rKTs


J92

(e-text produced by ADARSHA)

see text in transliteration
52.189b
༄#། ་་།རྒྱ་གར་སྐད་དུ། ཨཱརྱ་ག་ག་ན་གཉྫ་པ་རི་པྲི་ཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། ་བོད་སྐད་དུ། ་འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ་བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁམས་དེ་བཞིན་གཤེགས་པའི་གནས། བསོད་ནམས་ཆེན་པོའི་རྒྱན་གྱིས་ཚོགས་བགས་པ། སྤྱོད་པ་ཆེན་པོའི་རྒྱུ་མཐུན་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་སྨིན་པས་མངོན་པར
52.190a
གྲུབ་པ། བྱང་ཆུབ་སེམས་དཔའ་ཆེན་པོའྀ་གནས་མཐའ་ཡས་པ་ངེས་པར་བསྟན་པ། དེ་བཞིན་གཤེགས་པའི་རྣམ་པར་སྤྲུལ་པའི་བྱིན་གྱི་བརླབས། མི་ཆགས་པའི་སྤྱོད་ཡུལ་གྱི་ཡེ་ཤེས་ལ་འཇུག་པ། དགའ་བ་རྒྱ་ཆེན་པོ་རབ་ཏུ་སྐྱེད་པ། དྲན་པ་དང ། བློ་གྲོས་དང ། རྟོགས་པ་ལ་འཇུག་པ། ཀུན་ནས་མ་སྨད་པ། ཡེ་ཤེས་ཀྱིས་རྣམ་པར་དཔྱོད་པ། དེའི་རང་བཞིན་མ་ཡིན་པ་ལ་འཇུག་པ། ཕྱི་མའི་མཐའི་བསྐལ་པར་མངོན་དུ་བསྟོད་པ། ཡོན་ཏན་གྱི་ཚོགས་ཐམས་ཅད་དཔག་ཏུ་མེད་པ་ན་བཞུགས་ཏེ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་མངོན་པར་རྫོགས་པར་སངས་རྒྱས། ཆོས་ཀྱི་འཁོར་ལོ་ནི་རབ་ཏུ་བསྐོར། སློབ་མ་ཤིན་དུ་དུལ་བ་མཐའ་ཡས་པའི་ཚོགས་ནི་མངའ། ཆོས་ཐམས་ཅད་ལ་ནི་མངའ་བརྙེས། སེམས་ཅན་ཐམས་ཅད་ཀྱི་བསམ་པའི་བྱ་བ་ནི་ཤིན་དུ་མཁྱེན། དབང་པོ་དམ་པའི་ཕ་རོལ་དུ་ནི་བྱོན། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་བག་ཆགས་ཀྱིས་མཚམས་སྦྱོར་བ་ཡང་དག་པར་འཇོམ་པ་ལ་ནི་མཁས་ཤིང ། སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་ནི་རྒྱུན་མ་བཅད་དོ། །དགེ་སློང་ས་ཡ་ཕྲག་དྲུག་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་སྟེ། ཐམས་ཅད་ཀྱང་ཅང་ཤེས་ཀྱི་སེམས་དང་ལྡན་པ། ཡང་དག་པའི་ཤེས་པས་སེམས་ཤིན་དུ་རྣམ་པར་གྲོལ་བ། ཉོན་མོངས་པ་ཐམས་ཅད་ཀྱི་བག་ཆགས་ཀྱིས་མཚམས་སྦྱོར་བ་ཡང་དག་པར་འཇོམ་པ་ལ་བརྩོན་པ་དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོའི་སྲས་ཆོས་ཟབ་མོ་ལ་གནས་པར་མཁས་པ། དམིགས་སུ་མེད་པའི་ཆོས་ལས་ངེས་པར་བྱུང་བ། སྤྱོད་ལམ་མཛེས་པ་ཕུན་སུམ་ཚོགས་པ། སྦྱིན་པའི་གནས་ཆེན་པོར་གྱུར་པ། དེ་བཞིན་གཤེགས་པའི་བཀའ་ལ་ཤིན་དུ་ཞུགས་པ་ཤ་སྟག་གོ། །སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔག་ཏུ་མེད་གྲངས་མེད་བསམ་གྱིས་མི་ཁྱབ་མཚུངས་པ་མེད་པ་གཞལ་དུ་མེད་པ་ཚད་མེད་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དང་ཡང་ཐབས་གཅིག་སྟེ། ཐམས་ཅད་ཀྱང་སེམས་ཀྱི་སྐད་ཅིག་གིས་སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་འགྲོ་བ་ལ་མཁས་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་རིམ་གྲོ་བྱ་བ་ལ་མཁས་པ། ཆོས་ཉན་པ་ལ་མི་ངོམས་པར་ཡང་དག་པར་ཚོལ་བ་རྟག་ཏུ་རྒྱུན་མི་ཆད་པར་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་ལ་བརྩོན
