rKTs


J687

(e-text produced by ADARSHA)

see text in transliteration
100.14a
རྒྱ་གར་སྐད་དུ། ་ཨཱརྱ་མུ་ཁ་ད་ཤཻ་ཀ་བིདྱཱ་མནྟྲ་ཧྲྀ་ད་ཡ་ནཱ་མ་དྷཱ་ར་ཎཱི། ་བོད་སྐད་དུ། ་འཕགས་པ་ཞལ་བཅུ་གཅིག་པའི་རིག་སྔགས་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་འོད་མའི་མྱུ་གུའི་དཀྱིལ་འཁོར་ན་དགེ་སློང་གི་དགེ་འདུན་ཆེན་པོ་སྟོང་ཉིས་བརྒྱ་ལྔ་བཅུ་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད་པ་དང་ཐབས་གཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱམས་པ་ནི་གཙོ་བོར་གྱུར་ཏོ། །གཞན་ཡང་དེའི་ཚེ་བཅོམ་ལྡན་འདས་དགེ་སློང་དང །
100.14b
དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་ཚད་མེད་པ་སྙེད་དང ། ལྷ་དང་ཀླུ་དང ། གནོད་སྦྱིན་དང་དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། གྲུལ་བུམ་དང་ཤ་ཟ་དང་མི་དང ། མི་མ་ཡིན་པ་ལ་སོགས་པའི་འཁོར་མང་པོ་དག་གིས་ཡོངས་སུ་བསྐོར་ནས་མཆོད་ཅིང་རིམ་གྲོར་བྱས། བཀུར་སྟིར་བྱས། བླ་མར་བྱས་ཏེ་གསང་སྔགས་བརྗོད་པ་ལ་ཆོས་སྟོན་པར་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དྲང་སྲོང་རིག་སྔགས་འཆང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་དག་གིས་ཡོངས་སུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་གཡས་ཕྱོགས་སུ་ལན་གསུམ་བསྐོར་བ་བྱས་ནས། ཕྱོགས་གཅིག་ཏུ་འཁོད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་རིག་སྔགས་ཀྱི་སྙིང་པོ་གདོང་བཅུ་གཅིག་པ་ཞེས་བགྱི་བ་མཐུ་ཆེན་པོ་དང་ལྡན་པ། སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་གིས་གསུངས་པ་མཆིས་ཏེ། དེང་བདག་གིས་སེམས་ཅན་ཐམས་ཅད་ལ་སྨན་ཅིང་བདེ་བར་བགྱིད་པ་དང ། བྲོ་ནད་ཐམས་ཅད་ཞི་བར་བགྱིད་པ་དང ། སྡིག་པ་ཐམས་ཅད་སྦྱང་བ་དང ། བཀྲ་མི་ཤིས་པ་ཐམས་ཅད་བཟློག་པར་བགྱི་བ་དང ། རྨི་ལམ་ངན་པ་ཐམས་ཅད་དགག་པ་དང ། དུས་མ་ལགས་པར་འགུམ་པ་ཐམས་ཅད་བཟློག་པ་དང ། ངན་སེམས་ཅན་རྣམས་གདུལ་ཞིང་དང་བ་ཐོབ་པར་བགྱི་བ་དང ། མྱ་ངན་གྱི་སྡུག་བསྔལ་དང་ལྡན་པ་དག་བདེ་བ་ཐོབ་པར་བགྱི་བ་དང ། འཁོན་དང་བཅས་པ་རྣམས་འདུམ་པར་བགྱི་བ་དང ། བདུད་དང་གདོན་བགེགས་རྣམས་ཞི་བར་བགྱི་བ་དང་སེམས་ཀྱི་སྨོན་པ་རྣམས་མངོན་པར་འགྲུབ་པར་བགྱི་བའི་སླད་དུ་བཤད་པར་བགྱིའོ། །བཅོམ་ལྡན་འདས་བདག་གིས་ནི་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེར་བཅས
100.15a
པ་ལ་སོགས་པ་ལ་གང་གིས་ཀྱང་རིག་སྔགས་འདིས་བསྲུང་བར་བགྱིས་པ་དང ། འདི་ལེན་པ་དང ། འཛིན་པ་དང ། ཀློག་པ་དང ། འདོན་པ་དང ། ཡི་གེར་བྲིས་ནས་སྤེལ་བར་བགྱིད་པ་དེ་དག་ལ་བགེགས་བགྱིད་པ་དང ། བདུད་ཀྱི་བར་ཆད་དང ། མཚོན་ཆ་དང་དབྱིག་པ་དང་དུག་དང ། བྱད་སྟེམས་ཐམས་ཅད་ཀྱིས་གནོད་པ་བགྱིད་པར་འགྱུར་བ་མ་ལགས་སོ། །བདག་གིས་རིག་སྔགས་འདི་གནས་པའི་ཕྱོགས་སུ་རིང་ཡང་རུང་ཉེ་ཡང་རུང་སྟེ། ཅི་ཙམ་དུ་མཚམས་བཀུམ་པ་ལས་འདས་ནས་གནོད་པ་བགྱིད་དུ་མཆི་བ་མ་མཐོང་ལགས་ཏེ། སྡིག་པའི་ལས་ངེས་པར་རྣམ་པར་སྨིན་པར་གྱུར་པ་ནི་མ་གཏོགས་ལགས་སོ། །བཅོམ་ལྡན་འདས་དེས་དངོས་པོ་འདི་ངེས་པར་དེ་ལྟ་བུ་ལགས་པར་རིག་པར་བགྱིས་ནས་མངོན་པར་ཡིད་ཆེས་པས་བླང་བར་བགྱིའོ། །རྣམ་པར་རྟོག་པ་ནི་མི་བགྱིའོ། །དེ་ལྟར་བགྱིས་ན་གདོན་བགེགས་ཐམས་ཅད་ཐག་རིང་དུ་སྤོང་བས་ཉེ་བར་མཆི་ཞིང་གླགས་རྙེད་པར་མི་འགྱུར་ལགས་སོ། །རིག་སྔགས་ཀྱི་སྙིང་པོ་འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་མཚུངས་པར་བསྔགས་པ་བརྗོད་ཅིང་མཚུངས་པར་རྗེས་སུ་ཐུགས་རངས་པར་མཛད་པ་ལགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་ཤིང་ཡོངས་སུ་བསྲུང་བ་མཛད་པ་ལགས་སོ། །བཅོམ་ལྡན་འདས་བདག་གིས་མངོན་པར་དྲན་ལགས་ཏེ། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སྔོན་རོལ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་བརྒྱའི་སྤྱན་ཐོགས་པ་མི་མངའ་བའི་གཙུག་ཏོར་ཡོན་ཏན་རབ་ཏུ་རྒྱས་པའི་འོད་ཟེར་གྱི་རྒྱལ་པོ་ཞེས་བགྱི་བ་འཇིག་རྟེན་དུ་བྱུང་སྟེ། བདག་དེའི་ཚེ་དྲང་སྲོང་དུ་གྱུར་པས་བཅོམ་ལྡན་འདས་དེ་ལས་རིག་སྔགས་འདི་མནོས་ལགས་ཏེ། རིག་སྔགས་འདི་ཐོབ་པའི་ཚེ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱང་མཐོང་བར་འགྱུར། མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཡང་ཐོབ་པར་གྱུར་པས་རིག་སྔགས་འདི་མཐུ་ཆེན
