས་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་བུའི་སེམས་ཅན་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་བྱིན་ཆེ་ཞིང་བདག་ཅག་ལ་འཆོས་པ་འདི་སུ་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་བསྟན་པའི་ཕྱིར་ཚིགས་སུ་བཅད་པ
92.3a
འདི་གླེངས་ཏེ་གསུངས་སོ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །ཀུན་ཏུ་བཟང་པོ་ཀུན་གྱི་བདག་།སངས་རྒྱས་ཐམས་ཅད་ཉིད་སྐྱེས་འདི། །ཕྱག་ན་རྡོ་རྗེ་གནོད་སྦྱིན་ཆེ། །མ་རུངས་འཆོས་ལ་དབང་བ་སྟེ། །གང་གི་མིང་བརྗོད་པ་ཡིས་ནི། །སངས་རྒྱས་པ་ཡང་ཐོབ་པར་འགྱུར། །དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོས་ཡང་གསུངས་པ། ཀྱེ་ཀྱེ་ལྷ་དག་སངས་རྒྱས་ལ་སྐྱབས་སུ་དོང་ལ་ངའི་བཀའ་བཞིན་དུ་ཡང་གྱིས་ཤིག་།རྡོ་རྗེ་འབར་བ་གཅིག་ཏུ་འབར་བར་གྱུར་པ་འདིས་ཁྱེད་ཐམས་ཅད་གཏན་སྲེག་པར་འགྱུར་ཏ་རེ། དེ་ནས་ལྷ་ཆེན་པོ་ལ་སོགས་པ་ཐམས་ཅད་ཀྱིས་འདི་སྐད་སྨྲས་སོ། །ཁྱོད་ནི་གནོད་སྦྱིན་ངེད་ནི་ལྷ་བས་ན་ངེད་ཀྱིས་གནོད་སྦྱིན་གྱི་བཀའ་རྗེས་སུ་སྐྱོང་བར་མི་ནུས་སོ། །དེ་ནས་ཕྱག་ན་རྡོ་རྗེས་དེ་ཐོས་ནས་ཁྲོས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བདག་མ་རུངས་པ་ཐམས་ཅད་འདུལ་བར་དབང་བསྐུར་ཏེ་བསྐོས་སོ། །དེ་བས་ན་གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ལ་བཀའ་སྩལ་ན། ལྷ་ཆེན་པོ་འདི་འདུལ་བར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་ཆེན་པོ་ལ་འདི་སྐད་ཅེས་གསུངས་སོ། །སེམས་ཅན་ཆེན་པོ་ཁས་ལོང་ཤིག་།འདིས་ཁྱོད་བསད་ཏ་རེ། དེ་ནས་བཅོམ་ལྡན་འདས་ལ་ལྷ་ཆེན་པོ་ལ་སོགས་པ། འཇིག་རྟེན་གསུམ་ཐམས་ཅད་ཀྱི་དབང་པོ་ལྷ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གནོད་སྦྱིན་མ་རུངས་པ་འདིའི་བཀའ་བཞིན་དུ་བྱེད་པ་བདག་ཅག་མ་ལགས་སོ། །དེ་ནས་ལྷ་ཆེན་པོས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་གནོད་སྦྱིན་ང་ནི་ཐམས་ཅད་ཀྱི་དབང་པོ་ཆེན་པོ་བྱེད་པ་པོ་འཇོམས་པ་པོ་སྐྱེ་དགུའི་བདག་པོ་ཚངས་པའོ། །གཏོགས་འདོད་དོ། །དབང་ཕྱུག་ཆེན་པོའོ། །
92.3b
དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོ་ཁྲོས་ནས་འདི་སྐད་གསུངས་སོ། །ཁྱོད་ནི་ལུས་སྲུལ་པོ་མི་ཤ་ཟ་བ་མ་རུངས་པ་དྲག་ཤུལ་གྱི་ལས་བྱེད་པས་ན་གཏུམ་པ་སྟེ། ཤ་ཟའི་ལུས་སྲེལ་བ་ན་ཇི་ལྟར་ཚངས་པ་དང་གཏོགས་འདོད་དང་དབང་ཕྱུག་ཆེན་པོ་ཡིན་ཚངས་པ་ཞེས་བྱ་བ་ནི་མི་འགྱུར་བའོ། །གཏོགས་འདོད་ཅེས་བྱ་བ་ནི་ཐར་པའོ། །དབང་ཕྱུག་ཆེན་པོ་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་དབང་པོ་སྟེ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་དེ་ནི་ང་ཡིན་པས་འདུལ་ནུས་སོ། །དེ་ནས་དབང་ཕྱུག་ཆེན་པོ་ལྷ་ཆེན་པོ་ཁྲོས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ཏེ། འཇིགས་སུ་རུང་བ་ཆེན་པོའི་གཟུགས་ཁྲོས་པ་ཆེན་པོའི་གད་མོས་བགད་ནས་འཇིགས་པ་ཆེན་པོར་བྱེད་པ་འབར་བ་ཆེན་པོ་སྟོང་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་མཐའ་མེད་པ། གཟུགས་སྣ་ཚོགས་སུ་བྱས། འབར་བ་ཆེན་པོའི་གྲུབ་པ། མི་མཚུངས་པ་རྡོ་རྗེ་དང་མདུང་རྩེ་གསུམ་པ་དང་འཁོར་ལོ་དང་ཤག་ཏི་དང་བེ་ཅོན་དང་མི་མཚུངས་པའི་མཚོན་ཆ་འདེབས་ཤིང་གཏོང་བ་མ་མོ་རྣམས་ཀྱི་ཚོགས་དང་འབྱུང་པོའི་ཚོགས་རྣམས་དང་བཅས་པར་ཀུན་བསྟན་ཏོ། །བདུད་དང་བགེགས་བྱེད་པ་དང་མཐའ་དང་མུ་མེད་པའི་གཟུགས་སྣ་ཚོགས་སུ་སྤྲུལ། ཁྲོ་བོ་རབ་ཏུ་མི་བཟད་པ་མ་རུངས་པའི་ཚོགས་ཆེན་པོ་དང་ལྷན་ཅིག་ཏུ་རབ་ཏུ་འཐབ་ཅིང་ཤིན་ཏུ་འགྱེད་པ། གླིང་བཞིའི་འཇིག་རྟེན་གྱི་ཁམས་མཚན་མོའི་མུན་གནག་ཏུ་བྱས། འབར་བ་ཆེན་པོའི་ཕུང་པོས་ཀློངས་ཏེ་རབ་ཏུ་སྣང་བར་བྱས་སོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་བ་ཆེན་པོ་ཅུང་ཟད་མཆེ་བའི་ཐོག་མ་གཙིགས་པ། སྨིན་མཚམས་ཀྱི་ཁྲོ་གཉེར་གྱི་རླབས་བསྐྱོད་པ། མིག་གཡོན་པ་ཆེར་བགྲད་དེ། རྡོ་རྗེའི་ལྟ་བ་ཁྲོ་བ་དང་བཅས་པས་ཟབ་མོའི་ཚིག་གིས། སྙིང་པོ་མཆོག་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཔལ་ཞེས་བྱ་བ་འདི་གསུངས་སོ། །ཧཱུཾ། དེ་ནས་ཧཱུཾ་ཞེས་བྱ་བ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་སྒྲ་དེས་གང་ནས། གཡོས་རབ་ཏུ
92.4a
གཡོས། ཀུན་ཏུ་རབ་ཏུ་གཡོས་གཡོས་སོ། །འཁྲོལ་རབ་ཏུ་འཁྲོལ་ཀུན་ཏུ་རབ་ཏུ་འཁྲོལ་ལོ། །དེ་ནས་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷའི་ཚོགས་ཐམས་ཅད་བཅོམ་ལྡན་འདས་བསྐྱབ་དུ་གསོལ། བདེ་བར་གཤེགས་པ་བསྐྱབ་དུ་གསོལ་ཞེས་ནས་བཅོམ་ལྡན་འདས་ལ་སྐྱབས་སུ་དོང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་འདི་སྐད་གསུངས་སོ། །གང་འདི་ལྟ་བུའི་སྔགས་ཀྱི་ཚིག་སྨྲ་བ་ནི་ཁྱོད་རབ་ཏུ་མི་བགྲུངས་སོ། །དེ་ནས་ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ནས། ཡང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་འདི་གསུངས་སོ། །ོཾ་སུམ་བྷ་ནི་སུམ་བྷ་ཧཱུཾ། གྷྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་ཧཱུཾ་ཕཊ། དེ་ནས་འདི་གསུངས་པ་ཙམ་གྱིས་ལྷ་ཆེན་པོ་ལ་སོགས་པ་ལྷའི་བདག་པོ་ཐམས་ཅད་འཁོར་དང་བཅས་པར། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གང་ན་བ་དེར་མགོ་རྐང་བཟློག་སྟེ། རི་རབ་རིའི་རྩེ་མོའི་དཀྱིལ་འཁོར་ཆེན་པོར་བཙུད་ནས་བརླམས་པར་བྱས་ཏེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཞབས་གཡོན་པས་མནན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཕྱག་ན་རྡོ་རྗེ། ཁྱོད་ཀྱིས་འདི་འདྲ་བར་སེམས་ཅན་འདུལ་བར་བྱེད་པ་ལེགས་སོ་ལེགས་སོ། །དེ་བས་ན་ཐུལ་ལ་དབུགས་བྱུང་ཤིག་།དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་དག་གི་དོན་གྱི་ཕྱིར་རྡོ་རྗེས་བཅིངས་པ་འདི་གསུངས་སོ། །ཧཱུཾ་བཛྲ་ཌྀ་ཌྷོ་མེ་བྷ་བ་རཀྵ་སརྦཱན་སཝཱ་ཧཱ། དེ་ནས་ཕྱག་ན་རྡོ་རྗེས་འདི་གསུངས་པ་ཙམ་གྱིས་ལྷ་ཆེན་པོ་ལ་སོགས་པ་ལྷ་དེ་དག་ཐམས་ཅད་དྲན་པ་རྙེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་གསུངས་སོ། །གྲོགས་པོ་དག་སེམས་ཅན་ཆེན་པོ་འདིའི་བཀའ་བཞིན་དུ་བྱེད་པར་ཁས་ལོང་ཤིག་།དེ་ནས་བཅོམ་ལྡན་འདས་ལ་དེ་དག
92.4b
ཐམས་ཅད་མགྲིན་གཅིག་ཏུ་བདག་ཅག་མཆིད་ཀྱིས་འཚལ་ལོ་ཞེས་གསོལ་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡང་རང་གི་སྙིང་པོ་འདི་གསུངས་སོ། །ཧཱུཾ་ཊཀྐི་ཧོ། དེ་ནས་འདི་བརྗོད་པ་ཙམ་གྱིས་ལྷ་ལ་སོགས་པ་ཐམས་ཅད་དབང་དུ་བྱས་ཏེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་བྱས་ནས་མཆི་མ་བླགས་ཏེ་ང་རོ་བཏོན་ནས་སྐྱབས་སུ་དོང་སྟེ། བཅོམ་ལྡན་འདས་བསྐྱབ་ཏུ་གསོལ། ད་བདག་ཅག་ཁྱོད་ཀྱི་བཀའ་ཉན་ན་ཅི་ལྟར་བགྱི་བ་བཀའ་སྩལ་དུ་གསོལ་ཞེས་སོ། །དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོས་དེ་རྣམས་ལ་གསུངས་པ། གྲོགས་པོ་དག་བྱང་ཆུབ་ཀྱི་སེམས་དང་སྡོམ་པ་གཟུང་བར་ཁས་ལོང་ཤིག་།དེ་དག་གིས་གསོལ་པ། བཅོམ་ལྡན་འདས་བདག་ཅག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྙེན་བཀུར་བགྱིད་ཅིང་བྱང་ཆུབ་ཏུ་འང་སེམས་བསྐྱེད་པར་འཚལ་ལོ། །དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོས་ཡང་དེ་རྣམས་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་དུ་བཙུད་ནས་སྡོམ་པ་འཛིན་དུ་བཅུག་སྟེ། བྱང་ཆུབ་སེམས་ནི་བརྟན་བྱས་པ། །སེམས་ཅན་ཐམས་ཅད་བདེ་བ་སྩལ། །ཕྱག་ན་རྡོ་རྗེ་བདག་ཆེན་དང ། །འདོད་པ་སྨད་པར་མི་བྱའོ། །འདི་ནི་གསང་བ་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་སྡོམ་པ་འཛིན་དུ་བཅུག་ནས། དམ་ཚིག་བྱིན་པ་ནི། ཨོཾ་བཛྲ་ས་མ་ཡ་ཨ་བྷི་ཥིཉྩ་མ་བི་རཱ་ག་ཡ་སརྦ་ཀ་མཱན་ཧཱུཾ་ཕཊ། དེ་ནས་དེ་དག་གིས་སྨྲས་པ། འདི་ནི་བདུད་ཀྱིས་སྨྲས་པས་ན་བདག་ཅག་མི་ཉན་ཏོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དེ་དག་ལ་ཁྱེད་ཅག་གིས་འདི་ལ་མ་བརྙས་ཤིག་ཅེས་གསུངས་པ་དང ། དེ་དག་གིས་གསོལ་པ། ཇི་ལྟར་འདོད་ཆགས་དང་བྲལ་བ་ནི་སངས་རྒྱས་ཀྱི་བྱང་ཆུབ་བོ་ཞེས་བཅོམ་ལྡན་འདས་ཉིད་ཀྱིས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པ། ཀྱེ་གྲོགས་པོ་དག་ང་ནི་ཇི་ལྟར་འདུལ་བཞིན་དུ་བྱེད་པ་སྟེ། འདི་ཉིད་ཀྱིས་འཇིག་རྟེན་གྱི
92.5a
ཁམས་འདི་སུན་འབྱིན་ཏེ། ཇི་ལྟར་བདེ་བ་ལ་མི་ཆགས་པ་དང་སྡུག་བསྔལ་ལ་འདོད་ཆགས་པ་ཅན་ཇི་ལྟ་བུས་འཇིག་རྟེན་འདུལ་བར་འགྱུར་བའི་ཆོས་སངས་རྒྱས་བཅོམ་ལྡན་འདས་རྣམས་འཆད་པར་མཛད་དེ། དེ་དག་སྦྱང་བའི་ཕྱིར་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀུན་ཏུ་བཟང་པོ་བྱང་ཆུབ་སེམས་དཔས་ཅི་ནས་འདོད་ཆགས་དང་བྲལ་བར་མ་བྱེད་ཅིག་ཅེས་བཀའ་སྩལ་ཏོ། །དེ་ནས་ཕྱག་ན་རྡོ་རྗེས་ཡང་གསུངས་པ། །ོཾ་བཛྲ་ས་མ་ཡ་ཨ་བྷི་ཥིཉྩཱ་མི་བི་རཱ་ག་ཡ་སརྦ་ཀཱ་མཱཾ་ཧཱུཾ་ཕཊ། དེ་ནས་དེ་དག་གིས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་ནོ་ཞེས་གསོལ་ཏོ། །དེ་ནས་ཡང་ཕྱག་ན་རྡོ་རྗེས་ལག་ཏུ་རྡོ་རྗེ་བྱིན་ཏེ་རྡོ་རྗེའི་དབང་བསྐུར་བ་འདི་བྱིན་ནོ། །ོཾ་བཛྲ་ཨ་བྷི་ཥིཉྩ་སརྦ་ཏ་ཐཱ་ག་ཏ་བཛྲ་དྷ་རོཏྟྭ་བཛྲ་པཱ་ཎི་ཧཱི། ཧ་ཧ་ཧ་ཧ། དེ་ནས་རྡོ་རྗེ་མིང་གིས་དབང་བསྐུར་བ་བྱིན་པ་ནི་འདི་ལྟ་སྟེ། དབང་ཕྱུག་ཆེན་པོ་ནི་རྡོ་རྗེ་རིག་སྔགས་མཆོག་གོ། །མཐུ་བོ་ཆེ་ནི་རྡོ་རྗེ་སྒྱུ་མའོ། །ཚངས་པ་ནི་རྡོ་རྗེ་མི་སྨྲ་བའོ། །སྒྲ་གཞོན་ནུ་ནི་རྡོ་རྗེ་དྲིལ་བུའོ། །དབང་པོ་ནི་རྡོ་རྗེ་འཐབ་ཆ་སྟེ། དེ་དག་ལ་སོགས་པ་འཇིག་རྟེན་གསུམ་གྱི་དབང་པོ་ཐམས་ཅད་རིག་པའི་བློན་པོ་ཆེན་པོར་དབང་བསྐུར་རོ། །དེ་ནས་པར་སྣང་ལ་རྒྱུ་བ་རྣམས་རྡོ་རྗེ་མིང་གིས་དབང་བསྐུར་བ་བྱིན་པ་ནི་འདི་ལྟ་སྟེ། བདུད་རྩི་འཁྱིལ་བ་ནི་རྡོ་རྗེ་འཁྱིལ་པའོ། །ཟླ་བ་ནི་རྡོ་རྗེ་འོད་དོ། །བེ་ཅོན་རྩེ་མོ་ནི་རྡོ་རྗེ་བེ་ཅོན་ནོ། །སྐྱ་བླེང་ནི་རྡོ་རྗེ་སྐྱ་བླང་སྟེ། དེ་རྣམས་ནི་རྡོ་རྗེ་ཁྲོ་བོར་དབང་བསྐུར་རོ། །དེ་ནས་ནམ་མཁའ་ལ་རྒྱུ་བའི་ལྷ་རྣམས་མིང་གིས་དབང་བསྐུར་བ་བྱིན་པ་ནི། འདི་ལྟ་སྟེ་ཆང་གིས་མྱོས་པ་ནི་རྡོ་རྗེས་ཟིན་པའོ། །ཆང་བྱེད་ནི་རྡོ་རྗེ་ཕྲེང་བའོ། །རྒྱལ་བ་ནི་རྡོ་རྗེ་དབང་ངོ ། །རྒྱལ་བ་སྐྱེས་པ་ནི་རྡོ་རྗེ་རྣམ་པར་རྒྱལ་བ་སྟེ། དེ་དག་ལ་སོགས་པ་ནི་ཚོགས་ཀྱི་བདག་པོར་དབང་བསྐུར་རོ། །དེ་ནས་ས་པ་རྣམས་རྡོ་རྗེ་མིང་གིས་དབང་བསྐུར་བ་བྱིན་པ་ནི་འདི་ལྟ་སྟེ། མཛོད་སྐྱོང་ནི་རྡོ་རྗེ་དྲུ་ཤིང་ངོ ། །རླུང་ནི་རྡོ་རྗེ་རླུང་ངོ ། །མེ་ནི་རྡོ་རྗེ་མེའོ། །ཀུ་བེ་ར་ནི་རྡོ་རྗེ
92.5b
འཇིགས་པ་སྟེ། དེ་དག་ལ་སོགས་པ་ནི་ཕོ་ཉར་དབང་བསྐུར་རོ། །དེ་ནས་སའི་འོག་ན་གནས་པའི་ལྷའི་དབང་པོ་ཐམས་ཅད་རྡོ་རྗེ་མིང་གིས་དབང་བསྐུར་བ་བྱིན་པ་ནི་འདི་ལྟ་སྟེ། ཕག་ནི་རྡོ་རྗེ་ཀྱོ་བའོ། །གཤིན་རྗེ་ནི་རྡོ་རྗེ་ནག་པོའོ། །སའི་སྤྱི་བོ་ནི་རྡོ་རྗེ་རྣམ་འདྲེན་ནོ། །བ་རུ་ཎ་ནི་རྡོ་རྗེ་ཀླུ་སྟེ། དེ་དག་ལ་སོགས་པ་ནི་རྡོ་རྗེ་བྲན་དུ་དབང་བསྐུར་རོ། །དེ་ནས་འཇིག་རྟེན་གསུམ་གྱི་བདག་པོ་རྣམས་ཀྱི་ལྷ་མོ་ཐམས་ཅད་ཀྱི་ལག་ཏུ་རྡོ་རྗེ་བྱིན་ཏེ། རྡོ་རྗེའི་དབང་བསྐུར་ནས་རྡོ་རྗེ་མིང་གི་དབང་བསྐུར་བ་བྱིན་པ་ནི་འདི་ལྟ་སྟེ། ཉོན་མོངས་པ་ནི་རྡོ་རྗེ་ཁྲོ་བོའི་མེའོ། །ནོར་ཅན་ནི་རྡོ་རྗེ་གསེར་མའོ། །ཚངས་པ་ནི་རྡོ་རྗེ་ཞི་བའོ། །དུག་མོ་ནི་རྡོ་རྗེ་གཞོན་ནུ་མའོ། །དབང་མོ་ནི་རྡོ་རྗེ་ཁུ་ཚུར་ཏེ། དེ་དག་ལ་སོགས་པ་ནི་རིག་སྔགས་ཀྱི་བློན་མོ་ཆེན་མོར་དབང་བསྐུར་རོ། །དེ་ནས་པར་སྣང་ལ་རྒྱུ་བའི་མ་རྣམས་དབང་བསྐུར་བ་བྱིན་པ་ནི་འདི་ལྟ་སྟེ། བདུད་རྩི་མ་ནི་རྡོ་རྗེ་བདུད་རྩི་མའོ། །འཁྲུང་མ་ནི་རྡོ་རྗེ་སྡུག་གུ་མའོ། །བེ་ཅོན་འཆང་མ་ནི་རྡོ་རྗེ་བེ་ཅོན་རྩེ་སྐྱེ་འཕྲོག་མ་ནི་རྡོ་རྗེ་རྐེད་ཆིངས་ཏེ། དེ་དག་ལ་སོགས་པ་ནི་རྡོ་རྗེ་ཁྲོ་མོར་དབང་བསྐུར་རོ། །དེ་ནས་ནམ་མཁའ་ལ་རྒྱུ་བའི་མ་རྣམས་དབང་བསྐུར་བ་བྱིན་པ་ནི་འདི་ལྟ་སྟེ། གསོད་མ་ནི་རྡོ་རྗེ་གསོད་མའོ། །ཟ་བ་མོ་ནི་རྡོ་རྗེ་ཟ་བ་མའོ། །གོས་ནི་རྡོ་རྗེ་བགོ་བ་མའོ། །དགའ་མོ་ནི་རྡོ་རྗེ་དབང་མོ་སྟེ། དེ་དག་ལ་སོགས་པ་ནི་རྡོ་རྗེ་ཚོགས་མ་མོར་དབང་བསྐུར་རོ། །དེ་ནས་ས་ལ་རྒྱུ་བའི་མ་རྣམས་དབང་བསྐུར་བ་བྱིན་པ་ནི་འདི་ལྟ་སྟེ། ཞི་བ་མོ་ནི་རྡོ་རྗེ་ཕོ་ཉ་མའོ། །རླུང་མ་ནི་རྡོ་རྗེ་མགྱོགས་མའོ། །མེ་ནི་རྡོ་རྗེ་འབར་མའོ། །ཀུ་བེ་ར་ནི་རྡོ་རྗེ་ཐག་ཐུག་མ་སྟེ། དེ་དག་ལ་སོགས་པ་ནི་རྡོ་རྗེ་ཕོ་ཉ་མོར་དབང་བསྐུར་རོ། །དེ་ནས་ས་འོག་ན་གནས་པའི་མ་ཐམས་ཅད་དབང་བསྐུར་བ་བྱིན་པ་ནི་འདི་ལྟ་སྟེ། ཕག་མོ་ནི་རྡོ་རྗེ་གདོང་ངོ ། །མགོ་ལྤགས་མ་ནི་རྡོ་རྗེ་ནག་མོའོ། །སྣ་ཆད་མ་ནི་རྡོ་རྗེ་མྱགས་མའོ། །ཀླུ་མོ་ནི་རྡོ་རྗེ་ཆུ་སྲིན་མ་སྟེ། དེ་དག་ལ་སོགས་པ་ནི་རྡོ་རྗེ་བྲན་མོར་དབང་བསྐུར་རོ། །དེ་ནས་ཕྱག་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོས་བཙུད་པ་དེ
92.6a
དག་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་བསྐྱེད་ནས་རྡོ་རྗེ་དམ་ཚིག་བྱིན་པའོ། །ོཾ་བ་ལི་ཏོད་བ་ལི་ཏ་བཛྲ་ཨཱ་ཀར་ཥ་ཡ་ཧཱུཾ་ཛ། ལྷ་རྣམས་དགུག་པའོ། །ོཾ་བཛྲ་ཨ་གྲི་པི་ཊཱ་ཡ་ས་མ་ཡ་ཧཱུཾ། བར་སྣང་ལ་རྒྱུ་བ་རྣམས་ཀྱིའོ། །ོཾ་བཛྲ་མཱ་ལཱ་གྲ་ལཾ། ཕྲེང་བ་འཆང་བ་རྣམས་ཀྱིའོ། །ོཾ་བཛྲ་བནྡྷ་ཧཾ། ས་ལ་རྒྱུ་བ་རྣམས་ཀྱིའོ། །ོཾ་བཛྲ་པཱ་ཏཱ་ལ་བཉྫ་བཉྫ་ཧཱུཾ་ཕཊ། འོག་ན་གནས་པ་རྣམས་ཀྱིའོ། །ོཾ་ཧེ་རུ་ཀ་བཛྲ། ས་མ་ཡ་སརྦ་ཏུཥྚ་ས་མ་ཡ་མུ་པྲ་བྷནྡྷ་ཙཀྲ་ཧཱུཾ་ཕཊ་མ་མོ་རྣམས་ཐམས་ཅད་ཀྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་ན་རྡོ་རྗེས་ཕྱག་འཚལ་ནས་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་སེམས་ཅན་ཐམས་ཅད་འདུལ་བ་ལགས་ན། བཅོམ་ལྡན་འདས་མ་རུངས་པའི་སེམས་ཅན་གྱི་དཀྱིལ་འཁོར་དེ་དག་ཇི་ལྟར་བགྱི་བ་བཀའ་སྩོལ་ཅིག་།བཅོམ་ལྡན་འདས་ཀྱིས་གསུངས་པ། གང་གིས་སེམས་ཅན་དེ་རྣམས་ཐམས་ཅད་ལ་ཕན་པ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དམ་ཚིག་འདི་ཉིད་ལ་ཚུད་ཅིག་།དེ་ནས་ཡང་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་མཁའ་འགྲོ་མ་ལ་སོགས་པའི་གདོན་འདི་དག་ལ་ཇི་ལྟར་ནན་ཏན་བགྱི། རིམས་ལ་སོགས་པ་ཇི་ལྟར་བགྱི། དམྱལ་བ་ལ་སོགས་པ་ངན་སོང་གི་རྣམས་ཇི་ལྟར་བགྱི། བཅོམ་ལྡན་འདས་ཀྱིས་གསུངས་པ། དམ་ཚིག་དེ་ཉིད་ལ་ནན་ཏན་བྱེད་དུ་ཚུད་ཤིག་།དེ་ནས་ཕྱག་ན་རྡོ་རྗེས་ཡང་གསོལ་པ། བཅོམ་ལྡན་འདས་མི་རྣམས་ཇི་ལྟར་ནན་བགྱི། བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོར་བཙུད་ནས། རྡོ་རྗེའི་དཀྱིལ་འཁོར་དུ་ཚུད་ཅིག་།རྡོ་རྗེའི་དཀྱིལ་འཁོར་དུ་བཙུད་ནས་དམ་ཚིག་གི་དཀྱིལ་འཁོར་དུ་ཚུད་ཅིག་།དམ་ཚིག་གི་དཀྱིལ་འཁོར་དུ་བཙུད་ནས་ལས་ཀྱི་དཀྱིལ་འཁོར་དུ་ཚུད་ཅིག་།དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ
92.6b
སེམས་དཔའ་ཆེན་པོ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ། ཚིགས་སུ་བཅད་པ་འདི་སྨྲས་སོ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སངས་རྒྱས་ཀུན་གྱིས་བྱིན་བརླབས་ཏེ། །གྲུབ་པ་ཐམས་ཅད་བྱེད་པའི་མཆོག་།དཀྱིལ་འཁོར་ཆེན་པོ་བཤད་པར་བྱའོ། །དེ་ནས་ཡང་དག་རབ་བཤད་པ། །དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །ཆོས་ཀྱི་འཁོར་ལོ་ཚུལ་འདྲ་བར། །དཀྱིལ་འཁོར་ཐམས་ཅད་ཐིག་གདབ་བོ། །དེ་ལ་སྲད་བུ་བྲེ་བའི་ཆོ་ག་ནི་འདི་ལྟ་སྟེ། གསར་ཞིང་ལེགས་པར་བྱས་པ་དང ། །ཚད་མ་བཟང་པོ་སྲད་བུ་ཡིས། །ཤེས་རབ་ཅན་གྱིས་སྲད་བྲེ་བ། །འཇིག་རྟེན་གསུམ་རྒྱལ་དྲན་ཞིང་ངོ ། །དེ་ཡི་དབུང་དུ་གདབ་པ་ནི། །སེང་ལྡེང་ཕུར་པ་བརྟེན་པར་རོ། །དེ་ལ་སྲད་བུ་བྲེ་གསུངས་པའི། །སྲད་བུ་ཉིས་ལྡབ་ཀྱིས་བྱས་ཏེ། །བཅུ་དྲུག་ཆ་རུ་བགོ་བར་བྱ། །ཐམས་ཅད་དུ་ནི་རིམ་གསུམ་མཆོག་།ཁོ་ར་ཁོར་ཡུག་རི་དག་ཀྱང ། །ཕུར་བུ་ཡིས་ནི་དེ་བཞིན་ནོ། །དེ་ཡི་ནང་དུ་བྱ་བ་ནི། །སྲད་བུ་རིམ་བདུན་ལྡན་པར་ཏེ། །ཚོན་སེར་དྲི་ཞིམ་ལྡན་པ་ཡིས། །ཐིག་རྣམས་ཀྱང་ནི་གདབ་པར་བྱ། །དེ་ཡི་དབུས་སུ་གཞག་པ་ནི། །ཤིན་ཏུ་བཀྲབས་པའི་ནས་ཕུལ་བཞིའོ། །དེ་ཡི་སྟེང་དུ་མགོན་པོ་སྟེ། །སངས་རྒྱས་གཟུགས་བརྙན་བཞག་པར་བྱ། །སངས་རྒྱས་ཐད་སྐོར་ཐམས་ཅད་དུ། །བྱང་ཆུབ་བརྒྱད་ནི་རིམ་བཞིན་པར། །བྲི་འམ་ཡང་ན་བཞག་པར་བྱ། །ཚོན་སྣ་ལྔ་མཆོག་རྣམས་ཀྱིས་སོ། །སངས་རྒྱས་སྤྱན་སྔ་དེ་རུ་ནི། །ཕྱག་ན་རྡོ་རྗེ་དེ་བཞིན་ནོ། །བྲི་འམ་བཞག་པར་བྱ་བ་ནི། །རྡོ་རྗེ་ཧཱུཾ་ཞེས་པར་འདུས་སོ། །དེ་ཡི་ཞབས་ནི་གཡོན་པ་ཡིས། །དབང་ཕྱུག་ཆེན་པོ་མནན་པར་བྱའོ། །གཡས་པའི་ཞབས་ཀྱིས་བཙིར་བ་ནི། །ཉོན་མོངས་མ་ཡིན་ལྷ་མོའོ། །འདོད་དྲུག་སྤྱོད་པའི་ལྷ་རྣམས་དག་།སྲད་བུ་རིམ་བདུན་བར་དག་ཏུ། །བྲི་འམ་ཡང་ན་བཞག་པར་བྱ། །རྡོ་རྗེ་ཤུགས་ཀྱིས་འགོངས་ནས་སུ། །ཕྱི་རོལ་བྱུང་ནས་དེ་རུ་ཡང ། །གླིང་རྣམས་བཞི་ཡང་བྲི་བར་བྱ། །དབྱིབས་དང་ཆོ་ག་ཇི་བཞིན་དུ། །གྲཝ་ཡི་རི་མོ
92.7a
ལེགས་པར་དགོད། །གླིང་རྣམས་དབུས་ནི་ཐམས་ཅད་དུ། །འཇིག་རྟེན་ཇི་བཞིན་བསོགས་པར་བྱའོ། །ཚངས་པ་ལ་སོགས་བཞི་ཡི་རྣམས། །དེ་རུ་འཇིག་རྟེན་དབང་པོ་བྲི། །ཁོ་ར་ཁོར་ཡུག་རི་དང་ནི། །གླིང་རྣམས་ཀྱི་ཡང་བར་དག་ཏུ། །ཕྱི་ཡི་རྡོ་རྗེའི་རིགས་རྣམས་ཀྱི། །དཀྱིལ་འཁོར་ཡང་དག་བྲི་བར་བྱ། །སྒོ་སྲུངས་བྲི་བར་བྱ་བ་ཡང ། །རྡོ་རྗེ་སྒོ་བཞི་དེ་དག་ཏུ། །རྡོ་རྗེ་ཀྱོ་བ་ཞགས་པ་དང ། །སྒྲོག་དང་དྲིལ་བུ་དེ་བཞིན་ནོ། །ཁོ་ར་ཁོར་ཡུག་རི་ཡི་ནི། །ཕྱི་རོལ་དམྱལ་བ་བརྒྱད་རྣམས་སོ། །གནམ་དལ་དང་ནི་ནད་དག་དང ། །མཁའ་འགྲོ་མ་དང་གདོན་དྲག་རྣམས། །བཞག་གམ་ཡང་ན་བྲི་བར་བྱ། །ཆོས་མིན་ཅན་ནི་གཞིག་ཕྱིར་རོ། །དེ་ཡི་ཕྱི་རོལ་དུ་དགོད་པ། །གཏོར་མ་སྣ་ཚོགས་མཆོག་རྣམས་སོ། །དེ་ནས་དཀྱིལ་འཁོར་ཆེན་པོའི་ཆོ་ག་འབྱུང་སྟེ། དེ་ལ་ཐོག་མ་ཉིད་དུ་སློབ་དཔོན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ཏེ་འཇུག་པ་ནི། གཙང་མ་གོས་གཙང་མ་བགོས་ལ། སེ་རལ་ཐེ་གུ་དམར་པོ་ཐོགས་ནས་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ལ་དེའི་སྟེང་དུ་དྲི་ཞིམ་པོའི་མེ་ཏོག་བཞག་ནས། སྙིང་པོ་འདི་བརྗོད་ལ་ཞུགས་ཤིག་།ོཾ་བཛྲ་པྲ་ཏཱི་ཙྪ་མ་མ་ཧ་ཧ་ཧ་ཧ་ཧི། དེ་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་དུ་རུ་སྐའི་བདུག་པ་འམ་ཅི་བདོག་པས་གསོལ་ཏོ། །རྡོ་རྗེ་འཛིན་མ་མཛུབ་མོ་གཉིས་ཀྱོ་བ་ཏང་དུ་བྱས་ལ་སྙིང་པོ་ནི་འདི་བརྗོད་དོ། །ོཾ་ཨུ་རུ་གྲ་གྲ་བི་རི་ཎྀ་བི་རི་ཎི། བཛྲ་མ་ཡ་ཧི། བྷི་ད་ཡེ་སཝཱ་ཧཱ། ཉི་ཤུ་རྩ་གཅིག་བཟླས་ན། དེ་ལས་མཚན་མ་འབྱུང་བ་ནི་བ་སྤུ་གཡོ་བ་ལ་སོགས་པ་དང་ས་གཡོ་བའམ་དྲི་ཞིམ་པོ་འམ་འོད་ཟེར་མཐོང་བའོ། །དེ་ནས་ཕྱག་ན་རྡོ་རྗེའི་སྤྱི་བོར་མེ་ཏོག་གཏོར་ཅིག་།དེ་ནས་སློབ་མ་གཞུག་སྟེ། དེ་ལ་ཐོག་མ་ཉིད་དུ་བཀྲུས་ནས་སློབ་མ་གོས་གཙང་མ་བསྐོན་ཏེ་གསུམ་ལ་སྐྱབས་སུ་བཏང་བ་དང ། བསླབ་པའི་སྡོམ་པ་འཛིན་པ་ལ་སོ་སོར་གནས་པར་བྱས་ནས་བྱང་ཆུབ་ཀྱི་སེམས་སྐྱེད་ཅིག་།དེ་ནས་གདོང་རས་ཀྱིས་གཡོགས་མགོ་གཙུག
92.7b
ཏོར་དུ་བྱས་ཏེ། རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ལ་ཆུག་ཅིག་།བཅུག་ནས་མེ་ཏོག་གཏོར་ཏེ། དེ་ནས་གང་ལ་བབ་པ་ནི་དེའི་ལྷའོ། །དེ་ནས་གདོང་བཅིངས་པ་བཀྲོལ་ནས་རང་གི་རིག་པའི་ལྷ་སྟོན་ལ། དེ་ལ་མཆོད་ཅིང་སློབ་དཔོན་ལ་ཡང་ཅི་འདོད་པའི་ཡོན་ཕུལ་ནས། དེ་རང་གི་རིག་པ་འམ་སྔགས་བཟླས་ཏེ་ཕྱག་རྒྱ་འང་བཅིང་ངོ ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས། འཇིག་རྟེན་གསུམ་གྱི་འཁོར་ལོ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོའོ། ། དེ་ནས་རྡོ་རྗེའི་དཀྱིལ་འཁོར་འབྱུང་སྟེ། རྡོ་རྗེའི་ཕྲེང་བ་མཉམ་ལྡན་པས། །རྡོ་རྗེའི་དཀྱིལ་འཁོར་བརྟག་པར་བྱའོ། །འཇུག་པར་བྱ་བ་དེ་བཞིན་ཏེ། །ལས་ཀྱང་དེ་དང་འདྲ་བར་བྱའོ། །དཀྱིལ་འཁོར་དེ་རུ་ཞུགས་ནས་སུ། །དེ་བཞིན་རྡོ་རྗེ་གསོར་བར་བྱ། །འཇིག་རྟེན་གསུམ་རྒྱལ་རབ་བསླབས་ནས། །རྡོ་རྗེ་མཆོག་ནི་བསྒྲུབ་པར་བྱ། །དེ་ལ་རྡོ་རྗེ་བསྒྲུབ་པའི་ཆོ་ག་ནི། ལག་པ་གཉིས་ཀྱིས་རྡོ་རྗེའི་ཕྱག་རྒྱ་འཛིན་པས་རྡོ་རྗེ་བཟུང་ལ། ཇི་སྲིད་ན་འགུལ་བ་དེ་སྲིད་དུ་བཟླས་སོ། །དེ་ཕྱིན་ཅད་རྡོ་རྗེ་དེས་ལས་ཐམས་ཅད་བྱེད་དོ། །རྡོ་རྗེའི་དཀྱིལ་འཁོར་རོ། །དེ་ནས་དམ་ཚིག་གི་དཀྱིལ་འཁོར་འབྱུང་སྟེ། དཀྱིལ་འཁོར་ཆེན་པོ་ཀུན་བྲིས་ནས། །མཚན་མ་ཐམས་ཅད་བསྟན་པར་བྱ། །འཇུག་པ་རྡོ་རྗེ་དྲིལ་བུ་དང ། །རྡོ་རྗེ་འཛིན་མཆོག་ཕྱག་རྒྱས་སོ། །དེ་ལ་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི་འདི་ཡིན་ནོ། །རྡོ་རྗེ་འཛིན་མ་ཀུན་བྱས་ནས། །རྡོ་རྗེར་ཀུན་ཏུ་བརྟག་པར་བྱ། །གཡས་པར་བཞག་ནས་གཡོན་པ་ཡིས། །དྲིལ་བུ་གསིལ་ཞིང་འཇུག་པར་བྱ། །བཅུག་ནས་སུ་ནི་དྲིལ་བུ་དེ། །མཉམ་པར་བཞག་པས་གསིལ་བར་བྱ། །སློབ་དཔོན་གྱུར་ཅིག་དམ་ཚིག་ཀྱང ། །རྟག་ཏུ་བསྲུངས་ཤེས་བརྗོད་པར་བྱ། །ཇི་ལྟར་དྲིལ་བུའི་སྒྲ་འདི་ནི། །དེ་ཡི་མི་རྟག་པ་རུ་གསུངས། །དེ་ལྟར་ཁྱོད་ལ་བྱིན་པ་ནི། །རྡོ་རྗེ་ཆེན་པོ་ཞེས་བྱ་འདིས། །ངེས་པར་སྲེག་པར་གྱུར་པ་ནི། །དེ་སྟེ་རྡོ་རྗེ་འཛིན་དད་དང ། །སྐྱབས་གསུམ་བརྟུལ་ཞུགས་དེ་བཞིན་ཏེ། །དེ་ལྟར་བྱང་ཆུབ
92.8a
སེམས་འདོད་རྣམས། །ཁྱོད་ཀྱིས་འདི་ཚེ་སྤངས་གྱུར་ནའོ། །དེ་ལ་འདི་ཉིད་དམ་ཚིག་གི་སྔགས་སོ། །ོཾ་ཧ་ན་ས་མ་ཡ་ཧཱུཾ་ཕཊ། དེ་ནས་དེ་བཞིན་དུ་འདུག་ལ་རྡོ་རྗེའི་ཆུ་འདི་བསླུད་དོ། །དེ་ནས་གདོང་བཅིངས་པ་བཀྲོལ་ནས་ཆོ་ག་དེ་བཞིན་དུ་བྱའོ། །དམ་ཚིག་གི་དཀྱིལ་འཁོར་རོ། །དེ་ནས་ལས་ཀྱི་དཀྱིལ་འཁོར་འབྱུང་སྟེ། དེ་བཞིན་དཀྱིལ་འཁོར་བྲིས་ནས་སུ། །ཆ་ལུགས་མང་པོ་བཞག་པར་བྱ། །བཙུད་ནས་ལས་རྣམས་ཐམས་ཅད་ཀྱང ། །སློབ་དཔོན་གྱིས་ནི་དེ་བཞིན་བསླབ། །དེ་ནས་ལས་ཀྱི་རབ་ཏུ་སྦྱོར་བ་འདིའོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐབ་གྲུ་བཞིར་བྱས་ལ། མངར་པོའི་ཡམ་ཤིང་ལ་མེ་བུས་ལ། མངར་པོའི་མེ་ཏོག་དང་འབྲས་བུ་རྣམས་སྦྲང་རྩི་དང་ལྡན་པའི་མར་ལས་སྦགས་ཏེ། བླ་གོས་གཡས་སུ་གཟར་ལ་ཀུ་ཤའི་བམ་པོ་ལ་འདུག་སྟེ། རྡོ་རྗེའི་ཚིག་ཏུ་བཟླས་ཤིང་ཞི་བ་དང་རྒྱས་པ་དང ། དབང་དུ་བྱ་བ་ལ་སོགས་པའི་ཞི་བའི་ལས་རྣམས་ལ་ལག་པ་གཡོན་པས་བདག་གིས་ཕྱག་རྒྱ་བཅིངས་ཏེ། གཡས་པས་བསྲེགས་ན་དེ་དག་གྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱི་རྒྱབ་ཏུ་ཐབ་ཟུར་གསུམ་དུ་ཁྲོ་བོའི་ཚེར་མ་རྣོན་པོའི་ཡམ་ཤིང་དང་འདབ་མ་དང་མེ་ཏོག་དང་ཡལ་གའི་རྩེ་མོ་དང་སྡོང་བུ་དང ། འབྲས་བུ་ཡང་དེ་དང་འདྲ་བ་རང་གི་ཁྲག་གིས་བསྐུས་ནས་སྟན་འཁྲང་པོ་ལ་འདུག་སྟེ། བླ་གོས་གཡོན་དུ་གཟར་ལ་ཁྲོས་པའི་ཚིག་བཟླས་ཤིང་གཡོན་པས་སྲེགས་ན། དགུག་པ་དང་གཞུག་པ་དང་བཅིང་བ་དང་རྒྱས་གདབ་པ་དང་གཞོམ་པ་དང་བཙིར་བ་དང་བསྙལ་བ་དང་མྱོས་པར་བྱ་བ་དང་གཏན་འཕོ་བ་ལ་སོགས་པའི་ལས་དྲག་པོ་རྣམས་རབ་ཏུ་འགྲུབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དགུག་པ་དང་གཞུག་པ་དང་དམ་ཚིག་གིས་བཅིངས་པ་དང་དབང་དུ་བྱ་བ་ལ་སོགས་པ་གྲུབ་པ་ཐམས་ཅད་ཀྱི་ལས་ནི་བཅོམ་ལྡན་འདས་ཀྱི་གཡས་སུ་རྩཝ་འཇམ་པོ་བཏིང་བ་ལ་འདུག
92.8b
ནས། སྟོད་གཡོགས་སྦྱར་མ་ལྟར་བགོས་ཏེ་ཏིང་ངེ་འཛིན་གྱིས་བཟླས་ཤིང་འཁོར་ལོ་ལྟ་བུའི་ཐབ་ཏུ་དུ་བ་མེད་པའི་མདག་མ་ལ། ཏིལ་དང་འབྲས་ལ་སོགས་པ་ནས་འབྲས་གཡས་གཡོན་གྱིས་བསྲེག་གོ། །བཅོམ་ལྡན་འདས་ཀྱིས་གཡོན་དུ་རྡོ་རྗེ་ལྟ་བུའི་ཐབ་བྱས་ལ་སྟོད་གཡོགས་ཀྱིས་ཡན་ལག་ཀུན་བཅིངས་ཏེ། རློད་སྟན་འཇམ་པོ་ལ་འདུག་ནས། ཡམ་ཤིང་ཐམས་ཅད་འབར་བའི་ཕྲེང་བ་ལ་འཛིངས་པའི་མེ་ལ་ལག་པ་གཡས་པ་རྡོ་རྗེ་དང་བཅས་པ་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་བཅིངས་ནས། ལག་པ་གཡོན་པ་རྡོ་རྗེ་ཁུ་ཚུར་འཛིན་པས་གཟར་བུ་བཟུང་ནས་འཛུམ་ཞིང་དགའ་བར་བྱས་ཏེ། རྡོ་རྗེ་ཚིག་གིས་ཟློས་ཤིང་རོ་ཐམས་ཅད་བསྲེགས་ན། རྡོ་རྗེ་འཛིན་པ་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་ལ་སོགས་པ་དམ་པ་འགྲུབ་པའི་སྦྱིན་སྲེག་གི་ཆོ་ག་བྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས་དཀྱིལ་འཁོར་ཐམས་ཅད་ཀྱི་ཆོ་གའོ། ། དེ་ནས་ཡོ་བྱད་བཤད་པར་བྱའོ་ཞེས་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་གྱིས་གསུངས་པ། དཀྱིལ་འཁོར་གྱི་ཆོ་ག་ཐམས་ཅད་མཐོང་བར་འགྱུར་ནས་བསྒྲུབ་བོ། །དེ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་དུ་ནི་མ་ཞུགས་སམ། །དམ་ཚིག་སྤངས་པར་གྱུར་པ་ནི། །ཕྱག་ན་རྡོ་རྗེ་མི་འགྲུབ་པ། །གསང་བ་ཡང་དག་མི་ཤེས་པས། །བཅོམ་ལྡན་འདས་སེམས་འདོད་པའོ། །ཆགས་དང་རྡོ་རྗེ་དེ་ཉིད་དེ། །དེ་ལ་ཆགས་པར་མ་གྱུར་ན། །ཕྱག་ན་རྡོ་རྗེ་མི་འགྲུབ་བོ། །དེ་བས་ཡང་དག་མ་མཐོང་བས། །དཀྱིལ་འཁོར་དུ་ནི་གྲུབ་མ་གསུངས། །ཡང་དག་མ་མཐོང་གྲུབ་པ་ནི། །ཐེ་ཚོམ་ཅན་གྱིས་མི་འཐོབ་བོ། །རབ་ཏུ་འཇིགས་པ་རྙེད་ནས་སུ། །ནད་ཀྱིས་ཀྱང་ནི་འཇིག་པར་བྱེད། །གདོན་ཀྱང་དེ་ལ་བརྩོན་པར་འགྱུར། །ཤི་ནས་ངུ་འབོད་དུ་ལྟུང་ངོ ། །དེ་ལྟར་དཀྱིལ་འཁོར་ཐམས་ཅད་དུ་ཆུག་ལ། ནད་དང་གདོན་ལ་སོགས་པ་སྟོན་ཅིག་།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་གྱི་ཁ་དོག་རས་ལ་བྲི་བར
92.9a