52.190b
པ། ཐབས་དང་ཤེས་རབ་དམ་པའི་ཕ་རོལ་དུ་ཕྱིན་པ། སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ལ་རབ་ཏུ་གནས་པ། རྟོག་པ་དང ། རྣམ་པར་རྟོག་པ་དང ། སྤྲོས་པ་ཐམས་ཅད་ལས་ཡང་དག་པར་འདས་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཉེ་བར་གྱུར་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་གློག་གི་ལྷ་ཞེས་བྱ་བ་དང ། བྱང་ཆུབ་སེམས་དཔའ་གཡུལ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་དང ། བྱང་ཆུབ་སེམས་དཔའ་རྣམ་པར་སྣང་མཛད་སྙིང་པོ་ཞེས་བྱ་བ་དང ། བྱང་ཆུབ་སེམས་དཔའ་རྣམ་པར་གནོན་པ་དཔའ་བོ་ཞེས་བྱ་བ་དང ། བྱང་ཆུབ་སེམས་དཔའ་ཡིད་གཉིས་ཡང་དག་པར་འཇོམ་པ་ཞེས་བྱ་བ་དང ། བྱང་ཆུབ་སེམས་དཔའ་རྣམ་པར་བསྒྲགས་ལྡན་ཞེས་བྱ་བ་དང ། བྱང་ཆུབ་སེམས་དཔའ་རྣམ་པར་ལྟ་བའི་མིག་ཅེས་བྱ་བ་དང ། བྱང་ཆུབ་སེམས་དཔའ་མུན་པ་དང་བྲལ་བ་ཞེས་བྱ་བ་དང ། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔག་ཏུ་མེད་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་མཚུངས་པ་མེད་གཞལ་དུ་མེད། དཔག་གིས་མི་ལང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་དང་ཡང་ཐབས་གཅིག་གོ་དེ་ནས་བཅོམ་ལྡན་འདས་འདུས་པ་ཆེན་པོའི་ལེའུ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་རབ་ཏུ་སྟོན་ཏེ་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཐམས་ཅད་དང་ལྡན་པའི་འཁོར་དེ་ནམ་མཁའི་དཀྱིལ་ན་འཁོད་ཅིང་བཀོད་པ་ཆེན་པོའི་ཁང་པ་བརྩེགས་པའི་ནང་ན་བདག་འདུག་པ་སྙམ་དུ་སེམས་སོ། །ཁང་པ་བརྩེགས་པ་དེ་དག་གི་བཀོད་པ་ཉིད་སེམས་ཅན་རྣམས་ཀྱི་མིག་སྔར་ཏུ་སྣང་བར་གྱུར་ཏེ། ཁང་པ་བརྩེགས་པ་ན་འཁོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང ། ཉན་ཐོས་ཆེན་པོ་རྣམས་དང ། གཞན་ཡང་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟའི་འཁོར་དེ་དག་ཐམས་ཅད་མ་གཏོགས་པར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གཟུགས་སུ་སྣང་བ་ལྷག་མ་གཞན་ཐམས་ཅད་མེད་པར་གྱུར་ཏེ་ཐམས་ཅད་ཀྱང་ནམ་མཁའ་ལྟ་བུར་གྱུར་པ་སྙམ་དུ་ཤེས་སོ། །འདི་ལྟ་སྟེ་དཔེར་ན། བསྐལ་པས་ཤིན་དུ་བསྲེགས་ཏེ་ནམ་མཁའ་བཞིན་དུ་གྱུར་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གཟུགས་སུ་སྣང་བ་གང་ཡང་མིག་སྔར་སྣང་བར་མི་འགྱུར་བ་དེ་བཞིན་དུ། དེའི་ཚེ་ན་གང་གཟུགས་སུ་སྣང་བ་རྣམས་སེམས་ཅན་དག་གི་མིག་སྔར་མི་སྣང