100.15b
པོ་དང་ལྡན་པར་རིག་པར་བགྱི་ལགས་སོ། །དེ་ལྟ་བས་ན་ཡོངས་སུ་དང་བ་དང་ལྡན་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་སོགས་པ་དག་གིས་རིག་སྔགས་འདི་ལེན་པ་དང ། འཛིན་པ་དང ། ཀློག་པ་དང ། འདོན་པར་འཚལ་ན། གུས་པས་སེམས་རྩེ་གཅིག་ཏུ་དྲན་པས་བཅངས་ཏེ། རྟག་པར་ནང་པར་ལངས་ནས་ཆོས་བཞིན་དུ་ཡོངས་སུ་དག་པར་བགྱིས་ཏེ། རིག་སྔགས་འདི་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན་ཚེ་འདི་ཉིད་ལ་ཕན་ཡོན་རྣམ་པ་བཅུ་ཐོབ་པར་འགྱུར་བ་ལགས་སོ། །བཅུ་གང་ཞེ་ན། རྟག་པར་ལུས་ལ་བྲོ་ནད་མ་མཆིས་པར་འགྱུར་བ་དང ། རྟག་པར་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཡོངས་སུ་གཟུང་བར་འགྱུར་བ་དང ། ནོར་དང ། རིན་པོ་ཆེ་དང་གོས་དང ། ཟས་བས་པ་མ་མཆིས་པ་དག་ལ་ལོངས་སྤྱོད་པར་འགྱུར་བ་དང ། དགྲ་ཐམས་ཅད་ཐུལ་ཅིང་འཇིགས་པ་མ་མཆིས་པར་འགྱུར་བ་དང ། ཡ་རབས་བཙུན་པ་རྣམས་ཀྱིས་བཀུར་ཞིང་གསོང་པོར་སྨྲ་བར་འགྱུར་བ་དང ། དུག་དང་འདྲེ་གདོན་གྱིས་མི་ཚུགས་ཤིང་གནོད་པ་བགྱིད་པར་མི་འགྱུར་བ་དང ། མཚོན་ཆ་དང ། དབྱིག་པ་ཐམས་ཅད་ཀྱིས་གནོད་པ་བགྱིད་པར་མི་འགྱུར་བ་དང ། ཆབ་ཀྱིས་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་དང ། ཞུགས་ཀྱིས་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་དང ། དུས་མ་ལགས་པར་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་དག་ལགས་སོ། །གཞན་ཡང་ཡོན་ཏན་གྱི་སྨན་ཡོན་རྣམ་པ་བཞི་ཐོབ་པར་འགྱུར་ཏེ། འགུམ་པའི་དུས་ཀྱི་ཚེ་སངས་རྒྱས་རྣམས་མཐོང་བར་འགྱུར་བ་དང ། ནམ་ཡང་ངན་འགྲོ་རྣམས་སུ་ལྷུང་བར་མི་འགྱུར་བ་དང ། ཡ་ང་བ་མ་སྤངས་པས་འགུམ་པའི་དུས་བགྱིད་པར་མི་འགྱུར་བ་དང ། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་བ་དག་ལགས་སོ། །བཅོམ་ལྡན་འདས་བདག་གིས་མངོན་པར་དྲན་ལགས་ཏེ། འདི་ནས་བསྐལ་པ་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་དག་གི་སྔ་རོལ་གྱི་ཡང་ཆེས་སྔ
100.16a
རོལ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མན་དཱ་ར་བའི་དྲི་བསུང་ཞེས་བགྱི་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་བདག་ཁྱིམ་བདག་ཆེན་པོ་ཞིག་ཏུ་གྱུར་པས། སངས་རྒྱས་དེ་ལ་རིག་སྔགས་འདི་མནོས་ལགས་ཏེ། རིག་སྔགས་འདི་ཐོབ་མ་ཐག་ཏུ་བསྐལ་པ་བཞི་ཁྲིའི་འཁོར་བ་བསྙིལ་ལགས་སོ། །རིག་སྔགས་འདི་ཀློག་པ་དང ། འཛིན་པ་དག་གིས་གཞན་ཡང་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཀྱི་སྙིང་པོ་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྣམ་པར་ཐར་པའི་ཆོས་ཀྱི་སྒོ་ཐོབ་པར་འགྱུར་ཏེ། དེའི་མཐུ་སྟོབས་ཀྱི་དབང་གིས་གང་དག་བཙོན་ར་དམ་པོར་ཆུད་པ་དང ། བཙོན་རར་སྩལ་བ་དང ། དགུམ་པ་ལ་ཐུག་པ་དང ། ཆབ་དང ། ཞུགས་དང ། རླུང་དང་ཆོམ་རྐུན་དང ། དུག་དང་བྱད་སྟེམས་དང་མི་དང ། མི་མ་ལགས་པ་ལ་སོགས་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱི་བགེགས་ཐམས་ཅད་ལས་ཡོངས་སུ་སྐྱོབ་པར་བགྱིད་པ་ལགས་སོ། །བདག་ནི་འདིའི་དབང་གིས་སེམས་ཅན་ཐམས་ཅད་ཀྱི་གནས་དང་སྐྱབས་དང ། ཡོངས་སུ་སྐྱོབ་པ་དང ། ཡོངས་སུ་བསྲུང་བ་དང ། དབུགས་འབྱིན་པ་དང ། གླིང་དང་ཁང་ཁྱིམ་དུ་གྱུར་པ་ལགས་སོ། །རིག་སྔགས་འདིའི་མཐུས་གནོད་སྦྱིན་དང ། སྲིན་པོ་མ་རུངས་པ་ལ་སོགས་པ་ཐམས་ཅད་ཡོངས་སུ་བསྡུས་ཤིང་གཟུང་ནས་སྔར་བྱམས་པའི་སེམས་དང་སྙིང་རྗེའི་སེམས་བསྐྱེད་དུ་སྩལ་ནས། དེའི་རྗེས་ལ་བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བགྱི་ལགས་སོ། །བཅོམ་ལྡན་འདས་བདག་གི་རིག་སྔགས་འདི་གཟི་བྱིན་ཆེན་པོའི་མཐུ་དང་ལྡན་པས། གང་ལ་ལ་ཞིག་གིས་ལན་ཅིག་ཙམ་བཟླས་བརྗོད་བགྱིས་པ་ན་ཡང་རྩ་བའི་ལྟུང་བ་བཞི་དང ། མཚམས་མ་མཆིས་པ་ལྔ་མ་ལུས་པར་ཡོངས་སུ་འབྱང་བར་འགྱུར་ན། ཇི་སྐད་བསྟན་པ་བཞིན་དུ་སྒྲུབ་པ་ལྟ་སྨོས་ཀྱང་ཅི་འཚལ་ལགས། གང་དག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང
100.16b
དུ་མ་ལས་དགེ་བའི་རྩ་བ་སྐྲུན་པ་རྣམས་ཀྱིས་དེང་གདོད་རིག་སྔགས་འདི་ཐོས་པར་གྱུར་པ་ལགས་ན། ལེན་པ་དང་འཛིན་པ་དང ། ཇི་སྐད་བསྟན་པ་བཞིན་དུ་སྒྲུབ་པ་ལྟ་སྨོས་ཀྱང་ཅི་འཚལ་ལགས། གང་ལ་ལ་ཞིག་གིས་གདུགས་མཚན་དུ་རིག་སྔགས་འདི། ་ཀློག་པ་དང ། འདོན་པ་དང ། འཛིན་པར་བགྱིད་ན། བདག་གིས་དེ་དག་གི་སྨོན་པ་ཅི་མཆིས་པ་ཡིད་བཞིན་དུ་འགྲུབ་པར་བགྱིད་ལགས་སོ། །གང་ལ་ལ་ཞིག་གིས་ཟླ་བ་ཕྱེད་ཅིང་ཚེས་བཅུ་བཞིའམ་བཅཝ་ལྔ་ལ་སྨྱུང་བ་བགྱིས་ཏེ། སྡོམ་པ་ཡང་དག་པར་བླངས་ནས་ཆོས་བཞིན་དུ་ཡོངས་སུ་དག་པར་བགྱིས་ཏེ། སེམས་རྩེ་གཅིག་ཏུ་བདག་རྗེས་སུ་དྲན་པར་བགྱིས་ནས་རིག་སྔགས་འདི་བཟླས་བརྗོད་བགྱིས་ན་བསྐལ་པ་བཞི་ཁྲིའི་འཁོར་བ་བསྙིལ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་བདག་ནི་རིག་སྔགས་འདིའི་དབང་གིས་མིང་བཙུན་ཞིང་ཐོས་པར་དཀའ་བར་འགྱུར་ལགས་ཏེ། གང་ལ་ལ་ཞིག་གིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་མཚན་ནས་བརྗོད་ཅིང་ཡིད་ལ་བསམ་པ་དང ། གཞན་ཡང་འགའ་ཞིག་གིས་སྐད་ཅིག་གཅིག་ཙམ་དུ་བསམ་པ་ཐག་པ་ནས། བདག་གི་མིང་ནས་བརྗོད་ཅིང་རྗེས་སུ་དྲན་པར་གྱུར་ན་དེ་གཉིས་ཀྱི་ཡོན་ཏན་མཉམ་ཞིང་མཚུངས་ལགས་སོ། །བདག་གི་མིང་ནས་བརྗོད་པ་དེ་དག་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པའི་ས་འཐོབ་པར་འགྱུར། བྲོ་ནད་ཐམས་ཅད་དང་བྲལ་བར་འགྱུར། སྒྲིབ་པ་ཐམས་ཅད་དང་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར། ལུས་དང་ངག་དང་ཡིད་ཀྱི་ནོངས་པ་ཞུ་བྱང་བར་འགྱུར་ན་བདག་གིས་བསྟན་པའི་རིག་སྔགས་འདི་ལེན་པ་དང ། འཛིན་པ་དང ། ཀློག་པ་དང ། འདོན་པ་དང ། ཅི་སྐད་བསྟན་པ་བཞིན་དུ་སྒྲུབ་པ་ལྟ་སྨོས་ཀྱང་ཅི་འཚལ་ལགས་ཏེ། གང་ཟག་དེ་དག་ནི་བླ་ན་མ་མཆིས་པའི་བྱང་ཆུབ་ལག་མཐིལ་ན་མཆིས་པ་བཞིན་དུ་ཁོང་དུ་ཆུད་ཅིང་ལེགས་པར་འགྱུར་བར་རིག་པར་བགྱི་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ
100.17a
སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ལེགས་སོ་ཞེས་བསྔགས་པ་བརྗོད་ནས། རིགས་ཀྱི་བུ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་དེ་ལྟ་བུའི་བྱམས་པ་དང་སྙིང་རྗེའི་བསམ་པ་སྐྱེད་ནས། རིག་སྔགས་ཆེན་པོ་འདི་རྣམ་པར་ཕྱེ་སྟེ་བསྟན་པ་ཡིན་པས་ཁྱོད་ཐབས་འདིའི་དབང་གིས་སེམས་ཅན་ཐམས་ཅད་ཀྱི་ནད་ཀྱི་སྡུག་བསྔལ་དང ། སྒྲིབ་པ་དང་བགེགས་དང་འཇིགས་པ་དང་ལུས་དང་ངག་དང ། ཡིད་ཀྱི་ཉེས་པ་ལས་ཡོངས་སུ་སྐྱོབ་ཅིང་ཐར་བར་བྱས་ནས་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ལ་རྣམ་པར་འཇོག་པ་ཡིན་ཏེ། རིགས་ཀྱི་བུ་ང་ཡང་རྗེས་སུ་ཡི་རངས་ནས་ཁྱོད་ཀྱི་རིག་སྔགས་ཡོངས་སུ་གཟུང་ནས་ཁྱོད་ཀྱིས་སྨྲོས་ཤིག་།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །རིག་སྔགས་འདི་འདོན་པ་གང་ལགས་པ་དེས་འདི་སྐད་དུ་དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ལོ། །འཕགས་པ་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་བཀོད་པའི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ་ཞེས་བརྗོད་པར་བགྱི་ལགས་སོ། །ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨི་ཊྚེ། བ་ཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ། ཀུ་སུ་མེ། བ་རེ་ཨི་ལི་མི་ལི། ཙི་ཏི་ཙི་ཏི། ཛྭ་ལ་མ་ཧཱ་པ་ན་ཡ། ཤུདྡྷ་ཏ་སཝཱ་ཧཱ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ་སཝཱ་ཧཱ། བཅོམ་ལྡན་འདས་འདི་རྩ་བའི་རིག་སྔགས་ལགས་ཏེ།
100.17b
གང་ལ་ལ་ཞིག་གིས་རྗེས་སུ་དྲན་ཞིང་བཟླས་བརྗོད་བགྱིས་ན་གོང་དུ་བསྟན་པ་ལྟ་བུའི་ཡོན་ཏན་ཁྱད་པར་དུ་འཕགས་པ་དག་འཐོབ་པར་འགྱུར་ལགས་སོ། །དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ལོ། །འཕགས་པ་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་བཀོད་པའི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ། །ཏདྱ་ཐཱ། ཧ་ཧ་ཧ་ཧ། ཨི་ལི་མི་ལི། ཙི་ལི་པི་ལི། ཁི་ལི་ཧི་ལི་སཝཱ་ཧཱ། བཅོམ་ལྡན་འདས་འདི་ནི་ཆབ་དང་གོས་ལ་གདབ་པའི་སྔགས་ལགས་ཏེ། གང་ལ་ལ་ཞིག་དཀྱིལ་འཁོར་དུ་འཇུག་པར་འཚལ་ན་སྔར་ཁྲུས་བགྱིས་ཏེ་དེའི་རྗེས་ལ་སྔགས་འདིས་ཆབ་ལ་ལན་བདུན་བཏབ་སྟེ་ལུས་ལ་གཏོར་ནས་བསང་བར་བགྱིའོ། །གཞན་ཡང་སྔགས་འདིས་ལན་བདུན་བཏབ་སྟེ་བཟོད་བགོ་བར་བགྱི་ལགས་སོ། །དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ལོ། །འཕགས་པ་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་བཀོད་པའི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ། །ཏདྱ་ཐཱ། དྷུ་རུ་དྷུ་རུ། ཧ་ཧ་ཧ་ཧ་སཝཱ་ཧཱ། བཅོམ་ལྡན་འདས་འདི་ནི་པོག་སྤོས་དང ། མར་མེ་ལ་གདབ་པའི་སྔགས་ལགས་ཏེ། དཀྱིལ་འཁོར་དུ་ཞུགས་ནས་པོག་བསྲེགས་ཏེ་མཆོད་པར་བགྱིད་པའི་ཚེ་སྔར་སྔགས་འདི་པོག་སྤོས་ལ་ལན་བདུན་བཏབ་སྟེ། གདོད་བསྲེག་པར་བགྱིའོ། །
100.18a
མར་མེ་སྤར་བར་འཚལ་ན་ཡང་སྔར་སྔགས་འདིས་འབྲུ་མར་ལ་ལན་བདུན་བཏབ་སྟེ་གདོད་མར་མེ་སྤར་བར་བགྱི་ལགས་སོ། །དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ལོ། །འཕགས་པ་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་བཀོད་པའི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ། །ཏདྱ་ཐཱ། སི་རི་སི་རི། དྷི་རི་དྷི་རི། སི་རི་དྷི་རི་སཝཱ་ཧཱ། བཅོམ་ལྡན་འདས་འདི་ནི་མེ་ཏོག་དང ། བྱུག་སྤོས་དང ། ཕྲེང་བ་ལ་གདབ་པའི་སྔགས་ལགས་ཏེ། དཀྱིལ་འཁོར་དུ་ཞུགས་ནས། མེ་ཏོག་དང ། བྱུག་སྤོས་དང ། ཕྲེང་བ་དག་གིས་མཆོད་པ་བགྱིད་པའི་ཚེ་སྔར་སྔགས་འདིས་མེ་ཏོག་ལ་ལན་བདུན་བཏབ་སྟེ། སྐུ་གཟུགས་ལ་གཏོར་བར་བགྱིའོ། །གཞན་ཡང་སྔགས་འདིས་བྱུག་སྤོས་ལ་ལན་བདུན་བཏབ་སྟེ་སྐུ་གཟུགས་ལ་བྱུག་པར་བགྱིའོ། །གཞན་ཡང་སྔགས་འདིས་ཕྲེང་བ་ལ་ལན་བདུན་བཏབ་སྟེ་སྐུ་གཟུགས་ལ་བརྒྱན་པར་བགྱི་ལགས་སོ། །དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ལོ། །འཕགས་པ་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་བཀོད་པའི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ། །ཏདྱ་ཐཱ། ས་ཏེ་ས་ཏེ། སི་ཏི་སི་ཏི། སུ་དྷུ་སུ་དྷུ་སཝཱ་ཧཱ། བཅོམ་ལྡན་འདས་འདི་ནི་སངས་རྒྱས་ལ་མཆོད་ཅིང་དབུལ་བའི་ཞལ་ཟས
100.18b
ལ་གདབ་པའི་སྔགས་ལགས་ཏེ་གང་ལ་ལ་ཞིག་ཞལ་ཟས་དང ། མེ་ཏོག་དང་འབྲས་བུ་ལ་སོགས་པས་སངས་རྒྱས་ལ་མཆོད་པའི་ཚེ་སྔར་སྔགས་འདི་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་བཏབ་ནས་དེའི་རྗེས་ལ་གདོད་མཆོད་པར་བགྱིད་ལགས་སོ། །དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ལོ། །འཕགས་པ་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་བཀོད་པའི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ། ། (འདི་སྣར་ཐང་པའི་དཔེ་ལ་མི་འདུག)ཏདྱ་ཐཱ། མ་སི་ཏ་སི། ཙ་ལེ་ཙ་ལེ། ཧུ་རུ་ཧུ་རུ། ཙུ་རུ་ཙུ་རུ། སུ་རུ་སུ་རུ། མུ་རུ་མུ་རུ། ་སཝཱ་ཧཱ། བཅོམ་ལྡན་འདས་འདི་ནི་ཡམ་ཤིང་ལ་གདབ་པའི་སྔགས་ལགས་ཏེ་གལ་ཏེ་ལ་ལ་ཞིག་གོང་དུ་བསྟན་པའི་རྩ་བའི་རིག་སྔགས་ཀྱིས་བགྱི་བ་མཆིས་ཏེ་སྔར་སྔགས་འདི་མེ་ཏོག་ཤ་ཏའི་ཤིང་ལ་ལན་ཅིག་གདབ་པར་བགྱིའོ། །ཞུགས་འབུད་པར་འཚལ་ན་ལོགས་