བྱ་སྟེ། དེའི་ཐད་སྐོར་ཀུན་ཏུ་བྱང་ཆུབ་སེམས་དཔའ་བརྒྱད་བྲི་བ་ནི་འདི་ལྟ་སྟེ། གཡས་ཕྱོགས་སུ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་དང་འཇམ་དཔལ་དང་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །གཡོན་ཕྱོགས་སུ་ནི་རྡོ་རྗེ་ཁུ་ཚུར་དང་བྱམས་པ་དང་ནམ་མཁའི་མཛོད་དོ། །སྟེང་དུ་ནི་ནམ་མཁའི་སྙིང་པོའོ། །བཅོམ་ལྡན་འདས་ཀྱི་འོག་ཏུ་ནི་ཕྱག་ན་རྡོ་རྗེ་སྟེ། རྡོ་རྗེ་ཧཱུཾ་ཞེས་པའི་ཕྱག་རྒྱ་རྡོ་རྗེ་དང་བཅས་པ་ལག་པ་གཉིས་ཀྱིས་བཅིང་ངོ ། །ལག་པ་གཉིས་པོ་གཞན་ལ་གཡས་པས་ནི་རྡོ་རྗེ་གསོར་གཡོན་པས་ནི་མེ་ཏོག་གི་གཞུ་དང་མདའ་ལྔ་བསྣམས་པས་སྐུ་མདོག་ནི་ཨུཏ་པལ་སྔོན་པོ་ལྟ་བུ། ཡིད་འཛུམ་པ་མཆེ་བ་ཅུང་ཟད་གཙིགས་པ་ཁྲོ་བ་དང་བཅས་པས་བཞད་པའི་ཞལ། ཕྱིར་བརྐྱང་བསྐུམ་དུ་གནས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་གཡོན་པས་ལྷ་ཆེན་པོའི་ལྡན་པ་གཡོན་པར་མནན། ཞབས་གཡས་པ་བསྐུམ་པས་ཨུ་མའི་ནུ་མ་བཙིར་ཏེ། སྟོད་གཡོགས་ཁྲ་བོས་ཡན་ལག་གཡོགས་པ། ཀོ་ཤོན་གྱི་སྨད་གཡོགས་ཅན། དེ་བཞིན་གཤེགས་པ་ཐམས་ཅད་དབུ་རྒྱན་དུ་ཐོགས་པའོ། །དེ་ནས་ཚེས་ཞག་གཅིག་ནས་བརྩམས་ཏེ། ཚེས་བཅཝ་ལྔ་འམ་ཟླ་བ་འམ་ལོའི་བར་དུ་ཉིན་རེ་ཞིང་བརྒྱད་སྟོང་བཟླས་ཏེ། གོས་དཀར་པོ་གཙང་མ་བགོས་ཏེ་བདག་གི་ཁྱིམ་དུ་གནས་ཤིང ། ཟས་གཙང་མ་ཡིད་བཞིན་དུ་ཟོས་ཏེ་བཟླས་ན། དེ་ནས་ཟླ་བ་གཅིག་ལོན་པ་དང་ཟླ་བ་དང་པོས་ནི་ཧཱུཾ་ཞེས་བྱ་བས་ཕྱི་རོལ་གྱི་ལས་རྣམས་གྲུབ་པར་འགྱུར་རོ། །གཉིས་ཀྱིས་ནི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །གསུམ་གྱིས་ནི་བཅོམ་ལྡན་འདས་རྨི་ལམ་དུ་སྟོན་ཅིང་འདས་པ་དང་མ་འོངས་པ་ཐམས་ཅད་སྟོན་ཏོ། །བཞིས་ནི་སེམས་ཅན་ཐམས་ཅད་དགུག་པ་དང་དབང་དུ་བྱ་བར་ནུས་སོ། །ཟླ་བ་ལྔས་ནི་ཡིད་བཞིན་དུ་སྣང་བ་དང་མི་སྣང་བར་འགྱུར་རོ། །ཟླ་བ་དྲུག་གིས་ཅི་འདོད་པ་ཐམས་ཅད་ཀྱི་གཟུགས་སུ་འགྱུར་རོ། །ཟླ་བ་བདུན་གྱིས་ནི་བདག་གི་ལུས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཕྱག
92.9b
ན་རྡོ་རྗེར་སྟོན་ཅིང་ཆོ་འཕྲུལ་ཐམས་ཅད་ཀྱང་སྟོན་ཏོ། །ཟླ་བ་བརྒྱད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་ལ་སོགས་པ། དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱེད་ཅིང་ལས་སུ་བསྐོའོ། །ཟླ་བ་དགུས་ནི་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱེད་དོ། །ཟླ་བ་བཅུས་ནི་ས་བཅུ་ཐོབ་པར་འགྱུར་རོ། །ཟླ་བ་བཅུ་གཅིག་གིས་ནི་ས་བཅུ་གཅིག་པ་སངས་རྒྱས་ཀྱི་ས་ཐོབ་བོ། །ཟླ་བ་བཅུ་གཉིས་ནི་རྡོ་རྗེ་འཛིན་པར་འགྱུར་རོ། །དེ་ནས་སྒྲུབ་པ་གཞན་ཏེ། རས་ལ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་ཞེས་བྱ་བ་དེ་བཞིན་དུ་བྲིས་ལ། དེའི་ཐད་སྐོར་ཐམས་ཅད་དུ་མཐུ་ཆེན་པོ་ལ་སོགས་པ་ནས། ཀླུ་བ་རུ་ཎའི་མཐའི་བར་དུ་བཅོམ་ལྡན་འདས་ལ་སྒོང་ཞིང་པུས་མོ་བཙུགས་པ་བྲིས་ལ། དེ་ནས་དེ་བཞིན་དུ་བཟླས་པ་ནི་རྡོ་རྗེ་ཧཱུཾ་ཞེས་བྱ་བའི་ཕྱག་རྒྱ་གྲངས་མེད་པར་བཟླས་ཏེ། ཟླ་བའི་མཐའི་བར་དུ་ཚེས་ཉི་ཤུ་དགུའི་མཚན་ཐལ་བྱུང་དུ་བཟླས་ན་ནང་པར་ཐམས་ཅད་འོང་ངོ ། །འོངས་ནས་ཀྱང་དབང་དུ་འགྱུར་ཏེ་ཐམས་ཅད་བསྒོ་བ་བཞིན་དུ་བྱེད་དོ། །དེ་ནས་བསྒྲུབ་པ་གཞན་འབྱུང་སྟེ། བཅོམ་ལྡན་འདས་དེ་བཞིན་དུ་བྲིས་ནས། གསེར་མདངས་ཀྱི་ལྷ་མོ་ལ་སོགས་པ་ཐམས་ཅད་རང་རང་གི་ཕྱག་རྒྱ་བསྒྲེང་ནས་གར་བྱེད་ཅིང་མི་སྡུག་པའི་གཟུགས་སུ་བྲིའོ། །དེ་ནས་དེ་བཞིན་དུ་ཟླ་བ་གཅིག་གི་མཐའི་མཚན་ཐལ་བྱུང་ཟློས་ཤིག་།དེ་ནས་ནང་པར་ཀུན་ལྷགས་ཏེ་དེ་བཞིན་དུ་གར་དག་གིས་སྒྲུབ་པ་པོ་ལ་མཆོད་དོ། །འདི་ནི་རྟོག་པ་འདིར་བྲིས་པ་དེ་བཞིན་ནོ་སྙམ་དུ་བསམས་ནས་དེས་མི་འཇིགས་པར་བྱའོ། །དེ་ནས་དབང་དུ་འགྱུར་ཏེ་རྟག་ཏུ་ལས་ཐམས་ཅད་བྱེད་པའི་གཡོག་མོར་འགྱུར་རོ། །དེ་ནས་ཆོ་ག་གཞན་ཏེ་རས་ལ་བཅོམ་ལྡན་འདས་དེ་བཞིན་དུ་བྲིས་ལ། དེ་ནས་དེ་བཞིན་དུ་བརྒྱད་སྟོང་དུ་བཟླས་ན། ནུབ་ཐ་མ་ལ་རྡོ་རྗེ་འཛིན་པ་འཐོབ་སྟེ། ཅི་འདོད་པ་གྲུབ་པའི་མཆོག་ཀྱང་འཐོབ་བོ། །གཞན་ཡང་བསྒྲུབ་པ་ཕྱག་ན་རྡོ་རྗེའི་སྤྱན་སྔར་འབུམ་ཟློས་ཤིག་།དེ་ནས་དགོས་པ
92.10a
ཀུན་བཅོམ་ལྡན་འདས་ཀྱིས་མཛད་དོ། །ཕྱག་ན་རྡོ་རྗེའི་སྤྱན་སྔར་ཅི་འདོད་པར་ཡམ་ཤིང་ཐམས་ཅད་ཀྱིས་སྦྱིན་སྲེག་གིས་ལོ་གཅིག་གི་བར་དུ་སྲེགས་ན་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ནས་རྡོ་རྗེ་ཧཱུཾ་ཞེས་པ་བྲིས་ལ་དེའི་སྤྱན་སྔར་ལོ་གཅིག་གི་མཐའི་བར་དུ་གྲངས་མེད་པར་ཟློས་ཤིག་།དེ་ནས་ཐ་མར་བཅོམ་ལྡན་འདས་རང་གི་ཅི་འདོད་པའི་མཆོག་སྩོལ་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྱན་སྔར་རྡོ་རྗེ་ཧཱུཾ་ཞེས་པའི་ཕྱག་རྒྱ་བཅིངས་ལ། དེ་བཞིན་གཤེགས་པ་འགུལ་གྱི་བར་དུ་ཟློས་ཤིག་།དེ་ནས་ཕྱག་རྒྱ་གྲུབ་པར་འགྱུར་རོ། །གྲུབ་པ་དེས་ན་དགུག་པ་དང་དབང་དུ་བྱ་བ་དང་གཞུག་པ་དང་དྲང་བ་དང་ལྷུང་བ་དང་དབབ་པ་དང་གཏན་འཕོ་བ་ལ་སོགས་པ་ལས་ཕྲན་ཚེགས་རྣམས་ཀྱི་ཟེར་བཅིངས་པས་ཧཱུཾ་ཞེས་པས་མཛད་དོ། །དེ་ནས་ཆོ་ག་གཞན་ཏེ། རིག་པས་དབང་བསྐུར་བར་བྱ་བར་འདོད་ན། བྲི་འམ་འཇིམ་པ་ལས་ཕྱག་ན་རྡོ་རྗེའི་ཆ་ལུགས་བྱས་ལ་ཕྱག་གཉིས་བརྐྱང་སྟེ་རྡོ་རྗེ་འཛིན་ཏོ། །དེ་ཟླ་བ་ཡར་གྱི་ཚེས་གཅིག་ནས་བརྩམས་ཏེ། ཚེས་བཅཝ་ལྔའི་བར་དུ་མར་བཞི་བྲེ་བརྒྱད་སྟོང་གིས་ཁྲུས་ཤིག་།དེ་ནས་མཐའ་མར་མཚན་ཐལ་བྱུང་བཟླས་སོ། །དེ་ནས་ནང་པར་གཟུགས་དེ་བཞད་དེ། དེ་ནས་རིག་པ་ཐམས་ཅད་ཀྱི་བདག་པོར་འགྱུར་རོ། །དེ་ནས་བསྒྲུབ་པ་གཞན་འབྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆ་ལུགས་བྲི་འམ། འཇིམ་པ་ལ་དེ་བཞིན་དུ་ཕྱག་བརྐྱང་བ་རྡོ་རྗེ་འཛིན་པར་བྱས་ལ། དེ་ཞིགས་ཀྱི་བར་དུ་སྤོས་ཆུས་བཀྲུས་ན། དེ་ཕྱིན་ཅད་ཡིད་བཞིན་དུ་མི་སྣང་བར་འགྱུར་རོ། །དེ་ནས་བསྒྲུབ་པ་གཞན་འབྱུང་སྟེ། རས་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཕྱག་བཞི་པ་བྱས་ནས། དེའི་ཕྱག་གཡས་པར་པད་མོ། གཡོན་པར་རྡོ་རྗེ་གཡས་པར་རྡོ་རྗེ་ཧཱུཾ་ཞེས་པ། གཡོན་པར་མདའ་དང་གཞུའོ། །དེ་ནས་དེའི་སྤྱན་སྔར་སྟོང་ཕྲག་བརྒྱ་བཟླས་པའི་མཇུག་ཏུ་ཞག་གསུམ་སྨྱུངས་ཏེ་མཚན་ཐལ་བྱུང་བཟླས་ནས།
92.10b
དེའི་ནང་པར་དེ་དང་འདྲ་བའི་གཟུགས་སུ་འགྱུར་ཏེ། བསྐལ་པར་གནས་ཤིང་མི་དགའ་བ་དང་སེམས་ཅན་ཐམས་ཅད་དབང་དུ་བྱ་བ་དང་ཐམས་ཅད་དུ་འགྲོ་བར་འགྱུར་རོ། །དེ་ནས་དཀྱིལ་འཁོར་བསྒྲུབ་པ་འབྱུང་སྟེ། དཀྱིལ་འཁོར་མཐོང་བས་ལྕི་བ་གསུམ་གྱིས་ཁྲུས་བྱས། དུས་གསུམ་དུ་གོས་བརྗེས་ལ་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ནས། བརྒྱད་སྟོང་དུས་གསུམ་དུ་ཉིན་བདུན་བཟླས་ན། དེ་ནས་ཕྱག་ན་རྡོ་རྗེ་སློབ་དཔོན་གྱི་གཟུགས་སུ་བྱས་ནས་རྨི་ལམ་དུ་ཐམས་ཅད་སྨྲའོ། །དེ་ནས་དཀྱིལ་འཁོར་སྒྲུབ་པའི་ཆོ་ག་གཞན་འབྱུང་སྟེ། དཀྱིལ་འཁོར་ཆེན་པོ་མཐོང་བས་ཟླ་བ་གཅིག་གི་བར་དུ་དེ་བཞིན་དུ་དུས་གསུམ་དུ་ཁྲུས་བྱས་ནས། དུས་གསུམ་དུ་གོས་བརྗེས་དུས་གསུམ་དུ་བ་ལང་གི་ལྕི་བས་དཀྱིལ་འཁོར་བྱས་ཏེ། རྣོ་ལྕགས་ཀྱི་མཚོན་ཆས་དེར་རྡོ་རྗེ་བྲིས་ལ་དེ་ལ་ལྟ་ཞིང ། རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ཏེ་བརྒྱད་བརྒྱ་བཟླས་ན། ཟླ་བ་གཅིག་གི་མཐར་བཅོམ་ལྡན་འདས་མཐོང་ངོ ། །དེ་ནས་རྡོ་རྗེ་བསྒྲུབ་པ་འབྱུང་སྟེ། རྡོ་རྗེ་རས་སམ་རྩིག་པ་འམ་ཤིང་ལེབ་ལ་བྲིས་ནས་དེ་ལ་མཆོད་པ་བྱས་ཏེ། རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ་ལོ་གཅིག་ཚུན་ཅད་རྡོ་རྗེ་ནམ་འབར་བའི་བར་དུ་ཟློས་ཤིག་།འབར་བ་དེས་ན་ནམ་མཁའ་ལ་འགྲོ་བ་དང་ལོ་བཅུ་དྲུག་ལོན་པའི་ལུས་ཕྱག་ན་རྡོ་རྗེ་དང་མཚུངས་པའི་གཟུགས་དང་སྟོབས་དང་མདོག་ཏུ་འགྱུར་ཏེ། འདོད་པའི་ལོངས་སྤྱོད་ཐམས་ཅད་དང་ལྡན་པ། བདེ་བ་དང་ཡིད་བདེ་བ་ཐམས་ཅད་འཐོབ་པར་འགྱུར་རོ། །ཚེ་ཡང་ལོ་སྟོང་ཕྲག་བརྒྱར་འགྱུར་རོ། །དེ་ནས་རལ་གྲི་བསྒྲུབ་པ་འབྱུང་སྟེ། རྡོ་རྗེ་ཁུ་ཚུར་གྱིས་རལ་གྲི་བཟུང་ལ་ལོ་གཅིག་གི་བར་དུ་བཟླས་ན། རིག་འཛིན་ཐམས་ཅད་ཀྱི་བདག་པོ་རིག་འཛིན་དུ་དུ་འགྱུར་རོ། །དེ་ནས་འཁོར་ལོ་བསྒྲུབ་པ་འབྱུང་སྟེ། འཁོར་ལོ་དཀྱིལ་འཁོར་བྲིས་ལ་ལྕགས་ཀྱི་འཁོར་ལོ་ཐོགས་ནས་ནམ་རྡོ་རྗེར་གྱུར་ཅིང་སླར་ཡང་འཁོར་ལོར་གྱུར་གྱི་བར་དུ་བཟླས་སོ། །དེ་ནས་དེ་ཐོགས་པས་ན་རིག་འཛིན་ཐམས་ཅད་ཀྱི་འཁོར་ལོ
92.11a
བསྐོར་བར་འགྱུར་རོ། །དེ་ནས་ཀྱོ་བ་ཏང་བསྒྲུབ་པར་འདོད་པས་ཕྱག་ན་རྡོ་རྗེའི་སྤྱན་སྔར་གསེར་གྱི་ཀྱོ་བ་ཏང་བྱས་ཏེ་ལག་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ་གྲུབ་པ་རྣམས་གསུམ་དུ་གྱུར་གྱི་བར་དུ་བཟླས་ཏེ། དྲོས་པ་ཙམ་གྱིས་ཐམས་ཅད་དགུག་ནུས་པར་འགྱུར་རོ། །དུད་པ་བྱུང་བ་ཙམ་གྱིས་ཐམས་ཅད་དབང་དུ་བྱེད་ནུས་པར་འགྱུར་རོ། །འབར་བས་ནི་ཐམས་ཅད་དགུག་པ་དང་དབང་དུ་བྱས་ཤིང་རིག་འཛིན་གྱི་རྒྱལ་པོར་འགྱུར་རོ། །དེ་ནས་ལྷ་ལ་སོགས་པ་ཐམས་ཅད་དགུག་པ་འབྱུང་སྟེ། ལྷ་ཆེན་པོ་ལ་སོགས་པ་ལྷ་རྣམས་གང་ཡང་རུང་བའི་ཆ་ལུགས་རྐང་པ་གཡོན་པས་མནན་ལ། རྡོ་རྗེ་ཧཱུཾ་ཞེས་པའི་ཕྱག་རྒྱ་བཅིངས་ཏེ་བསྡིགས་ཤིང་ཟླ་བ་གཅིག་གི་མཐའི་བར་དུ་བཟླས་ན་ལྷ་ཐམས་ཅད་ལྷགས་ཏེ། ལས་ཐམས་ཅད་བྱེད་པའི་གཡོག་ཏུ་འགྱུར་རོ། །ཀླུ་དབང་དུ་བྱ་བར་འདོད་ན་ཀླུའི་མཚོར་ལྟེ་བ་མན་ཆད་ཆུའི་ནང་དུ་བཅུག་པ་ལོ་གཅིག་ཚུན་ཆད་ཀླུ་ཐམས་ཅད་རང་གི་གཟུགས་སུ་སྟོན་ཅིང་ལས་ཐམས་ཅད་བྱེད་པའི་གཡོག་ཏུ་གྱུར་པའི་བར་དུ་བཟླས་སོ། །གནོད་སྦྱིན་དབང་དུ་བྱ་བར་འདོད་པས་གནོད་སྦྱིན་ག་ལ་གནས་པའི་གནས་དེར་རྡོ་རྗེ་ཧཱུཾ་ཞེས་པའི་ཕྱག་རྒྱ་བཅིངས་ལ། གནོད་སྦྱིན་དེ་དག་ལྷགས་ཏེ་བཀའ་ཅི་སྩལ་ཞེས་སྨྲ་བའི་བར་དུ་བཟླས་སོ། །དེ་ཕྱིན་ཅད་བཀའ་ཅད་བྱེད་པའི་གཡོག་ཏུ་འགྱུར་རོ། །དེ་ནས་མ་རྣམས་ཐམས་ཅད་དབང་དུ་བྱ་བར་འདོད་པས་མའི་གནས་སུ་སོང་ནས། ཁྲོ་མོའི་སྙིང་གར་རྡོག་པས་མནན་ལ་ཟླ་བ་གཅིག་ལོན་གྱི་བར་དུ་བཟླས་ན། ཚེས་ཉི་ཤུ་དགུ་ལ་འཇིགས་སུ་རུང་བ་ཆེན་པོའི་སྒྲ་འབྱིན་པར་བྱེད་དེ། དེ་མི་དབང་དུ་གྱུར་ནས་བཀའ་བཞིན་བྱེད་པའི་གཡོག་མོར་འགྱུར་ཏེ། ཕྲག་པ་ལ་ཁྱེར་ནས་མཐོ་རིས་སུ་ཁྲིད་དེ། སླར་ཡང་ཁྲིད་ཅིང་འོངས་ནས་ཚོགས་ཀྱི་བདག་པོར་བཅུག་ཅིང ། དེ་དག་གིས་མཆོད་དེ་སྔོན་མ་བྱུང་བའི་དོན་ཐམས་ཅད་དང་འདོད་པ་ཐམས་ཅད་དང་ན་ཆུང་ཐམས་ཅད་འགུག་གོ། །འདི་ལྟ་བུའི་རྣལ་འབྱོར་ཡང་སྟེར་ཏེ། རྣལ
92.11b
འབྱོར་གང་གིས་ཁྲོ་བོའི་འཇིག་རྟེན་དུ་ཡང་འགྲོ་ཞིང་ཕྱིར་ཡང་འོང་ངོ ། །དེ་ལ་སུས་ཀྱང་ཅུང་ཟད་ཀྱང་བྱེད་མི་ནུས་སོ། །དེ་ནས་དཔལ་ཆེན་མོ་བསྒྲུབ་པར་འདོད་པ་དེས་ཕྱག་ན་རྡོ་རྗེའི་སྤྱན་སྔར་བཟླས་པ་ནི་ཕྱག་ན་རྡོ་རྗེའི་སྐུ་ལས་ལྷ་མོའི་ལུས་མཐོང་གི་བར་དུ་སྟེ་དེ་ལས་མ་འགུལ་ཅིག་ཅེས་བསྒོའོ། །དེ་ཕྱིན་ཅད་དོན་ཐམས་ཅད་སྟེར་བར་འགྱུར་ཏེ། སངས་རྒྱས་པའང་སྟེར་བའི་བར་དུའོ། །དེ་ནས་མཚོ་དབྱངས་མ་དབང་དུ་བྱ་བར་འདོད་ན། དེས་ཕྱག་ན་རྡོ་རྗེའི་སྤྱན་སྔར་ཡི་གེའི་ཕྲེང་བར་བྱས་ལ་ཕྲེང་བའི་ཡི་གེ་བཀོད་ཅིང་མཐར་ཕྱིན་གྱི་བར་དུ་བཀླགས་ཏེ། ཉིན་རེ་ཞིང་དུས་གསུམ་དུ་ལས་དེ་བྱས་ལ་དེ་ནས་བརྒྱ་སྟོང་བཟླས་ན། ཟླ་བ་གཅིག་ལོན་པ་དང་མཚོ་དབྱངས་མ་མཐོང་ངོ ། །དེ་ཕྱིན་ཅད་ཐོགས་པ་མེད་པའི་སྤོབས་པ་དང་ལྡན་པར་འགྱུར་རོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་གཙུག་ལག་ཐམས་ཅད་ཤེས་ཉེན་དུ་བྱ་བ་ཐམས་ཅད་དང ། བཟོ་ཐམས་ཅད་ཀྱང་མ་བསླབས་པར་དེ་ལྟར་རབ་ཏུ་ཤེས་སོ། །དེ་ནས་ལིག་བུ་མིག་དང་གུར་གུམ་དང་ལྡོང་རོས་དང་བ་བླ་རྣམས་ལ་བསྒྲུབ་པ་འབྱུང་སྟེ། ལིག་བུ་མིག་བླངས་ལ་འཇོམ་པའི་སྟེང་དུ་བཞག་ནས་ལག་པས་མནན་ཏེ་གྲུབ་པ་རྣམ་གསུམ་བྱུང་གི་བར་དུ་བཟླས་སོ། །གཅིག་གིས་ནི་མི་སྣང་བར་འགྱུར་རོ། །གཉིས་པས་ནི་གཟུགས་མང་པོར་འགྱུར་རོ། །གསུམ་པས་ནི་ནམ་གནས་གོང་མར་འཛེག་པ་ན་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །གུར་གུམ་ལ་སོགས་པ་བཟུང་སྟེ། འཇོམ་པའི་བུ་གར་བཅུག་ལ། རྡོ་རྗེ་འཛིན་མའི་ཕྱག་རྒྱས་མནན་ནས་ནམ་འབར་གྱི་བར་དུ་བཟླས་སོ། །དེ་ནས་ཐིག་ལེ་བྱས་ནས་འདོད་པ་ཐམས་ཅད་ཀྱི་བདག་པོ་དང་རིག་འཛིན་དང་ཐམས་ཅད་དུ་འགྲོ་བ་དང་ཚེ་ལོ་སྟོང་ཐུབ་པར་འགྱུར་རོ། །དེ་ནས་ས་ལ་བྷཉྫི་ཀ་བསྒྲུབ་པ་འབྱུང་སྟེ། གནས་གང་ལ་ས་ལ་བྷཉྫི་ཀ་རི་མོ་བྲིས་པ་འམ། གཟུགས་སུ་བྱས་པ་དེའི་འཇོམ་པ་ལ་སོར་མོ་བཞག་སྟེ་ཟླ་བ་གཅིག་ཏུ་ཟློས་ཤིག་།དེ་ནས་ཟླ་བ་གཅིག་གི་མཐར་མཚན་ཐོག་ཐག་ཟློས་ཤིག་།
92.12a
དེ་ནས་ནང་པར་གཟུགས་སུ་བསྟན་ནས་འདོད་པ་ཐམས་ཅད་སྦྱིན་པའི་ཆུང་མར་འགྱུར་རོ། །གནོད་སྦྱིན་མོ་བསྒྲུབ་པར་འདོད་པས། གནོད་སྦྱིན་མོ་གང་ན་འདུག་པའི་གནས་དེར་འདུག་ལ། རང་གི་གཟུགས་སུ་འོངས་ཀྱི་བར་དུ་བཟླས་ན་དེ་ལ་འདོད་པ་ཐམས་ཅད་སྟེར་བའི་བྲན་མོར་འགྱུར་རོ། །དེ་ནས་ཤ་ཟ་མོ་བསྒྲུབ་པར་འདོད་པས་ཕྱག་དར་ཕུང་པོ་མེས་བཏང་སྟེ། ལག་པ་གཡོན་པས་རང་གི་མཚན་དེ་བཟུང་ལ། གཡས་པས་གཟེགས་མ་སྲེགས་པ་ནི་ཕྱག་དར་གྱི་ཕུང་པོ་དེ་ལས་ཅི་ཙམ་ན་ཤ་ཟ་མོ་གདོང་མདངས་གཟུགས་མི་སྡུག་པ་འོངས་ཏེ་རང་གི་གཟུགས་སུ་གནས་སོ། །དེ་ཡང་དེ་བཞིན་དུ་བྲན་མོར་འགྱུར་རོ། །དེ་ནས་ཅི་བགྱི་བ་བསྒྲུབ་པར་འདོད་པས་ཉིན་ཞག་གཅིག་བསྙུང་བར་བྱས་ལ། ཚེས་ཉི་ཤུ་དགུ་ལ་བརྒྱད་སྟོང་བཟླས་ཏེ། དེ་ནས་ཟླ་བ་གཅིག་སློངས་མོ་ལ་ཟ་ཞིང་གྲངས་མེད་པར་བཟླས་ཏེ། ཟླ་བ་གཅིག་ལོན་པ་དང་ནུབ་གསུམ་བསྙུང་བ་བྱས་ནས་མཚན་ཐོག་ཐག་བཟླས་སོ། །དེ་ནས་ནང་པར་ཅི་བགྱི་འོངས་ན་དེས་མི་འཇིགས་པར་བྱ་སྟེ། དེ་ནས་དེ་རངས་ནས་འགྲུབ་བོ། །དེ་ཕྱིན་ཅད་འདོད་པ་ཐམས་ཅད་འབུལ་བའི་གཡོག་ཏུ་འགྱུར་ཏེ། མཐོ་རིས་ཀྱི་ལྷ་མོ་ཡང་འགུགས་ཤིང་འབུལ་ལོ། །དེ་ཡང་སྐྱེལ་ཅིང་སླར་ཡང་འགུགས་སོ། །འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་ཐམས་ཅད་ཀྱང་སྨྲའོ། །གཞན་གྱི་ནོར་ཐམས་ཅད་ཀྱང་ཕྲོགས་ནས་འབུལ་ལོ། །དེ་ནས་རིག་པའི་བརྟུལ་ཞུགས་བྱ་བར་འདོད་པ་དངོས་གྲུབ་མེད་པ་གང་ཡིན་པ་དེས། ཟླ་བ་དྲུག་གི་བར་དུ་ཉིན་ཞག་བཅུ་ཞིང་སྤྱད་པ་སྔ་མ་བརྗེས་ལ། སློངས་མོའི་ཁ་ཟས་ལ་སོགས་ནས་རླུང་བཟའ་བའི་བར་དུའོ། །དེ་ནས་མཇུག་ཏུ་མཚན་ཐལ་བྱུང་བཟླས་ན་ནང་པར་སངས་རྒྱས་པའང་སྦྱིན་པར་འགྱུར་རོ། །དེ་ནས་ཉིན་རེ་ཞིང་བཅཝ་བརྒྱད་ཀྱི་བར་དུ་སྔོན་གྱི་སྤྱད་པ་རྣམས་བྱས་ལ་དེའི་མཇུག་ཏུ་མཚན་ཐལ་བྱུང་བཟླས་ན་ནང་པར་ལས་ཐམས་ཅད་འགྲུབ་པར་འགྱུར་བ་ནི་ཧཱུཾ་ཞེས་ཐང་ཅིག་བརྗོད་པས་ཀྱང་ངོ ། །དེ་ནས
92.12b
རོ་ལངས་བསྒྲུབ་པ་འབྱུང་སྟེ། མ་རྨས་མ་ཉམས་པའི་མི་རོ་བླངས་ལ་ལེགས་པར་བཀྲུས་ནས་བྱུག་པས་ལེགས་པར་བྱུགས་ཏེ། མེ་ཏོག་གི་ཕྲེང་བ་བཏགས་ནས། རྐང་པ་གཡོན་པས་མནན་ལ་དབུགས་བྱུང་གི་བར་དུ་བཟླས་ན་དེ་ལྡང་སྟེ་ལངས་པ་དང ། དེ་ཞོན་ནས་ཐམས་ཅད་དུ་འགྲོ་ཞིང་ཚེ་ཡང་ལོ་སྟོང་ཕྲག་བརྒྱར་འགྱུར་རོ། །དེ་ནས་རོ་ལངས་ཀྱི་གྲུབ་པ་མཆོག་བསྒྲུབ་པ་འབྱུང་སྟེ། མ་རྨས་མ་ཉམས་པའི་མི་རོ་བླངས་ནས། དེ་བཞིན་དུ་རབ་ཏུ་བརྒྱན་ལ་ཞོན་ཏེ་ལངས་ཤིང་ཡང་འགྱེལ་གྱི་བར་དུ་བཟླས་ན་དེ་བཞིན་གཤེགས་པའི་སྐུར་འགྱུར་རོ། །དེ་ཕྲག་པ་ལ་ཁྱེར་ན་དེ་བཞིན་གཤེགས་པ་ཐམས་ཅད་སྲེལ་བའི་རིག་འཛིན་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་རྫུ་འཕྲུལ་གྱིས་འགྲོ་བ་དང་ཚེ་ཡང་བསྐལ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་སོ། །དེ་ནས་མ་བསྒྲུབས་ཀྱང་དཀྱིལ་འཁོར་མཐོང་བ་ཉིད་ཀྱིས་ལས་སུ་འགྱུར་བ་ནི་འདི་ལྟ་སྟེ། ཐང་ཅིག་བརྗོད་པ་ནི་བདག་དང་གཞན་དང་གྲོང་དང་གྲོང་ཁྱེར་དང་རྒྱལ་པོ་ལ་སོགས་པ་བསྲུང་བར་འགྱུར་རོ། །མཚམས་གཅད་པ་ལ་སོགས་པ་ནི་བརྟན་པར་ལྟ་བས་མཚམས་བཅད་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་མི་འདའ་ན་གཞན་ལྟ་ཅི་སྨོས། སའི་དཀྱིལ་འཁོར་དང་ནམ་མཁའ་དང་ཕྱོགས་བཅིང་བའང་ལྟ་བ་དེས་སོ། །དབབ་པ་ནི་རེག་པ་དང་མ་རེག་པས་རལ་གྲི་དང་མེ་ལོང་དང་སྣོད་དང་མཐེ་བོ་དང་ཤིང་ལྗོན་དང་བྲིས་པ་དང་ཆ་ལུགས་དང་གཞུ་དང་མདའ་དང་རྡོ་རྗེ་ལ་སོགས་པ་རྡོ་རྗེ་དབབ་པའི་ཕྱག་རྒྱ་གོས་ཀྱིས་གཡོགས་ལ་བཅིངས་ཏེ་གུ་གུལ་གྱི་བདུག་པས་དབབ་བོ། །གདོན་ཞི་བར་བྱ་བ་ནི་ཧཱུཾ་ཞེས་པས་སོ། །རྡོ་རྗེ་ཧཱུཾ་ཞེས་པའི་ཕྱག་རྒྱས་ནི་སེམས་ཅན་ཐམས་ཅད་འཕུམས་པར་བྱེད་དོ། །རྡོ་རྗེ་སྒྲོག་གི་ཕྱག་རྒྱས་ནི་བྱད་མའི་གདོན་ལས་ཐར་བར་བྱེད་དོ། །ཧེ་རུ་ཀ་རྡོ་རྗེའི་ཕྱག་རྒྱ་བསྟན་པ་ནི་བྱད་མས་བསད་པ་ལས་སླར་གསོ་བར་བྱའོ། །རྡོ་རྗེའི་ཕྱག་རྒྱ་གཟུང་བས
92.13a
སྐྲ་ལ་བཟུང་སྟེ་བསླང་བས་ནི། དུག་གནོན་པ་དང་དུག་བསླང་བ་དང་དུག་ཞི་བར་བྱ་བ་དང་དུག་སྦ་བ་དང་དུག་གཞིག་པར་བྱ་བ་དང་དུག་གིས་ཤི་བ་ལས་གསོ་བར་བྱ་སྟེ། རྡོ་རྗེ་ཧཱུཾ་ཞེས་པ་གཅིག་གིས་སོ། །གཏེར་དབྱུང་བ་ནི། ཟངས་ཀྱི་རིལ་བ་ཆུས་བཀང་ལ་རྡོ་རྗེ་ཧཱུཾ་ཞེས་པའི་མཛུབ་མོ་དང་གུ་གུལ་གྱིས་བདུག་པ་བྱས་ཏེ་བཟླས་ན། གལ་ཏེ་གཏེར་ཡོད་ན་ནི་ཆུ་ལུད་དོ། །དེ་སྟེ་མེད་ན་ནི་འཁྱིལ་ལོ། །དེ་ནས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཧཱུཾ་ཞེས་བཟླས་ཏེ་བླང་ངོ ། །སྣང་བ་དགུག་པ་ནི། དོང་ཀའི་ལྗོན་ཤིང་གིས་མེ་བུས་ཏེ། ཞོ་དང་སྦྲང་རྩི་དང་མར་གྱིས་རཱ་ཛ་ཀཱོ་ཤཱ་ཏ་ཀའི་མེ་ཏོག་ལ་བསྐུས་ནས་སྟོང་ཕྲག་བརྒྱད་བསྲེགས་ན་སྣང་བ་ཐོབ་བོ། །འོག་གི་གནས་སུ་ནི་རྡོ་རྗེ་འོག་གི་ཕྱག་རྒྱས་འཁྲུལ་འཁོར་ཐམས་ཅད་བཅོམ་ནས་རྡོ་རྗེ་ཧཱུཾ་ཞེས་པ་བཟླས་ཏེ་ཞུགས་ན་དེ་ལ་སུས་ཀྱང་གཙེ་བར་མི་ནུས་སོ། །གཏོགས་འདོད་ཀྱི་འཁོར་ལོས་ཀྱང་ཅི་ཡང་བྱེད་པར་མི་འགྱུར་རོ། །ཕྱག་ན་རྡོ་རྗེའི་སྤྱན་སྔར་རྡོ་རྗེའམ་ནོར་བུ་མརྒ་ཏི་འམ་པདྨ་རཱ་ག་འམ་མུ་ཏིག་གམ་གསེར་རམ་དབྱིག་གམ་གཞན་ཅི་ཡང་རུང་བ་འམ་སྐྱེས་པ་འམ་བུད་མེད་དམ་སངས་རྒྱས་ཀྱི་སྐུ་གཟུགས་ལ་ལོ་གཅིག་གི་བར་དུ་དུས་གསུམ་དུ་བརྒྱར་བཟླས་ནས་དེ་ནས་ལོ་གཅིག་ལོན་ན་བརྒྱ་འགྱུར་དུ་འགྱུར་རོ། །དེ་སྙེད་དུ་བརྒྱར་བཟླས་ནས་དེ་སྙེད་ཀྱི་བརྒྱར་འགྱུར་རོ། །དེ་ནས་སྟོང་དུ་བཟླས་ན་ཡང་སྟོང་འགྱུར་དུ་འགྱུར་རོ། །ལོངས་སྤྱོད་དགུག་པ་ནི་སྟོང་ཕྲག་བརྒྱར་བཟླས་སོ། །དགུག་པ་ནི་རྡོ་རྗེ་ཀྱོ་བ་ཏང་གི་ཕྱག་རྒྱས་ཟླ་བ་བཞིས་ཁུགས་སོ། །དབང་དུ་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱས་སོ། །སེམས་ཅན་ཐམས་ཅད་གཏན་འཕོ་བ་ནི་རྡོ་རྗེ་ཧཱུཾ་ཞེས་པའི་ཕྱག་རྒྱ་བཅིངས་ཏེ། སྟོང་ཕྲག་བརྒྱར་བཟླས་ན་སེམས་ཅན་ཐམས་ཅད་ཡིད་ཀྱིས་དམིགས་པ་བཞིན་གཏན་འཕོའོ། །ཆུ་གནོན་པ་ནི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་ཆུའི་སྟེང་དུ་འགྲོར་རུང་བའི་བར་དུ་བཟླས་སོ། །མེ་གནོན་པ་ནི་ཐང་ཅིག་བཟླས་སོ། །མེ་ཏོག
92.13b
བསྲུང་བ་ནི་རྡོ་རྗེ་ལྟ་བས་ཏེ། དེ་ལ་སྲོག་ཆགས་རྣམས་གང་གིས་ཀྱང་གནོད་པར་མི་འགྱུར་ཞིང་བྱི་བ་ལ་སོགས་པ་ཡང་འདའ་བར་མི་བྱེད་དོ། །རྟོག་པ་པོས་ནི་ཁྲོ་བོའི་ལྟ་བས་ཏེ་གང་དུ་བལྟས་པ་དེར་འཕོའོ། །བཟའ་བ་དང་བཏུང་བ་དང་ཐམས་ཅད་སྤོ་བ་ནི་འབར་བའི་ལྟ་བས་ནི་རང་གི་སྣོད་དུ་འཕོའོ། །སྡིག་པ་དང་སྦྲུལ་ཐམས་ཅད་མེད་པར་བྱ་བ་ནི་ཐང་ཅིག་བརྗོད་པས་སོ། །གཅན་སྲིན་ཐམས་ཅད་ལ་ཐང་ཅིག་བཟླས་པས་མེད་པར་འགྱུར་རོ། །རྐུན་པོ་ཐམས་ཅད་འཕུམ་པ་ནི་རྡོ་རྗེ་ཁུ་ཚུར་བཅིངས་པས་སོ། །དམག་ལས་སྒྲོལ་བ་ནི་རྡོ་རྗེ་འཛིན་མའི་ཕྱག་རྒྱས་སོ། །གཞུ་དང་མདའ་དང་མདུང་དང་རྒྱལ་མཚན་མནན་ནས་འགུལ་གྱི་བར་དུ་བཟླས་ཏེ། དེ་ཐོགས་ན་དམག་ཐམས་ཅད་ལས་རྒྱལ་བར་འགྱུར་རོ། །ཞལ་ཆེ་ལ་ནི་ཐང་ཅིག་བརྗོད་པས་རྩོད་པའི་ལན་ཐེབས་པར་འགྱུར་རོ། །ཞི་བ་ཐམས་ཅད་ནི་ཏིལ་གྱི་སྦྱིན་སྲེག་གིས་སོ། །རྒྱས་པ་ཐམས་ཅད་ནི་ཡུངས་ཀར་གྱི་སྦྱིན་སྲེག་གིས་སོ། །གཏན་འཕོ་བ་ཐམས་ཅད་ནི་ཚེར་མའི་སྦྱིན་སྲེག་གིས་སོ། །གསོ་བ་ཐམས་ཅད་ནི་དཱུར་བའི་ལོ་མའི་སྦྱིན་སྲེག་གིས་སོ། །འཚེ་བ་དང་གནམ་དལ་དང་རྨི་ལམ་ངན་པ་ཐམས་ཅད་གཞིལ་བ་ནི་ཏིལ་དང་འབྲས་ཀྱི་སྦྱིན་སྲེག་གིས་སོ། །གཞོམ་པ་ཐམས་ཅད་ནི་ཧཱུཾ་ཞེས་པས་སོ། །རྒོད་དུ་གཞུག་པ་དང་མྱོས་པར་བྱ་བ་ཐམས་ཅད་ལ་ཕཊ་ཅེས་པས་སོ། །ཐམས་ཅད་གཉིད་ལོག་ཏུ་གཞུག་པ་ནི་བསྐུམས་ལ་མིག་བཙུམས་ཏེ་བརྒྱ་བཟླས་པས་ཐམས་ཅད་གཉིད་ལོག་པར་བྱས་པ་ཡིན་ནོ། །སེམས་ཅན་ཐམས་ཅད་རྒྱས་བཏབ་པ་ནི་རྡོ་རྗེ་ཁྲོ་བོའི་ལྟ་བས་བལྟས་ན་རྒྱས་བཏབ་པར་འགྱུར་ཏེ། ཉིན་བདུན་ལས་ལྷག་པར་མི་གསོན་ནོ། །ངག་འཕྲོག་པ་ནི་རང་གི་ལྕེ་སོས་བཟུང་ནས་ཧཱུཾ་ཞེས་པའི་བར་དུ་སྦྱོར་བ་བྱའོ། །སྙིང་དྲང་བ་ནི་རྡོ་རྗེ་སོར་མོའི་ཕྱག་རྒྱས་དཔུང་པ་བསྣོལ་ཏེ། རང་གི་མཆན་ཁུང་དུ་གློང་ཞིང་སྙིང་པོ་བཟླས་ན་ནུབ་བདུན་ཚུན་ཆད་འཕོ་བར་འགྱུར་རོ། །སྙིང་བཅད་པ་ནི་རྡོ་རྗེ་བླངས་ཏེ་གཅད་པར་བྱའོ། །སྙིང་དབྱེ
92.14a
བ་ནི་རྡོ་རྗེ་ལྕགས་ཕུར་གྱིས་གདབ་སྟེ་མིང་ནས་སྨོས་ཤིང་གཟུགས་སོ། །སྙིང་སྤོ་བ་ནི་ལག་པ་གཉིས་རྡོ་རྗེ་བླངས་ཏེ་མཚན་བདུན་དུ་རབ་ཏུ་སྦྱོར་བ་བྱས་པས་འཕོ་བར་འགྱུར་རོ། །དེ་ནས་ཕྱག་རྒྱ་འདི་རྣམས་ལས་ཐར་བར་བྱ་བ་བཤད་དེ། དེ་རྒྱས་འདེབས་པ་ལ་ནི་ཁུ་ཚུར་དམ་པོས་སོ། །ངག་འཕྲོག་པ་ལ་ནི་རྡོ་རྗེ་ངག་གི་བཟླས་པས་སོ། །སྙིང་འདྲེན་པ་ལ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་སྙིང་ཀར་དགྲོལ་ལོ། །བཅད་པ་ལ་ནི་རྡོ་རྗེ་ཧཱུཾ་ཞེས་པ་བཟླས་ནས་འོ་མས་ཁྲུས་ཤིག་།ཕྱེ་བ་ལ་ནི་བུར་བུ་ཕྱུང་ནས་རྡོ་རྗེ་དྲིས་སྐུས་ཤིག་།སྙིང་པོ་བ་ལ་ནི་རྡོ་རྗེ་སྙིང་པོས་ཐར་བར་བྱའོ། །དེ་བཞིན་དུ་བྱད་མའི་ཕྱག་རྒྱ་ཡང་སྤོ་བར་བྱའོ། །སྙིང་བསྒྲུབ་པར་འདོད་ན་བུད་མེད་ཀྱི་སྙིང་ཀར་ལྟ་ཞིང་ལན་གཅིག་བཟླས་ན་དེའི་སྙིང་ཀ་ནས་སྒྲ་ཐོས་པར་འགྱུར་རོ། །སྐྱེས་པའི་སྙིང་ཀར་ཡང་དེ་བཞིན་དུ་བྱས་ཏེ་སྙིང་ཀ་ཐམས་ཅད་དུ་ཡང་དེ་ལྟར་རོ། །དེ་ནས་ཕ་རོལ་གྱི་སེམས་ཤེས་པ་བསྒྲུབ་པར་འདོད་པས་ནི་རྡོ་རྗེ་ཧཱུཾ་ཞེས་པ་བརྒྱར་བཟླས་ན་ཕ་རོལ་གྱི་སེམས་ཤེས་སོ། །སྔོན་གྱི་གནས་ཤེས་པར་བྱ་བ་ནི་རྡོ་རྗེ་ཧཱུཾ་ཞེས་པ་བཟླས་པས་སོ། །རྨི་ལམ་མཐོང་བར་འདོད་པས་ནི་རྡོ་རྗེ་ཧཱུཾ་ཞེས་པ་ལན་ཉི་ཤུ་རྩ་གཅིག་བཟླས་ཤིང་བདུག་པ་ས་ཀ་པི་ཙས་བདུགས་ཏེ་གཉིད་ལོག་ན། དེ་ནས་བཅོམ་ལྡན་འདས་ཀྱིས་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་ཤེས་པ་སྟོན་ཏོ། །ཚིག་བསྒྲུབ་པར་འདོད་པས་རྡོ་རྗེ་ཚིག་གིས་སྟོང་ཕྲག་བརྒྱ་བཟླས་ན། རྡོ་རྗེ་ཚིག་གིས་རང་གི་ལྕེས་སྨྲས་པ་ཐམས་ཅད་བདེན་པར་འགྱུར་ཏེ་ཅི་བསླབས་པ་དེ་སྩོལ་ཏོ། །ཆོ་འཕྲུལ་སྟོན་པ་ན་བཟླས་པའི་རྡོ་རྗེའི་ཚིག་གིས་བརྒྱད་བརྒྱ་བཟླས་ན་རང་གི་ལུས་ལ་ཆོ་འཕྲུལ་དུ་འགྱུར་བ་ནི། སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་དང་རྡོ་རྗེ་འཛིན་དང་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་གཟུགས་བརྙན་གྱི་ཚུལ་དུ་སྟོན་ཏོ། །རང་གི་གཟུགས་ཅི་དགའ་བར་བསྒྱུར་བར་བྱད་འདོད་པས་རྡོ་རྗེ་ཚིག་རྡོ་རྗེ
92.14b
བཟླས་པ་སྟོང་ཕྲག་བརྒྱ་བཟླས་ན། གཟུགས་གང་དང་གང་འདོད་པ་དེ་དང་བདག་སངས་རྒྱས་ཀྱི་གཟུགས་སུ་ཡང་བྱེད་པར་འགྱུར་རོ། །མི་སྣང་བར་འདོད་པས་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་བཟུང་ལ་རྡོ་རྗེ་བཟུང་བས་མི་སྣང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བཟླས་སོ། །བཏང་བས་ནི་དགྲོལ་ལོ། །ཁྲིའུ་ལ་འདུག་ནས་རྡོ་རྗེ་བླངས་ཏེ་ནམ་འཕང་གི་བར་དུ་བཟླས་སོ། །གདོན་གྱིས་འཛིན་དུ་གཞུག་ན་ཧཱུཾ་ཞེས་པས་སོ། །གདོན་བསྐྱོད་པ་ནི་ཧག་ཅེས་པས་སོ། །གདོན་གཞོམ་པ་ནི་ཕཊ་ཅེས་པས་སོ། །གཅེར་བར་བྱ་བ་ནི་མིའི་སྐྲའི་སྐུད་པས་རང་གི་དཔུང་པ་བཅིངས་ན་གཅེར་བར་འགྱུར་ཏེ་གོས་བརྗེ་བར་འགྱུར་རོ། །སྡང་བར་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་དྲལ་བས་སོ། །བསྐྲད་པ་ནི་རྡོ་རྗེ་ཁུ་ཚུར་གྱིས་འཕང་ངོ ། །དགོས་པ་བསྐྱེད་པ་ནི་མཚན་ཐོག་ཐག་ཤ་ཆེན་པོ་རང་གི་ཁྲག་གིས་བསྐུས་ཏེ་སྲེག་གོ། །གཞན་གྱི་བུད་མེད་དགུག་པ་ནི་རྡོ་རྗེ་བཟུང་ནས་སྙིང་པོ་བཟླས་ཤིང་དགུག་གམ། ཡང་ན་ཐམས་ཅད་དུ་ཁྱབ་པ་ཧཱུཾ་ཞེས་པས་ཐམས་ཅད་བྱའོ། །བུད་མེད་ཐམས་ཅད་དང་དགའ་བར་སྤྱོད་པ་ནི་རང་གི་རྟགས་རྡོ་རྗེ་བཅིངས་པས་བཟུང་ལ་ཉིན་བདུན་དུས་གསུམ་དུ་ལངས་ཀྱི་བར་དུ་བཟླས་སོ། །དེ་ནས་མཇུག་ཏུ་ནམ་ཕྱེད་ཀྱི་བར་དུ་བཟླས་ན་རྟག་ཏུ་ལྡང་ལ་མི་སྙོམས་ཞིང་བཅུད་མང་ལ་རྟགས་ཤུགས་དྲག་པོར་འགྱུར་རོ། །བུ་མོ་སྤྱོད་པ་ནི་རྡོ་རྗེ་བཟུང་ནས་ཐམས་ཅད་དུ་ཁྱབ་པར་ཧཱུཾ་ཞེས་བྱ་བ་བྱས་ནས་སྤྱོད་དོ། །བུད་མེད་ཐམས་ཅད་དབང་དུ་བྱ་བ་ནི་རྡོ་རྗེ་ཧཱུཾ་ཞེས་པའི་ཕྱག་རྒྱ་བཅིངས་ལ་སྟོང་ཕྲག་བརྒྱ་བཟླས་ན་བུད་མེད་ཐམས་ཅད་མགུ་བར་འགྱུར་རོ། །ཕྱག་ན་རྡོ་རྗེའི་སྤྱན་སྔར་སྤྱན་རས་གཟིགས་དབང་པོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་སྟོང་ཕྲག་བརྒྱ་བཟླས་ན་བུད་མེད་ཐམས་ཅད་མགུ་བར་འགྱུར་རོ། །སེམས་ཅན་ཐམས་ཅད་དབང་དུ་བྱ་བར་འདོད་ན་རྡོ་རྗེ་ཁུ་ཚུར་གྱི་བཅིངས་པས་རྡོ་རྗེ་བཟུང་ལ་ནམ་འགུལ་གྱི་བར་དུ་བཟླས་སོ། །སྣང་བ་ལ་དབང་དུ་བྱ་བར་འདོད་ན་རྡོ་རྗེ་བླངས་ཏེ་རང
92.15a
གི་སྤྱི་བོར་བཞག་ལ་རྡོ་རྗེ་སྤྱི་བོར་བརྟན་པར་གྱུར་གྱི་བར་དུ་བཟླས་སོ། །དེ་ནས་སྣང་བའི་མདུན་དུ་འདུག་ན་དེས་སྣང་བར་རང་གི་དབང་བསྐུར་བ་ཡང་སྩོལ་ཏོ། །ནོར་བུ་དགུག་པ་ནི་རིན་པོ་ཆེ་གཙོ་བོའི་ཕྱེ་མས་སྦྱིན་སྲེག་བྱས་པས་སོ། །ཆར་དབབ་པ་ནི་རྡོ་རྗེ་ཧཱུཾ་ཞེས་པ་སྟོང་བཟླས་པས་སོ། །ཆར་གཅད་པ་ནི་རྡོ་རྗེ་ཧཱུཾ་ཞེས་པས་སོ། །སེར་བ་གཅད་པ་ནི་རྡོ་རྗེ་གསོར་བའི་ཕྱག་རྒྱས་སོ། །གདོན་དགག་པ་ཡང་ཕྱག་རྒྱ་དེ་ཉིད་ཀྱིས་སོ། །སྤྲིན་དགག་པ་ནི་རྡོ་རྗེ་ཧཱུཾ་ཞེས་བྱ་བ་བརྒྱ་བཟླས་པས་སོ། །བསལ་བ་ལ་ནི་རྡོ་རྗེ་ཧཱུཾ་ཞེས་པ་ལན་བརྒྱར་བཟླས་སོ། །རྡོ་རྗེ་དཀྱིལ་འཁོར་གྱི་སྟེང་དུ་བཞག་ནས་མེ་ཏོག་དང་བདུག་པས་མཆོད་དེ་རྡོ་རྗེ་འཛིན་མའི་ཕྱག་རྒྱས་མནན་ཏེ། རྡོ་རྗེ་ལངས་ཀྱི་བར་དུ་བཟླས་སོ། །དེ་ཐོགས་ནས་བསྐོར་ན་ཅི་འདོད་པ་བཞིན་དུ་སྒྱུ་མའི་ལས་རྣམས་སྟོན་ཏོ། །རྡོ་རྗེ་བསྐོར་བས་དུས་མ་ཡིན་པར་ཤིང་ལ་འབྲས་བུ་དང་མེ་ཏོག་མཐོང་ངོ ། །ནམ་མཁའ་ལ་མེ་ཏོག་གི་ཕྲེང་བ་ཆགས་པར་བྱ་བ་ནི་དབུགས་བསྡམས་ལ་རྡོ་རྗེ་ཁུ་ཚུར་བཅིངས་ཏེ་གཏོར་ན་ཆགས་སོ། །ཆ་ལུགས་བཞད་པར་བྱ་བ་ནི་རྡོ་རྗེའི་ཕྱག་རྒྱས་སོ། །གར་བྱེད་པར་བྱ་ན་རྡོ་རྗེ་འཛིན་མས་སོ། །སྨྲ་བར་བྱ་ན་ཧཱུཾ་ཞེས་པས་སོ། །རྒྱུག་པར་བྱ་ན་རྡོ་རྗེ་དགུག་པའི་ཕྱག་རྒྱས་སོ། །སྨིན་མ་འགུལ་བར་བྱ་ན་རྡོ་རྗེའི་ཕྱག་རྒྱ་འཛིན་པས་རྡོ་རྗེ་ཐོགས་ལ་རང་གི་སྨིན་མཚམས་སུ་བསྒུལ་བས་སོ། །ས་གཡོ་བར་བྱ་ན་རྐང་པ་གཡོན་པ་བརྡབས་སོ། །ཁྱིམ་བསྒུལ་བ་ནི་རྡོ་རྗེ་དབབ་པའི་ཕྱག་རྒྱས་སོ། །ཁང་པ་དགུག་ན་རྡོ་རྗེ་ཁྲོས་པའི་ཀྱོ་བ་ཏང་གི་ཕྱག་རྒྱས་བཅིངས་པས་སོ། །སྤྲིན་མེད་པར་ཆར་པ་དབབ་པ་ནི་རྡོ་རྗེ་ཧཱུཾ་ཞེས་པ་བཟླས་སོ། །སྐད་ཅིག་ཏུ་སྤྲིན་འདུ་ཞིང་སྟོན་པ་ནི་རྡོ་རྗེ་བསྐོར་བས་སོ། །ཟླ་བ་དང་ཉི་མ་དབབ་ཅིང་བསྟན་པ་ནི་རྡོ་རྗེ་བརྡབས་པས་སོ། །ཉི་མ་དང་ཟླ་བ་མང་པོ་བརྟན་ན་རྡོ་རྗེ་བཞི་ནམ་མཁའ་ལ་གཏོར་བས་སོ། །དམག་རྣམ་བཞི་བསྟན་ན་རྡོ་རྗེ་བསྐོར་བས་སོ། །མཚན་མོ་ཉིན་བར་དུ་བྱ་ན་རྡོ་རྗེ་འབར