52.191a
བར་གྱུར་ཏོ། །འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་རིན་པོ་ཆེ་བཀོད་པ་གཅིག་པའི་འཇིག་རྟེན་གྱི་ཁམས་བཀོད་པ་ཆེན་པོ་ཞེས་བྱ་བ་ན་བྱང་ཆུབ་སེམས་དཔའ་དེ་དག་གི་ཁང་པ་བརྩེགས་པ་ཡོངས་སུ་ལོངས་སྤྱོད་པ་དེ་འདྲ་བའི་ཁང་པ་བརྩེགས་པ་དེ་ན་སྣང་ངོ ། །ནམ་མཁའ་ལ་ཁང་པ་བརྩེགས་པ་འདུག་པ་དེ་དག་མ་གཏོགས་པར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སའི་སྟེང་དང ། གཞིའི་བར་དུ་ཐམས་ཅད་ཀྱང་མི་སྣང་བ་སྙམ་དུ་རབ་ཏུ་ཤེས་ཏེ། རིའི་རྒྱལ་པོ་རི་རབ་དང་ཁོར་ཡུག་གི་རི་དང་ཁོར་ཡུག་གི་རི་ཆེན་པོ་དག་སེམས་ཅན་གང་གི་མིག་སྔར་ཡང་མི་སྣང་བར་གྱུར་ཏོ། །གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་རྣམས་ཀྱང་མི་སྣང་སྟེ། གཞན་དུ་ནམ་མཁའི་དཀྱིལ་ན་གནས་པའི་ཁང་པ་བརྩེགས་པ་དེ་དག་ཉིད་དུ་ཤེས་ཤིང ། བཅོམ་ལྡན་འདས་ཀྱིས་སེང་གེའི་ཁྲི་ནི་འཕང་དུ་དཔག་ཚད་ཁྲིར་འཕགས་པར་རབ་ཏུ་སྣང་ངོ ། །གང་ལ་བཅོམ་ལྡན་འདས་བཞུགས་པའི་སེང་གེའི་ཁྲི་དེའི་འོད་ཀྱིས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏེ། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེའི་ཉི་མ་དང ། ཟླ་བ་དང ། སྐར་མ་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བའི་འོད་དེ་དག་ཐམས་ཅད་ཀྱང་མོག་མོག་པོར་བྱས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའི་འཁོར་དེ་དག་ཐམས་ཅད་ཀྱི་འདི་ལྟ་བུའི་ཆོ་འཕྲུལ་ངོ་མཚར་དང་རྨད་དུ་བྱུང་བ་མཐོང་ནས་ཕན་ཚུན་དུ་སྨྲ་བ་ཁང་པ་བརྩེགས་པ་འདི་བཀོད་པ་ཅི་འདྲ་བ་དེ་ནི་བདག་ཅག་གི་ཚེའི་ཚད་བསྐལ་པར་འདུག་པར་གྱུར་ཀྱང་བདག་ཅག་གིས་རྒྱ་ཆེར་རྣམ་པར་དབྱེ་བ་བསྟན་པར་སླ་བ་མ་ཡིན་ཏེ། དེ་ཙམ་དུ་ཁང་པ་བརྩེགས་པ་འདི་དག་གི་ཡོན་ཏན་བཀོད་པ་ནི་ཚད་མེད་དོ་ཞེས་འཛེར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱི་མཐུས་གནས་བརྟན་ཤཱ་རིའི་བུ་ཁང་པ་བརྩེགས་པ་དེ་ནས་ལངས་ནས་ནམ་མཁའ་ལ་འདུག་སྟེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཏུད་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནམ་མཁའ་ལ་མཆིས་པའི་ཁང་པ་བརྩེགས་པ་འདི་མ་ལག་པ་གཞན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི
52.191b