ཤིག་དུ་མེ་ཏོག་ཤ་ཏའི་ཤིང་བླངས་ནས་དུམ་བུ་སུམ་བཅུར་གཏུབས་ཏེ། ཞོ་དང་མར་དང་སྦྲང་རྩིའི་ནང་དུ་སྦངས་ནས། ཞག་ལོན་པར་བགྱིས་ཏེ་གདུགས་རེ་དུམ་བུ་རེ་རེ་བླངས་ནས་སྔགས་ལན་རེ་བཏབ་སྟེ་ཞུགས་ཀྱི་ནང་དུ་དོར་བར་བགྱིའོ། །དེ་དག་ཐམས་ཅད་བས་པར་བསྲེགས་ནས་དེའི་རྗེས་ལ་གདོད་བགྱི་བ་ཅི་མཆིས་པ་བགྱི་ལགས་སོ། །དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ལོ། །འཕགས་པ་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་བཀོད་པའི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །
100.19a
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨི་ལི་མི་ལི། བི་ལི་ཏི་ལི། ཙི་ལི་ཧི་ལི། ་སཝཱ་ཧཱ། བཅོམ་ལྡན་འདས་འདི་ནི་མཚམས་དགུམ་པའི་སྔགས་ལགས་ཏེ་མཚམས་དགུམ་པར་འཚལ་ན་སྔར་སྔགས་འདི་ཆབ་ལ་ལན་བདུན་བཏབ་སྟེ་ཕྱོགས་བཞིར་གཏོར་བར་བགྱིའོ། །ཡང་ན་ཡུངས་ཀར་རམ་ཐལ་བ་གཙང་མ་ལ་ལན་བདུན་སྔགས་ཀྱིས་བཏབ་སྟེ་ཕྱོགས་བཞིར་གཏོར་ན་སེམས་ཀྱིས་ཉེ་རིང་ཅི་ཙམ་དགུམ་པ་མཚམས་སུ་གྱུར་ན་ཡོངས་སུ་བསྲུང་བར་འགྱུར་ལགས་སོ། །དཀོན་མཆོག་གསུམ་ལ་གུས་པར་ཕྱག་འཚལ་ལོ། །འཕགས་པ་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ་རྣམ་པར་སྣང་མཛད་བཀོད་པའི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ། །ཏདྱ་ཐཱ། བི་ཊེ་བི་ཊེ། ཏི་ཊེ་ཏི་ཊེ། ཙི་ཊེ་ཙི་ཊེ། བིད་ཏེ་བིད་ཏེ་ཀ་ཙ་ཀ་ཙ། བྷ་ག་བན། ཨཱརྱཱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། ས་བྷ་ས་བྷ་ནཾ་སཝཱ་ཧཱ། བཅོམ་ལྡན་འདས་འདི་ནི་བདག་སླར་རང་གི་གནས་སུ་མཆི་བར་བསྐུལ་བའི་སྔགས་ལགས་ཏེ། བགྱི་བ་ཅི་མཆིས་པ་བགྱིས་ལགས་ནས་བདག་སླར་རང་གི་གནས་སུ་མཆི་བར་བསྐུལ་བའི་ཚེ་སྔགས་འདིས་ཆབ་ལ་ལན་བདུན་སྔགས་ཀྱིས་བཏབ་སྟེ་ཕྱོགས་བཞིར་གཏོར་ན་བདག་སླར་མཆི་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་རིག་སྔགས་འདི་ནི་དངོས་གྲུབ་མངོན་དུ་མ་གྱུར་ལགས་ཀྱིས་ཀྱང་ལས་སུ་བགྱི་པ་རྣམ་པ་སྣ་ཚོགས་བགྱིད་པས་སེམས་རྩེ་གཅིག་ཏུ་བཟླས་བརྗོད་བགྱིས་ན་སྨོན་པ་རྣམས་མི་འགྲུབ་པ་གང་ཡང་མ་མཆིས་ལགས་སོ། །གང་ཞིག་མྱོས་ནད་གདུགས
100.19b
རེ་རེ་ལན་རེ་ལྡང་བའམ་གདུགས་གཉིས་ཤིང་ལན་རེ་ལྡང་བ་འམ། གདུགས་གསུམ་ཞིང་ལན་རེ་ལྡང་བ་འམ། གདུགས་བཞི་ཞིང་ལན་རེ་ལྡང་བ་འམ། གདོན་འབྱུང་པོས་བགྱིས་པ་འམ། ་མཁའ་འགྲོ་མས་བགྱིས་པ་འམ། ཤ་ཟས་བགྱིས་པ་འམ། ལུས་སྲུལ་པོས་བགྱིས་པ་འམ། སྨྱོ་བྱེད་ཀྱིས་བགྱིས་པ་འམ། བརྗེད་བྱེད་ཀྱིས་བགྱིས་པ་འམ། འདྲེ་གདོན་མ་རུངས་པ་རྣམ་པ་སྣ་ཚོགས་ཀྱིས་བགྱིས་པ་ཡང་རུང་སྟེ། ནད་པ་དེ་དག་ལ་སྔགས་འདིས་ལན་བརྒྱ་རྩ་བརྒྱད་བཏབ་ན་འཚོ་བར་འགྱུར་ལགས་སོ། །གལ་ཏེ་སྒྲིབ་པ་ལྕི་བ་ཞིག་ལགས་ན། ཚོན་སྣ་ལྔའི་སྐུད་པ་ལ་སྔགས་ལན་རེ་བཟླ་ཞིང་རེ་རེ་མདུད་དེ་བརྒྱ་རྩ་བརྒྱད་ཚང་བར་བགྱིས་ནས་ནད་པའི་མགུལ་པ་འམ། དཔུང་པ་ལ་བཏགས་ན་ཁ་ན་མ་ཐོ་བའི་སྒྲིབ་པ་ཞུ་བྱང་ཞིང་བྲོ་ནད་ཀྱང་སོས་པར་འགྱུར་ལགས་སོ། །གལ་ཏེ་སྐྲངས་པ་དང ། འབྲས་ཀྱི་ཕྲེང་བ་དང ། ཤུ་བ་དང་ཕོལ་མིག་དང ། རྨ་འཛག་པ་དང ། གཡན་པ་ལ་སོགས་པའི་ནད་མ་རུངས་པ་རྣམ་པ་སྣ་ཚོགས་ཀྱིས་བྲོ་འཚལ་བར་གྱུར་ཏམ་རལ་གྲི་དང ། མདའ་དང ། མདུང་ལ་སོགས་པ་ཕོག་སྟེ་སྨྱོས་པར་གྱུར་ཏམ། སྦྲུལ་དང ། སྡིག་པ་དང ། རྩངས་པ་དང ། བུང་བ་དང ། གདུག་པ་ལ་སོགས་པས་ཟིན་པར་གྱུར་ན། སྔགས་འདིས་ལན་བདུན་བཟླས་ཏེ་བཏབ་ནས་སོས་པར་འགྱུར་ལགས་སོ། །གལ་ཏེ་སྒྲིབ་པ་ལྕི་བ་ཞིག་ལགས་ན། དོག་ས་སེར་པོའི་འཇིམ་པ་ལ་ལན་བདུན་སྔགས་ཀྱིས་བཏབ་སྟེ་བྲོ་འཚལ་བའི་དམིགས་སུ་བྱུགས་ན་སེལ་བར་འགྱུར་ལགས་སོ། །གལ་ཏེ་རླུང་ནད་ན་བ་འམ་ཕྱོགས་གཅིག་པ་ལངས་པར་གྱུར་ཏམ་རྣ་བ་འོན་པ་འམ་སྣ་འཚུབས་པ་འམ་རླུང་གིས་ཟིན་པའི་ནད་ལ་སོགས་པས་བྲོ་འཚལ་བར་གྱུར་ན། སེམས་རྩེ་གཅིག་ཏུ་སྔགས་འདི་བཟླས་བརྗོད་བགྱིས་ནས་ནད་པ་དེ་དག་ལ་ལན་བརྒྱ་རྩ་བརྒྱད་སྔགས་ཀྱིས་བཏབ་ན་ནད་སོས་པར་འགྱུར་ལགས་སོ། །