92.15b
བ་བསྐོར་བས་སོ། །ཉིན་མོ་མཚན་མོར་བྱ་ན་མིག་བཙུམས་ལ་རྡོ་རྗེ་བསྐོར་བས་སོ། །ཐམས་ཅད་ནས་རྡོ་རྗེ་བསྟན་ནས་བརྒྱ་བཟླས་ཏེ་རྡོ་རྗེ་བསྐོར་བས་སོ། །ཐམས་ཅད་ནས་བྱང་ཆུབ་སེམས་དཔའ་བསྟན་ན་སྟོང་བཟླས་ཏེ་རྡོ་རྗེ་བསྐོར་བས་སོ། །ཕྱག་ན་རྡོ་རྗེ་ཐམས་ཅད་པ་ལ་བསྟན་ན་སྟོང་ཕྲག་བརྒྱ་བཟླས་ཏེ་བསྐོར་བས་སོ། །ཐམས་ཅད་ནས་སངས་རྒྱས་བསྟན་ན་རྡོ་རྗེ་ལ་བྱེ་བ་བཟླས་པས་སོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རྟོག་པ་ཆེན་པོའི་རྒྱལ་པོ་ལས་རྡོ་རྗེ་ཧཱུཾ་ཞེས་བྱ་བའི་རྟོག་པ་རྫོགས་སོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཕྱག་ན་རྡོ་རྗེ་ལ་འདི་སྐད་གསུངས་སོ།་ངས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར། གང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རྟོག་པ་ཆེན་པོའི་རྒྱལ་པོ་འདིར་བརྩོན་པར་འགྱུར་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་སྦྱིན་ནོ། །དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་ཙོག་ཙོག་པོར་འདུག་སྟེ་མནོས་པ། ཧཱུཾ་བཛྲ་བིད་སཝཱ་ཧཱ། དེ་ནས་འདི་གསུངས་པ་ཙམ་གྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རབ་ཏུ་གཡོས་སོ། །སེམས་ཅན་ཐམས་ཅད་ཀྱང་རབ་ཏུ་གཡོས་ནས་ཕྱག་འཚལ་ཞིང་དབང་དུ་འགྱུར་ཏོ། །དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། རྡོ་རྗེ་རིག་པའི་དཀྱིལ་འཁོར་འདི་བཤད་དོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་དཀྱིལ་འཁོར་ཐམས་ཅད་བརྟགས་ཏེ། དེའི་དབུས་སུ་ནས་ཕུལ་བཞི་ལ་བཅོམ་ལྡན་འདས་བཞུགས་ཏེ། དེའི་སྤྱན་སྔར་ཕྱག་ན་རྡོ་རྗེ་ཡིད་ཀྱིས་ཀྱང་ཙོག་ཙོག་པོས་བཞག་གོ། །དེ་ནས་དེ་བཞིན་དུ་གཞུག་གོ། །ཞུགས་ནས་འདི་སྐད་དུ་ཁྱོད་དེང་ནས་དེ་བཞིན་གཤེགས་པ་ཉིད་དོ། །དེ་སྟེ་དང་ན་དེ་བཤད་དོ་ཞེས་སྒོ་ཤིག་།དེས་སྨྲས་པ་གསུངས་ཤིག་ཅེས་པ་དང ། དེ་ནས་ཁྱོད་དེང་ཕན
92.16a
ཅད་དེ་བཞིན་གཤེགས་པར་གྱུར་ཏོ་ཞེས་སྨྲོས་ཤིག་།དེས་སྨྲས་པ་ཅིའི་ཕྱིར་དཀྱིལ་འཁོར་མཐོང་བའི་ཕྱིར་རོ་ཞེས་དེས་སྨྲོས་ཤིག་།གང་དཀྱིལ་འཁོར་འདིར་ཞུགས་པ་དེ་དེ་བཞིན་གཤེགས་པ་ཉིད་དུ་བལྟ་སྟེ། དེས་སངས་རྒྱས་ཀྱི་བྱང་ཆུབ་ཀྱང་ཚེ་འདི་ཉིད་དམ། ཕ་རོལ་ལ་ཐོབ་པར་འགྱུར་ཞེས་སྨྲས་ནས་ཕྱག་རྒྱ་སློབས་ཤིག་།དེ་བཞིན་གཤེགས་པའི་དཀྱིལ་འཁོར་རོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་རྡོ་རྗེའི་དཀྱིལ་འཁོར་བཤད་དོ། །དཀྱིལ་འཁོར་དེ་བཞིན་དུ་བྲིས་ནས་བཅུག་ལ་རྡོ་རྗེའི་བསྒྲུབ་པ་བསླབ་བོ། །ལག་པ་གཉིས་ཀྱིས་རྡོ་རྗེ་བཟུང་ནས་རང་གི་ཕྱག་རྒྱ་བསྒོམ་མོ། །རྡོ་རྗེ་ཞེས་བྱ་བ་འདི་ཅི་ཡིན་སྙིང་པོ་བསྒོམ་པ་སྟེ། རྡོ་རྗེ་ཚིག་གིས་བཟླས་ན་དེས་དེ་བཞིན་གཤེགས་པའང་ཚེ་འདི་འམ་གཞན་ལ་ཐོབ་པར་འགྱུར་རོ། །རྡོ་རྗེའི་དཀྱིལ་འཁོར་རོ། །ཐམས་ཅད་དམ་ཚིག་ཆེན་པོའི་ཚུལ་དུ་བྱས་ལ་འདི་སྨྲོས་ཤིག་།དད་བརྟན་ཕྱག་ན་རྡོ་རྗེ་ལ། །དེ་བཞིན་གཤེགས་རིགས་དེ་བཞིན་ནོ། །སེམས་ཅན་ཐམས་ཅད་མགུ་བ་རུ། །ཁྱོད་ཀྱིས་དེ་ལྟར་བརྟག་པའོ། །དེ་ནས་དེ་ལྟར་ཁྱོད་ཀྱིས་མ་བྱས་ན་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །དམ་ཚིག་གི་དཀྱིལ་འཁོར་རོ། །ཡང་དཀྱིལ་འཁོར་དེ་བཞིན་དུ་བྲིས་ལ་སློབ་མ་བཅུག་ནས་ལས་རྣམ་བཞི་འང་བསླབ་བོ། །ལུས་ཐམས་ཅད་ཀྱིས་གཏུགས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་ལངས་ཏེ་ཡན་ལག་ལྔས་ཕྱག་བྱས་ནས་སྡིག་པ་ཐམས་ཅད་ནི་བཤགས་སོ། །དེ་ནས་ལངས་ལ་ཐལ་མོ་སྦྱར་ཏེ་པུས་མོ་གཉིས་ས་ལ་གཏུགས་ནས་བསོད་ནམས་ཐམས་ཅད་ཀྱི་རྗེས་སུ་ཡི་རང་ངོ ། །དེ་ནས་ལངས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ལ་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ནས་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་གིས་བཛྲ་བིད་བརྗོད་ཅིག་།དེས་ནི་དེ་བཞིན
92.16b
གཤེགས་པ་ཐམས་ཅད་དང་ཕྱག་ན་རྡོ་རྗེ་ལ་ཕྱག་བྱ་བ་དང་བཀུར་སྟི་དང་མཆོད་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་འགྱུར་རོ། །མཆོད་པའི་ཆོ་གའོ། །དེ་ནས་རྡོ་རྗེ་རིག་པ་བསྒྲུབ་པ་འབྱུང་སྟེ། དཀྱིལ་འཁོར་མཐོང་བས་རས་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྲིས་ལ། དེའི་གཡས་སུ་སྤྱན་རས་གཟིགས་དབང་པོ། གཡོན་དུ་རྡོ་རྗེ་ཁུ་ཚུར་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱའོ། །དེ་ནས་གསོ་སྦྱོང་ཅན་དུས་གསུམ་དུ་ཁྲུས་བྱེད་པ། དུས་གསུམ་དུ་བཀྲུས་པའི་གོས་གྱོན་ལ་སྟོང་ཕྲག་བརྒྱར་བཟླས་སོ། །དེའི་མཇུག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་བཅིངས་ནས་མཚན་ཐལ་བྱུང་བཟླས་ན། ནང་པར་དུ་དེ་བཞིན་གཤེགས་པ་ཐམས་ཅད་གཤེགས་ཏེ་ཞལ་སྟོན་ཏོ། །མཆོག་ཅི་འདོད་པ་སྩོལ་ཏེ་སངས་རྒྱས་པའི་བར་དུ་ཡང་སྩོལ་ཏོ། །དེ་ནས་ཡང་ཆོ་ག་གཞན་ཏེ། རས་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པད་མོའི་སྟེང་དུ་བཞུགས་པར་བྱས་ལ། དེའི་སྤྱན་སྔར་ཕྱག་ན་རྡོ་རྗེ་ཐལ་མོ་སྦྱར་ཏེ་ཙོག་ཙོག་པོར་འདུག་ནས་བཅོམ་ལྡན་འདས་ལ་བལྟ་བར་བྱ། བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་སུ་ཕྱག་ན་རྡོ་རྗེ་ཡ་གཅིག་གིས་རྡོ་རྗེ་གསོར་གཡོན་པ་ན་པད་མོའོ། །བཅོམ་ལྡན་འདས་ཀྱི་གཡོན་ཕྱོགས་སུ་རྡོ་རྗེ་ཁུ་ཚུར་ཏེ། ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་བསྣམས་པར་བྱས་ལ། དེ་ནས་ཚེས་གཅིག་ནས་བརྩམས་ཏེ་ཟླ་བ་གཅིག་དེ་བཞིན་བཟླས་ལ། ཟླ་བ་ཚང་ནས་མཚན་ཐལ་བྱུང་བཟླས་ན། དེ་ལྟར་དེ་བཞིན་གཤེགས་པ་བྱོན་ནས་མཆོག་ཅི་འདོད་པ་སྩོལ་ཏོ། །ཡང་ཆོ་ག་གཞན་ནི་རས་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྲིས་ལ། དེའི་སྤྱན་སྔར་ཟླ་བ་དྲུག་དེ་བཞིན་དུ་བཟླས་པའི་མཇུག་ལ་ཉིན་མཚན་གསུམ་དུ་སྨྱུང་བ་བྱ་སྟེ། ཕྱག་ན་རྡོ་རྗེ་བྱོན་ནས་ཕྱག་ན་རྡོ་རྗེ་འཛིན་པ་ཉིད་བྱིན་གྱི་བར་དུ་བཟླས་སོ། །དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་དྲུང་དུ་སྟོང་ཕྲག་བརྒྱ་བཟླས་ན་མཇུག་ཏུ་དེ་བཞིན
92.17a
གཤེགས་པ་མཐོང་ངོ ། །ནམ་མཁའ་ལ་བལྟས་ཏེ་སྟོང་ཕྲག་བརྒྱ་བཟླས་ན་ནམ་མཁའ་ལ་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་ངོ ། །དེས་དེ་ལ་ཕུན་སུམ་ཚོགས་པ་ཐམས་ཅད་ཉིན་གཅིག་བཞིན་སྩོལ་ཏོ། །སངས་རྒྱས་ཀྱི་སྤྱན་སྔར་སྟོང་ཕྲག་བརྒྱ་བཟླས་ན་མཆོག་ཐོབ་བོ། །ཕྱག་ན་རྡོ་རྗེའི་སྤྱན་སྔར་སྟོང་ཕྲག་བརྒྱ་བཟླས་ན་ཕྱག་ན་རྡོ་རྗེས་འདོད་པ་ཐམས་ཅད་སྩོལ་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོའི་སྤྱན་སྔར་སྟོང་ཕྲག་བརྒྱ་བཟླས་ན་སྤྱན་རས་གཟིགས་དབང་པོས་ལག་ནས་བཟུང་སྟེ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་ཁྲིད་ཅིང་སླར་ཡང་ཁྲིད་དེ་འོང་ངོ ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས་དེ་བཞིན་གཤེགས་པའི་རྟོག་པ་རྫོགས་སོ།། །། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོས་ཡང་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རྟོག་པ་ཆེན་པོ་འདིར་སྙིང་པོ་གང་བརྗོད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེའི་རི་ལྟར་མི་གཡོ་བའང་བསྐྱོད་ཅིང་འདྲེན་ན་སེམས་ཅན་གཞན་ལྟ་ཅི་སྨོས། གང་དྲན་པ་ཙམ་གྱིས་ཀྱང་འཇིགས་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །གང་བརྗོད་པ་ཙམ་གྱིས་ཀྱང་མཚམས་མེད་པ་ཐམས་ཅད་ལྷག་མ་མ་ལུས་པར་འབྱང་བར་འགྱུར་བ་དང ། ཐམས་ཅད་ལ་བསྲུང་བར་འགྱུར་བ་དང ། ཕྱག་ན་རྡོ་རྗེས་ཀྱང་འདོད་པ་ཐམས་ཅད་སྩོལ་བར་འགྱུར་བ་དང ། མཆོག་སྩོལ་བ་དང ། དོན་ཐམས་ཅད་བསྒྲུབ་པ་དང ། དགོས་པ་ཐམས་ཅད་བྱེད་ཅིང་རྟག་པར་ཕྱི་བཞིན་འབྲང་བར་འགྱུར་བ་དང ། གང་བསླབས་པ་ཙམ་གྱིས་གྲུབ་པ་ཐམས་ཅད་མངོན་པར་འགྱུར་བར་སྩལ་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་འདི་སྐད
92.17b
ཅེས་བཀའ་སྩལ་ཏོ། །ཕྱག་ན་རྡོ་རྗེ་ཁྱོད་ཀྱིས་ལེགས་པར་སྨྲོས་ཤིག་།ངས་ཀྱང་བཟུང་ངོ ། །དེ་ནས་ཕྱག་ན་རྡོ་རྗེས་རྡོ་རྗེ་སྙེམས་པ་དང་བཅས་པས་རྡོ་རྗེ་གསོར་ཏེ། རང་གི་སྙིང་ཀར་བསྟོད་པའི་ཚུལ་གྱིས་བཟུང་ནས་རང་གི་སྙིང་པོ་འདི་གསུངས་སོ། །ཊཀྐི་ཧཱུཾ་ཛ། དེ་ནས་འདི་གསུངས་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་གཡོས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་གཡོས། རབ་ཏུ་གཡོས། འཕར་རབ་ཏུ་འཕར། བྱང་ཆུབ་སེམས་དཔའ་རྣམས་རབ་ཏུ་བསྐྱོད་པར་གྱུར་ཏོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་མ་རུང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སའི་སྙིང་པོར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བརྟན་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའི་གྲུབ་པ་ཡང་སྲ་བར་གྱུར་ཏོ། །བདུད་དང་མི་བགྲུངས་པའི་ཕྱོགས་ཐམས་ཅད་ཀྱང་བརླག་པར་བྱས་སོ། །གདོན་ཐམས་ཅད་བཅོས་བསད་བཅོམ་སྟེ་འདར་པད་པད་ནས། བཅོམ་ལྡན་འདས་ལ་སྐྱབས་སུ་དོང་ནས་བཅོམ་ལྡན་འདས་བདག་ཅག་སྐྱོབས། བདེ་བར་གཤེགས་པ་བདག་ཅག་སྐྱོབས་ཤིག་པ་དང ། བཅོམ་ལྡན་འདས་ཀྱིས་དེ་དག་ལ་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་འདི་ཉིད་ལ་སྐྱབས་སུ་དེང་ཤིག་དང ། འདི་ཉིད་ཁྱེད་ལ་སྐྱོབ་པར་བྱེད་དོ། །ཕྱག་ན་རྡོ་རྗེའི་སྙིང་ཀ་ནས་ཀུན་ཏུ་འབར་བས་བསྐོར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲེང་བ་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་འཛུམ་ཞིང་ཁྲོ་བ། ཕྱག་གཉིས་ཀྱིས་མེ་ཏོག་གི་གཞུ་འགེངས་པ། ཕྱག་གཉིས་ཀྱིས་རྡོ་རྗེ་ཧཱུཾ་ཞེས་པ་བཅོམ་ལྡན་འདས་རྡོ་རྗེ་འདོད་པའི་ཁྲོ་བོ་ཕྱུང་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཀུན་འདོད་པའི་ཁྲོ་བོས་སྦྱངས་ནས། ཕྱག་ན་རྡོ་རྗེའི་སྤྱན་སྔར་འདུག་སྟེ་བཀའ་ནོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ཇི་ལྟ་བ་དེ་བཞིན་དུ་ཁྱོད་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་གྱིས་ཤིག་ཅེས་སོ། །དེ་ནས་བཅོམ་ལྡན་འདས
92.18a
ཀྱིས་ཕྱག་ན་རྡོ་རྗེ་ལ་འདི་སྐད་གསུངས་སོ། །ལག་ན་རྡོ་རྗེ་དེ་བས་ན་ཁྱོད་སྙིང་པོ་གང་གིས་སེམས་ཅན་འདི་དག་ཐམས་ཅད་བརྒྱལ་བ་དང་བཅོས་པ་དང་བཅོམ་པ་ཀུན་འཚོ་བར་འགྱུར་བ་དང ། གཞན་དག་ཀྱང་རྡོ་རྗེའི་ལུས་ཐོབ་པར་འགྱུར་བ་དེ་སྨྲོས་ཤིག་།ོཾ་ཊུཾ། རྡོ་རྗེ་གོ་ཆའི་ཕྱག་རྒྱ་འདིས་བདག་ཉིད་གོ་བགོས་ན་རྡོ་རྗེའི་ལུས་དང་རྡོ་རྗེའི་ཚེ་ཐོབ་ཅིང་བསྲུང་བར་ཡང་འགྱུར་ཏེ། ནམ་འཚོའི་བར་དུ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །དེ་ནས་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔས་རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ། །དེ་ནས་གཞན་ཡང་རབ་བཤད་པ། །རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་ཆེ། །གྲུ་བཞི་པ་སྟེ་སྒོ་བཞི་པའོ། །རྟ་བབས་བཞི་དང་བཅས་པ་སྟེ། །བཅུ་དྲུག་ཆ་དང་ལྡན་པར་རོ། །རྡོ་རྗེའི་ར་བས་མཛེས་པ་སྟེ། །གྲཝ་དང་སྒོ་ཡི་ཟུར་དག་དང ། །དེ་བཞིན་རྟ་བབས་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་ལྡན་པར་བྱ། །བ་དན་ཕྲེང་བ་དྲིལ་བུས་བརྒྱན། །དང་པོར་ཕྱི་ཡི་དཀྱིལ་འཁོར་འདི། །སྙིང་པོ་བཟླས་ཤིང་བྲི་བར་བྱ། །དེ་ཡི་ནང་གི་འཁོར་ལོ་ཡང ། །རྡོ་རྗེ་སྲད་བུ་མཉམ་ལྡན་པའོ། །རྡོ་རྗེའི་ཀ་བ་བརྒྱད་ལྡན་ཞིང ། །རྡོ་རྗེའི་ཀ་བ་བདུན་གནས་སུ། །དཀྱིལ་འཁོར་བརྒྱད་ཀྱི་ཚུལ་དུ་སྟེ། །འོད་ཀྱི་དཀྱིལ་འཁོར་བཞག་པའོ། །དེ་ཡི་དབུས་སུ་སེམས་དཔའ་ཆེ། །ཕྱག་ན་རྡོ་རྗེ་བཞུགས་པར་བྱ། །སངས་རྒྱས་རིན་ཆེན་ཐམས་ཅད་དག་།དབུ་རྒྱན་དུ་ནི་བརྒྱན་ཐོགས་པ། །ཅུང་ཟད་ཙམ་དུ་བཞད་པའི་ཞལ། །རྡོ་རྗེ་སྙེམས་པར་མཛད་པ་སྟེ། །མེ་ཏོག་མདའ་གཞུ་འཆང་བ་པོ། །དེ་ལས་གཞན་པ་ཕྱག་བཞི་པ། །རྡོ་རྗེ་སེམས་དཔའི་ཐུགས་ཉིད་དེ། །ཁྲོ་གཉེར་བཞད་པའི་ཞལ་ངོ་ཅན། །གཉིས་ཀྱིས་མེ་ཏོག་གཞུ་འགེངས་ཤིང ། །གཉིས་ཀྱིས་རྡོ་རྗེ་ཧཱུཾ་མཛད་པའོ། །རྡོ་རྗེ་ཅན་གྱི་གཡས་ཕྱོགས་སུ། །རྡོ་རྗེ་དགའ་བ་བྲི་བར་བྱ། །སྙིང་ཀར་རྡོ་རྗེ་བརྟན་འཛིན་ཅིང ། །འཁྱུད་པ་ལྟ་བུའི་སྦྱོར་བས
92.18b
སོ། །ཕྱག་ན་རྡོ་རྗེའི་རྒྱབ་ཏུ་ནི། །ཆུ་སྲིན་རྒྱལ་མཚན་འཆང་བ་སྟེ། །སེམས་དཔའ་རྡོ་རྗེ་དཔལ་ཅན་ཏེ། །རིན་ཆེན་ཆར་པ་རབ་ཏུ་འབེབས། །རྡོ་རྗེ་ཅན་གྱིས་གཡོན་བྲིས་པ། །རྡོ་རྗེ་སྙེམས་པ་དམར་པོ་སྟེ། །གཉིས་ཀྱིས་རྡོ་རྗེ་སྙེམས་པ་འཛིན། །སྒེག་པས་མཆོད་ཅིང་འདུད་པའོ། །དཀྱིལ་འཁོར་གྲཝ་ཡི་གནས་རྣམས་སུ། །མཆོད་པའི་ལྷ་མོ་བྲི་བར་བྱ། །དཔྱིད་ཀྱི་རྡོ་རྗེ་རྡོ་རྗེའི་སྤྲིན། །སྟོན་ཀའི་རྡོ་རྗེ་ཁ་བ་མོ། །ཕྱི་ཡི་དཀྱིལ་འཁོར་གྲཝ་དག་ཏུ། །འདོད་པའི་གཟུགས་ལ་སོགས་པ་བྲི། །སྒོ་ཡི་དཔུང་རྣམས་ཐམས་ཅད་དུ། །རྡོ་རྗེ་འདོད་པའི་ཀྱོ་བ་སོགས། །དེ་ནས་དཀྱིལ་འཁོར་ཆེན་པོ་དེར། །རྡོ་རྗེ་སློབ་དཔོན་ཉིད་རྡོ་རྗེ་སྙིང་པོའི་ཕྱག་རྒྱ་བཅིངས་ལ་ཞུགས་ལ་འདི་སྐད་དུ་སྨྲོས་ཤིག་།སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང ། །སེམས་ཅན་ཀུན་ལ་བདེ་བ་སྩོལ། །སེམས་ཅན་ཀུན་གྱི་ཕར་གྱུར་པའི། །རྡོ་རྗེ་སེམས་དཔའ་བདག་དེང་འགྲུབ། །ཊཀྐི་ཧཱུཾ་ཛ། དེ་ནས་དེ་སྐད་སྨྲས་པ་དང་འབབ་པར་འགྱུར་ཏེ། དེ་ལྟར་བབས་པ་ཙམ་གྱིས་ཕྱག་ན་རྡོ་རྗེའི་གཟུགས་མཐོང་ངོ ། །བཅོམ་ལྡན་འདས་མཐོང་བར་བསྟན་པས་གྲུབ་པ་ཐམས་ཅད་ཀྱང་སྩོལ་ཏེ། ལ་ལ་ནི་རྡོ་རྗེ་འཛིན་ལ་ལ་ནི་འཚང་རྒྱ་བར་རོ། །དེ་ནས་སློབ་མ་གཞུག་སྟེ། སྙིང་པོའི་ཕྱག་རྒྱ་བཅིངས་ལ། དེས་ཕྲེང་བ་བཟུང་ནས་གོས་དམར་པོས་ཡན་ལག་བཅིངས་ལ། རས་དམར་པོས་མིག་གཉིས་བཀབ་སྟེ་བཅུག་ནས་འདི་སྐད་ཅེས་སྨྲོས་ཤིག་།ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བའི་མི་མཁས་པ་སུ་ལ་ཡང་གསང་བ་འདི་དག་མི་བསྙད་པར་བྱོས་ཤིག་།འབྱུང་པོའི་གདོན་དང་ཕྲ་མེན་མ་ལ་སོགས་པའི་གདོན་གྱིས་བསད་པར་གྱུར་ཏ་རེ། ཤི་ནས་ཀྱང་དམྱལ་བར་ལྟུང་བར་འགྱུར་རོ་ཞེས་བསྒོ་ནས་གདོང་ཁྲོལ་ཅིག་།དེ་ནས་འདི་སྐད་ཅེས་སྨྲོས་ཤིག་།གང་དབུས་ན་བ་འདི་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྟེ། འདི་ནི་དང་པོའི་སེམས་དཔའ་འདོད་པའི་བདག་པོ་འདོད་པའི་དབང་པོ་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའོ། །གང་མདུན་ན་བ་འདི་ནི་བཅོམ་ལྡན་འདས་འདིའི་ཐུགས་ཡིན་ཏེ།
92.19a
འདོད་པའི་ཁྲོ་བོའོ། །གང་གཡས་ན་བ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་རེག་པའི་བདེ་བ་སྟེ། རྡོ་རྗེ་དགའ་བ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའོ། །གང་རྒྱབ་ན་བ་འདི་ནི་བཅོམ་ལྡན་འདས་བདག་ཉིད་ཆེ་བའི་རྒྱལ་མཚན་ཏེ། སེམས་པ་ཐམས་ཅད་ཀྱི་བྱམས་པ་སློང་བ་དང་ནོར་སྦྱིན་པའོ། །གང་གཡོན་ཕྱོགས་ན་བ་འདི་ནི་བདག་ཉིད་ཆེ་བའི་བདུད་དེ། སེམས་ཅན་ཐམས་ཅད་ཆགས་པར་བྱེད་པའོ། །གང་གྲཝའི་བཞི་པོ་འདི་རྣམས་ནི་དུས་ཀྱི་མཆོད་པ། མེ་ཏོག་དང་བདུག་པ་དང་མར་མེ་དང་དྲིའི་ལྷའོ། །གང་ཕྱིའི་གྲཝའི་གནས་ན་བ་དེ་དག་ནི་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ནོ། །གང་སྒོ་སྲུང་དེ་དག་ནི་མིག་དང་འདོད་ཆགས་པ་དང་མཛའ་བ་སྟེ། ཀྱོ་བ་ཏང་བ་དང་ཞགས་པ་དང་སྒྲོག་དང་འབེབས་པ་དག་ནི་རྒོལ་བར་མི་འགྱུར་རོ། །ཁྱོད་ཀྱིས་ཀྱང་བཅོམ་ལྡན་འདས་འདོད་པ་ཐམས་ཅད་ཀྱི་བདག་པོ་ལ་སྨོད་པར་མ་བྱེད་ཅིག་།གང་སངས་རྒྱས་ཀྱི་བསྟན་པ་ལ་སེམས་ཅན་ཐམས་ཅད་ལ་རྣམ་པར་དག་པར་བྱ་བའི་ཕྱིར་འདོད་ཆགས་དང་བྲལ་བ་འཆད་དེ། དེ་ཅིའི་ཕྱིར་ཞེ་ན། མུ་སྟེགས་ཅན་གྱི་རྣམས་འདོད་ཆགས་བྲལ་བའི་ཆོས་དེས་ཐར་པའོ། །དེ་བཞིན་གཤེགས་པ་རྣམས་ཆགས་པ་རྣམས་ནི། སེམས་ཅན་ཐམས་ཅད་ལ་ཆགས་པས་ན་ཐར་པ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་བདག་གི་ཆུང་མས་ཀྱང་སེམས་ཅན་སྡུད་པར་བྱེད་དེ། འདོད་ཆགས་ནི་བྱང་ཆུབ་ཏུ་བསྟན་པའོ་ཞེས་སོ། །དེ་ནས་སྙིང་པོ་བྱིན་ཅིག་།ཊཀྐི་ཧཱུཾ་ཛ། འདི་བསྒྲུབས་ན་བཅོམ་ལྡན་འདས་སེམས་དཔའི་མཆོག་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་གྲུབ་པས་ན་འདོད་པའི་ཁྲོ་བོ་གྲུབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྙིང་པོ་འདི་བདག་ཉིད་ཆེ་བ་སྟེ། ཊཀྐི་ཞེས་བྱ་བ་ནི་འདོད་པའོ། །ཧཱུཾ་ཞེས་པ་ནི་ཁྲོ་བའོ། །དེ་གཉིས་དགུག་པའི་ཕྱིར་ཛཿ ཞེས་བྱ་བ་ནི་འདི་ཁྱོད་ཀྱིས་བསྒྲུབ་པར་བྱའོ། །དེ་ནས་ཕྱག་རྒྱ་ཆེན་པོ་ཤེས་པར་སློབས་ཤིག་།དེ་ནས་དམ་ཚིག་གི
92.19b
ཕྱག་རྒྱ་བཅོམ་ལྡན་འདས་ཀྱི་རྡོ་རྗེའི་ཐུགས་བསླབས་ནས་ལག་པ་གཉིས་སུ་རྡོ་རྗེ་སྦྱིན་པའི་སྙིང་པོ་ནི་འདིའོ། །ོཾ་བཛྲ་དྷ་ར་བཛྲ་པྲ་ཏཾ་དྷཱ་ར་ཡ་སིད་དྷི་ཊཀྐི་ཧཱུཾ་ཛ། དེ་ནས་ཕྲེང་བ་ཕྱག་ན་རྡོ་རྗེ་ལ་ཕུལ་བས་དེའི་མགོ་ལ་བསྐོན་ནོ། །དེ་ནས་རྡོ་རྗེ་མིང་གི་དབང་སྦྱིན་པ་སྙིང་པོ་འདིས་སོ། །ོཾ་བཛྲ་ཨ་བྷི་ཥིཉྩ་སརྦ་ཀ་མ་ཤཝ་རེད་ཏྭེ་ཨི་དཱམ་བཛྲ་ནཱ་མཱ་ན་མ་དྷིཥྛི་ཏེ་དྲི་ཊྷོ་སྱ་བྷ་བ་ཨོཾ་ཊཀྐི་ཧཱུཾ་ཛ། དེ་ནས་དེར་འདུག་སྟེ་ཕྱག་རྒྱ་ཆེན་པོ་བཅིངས་ནས་རྡོ་རྗེ་ཚིག་གིས་བརྒྱད་སྟོང་བཟླས་ན་དེ་ནས་ས་གཡོ་སྟེ། གྲུབ་པ་ཐམས་ཅད་ལན་ཅིག་བཟླས་པས་འགྲུབ་བོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་བརྒྱ་བཟླས་ན་དེའི་ཐུགས་དབང་དུ་འགྱུར་རོ། །དེ་ཕྱིན་ཅད་སེམས་ཅན་ཐམས་ཅད་ཀྱི་སྙིང་སོ་ཤེས་པ་དང ། སེམས་ཅན་ཐམས་ཅད་ཀྱི་སྙིང་ལ་དབང་བྱེད་དོ། །ཐམས་ཅད་ཀྱི་སྙིང་དུ་སྡུག་པར་འགྱུར་རོ། །ཐམས་ཅད་ཀྱི་བརྟན་པར་ཆགས་སོ། །སྙིང་ཐམས་ཅད་ལས་ཚིག་ཐོས་པར་འགྱུར་རོ། །གྱུར་པ་དང་འགྱུར་བ་དང་ད་ལྟར་གྱི་ཚིག་བདེན་པར་འགྱུར་རོ། །བདག་གི་སྙིང་ལས་ཀྱང་ཆོ་འཕྲུལ་རྣམ་པ་བཞི་མཐོང་ཞིང་གཞན་ལ་ཡང་སྟོན་ཏོ། །དེའི་སྙིང་ལས་རྡོ་རྗེ་འབྱུང་བར་འགྱུར་རོ། །དེས་ན་སེམས་ཅན་ཐམས་ཅད་ཀྱིས་མི་སོད་པ་དང ། མི་ཚུགས་པ་དང་མི་གཅོད་པ་དང་མི་ཕྱེད་པའི་རྡོ་རྗེའི་ལུས་སུ་འགྱུར་རོ་ཞེས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་སོ། །དེ་ནས་གསང་བའི་མཆོད་པ་བྱ་སྟེ། རྡོ་རྗེའི་ཐུགས་བསྟོད་པའི་གླུས་བསྟོད་དོ། །དེ་ཕྱིན་ཅད་གྲུབ་པ་ཐམས་ཅད་རྫོགས་པར་འགྱུར་ཏེ། འདོད་པ་ཐམས་ཅད་དང་གསང་བའི་མཆོད་པ་ཐམས་ཅད་མྱུར་དུ་འགྲུབ་པར་འགྱུར་རོ། །དེ་ནས་མཆོད་པ་ཐམས་ཅད་ཀྱིས་འདྲ་བར་མཆོད་ནས། ཇི་སྙེད་པའི་ཟས་དང་རོ་དང་སྤྱད་པ་ཐམས་ཅད་ཀྱིས་ཚིམ་པར་བྱས་ནས་འབྱུང་ངོ ། །རྡོ་རྗེ་འཁོར་ལོ་ཆེན་པོའི་ཆོ་ག་རྒྱས་པའོ།། །། དེ་ནས་རྡོ་རྗེའི་དཀྱིལ་འཁོར་དུ་རྡོ་རྗེ་འདོད་པ་ཁྲོ་བོ་ལ་སོགས་པའི་ཕྱག་རྒྱ་ཇི་ལྟ་བ་བཞིན་བྲིས་ཏེ་ཞུགས་ནས་མཆོད་པའི་ལྷ་རྣམས་ཀྱིས་གར་གྱི
92.20a
མཆོད་པས་སྙིམ་པ་མ་སྟོངས་པར་བྱས་ཏེ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་རྡོ་རྗེའི་གླུའི་རྡོ་རྗེའི་བཟླས་པས་འབུམ་བཟླས་སོ། །དེ་ནས་རྡོ་རྗེ་དེ་ལྕི་བར་འགྱུར་རོ། །དེ་ནས་སླར་ཡང་བར་འགྱུར་རོ། །དེ་ནས་དེ་ལྟར་མཚན་གཅིག་ཐལ་བྱུང་དུ་བཟླས་ན་ནང་པར་རྡོ་རྗེ་འཛིན་ཏམ། རྡོ་རྗེ་ཁྲོ་བོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་བདག་པོ་ལྷའི་གཟུགས་དང ། མདོག་དང་རྒྱན་དང་སྤྱན་གསུམ་པ་ལ་ཕྱག་བཞི་པ་རྡོ་རྗེ་འདོད་པའི་མདངས་དང་འདྲ་བར་འགྱུར་ཏེ། རྡོ་རྗེ་འཛིན་གྱི་ཚེར་འགྱུར་རོ། །རྡོ་རྗེ་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པའོ། །དེ་ནས་དམ་ཚིག་གི་དཀྱིལ་འཁོར་ཏེ། དཀྱིལ་འཁོར་ཆེན་པོའི་སྲད་བུས་ཐིག་བཏབ་སྟེ། དེ་ནས་ལྷ་མོ་རྣམས་བྲིས་ལ་དེའི་དབུས་སུ་བཅོམ་ལྡན་འདས་ཇི་ལྟ་བ་བཞིན་དུ་གཞག་ནས་འདི་སྐད་སྨྲོས་ཤིག་།ཧོ་བཛྲ་ས་ཏྭ་སུ་ར་ཏ་སྟྭཾ། དེའི་སྤྱན་སྔར་རྡོ་རྗེ་གཞུ་འགེངས་པའི་གཞུ་བྲིས་ཏེ། དེའི་ཕྱག་རྒྱ་ནི་འདིའོ། །བཛྲ་ཨ་ཤྟྲོ་ཧཱུཾ། གཡས་སུ་རྡོ་རྗེ་དགའ་མགུ་འཁྱུད་པར་བྱའོ། །དེའི་ཕྱག་རྒྱ་ནི་འདིའོ། །བཛྲ་ཀེ་ལི་ཧཱུཾ། རྒྱབ་ཏུ་ཆུ་སྲིན་རྒྱལ་མཚན་འཆང་བ་བྱམས་མའི་རྡོ་རྗེ་བྲི་དེའི་ཕྱག་རྒྱ་ནི་འདིའོ། །བཛྲ་ཨ་གྲི་ཧོ། གཡོན་དུ་རྡོ་རྗེ་སྙེམས་མ་བྲིས་ཏེ། རྡོ་རྗེ་གཡོན་དུ་སྦྱོར་བར་བྱ། དེའི་ཕྱག་རྒྱ་ནི་འདིའོ། །བཛྲ་གརྦེ་ཧ་ནི། དེ་ནས་གྲཝ་དང་སྒོར་ཡང་རང་གི་ལྷ་མོ་བྲི། དེ་ནས་རྡོ་རྗེ་སློབ་དཔོན་ཉིད་ཤིན་ཏུ་ཆས་ལ་རྡོ་རྗེ་ལག་ཏུ་ཐོགས་བུད་མེད་ཀྱང་བརྒྱན་ཏེ། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བཅངས་ལ། དཔུང་པ་གཉིས་ཀྱིས་འཁྱུད་དེ་ཞུགས་ལ་འདི་སྐད་བརྗོད་དོ། །ས་མ་ཡ་སྟྭཾ་ཨ་ཧཾ། སུ་ར་ཏ་ཧོ་ཊཀྐི་ཧཱུཾ་ཛ། དེ་ནས་བརྗོད་པ་ཙམ་གྱིས་བཅོམ་ལྡན་འདས་སྟོན་པར་མཛད་དེ། ཕྱག་རྒྱ་ཐམས་ཅད་འགྲུབ་པ་དང་དམ་ཚིག་ཐམས་ཅད་འགྲུབ་པ་ཡང་སྩོལ་ཏོ། །དེ་ནས་སློབ་མ་ཡང་དེ་བཞིན་དུ་སྙིང་པོའི་རྡོ་རྗེ་དེ་ཉིད་ཀྱིས་བཙུད་ནས་འདི་ཞེས་སྨྲོས་ཤིག་།ཁྱོད་ཀྱིས་དམ་ཚིག་འདི་ལས་མ་འདའ་ཤིག་།མི
92.20b
བདེ་བ་མ་སྤངས་པར་མྱུར་དུ་ཤི་ཞིང་ངུ་འབོད་ཆེན་པོར་སྐྱེ་པར་འགྱུར་ཏ་རེ། དེ་ནས་དམ་ཚིག་བརྗོད་དེ། བདག་ཆེ་ཀུན་གྱི་ཕྱག་རྒྱ་ནི། །འདོད་པ་བསམ་ལས་ཡང་དག་འབྱུང ། །དེ་བས་ཁྱོད་ཀྱིས་སྡིག་མེད་པའི། །འདོད་དང་བསམ་པ་མ་བཏང་ཤིག་།འདི་ནི་དམ་ཚིག་བསྲུང་བའི་སྔགས་སོ། །ོཾ་ཊཀྐི་ཧཱུཾ་ཕཊ། འདིས་རྡོ་རྗེའི་ཆུ་བླུད་དོ། །གང་དངོས་པོ་གཞན་ཐམས་ཅད་ཀྱི་ཕྱིར་ཡང་མནས་བསྒག་སྟེ། དེ་དག་ལ་ཡང་རྡོ་རྗེའི་ཕྱག་རྒྱ་འཛིན་པས་བླུད་དོ། །གང་གིས་འདི་ལས་འདས་ན། ཟླ་བ་ཕྱེད་ཀྱིས་སྙིང་འགས་སོ་ཞེས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དམ་ཚིག་ཆེན་པོས་གསུངས་སོ། །དེ་ནས་ཕྱག་རྒྱ་བཅིང་པ་བསློབ་བོ། །དེ་ནས་དེ་བཞིན་དུ་འབྱུང་ངོ ། །ཤིན་ཏུ་དགའ་བའི་རྡོ་རྗེ་ཞེས་བྱ་བ་གསང་བའི་དཀྱིལ་འཁོར་རོ། །དེ་ནས་ལས་ཀྱི་དཀྱིལ་འཁོར་དེ་བཞིན་དུ་བྲིས་ནས་ཉིད་ཀྱི་སྐུ་འམ་མཚན་མ་གཞག་གོ། །དེར་བཙུད་ནས་ལས་རྣམ་བཞི་བསླབ་པར་བྱའོ། །དེ་ལ་དང་པོ་ཉིད་དུ་འདོད་པ་ཐམས་ཅད་སྩོལ་བར་གྱུར་ཏེ། ཕྱག་ན་རྡོ་རྗེའི་ཕྱག་རྒྱ་ཆེན་པོ་བཅིངས་ནས་རྡོ་རྗེ་འཛིན་ཕྱག་བཞི་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲེང་བ་ལ་སོགས་པའི་རྒྱན་གྱིས་བརྒྱན་པའི་སྐུར་བདག་ཉིད་མཐོང་བ་དེ་སྲིད་ཀྱི་བར་དུ་བཟླས་སོ། །དེ་ཕྱིན་ཅད་འདོད་པ་ཐམས་ཅད་ནུས་པར་འགྱུར་རོ། །དེ་ནས་ཁྲོ་བོའི་ལས་བསླབ་སྟེ། རྡོ་རྗེ་ཧཱུཾ་ཞེས་བྱ་བའི་ཕྱག་རྒྱ་བཅིངས་ལ་བཟླས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཐང་ཅིག་བཟླས་ཏེ། ཧཱུཾ་ཞེས་པས་བསྡིགས་ན་དེ་བཞིན་གཤེགས་པ་ཡང་འགྱེལ་བར་འགྱུར་རོ། །དེ་ཕྱིན་ཅད་འགྲོ་བ་གནས་པ་ཐམས་ཅད་ཀྱང་འགྱེལ་ནུས་པར་འགྱུར་རོ། །དེ་ནས་ཕྱག་ན་རྡོ་རྗེའི་ལས་འབྱུང་སྟེ། སེམས་ཅན་ཐམས་ཅད་འདོད་པ་དང་ཁྲོ་བོ་གཉིས་ཀྱིས་འདུལ་བར་འདོད་ན། རྡོ་རྗེ་འཛིན་མའི་ཕྱག་རྒྱས་མེ་ཏོག་ལ་སོགས་པས་མཆོད་པ་བྱས་ཏེ། རྡོ་རྗེ་ཐུགས་ཀྱི་ཕྱག་རྒྱ་བདག་གི་སྙིང་ཀར་བཅིངས་ལ་ཕྱག་ན་རྡོ་རྗེའི་སྤྱན་སྔར་རྡོ་རྗེ་འཛིན
92.21a
ཐོབ་པ་དེ་སྲིད་དུ་བཟླས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་བྱེད་པར་འདོད་པས་ཕྱག་ན་རྡོ་རྗེའི་སྤྱན་སྔར་བྱང་ཆུབ་ཏུ་སེམས་བསྐྱེད་ལ་སྦྱིན་པ་སྦྱིན། ཚུལ་ཁྲིམས་བསྲུང ། བཟོད་པ་བསྒོམ། བརྩོན་འགྲུས་བརྩམ། བསམ་གཏན་ལ་སྙོམས་པར་འཇུག་།ཤེས་རབ་ཡོངས་སུ་རྫོགས་པར་བྱ་སྟེ། ཅི་འདོད་ཅི་ནུས་ཀྱིས་བྱ་ཞིང་རྟག་ཏུ་བཟླས་པ་ནི། ཕྱག་ན་རྡོ་རྗེའི་སྐུ་འམ། དེ་བཞིན་གཤེགས་པའི་སྐུར་མཐོང་གི་བར་དུ་བྱའོ། །དེ་ནས་ས་བཅུ་པོ་འཐོབ་སྟེ། དེ་བཞིན་གཤེགས་པའི་ལས་བྱེད་པའི་བྱང་ཆུབ་སེམས་དཔར་འགྱུར་རོ། །ལས་ཀྱི་དཀྱིལ་འཁོར་གྱི་ཆོ་གའོ།། །། དེ་ནས་སྒྲུབ་པ་འབྱུང་སྟེ། དཀྱིལ་འཁོར་དུ་ནི་མ་ཞུགས་པ། །དམ་ཚིག་ཤེས་པ་མ་ཡིན་དང ། །སློབ་མ་མ་ཡིན་གཞན་རྣམས་ལ། །མི་ཟད་སྙིང་པོ་འདི་མི་སྦྱིན། །དཀྱིལ་འཁོར་མཐོང་བས་སྒྲུབ་པ་ནི་ཕྱག་ན་རྡོ་རྗེའི་སྤྱན་སྔར་སྟོང་ཕྲག་བརྒྱ་བཟླས་ན་སྔར་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་རས་ལ་བྲིས་ཏེ། རས་ཀྱི་དབུས་སུ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྲི། དེའི་གཡས་སུ་ཕྱག་ན་རྡོ་རྗེ་ཕྱག་བཞི་པའི་ཐུགས་ཀ་ནས་ཐུགས་འབྱུང་བ་དེ་བཞིན་དུ་བྲི། གཡོན་དུ་སྤྱན་རས་གཟིགས་ཀྱི་དབང་པོ་ཕྱག་བཞི་པ་སྟེ། གཉིས་ན་ནི་པད་མོའི་ཏིང་ངེ་འཛིན་འཆང ། གཉིས་ཀྱིས་ནི་མེ་ཏོག་གི་གཞུ་འགེངས་པ། ཁ་དོག་དམར་པོ་བྲི། སྤྱན་སྔར་དེ་བཞིན་དུ་རྡོ་རྗེ་འདོད་པའི་ཁྲོ་བོ་བྲིའོ། །སྟེང་དུ་ནམ་མཁའི་སྙིང་པོ་བྲི། གྲཝར་མཆོད་པའི་ལྷ་རང་གི་མཆོད་པས་བཀྲམ་པ་དང་མགོ་བོར་རོ། །དེ་ནས་རས་ལ་བྲིས་པའི་སྤྱན་སྔར་ཟླ་བ་བཞིན་དུས་བཞི་སྟོང་བཟླས་ཤིང་བསྒྲུབས་ན་དེ་ནས་ཟླ་བ་ཚང་བ་དང་དེ་བཞིན་གཤེགས་པའང་སྩོལ་བར་འགྱུར་རོ། །རས་ལ་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་ཚུལ་དུ་བྲིས་ལ་སེམས་དཔའ་ཆེན་པོ་དང ། ལྷ་མོ་ཡང་དེ་བཞིན་དུ་བྱའོ། །དེའི་སྤྱན་སྔར་ཟླ
92.21b
