rKTs


J8e

(e-text produced by ADARSHA)

see text in transliteration
13.327b
་།། ༄། །མར་མེའི་ལོ་རྒྱུས་དང་སྨོན་ལམ་གྱི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྔོན་སངས་རྒྱས་མར་མེ་མཛད་ཀྱིས་སྟོན་པ་མཛད་པའི་དུས་ན། རྒྱལ་པོ་གསེར་གྱི་ལག་པ་ཞེས་བྱ་བས། བཅོམ་ལྡན་འདས་མར་མེ་མཛད་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཁྱོད་སྔོན་གྱི་དུས་ན་དགེ་བའི་རྩ་བ་ཅི་ཞིག་སྤྱད་ན་ད་ལྟར་མཚན་དང་དཔེ་བྱད་དུ་ལྡན་ཏེ། སྐུ་ལས་འོད་ཟེར་མཐའ་ཡས་པ་འབྱུང་བའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཉོན་ཅིག་།ངས་སོ་སོའི་སྐྱེ་བོའི་དུས་ན་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ལུས་ལ་རས་བལ་གྱི་ཡེའུ་ཏིལ་མར་གྱི་ནང་དུ་བཙོས་པ་སྟོང་བཙུགས་ཏེ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་གཏན་པ་མེད་པའི་མཆོད་པར་ཕུལ་བས་ད་ལྟ་རང་ཉིད་སངས་རྒྱས་མར་མེ་མཛད་ཅེས་བྱ་བར་གྱུར་པ་ཡིན་ནོ་ཞེས་གསུངས་པ་དང ། དེ་ལ་རྒྱལ་པོ་ཆེན་པོ་ཤིན་ཏུ་ཡིད་རངས་ཏེ། དེ་ནས་རྒྱལ་པོ་དེས་རང་གི་ལག་པ་གཡས་པ་རས་བལ་ཏིལ་མར་གྱིས་བཙོས་པས་དཀྲིས་ཏེ་མེ་བཏང་ནས་ལག་པ་གཡོན་པ་བར་སྣང་ལ་བརྐྱང་སྟེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང ། བདག་གི་སྟོན་པ་བཅོམ་ལྡན་འདས་མར་མེ་མཛད་དགོངས་སུ་གསོལ་ལོ། །འགྱོད་པ་མེད་པའི་སེམས་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ་དམིགས་ཏེ། གཏན་པ་མེད་པའི་མཆོད་པར་བསྔོས་ནས་སྨོན་ལམ་འདེབས་ཏེ། འདི་སྐད་དོ། །མར་མེའི་སྣོད་ནི། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཙམ་དུ་གྱུར་ཅིག་།སྙིང་པོ་ནི་རིའི་རྒྱལ་པོ་རི་རབ་ཙམ་དུ་གྱུར་ཅིག་།
13.328a
འོད་ཀྱིས་ནི་སྲིད་པའི་རྩེ་མོ་མན་ཆད་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཡན་ཆད་ནས། གཞན་ཡང་ལྕགས་རི་ཆེན་པོའི་ཕྱི་རྒྱབ་ན་སེམས་ཅན་རང་གི་ལས་ཀྱི་སྒྲིབ་པས་བསྒྲིབས་པའི་མུན་ནག་ཆེན་པོའི་ནང་ན་རང་གི་ལག་པ་བརྐྱང་བསྐུམ་ཡང་མི་མཐོང་བའི་གནས་ཚུན་ཆད་སྣང་ཞིང་གསལ་བར་གྱུར་ཅིག་།ཡུན་ནི་དུས་གསུམ་གྱི་སངས་རྒྱས་ཇི་སྲིད་བཞུགས་པ་དེ་སྲིད་དུ་གནས་པར་གྱུར་ཅིག་།གྲངས་ནི་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་བཞུགས་པའི་སངས་རྒྱས་གྲངས་མེད་པ་རེ་རེའི་སྤྱན་ལམ་དུ་གསལ་བར་གྱུར་ཅིག་།མར་མེ་འདི་གཟུགས་མེད་པའི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག་།དེ་ལྟར་གསལ་བའི་མོད་ལ་གཟུགས་མེད་པའི་ལྷ་རྣམས་མར་མེའི་འོད་ཀྱིས་བསྐུལ་མ་ཐག་ཏུ་མཚན་དང་དཔེ་བྱད་དུ་ལྡན་ནས་སྙོམས་པར་འཇུག་པའི་སྐྱེ་མཆེད་བཞི་ལས་གྲོལ་ཏེ། དེ་བཞིན་གཤེགས་པའི་བསམ་གཏན་ལ་སོགས་པ་སྙོམས་པར་འཇུག་པའི་སྐལ་བ་དང་ལྡན་པར་གྱུར་ཅིག་།མར་མེ་འདི་གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱི་གནས་སུ་གསལ་བར་གྱུར་ཅིག་།གཟུགས་ན་སྤྱོད་པའི་ལྷ་རྣམས་ཏིང་ངེ་འཛིན་ཀྱིས་དགའ་བདེ་རྩེ་གཅིག་པ་ཉམས་སུ་མྱོང་ནས་ཕྱིར་མི་ལྡོག་པའི་ས་ཐོབ་པར་གྱུར་ཅིག་།མར་མེ་འདི་འདོད་ཁམས་ཀྱི་ལྷ་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག་།འདོད་ཁམས་ཀྱི་ལྷ་རྣམས་ཀྱང་ལྷའི་འདོད་པའི་ལོངས་སྤྱོད་ལ་སེམས་མ་ཆགས་ཤིང་རང་གི་སེམས་ལ་ལྟ་ཞིང་བསམ་གཏན་བཞི་རིམས་ཀྱིས་སྙོམས་པར་འཇུག་པའི་སྐལ་བ་དང་ལྡན་པར་གྱུར་ཅིག་།མར་མེ་འདི་ལྷ་མ་ཡིན་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག་།ལྷ་མ་ཡིན་གྱི་ང་རྒྱལ་དང ། ཁྲོ་གཏུམ་དང་སེམས་ཀྱི་གདུག་པ་ཞི་ནས་ཚད་མེད་པ་བཞི་དང་ལྡན་ནས་ཞི་གནས་ཀྱི་སེམས་ཡིད་ལ་བྱེད་པ་དང་ལྡན་པར་གྱུར་ཅིག་།མར་མེ་འདི་གླིང་བཞིའི་མི་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག་།གླིང་བཞིའི་མི་རྣམས་ཀྱང
13.328b
སྡུག་བསྔལ་བརྒྱད་ལས་ཐར་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་གྱུར་ཅིག་།མར་མེ་འདི་བྱོལ་སོང་རྣམས་ཀྱི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག་།བྱོལ་སོང་དེ་དག་གཅིག་ལ་གཅིག་ཟ་བ་དང ། བརྡེག་བརྡུང་དང ། གསད་པ་དང ། བཀོལ་བའི་སྡུག་བསྔལ་དང ། བླུན་རྨོངས་ལས་ཐར་ཤེས་རབ་རྣམ་པ་གསུམ་དང་ལྡན་པར་གྱུར་ཅིག་།མར་མེ་འདི་གཤིན་རྗེའི་འཇིག་རྟེན་དུ་སྣང་ཞིང་གསལ་བར་གྱུར་ཅིག་།གཤིན་རྗེ་རྣམས་གསོད་གཅོད་བྱེད་པ་དང ། བརྡེག་བརྡུང་གི་ལས་ལས་ཐར་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕ་རོལ་ཏུ་ཕྱིན་པ་བསྒྲགས་པས་སེམས་ཅན་ཐམས་ཅད་གཏོང་བའི་སེམས་འབྱུང་བར་གྱུར་ཅིག་།མར་མེ་འདི་པྲེ་ཏའི་གནས་སུ་གསལ་བར་གྱུར་ཅིག་།པྲེ་ཏ་རྣམས་ཀྱང་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་ཐར་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་ཐུགས་རྗེ་ཆེན་པོའི་བྱིན་གྱི་རླབས་ཀྱིས་ཟས་དང་སྐོམ་གྱིས་ཕོངས་པ་རྣམས་ལོངས་སྤྱོད་ཟད་མི་ཤེས་པ་དང་ལྡན་ཞིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དབང་དང་ལྡན་པར་གྱུར་ཅིག་།མར་མེ་འདི་ན་རཀ་རྣམས་ཀྱི་གནས་སུ་གསལ་བར་གྱུར་ཅིག་།ན་རཀ་ནི་སྔོན་གྱི་ལས་ངན་པའི་རྣམ་པར་སྨིན་པས་ཚ་གྲང་གི་སྡུག་བསྔལ་བཟོད་པར་དཀའ་བ་ཉམས་སུ་མྱོང་བ་ལས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་རྗེའི་བྱིན་གྱི་རླབས་ཀྱིས་དམྱལ་བའི་སྡུག་བསྔལ་ཚད་མེད་པ་ལས་ཐར་