100.20a
གལ་ཏེ་སྒྲིབ་པ་ལྕི་བ་ཞིག་ལགས་ན་འབྲུ་མར་དང ། ཆབ་མར་དང་གྲོ་དང ། རུ་སྟ་རྣམས་བསྐོལ་ཏེ་སྔགས་ལན་བདུན་བཏབ་ནས་ལུས་ལ་བཀུས་སམ་རྣ་བ་དང་སྣར་བླུགས་སམ་འཚལ་དུ་སྩལ་ན་བྲོ་ནད་སོས་པར་འགྱུར་ལགས་སོ། །གཞན་ཡང་བྲོ་ནད་གཞན་རྣམ་པ་སྣ་ཚོགས་ཀྱིས་བྲོ་འཚལ་བར་གྱུར་ན། སེམས་རྩེ་གཅིག་ཏུ་སྔགས་འདི་གདབ་པར་བགྱིའོ། །ཡང་ན་བདག་ཉིད་ཀྱིས་བཟླས་བརྗོད་བགྱིས་ན་འཚོ་བར་འགྱུར་ལགས་སོ། །གལ་ཏེ་རིག་སྔགས་འདི་བསྒྲུབ་པར་འཚལ་ན། སྔར་སྲ་ཞིང་འཕན་སྐྱོན་མ་མཆིས་པའི་ཙན་དན་དཀར་པོ་ལས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་སྲིད་དུ་མཐོ་ཕྱེད་དང་དོ་མཆིས་པ། སུག་པ་ལག་པ་གཡོན་པ་ན་པད་མ་ལེབ་རྒན་དང་རིལ་བ་ཐོགས་པ་ལག་པ་གཡས་པ་བརྐྱང་ནས་བགྲང་ཕྲེང་ཐོགས་ཤིང ། འཇིགས་པ་མ་མཆིས་པ་སྩོལ་བའི་ལག་དུ་སྟོན་པ་གདོང་བཅུ་གཅིག་པར་བགྱིས་ཏེ་མདུན་གྱི་གདོང་གསུམ་ནི་བྱམས་པ་དང་སྙིང་རྗེ་དང་བཅས་པའི་མཚན་དང་ལྡན་པར་བགྱིའོ། །གཡོན་ཕྱོགས་ཀྱི་གདོང་གསུམ་ནི་ཁྲོ་བོའི་མཚན་ཅན་དུ་བགྱིའོ། །གཡས་ཕྱོགས་ཀྱི་གདོང་གསུམ་ནི་མཆེ་བ་དཀར་པོ་གྱེན་དུ་འབྱུང་བའི་མཚན་ཅན་དུ་བགྱིའོ། །རྒྱབ་ཀྱི་གདོང་གཅིག་ནི་ཁྲོ་གཏུམ་ཆེ་ཞིང་རབ་ཏུ་དཀོན་པའི་མཚན་ཅན་དུ་བགྱིའོ། །སྤྱི་བོའི་གདོང་གཅིག་ནི་སངས་རྒྱས་ཀྱི་ཞལ་གྱི་གཟུགས་ཅན་དུ་བགྱིའོ། །མགོ་རྒྱན་དེ་དག་ཐམས་ཅད་ཀྱི་ནང་ན་ཡང་སངས་རྒྱས་ཀྱི་སྐུ་བཞུགས་པར་བགྱིའོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དེའི་ལུས་ནི་དོ་ཤལ་ལ་སོགས་པ། ་རྒྱན་རྣམ་པ་སྣ་ཚོགས་དང་ལྡན་པར་བགྱིའོ། །གཟུགས་བགྱིས་ལགས་ནས་སྨོན་པ་རྣམས་གྲུབ་པར་འཚལ་བ་གང་ལགས་པ་དེས་གོས་སར་པ་གཙང་མ་བགོས་ཏེ་སྨྱུང་བ་བགྱིས་ནས་སྡོམ་པ་ཡང་དག་པར་བླངས་ཏེ་ཟླ་བ་དཀར་པོ་ཡར་གྱི་ངོ་ཚེས་གཅིག་ནས་ཚེས་བརྒྱད་ཀྱི་བར་དུ་གདུགས་གཅིག་ལ་དུས
100.20b
གསུམ་དུ་སྔགས་འདི་ལན་བརྒྱ་རྩ་བརྒྱད་དམ་ཡང་ན་དཔག་ཏུ་མ་མཆིས་པར་བཟླས་བརྗོད་བགྱིའོ། །དེ་སླན་ཆད་གནས་དབེན་པ་ཞིག་ཏུ་སྟན་གཙང་མ་གཏིང་སྟེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་བགྱིས་པ་གཞག་ནས་ཁ་ནུབ་ཕྱོགས་སུ་བསྟན་ཏེ་ཉམས་ཀྱིས་ཅི་འབྱོར་པའི་བཟའ་བ་དང་བཏུང་བ་དག་གིས་མཆོད་ནས་ཨ་ཀ་རུ་དང་དུ་རུ་ཀ་འབའ་ཤིག་གིས་བསྲེག་པར་བགྱིའོ། །རྣལ་འབྱོར་པ་དེ་འབྲུ་ཕྱེ་དང་འོ་མའི་ཟས་འཚལ་ནས་སྔ་མ་བཞིན་དུ་བཟླས་བརྗོད་བགྱིས་ཏེ་གདུགས་གསུམ་པ་ལ་ཐུག་པའི་བར་དུ་བགྱིའོ། །དེ་སླན་ཆད་མཆོད་པའི་ཡོ་བྱད་བཤམས་པ་ཡང་སྔ་མ་བས་ཆེས་ཁྱད་པར་དུ་འཕགས་པར་བགྱིའོ། །རྣལ་འབྱོར་པ་དེ་ཟས་དཀར་གསུམ་པོ་འདི་ལྟ་སྟེ། འོ་མ་དང་ཞོ་དང ། འབྲས་ཅན་འབའ་ཞིག་འཚལ་བར་བགྱིའོ། །བྱང་ཆུབ་ཀྱི་ཤིང་བླངས་ནས་གཟུགས་དེའི་མདུན་དུ་ཞུགས་སྤར་བར་བྱའོ། །གཞན་ཡང་ཤིང་དེ་བླངས་ནས་དུམ་བུ་སྟོང་རྩ་བརྒྱད་ཏུ་གཏུབས་ཏེ་དུ་རུ་ཀའི་ནང་དུ་སྦངས་(བླངས)་ཞེས་སྣར་ཐང་པའི་དཔེ་ལ་འདུག)ནས་གདུགས་གཅིག་ལ་དུམ་བུ་གཅིག་བླངས་ཏེ། སྔགས་ལན་རེ་བཟླས་ནས་ཞུགས་ཀྱི་ནང་དུ་དོར་བར་བགྱི་ཞིང་ཐམས་ཅད་བས་པར་འགྱུར་ན་དེའི་ཚེ་ས་ཆེན་པོ་རྣམས་རབ་ཏུ་གཡོ་བར་འགྱུར་ལ་དེའི་དབང་གིས་སྐུ་གཟུགས་བགྱིས་པ་དེ་ཡང་རབ་ཏུ་གཡོ་ཞིང་ནང་གི་གོང་ན་མཆིས་པའི་གདོང་གི་ཁ་ནས་སྒྲ་བྱུང་ནས་རྣལ་འབྱོར་པ་དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་འདི་ལྟར་ནན་ཏན་བརྩོན་འགྲུས་ཀྱིས་སྨོན་པ་རྣམས་ཡོངས་སུ་གཉེར་བས་བདག་གིས་ཁྱོད་ཀྱི་སྨོན་པ་ཡོངས་སུ་རྫོགས་པར་བགྱིའོ། །ཁྱོད་འདི་ནས་ནམ་མཁའ་ལ་འཕུར་ཏེ་འགྲོ་བ་འམ། ཡང་ན་ཁྱོད་རྒྱུ་ཞིང་འགྲོ་ལ་ཐོགས་པ་མེད་པ་འམ། ཡང་ན་དྲང་སྲོང་རིག་འཛིན་གྱི་རྒྱལ་པོ་བྱེད་པར་འགྱུར་བ་འམ། ཡང་ན་བདག་ཅི་ལྟ་བ་བཞིན་དུ་རང་དབང་ཐོགས་པ་མེད་པ་ཉིད་དུ་བྱའོ་ཞེས་བསྔགས་པ་བརྗོད་པར་འགྱུར་ལགས་སོ། །
100.21a