ཁམས་ཐམས་ཅད་ནམ་མཁར་གྱུར་ཅིང་ནམ་མཁའི་རང་བཞིན་ཅན་དུ་གདའ་བ་འདི་སུའི་སྔ་ལྟས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཀྱིས་ཁང་པ་བརྩེགས་པ་འདི་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ངོ ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཀྱིས་ཁང་པ་བརྩེགས་པ་འདི་དག་གི་བསྔགས་པ་ཡོངས་སུ་བརྗོད་པའི་མཐའ་ཤེས་པར་ནུས་སམ། གསོལ་པ། བཅོམ་ལྡན་འདས་བདག་གི་ཚེའི་ཚད་བས་པར་གྱུར་ཀྱང་ཁང་པ་བརྩེགས་པ་འདི་དག་གིས་བསྔགས་པའི་མཐའ་རྟོགས་པར་མི་ནུས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་ཇི་ལྟར་འཁོར་འདི་དག་ཐམས་ཅད་ནམ་མཁའ་ལ་སོང་ཞིང་ཁང་པ་བརྩེགས་པ་བཀོད་པ་ཆེན་པོར་ཞུགས་པར་སྣང་བཞིན་དུ་བཀོད་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་བརྩེགས་པ་དེ་ཡང་འདི་འདྲའོ། །གསོལ་པ། བཅོམ་ལྡན་འདས་བཀོད་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་གང་གི་ཕྱོགས་ན་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་ནི་འདི་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བརྒྱད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་གྱིས་ཡོངས་སུ་གང་བ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་འདས་པ་ན་བཀོད་པ་ཆེན་པོ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་རིན་པོ་ཆེ་བཀོད་པ་གཅིག་པ་ཞེས་བྱ་བ་ད་ལྟ་ན་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །ཤཱ་རིའི་བུ་བཀོད་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལས་རིན་པོ་ཆེ་གཞན་མི་འབྱུང་ངོ ། །དེ་བས་ན་དེ་བཞིན་གཤེགས་པ་དེ་རིན་པོ་ཆེ་བཀོད་པ་གཅིག་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་དེ་ཡང་ནམ་བྱང་ཆུབ་སེམས་དཔའ་དེ་དག་ལ་ཆོས་འཆད་པ་དེ་ན་སེང་གེའི་ཁྲི་དང་བཅས་ཏེ་ཏ་ལ་བྱེ་བ་ཕྲག་བརྒྱད་བཅུ་སྲིད་ཀྱི་ནམ་མཁའི་དཀྱིལ་དུ་མངོན་པར་འཕག་གོ། །བྱང་ཆུབ་སེམས་དཔའ་དེ་དག་ཀྱང་ཁང་པ་བརྩེགས་པ་བཀོད་པ་ཆེན་པོ་དེར་ནམ་མཁའི་དཀྱིལ་དུ་མངོན་པར་འཕགས་ནས། དེ་བཞིན་གཤེགས་པ་དེ་ལ་ཆོས་ཉན་ཏེ་དེ་བཞིན་གཤེགས་པ་དེ་ཡང་ནམ་མཁའི་དཀྱིལ་ཡོངས་སུ་དག་པ་ཞེས་བྱ་བའི་ཆོས་ཀྱི་ཕྱག་རྒྱ་ཡང་དག་པར་རབ་ཏུ་སྟོན་ཏོ། །ཤཱ་རིའི་བུ་བཀོད་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་གང་བྱང་ཆུབ་སེམས་དཔའ་དེ་དག་གི་ཁང་པ་བརྩེགས་པའི
52.192a