བ་གཅིག་ཏུ་གྲངས་མེད་པར་བཟླས་ཤིང་འདོད་པ་ཐམས་ཅད་ཟོས་ལ་བསྒྲུབས་ཏེ། དེ་ནས་ཟླ་བ་གཅིག་ལོན་པ་དང་ཕྱག་ན་རྡོ་རྗེའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་མཚན་ཐལ་བྱུང་བཟླས་ན་ནང་པར་རྡོ་རྗེ་འཛིན་འཐོབ་བོ། །རས་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་དུ་བྲིས་ལ། དེའི་སྤྱན་སྔར་ཟླ་བ་ཕྱེད་ཀྱི་བར་དུ་རྟག་པར་བཟླས་པ་ནི་མི་ཉལ་མི་མནལ་བར་བཟླས་ཏེ། དེ་ནས་ཟླ་བ་ཕྱེད་ལོན་པ་དང་མཚན་མོ་ཡང་ཐལ་བྱུང་དུ་བཟླས་ན་ནང་པར་ཕྱག་ན་རྡོ་རྗེ་དང་མཚུངས་པ་དང ། འདོད་པའི་ལོངས་སྤྱོད་ཆེན་པོ་དང་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱང་འཐོབ་ཅིང་ཐམས་ཅད་དུ་འགྲོ་བར་འགྱུར་རོ། །རས་ལ་བཅོམ་ལྡན་འདས་ཁྲོ་བོ་དེ་བཞིན་དུ་བྲིས་ལ། དེའི་སྤྱན་སྔར་རྡོ་རྗེ་ཤུགས་ཀྱི་ཕྱག་རྒྱ་བཅིངས་ཏེ། སྟོང་ཕྲག་བརྒྱ་བཟླས་ན་དེས་འགྲུབ་པར་འགྱུར་ཏེ། བསྒོ་བ་བཞིན་ལས་ཐམས་ཅད་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འང་ཁྱེར་ཞིང་སླར་ཡང་ཁྱེར་ཏེ་འོང་ངོ ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་འདོད་པའི་བདེ་བ་ཐམས་ཅད་ཁྱེར་ཏེ་འོངས་ནས་དེ་ལ་སྦྱིན་ནོ། །དེས་ཀྱང་ལོངས་སྤྱོད་པར་ནུས་ན། ལྷའི་བུ་མོ་ཐམས་ཅད་ལྟ་ཅི་སྨོས་བརྒྱ་བྱིན་ཡང་སྩོལ་ཏོ། །ཕྱག་ན་རྡོ་རྗེ་འཛིན་པ་ནས་སངས་རྒྱས་ཀྱི་བར་དུ་བསྒོ་བས་སྩོལ་བར་འགྱུར་རོ། །སངས་རྒྱས་ཀྱི་སྤྱན་སྔར་འབུམ་བཟླས་ན་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་སྟེ་དབང་དུ་བྱེད་དོ། །ཕྱག་ན་རྡོ་རྗེའི་སྤྱན་སྔར་རྡོ་རྗེ་ཐུགས་ཀྱི་ཕྱག་རྒྱ་བཅིངས་ནས་སྟོང་ཕྲག་བརྒྱ་བཟླས་ན། དེ་ནས་ཕྱག་ན་རྡོ་རྗེ་ཉིད་ཀྱིས་དཔལ་གྱི་ལྷ་མོ་ཁྲིད་དེ་བྱོན་ནས་སྒྲུབ་པ་པོའི་མདུན་དུ་འདོར་རོ། །དེ་ནས་སྒྲུབ་པ་པོས་བཅོམ་ལྡན་འདས་ཁྱོད་ཉིད་བདག་གིས་གྲུབ་པར་འཚལ་གྱི། འདི་ཅི་འཚལ་ཞེས་སྨྲོས་ཤིག་།དེ་ནས་བཅོམ་ལྡན་འདས་དགྱེས་ཏེ་ཅི་འདོད་པའི་མཆོག་སྩོལ་བར་འགྱུར་རོ། །གྲུབ་པ་ཐམས་ཅད་ཀྱང་འགྲུབ་བོ། །སྤྱན་རས་གཟིགས་དབང་པོའི་སྤྱན་སྔར་འབུམ་བཟླས་ན་སྤྱན་རས་གཟིགས་དབང་པོས་མཆོག
92.22a
སྩོལ་བར་འགྱུར་རོ། །ནམ་མཁའི་སྙིང་པོའི་སྤྱན་སྔར་འབུམ་བཟླས་ན་དབང་སྩོལ་བར་འགྱུར་ཏེ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་དོ། །རྡོ་རྗེ་བཞག་སྟེ་དེའི་མདུན་དུ་འབུམ་བཟླས་ན་དེ་ནས་ལས་ཐམས་ཅད་ཡིད་བཞིན་དུ་གྲུབ་པར་བྱེད་དོ། །ཕྱག་རྒྱ་ཆེན་པོ་བཅིངས་ནས་འབུམ་བཟླས་ན་ཕྱག་ན་རྡོ་རྗེ་འཛིན་གྱིས་མཆོག་སྩོལ་ཏོ། །དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་འབུམ་བཟླས་ན་རྡོ་རྗེ་འཛིན་མངོན་དུ་མཐོང་ཞིང་ཕྱག་རྒྱའི་ལས་ཀུན་གྲུབ་པ་ཡང་སྩོལ་བར་འགྱུར་རོ། །རྡོ་རྗེ་ལག་ཏུ་ཐོགས་ནས་འབུམ་བཟླས་ན་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་བཟུང་བ་ཙམ་གྱིས་མི་སྣང་བར་འགྱུར་རོ། །འཁོར་ལོ་ཐོགས་ཏེ་འབུམ་བཟླས་ན་འཁོར་ལོའི་རིག་པ་འཛིན་པར་འགྱུར་རོ། །ཀྱོ་བ་ཏང་ཐོགས་ཏེ་འབུམ་བཟླས་ན། ཀྱོ་བ་ཏང་དེས་ཐམས་ཅད་འགུགས་ནུས་པར་འགྱུར་རོ། །ཞགས་པ་ཐོགས་ཏེ་འབུམ་བཟླས་ན་ཞགས་པ་དེས་ཐམས་ཅད་དྲང་ནུས་པར་འགྱུར་རོ། །ལག་པ་གཉིས་རྡོ་རྗེ་བཅིངས་པ་བསྡམས་ཏེ་འབུམ་བཟླས་ན་སེམས་ཅན་ཐམས་ཅད་བཅིང་ནུས་པར་འགྱུར་རོ། །རྡོ་རྗེ་དབབ་པའི་ཕྱག་རྒྱ་བཅིངས་ནས་འབུམ་བཟླས་ན་གནས་པ་དང་འགྲོ་བ་ཐམས་ཅད་དབབ་ནུས་པར་འགྱུར་རོ། །རྡོ་རྗེ་དབབ་པའི་ཕྱག་རྒྱ་བཅིངས་ནས་འབུམས་བཟླས་ན་གནས་པ་དང་འགྲོ་བ་ཐམས་ཅད་དབབ་ནུས་པར་འགྱུར་རོ། །རྡོ་རྗེ་ཧཱུཾ་ཞེས་བྱ་བའི་ཕྱག་རྒྱ་བཅིངས་ནས་འབུམ་བཟླས་ན་ཧཱུཾ་ཞེས་བྱ་བ་གཅིག་གིས་གནས་པ་དང ། འགྲོ་བ་ཐམས་ཅད་སྐད་ཅིག་གིས་ལྟུང་བར་བྱེད་ནུས་པར་འགྱུར་རོ། །ལྷ་ཆེན་པོ་རྐང་པ་གཡོན་པས་མནན་ལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ནས་འབུམ་བཟླས་ན། ཟླ་བ་གཅིག་ཚུན་ཅད་ཀྱིས་དེར་འོངས་ཏེ་དབང་དུ་འགྱུར་རོ། །མཐུ་བོ་ཆེ་རྐང་པ་གཡོན་པས་མནན་ཏེ་འབུམ་བཟླས་ན་འཁོར་ལོ་ཐོབ་སྟེ། འཁོར་ལོ་དེ་ཐོགས་ན་འགྲུབ་པར་འགྱུར་རོ། །ཚངས་པ་མནན་ཏེ་འབུམ་བཟླས་ན་ཚངས་པར་སྤྱོད་པར
92.22b
འགྱུར་རོ། །བརྒྱ་བྱིན་རྐང་པ་གཡོན་པས་མནན་ཏེ་འབུམ་བཟླས་ན་རྡོ་རྗེ་སྦྱིན་པར་འགྱུར་ཏེ། རྡོ་རྗེ་བསྐོར་བས་ཚར་གཅད་པ་དང ། དབབ་པ་དང་ཐང་ཅིག་གིས་ན་གནམ་ལྕགས་དང་སེར་བ་འབེབས་སོ། །ས་ནད་གཞོན་ནུ་མནན་ཏེ་འབུམ་བཟླས་ན། གཞོན་ནུ་མ་ཐམས་ཅད་ཀྱི་བདག་པོར་འགྱུར་རོ། །ལས་ཐམས་ཅད་ཀྱང་བྱེད་པར་འགྱུར་རོ། །ཉི་མ་ལ་བལྟས་ཏེ་འབུམ་བཟླས་ན་བདུད་རྩི་རྣ་ཆ་སྦྱིན་པར་འགྱུར་ཏེ། དེས་ན་ལྷའི་ལོ་སྟོང་འཚོ་བར་འགྱུར་རོ། །ཟླ་བ་ལ་འབར་བའི་ལྟ་བས་མགུ་བར་བལྟས་ཏེ་སྟོང་ཕྲག་བརྒྱ་བཟླས་ན་ཟླ་བ་གཉིས་སུ་མཐོང་སྟེ། དེ་ཕྱིན་ཅད་ཟླ་བ་དང་མཚུངས་པའི་འོད་དང་མདངས་སུ་འགྱུར་ཏེ། སེམས་ཅན་ཐམས་ཅད་ཀྱི་མིག་ཏུ་མཛེས་ཤིང་སེམས་ཅན་ཐམས་ཅད་ཀྱི་སྙིང་དུ་སྡུག་པར་འགྱུར་རོ། །གཟའ་ཆེན་པོའི་གཟུགས་ལ་བལྟས་ཏེ་འབུམ་བཟླས་ན་དེ་ནས་བེ་ཅོན་དེ་ཐོབ་སྟེ། བེ་ཅོན་དེས་ནི་འཐབས་ན་དགྲ་ལས་རྒྱལ་ཏེ་ནོར་ཐམས་ཅད་འཐོབ་བོ། །སྐྱེ་སླེང་གི་གནས་སུ་སོང་སྟེ་འབུམ་བཟླས་ན་སྐྱེ་སླེང་ལས་ཀུན་བྱེད་དོ། །རྒུན་གྱིས་མྱོས་པ་མནན་ཏེ་འབུམ་བཟླས་ན་ཆང་གི་སྣོད་ཐམས་ཅད་ནམ་འཚོའི་བར་དུ་མི་བཟད་པར་འགྱུར་རོ། །མ་དྷུ་ཀ་ར་ལ་བལྟས་ཏེ་སྟོང་ཕྲག་བརྒྱ་བཟླས་ན་དབང་བསྐུར་བ་ཐོབ་པར་འགྱུར་རོ། །རྒྱལ་བ་ལ་བལྟས་ཏེ་འབུམ་བཟླས་ན་འཐབ་མོ་དང་རྩོད་པའི་གཡུལ་ཐམས་ཅད་ལས་རྒྱལ་བར་འགྱུར་རོ། །རྒྱལ་བ་ཐོབ་པ་མནན་ཏེ་འབུམ་བཟླས་ན་ཐམས་ཅད་ལས་རྒྱལ་བར་འགྱུར་རོ། །མཛོད་སྐྱོང་རྐང་པ་གཡོན་པས་མནན་ཏེ་འབུམ་བཟླས་ན་བཟའ་བ་དང་བཏུང་བ་མི་ཟད་པར་འགྱུར་རོ། །འགྲོ་བ་ཐམས་ཅད་ཀྱིས་ཀྱང་འདི་ལ་ཟད་པར་མི་ནུས་སོ། །རླུང་མངོན་དུ་བྱས་ཏེ་སྟོང་ཕྲག་བརྒྱ་བཟླས་ན་རླུང་གིས་དེ་དང་མཐུན་པར་འདོད་པ་ཐམས་ཅད་བྱེད་པར་འགྱུར་རོ། །མེ་ལ་བལྟས་ཏེ་འབུམ་བཟླས་ན་མེའི་དབུས་སུ་འདུག་པ་དང་ཉལ་བ་དང་འགྲོ་ན་ཡང་མི་འཚིག་སྟེ།
92.23a
མེའི་གཟིར་གྱུར་ཅིང་ཉིན་གཅིག་ཀྱང་གསེར་སྲང་རེ་རེ་སྦྱིན་ནོ། །ངལ་བསོ་པོ་མནན་ཏེ་འབུམ་བཟླས་ན་གནོད་སྦྱིན་ཐམས་ཅད་ཀྱི་བདག་པོར་གྱུར་ནས་ནོར་ཐམས་ཅད་ཀྱང་སྦྱིན་པར་འགྱུར་རོ། །ཕག་མོ་མངོན་དུ་བྱས་ཏེ་སྟོང་ཕྲག་བརྒྱ་བཟླས་ན་ས་ལ་འདུག་པའི་གཏེར་འབྱིན་ནོ། །གཤིན་རྗེ་མནན་ཏེ་འབུམ་བཟླས་ན་མི་འཆི་བར་འགྱུར་རོ། །གནམ་འདྲེན་པའི་ཆ་ལུགས་ལ་བལྟས་ཏེ་སྟོང་ཕྲག་བརྒྱ་བཟླས་ན་དེ་ལས་ཐམས་ཅད་པའི་གཡོག་ཏུ་འགྱུར་རོ། །ཀླུ་བ་རུ་ཎ་མནན་ཏེ་འབུམ་བཟླས་ན་ཀླུ་ཐམས་ཅད་ལས་ཀུན་བྱེད་པའི་གཡོག་ཏུ་འགྱུར་རོ། །མིའི་གནས་སུ་སོང་ནས་སྟོང་ཕྲག་བརྒྱ་བཟླས་ན་མི་ཐམས་ཅད་གཡོག་བྱེད་ཅིང་གདོན་ཐམས་ཅད་བྱེད་པར་འགྱུར་རོ། །ས་ལ་འདུག་སྟེ་འབུམ་བཟླས་ན་སའི་དབང་པོར་འགྱུར་རོ། །ནམ་མཁའ་ལ་བལྟས་ཏེ་འབུམ་བཟླས་ན་ནམ་མཁའ་ལ་འགྲོ་བའི་སེམས་ཅན་ཐམས་ཅད་བསྒྱེལ་བ་དང་དབང་བྱེད་པར་འགྱུར་ཞིང་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །སའི་འོག་མངོན་དུ་བྱས་ཏེ་སྟོང་ཕྲག་བརྒྱ་བཟླས་ན་སའི་འོག་ན་འཁོད་པ་ཀུན་ལ་དབང་དུ་འགྱུར་རོ། །རིན་པོ་ཆེ་ཐོགས་ཏེ་འབུམ་བཟླས་ན་སྟོང་ཕྲག་བརྒྱར་འཕེལ་བར་འགྱུར་རོ། །གསེར་གྱི་དོང་ཚེ་ལ་སོགས་པ་ཡང་དེ་བཞིན་ནོ། །སྐྱེས་པ་བཟུང་སྟེ་འབུམ་བཟླས་ན་སྟོང་ཕྲག་བརྒྱར་འཕེལ་བར་འགྱུར་རོ། །བུད་མེད་བཟུང་སྟེ་སྟོང་ཕྲག་བརྒྱ་བཟླས་ན་སྟོང་ཕྲག་བརྒྱར་འཕེལ་བར་འགྱུར་རོ་རྟ་ལ་ཞོན་ཏེ་འབུམ་བཟླས་ན་འབུམ་དུ་འཕེལ་བར་འགྱུར་རོ། །གླང་པོ་ལ་ཞོན་ཏེ་འབུམ་བཟླས་ན་འབུམ་དུ་འཕེལ་བར་འགྱུར་རོ། །བ་ལང་ལ་སོགས་པ་ཕྱུགས་ཀྱི་རཝ་གཉིས་བཟུང་སྟེ་འབུམ་བཟླས་ན་སྟོང་ཕྲག་བརྒྱར་འཕེལ་བར་འགྱུར་རོ། །གོས་དང་དང་རྒྱན་གྱིས་ཆས་ལ་སྟོང་ཕྲག་བརྒྱར་བཟླས་ན་སྟོང་ཕྲག་བརྒྱར་འཕེལ་བར་འགྱུར་རོ། །དཔལ་མོ་ལ་བལྟས་ཏེ་འབུམ་བཟླས་ན་དབང་དུ་འགྱུར་རོ། །མཚོ་དབྱངས་མ་ལ་བལྟས་ཏེ་འབུམ་བཟླས་ན་ཚིག་རྣམ་པར
92.23b
དག་པར་འགྱུར་རོ། །དེ་ནས་བསླངས་ན་ཅི་བསླངས་པ་དེ་ཀུན་སྟེར་བར་འགྱུར་རོ། །གཙུག་ལག་ཐམས་ཅད་དང་རྣམ་པར་ཤེས་པ་ཐམས་ཅད་ཤེས་པར་འགྱུར་རོ། །གྲུབ་བྱེད་མ་བཟུང་ནས་འབུམ་བཟླས་ན་འདས་པ་དང་ད་ལྟར་དང་མ་འོངས་པ་ཀུན་ཀྱང་སྟོན་ཅིང་ཆེད་དུ་མ་བསླངས་པར་ནོར་སྦྱིན་པར་འགྱུར་རོ། །སཱ་ལ་བྷཉྩི་ཀ་མནན་ནས་འབུམ་བཟླས་ན་ཉིན་རེ་ཞིང་ཡང་གསེར་གྱི་དོང་ཚེ་བརྒྱད་བརྒྱད་སྟེར་བར་འགྱུར་རོ། །གོས་ཀྱི་སྒྲོག་མ་ལ་མནན་ཏེ་འབུམ་བཟླས་ན་མི་ཟད་པར་འགྱུར་རོ། །གང་དང་གང་གི་སྣོད་མནན་ཏེ་འབུམ་བཟླས་ན་དེ་དང་དེ་མི་ཟད་པར་འགྱུར་རོ། །གནོད་སྦྱིན་གྱི་ཆ་ལུགས་མནན་ཏེ་འབུམ་བཟླས་ན་གནོད་སྦྱིན་གྱིས་ཅི་དང་ཅི་འདོད་པ་ཀུན་སྦྱིན་པར་འགྱུར་རོ། །སྲིན་པོ་མནན་ཏེ་འབུམ་བཟླས་ན་དེ་དེའི་གཡོག་ཏུ་འགྱུར་རོ། །འབྱུང་པོ་མནན་ཏེ་འབུམ་བཟླས་ན་འབྱུང་པོ་ཐམས་ཅད་ཀྱི་བདག་པོར་འགྱུར་རོ། །ཤ་ཟའི་ཆ་ལུགས་བྲིས་པ་མནན་ཏེ་འབུམ་བཟླས་ན་དེ་དེའི་གཡོག་བྱེད་པར་འགྱུར་རོ། །དེ་བཞིན་དུ་གནོད་སྦྱིན་མ་ལ་སོགས་པ་ཡང་བསྒྲུབ་བོ། །རི་ལ་འཛེགས་ཏེ་འབུམ་བཟླས་ན་རི་ཐམས་ཅད་དབང་དུ་འགྱུར་རོ། །ཕྱུགས་ཀྱི་ལྷས་སུ་འདུག་སྟེ་འབུམ་བཟླས་ན་ཕྱུགས་ཐམས་ཅད་ལ་དབང་དུ་འགྱུར་རོ། །ཤིང་ལྗོན་གྱི་དྲུང་དུ་འབུམ་བཟླས་ན་ཤིང་ལྗོན་པའི་ལྷ་རྣམས་མཆོག་སྦྱིན་པར་འགྱུར་རོ། །ཞིང་ལ་འདུག་སྟེ་འབུམ་བཟླས་ན་བཟའ་བ་འབུམ་དུ་འཕེལ་བར་འགྱུར་རོ། །ཚོང་པ་དང་བཅས་པའི་གྲོང་དུ་འབུམ་བཟླས་ན་ནོར་ཐམས་ཅད་མ་བསླངས་པར་ཐོབ་པར་འགྱུར་རོ། །གནས་བྱིན་ཅན་དུ་འབུམ་བཟླས་ན་ཐམས་ཅད་ལ་དབང་དུ་འགྱུར་རོ། །གྲོང་དུ་འབུམ་བཟླས་ན་ཟླ་བ་གཅིག་ཚུན་ཅད་ཀྱིས་གྲོང་དེ་ཐོབ་བོ། །གཙུག་ལག་ཁང་དུ་འབུམ་བཟླས་ན་གཙུག་ལག་ཁང་ན་གནས་པས་ནོར་ཐམས་ཅད་སྦྱིན་པར་འགྱུར་རོ། །ལྷའི་རྟེན་དུ་འབུམ་བཟླས་ན་ལྷས་ནོར་ཐམས་ཅད་སྦྱིན་པར་འགྱུར་རོ། །ཁང་པ་སྟོང་པར་འབུམ་བཟླས་ན་ཤ་ཟ་ཐམས་ཅད
92.24a
དེའི་གཡོག་ཏུ་འགྱུར་ཏེ། དགོས་པ་ཐམས་ཅད་སྦྱོར་བར་འགྱུར་རོ། །སྣང་བའི་གནས་སུ་འབུམ་བཟླས་ན་སྣང་བ་དབང་དུ་འགྱུར་རོ། །བསྐྱེད་མོས་ཚལ་དུ་འབུམ་བཟླས་ན་སྐྱེད་མོས་ཚལ་གྱི་མེ་ཏོག་དང་འབྲས་བུ་ཐམས་ཅད་རྟག་ཏུ་འབྱུང་བར་འགྱུར་རོ། །མཚོར་འབུམ་བཟླས་ན་མཚོ་དེའི་ལྷ་ལ་དབང་བར་འགྱུར་རོ། །གཏེར་གྱི་གནས་སུ་འབུམ་བཟླས་ན་གཏེར་རང་འབྱུང་བར་འགྱུར་རོ། །དགོད་ཅིང་འབུམ་བཟླས་ན་རྟག་ཏུ་དགའ་བར་འགྱུར་ཏེ། བགད་པ་ཙམ་གྱིས་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ཁྲོས་པས་འབུམ་བཟླས་ན་ཐམས་ཅད་གཏན་འཕོ་བར་ནུས་པར་འགྱུར་རོ། །ཅང་མི་ཟེར་བར་འབུམ་བཟླས་ན་སེམས་ཅན་ཐམས་ཅད་དབང་དུ་འགྱུར་རོ། །ལྐུགས་པའི་བརྟུལ་ཞུགས་ཀྱིས་འབུམ་བཟླས་ན་ཚིག་ཐམས་ཅད་ཀྱི་དབང་དུ་འགྱུར་རོ། །བུད་མེད་ཀྱི་འཇོམས་པར་རྟགས་བཙུགས་ཏེ། འབུམ་བཟླས་ན་འདོད་པ་ཐམས་ཅད་ཀྱི་བདག་པོ་དང་ནམ་མཁའ་ལ་འགྲོ་བ་འགྲུབ་པར་འགྱུར་རོ། །འཇོམས་པ་ལ་མཛུབ་མོ་བཙུགས་ཏེ་འབུམ་བཟླས་ན་དེ་བྱས་པས་གནས་པ་དང་འགྲོ་བ་ཐམས་ཅད་འདྲེན་ཅིང་འགུགས་པ་དང ། གཏོང་བ་དང་འགྱེལ་བ་དང་སློང་བར་འགྱུར་རོ། །འཇོམས་པ་ལྟ་ཞིང་འབུམ་བཟླས་ན་བུད་མེད་ཐམས་ཅད་དགའ་བར་འགྱུར་རོ། །འཇོམ་པར་ལིག་བུ་མིག་བཅུག་སྟེ་འབུམ་བཟླས་ན་མི་སྣང་བར་འགྱུར་རོ། །འཇོམ་པར་གུར་གུམ་བསྐུས་ཏེ་འབུམ་བཟླས་ན་དེས་བསྐུས་པས་འདོད་པའི་གཟུགས་སུ་འགྱུར་རོ། །འཇོམ་པར་བ་བླ་བཅུག་སྟེ་འབུམ་བཟླས་ན་ནམ་མཁའ་ལ་འགྲོ་བ་འགྲུབ་པར་འགྱུར་རོ། །འཇོམ་པར་ལྡོང་རོས་བཅུག་སྟེ་འབུམ་བཟླས་ན་རིག་འཛིན་དུ་འགྱུར་རོ། །རལ་གྲི་ཐོགས་ཏེ་འབུམ་བཟླས་ན་རལ་གྲི་ཅན་གྱི་རིག་འཛིན་དུ་འགྱུར་རོ། །འཁོར་ལོ་ཐོགས་ཏེ་འབུམ་བཟླས་ན་འཁོར་ལོ་ཅན་གྱི་རིག་འཛིན་དུ་འགྱུར་རོ། །ཀྱོ་བ་ཏང་ཐོགས་ཏེ་འབུམ་བཟླས་ན་ཀྱོ
92.24b
བ་ཏང་དེས་ཐམས་ཅད་འགུགས་ནུས་པར་འགྱུར་རོ། །རྡོ་རྗེ་གསོར་ནས་སྟོང་ཕྲག་བརྒྱ་བཟླས་ན་རྡོ་རྗེ་རིག་འཛིན་དུ་འགྱུར་རོ། །ཕྱག་ན་རྡོ་རྗེ་ལག་གིས་བཟུང་ནས་འབུམ་བཟླས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་འཛིན་པའི་རིག་འཛིན་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ལ་ལག་གིས་བཟུང་སྟེ་འབུམ་བཟླས་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱེད་པའི་དམ་པའི་ཆོས་ཀྱི་རིག་འཛིན་དུ་འགྱུར་རོ། །སངས་རྒྱས་རྗེས་སུ་དྲན་ཞིང་འབུམ་བཟླས་ན་སངས་རྒྱས་ཐམས་ཅད་མཐོང་བས་འགྲུབ་པར་འགྱུར་རོ། །ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ཞིང་འབུམ་བཟླས་ན་ཕྱག་ན་རྡོ་རྗེས་ཀྱང་དེ་མཆོད་ན་གཞན་གྱིས་ལྟ་ཅི་སྨོས། སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ལས་བཟུང་སྟེ་འབུམ་བཟླས་ན་ཏིང་ངེ་འཛིན་ཐོབ་བོ། །རྡོ་རྗེ་སྙིང་པོ་བཟུང་ནས་འབུམ་བཟླས་ན་ནོར་ཐམས་ཅད་སྦྱིན་པར་འགྱུར་རོ། །རྡོ་རྗེ་ཁུ་ཚུར་བཅངས་ལ་རྡོ་རྗེ་ཁུ་ཚུར་གྱི་སྤྱན་སྔར་འབུམ་བཟླས་ན་ཁུ་ཚུར་བསྡམས་པ་ཙམ་གྱིས་ལས་ཀུན་བྱེད་ནུས་པར་འགྱུར་རོ། །འཇམ་དཔལ་གཞོན་ནུ་ལ་ལྟ་ཞིང་འབུམ་བཟླས་ན་ནམ་མཁའ་ལ་ཡི་གེ་སྣང་སྟེ། ཐམས་ཅད་སྨྲ་བ་དང་སྤོབས་པ་ཐོགས་པ་མེད་པ་ཐོབ་པར་འགྱུར་རོ། །སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་བྱང་ཆུབ་སེམས་དཔའ་ལ་བསྐོར་ཞིང་འབུམ་བཟླས་ན་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ། །ནམ་མཁའི་མཛོད་ལ་བལྟས་ཏེ་འབུམ་བཟླས་ན་ནམ་མཁའ་ལ་རྒྱུ་བ་ཐམས་ཅད་དང ། དོན་ཐམས་ཅད་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཐམས་ཅད་ཀྱི་བར་དུ་སྟོན་ཏོ། །བྱམས་པའི་ཞབས་ལ་བཟུང་སྟེ་འབུམ་བཟླས་ན་མཐོ་རིས་ཀྱི་འདོད་པའི་བདེ་བ་ཐམས་ཅད་ཉམས་སུ་མྱོང་བར་འགྱུར་རོ། །དཀྱིལ་འཁོར་བྲིས་ནས་འབུམ་བཟླས་ན་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ་སློབ་དཔོན་དང་ཡིད་ཀྱིས་ཐམས་ཅད་འགྲུབ་པར་འགྱུར་རོ། །དཀྱིལ་འཁོར
92.25a
ཆེན་པོར་བརྟགས་ཏེ་ཞུགས་ནས་འབུམ་བཟླས་ན་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་འཛིན་དང་བཅས་པར་འགྱུར་རོ། །ཕྱག་ན་རྡོ་རྗེའི་སྤྱན་སྔར་ཕྱག་རྒྱ་ཆེན་པོ་བཅིངས་ལ་དཀྱིལ་འཁོར་ཆེན་པོར་འདུག་སྟེ། རྡོ་རྗེའི་བཟླས་པས་སྟོང་ཕྲག་བརྒྱ་རྡོ་རྗེ་ཚིག་གིས་བཟླས་ན་དངོས་གྲུབ་ཐམས་ཅད་དང ། ཕུན་སུམ་ཚོགས་པ་ཐམས་ཅད་དང ། བཤེས་གཉེན་ཐམས་ཅད་དང ། ལས་ཐམས་ཅད་ཀྱང་ནུས་པར་འགྱུར་རོ། །འདོད་པའི་བདག་པོ་དང་དབང་ཕྱུག་དང་བྱེད་པ་པོ་དང་འབྱིན་པ་དང་མི་ཟད་མི་ཉམས་པ་དང་འདོད་པ་ཐམས་ཅད་ཉམས་སུ་མྱོང་ཞིང་བདེ་བ་དང་ཡིད་བདེ་བ་ཐམས་ཅད་རྙེད་ཅིང་འཐོབ་སྟེ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་འགྲུབ་པའི་སྦྱིན་པར་འགྱུར་བ་དང ། དེ་རང་གི་གཉེན་དང་བཤེས་གཉེན་དང་གྲོགས་ཐམས་ཅད་ཀྱིས་ཀྱང་མཐོང་ངོ ། །དེ་དག་ལ་ཡང་འགྲུབ་པར་བྱེད་དོ། །བསམས་པ་ཙམ་གྱིས་སྒྱུ་མ་ཐམས་ཅད་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱང་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོ་འཕྲུལ་ཡང་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་ཡང་སྟོན་ཏོ། །སྐད་ཅིག་གིས་གཟུགས་སྣ་ཚོགས་སུ་སྟོན་པར་འགྱུར་ཏེ། རྡོ་རྗེ་འཛིན་གྱི་ཚེ་དང་སྟོབས་དང་གཟུགས་དང་ན་ཚོད་དང་ཤེས་པ་ཅི་ཙམ་པ་དང་མཚུངས་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་སོ། །དཀྱིལ་འཁོར་ཆེན་པོར་འདུག་སྟེ་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་ཁྲོ་བོའི་ཚིག་གིས་བཅོམ་ལྡན་འདས་ལ་ལྟ་ཞིང་དོན་གྱིས་འབུམ་བཟླས་ན་དེས་རྡོ་རྗེ་ཁྲོ་བོ་ལྟ་བུར་བདག་གི་ལུས་འགྱུར་རོ། །ཧཱུཾ་ཞེས་པས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་འཛིན་པ་དང་ཁམས་གསུམ་གྱི་དབང་པོ་དང་སྤྱན་གསུམ་པའི་ཁྲོ་བོ་ཆེན་པོར་གྱུར་ནས་མ་ལུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་ཞིང་མཆོད་པ་དང ། སེམས་ཅན་ཐམས་ཅད་གྲུབ
92.25b
པ་གསོལ་ཏེ། དེ་ལྟར་མི་ཟད་མི་ཉམས་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་སོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རྟོག་པ་ཆེན་པོའི་རྒྱལ་པོ་ལས་ཕྱག་ན་རྡོ་རྗེའི་རྟོག་པའོ།། །། དེ་ནས་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རྟོག་པ་ཆེན་པོའི་རྒྱལ་པོ་འདིར་རང་གི་སྙིང་པོ་འདི་སྩལ་ཏོ། །གང་བརྗོད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་མངོན་དུ་གྲུབ་པ་དང ། འཇིགས་པ་དང་གནམ་དལ་དང་འཚེ་བ་དང་ནད་ཐམས་ཅད་འཇིག་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་བྱང་ཆུབ་སེམས་དཔའ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་ལེགས་སོ་ལེགས་སོ། །སྤྱན་རས་གཟིགས་ཀྱི་དབང་པོ་ཁྱོད་ཀྱིས་སྨྲོས་ཤིག་།དེ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རང་གི་སྙིང་པོ་འདི་གསུངས་སོ། ། རོ་ལིག་།དེ་ནས་འདི་བརྗོད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལྷན་ཅིག་ཏུ་འདུས་ཏེ། རི་རབ་རིའི་རྩེ་མོར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ག་ལ་བ་དེར་དོང་ནས་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོའི་དཀྱིལ་འཁོར་དུ་གྱུར་ཏེ་ཞུགས་སོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། །རང་གི་སྙིང་པོའི་དཀྱིལ་འཁོར་འདི་གསུངས་སོ། །དེ་ནས་ཡང་དག་རབ་བཤད་པ། །དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །འཇིག་རྟེན་གསུམ་རྒྱལ་ཚུལ་བཞིན་དུ། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །དེ་དབུས་སྲད་བུ་མཉམ་པ་རུ། །གྲཝ་བཞིར་པར་ནི་གདབ་པ་རུ། །གཉིས་པའི་གྲཝ་ནི་སྒོར་བསྟན་ཏེ། །དཀྱིལ་འཁོར་མཆོག་ནི་བྲི་བར་བྱ། །
92.26a
དཀྱིལ་འཁོར་བརྒྱད་ཀྱི་ཚུལ་དུ་སྟེ། །དབུས་སུ་ཐིག་ནི་བཞི་ཡང་བྲི། །ཚོན་རྩི་དམར་པོ་དག་གིས་ནི། །པདྨ་འདབ་བརྒྱད་བྲི་བར་བྱ། །དེ་ཡི་སྙིང་པོའི་དབུས་སུ་ནི། །འཇིག་རྟེན་མགོན་པོ་གཞུག་པར་བྱ། །འདབ་མ་ཀུན་གྱི་སྟེང་རྣམས་སུ། །སངས་རྒྱས་ཆ་ལུགས་བྲི་བར་བྱ། །པདྨ་ཆེ་མཆོག་ཕྱག་རྒྱ་ཡིས། །དེར་ནི་སློབ་དཔོན་བཞུགས་ནས་ཀྱང ། །དཀྱིལ་འཁོར་གནས་སུ་འཇུག་ནས་ནི། །རྣལ་འབྱོར་སྙོམས་པར་འཇུག་པར་བྱ། །ཇི་ལྟར་པདྨ་ཆུ་རྣམས་དང ། །ཉེས་པའི་བག་ཆགས་མང་པོ་ཡིས། །ཆགས་པར་མི་འགྱུར་དེ་བཞིན་འདིར། །འགྲོ་བ་ཆགས་པས་དག་པར་གྱུར་པ་ཡིན། །འདི་ལན་གཅིག་བརྗོད་ནས་བསྒོམ་སྟེ། དེ་ནས་མཛུབ་མོ་གཉིས་ཀྱི་ཀྱོ་བ་ཏང་གིས་ཀུན་དྲངས་ལ་པད་མོ་ཆེན་པོ་དེ་སྤྱན་རས་གཟིགས་ཀྱི་དབང་པོའི་སྤྱན་སྔར་དགྲོལ་ལོ། །དེ་ལ་པད་མོ་ཆེན་པོའི་ཀྱོ་བ་ཏང་ནི་འདིའོ། །ོཾ་མ་ཧཱ་པད་མ་ཧཱུཾ་ཛ་ཧྲཱིཿ ། དེ་ནས་བཅོམ་ལྡན་འདས་འཕགས་པ་སྤྱན་རས་ཀྱི་དབང་པོ་ཉིད་བྱོན་ཏེ། སློབ་དཔོན་ལ་ཞལ་སྟོན་པར་མཛད་ནས་ཡང་ན་འོད་ཟེར་ཡང་འགྱེད་དོ། །དེ་ནས་ཕྱག་རྒྱ་དེ་ཉིད་ཀྱིས་སློབ་མ་གཞུག་གོ། །དཀར་པོས་གཡོགས་ལ་གོས་དཀར་པོ་བགོས་ལ། ཐོད་དཀར་པོས་མགོ་ལ་གཙུག་ཏོར་བྱས་ནས་བཅུག་སྟེ། ཚིགས་སུ་བཅད་པ་འདིས་བརྗོད་ནས་དོན་ཀྱང་བསྟན་པར་བྱའོ། །དེ་ནས་ལག་པ་གཡོན་པར་པད་མོ་བྱིན། གཡས་པར་སྔགས་ཀྱི་ནོར་བུ་བསྐུར་ལ་འདི་སྐད་སྨྲོས་ཤིག་།སངས་རྒྱས་ཐམས་ཅད་པད་མོ་ཆེ། །དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །རྟག་པ་རུ་ནི་བརྟག་པར་བྱ། །ཁྱོད་ནི་དེང་ནས་སྤྱན་རས་གཟིགས། །དེ་ནས་ཕྱག་རྒྱ་ཆེན་པོ་བཅིང་བ་དང་ཏིང་ངེ་འཛིན་ལ་སོགས་པ་བསླབ་བོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་པད་མོ་ཞེས་བྱའོ། །དེ་ནས་པད་མོའི་དཀྱིལ་འཁོར་འབྱུང་སྟེ། པད་མོའི་དཀྱིལ་འཁོར་དེ་བཞིན་དུ་བྲིས་ལ། དབུས་ཀྱི་སྙིང་པོ་ལ་འདུག་ནས
92.26b
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་པདྨ་འདབ་མ་ཁ་འབྱེད་པའི་ཚུལ་གྱིས་ལྟ་ཞིང་སྟོང་ཕྲག་བརྒྱ་བཟླས་ན་འཕགས་པ་ཀུན་དུ་སྤྱན་རས་གཟིགས་ཀྱི་དབང་པོ་ཐོབ་བོ། །པད་མོའི་དཀྱིལ་འཁོར་རོ། །དེ་ནས་དམ་ཚིག་གི་དཀྱིལ་འཁོར་འབྱུང་སྟེ། དཀྱིལ་འཁོར་དེ་བཞིན་དུ་བྱས་ལ་དེའི་དབུས་སུ་པདྨོ་སྟོང་བཞག་སྟེ། དེ་ནས་པད་མོ་རེ་རེ་ཞིང་བཟང་པོ་ཐང་རེས་བཅོམ་ལྡན་འདས་ལ་པད་མོ་སྟོང་འབུལ་ལོ། །དེ་ནས་སློབ་མ་བཅུག་སྟེ་དམ་ཚིག་བརྗོད་དོ། །སློབ་མིན་བུ་མིན་མ་ཡིན་ཏེ། །དམ་ཚིག་ཅན་ལ་དམ་ཚིག་བསྟན། །འདོད་པའི་འདོད་ཆགས་ཐམས་ཅད་ནི། །དག་པ་ཉིད་དེ་པད་མ་བཞིན། །དམ་ཚིག་གི་དཀྱིལ་འཁོར་རོ། །དེ་ནས་ལས་ཀྱི་དཀྱིལ་འཁོར་དེ་བཞིན་བྲིས་ལ་མཆོད་པ་རྣམ་བཞིས་མཆོད་དོ། །སངས་རྒྱས་ཐམས་ཅད་ཡིད་ཀྱིས་ཏེ། །ཕྱག་ན་རྡོ་རྗེའི་ཚིག་གིས་སོ། །ལུས་ཀྱིས་འཇིག་རྟེན་མགོན་པོ་སྟེ། །ནམ་མཁའི་སྙིང་པོ་ལས་ཀྱིས་སོ། །ལས་ཀྱི་དཀྱིལ་འཁོར་རོ། །དེ་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་ཀྱི་དབང་པོས་བསྒྲུབ་པའི་ཆོ་ག་འདི་གསུངས་སོ། །རས་ལ་བཅོམ་ལྡན་འདས་སྤྱན་རས་གཟིགས་ཀྱི་དབང་པོ་རི་རབ་རིའི་རྩེ་མོ་ན། རང་གི་ཏིང་ངེ་འཛིན་དུ་བཞུགས་ཤིང་དེ་བཞིན་གཤེགས་པ་བརྒྱད་མཐའ་ཀུན་ཏུ་བཞུགས་པར་བྲི། དེ་ནས་ཟླ་བ་ཡར་གྱི་ཚེས་ཞག་གཅིག་ནས་བརྩམས་ནས་རྟག་ཏུ་ཐམས་ཅད་དག་པའི་ཏིང་ངེ་འཛིན་གྱིས་རྒྱུན་ཏུ་བཟླས་ཏེ། ནམ་སྤྱན་རས་གཟིགས་ཀྱི་དབང་པོའི་ཞལ་ནས་དེ་བཞིན་གཤེགས་པའི་སྐུ་བྱུང་ནས་སྒྲུབ་པ་པོའི་པད་མོ་དབུས་སུ་བཞུགས་ཏེ། ཡང་དེ་ལས་གཞན་པའི་སྐུ་བྱུང་ནས་སྒྲུབ་པ་པོའི་དབང་བསྐུར་བའི་གནས་སུ་བརྟན་པར་འགྱུར་གྱི་བར་དུ་བཟླས་སོ། །དེ་ནས་སྤྱན་རས་གཟིགས་ཀྱི་སྐུར་ཀུན་གྱུར་ཏེ། སྐད་ཅིག་གཅིག་གིས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་འགྲོ་ཞིང་ལྡོག་གོ། །སེམས་ཅན་ཐམས་ཅད་ཀྱང་མཐོང་སྟེ། ཚེ་དཔག་ཏུ་མེད་པར་འགྱུར་རོ། །
92.27a
དེ་ནས་བསྒྲུབ་པ་འབྱུང་སྟེ། འབུམ་བཟླས་ན་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །ཉིས་འབུམ་བཟླས་ན་མཚམས་མེད་པ་ལ་སོགས་པའི་སྡིག་པ་ཐམས་ཅད་མ་ལུས་པར་བྱང་བར་འགྱུར་རོ། །སུམ་འབུམ་བཟླས་ན་བསོད་ནམས་ཐམས་ཅད་མངོན་དུ་འགྱུར་རོ། །དེ་ནས་དངོས་གྲུབ་ཐམས་ཅད་དང་དེ་བཞིན་གཤེགས་པ་ལ་སོགས་པ་དང ། ཕུན་སུམ་ཚོགས་པ་ཐམས་ཅད་དང ། བཤེས་གཉེན་ཐམས་ཅད་མངོན་དུ་འགྱུར་རོ། །དེ་ནས་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་སྟོང་ཕྲག་བརྒྱ་བཟླས་པའི་མཇུག་ཏུ་མཚན་ཐལ་བྱུང་བཟླས་ན་དེའི་ནང་པར་དེ་བཞིན་གཤེགས་པ་ཐམས་ཅད་བྱོན་ནས་དེའི་སྙིང་ཀར་ཞུགས་ཏེ། དེ་ནས་དེ་བཞིན་གཤེགས་པ་ཐོབ་བོ། །ཡང་ན་ཁར་ཞུགས་ན་སྤྱན་རས་གཟིགས་དབང་པོ་འཐོབ་བོ། །དེ་ནས་མ་བསྒྲུབས་ཀྱང་ལས་སུ་འགྱུར་བ་ནི་དང་པོ་བརྗོད་པས་བདག་སྲུང་ངོ ། །གཉིས་བརྗོད་པས་ནི་གཞན་དང་གྲོང་དང་གྲོང་ཁྱེར་སྲུང་ངོ ། །གསུམ་པ་བརྗོད་པས་ནི་ལས་ཐམས་ཅད་བྱེད་དོ། །དབབ་པ་ནི་ཙན་དན་གྱི་གདུགས་པས་སོ། །གདོན་ཐམས་ཅད་ཞི་བར་བྱ་བ་ནི་ཧྲི་ཞེས་བྱ་བས་སོ། །སེམས་ཅན་ཐམས་ཅད་དབང་དུ་བྱ་བ་ནི་རྡོ་རྗེ་མེ་ཏོག་བཟླས་ཏེ་བྱིན་ནོ། །སེམས་ཅན་ཐམས་ཅད་གནོན་པས་ནི་ས་སེར་པོས་སོ། །བུད་མེད་དབང་དུ་བྱ་བ་ནི་སུ་མ་ནའི་མེ་ཏོག་ལ་བསྔགས་པས་སོ། །ཆོམ་རྐུན་གནོན་པ་ནི་ཡུངས་ཀར་གྱི་སྦྱིན་སྲེག་གིས་སོ། །རི་དགས་དང་བྱ་གནན་པ་ནི་ཡུངས་ཀར་གཏོར་བས་སོ། །སྒྱུ་མ་གནོན་པ་ནི་རྨ་བྱའི་ཆང་བུས་སོ། །རྨི་ལམ་མཐོང་བར་བྱ་བ་ནི་དུས་གསུམ་དུ་བཟླས་པས་སོ། །རྨི་ལམ་ངན་པ་གཞིལ་བ་ནི་ཏིལ་གྱི་སྦྱིན་སྲེག་གིས་སོ། །སེམས་ཅན་ཐམས་ཅད་དབང་དུ་བྱ་བ་ནི་ཁྱིམ་བྱའི་སྒྲོའི་སྦྱིན་སྲེག་གིས་སོ། །བུ་མོ་ཐོར་བུ་དབང་དུ་བྱ་བ་ནི་བུ་མོའི་སྐྲའི་སྦྱིན་སྲེག་གིས་སོ། །ཡུགས་ས་མོ་དབང་དུ་བྱ་བ་ནི་བུད་མེད་ཀྱི་མེ་ཏོག་གི་སྦྱིན་སྲེག་གིས་སོ། །བུད་མེད་ཐམས་ཅད་དབང་དུ་བྱ་བ་ནི་བུད་མེད་ཀྱི་དབང་པོའི་སྦྱིན་སྲེག་གིས་སོ། །འདོད་པ
92.27b
ཐམས་ཅད་དབང་དུ་བྱ་བ་ནི་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་པོ་ལ་མཆོད་པ་བྱས་ནས། ནུབ་གསུམ་རངས་པར་བཟླས་ན་དེ་ནས་འདོད་པ་ཐམས་ཅད་རྟག་ཏུ་འཐོབ་པར་འགྱུར་རོ། །སྤྱན་རས་གཟིགས་དབང་པོའི་སྤྱན་སྔར་ཉིན་རེ་ཞིང་དུས་གསུམ་དུ་ལན་གསུམ་བཟླས་ན། དེ་ནས་བཅོམ་ལྡན་འདས་ཀྱིས་ཟླ་བ་གསུམ་གྱིས་རེ་བ་ཅི་འདོད་པའི་མཆོག་སྩོལ་བར་འགྱུར་རོ། །སངས་རྒྱས་ཀྱི་སྤྱན་སྔར་ཟླ་བ་གསུམ་གྱི་བར་དུ་ཉིན་མཚན་གསུམ་བཟླས་ན་དེ་བཞིན་གཤེགས་པས་མཆོག་སྩོལ་བར་འགྱུར་རོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རྟོག་པ་ཆེན་པོའི་རྒྱལ་པོ་ལས་སྤྱན་རས་གཟིགས་ཀྱི་དབང་པོའི་རྟོག་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་འཕགས་པ་ནམ་མཁའི་སྙིང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རྟོག་པ་ཆེན་པོའི་རྒྱལ་པོར་རང་གི་སྙིང་པོ་འབུལ་གྱིས། བཅོམ་ལྡན་འདས་ཀྱིས་བཞེས་སུ་གསོལ། འདིས་སེམས་ཅན་ཐམས་ཅད་དབང་བསྐུར་བ་ཐོབ་པ་ལ་སོགས་པ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཕགས་པ་ནམ་མཁའི་སྙིང་པོ་བྱང་ཆུབ་སེམས་དཔའ་ལ་སྐྱེས་བུ་ཆེན་པོ་སྨྲོས་ཤིག་ཅེས་བཀའ་སྩལ་ཏོ། །དེ་ནས་འཕགས་པ་ནམ་མཁའི་སྙིང་པོ་བྱང་ཆུབ་སེམས་དཔའ་ཆེན་པོས་རང་གི་སྙིང་པོ་འདི་གསུངས་སོ། །ཏྲཾ་བཱ་བཱ་ཊ་ཊ་ཧ་ཧ། དེ་ནས་འདི་བརྗོད་པས་ནམ་མཁའ་ལ་དབང་བསྐུར་བ་ཐམས་ཅད་ལ་སོགས་པ་རིན་པོ་ཆེའི་རྒྱན་ཐམས་ཅད་དང ། གོས་དང་གསེར་དང་ནོར་རིན་པོ་ཆེའི་དབྱིག་ལ་སོགས་པ་ཐམས་ཅད་ཀྱི་ཆར་བབ་བོ། །བཅོམ་ལྡན་འདས་ཀྱི་སྐུ་ཀུན་དུ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་བཞུགས་སོ། །དེ་ནས་ནམ་མཁའི་སྙིང་པོ་བྱང་ཆུབ་སེམས་དཔས་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ། །རྡོ་རྗེའི་དཀྱིལ
92.28a