གཞན་ཡང་རྣལ་འབྱོར་པས་ཟླ་བ་དཀར་པོ་ཡར་གྱི་ངོ་ཚེས་བཅཝ་ལྔ་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་གདོང་བཅུ་གཅིག་པ་དེ་སངས་རྒྱས་ཀྱི་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་ནང་དུ་གཞག་སྟེ། གོས་སར་པ་གཙང་མ་བགོས་ལ་གསོ་སྦྱོང་དང་སྡོམ་པ་ཡང་དག་པར་བླངས་ཏེ་གདུགས་མཚན་གཅིག་ལ་རབ་ཏུ་སྨྱུང་བར་བགྱིས་ནས། སུ་མ་ནའི་མེ་ཏོག་སྟོང་རྩ་བརྒྱད་བླངས་ཏེ། མེ་ཏོག་རེ་རེ་བླངས་ནས་སྔགས་ལན་རེ་བཏབ་སྟེ། ཐམས་ཅད་བས་པའི་བར་དུ་བགྱིས་ན་དེའི་ཚེ་གཟུགས་བགྱིས་པ་དེའི་མདུན་དུ་གདོང་གཅིག་གི་ཁ་ནས་འབྲུག་སྒྲ་ལྟ་བུའི་སྒྲ་བྱུང་བར་གྱུར་ལ། དེའི་དབང་གིས་ས་ཆེན་པོ་ཡང་རབ་ཏུ་གཡོ་བར་གྱུར་པས་རྣལ་འབྱོར་པས་དེའི་ཚེ་རང་གི་སེམས་བདེ་བར་གཞག་ནས་སྐྲག་ཅིང་འཇིགས་པ་མི་བསྐྱེད་པར་རིག་སྔགས་དང ། སྨོན་ཅིང་སྒྲུབ་པ་གང་ལགས་པ་འབའ་ཞིག་རྗེས་སུ་དྲན་པར་བགྱིས་ཏེ། འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པར་ཕྱག་འཚལ་ལོ། །བདག་ནམ་ཞིག་ན་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་སུ་གྱུར་ནས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྨོན་པ་རྣམས་ཡོངས་སུ་བསྐོང་བར་འགྱུར་ཞེས་བརྗོད་པར་གྱུར་ན། དེའི་ཚེ་སྤྱན་རས་གཟིགས་དབང་ཕྱུག་གིས་ཅི་ལྟར་སྨོན་པ་རྣམས་སྩོལ་བར་འགྱུར་ཏེ། སྨོན་པ་རྣམས་སྩོལ་བའི་ཚེ་ལྷ་དང་ཀླུ་ལ་སོགས་པ་གང་གིས་ཀྱང་བར་ཆད་དང་བགེགས་བགྱིད་པར་མི་འགྱུར་ལགས་སོ། །གཞན་ཡང་རྣལ་འབྱོར་པས་ཟླ་བ་ལ་གཟའ་ཞུགས་པའི་ཚེ་ཆབ་མར་སྲང་གཅིག་བླངས་ཏེ། དངུལ་གྱི་སྣོད་ཀྱི་ནང་དུ་སྩལ་ནས་གཟུགས་བགྱིས་པའི་མདུན་དུ་གཞག་སྟེ། སྔགས་འདིས་བཟླས་བརྗོད་བགྱིས་ན་ཟླ་བ་ཡང་སྔ་མ་ཁོ་ན་བཞིན་དུ་སྐྱབས་འོག་དུ་གྱུར་པས་དེ་ནས་བླངས་ཏེ་འཚལ་ན་ལུས་ཀྱི་བྲོ་ནད་རྣམས་མི་འབྱང
100.21b
བ་གང་ཡང་མ་མཆིས་ལགས་སོ། །གཞན་ཡང་རྣལ་འབྱོར་པས་ལྡོང་རོས་དང་གི་ཝང་ཆ་མཉམ་པར་བགྱིས་ཏེ། གཟུགས་བགྱིས་པ་དེའི་མདུན་དུ་གཞག་ནས་སྔགས་འདི་ལན་སྟོང་རྩ་བརྒྱད་བཟླས་ཏེ་ཆབ་ཀྱིས་སྦྲུས་ནས་དཔྲལ་བ་ལ་ཐིག་ལེ་བགྱིས་ན། དོན་རྣམ་པ་གསུམ་འགྲུབ་པར་འགྱུར་ལགས་སོ། །སྔར་བསྟན་པ་བཞིན་དུ་ཆབ་དྲོན་པོ་དང་སྦྱར་ཏེ་ཁྲུས་བགྱིས་ན་བགེགས་ཐམས་ཅད་དང་བྲོ་ནད་མ་རུངས་པ་ཐམས་ཅད་བསལ་ཞིང་འབྱང་བར་འགྱུར་ལགས་སོ། །གཞན་ཡང་གལ་ཏེ་ཕ་རོལ་གྱི་དམག་ཚོགས་ཀྱིས་གཡུལ་འཕྲོག་པར་གྱུར་ན། ་་ཨྱན་ཅི་དམར་རྩི་འབྲས་བུ་ཅིག་བླངས་ཏེ་སྔགས་འདི་ལན་བརྒྱ་རྩ་བརྒྱད་ཀྱིས་བཏབ་ནས། གཟུགས་བགྱིས་པ་དེའི་གཡོན་ཕྱོགས་ཀྱི་ཁྲོ་བོའི་གདོང་ལ་བྱུགས་ཏེ་དགྲའི་ཕྱོགས་སུ་ཁ་བསྟན་ན་དགྲའི་དམག་ཚོགས་རྣམས་དྲུང་དུ་མཆི་བར་མི་འགྱུར་ལགས་སོ། །གཞན་ཡང་གལ་ཏེ་ཡུལ་ཕྱོགས་སུ་མི་དང་ཕྱུགས་ལ་རིམས་ནད་བྱུང་བར་གྱུར་ན། གཟུགས་བགྱིས་པ་དེའི་མདུན་དུ་ཤིང་ཤུག་པའི་ཞུགས་བུས་ལ་གཞན་ཡང་ཤིང་དེ་བླངས་ནས་དུམ་བུ་སྟོང་རྩ་བརྒྱད་དུ་གཏུབས་ཏེ་དུམ་བུ་གཅིག་བླངས་ནས་ཡུངས་འབྲུའི་མར་གྱིས་བསྐུས་ཏེ། སྔགས་ལན་རེ་བཟླས་ནས་ཞུགས་ཀྱི་ནང་དུ་དོར་བར་བགྱི་ཞིང་ཐམས་ཅད་བས་པའི་བར་དུ་བགྱིའོ། །གཞན་ཡང་སྐུད་པ་དམར་པོ་ལས་མདུད་པ་བདུན་མདུད་དེ་མདུད་པ་ལན་རེ་མདུད་ཅིང་སྔགས་ལན་རེ་བཟླས་ནས་ནང་གི་གོང་ན་མཆིས་པའི་གདོང་གི་སྤྱི་བོ་ལ་བཏགས་ན་རིམས་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ཏེ། རིམས་ནད་ཞི་ནས་སྔགས་ཐག་ཀྱང་དགྲོལ་བར་འགྱུར་ལགས་སོ། །གཞན་ཡང་བློ་བུར་དུ་མཁའ་འགྲོ་མ་དང ། འབྱུང་པོ་ལ་སོགས་པའི་གདོན་གྱིས་ཟིན་ཏེ་བྲོ་འཚལ་བར་གྱུར་ན། སྐུད་པ་དཀར་པོ་ལ་སྔགས་མདུད་ཉི་ཤུ་རྩ་གཅིག་མདུད་དེ་སྔགས་ལན་རེ་བཟླ་ཞིང་མདུད་པ་རེ་རེ་མདུད
100.22a