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་གྱུར་ཅིག་།མར་མེ་འདིས་འཛམ་བུའི་གླིང་གི་ཕྱི་རོལ་མུན་ནག་གི་ནང་ན་འཐོམས་པའི་སེམས་ཅན་རང་གི་ལག་པ་གཡས་པ་བརྐྱང་བ་ཡང་མི་མཐོང་བའི་གནས་སུ་གསལ་བར་གྱུར་ཅིག་།དེ་དག་སྔོན་གྱི་ལས་ངན་པའི་རྣམ་པར་སྨིན་པས་ཟས་དང་སྐོམ་འདོད་པ་ལས་ནམ་མཁའ་ལ་རང་གི་ལྕགས་ཀྱི་སེན་མོ་ཡོད་པས་བརྙབས་པས་ཟས་དང་སྐོམ་མ་རྙེད་ནས། རང་གི་ལུས་ཟིན་པ་དང་ཤ་བཅད་དེ་ཟ་བ་དེ
13.329a
དག་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་ཐུགས་རྗེའི་བྱིན་གྱིས་མུན་ནག་ཆེན་པོའི་འཐོམས་པ་ལས་ཐར་ནས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་གྱུར་ཅིག་།གཞན་ཡང་མར་མེ་འདི་ཀླུའི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག་།དེས་ཀླུ་རྣམས་གཏི་མུག་དང་སེར་སྣའི་མདུད་པ་བཀྲོལ་ཏེ་གཏོང་བའི་བློ་དང་ལྡན་ཞིང་ནམ་མཁའ་ལྡིང་གིས་འཇིགས་པ་དང ། མེ་དང ། བྱེ་ཚན་ལ་སོགས་ཏེ་འཇིགས་པ་ཆེན་པོ་བརྒྱད་ལས་ཐར་ནས། སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་སྲོག་འཚོ་བའི་ཞི་གནས་ཀྱི་ཆུའི་ཐིག་ལེ་སྙིང་ལ་གནས་ནས་ཀླུ་རྣམས་འདོད་པའི་ཡོན་ཏན་དང་ལྡན་པར་གྱུར་ཅིག་།མར་མེ་འདི་ལྟོ་འཕྱེ་ཆེན་པོའི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག་།དེས་ལྟོ་འཕྱེ་ཆེན་པོའི་སྡུག་བསྔལ་ཞི་ནས་དགའ་བ་རྒྱ་མཚོ་རྣམ་པར་འཕྲུལ་བའི་ཤུགས་དང་ལྡན་པར་གྱུར་ཅིག་།མར་མེ་འདིས་འཛམ་བུའི་གླིང་གི་སྤྱིར་གནས་པའི་ས་བདག་དང ། ལྷ་དང ། ཀླུ་དང ། ས་བདག་གི་རྒྱལ་པོ་པི་ཏ་ལི་དང ། སའི་རྒྱལ་མོ་ཆེན་མོ་དང ། རྒྱ་མཚོ་ཆེན་པོ་དང ། མཚོ་བྲན་དང ། རྫིང་དང ། ཁྲོན་པ་ལ་གནས་པ་དང ། ཀླུང་ཆེན་པོ་དང ། ཀླུང་ཕྲ་མོ་དང ། ཆུ་མིག་དང ། ལུ་མ་ལ་གནས་པ་དང ། གངས་རི་མཐོན་པོའི་རྒྱུད་ལ་གནས་པ་དང ། རི་ནག་པོ་དང ། གཡའ་དང ། ཤ་སྤང་དང ། སྤང་རི་དང ། ནགས་ཆེན་པོ་དང ། ཤིང་གཅིག་པ་དང ། གཙུག་ལག་ཁང་དང ། མཆོད་རྟེན་དང ། གྲོང་ཁྱེར་དང ། ལྗོངས་ན་གནས་པའི་གནས་སུ་སྣང་ཞིང་གསལ་བར་གྱུར་ཅིག་།དེ་དག་སོ་སོའི་འཁྲུལ་པའི་རྟོག་པ་ཐམས་ཅད་བྱང་ནས་དཀོན་མཆོག་གསུམ་ལ་མི་ཕྱེད་པའི་དད་པ་དང་ལྡན་ཏེ། བྱང་ཆུབ་ཀྱི་སེམས་དང་ལྡན་ནས་ཐར་པ་ཐོབ་པའི་རྒྱུར་གྱུར་ཅིག་།དེ་ལྟར་དེང་མར་མེ་འདིའི་ཡོན
13.329b
བདག་གིས་ཀྱང་གཏན་པ་མེད་པའི་མཆོད་པ་འདི་ཕུལ་བས། བདག་དང་མཐའ་ཡས་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་ཞབས་དྲུང་དུ་སྐྱེས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་དཔལ་མགོན་དུ་གྱུར་ཅིག་།རྒྱལ་པོ་གསེར་གྱི་ལག་པས་མཛད་པའི་མར་མེའི་སྨོན་ལམ་གྱི་མདོ། རྫོགས་སྷོ།། ་་་་་་་་་་་