འཁོར་ཚུལ་བཞིན་ཏེ། །རྡོ་རྗེ་རིན་ཆེན་མཉམ་ལྡན་ཞིང ། །གྲཝ་བརྒྱད་ཤིན་ཏུ་མཉམ་པར་བྱ། །རིན་ཆེན་ཀུན་དང་ལྡན་པར་བྱ། །དེར་སློབ་དཔོན་ཞུགས་ཏེ་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་དབང་བསྐུར་བའི་གནས་སུ་བཞག་ལ་ཞུགས་ནས་འདི་ཞེས་བརྗོད་དོ། །རེ་བ་ཐམས་ཅད་གྲུབ་པ་ཡི། །ནམ་མཁའ་གྲུབ་པ་མཆོག་ཡིན་ཏེ། །གྲུབ་ཤིག་གྲུབ་ཤིག་སེམས་ཆེན་པོ། །བཅོམ་ལྡན་ཐམས་ཅད་གྲུབ་པར་རོ། །དེ་ནས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་བྱང་ཆུབ་སེམས་དཔའ་བྱིན་གྱིས་རློབ་པར་མཛད་དོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་ནམ་མཁའི་སྙིང་པོའི་ཆ་ལུགས་བཞག་ལ་དེ་འི་ཐད་འཁོར་ཀུན་དུ་ཕྱག་ན་རྡོ་རྗེ་ལ་སོགས་པ་སྐྱེས་བུ་དམ་པ་བརྒྱད་གཞག་པར་བྱའོ། །དེ་ནས་སློབ་མ་རྡོ་རྗེ་ཁུ་ཚུར་གྱིས་གཞུག་གོ། །བཅུག་ནས་འདི་སྐད་ཅེས་བརྗོད་དོ། །སེམས་ཅན་ཀུན་ལ་ཕན་ཕྱིར་དང ། །བསམ་པ་ཐམས་ཅད་རྫོགས་བྱའི་ཕྱིར། །དོན་ཞེས་བསྟན་པ་གང་ཡིན་དེ། །བྱང་ཆུབ་སེམས་ནི་བརྟན་པ་ཡིན། །དེ་ནས་སྦྱིན་པ་རྣམ་པ་བཞི་བསླབ་བོ། །དེ་ལ་དབང་བསྐུར་བ་སྦྱིན་པ་དང ། ནོར་སྦྱིན་པ་དང་ཟས་སྦྱིན་པ་དང་ཆོས་སྦྱིན་པའོ། །དེ་ལ་དབང་བསྐུར་བ་སྦྱིན་པ་ནི་དེ་བཞིན་གཤེགས་པ་རྣམས་ལའོ། །ནོར་སྦྱིན་པ་ནི་སེམས་ཅན་ཐམས་ཅད་ལའོ། །ཟས་སྦྱིན་པ་ནི་བྱོལ་སོང་ཐམས་ཅད་ལའོ། །ཆོས་སྦྱིན་པ་ནི་སེམས་ཅན་མི་སྣང་བ་ཐམས་ཅད་ལའོ། །དེ་ནས་སྙིང་པོ་བྱིན་ལ་རིན་པོ་ཆེ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་བུམ་པའི་ཆུས་དབང་བསྐུར་ཏེ་འདི་ཞེས་བརྗོད་དོ། །ོཾ་བཛྲ་རད་ནཱ་བྷི་ཥེ་ཀཱ་བྷི་ཥཉྩ་སརྦཱ་ཨ་དྷི་པ་ཏི་ཧཱུཾ་བཱ་བཱ་ཊ་ཊ་ཧ་ཧ། དེ་ནས་རྡོ་རྗེ་ནོར་བུའི་ཁུ་ཚུར་གྱིས་ཕྱག་རྒྱ་བསླབ་སྟེ། སྔགས་ནི་འདིའོ། །ཧཱུཾ་བཱ་ཊ་ཧ། དེ་ནས་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་བཅིངས་ཏེ་སྔགས་ནི་འདིའོ། །ོཾ་བཱ་བཱ་ཊ་མུ་བམ། དེ་ནས་མཆོད་པ་རྣམ་བཞི་བྱ་སྟེ་འབྱུང་ངོ ། །དབང་ཐམས་ཅད་བསྐུར་བའི་དཀྱིལ་འཁོར་རོ། །དེ་ནས་རྡོ་རྗེ་རིན་པོ་ཆེའི་དཀྱིལ་འཁོར
92.28b
འབྱུང་སྟེ། རྡོ་རྗེ་རིན་པོ་ཆེ་དབུས་སུ་བྲིས་ལ། ལག་ཏུ་ནོར་བུ་ཐོགས་ནས་རྡོ་རྗེ་རིན་པོ་ཆེ་ལངས་ཀྱི་བར་དུ་བཟླས་སོ། །དེ་ནས་དེ་བཞིན་གཤེགས་པ་བྱོན་ཏེ་དབང་བསྐུར་བར་མཛད་དོ། །དབང་བསྐུར་བ་དེས་ན་ཐམས་ཅད་ཀྱི་དབང་པོར་འགྱུར་རོ། །རིན་པོ་ཆེའི་དཀྱིལ་འཁོར་རོ། །དེ་ནས་དམ་ཚིག་གི་དཀྱིལ་འཁོར་ཏེ། ནམ་མཁའི་སྙིང་པོའི་ཆ་ལུགས་བྲིས་ལ། སྤྱན་སྔར་ནོར་དང་གསེར་དང་མུ་ཏིག་དང་ནོར་བུ་རིན་པོ་ཆེ་ལ་སོགས་པ་གང་ཡང་རུང་བ་བཞག་ལ། དེ་ནས་དེ་བཙུད་དེ་ཐམས་ཅད་བསྟན་ནས། དམ་ཚིག་འདི་སྦྱིན་ནོ། །སངས་རྒྱས་ལ་སོགས་སེམས་དཔའ་དག་།གལ་ཏེ་ཉིན་རེ་མཆོད་སྟོངས་ན། །ཁྱོད་ཀྱིས་ནོར་དང་དོན་བསགས་པ། །ཚེ་རབས་ཀུན་དུ་འཇིག་པར་འགྱུར། །དེ་ལ་འདི་ནི་མནའི་སྙིང་པོའོ། །ོཾ་བཱ་བཱ་ཊ་ཊ་ཡ་སཝཱ་ཧཱ། དེ་ནས་ཆུས་དབང་བསྐུར་རོ། །དམ་ཚིག་གི་དཀྱིལ་འཁོར་རོ། །ལས་ཀྱི་དཀྱིལ་འཁོར་བྲིས་ལ་དེ་བཞིན་གཤེགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱ་སྟེ། དེའི་དབུས་སུ་བཞག་ནས་དེར་བཙུད་དེ། དེ་ནས་ལས་རྣམ་པ་ལྔ་བསླབ་པ་ནི་འདི་ལྟ་སྟེ། དབང་སྦྱིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱའོ། །དེ་ནས་ནོར་སྦྱིན་པ་ནི་དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་ལ་ཅི་ནུས་ཀྱི་སྦྱིན་ནོ། །དེ་ནས་ཟས་སྦྱིན་པ་ནི་བྱོལ་སོང་རྣམས་ལ་སྦྱིན་ནོ། །དེ་ནས་མི་འཇིགས་པའི་སྦྱིན་པ་ནི་གྱོད་ཁྲིད་ཐམས་ཅད་ལ་སྦྱིན་ནོ། །དེ་ནས་ཆོས་སྦྱིན་པ་ནི་མི་སྣང་བའི་སེམས་ཅན་རྣམས་ལ་སྦྱིན་ནོ། །ལས་ཀྱི་དཀྱིལ་འཁོར་རོ། །དེ་ནས་བསྒྲུབ་པ་འབྱུང་སྟེ་རས་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བས་དབང་བསྐུར་བ་བྲིས་ཏེ། དེའི་གཡས་ཕྱོགས་སུ་འཕགས་པ་ནམ་མཁའི་སྙིང་པོ་བཅོམ་ལྡན་འདས་ལ་དབང་བསྐུར་བའི་ཕྲེང་བས་དབང་བསྐུར་བའོ། །གཡོན་ཕྱོགས་སུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་རྒྱན་ཐམས་ཅད
92.29a
ཀྱིས་བརྒྱན་པའོ། །དེ་ནས་རས་ལ་བྲིས་པ་དེའི་སྤྱན་སྔར་འབུམ་བཟླས་པའི་མཇུག་ཏུ་ཉི་མ་ཤར་བ་ནས་བརྩམས་ཏེ། ཕྱི་དེ་ཉིན་གྱི་ཉི་མ་ཤར་གྱི་བར་དུ་བཟླས་ན་དེ་ནས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་རས་ལ་བྲིས་པ་དེ་ལས་བྱུང་ནས་སྒྲུབ་པ་པོ་དེ་ལ་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བས་དབང་བསྐུར་རོ། །དབང་བསྐུར་བ་དེ་ནས་དེ་བཞིན་གཤེགས་པར་འགྱུར་རོ། །དེ་ནས་མ་བསྒྲུབས་པར་ཡང་ལས་སུ་འགྱུར་བ་ནི་འབུམ་བཟླས་ན་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་རོ། །ཕྱག་ན་རྡོ་རྗེའི་སྤྱན་སྔར་འབུམ་བཟླས་ན་གཏེར་ཆེན་པོ་རྙེད་དོ། །སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་འབུམ་བཟླས་ན་སྤྱན་རས་གཟིགས་དབང་པོས་ཕུན་སུམ་ཚོགས་པ་ཐམས་ཅད་སྩོལ་བར་འགྱུར་རོ། །ནམ་མཁའི་སྙིང་པོའི་སྤྱན་སྔར་འབུམ་བཟླས་ན་རྒྱལ་སྲིད་འཐོབ་བོ། །རྡོ་རྗེ་ཁུ་ཚུར་གྱི་སྤྱན་སྔར་འབུམ་བཟླས་ན་ནམ་མཁའ་ལ་ཁུ་ཚུར་བཅངས་པས་གསེར་གྱི་དོང་ཚེ་འབྱུང་ངོ ། །འཇམ་དཔལ་གཞོན་ནུ་ལ་བལྟས་ཏེ་འབུམ་བཟླས་ན་ཆོས་ཀྱི་ནོར་དང་གཟུངས་ཐོབ་བོ། །དེས་ནོར་ཡང་སྐྱེ་བར་བྱེད་དོ། །རྡོ་རྗེ་འཁོར་ལོ་སྲིན་ལག་གི་སོར་མོས་མནན་ཏེ་འབུམ་བཟླས་ན་འཁོར་ལོ་བསྐོར་བར་འགྱུར་རོ། །ནམ་མཁའི་མཛོད་ཀུན་ནས་འཁྱུད་དེ་འབུམ་བཟླས་པས་ནམ་མཁའ་ལས་ནོར་ཐམས་ཅད་དང་ཟས་ཐམས་ཅད་ཀྱི་ཡོ་བྱད་ཟད་མི་ཤེས་པར་འགྱུར་རོ། །བྱམས་པ་ལ་བལྟས་ཏེ་འབུམ་བཟླས་ན་བཅོམ་ལྡན་འདས་བྱམས་པ་བྱང་ཆུབ་སེམས་དཔའ་དགའ་ལྡན་གནམ་གྱི་དབང་མཆོག་བྱིན་ནས་སླར་ཡང་འོང་ངོ ། །དེ་ཕྱིན་ཅད་འདོད་པ་ཐམས་ཅད་ཀྱི་ནོར་གྱི་བདག་པོར་འགྱུར་རོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རྟོག་པ་ཆེན་པོའི་རྒྱལ་པོ་ལས་ནམ་མཁའི་སྙིང་པོའི་རྟོག་པའོ།། །། དེ་ནས་རྡོ་རྗེ་ཁུ་ཚུར་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་པའི་འཁོར་ཐམས་ཅད་བསྐྱོད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གིས་ཀྱང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ
92.29b
བའི་རྟོག་པ་ཆེན་པོའི་རྒྱལ་པོ་འདིར་རང་གི་སྙིང་པོ་དབུལ་བར་བགྱི་སྟེ། བདག་གིས་བསྐལ་པ་སྟོང་ཕྲག་དགུ་བཅུ་རྩ་གཅིག་པ་ལ་རྡོ་རྗེའི་རི་རབ་དེ་བཞིན་གཤེགས་པ་ལས་བླངས་ཏེ། དེས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་མོ་སྙེད་ཀྱི་སེམས་ཅན་རྣམས་འགྲུབ་པ་ཐམས་ཅད་གྲུབ་པར་བྱས་ཏེ། དེའི་བསྐྱེད་པ་ནས་དེ་བཞིན་གཤེགས་པ་རྫོགས་ཀྱི་བར་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཁུ་ཚུར་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་ལེགས་སོ་ལེགས་སོ། །རྡོ་རྗེ་ཁུ་ཚུར་ཁྱོད་ཀྱིས་སྨྲོས་ཤིག་།དེ་ནས་རྡོ་རྗེ་ཁུ་ཚུར་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་གཡོས་པར་བྱས་ནས་རང་གི་སྙིང་པོ་འདི་གསུངས་སོ། །ོཾ་རུ་ཊུ་རུ་ཊུ་ཧཱུཾ་ཕཊ། དེ་ནས་འདི་གསུངས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་དང་རྡོ་རྗེ་འཛིན་དང་འཁོར་ཐམས་ཅད་དང་བཅས་ནས་རི་རབ་རིའི་རྩེ་མོར་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ཏེ། ལག་པ་གཉིས་ཀྱིས་རང་གི་ཁུ་ཚུར་གྱི་ཕྱག་རྒྱ་བཅིངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ལ་དམིགས་ཤིང་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་ཆེན་པོར་གྱུར་ནས་བཀོད་དོ། །དེ་ནས་རྡོ་རྗེ་ཁུ་ཚུར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཕྱག་རྒྱས་བཏབ་ནས་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ། །དེ་ནས་གཞན་ཡང་རབ་བཤད་པ། །དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །རྡོ་རྗེའི་དཀྱིལ་འཁོར་འདྲ་བ་ནི། །རྡོ་རྗེ་ཁུ་ཚུར་ཞེས་གསུངས་སོ། །དེ་ཡི་དབུས་སུ་སེམས་ཆེན་པོ། །རྡོ་རྗེའི་ཁུ་ཚུར་བཞག་པར་བྱ། །རྡོ་རྗེའི་ཁུ་ཚུར་རྡོ་རྗེར་བཅས། །ལག་པ་གཉིས་ནི་བཅིང་བར་བྱ། །དེ་ཡི་ངོས་ནི་ཐམས་ཅད་དུ། །སངས་རྒྱས་གཟུགས་རྣམས་བཞག་པར་བྱ། །དེ་དག་གི་ནི་གྲཝ་ཀུན་དུ། །བྱང་ཆུབ་སེམས་དཔའ་ཀུན་བྲིའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་འདིར་རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ཞུགས་ལ་འདི་བརྗོད་དོ། །ཧཱུཾ་དྷཀྵི་ནི་སྨ་ར་ན་ཕཊ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ
92.30a
ཁུ་ཚུར་སློབ་དཔོན་ལ་གྲུབ་པར་འགྱུར་ཏེ། དེ་ལ་ཕྱག་རྒྱ་ཡང་བརྟན་པར་འགྱུར་ཞིང་སུས་ཀྱང་དབྱེ་བར་མི་ནུས་སོ། །དེ་ནས་སྙིང་པོ་འདིས་བདག་གི་སྙིང་ཀར་དགྲོལ་ལོ། །ོཾ་བཛྲ་མུསྚི་མུ། དེ་ནས་སློབ་མ་གཞུག་སྟེ། རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་དང་བཅས་པ་ཕྲེང་བ་དང་བཅས་པར་བྱ་སྟེ། དེ་བཞིན་དུ་རས་དམར་པོས་མིག་གཉིས་བཀབ་སྟེ། དེ་ནས་འདི་ཞེས་བརྗོད་དོ། །དེང་ཁྱེད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱག་རྒྱས་བཏབ་པ་ནི་ཆོས་ཀྱི་ཕྱག་རྒྱ་དང ། རྡོ་རྗེ་འཛིན་གྱི་རྡོ་རྗེའི་ཕྱག་རྒྱས་ཀྱང་བཏབ་བོ། །ཁྱོད་ཆོས་དང་རྡོ་རྗེ་ལས་གང་འདོད། དེས་སྨྲས་པ་གཉིས་ཀའོ་ཞེ་ན། དེ་ནས་རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་དང ། དེ་བཞིན་གཤེགས་པའི་ཆ་ལུགས་བླངས་ནས་ཕྲེང་བ་དེའི་མགོ་ལ་བཞག་སྟེ། དགྲོལ་བའི་སྙིང་པོ་དེ་ཉིད་ཀྱིས་ཕྱག་རྒྱ་སྙིང་ཀར་དགྲོལ་ལོ། །དེ་ནས་ལག་ཏུ་སྦྱིན་པ་ནི་ལག་པ་གཡོན་པར་རྡོ་རྗེའོ། །གཡས་པར་དེ་བཞིན་གཤེགས་པའོ། །དེ་སྟེ་དེ་བཞིན་གཤེགས་པའོ་ཞེས་ཟེར་ན་དེ་ནས་དེ་བཞིན་གཤེགས་པ་ཉིད་སྦྱིན་ནོ། །དེ་སྟེ་རྡོ་རྗེའོ་ཞེས་ཟེར་ན་དེ་འི་ལག་པ་གཡོན་པར་རྡོ་རྗེ་བྱིན་ལ་འདི་སྐད་བསྒོ་ཤིག་།འདི་གཉིས་ནི་ཁྱོད་ཀྱི་གྲུབ་པར་དམིགས་ལ་རྟག་ཏུ་མཆོད་པ་གྱིས་ཤིག་།དེ་ནས་གདོང་གཡོགས་པ་བཀྲོལ་ལ་དཀྱིལ་འཁོར་སྟོན་ལ་འདི་ཞེས་སྨྲོས་ཤིག་།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ལུས་དང་ངག་སེམས་རྡོ་རྗེ་རྣམས། །བསྡུས་པ་ཁུ་ཚུར་ཞེས་བྱ་སྟེ། །བཅིངས་ན་རྡོ་རྗེ་ཁུ་ཚུར་བཤད། །དེ་ནས་སྙིང་པོ་བྱིན་ལ་ཕྱག་རྒྱ་བཅིངས་པ་སློབས་ཤིག་།དམ་ཚིག་གི་ཁུ་ཚུར་ཞེས་བྱ་བའི་དཀྱིལ་འཁོར་རོ། །དེ་ནས་ཕྱག་རྒྱའི་དཀྱིལ་འཁོར་འབྱུང་སྟེ། །དཀྱིལ་འཁོར་ཆེན་པོའི་ཚུལ་བཞིན་དུ། །དཀྱིལ་འཁོར་ཐམས་ཅད་ཡང་དག་བྲི། །དེ་ཡི་དབུས་སུ་ཅི་རིགས་པར། །སངས་རྒྱས་སྐུ་ལུས་བཞག་པར་བྱ། །ཐམས་ཅད་རྒྱན་གྱིས་བརྒྱན་པ་ཡི། །རྡོ་རྗེ་ཁུ་ཚུར་ཀུན་འཛིན་པའོ། །དེ་ཡི་ངོས་ནི་ཐམས་ཅད་དུ། །ཕྱག་རྒྱ་བཞི་ནི་བྲི་བར
92.30b
བྱ། །ཟླ་བའི་དཀྱིལ་འཁོར་དབུས་རྣམས་སུ། །རྡོ་རྗེ་རིན་ཆེན་ཡང་དེ་བཞིན། །དེ་བཞིན་རྡོ་རྗེ་པད་མོའི་དབུས། །རྡོ་རྗེ་རྒྱ་གྲམ་བྲི་བར་བྱ། །གྲཝ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །མཆོད་པ་རྣམ་བཞི་བྲི་བར་བྱ། །དེ་ནས་བཙུད་ནས་ཕྱག་རྒྱ་ཀུན། །བཅིང་བ་ཡང་ནི་བསླབ་པར་བྱ། །སྒྲུབ་པ་གསང་བ་དག་དང་ནི། །བསྐུལ་བ་གསང་བ་བསླབ་པར་བྱ། །འདི་རྣམས་ཐམས་ཅད་ཀུན་བྲིས་ནས། །སྒྲུབས་ཤིག་ཅེས་ནི་བརྗོད་པར་བྱ། །ཕྱག་རྒྱའི་དཀྱིལ་འཁོར་རོ། །དེ་ནས་དམ་ཚིག་གི་དཀྱིལ་འཁོར་འབྱུང་སྟེ། དེ་བཞིན་དུ་མཚན་མ་བཞག་ནས་འདི་ཞེས་བརྗོད་དོ། །ཅི་སྟེ་དཀྱིལ་འཁོར་མ་མཐོང་ན། །ཕྱག་རྒྱ་ཤེས་པར་བསྟན་ན་ནི། །རྡོ་རྗེ་རིན་ཆེན་རྒྱལ་བ་དང ། །སྣ་ཚོགས་པས་ཁྱོད་གསོད་པར་འགྱུར། །དམ་ཚིག་གི་དཀྱིལ་འཁོར་རོ། །དེ་ནས་ལས་ཀྱི་དཀྱིལ་འཁོར་འབྱུང་སྟེ། །དཀྱིལ་འཁོར་དེ་བཞིན་དུ་བྲིས་ལ་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་སྤྱན་སྔར་ཕྱག་རྒྱའི་ལས་བསླབ་བོ། །དེ་ལ་ཕྱག་རྒྱ་བཅིངས་པ་ནི་འདིའོ། །རྡོ་རྗེ་བཅིང་བ་ཀུན་བྱས་ལ། །སོར་མོ་ཐམས་ཅད་དགུག་བྱ་སྟེ། །རྡོ་རྗེ་འབེབས་པའི་ཕྱག་རྒྱ་དང ། །རྡོ་རྗེ་ཁུ་ཚུར་ཕྱག་རྒྱ་བཅིང ། །དེ་ནས་ལག་པའི་ཕྱག་རྒྱ་བཅིང་ངོ ། །དེ་ལྟ་བུར་མི་ལྡན་ན་འདོད་པ་ཐམས་ཅད་ཀྱི་མཆོག་བསྒྲུབ་པས་ནི་དམ་ཚིག་ཆེན་པོ་ཡང་དག་པའི་ཡེ་ཤེས་ཀྱི་སྙིང་པོ་ཐང་ཅིག་བཟླས་པས་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱ་སྟེ། ཐམས་ཅད་ཀྱི་ནི་མ་ཡིན་ནོ། །ལས་ཀྱི་དཀྱིལ་འཁོར་རོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་བསྒྲུབ་པ་འབྱུང་སྟེ། འོ་མ་འཐུང་ཞིང་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་འབུམ་བཟླས་ན་སྔར་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་རས་ལ་བྲི་བར་བྱ་སྟེ། རས་ལ་བཅོམ་ལྡན་འདས་འཕགས་པ་རྡོ་རྗེ་ཁུ་ཚུར་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲིས་ལ་ཕྱག་གཉིས་ཀྱིས་རྡོ་རྗེ་དང་བཅས་པའི་རྡོ་རྗེ་ཁུ་ཚུར་བཅིངས་པ་རྡོ་རྗེ་དབང་བསྐུར་བའི་དར་གྱིས་བཅིངས་ལ། དེའི་ཐད་འཁོར་ཐམས་ཅད་དུ་དེ་བཞིན
92.31a
གཤེགས་པའི་འཁོར་གྱི་དཀྱིལ་འཁོར་རྣམས་བྱའོ། །དེ་བཞིན་གཤེགས་པ་དེ་དག་ཀྱང་ཕྱག་གཉིས་ཀ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཁུ་ཚུར་དུ་བཅིང་བར་བྱའོ། །བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་ཏིང་ངེ་འཛིན་དུ་སྙོམས་པར་ཞུགས་པར་བྱའོ། །དེ་ནས་དེའི་སྤྱན་སྔར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་བཅིངས་ལ་སྟོང་ཕྲག་བརྒྱ་བཟླས་པའི་མཇུག་ཏུ་ཞག་བདུན་བསྙུངས་ནས་བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུར་བསྒོམས་ལ། མཚན་ཐལ་བྱུང་དུ་བཟླས་སོ། །དེ་ནས་ནམ་ཕྱེད་ནས་བདུད་ཀྱི་ལས་སྣ་ཚོགས་སྣང་བར་འགྱུར་རོ། །དེ་ནས་འདི་བརྗོད་ཅིག་།ོཾ་བཛྲ་མསྟི་ཧ་ན་ཧ་ན་སརྦ་མཱ་ར་ཎ་ཕཊ། དེ་ནས་ནང་པར་གྱི་དུས་ན་བཅོམ་ལྡན་འདས་ཐམས་ཅད་བྱོན་ཏེ་ལུས་ཀུན་ཏུ་འཇུག་གོ། །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །ཡང་རས་ཀྱི་ཆོ་ག་འབྱུང་སྟེ། རས་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲིས་ཏེ། དེའི་གཡས་སུ་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐུ་མདོག་སྔོ་བསངས་ཨུཏྤལ་སྔོན་པོ་ལྟ་བུ་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་གཡོན་པའི་ཁུ་ཚུར་གྱིས་རྡོ་རྗེ་བསྣམས་པ། གཡས་པ་མཆོག་སྦྱིན་པ་སྟེ། དེའི་གཡས་སུ་བཅོམ་ལྡན་འདས་མ་རྡོ་རྗེའི་དམ་ཚིག་གི་ཁུ་ཚུར་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གཞོན་ནུ་མ་དམ་ཚིག་གི་ཁུ་ཚུར་གྱིས་རྡོ་རྗེ་དམ་དུ་འཚིར་བ་མདོག་དམར་པོར་བྱའོ། །དེའི་ཐད་དུ་རྡོ་རྗེའི་གསལ་ཕུར་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྤྱན་གསུམ་པ་ལག་པ་གཉིས་ཀྱིས་རྡོ་རྗེ་གསལ་ཕུར་ཐོགས་པའོ། །བཅོམ་ལྡན་འདས་ཀྱི་གཡོན་ཕྱོགས་སུ་སྤྱན་རས་གཟིགས་ཀྱི་དབང་པོ་ཐོར་ཚུགས་ཀྱི་དབུ་རྒྱན་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པདྨ་དང་མཆོག་སྦྱིན་གྱི་ཕྱག་ཏུ་བྱས་ལ། དེའི་གཡོན་དུ་པད་མོ་ཆེན་པོའི་རྡོ་རྗེ་བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྡེ་ཞེས་བྱ་བའོ། །དེའི་གཡོན་དུ་རྡོ་རྗེའི་དཔལ
92.31b
མོ་དང་རྡོ་རྗེ་ཕོ་ཉ་མའོ། །རྡོ་རྗེ་དཔལ་མོ་ནི་གསེར་གྱི་སྐུ་མདོག་གོ། །དཔལ་གྱི་གཟུགས་འཆང་བ་ཕྱག་ན་རྡོ་རྗེ་འཛིན་པའོ། །རྡོ་རྗེ་ཕོ་ཉ་མོ་ནི་མདོག་སྔོན་མོ་ལ་རྡོ་རྗེ་མཁར་བ་འཆང་བའོ། །དེ་ནས་ཟླ་བ་ཡར་གྱི་ངོ་ཚེས་གཅིག་ནས་བརྩམས་ཏེ། རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་སྟོང་ཕྲག་བརྒྱ་བཟླས་ན། གཟུགས་ཀྱི་རས་དེ་ལས་ཕཊ་ཅེས་བྱ་བ་ཐོས་ན། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་འགྲུབ་པར་འགྱུར་ཏེ། དེ་ཕྱིན་ཅད་ནམ་མཁའི་དཀྱིལ་ན་སྤྱོད་ཅིང་འདོད་ན་མི་སྣང་བར་ཡང་འགྱུར། དཔག་ཚད་སྟོང་དུ་ཕར་ཡང་འགྲོ་ཞིང་གྱེན་དུ་ཡང་འགྲོའོ། །ཅི་འདོད་པའི་གཟུགས་སུ་འགྱུར་རོ། །ཀུན་ཏུ་འཁྱིལ་པས་འཁྱིལ་པའི་སྐྲ་ཅན་ལོ་བཅུ་དྲུག་ལོན་པའི་ལུས་སུ་གྱུར་ནས་འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་ཅི་འདོད་པ་བཞིན་ལོངས་སྤྱོད་པར་འགྱུར་རོ། །རྡོ་རྗེ་ཁུ་ཚུར་བཅིངས་པས་སེམས་ཅན་ཐམས་ཅད་ལ་ཕན་གདགས་པ་དང ། ཆད་པས་གཅད་པ་ལ་སོགས་པ་ཐམས་ཅད་ནུས་པར་འགྱུར་རོ། །གཟུགས་བཟང་པོ་བསྐལ་པར་གནས་ཤིང ། རྒ་བ་དང་ཤི་བར་ཡང་མི་འགྱུར་རོ། །ཡང་ཆོ་ག་གཞན་ཏེ་རས་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྲིས་ལ། དེའི་གཡས་ཕྱོགས་སུ་ཕྱག་ན་རྡོ་རྗེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྐུ་མདོག་ཨུཏྤ་ལ་སྔོན་པོའི་ཁ་དོག་ཕྱག་ན་རྡོ་རྗེ་དང་བཅས་པས་རྡོ་རྗེ་ཁུ་ཚུར་བཅིངས་ཏེ་སྦྱར་ལ་བཅོམ་ལྡན་འདས་ལ་འདུད་པར་བྱ། དེའི་གཡོན་ཕྱོགས་སུ་བཅོམ་ལྡན་འདས་མ་དམ་ཚིག་གི་ཁུ་ཚུར་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཡིད་ཙམ་འདུད་པས་བཅོམ་ལྡན་འདས་ལ་ཕྱག་འཚལ་བ། ལག་པ་གཡས་པ་ན་ཨ་མྲའི་འབྲས་བུ་འབུལ་བ། གཡོན་པ་ན་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་འཛིན་ཏོ། །དེ་ནས་རས་ལ་བྲིས་པའི་སྤྱན་སྔར་ཞག་གསུམ་བསྙུངས་ལ། གུ་གུལ་གྱི་རིལ་བུ་སྲན་མ་ཙམ་དུ་རུ་སྐའི་འབྲུ་མར་ལ་བསྙུགས་པ་བརྒྱད་སྟོང་དུ་བ་མེད་པའི་མདག་མ་ལ་བསྲེག་གོ། །དེ་ནས་གཟུགས་དེ་འགུལ་ཏེ་བཅོམ
92.32a
ལྡན་འདས་ཀྱི་ཞལ་ནས་འོད་ཟེར་འབྱུང་ངོ ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱིས་མཆོག་སྩོལ་བ་ནི་རྒྱལ་པོ་འམ། འཁོར་ལོ་བསྐོར་བ་འམ། ལྷ་མ་ཡིན་པ་དབང་བ་འམ། ས་བརྗོད་པ་འམ། སའི་འོག་བརྗོད་པ་འམ། ཁམས་བརྗོད་པ་འམ། འདོད་པའི་ཁམས་མི་སྣང་བ་འམ། ནམ་མཁའ་ལ་འགྲོ་བར་འགྱུར་རོ། །ཡང་བསྒྲུབ་པ་གཞན་གྱི་ཆོ་ག་སྟེ། རས་ལ་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲིས་ལ། དེ་བཞིན་དུ་རྡོ་རྗེ་དང་བཅས་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་ཁུ་ཚུར་བཅིངས་པ་ཨུཏ་པ་ལ་སྔོན་པོའི་མདོག་ཏུ་བྱས་ལ་དེའི་སྤྱན་སྔར་དམ་ཚིག་གི་རྡོ་རྗེ་ཁུ་ཚུར་བཅིངས་ཏེ། སྟོང་ཕྲག་བརྒྱ་བཟླས་པའི་མཇུག་ཉིན་མཚན་གསུམ་ཐལ་བྱུང་བཟླས་ན་ནམ་ཕྱེད་ནས་བཅོམ་ལྡན་འདས་ཉིད་བྱོན་ཏེ་མཆོག་སྩོལ་བར་འགྱུར་རོ། །རས་སམ་ཤིང་ལེབ་བམ། བརྩིག་ངོས་ལ་བཅོམ་ལྡན་འདས་མ་རྡོ་རྗེ་ཁུ་ཚུར་དེ་བཞིན་དུ་རྡོ་རྗེ་དང་ཨ་མྲའི་འབྲས་བུ་ཐོགས་པར་བྱས་ཏེ། དེའི་སྤྱན་སྔར་སྟོང་ཕྲག་བརྒྱ་བཟླས་ན་ཕྱག་རྒྱ་ཐམས་ཅད་བཅིངས་པ་ཙམ་གྱིས་ལས་ཐམས་ཅད་གདོན་མི་ཟ་བར་བྱེད་པར་འགྱུར་རོ། །དེ་ནས་མ་བསྒྲུབས་པའི་ལས་རྣམས་འབྱུང་སྟེ། རྡོ་རྗེ་དམ་ཚིག་གི་ཁུ་ཚུར་བཅིངས་ནས་འབུམ་བཟླས་ན། ཁུ་ཚུར་བཅིངས་པས་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །ལག་པ་གཡོན་པས་རྡོ་རྗེ་དང་བཅས་པའི་རྡོ་རྗེ་ཁུ་ཚུར་བཅིངས་ན་ཕྱག་ན་རྡོ་རྗེ་ལ་སོགས་པའི་གཟུགས་འབྱུང་བར་འགྱུར་བ་ནི་འབུམ་བཟླས་པས་སོ། །ལག་པ་གཡོན་པས་རྡོ་རྗེ་ཁུ་ཚུར་བཅིངས་ཏེ་སྟོང་ཕྲག་བརྒྱ་བཟླས་ན། ཁུ་ཚུར་བཅིངས་པ་དེས་མི་སྣང་བར་འགྱུར་ཏེ། ཕྲལ་ན་སྣང་བར་འགྱུར་རོ། །རྡོ་རྗེ་བཅིང་པའི་ཁུ་ཚུར་བྱས་ལ་འབུམ་བཟླས་ན་ཁུ་ཚུར་བཅངས་པས་བཅིང་བ་དང ། རེངས་པར་བྱ་བ་དང་གཉིད་ལོག་པར་བྱ་བ་ཐམས་ཅད་ནུས་པར་འགྱུར་རོ། །ནམ་མཁའ་ལ་རྡོ་རྗེ་ཁུ་ཚུར་བཅངས་ཏེ་འབུམ་བཟླས
92.32b
ན་རྡོ་རྗེ་ཁུ་ཚུར་བྱབས་པ་ཙམ་གྱིས་ནམ་མཁའ་ལ་ནོར་དང ། གསེར་དང་མུ་ཏིག་དང་རྒྱན་དང་རིན་པོ་ཆེ་དང་གོས་དང་བཟའ་བ་དང་བཏུང་བ་དང ། མེ་དང་ཆུ་དང་མེ་ཏོག་དང་འབྲས་བུ་དང་མྱུ་གུ་དང་ཡི་གེ་དང་འཐབ་ཆ་དང་སྟོན་སྐྱོབས་དང་མཚོན་ཆ་དང་གླེགས་བམ་དང་རྟོག་པ་དང་མདོ་སྡེ་དང ། སངས་རྒྱས་ཀྱི་སྐུ་ལ་སོགས་པ་དངོས་པོ་གནས་པ་དང ། འགྲོ་བ་ཅི་འདོད་པ་དགུག་པར་བྱེད་དོ། །གཡས་པ་རྡོ་རྗེ་ཁུ་ཚུར་བཅངས་ལ་འབུམ་བཟླས་ན་རྡོ་རྗེ་ཁུ་ཚུར་བསྟན་པས་གནས་པ་དང ། འགྲོ་བ་ཐམས་ཅད་དགུག་པ་དང་འདྲེན་པ་དང་འགྱེལ་བར་ནུས་པར་འགྱུར་རོ། །ཁུ་ཚུར་སྒྱུར་བས་ཐམས་ཅད་གཏན་འཕོ་ནུས་པར་འགྱུར་རོ། །གཡས་པས་རྡོ་རྗེ་ཁུ་ཚུར་བཅིངས་ལ་སྟོང་ཕྲག་བརྒྱ་བཟླས་ན་རྡོ་རྗེ་ཁུ་ཚུར་བྱབས་པས་ཐམས་ཅད་ལས་ནོར་དང་གསེར་དང་རྒྱན་དང་གོས་དང་མཚོན་ཆ་དང་མེ་ཏོག་དང་འབྲས་བུ་ལ་སོགས་པ་དངོས་པོ་ཐམས་ཅད་འགུགས་སོ། །གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལས་དམ་པ་ཐམས་ཅད་ཀྱང་འགུགས་སོ། །བུད་མེད་ཀྱི་ནུ་མ་དང་མངལ་ཕྱོགས་དང་མིག་དང་སྣ་དང་མཆུ་དང་རྣ་བ་དང་མགོ་དང་བརླ་དང་སྐ་རགས་དང་གསང་སྤུ་ལ་སོགས་པ་དངོས་པོ་ཐམས་ཅད་ཀྱང་འགུགས་སོ། །དཀྲོལ་ན་ཐར་བར་འགྱུར་རོ། །ཉིན་ཞག་གཅིག་བསྙུངས་ལ་ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བཅངས་ཏེ་སྟོང་ཕྲག་བརྒྱ་བཟླས་ན་དེ་ཕྱིན་ཅད་ཁུ་ཚུར་བཅངས་པས་ལས་ཐམས་ཅད་བྱེད་དོ། །དེ་ལ་ལས་རྣམས་ནི་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་དང་རེངས་པར་བྱ་བ་དང་རྨུགས་པར་བྱ་བ་དང ། རྒྱས་གདབ་པ་དང་གཉིད་ལོག་པ་དང་བསླང་བ་དང་དྲང་བ་དང་བསྒྱེལ་བ་དང་བརྡབས་པ་དང་བསྐྲང་པ་དང ། དབྱེ་བ་དང་གོ་བཟློག་པ་དང་གཏན་འཕོ་བ་དང་གསོ་བ་དང་སྒྱུ་མ་ཐམས་ཅད་བསྟན་པ་དང་དུས་ཚིགས་བསྒྱུར་བ་དང་ས་ལ་སོགས་པ་གཡོ་བ་དང་ཐམས་ཅད་ལ་དབབ་པ་དང ། དཀྱིལ་འཁོར་དུ་གཞུག་པ་དང་གར་བྱེད་པ་དང་གླུ་ལེན་པ་དང ། སྔོན་མ་བྱུང་བའི་སྦྱོར་བ་དང །
92.33a
སོ་སོར་ལུང་སྟོན་པ་དང་འཁྲུལ་འཁོར་ཐམས་ཅད་གཞོམ་པ་དང ། སྒོ་ཐམས་ཅད་དབྱེ་བ་དང་གདོན་ཐམས་ཅད་འཇུག་པ་དང་དུག་ཐམས་ཅད་བསླང་བ་དང་མ་རུངས་པར་བྱ་བ་དང་ཐམས་ཅད་སྤོ་བ་དང་ཐམས་ཅད་ཀྱི་ཕྱག་རྒྱ་གཞོམ་པ་དང་ཐམས་ཅད་འགེགས་པ་དང ། གས་པ་སྦྱར་བ་དང་སྦྲུལ་བསྒྲད་པ་དང ། གཟུང་བ་དང་གཏང་བ་དང་སེར་བ་དང་ཆར་དབབ་པ་དང་གློག་དབྱུང་བ་དང་ཐམས་ཅད་སླར་གཅད་པ་དང ། སྔན་ཆད་མེད་པའི་གོས་དང་རྒྱན་དང་རིན་པོ་ཆེ་དང་མེ་ཏོག་དང་འབྲས་བུ་དང་སྐྱེས་པ་དང་བུད་མེད་དང་བྱ་དང་རི་དགས་དགུག་པ་དང་གཏོང་བ་དང་གཟུགས་མང་པོ་སྟོན་པ་དང་མི་སྣང་བ་དང ། ནམ་མཁའ་ལ་འགྲོ་བ་བསྟན་པ་ལ་སོགས་པ་འདོད་པ་བཞིན་ལས་ཐམས་ཅད་བྱེད་པར་འགྱུར་རོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས་རྡོ་རྗེ་ཁུ་ཚུར་གྱི་རྟོག་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པ་བྱང་ཆུབ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་རང་གི་སྙིང་པོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་འདིར་སྩལ་བར་བགྱི་སྟེ། གང་བརྗོད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཛོད་བརྗོད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་རིགས་ཀྱི་བུ་ཁྱོད་ཀྱིས་སྨྲོས་ཤིག་ཅེས་གསུངས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་སྨྲས་པ། ཨ་ར་པ་ཙ་ན། དེ་ནས་འདི་བརྗོད་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་ལས་ཡི་གེ་མཉམ་པ་ཉིད་སེམས་ཅན་ཐམས་ཅད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲུབ་པ་ཐོབ་པར་འགྱུར་བ་བཤད་དོ། །དེ་ནས་དཀྱིལ་འཁོར་འབྱུང་སྟེ། འཁོར་ལོའི་དཀྱིལ་འཁོར་ཡར་གྱི་ངོ་ཚེས་བཅུ་བཞི་འམ་བཅཝ་ལྔ་ལ་བྲིས་ཏེ། དེའི་དབུས་ཀྱི་ལྟེ་བར་འཇམ་དཔལ
92.33b
བཞུགས་པར་བྱའོ། །རྡོ་རྗེ་རལ་གྲི་དང་གླེགས་བམ་ཐོགས་པར་བྱས་ལ། དེའི་ཐད་འཁོར་ཐམས་ཅད་དུ་ཡི་གེ་ཨ་ར་པ་ཙ་ན་ལ་སོགས་པའི་ཕྲེང་བ་བྲི་བར་བྱའོ། །དེ་ནས་སློབ་དཔོན་གྱིས་རྡོ་རྗེ་རལ་གྲི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་ཞུགས་ཏེ། ནིཥྛ་པན་ཙ་གྲ་ཞེས་བྱ་བའི་ཡི་གེ་འདི་ལྔ་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སློབ་དཔོན་ལ་ཐོགས་པ་མེད་པའི་སྤོབས་པ་ཡང་སྩོལ་ཏེ། དེ་ཕྱིན་ཅད་བཅོམ་ལྡན་འདས་ཀྱིས་ནམ་མཁའ་ལ་ཡི་གེར་བྲིས་ཏེ་ཐམས་ཅད་གསུང་ངོ ། །དེ་བཞིན་དུ་སློབ་མ་བཅུག་སྟེ། འདི་ཞེས་སྨྲོས་ཤིག་།དེང་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་ཆོས་ཐོབ་པར་འགྱུར་གྱིས། སྙིང་པོ་འདི་ཁྱོད་ཀྱིས་སུ་ལ་ཡང་མ་སྨྲ་ཤིག་།དེ་ལ་གསང་བའི་ཡི་གེ་འདི་རྣམས་སོ། ། ར་པ་ཙ་ན་ཞེས་བྱ་བ་སྟེ། འདོད་པ་ཐམས་ཅད་ཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། ཨ་ཞེས་བྱ་བ་ནི་འདོད་པའོ། །ར་ཞེས་བྱ་བ་ནི་ཆགས་པའོ། །པ་ཞེས་བྱ་བ་ནི་དོན་དམ་པའོ། །ཙ་ཞེས་བྱ་བ་ནི་སྤྱོད་པའོ། །ན་ཞེས་བྱ་བ་ནི་རང་བཞིན་མེད་པའོ། །དེ་ལྟར་འདོད་པ་དང་ཆགས་པ་དང་དོན་དམ་པ་དང་སྤྱོད་པ་དང་རང་བཞིན་མེད་པ་ཉིད་ཀྱི་སྙིང་པོ་འདི་བསྒོམས་ཏེ་བསྒྲུབས་ན་འདོད་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ནི་འདོད་པ་ཐམས་ཅད་ཀྱི་སྣོད་ཡིན་ཏེ་དེ་བས་ན་སྙིང་པོ་འདིས་དེ་བཞིན་གཤེགས་པ་དང ། རྡོ་རྗེ་འཛིན་ཀྱང་མྱུར་དུ་ཐོབ་པར་འགྱུར་རོ། །དེ་ནས་ཕྱག་རྒྱ་བཅིང་བ་བསླབ་བོ། །སྤྲོས་པ་མེད་པའི་མཆོག་ཅེས་བྱའོ། །དེ་ནས་རལ་གྲིའི་དཀྱིལ་འཁོར་འབྱུང་སྟེ། དེ་བཞིན་དུ་རྡོ་རྗེ་དཀྱིལ་འཁོར་བྲིས་ལ་དེའི་དབུས་སུ་རལ་གྲི་བཞག་སྟེ། མདུན་དུ་སྙིང་པོ་འདི་བསྒྲུབས་ན། དེས་འཇམ་དཔལ་གཞོན་ནུར་གྱུར་པ་བསྒྲུབས་པར་འགྱུར་རོ། །རྡོ་རྗེ་རལ་གྲིའི་དཀྱིལ་འཁོར་རོ། །དམ་ཚིག་གི་དཀྱིལ་འཁོར་ནི་དཀྱིལ་འཁོར་ཆེན་པོ་ཚུལ་བཞིན་དུ་བྲིས་ལ་ཞུགས་ནས་འདི་ཞེས་བརྗོད་དོ། ། ཀཱ་རོ་མུ་ཁཾ་སརྦ་དྷརྨྨཱ་ཎཾ་ཨཱདྱ་ནུད་པན་ན་ཏྭཱ་ཏ། ཨ་ཞེས་བྱ
92.34a
བ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ་ཐོག་མ་ནས་མ་སྐྱེས་པའི་ཕྱིར་རོ་ཞེས་ནང་པར་ལངས་ནས་ཉིན་རེ་ལན་རེ་བརྗོད་ན་མཚམས་མེད་པ་ཐམས་ཅད་ཀྱིས་མི་གོས་སོ། །དམ་ཚིག་གི་དཀྱིལ་འཁོར་རོ། །དེ་ནས་ལས་ཀྱི་དཀྱིལ་འཁོར་འབྱུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཀྱིལ་འཁོར་གྱི་དབུས་སུ་བཞག་ནས་མཆོད་པ་རྣམ་པ་བཞིས་མཆོད་པ་ནི་འབྲི་བ་དང ། ཀློག་པ་དང་ཁ་ཏོན་བྱེད་པ་དང་སྒོམ་པས་སོ། །ལས་ཀྱི་དཀྱིལ་འཁོར་རོ། །དེ་ནས་བསྒྲུབ་པར་འདོད་པས་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་རས་ལ་བྲིས་ནས། ཡི་གེ་ཕྲེང་བ་ཐམས་ཅད་བརྗོད་དེ་འདི་སྐད་དུ་ཆོས་ཐམས་ཅད་ནི་རང་བཞིན་གྱི་བསྒྲུབ་པའོ་ཞེས་ཀྱང་བརྗོད་ནས་ཡི་གེ་འདི་འབུམ་བཟླས་ན་སྤོབས་པ་མི་ཟད་པར་འཇམ་དཔལ་དང་མཚུངས་པ་དང ། ནམ་མཁའ་ལ་འགྲོ་བར་འགྱུར་རོ། །དེ་ནས་མ་བསྒྲུབས་ཀྱང་ལས་སུ་འགྱུར་བ་ནི་ལན་གཅིག་བཟླས་པས་སྡུག་བསྔལ་ཐམས་ཅད་ལས་གྲོལ་ལོ། །གཉིས་བཟླས་པས་མཚམས་མེད་པ་ཐམས་ཅད་ལྷག་མ་མ་ལུས་པར་ཟད་པར་འགྱུར་རོ། །གསུམ་བཟླས་པས་ཏིང་ངེ་འཛིན་མངོན་དུ་འགྱུར་རོ། །བཞི་བཟླས་པས་དྲན་པ་དང་ལྡན་པར་འགྱུར་རོ། །ལྔ་བཟླས་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །སྐུ་གདུང་དང་བཅས་པའི་མཆོད་རྟེན་ལ་ཡི་གེ་ཕྲེང་བ་གཡས་ཕྱོགས་ནས་ཨ་ཞེས་བྱ་བའི་དྲུང་དུ་ན་ཞེས་བྱ་བ་ཕྱིན་གྱི་བར་དུ་བྲིའོ། །དེ་ནས་བསྐོར་ཞིང་ཡི་གེ་འབུམ་བཟླས་ཏེ། ཡི་གེ་རེ་རེ་འབུམ་རྫོགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དང ། འཇམ་དཔལ་དང་ཕྱག་ན་རྡོ་རྗེ་ཅིག་ཆར་འགྲུབ་སྟེ། ཉིན་རེ་ཞིང་མཐོང་བར་བསྟན་ནས་ཆོས་བཤད་དེ་སླར་གཤེགས་སོ། །ཚེ་འདི་ཉིད་ལས་སངས་རྒྱས་པ་མན་ཆད་ཀྱང་སྩོལ་ཏོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས་འཇམ་དཔལ་གཞོན་ནུའི་རྟོག་པའོ།། །།