ནས་མདུན་གྱི་བྱམས་པ་དང་སྙིང་རྗེ་དང་ལྡན་པའི་གདོང་གི་སྤྱི་བོ་ལ་བཏགས་ནས་ཞག་ལོན་ཏེ་སླར་བཀྲོལ་ནས་ནད་པའི་མགུལ་དུ་བཏགས་ན་བྲོ་ནད་སོས་པར་འགྱུར་ལགས་སོ། །གལ་ཏེ་ལས་ཀྱི་སྒྲིབ་པ་ལྕི་བ་ཞིག་ལགས་ཏེ་སོས་པར་མ་གྱུར་ན་སྔགས་ཐག་དེ་བླངས་ནས་ཡང་ལན་བརྒྱ་རྩ་བརྒྱད་སྔགས་ཀྱིས་བཏབ་སྟེ་སྔ་མའི་གཟུགས་ཀྱི་སྤྱི་བོ་ལ་བཏགས་ནས། ཞག་ལོན་ཏེ་སླར་བཀྲོལ་ནས་ནད་པའི་མགུལ་དུ་བཏགས་ན་ངེས་པར་འཚོ་བར་འགྱུར་ལགས་སོ། །གཞན་ཡང་གང་ལ་ལ་ཞིག་བྲོ་ནད་རྒྱུན་རིམས་ཀྱིས་བཏབ་ནས་སྡུག་བསྔལ་ཞིང་སོས་པར་མ་གྱུར་ཏམ། འདྲེ་གདོན་མ་རུངས་པ་ཁྱིམ་དུ་ཞུགས་པར་གྱུར་ན། ཧུན་ལུག་ཐང་འབྲུམ་བུ་བརྒྱ་རྩ་བརྒྱད་བླངས་ཏེ་གཟུགས་བགྱིས་པ་དེའི་མདུན་དུ་འབྲུམ་བུ་རེ་རེ་ལ་སྔགས་ལན་རེ་བཏབ་ནས་ཞུགས་ཀྱི་ནང་དུ་དོར་བར་བགྱི་ཞིང་ཐམས་ཅད་བས་པའི་བར་དུ་བགྱིའོ། །གཞན་ཡང་སྐུད་པ་དཀར་པོ་ལ་སྔགས་མདུད་པ་ཉི་ཤུ་རྩ་གཅིག་མདུད་དེ་སྔགས་ལན་རེ་བཟླ་ཞིང་མདུད་པ་རེ་རེ་མདུད་ནས། མདུན་གྱི་བྱམས་པ་དང་སྙིང་རྗེ་དང་ལྡན་པའི་གདོང་གི་སྤྱི་བོ་ལ་བཏགས་ནས་ཞག་ལོན་ཏེ་སླར་བཀྲོལ་ནས་ནད་པའི་མགུལ་དུ་བཏགས་ན་བྲོ་ནད་རྣམས་འབྱང་ཞིང་གདོན་བགེགས་མ་རུངས་པ་རྣམས་འབྱེར་ཞིང་འགྱེས་པར་འགྱུར་ལགས་སོ། །གཞན་ཡང་མི་མཛའ་བ་དག་གིས་བཀླགས་བཙལ་བར་གྱུར་ཏམ། འཐབ་ཅིང་རྩོད་པ་དང ། བྱད་སྟེམས་ཀྱིས་གནོད་པ་བགྱིད་པར་གྱུར་ན་མེ་ཏོག་དང་པོག་སྤོས་ལ་སོགས་པ་སྣ་ཚོགས་ཀྱིས་གཟུགས་བགྱིས་པ་དེ་ལ་མཆོད་ཅིང་བི་ནཱ་ཡ་ཀའི་གཟུགས་ཀྱི་མདུན་དུ་ཞུགས་པ་ནས། འུན་ཏེའི་འབྲས་བུ་འབྲུམ་བུ་བརྒྱ་རྩ་བརྒྱད་བླངས་ཏེ་སྔགས་ལན་རེ་བཏབ་ནས་ཞུགས་ཀྱི་ནང་དུ་དོར་བར་བགྱིའོ། །གཞན་ཡང་སྐུད་པ་དཀར་པོ་ལ་མདུད་པ་བརྒྱ་རྩ་བརྒྱད་མདུད་དེ། སྔགས་ལན་རེ་བཟླ་ཞིང་མདུད་པ་རེ་རེ་མདུད་ནས་གཟུགས་དེའི
100.22b
གཡོན་ཕྱོགས་ཀྱི་ཁྲོ་བོའི་གདོང་གི་སྤྱི་བོ་ལ་བཏགས་ནས་ཞག་བཞི་ལོན་ཏེ་སླར་བཀྲོལ་ལ། སྐུད་པ་དེ་བླངས་ཏེ་མི་མཛའ་བ་དེའི་མིང་ནས་བརྗོད་དེ་མདུད་པ་རེ་རེ་ནས་སོ་སོ་ཐ་དད་པར་སྦས་ནས་རེ་རེ་ལ་ཡང་སྔགས་ལན་རེ་བཟླ་ཞིང་རེ་རེ་ནས་བཏུབས་ཏེ་ཐམས་ཅད་བས་པའི་བར་དུ་བགྱིས་ན། མི་མཛའ་བ་དེ་དག་ཅི་བགྱིའོ་འཚལ་མི་འབྱོར་ཅིང་རང་ཉིད་སྐྱབས་སུ་མཆི་བར་འགྱུར་ལགས་སོ། །གཞན་ཡང་གང་ལ་ལ་ཞིག་ལེགས་པའི་དངོས་པོ་གྲུབ་པར་འཚལ་ན། ཚོན་སྣ་ལྔའི་སྐུད་པ་ལ་སྔགས་མདུད་བརྒྱ་རྩ་བརྒྱད་མདུད་དེ། སྔགས་ལན་རེ་བཟླ་ཞིང་མདུད་པ་རེ་རེ་མདུད་ནས། གཞན་ཡང་གཟུགས་བགྱིས་པའི་མདུན་དུ་སྔགས་ལན་བདུན་གྱིས་བཏབ་སྟེ། བྱམས་པ་དང་སྙིང་རྗེ་དང་ལྡན་པའི་གདོང་གི་སྤྱི་བོ་ལ་བཏགས་ནས་ཞག་ལོན་ཏེ་སླར་བཀྲོལ་ནས་བདག་ཉིད་ཀྱི་ལུས་ལ་བཏགས་ན་སྨོན་པ་རྣམས་ཡིད་བཞིན་དུ་འགྲུབ་པར་འགྱུར་ལགས་སོ། །གཞན་ཡང་གང་ལ་ལ་ཞིག་སྒྲིབ་པའི་བགེགས་དང་ལྡན་པས། ལེགས་པའི་དངོས་པོ་རྣམས་ཕར་ཆེར་སྨོན་པ་ཡིད་བཞིན་དུ་གྲུབ་པར་མ་གྱུར་ཏམ་བཀྲ་མི་ཤིས་པའི་དངོས་པོ་དག་དུས་དུས་སུ་རྒྱུ་(རྒྱ་)ཞེས་སྣར་ཐང་པའི་དཔེ་ལ་འདུག)མ་མཆིས་པར་ལངས་པར་གྱུར་ན་སྤོས་ཆབ་ཀྱིས་གཟུགས་བགྱིས་པ་དེ་བཀྲུ་བར་བགྱིའོ། །གཞན་ཆབ་ལ་ལན་བརྒྱ་རྩ་བརྒྱད་སྔགས་ཀྱིས་བཏབ་སྟེ་བི་ནཱ་ཡ་ཀའི་གཟུགས་བཀྲུ་བར་བགྱིའོ། །གཞན་ཡང་ཆབ་ལ་ལན་བརྒྱ་རྩ་བརྒྱད་སྔགས་ཀྱིས་བཏབ་སྟེ་རང་ཉིད་ཀྱི་ལུས་ལ་གཏོར་ན། སྒྲིབ་པ་དང་བགེགས་ཐམས་ཅད་རང་གི་ངང་གིས་ཞུ་བྱང་ནས། སྨོན་པ་རྣམས་ཡིད་བཞིན་དུ་འགྲུབ་པར་འགྱུར་ལགས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་དེ་སྐད་ཅེས་སྨྲས་པ་དང ། འཁོར་མང་པོ་ཐམས་ཅད་ཀྱིས་མཐུན་པར་སྐྱེས་བུ་ཆེན་པོ་ལེགས་སོ་ལེགས་སོ། །སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པའི་ཕྱིར་རིག་སྔགས་འདི་སྨྲས་པས། བདག་ཅག་ཀྱང་རྗེས་སུ
100.23a
ཡི་རང་ཞིང་ཡོངས་སུ་འཛིན་པར་སྨོན་ཏོ་ཞེས་བསྔགས་པ་བརྗོད་པར་གྱུར་ཏོ། །དེ་ནས་འཁོར་མང་པོ་ཐམས་ཅད་དགའ་མགུ་རངས་པར་གྱུར་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱག་བྱས་ཏེ་དགྱེས་པར་གྱུར་ཏོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།ཞུ་ཆེན་གྱི་མཁན་པོ་ལོ་ཙྪ་བ། བཅོམ་ལྡན་འདས་ཀྱི་རིང་ལུགས་པ་བན་དེ་ཆོས་གྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཡང་ཞུས་བྱད། སྟག་ལུང་རྒྱུད་འབུམ་ལ་གཏུགས་ལེགས་པར་ཞུས་སོ།།