92.34b
དེ་ནས་བཅོམ་ལྡན་འདས་ལ་རྡོ་རྗེ་འཁོར་ལོ་བྱང་ཆུབ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་འདིར་སྙིང་པོ་འདི་སྩལ་བར་བགྱི་སྟེ། གང་བརྗོད་པ་ཙམ་གྱིས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་འཁོར་ལོ་བྱང་ཆུབ་སེམས་དཔའ་ལ་བསྐུལ་ལོ། །དེ་ནས་རྡོ་རྗེ་འཁོར་ལོ་བྱང་ཆུབ་སེམས་དཔས་བཅོམ་ལྡན་འདས་ལ་རང་གི་སྙིང་པོ་ཕུལ་བ། ཨོཾ`་བཛྲ་ཙཀྲ་ཧཱུཾ`། དེ་ནས་འདི་བརྗོད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་དང ། སེམས་ཅན་ཐམས་ཅད་ཀྱིས་དཀྱིལ་འཁོར་དེ་ཉིད་དུ་ཞུགས་སོ། །དེ་ནས་རྡོ་རྗེ་འཁོར་ལོ་བྱང་ཆུབ་སེམས་དཔས་དཀྱིལ་འཁོར་འདི་བཤད་དོ། །རྡོ་རྗེ་འཁོར་ལོ་བཞིན་བྲིས་ལ། །རྡོ་རྗེ་འཁོར་ལོ་བདག་ཆེ་བ། །རང་གི་ལག་ན་ཕྱག་རྒྱ་ཐོགས། །དེ་ཡི་དབུས་སུ་གཞག་པར་བྱ། །དེ་ཡི་ཐད་འཁོར་ཐམས་ཅད་དུ། །རིགས་ཀྱི་དཀྱིལ་འཁོར་ཚོགས་རྣམས་བྲི། །དེ་ཡང་སེམས་ཅན་ཆེན་པོ་རྣམས། །དེ་དག་ཉིད་ནི་ལེགས་པར་བྲི། །དེ་ནས་བློ་ལྡན་ཐོག་མ་རུ། །རྡོ་རྗེ་འཁོར་ལོས་འཇུག་པར་བྱ། །ཞུགས་ནས་སྙིང་པོ་འདི་བཟླས་སོ། །ཛཿ ཧཱུཾ་བཾ་ཧོཿ ཞེས་བརྗོད་ན་དེས་བཅོམ་ལྡན་འདས་དགྱེས་ཏེ་གྲུབ་པ་ཐམས་ཅད་དུ་སྩོལ་ཏོ། །དེ་བཞིན་དུ་སློབ་མ་བཅུག་ནས་དེ་ཉིད་དུ་བསྒྲུབ་པར་བྱའོ། །རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བཅིངས་ནས་འབུམ་བཟླས་ན། དེ་བཞིན་གཤེགས་པ་འམ་རྡོ་རྗེ་འཛིན་ཐོབ་པར་འགྱུར་རོ། །རྡོ་རྗེ་འཁོར་ལོ་ཞེས་བྱའོ། །རྡོ་རྗེ་འཁོར་ལོའི་དབུས་སུ་རྡོ་རྗེ་བྲི་སྟེ། དེ་བཞིན་དུ་བཟླས་ན་རྡོ་རྗེ་འཛིན་དུ་འགྱུར་རོ། །རྡོ་རྗེ་དཀྱིལ་འཁོར་རོ། །དཀྱིལ་འཁོར་དེ་བཞིན་དུ་བྲིས་ནས་མཚན་མ་བཞག་སྟེ་འདི་ཞེས་བརྗོད་དོ། །རྡོ་རྗེ་འཁོར་ལོ་འཇུག་པ་ཡིས། །མཐོང་དང་དེ་བཞིན་བསྒྲུབས་ན་ནི། །རྟོག་པ་ཐམས་ཅད་འགྲུབ་པར་རོ། །དེ་བས་བརྟགས་ཏེ་བསྒྲུབ་པར་བྱ། །དམ
92.35a
ཚིག་གི་དཀྱིལ་འཁོར་རོ། །དཀྱིལ་འཁོར་བྲིས་པ་དེ་ཉིད་དུ། །ཕྱག་རྒྱ་ཤེས་པ་བསྒྲུབ་པའི་ཕྱིར། །བརྩོན་འགྲུས་བརྟན་པས་ཐམས་ཅད་ཀྱི། །བླ་མེད་པས་ནི་བསླབ་པར་བྱ། །ལས་ཀྱི་དཀྱིལ་འཁོར་རོ། །དཀྱིལ་འཁོར་དུ་ཞུགས་པ་ཙམ་གྱིས་མ་བསྒྲུབས་པར་ལས་ཐམས་ཅད་བྱེད་དེ། ཇི་ལྟར་དགའ་བའི་ཆོ་ག་འམ་རྟོག་པ་ལས་བཤད་པ་སྒྲུབས་ཤིག་།འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས་རྡོ་རྗེ་འཁོར་ལོའི་རྟོག་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་ནམ་མཁའི་མཛོད་བྱང་ཆུབ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་འདི་རང་གི་སྙིང་པོ་སྩལ་བར་བགྱི་སྟེ། སྙིང་པོ་གང་བརྗོད་པ་ཙམ་གྱིས་མཆོད་པ་ཐམས་ཅད་ཀྱི་གནས་སུ་འགྱུར་བའོ། །བཅོམ་ལྡན་འདས་ཀྱིས་སྨྲོས་ཤིག་ཅེས་གསུངས་སོ། །དེ་ནས་ནམ་མཁའ་མཛོད་ཀྱིས་གསུངས་པ། ཨོཾ་ག་ག་ན་སཾ་བྷ་བ་བཛྲ་ཝཱ་ཙ་ཧོ། དེ་ནས་དེའི་དུས་ན་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་ནམ་མཁའ་ལས་མཆོད་པ་ཀུན་འབྱུང་བར་བྱས་སོ། །དེ་ནས་དཀྱིལ་འཁོར་འབྱུང་སྟེ། རྡོ་རྗེ་འཁོར་ལོ་བཞིན་དུ་བྲི། །དེ་ཡི་དབུས་སུ་ནོར་ཆེན་ཏེ། །ནམ་མཁའ་དང་པོར་བཞུགས་པར་བྱ། །རྒྱལ་བ་ཀུན་གྱིས་བསྐོར་བའོ། །དང་པོར་སློབ་དཔོན་འཇུག་པ་ནི། །མཆོད་པ་ཀུན་མཆོག་ཕྱག་རྒྱས་སོ། །དཀྱིལ་འཁོར་དེ་རུ་ཞུགས་ནས་ནི། །རྡོ་རྗེ་ཐམས་ཅད་བརྗོད་པར་བྱ། །དེ་ནས་བཅོམ་ལྡན་འདས་འགྲུབ་སྟེ། དེ་བཞིན་དུ་སློབ་མ་ཡང་བཅུག་ནས་རྡོ་རྗེ་ཐམས་ཅད་ཀྱི་དམ་ཚིག་གི་སྙིང་པོ་འདི་བརྗོད་ལ་ཕྱག་རྒྱ་ཡང་སློབས་ཤིག་།མཆོད་པ་ཐམས་ཅད་ཅེས་བྱ་བའི་དཀྱིལ་འཁོར་རོ། །དེ་ནས་ནམ་མཁའི་དཀྱིལ་འཁོར་ཏེ། ཡིད་ཀྱིས་དཀྱིལ་འཁོར་བྲིས་ལ་དེར་ཞུགས་ཤིག་།ཞུགས་ནས་འདི་སྐད་རྗོད་ཅིག་།འདི་དག་ཐམས་ཅད་ནི་ནམ་མཁའ་ཉིད་དེ་བདེན་པ་གང་གིས་ནམ་མཁའ་གཟུགས་མེད་པ
92.35b
ལས་གཟུགས་འབྱུང་བ་དེས་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང ། ཡིད་ལ་འདོད་པའི་གྲུབ་པ་ཐམས་ཅད་ནམ་མཁའ་ལས་འབྱུང་བར་གྱུར་ཅིག་ཅེས་བྱས་ནས་འདུག་སྟེ། རྡོ་རྗེ་ཀུན་གྱི་ཕྱག་རྒྱ་བཅིངས་ནས་འབུམ་བཟླས་ན་དེ་ནས་ནམ་མཁའ་ལས་མཆོད་པའི་རྣམ་པ་ཐམས་ཅད་དང ། དོན་ཐམས་ཅད་དང་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་འབྱུང་བར་འགྱུར་རོ། །རྡོ་རྗེའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་བྲིས་ནས་བཙུད་དེ་འདི་ནི་ཁྱོད་ཀྱི་དམ་ཚིག་གོ་ཞེས་རྗོད་ཅིག་།འབྱུང་བ་ཀུན་ལས་ནམ་མཁའ་ནི། །འབྱུང་བ་ཆེན་པོ་ལྔ་པའོ། །ནམ་མཁའ་ལ་ནི་འདོད་པ་འབྱུང ། །འདོད་པའི་མཆོད་པ་གྲུབ་གྱུར་ཅིག་།ཅེས་སྨྲས་ནས། འདིས་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་ཅིག་ཅེས་བསྒོ་ཤིག་།དམ་ཚིག་གི་དཀྱིལ་འཁོར་རོ། །སློབ་མ་ནམ་མཁའ་ལ་ཡིད་ཀྱིས་དཀྱིལ་འཁོར་འདྲིར་བཅུག་ལ། དེར་སློབ་མ་ཡིད་ཀྱིས་མཆོད་པ་ཡང་སློབས་ཤིག་།ཡིད་ཀྱིས་འདི་སྐད་རྗོད་ཅིག་།ནམ་མཁའི་མཆོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་དོ་ཞེས་ཉིན་རེ་ཞིང་བྱས་ན་འགྲུབ་བོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས་ནམ་མཁའ་མཛོད་ཀྱི་རྟོག་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་འཕགས་པ་བྱམས་པ་བྱང་ཆུབ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་འདིར་རང་གི་སྙིང་པོ་སྩལ་བར་བགྱི་སྟེ། གང་བརྗོད་པ་ཙམ་གྱིས་སེམས་ཅན་ཐམས་ཅད་བྱམས་པའི་སེམས་སྐྱེ་བར་འགྱུར་བའོ། །བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་སྨྲོས་ཤིག་ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་བྱམས་པ་བྱང་ཆུབ་སེམས་དཔས་རང་གི་སྙིང་པོ་འདི་གསུངས་སོ། །ོཾ་མཻ་ཏྲི་དྲྀ་ཌྷ་ཙི་ཏེ་ཏིཥྛ་ཧོ། །དེ་ནས་འདི་བརྗོད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ
92.36a
བཞུགས་སོ། །དེ་ནས་དཀྱིལ་འཁོར་འབྱུང་སྟེ། འཁོར་ལོའི་དཀྱིལ་འཁོར་བྲིས་པ་དེར་བྱམས་པ་བཞག་སྟེ། དེ་བཞིན་གཤེགས་པ་བཞི་དང་བྱང་ཆུབ་སེམས་དཔའ་བཞི་བྱ་སྟེ། གོ་ཆ་བརྟན་པའི་ཕྱག་རྒྱས་ཞུགས་ལ་འདི་ཞེས་བརྗོད་དོ། །བཛྲ་དྲྀ་དྷ་ཏིཥྛ། དེ་ནས་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སློབ་མ་དེ་བཞིན་དུ་དཀྱིལ་འཁོར་ཆེན་པོ་ཐམས་ཅད་དུ་འཇུག་པའི་ཚུལ་གྱིས་བཙུད་དོ། །བཙུད་ནས་བྱམས་པ་ཆེན་པོའི་ཕྱག་རྒྱ་བསླབ་སྟེ། དེ་ནས་གོ་ཆས་བསྐོན་ནོ། །བརྟན་པ་ཆེན་པོ་ཞེས་བྱ་བའི་དཀྱིལ་འཁོར་རོ། །དེ་ནས་བྱམས་པའི་དཀྱིལ་འཁོར་འབྱུང་སྟེ། བྱམས་པས་ཞུགས་ལ་བྱམས་པའི་ཏིང་ངེ་འཛིན་སྒྲུབས་ཤིག་།བྱམས་པའི་དཀྱིལ་འཁོར་རོ། །དཀྱིལ་འཁོར་དུ་བཅུག་ལ་འདི་ཞེས་བརྗོད་དོ། །རངས་སམ་ཡང་ན་ཁྲོས་ཀྱང་རུང ། །མཛའ་དང་སྡང་བ་དེ་བཞིན་ཏེ། །འགྲོ་ལས་གལ་ཏེ་རྒྱལ་འདོད་ན། །བྱམས་པ་ཆེན་པོ་བསྒོམ་པར་གྱིས། །དམ་ཚིག་གི་དཀྱིལ་འཁོར་རོ། །དེ་ནས་དཀྱིལ་འཁོར་དུ་བཙུད་ལ་འདི་བསླབ་བོ། །སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་དགེ་བར་གྱུར་ཅིག་།འབྱུང་པོ་ཐམས་ཅད་ལ་བྱམས་པ་དང ། བྱོལ་སོང་ཐམས་ཅད་ལ་མི་འཇིགས་པ་སྦྱིན་ནོ། །ལས་ཀྱི་དཀྱིལ་འཁོར་རོ། །བྱམས་པ་བསྒོམས་པས་གྲུབ་པ་ཐམས་ཅད་ཅི་འདོད་པའི་སྒྲུབ་པས་བསྒྲུབ་བོ། །ལས་རྣམས་ཀྱང་ཡིད་ཀྱིས་ཅི་དད་པའི་ཆོ་ག་དང་བྱམས་པས་བསྒྲུབས་ཤིག་།འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས་བྱམས་པའི་རྟོག་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་རྡོ་རྗེ་རིག་པའི་དམ་པ་ལ་སོགས་པས་མགོ་བོས་ཕྱག་འཚལ་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་འདིར་རང་གི་སྙིང་པོ་ཕུལ་བ། ཨོཾ་དྲི། ཨོཾ་བྷིན་ད་བཛྲ་ཤཱུ་ལ། ཨོཾ་ཙྪིན་དྷ་ཧཱུཾ་ཙཀྲ་ཕཊ། ཨོཾ་བྷཱུར་བྷ་བ་སཝཿ སཝཱ་ཧཱ། ཨོཾ་ཧ་ན་བྷིན་ད
92.36b
བཛྲ་ཧཱུཾ་ཕཊ། ཨོཾ་ལ་ལ་ལ་ལ་ཨ་བྷི་ཥ་གྷཎྚ་ཊན། དེ་ནས་དེ་དག་གི་དཀྱིལ་འཁོར་འབྱུང་སྟེ། དཀྱིལ་འཁོར་ཟླུམ་པོའི་དཀྱིལ་འཁོར་གྱི་གྲཝའི་སྲད་བུའི་དབུས་སུ་དབང་ཕྱུག་ཆེན་པོ་བྲི། དེར་གཞན་དག་ཀྱང་རིམ་གྱིས་ཐམས་ཅད་དུ་བྲི་བ་འམ། བཞག་པ་འམ་མཐར་ན་ཚོན་གྱི་ཐིག་ལེ་ཡང་བཞག་གོ། །དེ་ནས་ཐོག་མར་སློབ་དཔོན་གྱིས་གསལ་ཕུར་གསུམ་པའི་རྟགས་ཀྱི་ཕྱག་རྒྱ་བཅིངས་ལ་འདུག་གོ། །གཡོན་ལོགས་ནས་རྡོ་རྗེའི་སློབ་མ་ཡང་བཅུག་སྟེ། དེ་ནས་ཕྱག་རྒྱ་ཡང་བསླབ་བོ། །དེ་ཕྱིན་ཅད་ཐམས་ཅད་འགྲུབ་ཅིང་འཇིག་རྟེན་ཐམས་ཅད་ཀྱི་རིག་འཛིན་དུ་འགྱུར་རོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས་རིག་པའི་བློན་པོ་ཆེན་པོའི་རྟོག་པའོ།། །། དེ་ནས་རྡོ་རྗེ་འཁྱིལ་པ་ལ་སོགས་པ་རྡོ་རྗེ་ཁྲོ་བོས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་འདིར་རང་གི་སྙིང་པོ་ཕུལ་བ། ཨོཾ་ཨ་མྲྀ་ཏ་ཀུཎ་ཌ་ལི་ཁ་ཁ་ཁ་ཁ་ཀྲོ་དྷ་ཛྭཱ་ལཱ་མཱ་ལ་ཧཱུཾ་ཕཊ། ཨོཾ་མ་ཧཱ་པྲཱ་བ་སྥོ་ཊ་ཡ་ཧཱུཾ་ཕཊ། ཨོཾ་ཀཱ་ལ་དཎ་ཌ་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་ཀཱ་ལ་པྲ་ཤཱ་གྲ་ཨཱ་ཀཌྜྷ་ཧཱུཾ་ཕཊ། དེ་ནས་དེ་དག་གི་དཀྱིལ་འཁོར་འབྱུང་སྟེ། དཀྱིལ་འཁོར་གྲུ་བཞི་པ་བྲིས་ལ་དེའི་དབུས་སུ་རྡོ་རྗེ་གཞག་གོ། །ཕྱོགས་བཞིར་ནི་ཁྲོ་བོ་རྣམས་དེ་བཞིན་དུ་བར་བཅད་དུ་བྱས་ལ་འགོད་དོ། །དེ་ནས་སློབ་དཔོན་བདུད་རྩི་འཁྱིལ་པའི་ཕྱག་རྒྱར་ཞུགས་ནས་ཕྱག་རྒྱ་བཅིང་བ་བསླབ་བོ། །དེ་ནས་ཐམས་ཅད་དགུག་པ་དང་དབང་དུ་བྱ་བ་དང་གཏན་འཕོ་བ་དང་སྲུང་བ་འགྲུབ་བོ། །རྡོ་རྗེ་ཁྲོ་བོའི་རྟོག་པའོ།། །། དེ་ནས་རྡོ་རྗེ་སྲིན་པོ་ལ་སོགས་པ་ཚོགས་ཀྱི་གཙོ་བོས་སྙིང་པོ་འདི་རྣམས་ཕུལ་ལོ། །ོཾ་མ་ཧཱ་བཱ་ལཱ་ཀ་མ་ཧཱ་ག་ན་དེ་བི་བ་པི་བ་རུ་ཧྲཱིཿ རན་སརྦ་དུཥྚཱན་ནཱ་ཕཊ། ཨོཾ་མཱ་ལཱ་དྷ་ར་ཙ་ལ་ཙ་ལ་ཡ་ཧཱུཾ། ཨོཾ་དྷ་ནུར་དྷ་ར་བ་ཤིཾ་ཀུ་རུ་སརྦ་སད་ཏྭཱ་ན་སཝཱ་ཧཱ། ཨོཾ་ཛ་ཡ་བི་ཛ་ཡ་ཧཱུཾ་ཕཊ། དེ་ནས་དཀྱིལ་འཁོར་འབྱུང་སྟེ་གཞུ་ལྟ་བུར་དཀྱིལ་འཁོར་བྲིས་ལ་དེར་རྡོ་རྗེ་བཞག་གོ། །གཡས
92.37a
སུའང་གཉིས་གཡོན་དུའང་གཉིས་སོ། །དེ་ནས་རྡོ་རྗེ་སྲིན་པོའི་ཕྱག་རྒྱས་བཙུད་དེ། དེ་ནས་ཕྱག་རྒྱ་བསླབས་ནས་ཆོས་བསླབ་པ་ནི། གང་དགེ་བ་དང་དྲིན་གཟོ་དང ། །ལྷ་ཡི་འཁོར་མཐོང་མ་གཏོགས་པ། །གཞན་རྣམས་དེ་དག་ཐམས་ཅད་ཀུན། །མི་དགེ་བ་རྣམས་གཏན་འཕོར་བྱ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས་ཚོགས་ཀྱི་གཙོ་བོའི་རྟོག་པའོ།། །། དེ་ནས་རྡོ་རྗེ་གཏུན་ཤིང་ལ་སོགས་པའི་ཕོ་ཉས་རང་གི་སྙིང་པོ་སྨྲས་པ། ཨོཾ་ལཱཾ་ག་ལཱི་ཧཱུཾ། ཨོཾ་མ་ཧཱ་པ་ཏ་ཧཱུཾ། ཨོཾ་བཛྲ་ཛྭཱ་ལཱ་ཡ་སཝཱ་ཧཱ། ཨོཾ་བི་ཀ་ཊ་བྷཻ་ར་བ་ཏེ་ཧི་མེ་ས་ར་བ་ན་ཧཱུཾ་ཕཊ། དེ་ནས་དེ་དག་གི་དཀྱིལ་འཁོར་འབྱུང་བ་ནི་ཤིང་རྟ་དང་འདྲ་བའི་དཀྱིལ་འཁོར་བྲིས་ཏེ། དབུས་སུ་རྡོ་རྗེ་བཞག་ནས་རྡོ་རྗེ་གཏུན་ཤིང་གིས་ཕྱག་རྒྱས་བཅུག་ལ་ལས་འདི་བསླབ་བོ། །མི་དགེ་བའི་སེམས་ཅན་ཐམས་ཅད་འཐུང་ཤིག་།ཕྲོགས་ཤིག་།སྲེགས་ཤིག་།ཟོ་ཤིག་།དེ་ནས་ཕྱག་རྒྱ་བཅིང་བ་བསླབ་བོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས་ཕོ་ཉའི་ཚོགས་ཀྱི་རྟོག་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་རྡོ་རྗེ་ཀྱོ་བ་ཏང་ལ་སོགས་པ་བྲན་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་འདིར་རང་གི་སྙིང་པོ་འབུལ་ལོ། །ོཾ་བཱ་རཱ་ཧ་དཾཥྚོ་ཏ་ཀ་ཊ་བི་ག་ཏོ་དྷ་ར་སརྦན་ཁ་ན་ཁ་ན་ཧཱུཾ་ཕཊ། ཨོཾ་སརྦ་མཱ་ར་ད་ཌ་ཧཱུཾ་ཕཊ། ཨོཾ་བྷི་ཀ་ཏཻ་ཀ་དཾཥྚི་བྷིན་དྷ་ཧཱུཾ་ཕཊ། ཨོཾ་མ་ཧཱ་མ་ཎི་ཧ་ར་ཧ་ར་ཧཱུཾ་ཕཊ། དེ་ནས་དེ་དག་གི་དཀྱིལ་འཁོར་འདིའོ། །གྲུ་གསུམ་པར་བྲིས་ལ་མངོན་སུམ་པའི་ཕྱག་རྒྱས་ཞུགས་ནས་གར་གྱི་ཕྱག་རྒྱ་བཅིང་བ་བསླབ་སྟེ། གར་གྱི་མཆོད་པས་ནི་དབུས་ཀྱི་རྡོ་རྗེ་ལ་མཆོད་དོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས་བྲན་གྱི་རྟོག་པའོ།།
92.37b
དེ་ནས་མ་ཐམས་ཅད་ཀྱིས་ཀུ་ཅོའི་སྒྲ་བཏོན་ཏེ། གར་གྱི་མཆོད་པ་ཆེན་པོས་བཅོམ་ལྡན་འདས་ལ་མཆོད་ནས་རང་རང་གི་སྙིང་པོ་ཕུལ་ལོ། །དེ་ནས་རྡོ་རྗེའི་བློན་མོ་ཆེན་མོ་དག་གིས་སྨྲས་པ། ཨོཾ་བཛྲ་ཀྲོ་དྷ་ར་ལི་ཧཱུཾ་ཕཊ། ཨོཾ་བཛྲ་ཙཀྲ་ཚིན་དྷ་ཧཱུཾ་ཕཊ། ཨོཾ་ཤཱན་ཏི་ཧཱུཾ། ཨོཾ་བཛྲ་མུཥྚི་ཧ་ན་ཤིན་དྷ་ཧ་ན་ཧཱུཾ་ཕཊ། ཨོཾ་ཀུ་མཱ་ར་ཧ་བི་ཥ་གྷ་ཎ་ཏི་ཀེ་ར་ཎ་ར་ཎ་ཙ་ལཱ་ཡ་སརྦ་དུཥྚཱ་ན་ཧཱུཾ་ཕཊ། དེ་ནས་དེ་དག་གི་དཀྱིལ་འཁོར་གྲུ་བཞི་པ་དེའི་སྒོར་འཁོར་ལོ་ལ་སོགས་པ་བྲིའོ། །དེའི་དབུས་སུ་རྡོ་རྗེ་ཁྲོ་མོའི་མེ་ལག་ན་རྡོ་རྗེའི་གསལ་ཕུར་ཅན་བཞག་གོ། །དམ་ཚིག་གི་ཆོ་ག་ནི་དེ་བཞིན་ནོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས། རིག་པའི་རྒྱལ་མོ་ཆེན་མོ་རྣམས་ཀྱི་རྟོག་པའོ།། །། དེ་ནས་རྡོ་རྗེ་ཁྲོ་མོ་རྣམས་ཀྱིས་རང་གི་སྙིང་པོ་སྨྲས་པ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་སཽ་མྱ་ཀྲོ་དྷེ་ཧཱུཾ་ཕཊཿ ་ཨོཾ་དཎ་ཌ་དྷ་རི་ན་ཧ་ན་ཧཱུཾ་ཕཊ། ཨོཾ་པི་ག་ལི་ཧཱུཾ་ཕཊ། དཀྱིལ་འཁོར་ཟུར་བརྒྱད་པ་བྲིས་ཏེ་དེའི་དབུས་སུ་རྡོ་རྗེ་གཞག་གོ། །ཆ་བཞིར་བགོས་པ་རྣམས་ལ་བཞི་པོ་རིམ་གྱིས་བཞག་གོ། །འཇུག་པ་ལ་སོགས་པའི་ཆོ་ག་ནི་དེ་ཉིད་དོ། །འདི་ནི་ཁྲོ་མོའི་དཀྱིལ་འཁོར་རོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས་རྡོ་རྗེ་ཁྲོ་མོ་རྣམས་ཀྱི་རྟོག་པའོ།། །། དེ་ནས་ཚོགས་མ་མོ་རྣམས་ཀྱིས་སྨྲས་པ། ཨོཾ་ཁརྒ་མ་རི་ཎི་ཧཱུཾ ། ོཾ་ཨ་ཤ་སི་བ་དྷེ་ཧི་ར་མ་ཧོ། ཨོཾ་པཱ་ཤ་ས་མ་ཡེ་ཧཱུཾ། ཨོཾ་སརྦ་ར་མ་ཎི་ར་ཏི་པྲི་ཡེ་ཧོ། དེ་ནས་དེ་དག་གི་དཀྱིལ་འཁོར་ནི་ཟླུམ་པོ་སྟེ། སྒོ་བཞི་པ་དབུས་སུ་སེ་རལ་སྲད་བུ་བྱས་ཏེ་ཐིག་བཞི་བཏབ་ལ་རིམ་པ་བཞིར་བྲིའོ། །གཞན་ཡང་ཕྱིའི་དཀྱིལ་འཁོར་དེ་བཞིན་དུ་ཟླུམ་པོར་ཐིག་བཞི་རིམ་དུ་བཏབ་ལ་དེའི་དབུས་སུ་གནོད་སྦྱིན་གྱི་གདོང་བྲིའོ། །ངོས་བཞིར་ནི་རིམ་གྱིས་ཏེ་ཤར་ཕྱོགས་ནས་བྲི་བ་འམ་གཞག་པར་བྱའོ། །སྒོ་བཞིར་རྡོ་རྗེའི་མངག་གཞུག་མ་བྲི་བ་འམ་བཞག
92.38a
པར་བྱའོ། །དེའི་སྙིང་པོ་ནི་འདིའོ། །བྷི་ཙི་རི་ཊི་བྷྱོ་བྷྱོ། །དེ་ལྟར་རིག་པའི་བློན་མོ་ཆེན་མོ་ལ་སོགས་པ་ཐམས་ཅད་དུ་གྱིས་ཤིག་།འདི་ཐང་ཅིག་བཟླས་པས་ཐམས་ཅད་ཁུགས་སོ། །དེ་ནས་གདོང་གཡོགས་ནས་ལག་པ་གཉིས་ཀྱིས་རྐང་པའི་མཐེ་བོང་བཟུང་སྟེ། ཕྱག་འཚལ་ནས་སྐྱིལ་མོ་དཀྲུང་གི་གར་བྱེད་ཅིང་ཞུགས་ལ་དབབ་བོ། །བཅངས་ནས་དམ་ཚིག་བྱིན་ཅིག་།སརྦ་མཱ་ར་ཁཱ་ད་པི་བ་དེ་ཧི་བ་ར་ས་མ་ཡ་ཧོ། དེ་ནས་དེ་བཞིན་དུ་དམ་ཚིག་སྦྱིན་ནོ། །གླུ་གར་དང་སིལ་སྙན་དང་ཟས་དང་སྐོམ་གྱིས་ཐམས་ཅད་ཚིམ་པར་བྱས་ལ་དྲིལ་བུས་ཕབ་པ་སྟེ། དེ་ནས་དངོས་གྲུབ་ཐམས་ཅད་དང་བདེ་བ་ཐམས་ཅད་དང ། ཕུན་སུམ་ཚོགས་པ་ཐམས་ཅད་རྙེད་ནས། རྣལ་འབྱོར་དང་ནམ་མཁའ་ལ་འགྲོ་བ་ལ་སོགས་པ་ཡང་ཐོབ་བོ་ཞེས་སྨྲོས་ཤིག་།འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས་རྡོ་རྗེའི་ཚོགས་མ་མོའི་རྟོག་པའོ་་།། །།དེ་ནས་རྡོ་རྗེ་ཕོ་ཉ་མོ་རྣམས་ཀྱི། ས་སྨྲས་པ། ཨོཾ་བྷྱོ། ཨོཾ་ཀ་ལི་མ་རཱ་ནི། བཛྲ་རཱཀྵ་སི་ཧ་ན་སརྦ་ན་ཊཱི་མ། ཨོཾ་བཱུ་ཐ་ཎེ་ཐ། ཨོཾ་མ་ཧཱ་ཀ་ར་བཱ་ཧཱུཾ་ཕཊ། དཀྱིལ་འཁོར་གྲཝ་ལྔ་པར་བྲིས་ཏེ། རྡོ་རྗེ་ནི་གྲཝའི་དབུས་སུ་གཞག་གོ། །བཞིར་ནི་རྡོ་རྗེ་ཕོ་ཉ་མོ་བཞག་སྟེ་དེ་ཆོ་ག་དེ་བཞིན་དུ་བྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས་རྡོ་རྗེ་ཕོ་ཉ་མོའི་རྟོག་པའོ།། །།དེ་ནས་རྡོ་རྗེ་བྲན་མོ་རྣམས་ཀྱིས་སྨྲས་པ། ཨོཾ་བཱ་ཧཱ་རི་བཛྲ་མུ་ཁི་དྲི་ཏྲོཾ་ཏ་རཱ་པ་ཏ་ལམ་ས་ཡ་མ་ནུ་སྨ་ར་ཨཱ་བི་ཤ་ཧཱུཾ་ཕཊ། ཨོཾ་ཀཱ་ལི་ཀཱ་པཱ་ལི་མཱ་ལ་དྷཱ་རི་ཎཱི་ཀ་ཊ་ཀ་ཊ་མ་ཊ་མ་ཊ་བྷི་མཱ་རཱ་ཡ་སརྦ་མཱ་ར་ཎི་ཧཱུཾ་ཕཊ། ཨོཾ་པུ་ཏ་ནི་ཨུ་ཅུ་སྨ་རུ་དྲཱ་ཁཱ་ད་སརྦན་ཤོ་ཥ་ཡ་སཝཱ་ཧཱ། ཨོཾ་མ་ཀ་ར་མུ་ཁི་ཧ་ར་ཧ་ར་ཧཱུཾ། དཀྱིལ་འཁོར་གྲུ་བཞི་ལ་སྒོ་བཞིར་བྲིས་ནས། དེའི་དབུས་སུ་རྡོ་རྗེ་བྲིས་ཏེ་དེ་བཞིན་གར་གྱིས་མཆོད་དོ། །འཇིག་རྟེན་གསུམ་ལས
92.38b
རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས་བྲན་མོའི་རྟོག་པ་སྟེ་རྩ་བའི་རྒྱུད་རྫོགས་སོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འཛིན་པ་ཁྱོད་ཡིན་ནོ། །དེ་བས་ན་རྟོག་པའི་རྒྱལ་པོ་འདིར་དོན་ཡོད་ཅིང་མྱུར་དུ་གྲུབ་པར་བྱ་བའི་ཕྱིར་གང་གིས་སེམས་ཅན་ཐམས་ཅད་དངོས་གྲུབ་དམ་པ་བདེ་བླག་ཏུ་ཐོབ་པར་འགྱུར་བའི་ཕྱི་མའི་རྒྱུད་ཤོད་ཅིག་།དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་འདི་རྣམས་ནི་བརྩོན་འགྲུས་ཀྱིས་འདུལ་ཏེ། དད་པ་དང་མི་ལྡན་པ་སྡིག་པ་བྱེད་པ། བརྫུན་སྨྲ་བ་ལེ་ལོ་ཅན་དཀའ་བ་སྤྱད་པ་མི་བཟོད་པ། འདོད་ཆགས་དང་བྲལ་བས་འདུལ་བ། རྟག་ཏུ་ཆགས་པ་དེ་དག་གི་དོན་གྱི་ཕྱིར་གང་གིས་སེམས་ཅན་དེ་དག་བྱ་བ་ཐམས་ཅད་བྱེད་བཞིན་པ་དང་བརྩོན་འགྲུས་མེད་པ་དང་དཀའ་བ་སྤྱད་པ་ཡང་མེད་པར་བདེ་བླག་ཏུ་ཚེ་འདི་ཉིད་ལ་མྱུར་དུ་འགྲུབ་པར་འགྱུར་བ་དེ་དེ་བཞིན་གཤེགས་པས་བྱིན་གྱི་བརླབས་ཀྱིས་ཤོད་ཅིག་།འཛམ་བུའི་གླིང་གི་མི་འདི་དག་ནི་ཡུལ་ལ་མངོན་པར་དགའ་ཞིང་བདག་གི་གྲོགས་པོ་དང་ཕ་དང་མ་དང་བུ་དང་ཆུང་མ་རྣམས་མཐོང་འདོད་ཅིང་དེ་ཡང་སྲེད་པས་འཁོལ་བ་སྟེ། ཕྱོགས་ནས་ཕྱོགས་སུ་ཡང་འགྲོ་མི་ནུས་ན། སངས་རྒྱས་ཀྱི་ཞིང་དང་རིག་འཛིན་གྱི་གནས་སུ་ལྟ་ཅི་སྨོས། དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་ན་རྡོ་རྗེས་ཕྱག་འཚལ་ཏེ། ཕྱི་མའི་རྒྱུད་བཤད་དོ། །དེ་ནས་བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ག་ལས་བྱུང ། ཕྱག་ན་རྡོ་རྗེ་ག་ལས་སྐྱེས། །རྡོ་རྗེ་ཡང་ནི་ག་ལས་བྱུང ། །ཕྱག་རྒྱ་སྙིང་པོ་རིག་པ་དང ། །སྔགས་རྣམས་ཁྱད་པར་ཅི་ཞིག་ཡོད། །གསང་བ་སྒྲུབ་པ་ཇི་ལྟ་བུ། །ཕྱག་རྒྱ་བཅིང་བ་ཇི་ལྟ་བུ། །དེ་རྣམས་ཀྱི་ནི་དེ་ཉིད་གང ། །བྱིན་གྱིས་བརླབས་སོགས་ཇི་ལྟ་བུ། །བསྒྲུབ་པ་རྣམས་ཀྱང་ཇི་ལྟར་མཐོང ། །དངོས་གྲུབ་འདོད་པ་ཇི་ལྟ་བུ། །རས་ལ་རི་མོ་ཇི་ལྟར་བྲི། །སྐུ་གཟུགས་ཚད་ནི་ཇི་ཙམ་ཞིག་།ཇི་ལྟར་བཟླས་པ་བྱ་བར
92.39a
གསུངས། །ཅི་འདྲ་བ་ནི་མཆོད་པར་བགྱི། །བསོད་ནམས་མེད་པས་ཇི་ལྟར་འགྲུབ། །ཇི་ལྟར་གྲུབ་པ་མྱུར་བར་འགྱུར། །སློབ་དཔོན་དུ་ཡང་ཇི་ལྟར་འགྱུར། །ལས་རྣམས་བསྒྲུབ་པ་ཇི་ལྟར་བྱ། །དེ་དག་གི་ནི་དེ་ཉིད་གང ། །ཐམས་ཅད་བདག་ལ་བཤད་པའི་རིགས། །དེ་ནས་དེ་བཞིན་གཤེགས་པ་འབྱུང་བ་བསྟན་ཏེ། སེམས་དཔའ་ཐོག་མ་ཐ་མ་མེད། །ནམ་མཁའ་སྐྱེ་བའི་མཚན་ཉིད་དོ། །ཀུན་དུ་བཟང་པོ་ཐམས་ཅད་བདག་།འདོད་པ་འགྲོ་བ་བདག་པོ་ཡིན། །སེམས་ཅན་ཀུན་སེམས་གང་ཡིན་པ། །བརྟན་པས་སེམས་དཔའ་ཞེས་བྱའོ། །མཉམ་པར་གཞག་པས་ཏིང་ངེ་འཛིན། །ངེས་པར་རྡོ་རྗེ་ཉིད་དུ་འགྱུར། །དེ་ལ་སྨྲས་པ་སེམས་གཟུགས་མེད་པ་ལ་ཇི་ལྟར་ན་སྲ་བའི་རྡོ་རྗེར་འགྱུར། སྨྲས་པ། ཇི་ལྟར་རྣམ་པར་ཤེས་པ་ལ་སེམས་ཅན་སྐྱེ་བ་ན་ཤ་དང ། རུས་པ་འབྱུང་བར་འགྱུར་བ་བཞིན་ཏེ། སྡུག་པ་དང་ཆགས་པ་དང་བདེ་བ་དང་རྣམ་པར་ཤེས་པ་གཟུགས་མེད་པ་རྣམས་འདུས་པ་ལས་སེམས་ཅན་སྐྱེ་བ་དང ། ཇི་ལྟར་ཀླུ་རྣམས་ཁྲོས་པས་སེམས་ཀྱི་ཏིང་ངེ་འཛིན་ངེས་པས་ནམ་མཁའ་ལ་གནམ་ལྕགས་འབྱུང་བ་འམ། གློག་དང་བཅས་ཏེ་འབྱུང་བ་དེ་བཞིན་དུ་ངེས་པ་དག་ལས་རྡོ་རྗེ་ཉིད་དུ་འགྱུར་ཏེ། སེམས་དཔར་བྱིན་རླབས་སྦྱོར་བ་ཡིན། །རྡོ་རྗེ་སེམས་དཔར་ཡང་འགྱུར་རོ། །བཅོམ་ལྡན་རྡོ་རྗེ་དེ་ཉིད་ནི། །བསྒོམས་པས་སེམས་དཔའ་ཉིད་དུ་འགྱུར། །དེ་ལ་སེམས་དཔར་བྱིན་གྱིས་རློབ་པའི་སྦྱོར་བ་གང་ཞེ་ན། སེམས་དཔའ་ཀུན་གྱི་བདག་ཆེ་ན། །བདག་ཉིད་ལ་ཡང་གནས་སོ་ཞེས། །བྱིན་གྱིས་བརླབས་ནས་སེམས་དཔའ་བདག་།ཡིན་ཞེས་ང་རྒྱལ་བསྒོམ་པར་བྱ། །དེ་ཉིད་བཅོམ་ལྡན་སེམས་དཔའ་སྟེ། །རྡོ་རྗེ་སེམས་དཔའ་འམ་རྒྱལ་བ་ཡིན། །རང་སེམས་སོ་སོར་བརྟགས་པ་ནི། །སངས་རྒྱས་བྱང་ཆུབ་དེ་ཉིད་ཡིན། །དེ་ཉིད་ཕྱག་ན་རྡོ་རྗེ་སྟེ། །རྡོ་རྗེ་འཛིན་པའི་ཚུལ་གྱིས་སོ། །འཇིག་རྟེན་དབང་པོ་ནམ་མཁའ་སྙིང ། །དེ་ལྟར་གཞན་ཡང
92.39b
དེ་ཉིད་དོ། །སངས་རྒྱས་རིགས་ཀྱང་དེ་ཉིད་དེ། །དེ་ནི་རྡོ་རྗེ་འཆང་བའི་རིགས། །དེ་ཉིད་སྤྱན་རས་གཟིགས་ཀྱི་རིགས། །དེ་ཉིད་ནོར་བུའི་རིགས་ཡིན་ཏེ། །ཁམས་གསུམ་དེ་ཉིད་ཡིན་ཞེས་གསུངས། །འཇིག་རྟེན་གསུམ་པོའང་དེ་ཉིད་དོ། །དེ་ཉིད་བྱེད་དང་འབྱིན་པ་པོ། །སེམས་ཅན་ཀུན་གྱི་མེས་པོ་སྟེ། །དེ་ཉིད་སེམས་ཅན་གནས་ཡིན་ཏེ། །འབྱུང་བ་ཆེ་རྣམས་དེ་ཉིད་དོ། །དེ་ཉིད་འགྲོ་བའི་མགོན་པོ་སྟེ། །གནས་པ་དང་ནི་འགྲོ་བ་ཡིན། །ཞེས་བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པའི་སེམས་དཔའ་ཕྱག་ན་རྡོ་རྗེས་གསུངས་སོ། །དེ་ཁོ་ན་ཆེན་པོ་ཞེས་བྱ་བའི་རབ་ཏུ་བྱེད་པ་པོའོ། ། དེ་ནས་སྙིང་པོ་དང་ཕྱག་རྒྱ་དང་སྔགས་དང་རིག་པའི་ཁྱད་པར་གྱི་བར་དུ་བྱ་བ་སྟེ། སྙིང་པོའི་ཁྱད་པར་ནི་གསང་བ་དང་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་སེམས་ཅན་གྱི་དོན་གྱི་ཕྱིར་གསང་བ་བརྗོད་པ་དང ། སྨྲ་བ་ནི་སྙིང་པོ་བརྗོད་པ་སྟེ། སྙིང་པོ་བརྗོད་པས་ན་སྙིང་གིས་བསམ་པའི་གྲུབ་པ་ཐོབ་ཅེས་བྱ་བ་ནི་སྙིང་པོའི་ཁྱད་པར་རོ། །དེ་ནས་ཕྱག་རྒྱའི་ཁྱད་པར་ནི། །རྡོ་རྗེའི་སྐུ་གསུང་ཐུགས་རྣམས་ཀྱི། །གཟུགས་བརྙན་སྦྱོར་བ་འདི་དག་ནི། །ཕྱག་རྒྱ་ཀུན་གྱི་ཁྱད་པར་ཏེ། །འབྱུང་བ་ཡང་ནི་དེ་ཡིས་བསྟན། །ཇི་ལྟར་ཇོ་བོའི་རྒྱ་མཐོང་ན། །བྲན་རྣམས་འགལ་བར་མི་བྱེད་པ། །དེ་བཞིན་རྒྱལ་བ་ཉིད་རྣམས་ཀྱང ། །ཕྱག་རྒྱ་འདའ་བར་ཡོང་མི་མཛད། །རྡོ་རྗེའི་སྐུ་དང་གསུང་དང་ཐུགས། །ཇི་ལྟར་གནས་དང་མཐུན་བྱས་ལ། །མཚན་མའི་ཕྱག་རྒྱར་ལྡན་པ་ཡི། །སེམས་དཔའ་ཆེན་པོར་བདག་ཉིད་བསྒྱུར། །དེ་ནི་ཕྱག་རྒྱ་ཆེན་པོའོ། །ལུས་དང་ངག་སེམས་རྡོ་རྗེ་ཡི། །སོར་བསྣོལ་བརྟན་པ་དམ་ཚིག་སྟེ། །སེམས་ཀྱི་ཤེས་རབ་ལྡན་པ་ལས། །གཉིས་ཕྱེ་ལས་ཀྱི་ཕྱག་རྒྱ་ཡིན། །དེ་དག་དམ་ཚིག་རྩ་བ་སྟེ། །རྩ་བྱུང་བཅིང་བ་རྒྱུ་ཡི་མཆོག་།གང་གིས་ཐམས་ཅད་ལུས་བརྟན་འགྱུར། །དེ་ཕྱིར་ཕྱག་རྒྱ་བརྗོད་པ་ཡིན། །གང་གིས་ཐམས་ཅད་རྒྱས་བཏབ་པ། །ཆུད་མི་ཟ་ཞིང་རབ་སྦས་ཏེ། །མངའ་བདག་གཟུགས
92.40a
བརྙན་འཆང་བས་ན། །སྒྲུབ་པ་པོ་རྣམས་མྱུར་དུ་འགྲུབ། །གང་དག་མཐོང་ན་སངས་རྒྱས་དང ། །སེམས་དཔའ་ལ་སོགས་མཐོང་བར་འགྱུར། །དམ་ཚིག་ཉམས་པས་གཟིར་བས་ན། །འདའ་བར་མི་འགྱུར་གྲུབ་པར་འགྱུར། །ཕྱག་རྒྱའི་ཁྱད་པར་ཡིན་ཏེ། དོན་དམ་པའི་དེ་ཁོ་ན་ཉིད་ཀྱང་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དེ་ལ་སྔགས་ཀྱི་ཁྱད་པར་ནི་འདི་ཡིན་ཏེ། ངག་ཙམ་སྤྲོས་པ་མེད་པ་སྟེ། །སངས་རྒྱས་བཀའ་ཡིས་གྲུབ་པ་ཉིད། །ཆོས་ཀྱི་ཚིག་གིས་བསྐུལ་བ་སྟེ། །དེ་དག་སྔགས་ཤེས་བྱ་བ་ཡིན། །དེ་ལ་རིག་པའི་ཁྱད་པར་ནི་འདི་ལྟ་སྟེ། མ་རིག་པ་ནི་མེད་པར་བྱེད། །རིག་པ་དེ་བཞིན་ཆུད་པར་བྱེད། །དོན་རྣམས་རྟོགས་པར་གྱུར་པས་ན། །རིག་པ་ཞེས་ནི་དེ་ཕྱིར་བྱ། །སྙིང་པོ་དང་ཕྱག་རྒྱ་དང་སྔགས་དང་རིག་པའི་རབ་ཏུ་བྱ་བ་གཉིས་པའོ། ། དེ་ནས་ཕྱག་རྒྱ་བཅིང་བའི་རབ་ཏུ་བྱ་བ་བཤད་དོ་ཞེས་བཅོམ་ལྡན་འདས་བླ་ན་མེད་པའི་ཕྱག་རྒྱ་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེ་འཛིན་པས་གསུངས་སོ། །དེ་ལ་ཕྱག་རྒྱ་ཆེན་པོ་ནི་དེ་ཉིད་བསྐུལ་བའི་སྙིང་པོས་བཅིང་ངོ ། །དམ་ཚིག་དང་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་བཅིང་བ་དང་བརྡབ་པ་ལ་སོགས་པ་བྱས་ནས་བཅིང་ངོ ། །དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་བསྐུལ་བའི་སྙིང་པོས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་བཅིང་ངོ ། །དེ་ཡང་མ་ཆགས་པ་དང་སློབ་མ་མ་ཡིན་པ་དང ། སྣོད་མ་ཡིན་པ་དང་དད་པ་མེད་པ་ལ་མི་སྦྱིན་ནོ། །ཡུན་དུ་སྦྱངས་ན་དེ་དག་ཀྱང་འགྲུབ་པར་འགྱུར་རོ། །དེ་ལ་དེ་ཁོ་ན་ཉིད་བསྐུལ་བའི་སྙིང་པོ་འདིའོ། །ས་མ་ཡ་སྟྭཾ། དེ་ལ་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་བསྐུལ་བའི་སྙིང་པོ་ནི་འདི་ཡིན་ནོ། །ས་མ་ཡ་ཧོ་སུ་ར་སྟྭཾ། རྡོ་རྗེ་ཁྲོ་བོས་ཕྱག་རྒྱ་ཐམས་ཅད་རང་གིས་བཅིང་ངམ། གཞན་འཆིང་དུ་གཞུག་ན་ནི་ཧཱུཾ་ཞེས་བྱ་བ་ཐང་ཅིག་ཙམ་གྱིས་སོ། །དེ་ནས་རྡོ་རྗེ་བཅིང་བ་ལ་སོགས་པ་བཅིང་བ་འབྱུང་སྟེ། བཛྲ་བན་དྷ་ཞེས་བརྗོད་ལ་རྡོ་རྗེ་བཅིང་བ་སྙིང་ཀར་ཆིངས་ཤིག་།དེ་ནས་སྙིང་པོ་འདིས
92.40b
སོར་མོ་ཐམས་ཅད་བརྡབ་པར་བྱའོ། །ོཾ་བཛྲ་བན་དྷ་ཊཱ་ཐ། འདིས་ནི་ཕྱག་རྒྱ་ཐམས་ཅད་དགུག་ཅིང་དབང་དུ་བྱེད་དོ། །དེ་ནས་རྡོ་རྗེ་ཡེ་ཤེས་དབབ་པའི་དམ་ཚིག་གི་ཕྱག་རྒྱ་བཅིང་ངོ ། །བཛྲ་ཨཱ་བེ་ཤ་ཞེས་བརྗོད་ལ། སྙིང་པོ་འདིས་རྡོ་རྗེ་དབབ་པ་བསྐྱེད་པར་བྱའོ། །ཿ ཐམས་ཅད་དབབ་པའི་སྙིང་པོ་འདི་ནི་གདོན་མི་ཟ་བའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིང་བ་ནི་བཛྲ་མུཥྚི་ཞེས་བརྗོད་ལ་བཅིང་ངོ ། །དེ་སྟེ་དེ་ལྟར་མ་བྱས་ན་ཡང་ས་མ་ཡ་སྟྭཾ་ཞེས་བརྗོད་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་བཅིང་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལུས་དང་ངག་དང་སེམས་ཀྱི་ཕྱག་རྒྱ་ཐམས་ཅད་ཀྱི་སྙིང་པོ་དོན་ཡོད་པ་འདའ་བར་བྱ་བ་མ་ཡིན་པ་སྟེ། སྟོང་བཟླས་པས་ཕྱག་རྒྱ་བཅིང་བ་ཐམས་ཅད་འགྲུབ་པར་འགྱུར་རོ། །དམ་ཚིག་ཆེན་པོའི་ཕྱག་རྒྱ་ལན་ཅིག་བཟླས་ན་གྲུབ་པ་ཐམས་ཅད་ལ་གཅེས་པར་འགྱུར་རོ། །དེ་ནས་ཕྱག་རྒྱ་བཅིང་བ་འབྱུང་སྟེ། ཐལ་མོ་སྦྱར་ལ་སོར་མོ་ཕན་ཚུན་བསྣོལ་བ་ནི་རྡོ་རྗེའི་ཐལ་མོའོ། །དེ་ཉིད་སོར་མོའི་བར་རྣམས་སུ་ཤིན་ཏུ་བསྡམས་པ་ནི་རྡོ་རྗེ་བཅིང་བའོ། །དེ་ཉིད་ལས་མཐེ་བོ་གཉིས་ནང་དུ་བཅུག་སྟེ། མཐེའུ་ཆུང་དང་སྲིན་ལག་གི་བར་དུ་རབ་ཏུ་བཙུག་ལ་བཙུམ་པ་འདི་ནི་རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་བོ་གཉིས་གཤིབས་ལ་ནང་དུ་བཅུག་ལ་དེ་བཞིན་དུ་མཐེའུ་ཆུང་དང་སྲིན་ལག་གི་བར་དུ་བཙུགས་ཏེ། མཛུབ་མོ་ཤིན་ཏུ་བཀུག་པ་ནི་རྡོ་རྗེ་ཁུ་ཚུར་དམ་ཚིག་གི་ཕྱག་རྒྱའོ། །དེ་ཉིད་ལས་གཉིས་སུ་བྱས་པ་ནི་ལས་ཀྱི་ཕྱག་རྒྱ་གཞན་དུ་འགྱུར་ཏེ། དམ་ཚིག་ཆེན་པོ་དེ་ཁོ་ན་ཉིད་ལན་ཅིག་བརྗོད་ལ་སྙིང་ཀ་འམ། ནམ་མཁའ་ལ་སོ་སོར་བཅིང་ངོ ། །ངག་གི་ཕྱག་རྒྱ་ཡང་བཛྲ་ཛི་ཧཝཱ་ཞེས་བརྗོད་ལ་ཕྱག་རྒྱ་བཅིང་ངོ ། །ལྟ་བའི་ཕྱག་རྒྱ་ནི་སྙིང་པོའི་དོན་གྱིས་བཅིང་ངོ ། །སོ་སོའི་ཕྱག་རྒྱ་དང་མཆུའི་ཕྱག་རྒྱ་དང་མིག་བསྒུལ་བའི་ཕྱག་རྒྱ་དང ། སྙིང་དང
92.41a
ལུས་གཡོ་བའི་ཕྱག་རྒྱ་ནི་ས་མ་ཡ་སྟྭཾ་ཞེས་བརྗོད་ན་བཅིང་བ་གྲུབ་པར་འགྱུར་རོ། །དེ་ནས་རྡོ་རྗེ་ཧཱུཾ་ཞེས་པའི་ཕྱག་རྒྱ་བཅིང་བ་འབྱུང་སྟེ། རྡོ་རྗེ་ཁྲོ་བོའི་མཛུབ་མོ་ནི་རྡོ་རྗེ་ཁུ་ཚུར་དུ་བྱས་ལ་མཛུབ་མོ་བརྐྱང་ན་རྡོ་རྗེ་ཁྲོ་བོ་ཞེས་བྱ་བ་ཡིན་ནོ། །རྡོ་རྗེ་ཁྲོ་བོའི་མཛུབ་མོ་གཉིས། །ལག་ངར་བསྣོལ་ཏེ་བཅིངས་ནས་ཀྱང ། །མཐེའུ་ཆུང་ལྕགས་ཀྱུ་སྦྲེལ་བྱས་ལ། །ཧཱུཾ་ཞེས་པས་ནི་བསྡིགས་པར་བྱ། །དེ་ཉིད་གཡས་པ་ཀྱོ་བ་ཏང་དུ་བྱས་པ་ནི། རྡོ་རྗེ་ཁྲོ་བོའི་ཀྱོ་བ་ཏང་ངོ ། །དེ་ལ་འདི་ནི་དམ་ཚིག་གི་ཕྱག་རྒྱའོ། །ལག་མཐིལ་དག་ཏུ་རྡོ་རྗེ་བཅིང ། མཐེ་བོ་གཤིབས་པས་བཀབ་པ་ཡི། །ཁུ་ཚུར་བྱས་པ་དམ་ཚིག་གི་།ཕྱག་རྒྱ་རྡོ་རྗེ་ཁྲོ་བོ་སྟེ། །ཏི་རི་ཏི་རི་ཞེས་བྱའོ། །ཧཱུཾ་ནི་ངག་གི་ཕྱག་རྒྱའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་ཐམས་ཅད་གསོད་པའི་ཁྲོ་བོའོ། །རྡོ་རྗེའི་ས་གཞི་བཅིང་བ་ནི་རྡོ་རྗེ་བཅིང་བ་ས་ལ་བརྐྱང་སྟེ་བཞག་པ་འདིས་རྡོ་རྗེའི་ས་གཞིར་འགྱུར་ཏེ། དེ་ལ་སུས་ཀྱང་གླགས་མི་རྙེད་དོ། །དེ་ལ་འདི་ནི་རྡོ་རྗེ་འདོད་པའི་ཁྲོ་བོའི་ཕྱག་རྒྱའོ། །རྡོ་རྗེ་བཅིང་བ་བཅིངས་ལ་མཛུབ་མོ་རྡོ་རྗེ་ལྟར་བྱས་པ་ནི་ཐམས་ཅད་ལ་དབང་བྱེད་པའི་ཕྱག་རྒྱའོ། །རྡོ་རྗེའི་དམ་ཚིག་རྡོ་རྗེ་བཅིངས་ལ་མཛུབ་མོ་གཉིས་མཉམ་པར་གཤིབས་པས་སྙིང་གར་གཏུགས་ཤིག་།གལ་ཏེ་དེ་ལས་འདའ་བར་བྱས་ན་སྙིང་གས་ཏེ་འཆིའོ། །རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་ལ། །མཛུབ་མོ་ཀྱོ་བ་ཏང་དུ་བཅིང ། །དཀྲི་ཞིང་ཕྱིར་དཀྲི་བྱས་པ་ནི། །ལྷ་རྣམས་དགུག་པའི་མཆོག་ཡིན་ནོ། །རྡོ་རྗེ་བཅིང་བ་བརྟན་བྱས་ལ། །མཛུབ་མོ་བཀུག་པ་ཤིན་ཏུ་བཙིར། །མཐེ་བོ་གཉིས་ཀ་གཤིབས་པ་ཡིས། །དབུས་སུ་བཙིར་བ་བར་སྣང་གི་།རྡོ་རྗེ་ཁུ་ཚུར་གཉིས་བཅངས་ལ། །མཐེའུ་ཆུང་གཉིས་ཀ་སྦྲེལ་ནས་སུ། །མཛུབ་མོ་ཡི་ནི་རྒྱབ་སྦྱར་ཏེ། །བཟློག་པ་ནམ་མཁར་རྒྱུ་རྣམས་ཀྱིའོ། །རྡོ་རྗེ་བཅིང་བ་བརྟན་བྱས་ནས། །ཁུ་ཚུར་གྱིས་ནི་ས་མནན་པ། །འདི་ནི་ས་པའི་དམ་ཚིག་སྟེ། །ཐམས་ཅད་བྱེད་པ་འདའ་བར་དཀའ། །རྡོ་རྗེ་ཁུ་ཚུར
92.41b
གཉིས་བཅངས་ཏེ། །གཡོན་པའི་མཛུབ་མོས་མཛུབ་མོ་བཙིར། །མཐེའུ་ཆུང་སོར་མོ་མཉམ་བརྡབ་པ། །འདི་ནི་འོག་མ་རྣམས་དགུག་པའོ། །མཛུབ་མོ་གཉིས་ཀ་བརྟན་པོ་རུ། །རྡོ་རྗེ་བཅིངས་པ་སྦྲེལ་བར་བྱ། །གུང་མོ་མཐེ་བོ་རྡོ་རྗེར་བྱ། །རྒྱན་རྣམས་ཐམས་ཅད་འཇོམས་པའོ། །རྡོ་རྗེ་དཀྲི་བ་དང་རྡོ་རྗེ་བཙིར་བ་དང་རྡོ་རྗེ་ཕྲེང་བ་དང་རྡོ་རྗེ་ས་དང་རྡོ་རྗེ་སའི་འོག་དང་རྡོ་རྗེ་ཧེ་རུ་ཀའོ། །དེ་ལ་རྡོ་རྗེ་ཤུགས་ཀྱི་ཕྱག་རྒྱ་ནི་འདིའོ། །དཀྱིལ་འཁོར་དག་ནི་བྱེད་པ་ན། །སྲད་བུ་འམ་ཡང་ན་རི་མོ་ལ། །འཇུག་པ་དང་ནི་འབྱུང་བ་ན། །བསྒྲུབ་པས་ཡིད་ཀྱིས་བཏེག་ནས་སོ། །དེ་ལ་ཡེ་ཤེས་ཀྱི་ཕྱག་རྒྱའི་སྙིང་པོ་ནི་འདིའོ། །ོཾ་བཛྲ་བེ་ག་ཧཱུཾ། འདིས་ནི་དམ་ཚིག་མ་ཉམས་པར་འགྱུར་རོ། །གཞན་དུ་དམ་ཚིག་ཉམས་པས་གྲུབ་པ་མེད་པར་འགྱུར་རོ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་བའི་ཕྱག་རྒྱ་ནི་འདིའོ། །དཔུང་པ་གཉིས་རྡོ་རྗེ་བཅིངས་ཏེ། རྡོ་རྗེའི་ཁུ་ཚུར་གཉིས་སུ་བྱས་ལ་པུས་མོ་བཙུགས་ཏེ་མགོ་བོ་ས་ལ་བཙུགས་ཏེ་ཕྱག་བྱའོ། །ཕྱག་ན་རྡོ་རྗེ་ལ་ནི་དེ་ཉིད་ཀྱིས་དད་པའི་སྟོབས་ཀྱིས་གནས་པར་བྱས་ལ། འཛུམ་ཞིང་བསྐྱོད་པ་དང་སྨྱིན་མ་འགྱེད་པ་དང་བཅས་པའི་མིག་གིས་ཕྱག་བཙལ་ལོ། །གཞན་རྣམས་ལ་ནི་པུས་མོ་བཙུགས་པའོ། །དེ་ལ་རྡོ་རྗེ་འཛིན་མའི་དམ་ཚིག་གི་ཕྱག་རྒྱ་བཅིང་བ་ནི་འདི་ཡིན་ཏེ། ལག་པ་གཉིས་ཀྱི་རྒྱབ་སྦྱར་ནས་མཐེ་བོ་མཐེའུ་ཆུང་སྦྲེལ་བར་བྱའོ། །རྡོ་རྗེ་འཛིན་མའི་ཕྱག་རྒྱ་འདི་སངས་རྒྱས་ཐམས་ཅད་དབང་དུ་བྱེད། པྲ་ཏཱིཙྪ་བཛྲ། སྙིང་པོ་འདིས་མེ་ཏོག་གཏོར་རོ། །རྡོ་རྗེ་ཀྱོ་བ་ཏང་གི་ཕྱག་རྒྱ་ནི་རྡོ་རྗེ་འཛིན་མའི་མཛུབ་མོ་གཉིས་ཀྱོ་བ་ཏང་གི་ཚུལ་དུ་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་དང་སེམས་ཅན་ཐམས་ཅད་དགུག་པའི་དམ་ཚིག་འདའ་བར་མི་བྱ་བ་སྟེ། དམ་ཚིག་ལྕགས་ཀྱུ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྟོག་པའི་ཕྱག་རྒྱ་བཅིང་བ་འབྱུང་སྟེ། རྡོ་རྗེའི
92.42a
ཁུ་ཚུར་གཉིས་བཅངས་ནས། །གཡས་པས་བསྡམ་པར་བྱ་བ་ནི། །རྡོ་རྗེ་ཁྲོ་བོའི་མཛུབ་མོ་གཡོན། །སངས་རྒྱས་བྱང་ཆུབ་མཆོག་བསམ་པའོ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་འདིའོ། །མཐེ་བོ་གཉིས་ཀའི་དཀྱིལ་མོ་དཀྲུང ། །མཛུབ་མོ་གཉིས་ཀ་དགུག་པར་བྱ། །རྡོ་རྗེ་ཐལ་མོ་འོད་དཀྱིལ་འཁོར། །གུང་མོ་གཉིས་ཀ་ཁ་འབྱེད་པ། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ཕྱག་རྒྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དགུག་པ་དང་གཞུག་པ་དང་དབང་དུ་བྱ་བ་ལས། འདའ་བར་མི་འགྱུར་ཞིང ། འདི་མཐོང་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཐོང་བར་འགྱུར། །[ ]དེ་ནས་བཛྲ་བིད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། སེམས་ནི་རྣམ་དག་ཤེས་བྱ་བ། །བརྟན་པས་སེམས་དཔའ་ཞེས་བྱའོ། །མཉམ་པར་གཞག་པས་ཏིང་ངེ་འཛིན། །ངེས་པས་རྡོ་རྗེ་ཉིད་དུ་འགྱུར། །སངས་རྒྱས་ངོ་བོའི་བདག་ཉིད་དེ། །སེམས་ཉིད་སངས་རྒྱས་ཉིད་ཡིན་ནོ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པས། །ངེས་པར་སངས་རྒྱས་ཉིད་དུ་འགྱུར། །ཕྱག་རྒྱ་ཆེན་པོ་བཅིངས་ནས་དེ་བསྒོམ་མོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རང་གི་སེམས་སོ་སོར་བརྟགས་པ་ལ་སོགས་པ་སངས་རྒྱས་སུ་ཡོངས་སུ་སྦྱར་བར་བྱས་ནས། ཇི་ལྟར་ཚེ་འདི་ཉིད་ལ་སངས་རྒྱས་ཐོབ་པར་འགྱུར་ཏེ། དེ་ལྟར་བྱིན་གྱིས་རློབ་པར་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ནི་ལས་ཀྱི་ཕྱག་རྒྱའོ། །དེ་ནས་ཕྱག་ན་རྡོ་རྗེའི་ཕྱག་རྒྱ་ཆེན་པོ་ནི་འདི་ཡིན་ནོ། །ལུས་དང་ངག་སེམས་རྡོ་རྗེ་ཡིས། །ཕྱག་ན་རྡོ་རྗེ་བདག་ཉིད་འགྱུར། །རྡོ་རྗེ་འགྱིང་བ་རབ་བྱེད་ཅིང ། །འགྱིང་དང་བཅས་པས་རྡོ་རྗེ་གསོར། །འདི་ཡིས་ཀུན་འགྲོ་སྐད་ཅིག་གིས། །འོད་དང་གྱེན་དུ་འགྲོ་བར་འགྱུར། །འདོད་པ་ཀུན་དབང་ཐམས་ཅད་པ། །ཕྱག་ན་རྡོ་རྗེ་འདྲ་བར་འགྱུར། །དེ་ནས
92.42b
དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་བཅིང་བ་བཅིངས་ནས་ཀྱང ། །གུང་མོ་ནང་བཅུག་སྙིང་གར་བཞག་།མཐེ་བོ་མཐེའུ་ཆུང་ཁ་ཕྱེ་མཉམ། །རྡོ་རྗེ་ཆེན་པོ་དེ་ལྟར་བཅིང ། །སེམས་དཔའ་ཀུན་གྱི་ཏིང་འཛིན་གྱིས། །འདི་ནི་སྙིང་ཀར་བཅིངས་པ་ཡིས། །ཕྱག་རྒྱ་ཀུན་གྱི་དངོས་གྲུབ་པ། །དམ་པ་དག་ཀྱང་ཐོབ་པར་འགྱུར། །དེ་ལ་ཡེ་ཤེས་ཀྱི་ཕྱག་རྒྱ་ནི་འདིའོ། །ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། །ལུས་དང་ངག་སེམས་རྡོ་རྗེ་ཡིས། །ཕྱག་ན་རྡོ་རྗེ་བདག་གི་ལུས། །བསྒོམས་ན་མྱུར་དུ་འགྲུབ་པར་འགྱུར། །རྡོ་རྗེ་ཁུ་ཚུར་གཉིས་བྱས་ལ། །འགྱིང་བཅས་རྡོ་རྗེ་གསོར་བྱས་ན། །འགྱིང་ཞིང་གྱེན་དུ་སྟོན་ཚུལ་གྱིས། །སྙིང་གར་བཟུང་ན་འགྲུབ་པར་འགྱུར། །དེ་ལ་བཅོམ་ལྡན་འདས་ཀྱི་སྐུའི་ཕྱག་རྒྱ་བཅིང་བ་ནི་འདི་ཡིན་ནོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །གཡས་པ་གཞུ་འདྲེན་སྦྱོར་བ་དང ། །མདའ་འཕེན་པ་ཡི་ཚུལ་གྱིས་སུ། །ཀུན་ལ་བསྣུན་ན་ཆགས་པར་བྱ། །དེ་ནས་བཅོམ་ལྡན་འདས་དབང་བསྐུར་བའི་ཕྲེང་བའི་ཕྱག་རྒྱ་བཅིང་བ་ནི་དེ་བཞིན་གཤེགས་པའི་སྐུའི་ཕྱག་རྒྱ་གཙུག་ཏོར་དུ་གཞག་གོ། །དེ་ནས་ཕབ་སྟེ་གུང་མོ་རྡོ་རྗེར་བྱས་ཏེ། དེ་ལས་བསྐོར་ཏེ་གུང་མོ་ནོར་བུར་བྱས་ལ། གཡས་ཕྱོགས་སུ་གཞག་གོ། །ལྟག་པར་གུང་མོའི་རྡོ་རྗེའི་པདྨོ་གཞག་གོ། །དེ་ལས་བསྐོར་ཏེ་གུང་མོ་དང་མཐེའུ་ཆུང་གྱེས་པར་བྱས་ལ་གཡོན་དུ་གཞག་གོ། །དེ་ནས་མཛུབ་མོ་གཉིས་མདུད་པ་བྱས་ཏེ་ཕྲེང་བ་བཅིང་བའི་ཚུལ་དུ་ལྟག་པར་མདུད་པ་བྱས་ལ། སོར་མོ་ཐམས་ཅད་མཐེའུ་ཆུང་ནས་མཐར་གྱིས་འཇིག་པའི་ཚུལ་གྱིས་དགྲོལ་བ་ནི་ཅོད་པན་གྱི་ཚུལ་བཞིན་དགྲོལ་ལོ། །ཕྱག་ན་རྡོ་རྗེའི་ཕྱག་རྒྱའོ། །དེ་ནས་བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པའི་སེམས་དཔའ་བསྒྲུབ་པར་འདོད་པས་ལྷ་མོའི་དཀྱིལ་འཁོར་བྱས་ཏེ། དེ་ནས་ཉིན་གཅིག་ཅིང་བདག་ཉིད་བྱིན་གྱིས་བརླབས་ནས། ཇི་ལྟ་བུའི་དུས་སུ་ཅི་ནུས་པས་ཅི་འདོད་པ་བདེ་བར་བྱས་ལ། ཕྱག་རྒྱ་ཆེན་པོའི་ཚུལ་གྱི་གླུ་དབྱངས་ཀྱིས་རྡོ་རྗེའི་ཚིག་ཏུ་རྡོ་རྗེ་སེམས་དཔའ་བཟླས་ཏེ་སྙིང་པོ་འདི་ཅི་འདོད་པས་
92.43a
བཟླས་སོ། །ོཾ་མ་ཧཱ་སུ་ཀ་བཛྲ་སཏྭ་ཛཿ ཧཱུཾ་བཾ་ཧོཿ སུ་ར་ཏ་སྟྭཾ། དེ་ལྟར་ཟླ་བ་གཅིག་བཟླས་ཏེ་བསྒྲུབ་བོ། །ཟླ་བ་གཅིག་ལོན་པའི་མཇུག་ཏུ་ཚེས་བཅཝ་ལྔ་ལ་ངལ་ན་ཕྱག་རྒྱ་བཀྲོལ་ལ། རྡོ་རྗེའི་ཐལ་མོ་བརྐྱང་ནས་ལུས་ཐམས་ཅད་ཀྱིས་ཕྱག་བྱའོ། །ཅུང་ཟད་གནས་ནས་ཇི་ལྟར་ངལ་བར་མི་འགྱུར་བར་བྱས་ཏེ། དེ་ལྟར་མཚན་རངས་པར་བཟླས་ན་དེའི་ནང་པར་བཅོམ་ལྡན་འདས་ཟླ་བའི་ཁ་དོག་ཟླ་བའི་དཀྱིལ་འཁོར་དང་མཚུངས་པའི་འོད་ཅན་བྱོན་ཏེ། སྒྲུབ་པ་པོ་ལ་འཁྱུད་ནས་དེའི་ལུས་ཀུན་ཏུ་ཞུགས་སོ། །དེ་ནས་སྒྲུབ་པ་པོ་ཡང་ཟླ་བའི་དཀྱིལ་འཁོར་འདྲ་བའི་འོད་ཅན་དང ། ཟླ་བའི་འོད་ཅན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲེང་བ་ལ་སོགས་པ་དང ། ལྷའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྡོ་རྗེ་འཛིན་གྱི་ལུས་དང་ངག་དང་སེམས་རྡོ་རྗེ་ཐམས་ཅད་དང་འདྲ་བར་འགྱུར་རོ། །བདག་གི་རིགས་དང་གཉེན་དང ། གྲོགས་པོ་དང་གཉེན་བཤེས་ལ་སོགས་པ་དང ། སེམས་ཅན་ཐམས་ཅད་ཀྱིས་གཟུགས་བཟང་པོ་མཐོང་ན་ཡང་འཆི་བར་མི་འགྱུར་རོ། །ལྟ་བར་བྱེད་དོ། །མཆོད་པར་བྱེད་དོ། །སྟན་པར་བྱེད་དོ། །དོན་ཐམས་ཅད་བྱེད་དོ། །དེ་ཡང་རང་གི་ཁྱིམ་དེ་ཉིད་ན་གནས་པ་བཞིན་དུ་ལྷའི་ཆོ་འཕྲུལ་བྱེད་དོ། །དེ་བཞིན་གཤེགས་པར་ཡང་གྱུར་ནས་རྫུ་འཕྲུལ་དང་ཆོ་འཕྲུལ་ཐམས་ཅད་བྱེད་དོ། །རྡོ་རྗེ་ཧཱུཾ་ཞེས་བྱ་བ་ལ་སོགས་པའི་གཟུགས་ཀྱིས་ཀྱང་འདུལ་བར་བྱེད་དོ། །སེམས་ཅན་དེ་དག་གིས་ཀྱང་མཐོང་ངོ ། །མ་བཏུལ་བ་རྣམས་ཀྱང་འདུལ་ལོ། །ཇི་ལྟར་འདོད་པའི་གཟུགས་སུ་འགྱུར་བ་དང ། ཐམས་ཅད་དུ་འགྲོ་བ་དང་ཕྱིར་འོང་བ་དང་གྱེན་དུ་འགྲོ་བར་འགྱུར་བ་དང ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱས་ནས་ཕྱིར་འོང་བའི་བར་དུའོ། །དོན་ཐམས་ཅད་ལ་ལོངས་སྤྱོད་པ་དང་འདོད་པ་ཐམས་ཅད་ལ་དབང་བ་དང ། འདོད་པ་ཐམས་ཅད་སྤྱོད་པའི་ཚེ་ནམ་མཁའ་དང་མཚུངས་པར་འགྱུར་རོ་ཞེས་བཅོམ་ལྡན་འདས
92.43b
རྡོ་རྗེ་སེམས་དཔས་གསུངས་སོ། །དེ་ནས་རྡོ་རྗེ་འདོད་པ་ཁྲོ་བོའི་ཕྱག་རྒྱ་བཅིང་བ་ནི་རྡོ་རྗེའི་ཁུ་ཚུར་གཉིས་སུ་བཅངས་པ་ལས། མདའ་འཕེན་པའི་ཚུལ་གྱིས་མེ་ཏོག་གི་གཞུ་འདྲེན་པ་ནི་ཐམས་ཅད་དགའ་བར་བྱེད་པ་ཡིན་ནོ། རྡོ་རྗེའི་ཁུ་ཚུར་གཉིས་ཀྱིས་སྙིང་གར་རྡོ་རྗེ་ཧཱུཾ་ཞེས་པ་སྟེ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་འཕེན་པས་རྡོ་རྗེ་འཕངས་པས་ནི་ཐམས་ཅད་གཏན་འཕོའོ། །དེ་ནས་འདི་ནི་དམ་ཚིག་གི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅངས་ཏེ། །དེ་ལྟར་ཀྱོ་བ་མཐེའུ་ཆུང་མཛུབ། །མདུད་ནས་མཐེ་བོ་གཤིབས་པ་ཡིས། །བསྡམས་ཏེ་སྙིང་ཀར་བཞག་པར་བྱ། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་ངེས་པར་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་དང་འདྲེན་པར་བྱེད་པའོ། །རྡོ་རྗེ་ཁུ་ཚུར་གྱིས་འཁྱུད་པ་ནི་རྡོ་རྗེ་དགའ་བའི་ཕྱག་རྒྱའོ། །དམ་ཚིག་གི་ཕྱག་རྒྱ་འབྱུང་སྟེ། རྡོ་རྗེ་བཅིངས་བ་བསྡམས་བྱས་ནས། །གཡོན་པའི་མཛུབ་མཐེབ་མོ་མཚན་དུ། །མཐེ་བོའི་རྟགས་ནི་བཙུད་ནས་སུ། །དེ་བསྐྱོད་བར་དུ་བསྡམ་པར་བྱ། །འདིས་ནི་བུད་མེད་ཐམས་ཅད་དགའ་བར་བྱེད་དོ། །རྡོ་རྗེའི་ཁུ་ཚུར་གཉིས་ཀྱིས་རྒྱལ་མཚན་འཛིན་པའི་ཚུལ་དུ་བྱའོ། །རྡོ་རྗེའི་རྒྱལ་མཚན་ནོ། །དམ་ཚིག་གི་ཕྱག་རྒྱ་འབྱུང་སྟེ། རྡོ་རྗེ་བཅིང་བ་བསྡམ་བྱས་ནས། །མཛུབ་མོ་གཉིས་ནི་དགུག་པར་བྱ། །སྲིན་ལག་གཤིབས་ལ་མཐེའུ་ཆུང་བསྐྱེད། །དེ་ལྟར་མཐེ་བོ་གཉིས་ཀྱང་བསྐྱེད། །འདི་བསྟན་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་བྱམས་པ་བསྟན་པར་མཛད་ན་གཞན་ལྟ་ཅི་སྨོས། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སྙེམས་པར་བྱེད་པ་ནི་རྡོ་རྗེ་སྙེམས་པའོ། །དམ་ཚིག་གི་ཕྱག་རྒྱ་འབྱུང་སྟེ། རྡོ་རྗེ་བཅིང་བ་ཀུན་བྱས་ནས། །རྩིབ་ལོགས་གཉིས་སུ་བསྐོར་ནས་སུ། །འཛིན་པས་བསྐྱོད་པས་འདུད་པ་སྟེ། །ཁྲོ་བོ་ཐམས་ཅད་མགུ་བར་བྱེད། །རྡོ་རྗེ་སེམས་དཔའ་མཆོག་བཅས་དང ། །རྡོ་རྗེ་གར་གྱི་རབ་སྦྱོར་བས། །མདོར་ན་མེ་ཏོག་ལ་སོགས་པའི། །གསང་བའི་མཆོད་པ་མྱུར་དུ་འགྲུབ། །རྟོག་པ་གཞན་གྱི་གསང
92.44a
བའི་མཆོད་པ་དང་ཡང་སྦྱར་རོ། །དེ་ནས་རྡོ་རྗེ་གར་འབྱུང་སྟེ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །འཛུམ་པས་མཐའ་ནས་བརྩམས་ཏེ་དགྲོལ། །གློག་བཞིན་བསྒྱུར་ཏེ་བསྐོར་ཞིང་དགྲོལ། །འགྲམ་པ་དང་ནི་གཙུག་ཏོར་བཞག་།རྡོ་རྗེ་གར་ཞེས་བྱ་བ་སྟེ། །བདག་ཆེའི་མཆོད་པ་ཐམས་ཅད་དོ། །མཆོད་པ་འདི་ནི་གསོལ་བས་ན། །དངོས་མེད་ཉིད་ཀྱང་མྱུར་དུ་འགྲུབ། །དེ་ནས་རྡོ་རྗེ་གཟུགས་ལ་སོགས་པའི་ཕྱག་རྒྱ་བཅིང་བ་ནི་རྡོ་རྗེ་བཅིང་བ་བརྐྱང་ལ་མཐིལ་དུ་བལྟའོ། །རྡོ་རྗེ་བཅིངས་པས་གཡོན་པའི་མཛུབ་མོ་ནི་པི་བང་གི་ཤིང་ངོ ། །གཡས་པ་བཀུག་པས་ནི་ལེན་ཏེ། བརྐྱང་བའི་ལག་མཐིལ་གྱིས་རང་གི་སྙིང་གར་བྱུག་གོ། །མེ་ཏོག་གི་ཐལ་མོའི་ཚུལ་གྱིས་རྡོ་རྗེ་རོ་བཏུང་བར་བྱའོ། །རྡོ་རྗེའི་ཁུ་ཚུར་གཉིས་བཅངས་ཏེ། གཡོན་པའི་མཐེའུ་ཆུང་ནི་གཡས་པའི་ཀྱོ་བ་ཏང་གིས་བཟུང་ངོ ། །ཀྱོ་བ་ཏང་དེ་གཡས་པས་སེམས་དཔའི་དམ་ཚིག་ཐམས་ཅད་དང ། སེམས་ཅན་ཐམས་ཅད་ཀྱང་དགུག་གོ། །རྡོ་རྗེ་བཅིངས་ལ་མཐེ་བོ་མདུད་པ་ནི་ཞགས་པའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་སྦྲེལ་བ་ནི་ཐམས་ཅད་བཅིང་ངོ ། །རྡོ་རྗེ་འབེབས་པའི་ཕྱག་རྒྱས་ནི་ཐམས་ཅད་འབེབས་པར་བྱེད་དོ། །དེ་ནས་གོ་ཆའི་ཕྱག་རྒྱ་འབྱུང་སྟེ། ཁུ་ཚུར་བཅིངས་པ་གཉིས་ཀྱིས་སྙིང་ཀར་མདུད་པའི་ཚུལ་དུ་བྱའོ། །སྤོས་ནས་ཡང་ལྟག་པར་ཡང་དེ་བཞིན་ནོ། །སྤོས་ནས་སྙིང་ཀར་ཡང་དེ་བཞིན་ནོ། །ཡང་བར་དུ་ཡང་མདུད་དོ། །ཡང་སྤོས་ནས་སྙིང་ཀ་དང་ལྟག་པར་ཡང་དེ་བཞིན་ནོ། །མགོ་ལ་ཡང་དེ་བཞིན་དུ་དབང་བསྐུར་བའི་གནས་སུའོ། །ཕྲེང་བ་བཅིང་བའི་མདུད་པའི་ཚུལ་གྱིས་མཐེའུ་ཆུང་ལ་སོགས་པའི་སོར་མོ་ཐམས་ཅད་དགྲོལ་བའི་ཅོད་པན་གྱི་ཚུལ་དུ་བྱའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོའི་ཕྱག་རྒྱ་བཅིང་བ་ནི། པད་མོ་ཟུམས་པའི་ཐལ་མོ་སྦྱར། །པད་མོ་ཆེན་པོར་གྲགས་པ་སྟེ། །མཐེའུ་ཆུང་མཐེ་བོ་གཉིས་འགྱེད་པ། །སྡིག་པ་རྣམས་ནི་སེལ་བའོ། །དེ་ཉིད་མཛུབ་མོ་ཀྱོ་བ་ཏང་དུ་བྱས་པ་ནི་ཐམས་ཅད
92.44b
དགུག་པའོ། །དེ་ནས་པད་མོ་འབྱུང་སྟེ། རྡོ་རྗེ་བཅིངས་པའི་མཛུབ་མོ་གཉིས་བཀུག་ལ་མཐེ་བོ་མཉམ་པའི་སྟེང་དུ་གུང་མོ་གཉིས་བཞག་གོ། །དེ་གཉིས་སུ་བྱས་ནས་གཡོན་པ་ལ་གཡས་པས་པད་མོ་འབྱེད་པར་བྱའོ། །དེ་ནས་པད་མོ་དག་གི་ཕྱག་རྒྱ་ནི་ཧྲཱིཿ ། ཡེ་ཤེས་ཀྱི་ཕྱག་རྒྱ་ནི་པད་མོ་འབྱེད་པས་འདོད་ཆགས་ལ་སོགས་པའི་དྲི་མ་སྦྱོང་བར་གསུངས་པ་ཉིད་དོ། །དེ་ནས་ནམ་མཁའི་སྙིང་པོའི་ཕྱག་རྒྱ་བཅིང་བ་ནི་ནོར་བུའི་ཁུ་ཚུར་གཉིས་ཀས་དབང་བསྐུར་བའི་ཕྲེང་བ་བཅིང་ངོ ། །དེ་ནས་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་ནི། རྡོ་རྗེ་བཅིང་བ་ཀུན་བྱས་ནས། །མཛུབ་མོ་མཉམ་ནས་མཐེབ་དང་སྦྱར། །དེ་དག་ངོས་སུ་སྤྲད་པ་སྟེ། །དབང་བསྐུར་གནས་སུ་དབང་སྦྱིན་ནོ། །དེ་ཉིད་ཁ་ཡར་བསྟན་ལ་སྙིང་ཀར་བཞག་པ་ནི་ནོར་བུའི་ཁུ་ཚུར་ཞེས་བཤད་དེ། དོན་ཐམས་ཅད་འཕྲོག་པའོ། །དེ་ཉིད་ལས་མཐེ་བོའི་རྡོ་རྗེས་མཛུབ་མོ་མཉམ་པ་མནན་ཏེ། རྒྱབ་བསྐུམ་པ་ནི་རྡོ་རྗེའི་ནོར་བུའོ། །ཏྲཱཾ་ཆོས་ཀྱི་ཕྱག་རྒྱའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ཐམས་ཅད་ནམ་མཁར་བསྒོམ་པའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་བཅིང་བ་ནི་དེ་ལྟར་སྔར་བཤད་པ་ཉིད་དོ། །ངག་གི་ཕྱག་རྒྱའོ། །བྱམས་པའི་བཅིང་བ་ནི་བཅིང་བའི་ནང་ན་མཆོག་སྟེ། ཡེ་ཤེས་ཀྱི་ཕྱག་རྒྱའོ། །མདུན་དུ་ནི་རྡོ་རྗེ་ཆེན་པོའི་ཕྱག་རྒྱའོ། །གཡས་སུ་ནི་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་བསྟན་པ་ཉིད་དོ། །རྒྱབ་ཏུ་ནི་རྡོ་རྗེ་བཅིང་བ་སྙིང་ཀར་བཀན་ནས་མཐེ་བོ་སྦྱར་ཏེ། མཛུབ་མོ་གཉིས་དགུག་པར་བྱའོ། །རྡོ་རྗེ་པད་མ་མཆོག་གི་ཕྱག་རྒྱའོ། །རྡོ་རྗེ་བཅིང་བའི་མཐེ་བོ་དང་མཐེའུ་ཆུང་གཉིས་སྙིང་གར་བརྐྱང་བ་ནི་རྡོ་རྗེ་སྟེ། རྡོ་རྗེ་ཐམས་ཅད་དོ། །རིགས་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་སྟེ། གྲུབ་པ་ཐམས་ཅད་སྩོལ་བ་ཕྱག་རྒྱའི་དཀྱིལ་འཁོར་དུ་བྲིའོ། །དེ་ནས་འཇམ་དཔལ་གྱི་ཕྱག་རྒྱ་བཅིང་བ་ནི་རྡོ་རྗེ་ཁུ་ཚུར་མཛུབ་མོའི་རྩེ་མོ་བཀུག་པ་འདི་ནི་རལ་གྲིའོ། །སྙིང་པོ་ནི་གླེགས་བམ་མོ། །དམ་ཚིག་གི་ཕྱག་རྒྱའོ། །གཡོན་པའི་གླེགས་བམ་བཅངས
92.45a
པའི་མཐེའུ་ཆུང་ནི་གཡས་པའི་རལ་གྲི་འཛིན་པས་གཟུང་ངོ ། །ཱ། ཆོས་ཀྱི་ཕྱག་རྒྱའོ། །ཆོས་ཐམས་ཅད་ལ་ཡི་གེ་མེད་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེ་ནས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བཅིང་བ་ནི། རྡོ་རྗེའི་ཁུ་ཚུར་གཉིས་བཅངས་ཏེ། །མཐེའུ་ཆུང་མཛུབ་མོའི་རྡོ་རྗེའི་བཅིང ། །རྡོ་རྗེ་འཁོར་ལོ་ཞེས་བཤད་དེ། །དཀྱིལ་འཁོར་ཐམས་ཅད་སྒྲུབ་པ་པོ། །འདི་མཐོང་བས་དཀྱིལ་འཁོར་ཐམས་ཅད་མཐོང་བར་འགྱུར་རོ། །དེ་བཞིན་དུ་དབུས་སུ་ཁ་བཞག་སྟེ་བཟླས་ན་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་ཞིང་དེ་བཞིན་དུ་སྒྲུབ་པར་འགྱུར་རོ། །ཧཱུཾ། ཆོས་ཀྱི་ཕྱག་རྒྱའོ། །དེ་ནས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅིང་བ་ནི་རྡོ་རྗེ་ནོར་བུའི་ཕྱག་རྒྱ་ལས་མཐེའུ་ཆུང་དང་སྲིན་ལག་མཉམ་པའི་རྒྱལ་མཚན་བསྒྲེང་བའི་ཚུལ་དུ་བྱའོ། །ཆོས་ཀྱི་ཕྱག་རྒྱ་ནི་ཏྲཱཾ། འཕགས་པ་བྱམས་པ་བྱང་ཆུབ་སེམས་དཔའ་ཆེན་པོའི་ཕྱག་རྒྱ་བཅིང་བ་ནི་རྡོ་རྗེ་གོ་ཆའི་ཕྱག་རྒྱའོ། །ངག་གི་ཕྱག་རྒྱ་ནི་ཨོཾ། དེ་ནས་རྟོག་པ་ཐམས་ཅད་སྤྱིའི་ཕྱག་རྒྱ་ཤེས་པ་འབྱུང་སྟེ། དེ་ལ་ལུས་ཀྱི་ཕྱག་རྒྱར་འགྱུར་བ་ནི་འདི་ལྟ་སྟེ། འགྲེང་ཡང་རུང ། འདུག་ཀྱང་རུང ། རྐང་པ་བསྙམས་ཏེ་བརྐྱང་བ་དང་ལག་པ་བསྒྲེང་བ་ནི་རྡོ་རྗེའི་ཕྱག་རྒྱའོ། །མཆོག་བསྒྲུབ་པ་ལ་རྡོ་རྗེ་དང་མཚུངས་པར་འགྱུར་རོ། །ལངས་ནས་གཡོན་པས་རྡོ་རྗེ་ཁུ་ཚུར་བཅངས་ནས་གཡས་པ་བཀུག་པས་དྲངས་པས་ནི་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་སྟེ། ཐམས་ཅད་འདྲེན་པའི་ཕྱག་རྒྱ་ཡིན་ནོ། །ལངས་ལ་པུས་མོ་བསྐྱེད་དེ་བཀུག་ནས་ལག་གཉིས་བསྡམས་ཏེ་གྱེན་དུ་བརྐྱང་བ་ནི་ཐམས་ཅད་གཏན་འཕོ་བའི་རལ་གྲིའོ། །དཔུང་པ་གཉིས་ཀྱིས་རང་གི་སྙིང་ཀར་འཁྱུད་པ་ནི་གོ་ཆ་སྟེ་མི་ཕྱེད་པའོ། །དེ་ནས་རང་གི་ཕྱག་རྒྱ་བཅིང་བ་ནི་ཨ་ཧོ་ཧཾ་ཧཱུཾ། དབབ་པ་དང་དབང་དུ་བྱ་བ་དང་བསྲུང་བ་དང་གཏན་འཕོ་བའི་ཕྱག་རྒྱའོ། །དེ་ནས་ལྟ་བའི་ཕྱག་རྒྱ་འབྱུང་བ་ནི་མྱུར་འགྱུར་རྡོ་རྗེའི་ལྟ་བ་སྟེ། །བགྲད་དེ་བཙུམས་པ་འདྲེན་པ་ཡིན། །ཁྲོ་བོའི
92.45b
ལྟ་བ་ཁྲོ་གཉེར་ཏེ། །བརྟན་པར་ལྟ་བ་མི་གཡོ་བའོ། །དེ་ནས་འདི་དག་གི་ལས་འབྱུང་བ་ནི་རྡོ་རྗེའི་ལྟ་བས་སྐྱེ་འགྲོ་ཐམས་ཅད་མགུ་བར་བྱའོ། །བགྲད་པའི་ལྟ་བས་ནི་ཐམས་ཅད་དགུག་པ་དང་རིམས་དང་གདོན་དང་དུག་དང་བྱད་མ་ལ་སོགས་པ་དང་ནད་ཐམས་ཅད་སེལ་ཏོ། །ཁྲོ་བོའི་ལྟ་བས་ནི་ཐམས་ཅད་གཏན་འཕོའོ། །བརྟན་པར་ལྟ་བས་ནི་ཐམས་ཅད་བསྲུང་ངོ ། །དེ་ལ་སྙིང་པོ་ནི་འདི་རྣམས་ཡིན་ནོ། །བཛྲ་དྲྀཥྚི་མ་ཊ། དཱིབ་ཏ་དྲྀཥྚི་ཨཾ་ཀུ་ཤ་ཛ། ཨོཾ་ཀྲོ་དྷ་དྲྀཥྚི་ཕཊ། དྲྀ་ཌྷ་དྲྀཥྚི་ཧཾ། སོའི་ཕྱག་རྒྱ་འབྱུང་སྟེ། སོ་བཅའ་བས་ནི་གཏན་འཕོའོ། །མུར་བས་ནི་དབང་དུ་བྱེད་དོ། །སྙིང་པོ་བཟླས་ཤིང་ཁྲོ་བོའི་ཏིང་ངེ་འཛིན་བཟླས་ཏེ་ཕྱག་རྒྱའི་ལས་བྱེད་དོ། །གཡས་ནས་གཅུ་བ་ནི་དགུག་པའོ། །གཡོན་ནས་གཅུ་བ་ནི་དབང་དུ་བྱེད་པའོ། །མ་མཆུ་སོས་མནན་པས་ནི་གཏན་འཕོའོ། །མཆུ་གཉིས་ཀ་བསྡམས་པས་ནི་བསྲུང་ངོ ། །སངས་རྒྱས་རྗེས་སུ་དྲན་པ་དང་རྡོ་རྗེ་འཛིན་པ་རྗེས་སུ་དྲན་པ་དང་རྡོ་རྗེ་ཁྲོ་བོ་རྗེས་སུ་དྲན་པ་དང་རྡོ་རྗེ་རྗེས་སུ་དྲན་པ་ནི་ཐམས་ཅད་སྒྲུབ་པ་སྟེ་མཆུའི་ཕྱག་རྒྱའོ། །མིག་གཡས་པ་བསྐྱོད་པས་དབང་དུ་བྱེད་དོ། །མིག་གཡོན་པ་བསྐྱོད་པས་རྗེས་སུ་ཆགས་སོ། །གཉིས་ཀ་བཙུམ་པས་ནི་གཏན་འཕོའོ། །གཉིས་ཀ་བགྲད་པས་ནི་བསྲུང་ངོ ། །ཐམས་ཅད་ཀྱི་སྙིང་པོ་བཟླས་ཏེ་གྱེན་དུ་བལྟས་ན་ནམ་མཁའ་ལ་འགྲོ་བར་འགྲུབ་བོ། །མཐུར་དུ་བལྟས་ན་སའི་དབང་པོར་འགྱུར་རོ། །གཡས་ནས་བསྐོར་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་དོ། །གཡོན་ནས་བསྐོར་བས་ནི་ཕྱག་ན་རྡོ་རྗེ་ལ་མཆོད་དེ། ཐམས་ཅད་ཀྱི་སྙིང་པོ་སྟོང་བཟླས་ནས་བསྒྲུབ་བོ། །དེ་ནས་ཕྱི་རོལ་གྱི་རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་བཅིང་བ་འབྱུང་སྟེ། དེ་ལ་འཇིག་རྟེན་པའི་ཕྱག་རྒྱ་རྣམས་ནི་འཇིག་རྟེན་པའི་ཁུ་ཚུར་ལས་འབྱུང་སྟེ། རྡོ་རྗེ་ཁུ་ཚུར་ནི་རྡོ་རྗེ་བཅིང་བ་ལས། གཡོན་པའི་མཐེ་བོ་ནང་དུ་བཅུག་ནས་མཐེའུ་ཆུང་དང་སྲིན་ལག་གི་བར་དུ་བཙིར་ལ་བསྡམ་པར་བྱ་སྟེ། དེ་ཉིད
92.46a
ལ་ཕྱག་རྒྱའི་སྙིང་པོ་འདི་འབུམ་བཟླས་ཏེ་བསྒྲུབ་བོ། །ོཾ་བཛྲ་མུ་དྲ་ཧཱུཾ། རྡོ་རྗེའི་ཁུ་ཚུར་གཉིས་སུ་བྱས་ཏེ། གཡས་པས་མཚན་མ་ཇི་ལྟར་བྱས་པ་བཞིན་དུ་གཟུང་ངོ ། །མ་རྣམས་ཐམས་ཅད་ཀྱི་ཕྱག་རྒྱ་བཅིང་བ་ནི་འདི་བཞིན་དུ་རྡོ་རྗེའི་ཁུ་ཚུར་ལས་གཡོན་པ་རྡོ་རྗེའི་ཁྲོ་བོའི་མཛུབ་མོ་བསྒྲེང་བ་སྟེ། དུར་ཁྲོད་དམ་ཚོགས་ཀྱི་གནས་སུ་རྡོ་རྗེ་ཁྲོ་བོའི་མཛུབ་མོས་མི་ཁྲག་ཐིགས་པ་གསུམ་ཁར་བླངས་ཏེ་མྱངས་ནས་མི་རོ་མ་རྨས་ཤིང་མ་ཉམས་པ་རྐང་པ་གཡོན་པས་མནན་ཏེ་བརྒྱ་བཟླས་ན་ནམ་མཁའ་ལ་འགྲོ་བ་དང་མི་སྣང་བར་འགྱུར་བ་དང་བྱད་མ་ཐམས་ཅད་དབང་དུ་འགྱུར་རོ། །ཚོགས་དེ་དག་ཐམས་ཅད་ཀྱི་དབང་པོར་འགྱུར་ཏེ། ཐག་འཇུག་པ་དང་ཕན་འདོགས་ནུས་པར་འགྱུར་རོ། །མཁའ་འགྲོ་མའི་བདེ་བའི་མཆོག་ཐམས་ཅད་དང་རྟོག་པ་ཐམས་ཅད་དང་ལས་ཐམས་ཅད་དང་ཕྱག་རྒྱ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ནས་ཁྲོ་བོའི་ཁུ་ཚུར་བསྒྲུབ་པའི་སྙིང་པོ་ནི་འདི་ཡིན་ནོ། །ོཾ་བཛྲ་ཨཱ་ར་ལི། ཕྱག་རྒྱ་བཅིང་བའི་རབ་ཏུ་བྱ་བའོ། །དེ་ནས་དེའི་རྗེས་ལ་ཕྱག་རྒྱ་ཐམས་ཅད་ཀྱི་གསང་བའི་བསྒྲུབ་པའི་སྐབས་བཤད་པར་བྱ་སྟེ། དེ་ནས་དེ་བཞིན་གཤེགས་པའི་ཕྱག་རྒྱ་གསང་བ་བསྒྲུབ་པ་ནི་དཀྱིལ་འཁོར་བྲི་སྟེ་དེར་འདི་སྐད་བརྗོད་དོ། །བཅོམ་ལྡན་ཕྱག་རྒྱ་བཙུན་མོ་འདི། །རྟག་ཏུ་བདག་ལ་སྩལ་བར་སྩོལ། །སེམས་ཅན་ཀུན་གྱི་དོན་སྒྲུབ་ཕྱིར། །གྲུབ་པ་མཆོག་ནི་བསྒྲུབ་པར་བགྱི། །ཕྱག་ན་རྡོ་རྗེ་དཀྱིལ་འཁོར་ནས་འདི་ཞེས་བརྗོད་དོ། །སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ། བཛྲ་ས་ཏྭ་ཨ་དྱ་སིད་དྷ་ནན། དེ་ནས་བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱི་གསང་བའི་ཕྱག་རྒྱ་བསྒྲུབ་པ་ནི། བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །རྟག་ཏུ་བདག་ལ་གྲུབ་པ་སྩོལ། །དེ་ནས་ཕྱི་རོལ་གྱི་རྡོ་རྗེ་རིགས་ཀྱི་གསང་བ་བསྒྲུབ་པ་ནི་ཕྱག་ན་རྡོ་རྗེ་ཁྲོ་བོ་ནི་ཐམས་ཅད་བྱེད་པ་ཡིན་ནོ་ཞེས་དེ་སྐད་བརྗོད་ལ་བསྒྲུབ་པར་བྱའོ། །མ་རྣམས་ཀྱི་གསང་བའི་ཕྱག་རྒྱ་བསྒྲུབ་པ་ནི
92.46b
དཀྱིལ་འཁོར་དུ་ཞུགས་ནས་བྷྱོ་བྷྱོ་ཞེས་རྗོད་ཅིག་།གསང་བ་བསྒྲུབ་པའི་རབ་ཏུ་བྱ་བའོ། །དེ་ནས་ཕྱག་རྒྱའི་དེ་ཁོ་ན་འབྱུང་སྟེ། དེ་བཞིན་གཤེགས་པའི་ཕྱག་རྒྱའི་དེ་ཁོ་ན་ནི་སེམས་ལས་སངས་རྒྱས་ཀྱི་ཆོས་འབྱུང་ངོ ། །ཡང་དག་པར་ན་འདི་དག་སྟེ་དེ་བཞིན་གཤེགས་པའི་བཙུན་མོའི་ཐུགས་ལ་གནས་པ་ཡིན་ནོ། །བདག་ཀྱང་དེ་བཞིན་གཤེགས་པ་ཡིན་པས་བདག་གི་ཆུང་མ་ཡིན་ནོ་ཞེས་སྔར་བསྒོམས་ལ་ཕྱག་རྒྱ་བསྒྲུབ་བོ། །ཕྱག་ན་རྡོ་རྗེའི་ཕྱག་རྒྱའི་དེ་ཁོ་ན་ནི། རབ་དགའ་བཅིང་བ་ཀུན་གྱི་མཆོག་།དེ་ལས་ཕྱག་རྒྱ་རྣམས་སུ་བྱས། །འདོད་པ་རྡོ་རྗེ་སེམས་དཔའ་ཡིས། །གྲུབ་བརྟན་མྱུར་དུ་སྩོལ་བར་མཛད། །དེ་ནས་གཞན་དག་ནི། བཅོམ་ལྡན་རྟག་པ་འདོད་པ་སྟེ། །དེ་ཉིད་དེ་བཞིན་གཤེགས་པའོ། །དེ་ལས་ཐམས་ཅད་བདག་ཉིད་གཟུགས། །བདག་ཀྱང་ཕྱག་རྒྱ་གྲུབ་པར་ཤོག་།དེ་ནས་ཕྱི་རོལ་གྱི་རྡོ་རྗེ་རིགས་ཀྱི་ཕྱག་རྒྱའི་དེ་ཁོ་ན་ནི་ཕྱག་ན་རྡོ་རྗེས་ལྷ་ཐམས་ཅད་དབང་དུ་བྱས་ནས་རྡོ་རྗེར་བྱས་ཏེ། དེ་དག་གི་ཕྱག་རྒྱ་ཡང་རྡོ་རྗེའི་ཕྱག་རྒྱ་ཉིད་དོ། །དེ་ནས་མ་རྣམས་ཀྱི་ཕྱག་རྒྱའི་དེ་ཁོ་ན་ཉིད་ནི། མ་རུངས་ཐམས་ཅད་ཟ་བའི་ཕྱིར། །ལྷ་རྣམས་ཀུན་གྱིས་བྱས་པ་སྟེ། །ཕྱག་རྒྱ་འབེབས་པས་དེ་ཡི་ཕྱིར། །བསྒོམས་ནས་ཀྱང་ནི་བསྒྲུབ་པར་བྱ། །དེ་བཞིན་གཤེགས་པའི་དེ་ཁོ་ན་རབ་ཏུ་སྦྱོར་བས་ཐོག་མར་བསྒོམས་ནས་བསྒྲུབ་བོ། །ཕྱག་རྒྱའི་དེ་ཁོ་ནའི་རབ་ཏུ་བྱའོ། །དེ་ནས་རྟོག་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབ་པ་ལ་སོགས་པའི་ལས་བཤད་དོ་ཞེས་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་པ། ཉིན་རེ་དང་པོ་དུས་བཞིན་དུ། །རྡོ་རྗེ་ཆེ་མཆོག་ཕྱག་རྒྱ་ཡིས། །སྙིང་ཀ་སྨིན་མཚམས་ལྐོག་མ་གཙུག་།བདག་ཉིད་བྱིན་གྱིས་བརླབ་པར་བྱ། །དེ་ལ་བྱིན་གྱིས་བརླབ་པའི་སྙིང་པོ་ནི་འདི་ཡིན་ནོ། །བཛྲ་སཏྭ་བཛྲ་རཏྣ། བཛྲ་དྷརྨ་བཛྲ་ཀརྨ། དེ་ལ་འདི་ནི་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བའི་སྙིང་པོ་ཡིན་ནོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ། སྙིང་པོ་འདིས་རྡོ་རྗེ་རིན་པོ་ཆེའི
92.47a
ཕྱག་རྒྱ་སྨིན་མཚམས་སུ་བཞག་སྟེ། མཛུབ་མོ་གཉིས་ཀྱིས་ཕྲེང་བའི་ཚུལ་དུ་བཅིངས་ལ། ལྟག་པར་མདུད་པའི་ཚུལ་དུ་བྱས་ནས་བསྐོར་ཏེ། མཐེའུ་ཆུང་ནས་བརྩམས་ཏེ་བཀྲོལ་བས་སོར་མོ་ཐམས་ཅད་བཀྲོལ་ཏེ་དར་སྤྱངས་པ་ལྟར་བྱའོ། །དེ་ནས་ཏིང་ངེ་འཛིན་གྱི་ཡེ་ཤེས་བསྐྱོད་པ་ནི་རྡོ་རྗེ་བཅིང་བ་བཀན་ཏེ་ཕང་པར་བཞག་ནས་བསྒོམ་པའི་སྙིང་པོ་འདིས་རང་གི་སྙིང་ཀར་རྡོ་རྗེ་བསམ་མོ། །ོཾ་བཛྲ་ཨཱཏ་མ་ཀཿ ། རྡོ་རྗེའི་བཟླས་པ་ཅི་འདོད་པར་བཟླས་སོ། །དེ་ནས་རྡོ་རྗེའི་མཆོད་པའི་རབ་ཏུ་བྱ་བ་ནི། རྡོ་རྗེའི་ཁུ་ཚུར་གཉིས་བཅངས་ནས། །རྡོ་རྗེ་འགྱིང་བ་ལེགས་པར་བྱ། །རྡོ་རྗེ་ཕྲེང་བ་དེ་བཞིན་གླུ། །རྡོ་རྗེ་གར་ཀྱང་སྤྱི་བོ་ནས། །དེར་བསྟོད་པའི་རྡོ་རྗེའི་གླུ་བླང་ཞིང་མཆོད་པར་བྱའོ། །རྡོ་རྗེ་སེམས་དཔའ་བསྡུས་པའོ། །རྡོ་རྗེ་རིན་ཆེན་བླ་མེད་དེ། །རྡོ་རྗེ་ཆོས་ནི་གླུར་བླངས་པས། །རྡོ་རྗེ་ལས་ནི་མཛད་པར་གསོལ། །དགའ་བ་དང་དབང་བསྐུར་བ་དང་གླུ་དང་མཆོད་པ་འདིས་དེ་བཞིན་གཤེགས་པ་ཉིད་ཀྱང་རྙེད་པར་མི་དཀའ་ན་གྲུབ་པ་གཞན་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་སེམས་དཔའི་བདེ་བ་འདི་དང་མཚུངས་པ་མེད་དོ། །དེ་ནས་ཕྱག་ན་རྡོ་རྗེ་སའི་བྱིན་གྱིས་བརླབ་པ་ལ་སོགས་པ་འབྱུང་སྟེ། ཉིན་རེ་དང་པོར་དུས་བཞིན་དུ། །རྡོ་རྗེའི་བྱིན་གྱིས་བརླབ་ཚུལ་གྱིས། །བདག་གིས་བདག་ཉིད་བྱིན་བརླབས་ནས། །སེམས་དཔར་བྱིན་རླབས་རྣལ་འབྱོར་ལྡན། །རྡོ་རྗེ་དང་བཅས་རྡོ་རྗེ་བཅིང ། །རྡོ་རྗེ་འབེབས་ལ་སོགས་ཚུལ་གྱིས། །རྡོ་རྗེ་ཁུ་ཚུར་རྡོ་རྗེ་བཅས། །གཉིས་བྱས་ཕྱག་རྒྱའི་མཆོག་གིས་སུ། །བདག་ཉིད་བྱིན་གྱིས་བརླབ་པར་བྱ། །འདོད་པ་བདག་ཉིད་ཅེས་ཀྱང་བསྒོམ། །དེ་ནས་རྡོ་རྗེ་སེམས་དཔའི་གསང་བའི་སྙིང་པོ་བཟླས་པར་བྱའོ། །དེ་ལ་གསང་བའི་སྙིང་པོ་འདི་རྡོ་རྗེའི་གླུས་ཅི་འདོད་པར་བཟླས་སོ། །ཊཀྐི་ཛ་ཧོ། དེ་ནས་བསྒྲུབ་པ་གཞན་ཡང་རྡོ་རྗེ་བཅིང་བས་རྟགས་བཟུང་སྟེ་འབུམ་བཟླས་ན་འདོད་པ་ཐམས་ཅད་ཀྱི་དབང་ཕྱུག་དང ། འདོད་པའི་གཟུགས་དང་འདོད་པའི
92.47b
ཚེ་དང་འདོད་པའི་བདག་པོ་དང་ཀུན་དུ་འགྲོ་བ་ཐམས་ཅད་གྲུབ་པར་འགྱུར་རོ། །དེ་ནས་ཕྱག་ན་རྡོ་རྗེའི་དབང་བསྐུར་བའི་རབ་ཏུ་བྱ་བ་འབྱུང་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲེང་བའི་དབང་བསྐུར་བ་ཇི་ལྟ་བ་བཞིན་དུ་སྙིང་པོ་འདིས་སྦྱིན་ནོ། །ོཾ་སརྦ་ཏ་ཐཱ་ག་ཏ་རད་ནཱ་བྷི་ཥེ་ཀ་ཨ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་བསྐྱེད་པའི་ཏིང་ངེ་འཛིན་ལ་དམིགས་པ་ནི་ཇི་ལྟར་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཉིད་ཡིན་པ་དེ་བཞིན་དུ་བདག་ཀྱང་ཐམས་ཅད་ཉིད་དོ་ཞེས་ནས་སྙིང་པོ་འདིས་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ཏེ་བསྒོམ་མོ། །དེ་ལ་སྙིང་པོ་ནི་འདིའོ། །ོཾ་སཏྭ་ཛཿ ཧཱུཾ་བཾ་ཧོཿ ། དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གསང་བའི་མཆོད་པ་བྱ་བ་ནི་བྱིན་གྱིས་བརླབ་པ་ལ་སོགས་པ་ཐམས་ཅད་བྱེད་དེ། རྡོ་རྗེ་ཁུ་ཚུར་གཉིས་བཅངས་ལ། །རྡོ་རྗེ་གར་དང་སྦྱར་ནས་སུ། །མེ་ཏོག་ལ་སོགས་དབུལ་བ་ནི། །གསང་བའི་མཆོད་པ་ཕྱག་རྒྱས་དབུལ། །གཞུ་འདྲེན་པ་ཡི་ཚུལ་གྱིས་སུ། །རྡོ་རྗེ་མདའ་ནི་འཕེན་པར་བྱ། །ཀུན་ནས་འཁྱུད་དང་རྒྱལ་མཚན་བསྒྲེང ། །གཉིས་སྙེམས་འཛིན་པས་འདུད་པའོ། །རྡོ་རྗེའི་བསྟོད་པ་འདིས་རྡོ་རྗེའི་གླུ་བླང་ཞིང་མཆོད་དོ། །གཟུགས་ལ་སོགས་པ་འདོད་པ་དག་གི་བདེ་བ་དང ། །ཤིན་ཏུ་ཡིད་བདེ་བཅོམ་ལྡན་རབ་དགའ་ཁྱོད་ལ་འདུད། །ཁྱོད་ཀྱིས་བདག་ལ་དེང་དུ་དགའ་བདེ་ཀུན་མཆོད་ལ། །མཆོག་གི་བདག་ཉིད་གྲུབ་པའང་མྱུར་དུ་ཚུལ་བཞིན་སྩོལ། །བསྟོད་པའི་སྙིང་པོ་འདིས་ཐམས་ཅད་གྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཉིན་རེ་ལན་རེ་བསྟོད་ན་བཅོམ་ལྡན་འདས་ལས་ཐམས་ཅད་ཐོབ་པར་འགྱུར་རོ། །སློབ་དཔོན་དེ་རང་གི་ལྕེ་ལས་ཀྱང་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་ཐམས་ཅད་དང་བཅོམ་ལྡན་འདས་ཀྱི་བཀའ་དང ། རྟོག་པ་ཐམས་ཅད་དང་ཚིག་གི་རྒྱུད་ཐམས་ཅད་ཀྱང་སྨྲ་བར་འགྱུར་རོ། །ལྷའི་གླུ་སྔོན་མ་བྱུང་བ་ཡང་ལེན་ཏོ། །
92.48a
རྡོ་རྗེའི་གླུས་འབུམ་བཟླས་ན་རྡོ་རྗེ་འཛིན་པར་འགྱུར་རོ། །དེ་ལྟར་ལན་ཅིག་བྱིན་གྱིས་བརླབས་ལ་དེ་ནས་ཕྱིས་སྒྲུབས་ཤིག་།དེ་ནས་ཉིན་གཅིག་བཞིན་བྱིན་གྱིས་བརླབ་པ་ལ་སོགས་པ་ཉིན་རེ་ལན་རེ་བྱས་ན་གྲུབ་པ་ཐམས་ཅད་དང ། ཕུན་སུམ་ཚོགས་པ་ཐམས་ཅད་དང་དབང་བསྐུར་བ་ལ་སོགས་པ་དང ། ཤེས་པ་ཐམས་ཅད་དང་ལས་ཐམས་ཅད་འགྲུབ་བོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་དང ། སེམས་དཔའ་རྣམས་དེར་ལྷགས་ནས་ཕྲ་མོ་ལ་སོགས་པ་སྟོན་ཏེ་ཚིག་སྨྲའོ། །བྱམས་པར་བྱེད་དོ། །མཆོད་དོ། །དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་རིམ་གྲོ་ཐམས་ཅད་ཀྱིས་མཆོད་དོ། །སེམས་ཅན་ཐམས་ཅད་ལ་ཚར་གཅད་པ་དང་ཕན་འདོགས་ནུས་པར་འགྱུར་རོ། །འཇིག་པ་མེད་པ་དང་ཟད་པ་མེད་པ་དང་འགོད་པ་མེད་པ་དང་འཇིགས་པ་མེད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་ཐམས་ཅད་དང ། ནད་ཐམས་ཅད་དང་སྡུག་བསྔལ་ཐམས་ཅད་ཀྱང་སེལ་ཏོ། །ཆོ་འཕྲུལ་ཐམས་ཅད་སྟོན་ཏོ། །བདག་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་སེམས་དཔའི་གཟུགས་མན་ཅད་དང ། བདག་གི་ལུས་ཐམས་ཅད་དང་ནམ་མཁའ་དང་ས་དང་ཤིང་དང་རི་དང་ཆུ་རྣམས་ལས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་གཟུགས་ཐམས་ཅད་སྟོན་པར་བྱེད་དོ། །འོད་ཟེར་སྟོན་པ་ལ་སོགས་པའི་ཆོ་འཕྲུལ་ཐམས་ཅད་སྟོན་ཏོ། །རང་ཡང་སངས་རྒྱས་ཀྱི་གཟུགས་ལ་སོགས་པ་དང་ཐམས་ཅད་ཀྱི་གཟུགས་སུ་འགྱུར་རོ། །མིག་གིས་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་ཤེས་པ་ཐམས་ཅད་ཡི་གེ་རྣམས་ལས་མཐོང་ངོ ། །ཐམས་ཅད་ལས་ཐོས་ཤིང་རང་གི་ལྕེས་སྨྲའོ། །སྔོན་མ་བྱུང་བའི་རྟོག་པ་དང་མདོ་སྡེ་ཐམས་ཅད་འཆད་དོ། །སྟོན་སྐྱོབ་ཐམས་ཅད་དང་སིལ་སྙན་དང་འཕོང་དང་མཚོན་འདེབས་པ་དང་ཤེས་ཉེན་དང
92.48b
བཟོ་དང་སྒྱུ་རྩལ་ཐམས་ཅད་ལྷུན་གྱིས་གྲུབ་པར་ཤེས་པར་འགྱུར་རོ། །ཉིན་གཅིག་བཞིན་དུ་གཟུགས་ཆེན་པོ་དང ། མདོག་དང་སྟོབས་དང་དཔའ་བ་དང་ཚེ་དང་ནད་མེད་པ་དང་དངོས་གྲུབ་ཐམས་ཅད་དང་ལྡན་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་དང་སྒྲ་སྐད་དང་ཚིག་ཤེས་ཤིང་མཐོང་ངོ ། །ཉིན་གཅིག་བཞིན་ཐམས་ཅད་མངོན་པར་ཤེས་པར་འགྱུར་རོ། །མདོར་ན་དེ་བཞིན་གཤེགས་པ་ཉིད་དང་རྡོ་རྗེ་འཛིན་པ་ལ་སོགས་པ་དངོས་གྲུབ་ཐམས་ཅད་མ་བསྒྲུབས་པར་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་རོ། །བྱིན་གྱིས་བརླབས་ལ་སོགས་པའི་རབ་ཏུ་བྱ་བའོ། །དེ་ལ་བསྒྲུབ་པའི་རབ་ཏུ་བྱ་བ་འབྱུང་སྟེ། དེ་བཞིན་གཤེགས་པ་སྒྲུབ་པ་ནི་མདུན་དུ་བདག་ཉིད་སངས་རྒྱས་ཀྱི་སྐུ་རྗེས་སུ་དྲན་པ་བསྒོམ་ཞིང་སྙིང་པོ་དང་ཕྱག་རྒྱ་དང་སྔགས་དང་རིག་པ་རྣམས་བསྒྲུབ་བོ། །ཕྱག་ན་རྡོ་རྗེ་སྒྲུབ་པ་ནི་སེམས་དཔའ་བྱིན་གྱིས་བརླབ་པའི་རྣལ་འབྱོར་རམ། འདོད་པར་བསྒོམ་པའམ། །རྡོ་རྗེ་སེམས་དཔའ་རྗེས་སུ་དྲན་པའམ། བདག་གི་སྙིང་ཀར་རྡོ་རྗེ་བསྒོམ་པ་འམ། བདག་གི་མདུན་དུ་སངས་རྒྱས་རྗེས་སུ་དྲན་པར་བྱེད་བཞིན་དུ་སྙིང་པོ་དང་ཕྱག་རྒྱ་དང་སྔགས་དང་རིག་པ་རྣམས་བསྒྲུབ་བོ། །སེམས་དཔའ་ཆེན་པོ་ཐམས་ཅད་ནི་བདག་ཉིད་ཀྱིས་རང་གི་སེམས་དཔའ་རྗེས་སུ་དྲན་པ་འམ། སྙིང་ཀར་རྡོ་རྗེ་ཆེན་པོ་བསྒོམ་ཞིང་སྙིང་པོ་དང ། ཕྱག་རྒྱ་དང་སྔགས་དང་རིག་པ་རྣམས་བསྒྲུབ་པར་བྱའོ། །ཕྱིའི་རྡོ་རྗེའི་རིགས་བསྒྲུབ་པ་ནི་ཁྲོ་བོའི་ཚུལ་གྱིས་སྙིང་པོ་དང་ཕྱག་རྒྱ་དང་སྔགས་དང་རིག་པ་རྣམས་བསྒྲུབ་བོ། །རྡོ་རྗེ་མ་རྣམས་བསྒྲུབ་པ་ནི་སེམས་ཅན་ཐམས་ཅད་ཟ་བའི་རྗེས་སུ་དྲན་པ་འམ་བདག་ཉིད་རྡོ་རྗེ་སྲིན་པོར་གྱུར་ཏེ། དེའི་ཕྱིར་བདག་ཉིད་ཀྱང་སེམས་ཅན་ཐམས་ཅད་བཟའོ་ཞེས་ཁྲོས་ཏེ་སྙིང་པོ་དང་ཕྱག་རྒྱ་དང་སྔགས་དང་རིག་པ་རྣམས་བསྒྲུབ་པར་བྱའོ། །སྒྲུབ་པའི་རབ་ཏུ་བྱ་བའོ། །དེ་ནས་སྒྲུབ་པའི་ཐབས་ཀྱི་རབ་ཏུ་བྱ་བ་འབྱུང་སྟེ། ཇི་ལྟར་འཇིག་རྟེན་འདུལ་འགྱུར
92.49a
བ། །དེ་ལྟར་བསྒྲུབ་པར་གསུངས་པ་སྟེ། །གྲུབ་པ་ཐམས་ཅད་བྱེད་པའི་མཆོག་།སྒྲུབ་པའི་ཐབས་ཀྱི་རབ་ཏུ་བྱ་བའོ། །དེ་ནས་རས་ཀྱི་རབ་ཏུ་བྱ་བ་འབྱུང་སྟེ། དེ་ལ་དེ་བཞིན་གཤེགས་པའི་རས་ནི་སྐྲ་མེད་པར་བྱས་ལ་དཀྱིལ་འཁོར་ཟླུམ་པོར་ཐིག་གདབ་བོ། །ཕྱག་ན་རྡོ་རྗེའི་རས་ནི་ངོས་ཐམས་ཅད་བར་གྲུ་བཞི་པོ་དར་རམ་རས་ལ་བྲིའོ། །སེམས་དཔའ་ཆེན་པོ་རྣམས་ཀྱི་ནི་ཇི་ལྟ་བུར་འདུས་པའི་འཁོར་བཞིན་དུའོ། །ཕྱིའི་རྡོ་རྗེའི་རིགས་རྣམས་ཀྱི་མ་རྡུངས་པ་ལ་འདུས་པའི་འཁོར་ཇི་ལྟ་བ་བཞིན་དུ་དགོད་དོ། །རྡོ་རྗེ་མ་རྣམས་ཀྱི་མ་ཉམས་པ་ལ་ཚར་མ་བཅད་པ་སྟེ། རི་མོ་མཁན་གསོ་སྦྱོང་ཅན་གྱིས་སྦྱིན་མེད་པའི་ཚོན་རྩི་སྣོད་སར་པར་བཞག་པས་བྲི། རས་ཀྱི་རབ་ཏུ་བྱ་བའོ། །དེ་ལ་ཆ་ལུགས་ཀྱི་ཚད་རབ་ཏུ་བྱ་བ་ནི་དེ་བཞིན་གཤེགས་པའི་ནི་དེ་བཞིན་གཤེགས་པའི་མཐོ་གང་ཙམ་དུ་བྱ་བའོ། །ཕྱག་ན་རྡོ་རྗེའི་ནི་མཐའ་མེད་པའི་ཕྱིར་ཇི་ལྟར་འདོད་པའི་ཚད་དུ་བྱའོ། །དེ་ལ་རྡོ་རྗེའི་ཚད་ནི་ཇི་ཙམ་དུ་འགྱུར་ཞེ་ན། རང་གི་མཐེ་བོའི་ཚིགས་ཀྱི་སོར་མོ་བཅུ་དྲུག་ཏུ་བྱའོ། །དེ་ལ་རྡོ་རྗེའི་དབྱིབས་ཅི་འདྲ་བར་བྱ་ཞེ་ན། ཟུར་བཞི་ལ་རྩེ་ལྔ་པ་འོད་ཟེར་གྱི་ཕྲེང་བ་ཅན་སུམ་ཆར་བྱའོ། །སེམས་དཔའ་ཆེན་པོ་ཐམས་ཅད་ནི་མཐེ་བོའི་ཚིགས་ཀྱི་སོར་བཅུ་དྲུག་གི་ཚད་དུ་བྱ་སྟེ། ཐམས་ཅད་ཀྱང་པད་མོ་ལ་བཞུགས་པར་བྱའོ། །དེ་བཞིན་དུ་སྐུ་གཟུགས་ཀྱི་ཚད་ལས་དཀྱིལ་འཁོར་གྱི་ཚད་ཀྱང་དེ་དང་འདྲ་བར་བྱའོ། །དེ་ལ་འདི་ནི་བཟླས་པའི་རབ་ཏུ་བྱ་བ་སྟེ། དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ནི་དགོངས་པའི་གསུང་ཏིང་ངེ་འཛིན་གྱི་ཚིག་སྟེ། རྡོ་རྗེ་རྣམས་ཀྱིའང་དེ་བཞིན་ནོ། །དེ་ལ་རྟོག་པ་ཐམས་ཅད་ཀྱི་སྤྱིར་ནི་རྡོ་རྗེའི་ཚིག་གིས་བཟླས་ཏེ་བསྒྲུབ་བོ། །ཕྱག་ན་རྡོ་རྗེའི་ནི་རྡོ་རྗེ་ཚིག་གི་གླུ་དང་སྦྱར་ཏེ་བཟླས་སོ། །རྡོ་རྗེའི་ཧཱུཾ་ཞེས་པ་ལ་སོགས་པ་རྡོ་རྗེའི་ཁྲོ་བོ་རྣམས་ནི་རྡོ་རྗེའི་ཁྲོ་བོའི་ཚིག་གིས་བཟླས་སོ། །ཕྱིའི་རྡོ་རྗེའི་རིགས་རྣམས
92.49b
ནི་ཆོས་ཀྱི་ཚིག་གིས་ཁྲོ་བོའི་སྒྲ་ཆེན་པོ་གསལ་བར་བྱས་ཏེ་ཁྲོ་བ་དང་བཅས་པས་བཟླས་སོ། །རྡོ་རྗེའི་མ་རྣམས་ནི་རྡོ་རྗེའི་ཚིག་ཕྲ་མོས་བཟླས་སོ། །དེ་ལ་ཏིང་ངེ་འཛིན་གྱི་ངག་ནི་ཡིད་ཀྱིས་བཟླས་སོ། །དེ་ལ་རྡོ་རྗེའི་ངག་ནི་ལྕེ་ཐོག་རབ་ཏུ་མི་གཡོ་བར། །སོ་མཆུ་གཉིས་ཀ་སྦྱར་བ་སྟེ། །རྟོག་པ་ཀུན་ལ་རིག་པ་ནི། །རྡོ་རྗེའི་ངག་ནི་སྒྲ་སྤངས་པའོ། །དེ་ལ་རྡོ་རྗེའི་གླུ་ཚིག་ནི། །ཤ་ཊ་པ་ལ་སོགས་པའི་གླུ། །གྲོང་དགའ་བ་རྣམས་བླངས་པ་ཡིས། །རྡོ་རྗེའི་ཚིག་བཟླས་རྟོག་པ་རུ། །རྡོ་རྗེའི་གླུ་ཞེས་གྲགས་པའོ། །དེ་ལ་རྡོ་རྗེ་ཁྲོ་བོའི་ཚིག་ནི་འདིའོ། །ཧཱུཾ་ཞེས་པའི་ཡི་འབྲུག་སྒྲ་འདྲ། །དེ་བཞིན་ཕྲ་ཞིང་སྒྲ་དང་ལྡན། །ཁྲོ་བོ་གསལ་བ་རྡོ་རྗེ་ཆེའོ། །ཁྲོ་བོའི་ཚིག་ཅེས་གྲགས་པའོ། །ཚིག་གི་རབ་ཏུ་བྱ་བའོ། །དེ་ལ་འདི་ནི་བཟླས་པའི་ཆོ་ག་རབ་ཏུ་བྱ་བ་ཡིན་ཏེ། རྟོག་པ་དག་ནི་ཀུན་ལ་ཡང ། །སེམས་དཔའ་གང་དང་གང་དག་གི་།སྙིང་པོ་ཕྱག་རྒྱ་སྔགས་བསྒྲུབ་པས། །དེ་ཡི་བདག་ཉིད་སྤྱན་དྲང་བསྒྲུབ། །གནས་དང་སྲོག་ཆགས་ཐམས་ཅད་ནི། །རང་གི་ཚུལ་གྱིས་ཆོ་ག་ཐམས་ཅད་བསྒྲུབ་པའོ། །རྡོ་རྗེ་བཟླས་པ་ནི་རྟོག་པ་ཐམས་ཅད་བསྒྲུབ་པའོ། །རྡོ་རྗེ་སེམས་དཔའི་གསང་བའི་བཟླས་པ་འབྱུང་སྟེ། ཕྱག་ན་རྡོ་རྗེའི་སྙིང་པོ་དང ། །ཕྱག་རྒྱ་སྔགས་རིག་དེ་བཞིན་ཏེ། །བཟླས་པའི་དོན་གྱིས་མགོན་པོ་བཟླས། །རྟོག་པ་ཀུན་ལ་འང་བསྒྲུབ་པར་བྱ། །ཕྱི་ཡི་རྡོ་རྗེ་རིགས་རྣམས་ཀྱི། །ཁྲོ་བོའི་མཉམ་པར་འཇོག་པའོ། །རྡོ་རྗེ་མ་རྣམས་ཐམས་ཅད་ཀྱི། །ཡིད་ཀྱིས་སུ་ནི་སྙིང་ཡང་གཟུང ། །བཟླས་པའི་དོན་ཞེས་བྱ་བ་ལ། །ཕྱག་ན་རྡོ་རྗེའི་འདོད་པ་བསྒོམ་ཞིང་བཟླས་པ་སྟེ། འདི་ལྟར་ཨོཾ་ཞེས་བྱ་བ་ནི་འདོད་པ་སྟེ་བདེ་བ་ཆེན་པོའོ། །འདོད་པ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །འདོད་པ་ནི་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱེད་པའི་ཕྱིར་རོ། །ཛཿ ཧཱུཾ་བཾ་ཧོཿ ། འདོད་པ་ནི་ཤིན་ཏུ་དགའ་བའོ། །འདོད་པ་ནི་བཟླས་པའི་དོན་ཏོ། །གསང་བའི་བཟླས་པ་འདི་བཟླས་ན་བསོད་ནམས་ཆུང་ངུ
92.50a
ཡང་འགྲུབ་པར་འགྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་བསླུ་བར་མི་ནུས་སོ། །ཐལ་མོ་ཁོང་སྟོང་དུ་སྦྱར་ལ་མཆོད་པ་བྱ་སྟེ། དེ་ལ་མེ་ཏོག་གི་མཆོད་པ་ནི་མེ་ཏོག་གི་ཐལ་མོ་གྱེན་དུ་ཕྱེ་བས་སོ། །བདུག་པའི་མཆོད་པ་ནི་མཐུར་དུ་བརྐྱང་བས་སོ། །མར་མེའི་མཆོད་པ་ནི་མཐེ་བོ་མཉམས་པས་གཡོགས་པའོ། །དྲིའི་མཆོད་པ་ནི་རབ་ཏུ་བརྐྱང་སྟེ་སྟོང་པའམ་གང་བས་སོ། །ཕྱག་རྒྱ་འདི་རྣམས་ཀྱིས་ཡང་དག་པ་ཉིད་དུ་མཆོད་པར་འགྱུར་བ་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང ། དཀྱིལ་འཁོར་ཐམས་ཅད་དང ། དམ་ཚིག་སེམས་དཔའ་ཐམས་ཅད་དང་སྙིང་པོ་དང་ཕྱག་རྒྱ་དང་སྔགས་དང་རིག་པ་དང་ལྷ་ཐམས་ཅད་ལ་ཡང་ངོ ། །མཆོད་པའི་རབ་ཏུ་བྱ་བའོ། །དེ་ལ་བསོད་ནམས་མེད་པའི་སེམས་ཅན་གྱི་སྒྲུབ་པའི་རབ་ཏུ་བྱ་བ་འབྱུང་སྟེ། དཀྱིལ་འཁོར་གང་ཡང་རུང་བ་ཅིག་ཉིན་རེ་ཞིང་ཅི་ཙམ་འདོད་པའི་ཚད་དུ་ཉི་མ་བཞིར་བྲིས་ནས་ཇི་ལྟ་བ་བཞིན་དུ་དེར་ཞུགས་ལ་ཕྱག་རྒྱ་ཆེན་པོ་བཅིངས་ནས་རང་གི་ལྷག་པའི་ལྷ་ལན་བརྒྱ་བཟླས་སོ། །བསོད་ནམས་མེད་པའི་སེམས་ཅན་གྱི་སྒྲུབ་པའི་རབ་ཏུ་བྱ་བའོ། །དེ་ལ་མྱུར་དུ་འགྲུབ་པར་འགྱུར་བའི་རབ་ཏུ་བྱ་བ་སྟེ། དེ་ལ་དེ་བཞིན་གཤེགས་པའི་མྱུར་དུ་འགྲུབ་པར་འགྱུར་བ་ནི། ཏིང་འཛིན་ཆོས་སྦྱིན་ལ་སོགས་དང ། །རྒྱ་ཆེན་ཚུལ་རྣམས་ཀློག་པ་དང ། །དད་ལ་གནས་ཏེ་དེ་བཞིན་མཆོད། །དངོས་གྲུབ་མྱུར་སྦྱིན་ཆེན་པོ་ཡིན། །དེ་ལ་ཕྱག་ན་རྡོ་རྗེའི་མྱུར་དུ་འགྲུབ་པར་འགྱུར་བ་ནི། འདོད་ལ་ཆགས་དང་བྲལ་མིན་དང ། །འདོད་ལ་ཆགས་པའི་དམ་པས་མཆོད། །འདོད་ལ་ཅི་ནུས་ཆགས་བྱ་བ། །མྱུར་དུ་དངོས་གྲུབ་སྦྱིན་པ་ཡིན། །དེ་ལ་འདི་ནི་སེམས་དཔའ་ཆེན་པོ་རྣམས་ཀྱི་མྱུར་དུ་འགྲུབ་པ་ནི། སྦྱིན་དང་ཚུལ་ཁྲིམས་དེ་བཞིན་བཟོད། །བརྩོན་འགྲུས་བསམ་གཏན་དེ་བཞིན་བློ། །ཅི་ནུས་ཀྱིས་ཀྱང་བྱ་བ་ནི། །ཉིན་གཅིག་བཞིན་དུ་ཅི་འདོད་པར། །ཕྱིའི་རྡོ་རྗེའི་རིགས་ཀྱི་གྲུབ་པ་མྱུར
92.50b
བ་ནི། སངས་རྒྱས་མཆོད་ཅིང་དེ་བཞིན་དང ། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །རྡོ་རྗེ་རྟག་ཏུ་ལག་ན་བཟུང ། །མི་བགྲུངས་ཐམས་ཅད་ཚར་གཅོད་མཆོག་།དེ་ནས་རྡོ་རྗེ་མ་རྣམས་ཀྱི་གྲུབ་པ་མྱུར་དུ་སྒྲུབ་པའི་རབ་ཏུ་བྱ་བ་སྟེ། སེམས་ཅན་དགེ་ལ་དང་བ་དང ། །མཆོད་ཅིང་དམ་ཚིག་བསྲུང་བ་སྟེ། །ཕྱག་རྒྱའི་གར་གྱི་མཆོད་པ་དང ། །སེམས་ཅན་མ་རུངས་དྲག་ཤུལ་བྱ། །གྲུབ་པ་མྱུར་བའི་རབ་ཏུ་བྱ་བའོ། །དེ་ལ་སློབ་དཔོན་གྱི་རབ་ཏུ་བྱ་བ་འབྱུང་སྟེ། དེ་ལ་འདི་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་སློབ་དཔོན་དུ་བསྒྲུབ་པ་སྟེ། དཀྱིལ་འཁོར་དུ་དེ་བཞིན་གཤེགས་པའི་སྤྱན་སྔར་བཛྲ་བིད་ཅེས་བྱ་བའི་སྙིང་པོ་སྟོང་རྩ་བརྒྱད་བཟླས་ནས་སློབ་དཔོན་རང་གིས་དམ་ཚིག་གི་ཕྱག་རྒྱ་སྟོང་བཟླས་ཏེ་སློབ་མ་དབང་བསྐུར་བའི་སྙིང་པོ་ནི་འདིའོ། །བཛྲ་སཏྭ་བཛྲ་རཏ་ན་བཛྲ་དྷརྨ་བཛྲ་ཀརྨ་ཨོཾ་ཨ་མུ་ཁ་མ་དྷི་ཏིཥྚ་སརྦ་ཏ་ཐཱ་ག་ཏ་ཨཱརྱ་དཏྟེ་སཝཱ་ཧཱ། འདི་བརྒྱ་བཟླས་པ་ནི་སྙིང་ཀ་ལ་སོགས་པར་ཕྱག་རྒྱ་བཞག་ནས་སྤྱི་བོར་ཐམས་ཅད་བཟླས་སོ། །དེ་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་སློབ་དཔོན་སྦྱིན་ནོ། །ཕྱག་ན་རྡོ་རྗེའི་ཆ་ལུགས་སྤྱི་བོར་བཟུང་ནས་སྙིང་པོ་འདི་བརྒྱ་འམ་བརྒྱ་རྩ་བརྒྱད་དུ་ཟློས་ཤིག་།བརྒྱ་བཟླས་པས་ནི་དེ་བཞིན་གཤེགས་པའི་རྡོ་རྗེའི་སློབ་དཔོན་དུ་འགྱུར་རོ། །བརྒྱ་རྩ་བརྒྱད་བཟླས་པས་ནི་ཏིང་ངེ་འཛིན་གྱི་རྡོ་རྗེ་སློབ་དཔོན་དུ་འགྱུར་རོ། །དེ་ལ་སྙིང་པོ་ནི་འདིའོ། །ོཾ་མ་ཧཱ་སུ་ཀ་བཛྲ་སཏྭ་ཛཿ ཧཱུཾ་བཾ་ཧོཿ ་སུ་ར་སྟྭཾ། དེ་ནས་དེའི་ལག་ཏུ་རྡོ་རྗེ་སྦྱིན་ནོ། །དེ་ནས་རྡོ་རྗེ་རིགས་ཀྱི་སྟེ། ལག་པ་གཉིས་སུ་རྡོ་རྗེ་བྱིན་ནས་རྡོ་རྗེ་རིགས་ཀྱི་རྡོ་རྗེའི་དྲི་ཆུས་བསྲེས་པའི་བུམ་པས་དབང་བསྐུར་རོ། །སྙིང་པོ་འདིའོ། །ོཾ་བཛྲ་ཨ་དྷི་པ་དྷི་ཏྭཱཾ་ཨ་བྷི་ཥི་ཉྩཱ་མི་དྲི་ཌྷོ་བྷ་བ་ཛཿ ཧཱུཾ་བཾ་ཧོཿ ཧཱུཾ་ཕཊ། དེ་ནས་པདྨོ་རིགས་ཀྱི་སློབ་དཔོན་དུ་བསྒྲུབ་པ་ནི་པདྨོ་ལག་ཏུ་བྱིན་ནས་སྟོང་རྩ་བརྒྱད་བཟླས་ཏེ་པད་མའི་ཕྲེང་བས་མགོ་བཅིང་ངོ ། །སྙིང་པོ་འདི་བརྗོད་དོ། །ོཾ་པད་མ་མཱ་ལེ་ཨ་བྷི
92.51a
ཥིཉྩ་ལོ་ཀེ་ཤཝ་ར་ར་ཏྭེ་སཝཱ་ཧཱ་ཧྲཱིཿ ་རྡོ་རྗེ་རིན་པོ་ཆེའི་སློབ་དཔོན་དུ་བསྒྲུབ་པ་ནི་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་སློབ་མ་དབང་བསྐུར་བའི་གནས་སུ་བཞག་ནས་སྙིང་པོ་འདི་སྟོང་བཟླས་སོ། །ོཾ་བཛྲ་རད་ན་ཨ་བྷི་ཥིཉྩ་རཏ་ནཱ་དྷི་པ་ཏི་ཏྭེ་བྷ་བ་ཊ་ཊ། སློབ་དཔོན་གྱིས་དཀྱིལ་འཁོར་ཐམས་ཅད་དུ་བཙུད་དེ་དབང་བསྐུར་རོ། །ཕྱག་ན་རྡོ་རྗེ་སློབ་དཔོན་དུ་བྱ་སྟེ། ཡང་བདག་ཉིད་ཀྱིས་དཀྱིལ་འཁོར་བྲིས་ལ་བདག་ཉིད་ལ་བདག་གིས་སློབ་དཔོན་དུ་དབང་བསྐུར་རོ། །དེ་ལ་སློབ་དཔོན་གྱི་བརྟུལ་ཞུགས་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སློབ་དཔོན་ནི་ཟླ་བ་གཅིག་གི་བར་དུ་རབ་ཏུ་བྱུང་ལ་བསླབ་པ་ཐམས་ཅད་བཟུང་སྟེ། རང་གི་ལྷག་པའི་ལྷ་དུས་གསུམ་དུ་བསྒྲུབ་བོ། །དེ་བཞིན་གཤེགས་པའི་རིགས་ཀྱི་སློབ་དཔོན་གྱི་བརྟུལ་ཞུགས་ནི་ཟླ་བ་ཕྱེད་ཀྱི་བར་དུ་ཉིན་རེ་ཞིང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་ཕྱག་ན་རྡོ་རྗེའི་སྐུ་འམ། རང་གི་ལྷ་ཉིད་ལ་མཆོད་ནས་ཀྱོ་བ་ཏང་གིས་བཀུག་སྟེ། མི་སྐྱོ་བར་བཟླས་ཏེ་ལམ་དང་ལམ་མ་ཡིན་པའི་སྐབས་མི་དབྱེའོ། །དེ་ནས་ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་འབྱུང་སྟེ། ཉིན་རེ་ཞིང་ནང་པར་ལངས་ནས་བདག་ཉིད་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ཏེ་བཀྲུས་ལ་དྲི་ཞིམ་པོ་དང་གོས་འཚེར་བ་དང་རྒྱན་གྱིས་ཆས་ཏེ་གླུ་དང་སིལ་སྙན་དང་བཀོད་པ་དང་སྒེག་པ་རྣམས་དང་ལྡན་པས་བཅོམ་ལྡན་འདས་ལ་མི་ཏོག་ལ་སོགས་པ་གསང་བའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་བཅོམ་ལྡན་འདས་དང ། བདག་ཉིད་ལ་འདོད་པའི་དངོས་པོས་མཆོད་པ་བྱ་སྟེ། དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཅི་འདོད་པ་བཟླས་ཏེ། ཕྱེད་ཡོལ་གྱི་བར་དུ་འདོད་པའི་ཡོན་ཏན་ལྔ་སྤྱད་ནས་དེ་བཞིན་དུ་མཆོད་པ་བྱས་ཏེ་ཅི་འདོད་པར་བཟླས་སོ། །དེ་ནས་ཡང་མཚན་རངས་པར་འདོད་པ་ལྔ་རྣམས་ལ་བརྟེན་ཅིང་བཟླས་པར་བྱ་སྟེ། དེ་ལྟར་ཞག་བཞིའི་བར
92.51b
དུ་བྱའོ། །དེ་ནས་རྡོ་རྗེ་རིགས་ཀྱི་བརྟུལ་ཞུགས་ནི་ཟླ་བ་ཕྱེད་ཀྱི་བར་དུ་སྨོན་པར་བསྒྱུར་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ཞིང་ཕྱག་ན་རྡོ་རྗེ་མཆོད་དེ། མགོ་ས་ལ་གཏུགས་ནས་སྒྲེན་མོར་བྱུང་ངམ། གོས་གྱོན་ཡང་རུང་སྟེ། མགོ་བོ་རྡོབ་ཅིང་མི་འོ་ཅོག་ལ་གཤེ་ཞིང་རྒྱ་ལ་ཕྱག་རྒྱ་རྣམས་ཀྱིས་གར་བྱས་ཏེ། ཡིད་ཀྱིས་དེ་བཞིན་གཤེགས་པ་བསམས་ནས་མཚམས་བཅིང་བ་ལ་སོགས་པ་བྱས་ནས་བཅོམ་ལྡན་འདས་ལ་ཇི་ལྟ་བ་བཞིན་དུ་མཆོད་པ་བྱས་ཏེ་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ནས་པད་མོ་རིགས་ཀྱི་བརྟུལ་ཞུགས་ནི་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། བའི་གཅིན་ཧུབ་གང་འཐུངས་ལ་བའི་ལྕི་བ་ཅུང་ཟད་ཟོས་ན་དག་པའི་བརྟུལ་ཞུགས་ཐམས་ཅད་འགྲུབ་བོ། །དེ་ནས་ཞག་བདུན་དུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་སྟོང་རྩ་བརྒྱད་བཟླས་སོ། །དེ་ནས་ནོར་བུའི་རིགས་ཀྱི་བརྟུལ་ཞུགས་ནི་ཉིན་རེ་ཞིང་རང་ལ་དབང་བསྐུར་ནས་དེ་བཞིན་གཤེགས་པ་དང ། སེམས་དཔའ་ཆེན་པོ་རྣམས་མཆོད་དེ་རྒྱལ་པོ་ལྟ་བུར་བསྒོམ་ཞིང་རྒྱལ་པོའི་ཕོ་བྲང་དུ་སོང་ནས་རྒྱལ་པོའི་མདུན་དུ་བརྒྱ་ཞག་བརྒྱད་ཀྱི་བར་དུ་བཟླས་སོ། །དེ་ལྟར་ན་སློབ་དཔོན་གྱིས་གྲུབ་པ་ཐམས་ཅད་དང ། ཕུན་སུམ་ཚོགས་པ་ཐམས་ཅད་དང་ཤེས་པ་ཐམས་ཅད་དང་ཀུན་གྱིས་མཆོད་པ་ལ་སོགས་པ་དང་ལས་ཐམས་ཅད་ཐོབ་པར་འགྱུར་རོ། །སློབ་དཔོན་གྱི་རབ་ཏུ་བྱ་བའོ། །དེ་ནས་ལས་གྲུབ་པ་ནི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ཏེ་ལས་ཐམས་ཅད་བྱས་ན་ཐམས་ཅད་འགྲུབ་པར་འགྱུར་རོ། །རྡོ་རྗེའི་ཕྱག་རྒྱ་ཆེན་པོ་བཅིངས་ནས་རྡོ་རྗེའི་བཟླས་པ་བརྒྱད་སྟོང་བཟླས་ན་འཇིག་རྟེན་པ་དང ། འཇིག་རྟེན་ལས་འདས་པའི་ལས་ཐམས་ཅད་ལ་ཕྱག་རྒྱ་ཐམས་ཅད་བཅིངས་པ་ཙམ་གྱིས་བདག་དང་ཕ་རོལ་གཉིས་ཀ་འགྲུབ་པར་འགྱུར་རོ། །སྔགས་ནི་རྡོ་རྗེ་ཚིག་གིས་སྟོང་ཕྲག་བརྒྱར་བཟླས་ན་སྔགས་ཐམས་ཅད་ཐང་ཅིག་བཟླས་པས་ལས་ཀུན་བྱེད་དོ། །
92.52a
རིག་པ་སྟོང་ཕྲག་བརྒྱར་བཟླས་ན། དེ་ནས་རིག་པ་ཐམས་ཅད་ཐང་ཅིག་བཟླས་པས་ལས་ཐམས་ཅད་བྱེད་དོ། །དེ་ནས་སྙིང་པོ་དང་ཕྱག་རྒྱ་དང་སྔགས་དང་རིག་པ་རྣམས་འབྱུང་སྟེ། བཛྲ་སཏྭ་ནི་སྙིང་པོའོ། །སཝ་ཏ་བཛྲ་ནི་ཕྱག་རྒྱའོ། །ོཾ་ནི་སྔགས་སོ། །ཁི་ཏི་ནི་རིག་པའོ། །དེ་ནས་སྙིང་པོ་དང་ཕྱག་རྒྱ་དང་སྔགས་དང་རིག་པ་ཐམས་ཅད་བསྒྲུབ་པའི་སྙིང་པོ་འབྱུང་སྟེ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿ ཧཱུཾ་བཾ་ཧོཿ ་སུ་ར་ཏ་སྟྭཾ། འདི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རྡོ་རྗེ་སེམས་དཔས་བཟླས་པས་གླུ་དང་རྡོ་རྗེའི་ཚིག་གིས་སྟོང་རྩ་བརྒྱད་བཟླས་ན་སྙིང་པོ་དང་ཕྱག་རྒྱ་དང་སྔགས་དང་རིག་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་ལས་ཕྱི་མའི་རྒྱུད་བཤད་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེ་བྱང་ཆུབ་སེམས་དཔས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་རྣམ་གྲངས་འདི་བཤད་ལགས་ན། དེ་བས་ན་བཅོམ་ལྡན་འདས་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་གྲུབ་པ་དེ་སེམས་ཅན་འདུལ་བའི་སླད་དུ་ཡུལ་གཞན་དུ་མཆི་བ་འམ། དབུལ་པོར་འགྱུར་བའམ་འཁྲུག་པའམ་ཕྲག་དོག་གམ་རྨ་དབབ་པའམ་སྡུག་བསྔལ་བའམ་འདོད་པ་ཆུང་བའམ་འདོད་པ་ལ་ཆགས་པའམ་རབ་ཏུ་འབྱུང་བར་སེམས་པའམ་གནོད་པ་མང་བའམ་ཉེས་པ་མང་བའམ་མྱ་ངན་ནམ་ནད་དམ་འཇིགས་པ་མང་པོ་ལ་སོགས་པ་གཞན་ཡང་དད་པ་མེད་པར་འགྱུར་བ་དེ་ལྟ་བུར་མི་འགྱུར་བར་ལྷག་པའི་བསམ་པའི་ཆོས་སྐྱེ་བ་དང ། སྒྲིབ་པ་ཡོངས་སུ་བྱང་བར་འགྱུར་བ་དེ་ལྟར་བྱིན་གྱིས་བརླབ་པར་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསུངས
92.52b
སོ། །དམ་ཚིག་ཆེན་པོ་དེ་ཁོ་ན་ཉིད་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཐམས་ཅད་པ། མ་ཐུལ་བ་འདུལ་བ་འདི་ཁྱོད་ཀྱིས་དེ་བཞིན་དུ་བཤད་པ་དེ་དག་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་སོ། །དེ་ནས་སྒྲུབ་པ་པོ་དེ་དག་གིས་དང་པོར་རེ་ཤིག་དེ་བརྒྱད་སྟོང་ཇི་ལྟ་བར་བཟླས་ནས་དེ་ཉིད་དམ་གཞན་དག་གི་ཡང་རུང་བསྒྲུབ་པར་བྱའོ། །གང་དག་འདོད་ཆགས་དང་བྲལ་བའི་ཆོས་ཀྱིས་འདུལ་བ་དེ་ལྟ་བུ་དག་ཀྱང་འབྱུང་བར་འགྱུར་ཏེ། དེ་དག་ལ་ཡང་སྙིང་པོ་འདི་སྦྱིན་ནོ། །ོཾ་བྷུ་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཧོ། ས་མ་ཡ་སྟྭཾ། འདི་ཡང་བརྒྱ་སྟོང་དུ་བཟླས་ནས་དེ་ཉིད་དམ་གཞན་ཡང་བསྒྲུབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་ན་རྡོ་རྗེས་ཕྱག་འཚལ་ཏེ་ཚིགས་སུ་བཅད་པ་འདི་གསུངས་སོ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །རྟོག་པའི་དམ་པ་རབ་བཤད་པ། །འཇིག་རྟེན་གསུམ་རྒྱལ་ཞེས་བྱ་བ། །གྲུབ་པ་ཐམས་ཅད་རབ་སྩོལ་མཆོག་།གང་གིས་བརྗོད་པ་ཙམ་གྱིས་ན། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །འཇིག་རྟེན་ཀུན་ན་མཆོད་པ་སྟེ། །གྲུབ་པ་ཐམས་ཅད་ཐོབ་པར་འགྱུར། །གང་དག་འདྲི་ཞིང་ཀློག་པ་དང ། །འཛིན་ཅིང་དད་པ་དེ་བཞིན་ཏེ། །དེ་ཡང་ཚེ་འདི་ཉིད་ལ་ནི། །གྲུབ་པ་ཐམས་ཅད་ཐོབ་འགྱུར་ན། །དད་པ་བརྟུལ་ཞུགས་བརྟན་པ་ཡིས། །སྒྲུབ་པར་བྱེད་པ་ཅི་སྨོས་ཏེ། །སངས་རྒྱས་ཕྱག་ན་རྡོ་རྗེ་ཉིད། །ཚེ་འདི་ཉིད་ལ་དེ་ཡིས་ཐོབ། །རྟོག་པ་ཀུན་ཀྱང་སྦྱར་ཡང་རུང ། །རང་གིས་བྱས་པ་འང་དེ་བཞིན་ཏེ། །རྟོག་པའི་རྒྱལ་པོ་ཉིད་བསྒྲུབས་ན། །དད་པ་མེད་ཀྱང་མྱུར་དུ་འགྲུབ། །བདག་གི་ཁྱིམ་དུ་གནས་པ་འང ། །དེ་ལ་བདག་ཀྱང་ཀུན་འགྲུབ་ཕྱིར། །དེ་ལ་བདག་ནི་བསྲུང་བར་གནས། །དངོས་གྲུབ་དང་ནི་འདོད་ཀུན་དང ། །འཕེལ་བ་དང་ནི་འཚེ་མེད་དང ། །ཤེས་པ་རྣམས་དང་ཚེ་དང་སྟོབས། །གཟུགས་མཆོག་ངེས་པར་སྩལ་བར་བགྱི། །དེ་ནས་བཅོམ་ལྡན་འདས་གདན་ལས་བཞེངས་ཏེ། ཁམས་གསུམ་མཐའ་དག་ལུས་དང་ངག་དང་སེམས་རྡོ་རྗེའི
92.53a
རྡུལ་ཕྲ་མོ་རྣམས་ཀྱིས་ཁྱབ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ། །སེམས་དཔའ་ཆེན་པོ་ཞེས་བྱས་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་པ་ལ་མངོན་པར་དགྱེས་པར་གྱུར་ཏོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ཆེན་པོའི་རྒྱལ་པོ་ཀུན་རྫོགས་སོ།། །།འདིའི་འགྱུར་ལ་ལོ་ཆེན་རིན་ཆེན་བཟང་པོས་བསྒྱུར་ཡང་ཟེར། རྣལ་འབྱོར་རྒྱུད་ལ་མཁས་པ་ཞ་ལུ་བ་ཡེ་ཤེས་རྒྱ་མཚོས་ཚིག་དོན་ལ་ལེགས་པར་དཔྱད་ནས་ཞུས་དག་།ཡང་འགའ་ཞིག་རྨ་དགེ་བློས་བསྒྱུར་རོ་ཞེས་ཀྱང་འདོད་པ་ཡོད།། །།སྟག་ལུ་བརྒྱུད་འབུམ་ལ་སྟུགས་བའི་མ་ལས་ཞུས་དག་པར་བྱས། མངྒ་ལཾ།། །།