ཡོངས་སུ་ལོངས་སྤྱོད་པ་དེ་ནི་བསྐལ་པར་ཡང་བརྗོད་མི་ནུས་སོ། །ཤཱ་རིའི་བུ་ཁྱོད་ཀྱིས་ངའི་སེང་གེའི་ཁྲི་འདི་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ངོ ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ཤཱ་རིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེ་བཀོད་པ་གཅིག་པ་དེའི་སེང་གེའི་ཁྲི་ཡང་འདི་འདྲ་སྟེ། ་དེ་ལ་བཅོམ་ལྡན་འདས་དེ་བཞུགས་ནས་བྱང་ཆུབ་སེམས་དཔའ་དེ་དག་ལ་རྣམ་པ་སུམ་བཅུ་རྩ་གཉིས་ལ་འཇུག་པ་ནམ་མཁའི་དཀྱིལ་ཡོངས་སུ་དག་པའི་ཆོས་ཀྱི་ཕྱག་རྒྱ་ཡང་དག་པར་རབ་ཏུ་སྟོན་ཏོ། །རྣམ་པ་གསུམ་བཅུ་རྩ་གཉིས་ལ་འཇུག་པ་ནམ་མཁའི་དཀྱིལ་ཡོངས་སུ་དག་པའི་ཆོས་ཀྱི་ཕྱག་རྒྱ་དེ་གང་ཞེ་ན། འདི་ལྟ་སྟེ། དངོས་པོ་མེད་པས་ཆོས་ཐམས་ཅད་ཡོད་པ་དང་མེད་པ་དང་བྲལ་བ་དང ། རྣམ་པར་རིག་པའི་མཚན་ཉིད་པས་ཆོས་ཐམས་ཅད་དངོས་པོ་མེད་པ་དང ། སྣང་བར་གྱུར་པ་མེད་པས་ཆོས་ཐམས་ཅད་རྣམ་པར་རིག་པ་མེད་པ་དང ། རྒྱུ་དང་དམིགས་པ་མེད་པས་ཆོས་ཐམས་ཅད་སྣང་བར་གྱུར་པ་མེད་པ་དང ། ཉེ་བར་ཞི་བའི་མཚན་ཉིད་པས་ཆོས་ཐམས་ཅད་དམིགས་པ་མེད་པ་དང ། གཉིས་སུ་མེད་པས་ཆོས་ཐམས་ཅད་ཉེ་བར་ཞི་བ་དང ། སོ་སོ་ཐ་དད་པ་མེད་པས་ཆོས་ཐམས་ཅད་གཉིས་སུ་མེད་པ་དང ། ཚུལ་གཅིག་ལ་ཞུགས་པས་ཆོས་ཐམས་ཅད་ཐ་དད་པ་མེད་པ་དང ། ངོ་བོ་ཉིད་ཀྱི་མཚན་ཉིད་དང་བྲལ་བས་ཆོས་ཐམས་ཅད་ཚུལ་གཅིག་པ་དང ། དུས་གསུམ་ལས་ཡང་དག་པར་འདས་པས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང ། ཐམས་ཅད་ལ་མི་གནས་པས་ཆོས་ཐམས་ཅད་ཐམས་ཅད་དུ་མི་སྣང་བས་ཆོས་ཐམས་ཅད་མི་གནས་པའི་སྒོ་དང ། ཡུལ་གྱི་ལམ་ལས་ཡང་དག་པར་འདས་པས་ཆོས་ཐམས་ཅད་སྣང་བ་མེད་པ་དང ། ནང་དང་ཕྱིའི་རྣམ་པར་དག་པས་ཆོས་ཐམས་ཅད་ཡུལ་མེད་པ་དང ། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་ཆོས་ཐམས་ཅད་རྣམ་པར་དག་པ་དང ། ངོ་བོ་ཉིད་ཀྱིས་ཉེ་བར་ཞི་བས་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ་དང ། སེམས་དང་ཡིད་དང་རྣམ་པར་ཤེས་པ་མེད་པས་ཆོས་ཐམས་ཅད་ཉེ་བར་ཞི་བ་དང ། བཟོད་མ་ནས་མ་བྱུང་བས་ཆོས་ཐམས་ཅད་མཚན་ཉིད་མེད་པ་དང ། ང་ཡི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་པས་ཆོས་ཐམས་ཅད་གཟོད་མ་ནས་མ་བྱུང་བ་དང ། ་བདག་པོ་མེད་པས་ཆོས་ཐམས་ཅད་ང་ཡི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་པ་དང་རང་བཞིན་གྱིས་བདག་མེད་པས
52.192b
ཆོས་ཐམས་ཅད་བདག་པོ་མེད་པ་དང ། གཟོད་མ་ནས་རྣམ་པར་དག་པས་ཆོས་ཐམས་ཅད་རང་བཞིན་གྱིས་བདག་མེད་པ་དང ། ལྡོག་པ་མེད་པས་ཆོས་ཐམས་ཅད་གཟོད་མ་ནས་རྣམ་པར་དག་པ་དང ། སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་པས་ཆོས་ཐམས་ཅད་ལྡོག་པ་མེད་པ་དང ། དངོས་པོ་མེད་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང ། མངོན་པར་འདུ་མི་བྱེད་པའི་མཚན་ཉིད་པས་ཆོས་ཐམས་ཅད་དངོས་པོ་མེད་པ་དང ། སེམས་དང་ལུས་དབེན་པས་ཆོས་ཐམས་ཅད་མངོན་པར་འདུས་མ་བྱས་པ་དང ། མཚན་ཉིད་མེད་ཅིང་མཚན་ཉིད་ཀྱི་གཞིའི་མཚན་ཉིད་མེད་པས་ཆོས་ཐམས་ཅད་དབེན་པའི་མཚན་ཉིད་དང ། རང་གི་མཚན་ཉིད་ལས་མ་གཡོས་པས་ཆོས་ཐམས་ཅད་མཚན་ཉིད་མེད་པ་དང ། གནས་དམིགས་སུ་མེད་པས་ཆོས་ཐམས་ཅད་མ་གཡོས་པ་དང ། དམིགས་པ་མེད་པའི་མཐའ་ལ་རབ་ཏུ་གནས་པས་ཆོས་ཐམས་ཅད་གནས་མེད་པ་དང ། ཀུན་གཞི་མེད་པས་ཆོས་ཐམས་ཅད་དམིགས་པ་མེད་པ་དང ། ཀུན་གཞི་དང་བྲལ་བས་ཆོས་ཐམས་ཅད་ཀུན་གཞི་མེད་པ་སྟེ། ཤཱ་རིའི་བུ་དེ་ལྟར་དེ་བཞིན་གཤེགས་པ་རིན་པོ་ཆེ་བཀོད་པ་གཅིག་པ་དེ་བྱང་ཆུབ་སེམས་དཔའ་དེ་དག་ལ་རྣམ་པ་སུམ་བཅུ་རྩ་གཉིས་ལ་འཇུག་པ་ནམ་མཁའི་དཀྱིལ་ཡོངས་སུ་དག་པའི་ཆོས་ཀྱི་ཕྱག་རྒྱ་ཡང་དག་པར་རབ་ཏུ་སྟོན་ཏེ། ་དེ་ཐོས་པས་ཀྱང་བྱང་ཆུབ་སེམས་དཔའ་ཚད་མེད་པ་དག་མངོན་པར་ཤེས་པ་རྣམ་པར་དག་པས་རྣམ་པར་ཤེས་པ་ལ་བཟོད་པ་ཆོས་ཐམས་ཅད་ལ་དབང་བྱེད་པ་རྗེས་སུ་འཐོབ་བོ། །ཡང་ཤཱ་རིའི་བུ་བཀོད་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་དེའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྦྱིན་པས་བརྒྱན་ཅིང ། བསྐལ་པ་གྲངས་མེད་པར་གཏོང་བའི་རྗེས་སུ་སོང་བ། ཚུལ་ཁྲིམས་ཀྱིས་བརྒྱན་ཅིང་བློ་ཤིན་དུ་བྱུང་བ། བཟོད་པས་བརྒྱན་ཅིང་སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་སེམས་དང་ལྡན་པ། བརྩོན་འགྲུས་ཀྱིས་བརྒྱན་ཅིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཚོགས་བསགས་པ། བསམ་གཏན་གྱིས་བརྒྱན་ཅིང་བསམ་གཏན་དང ། རྣམ་པར་ཐར་པ་དང ། ཏིང་ངེ་འཛིན་དང ། སྙོམས་པར་འཇུག་པ་དང ། མངོན་པར་ཤེས་པ་ཐམས་ཅད་ཀྱིས་རྣམ་པར་རྩེན་པ། ཤེས་རབ་ཀྱིས་བརྒྱན་ཅིང་བག་ཆགས་ཀྱིས་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་དང་བྲལ་བ། བྱམས་པ་ཆེན་པོས་བརྒྱན་ཅིང་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པར་གནས་པ། སྙིང་རྗེ་ཆེན་པོས་བརྒྱན་ཅིང་སེམས་ཅན་ཐམས
52.193a
ཅད་ཡོངས་སུ་མི་གཏོང་བར་གནས་པ། དགའ་བ་ཆེན་པོས་བརྒྱན་ཅིང་སེམས་ཅན་ཐམས་ཅད་དགའ་བ་དང་བདེ་བ་རབ་ཏུ་དགའ་བ་ལ་སོ་སོར་འགོད་པའི་རྒྱུན་མི་གཅོད་པ། བཏོང་སྙོམས་ཆེན་པོས་བརྒྱན་ཅིང་སེམས་ཅན་ཐམས་ཅད་མི་མཐོ་མི་དམའ་བ་ལ་འགོད་པ་རྒྱུན་མི་གཅོད་པར་སྦྱོར་བ་ཤ་སྟག་གོ། །ཡང་ཤཱ་རིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེ་བཀོད་པ་གཅིག་པ་དེའི་སངས་རྒྱས་ཀྱི་ཞིང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་མཛོད་ཅེས་བྱ་བ་འདུག་སྟེ། བསོད་ནམས་ཀྱི་གཟི་བརྗིད་ཀྱིས་ཤིན་ཏུ་བརྗིད་པ། ཡེ་ཤེས་མཐོང་བ་ཐོགས་པ་མེད་པ། མཚན་རྣམས་ཀྱིས་ལུས་བརྒྱན་པ། དཔེ་བྱད་བཟང་པོ་རྣམས་ཀྱིས་བྱམས་པ་བརྒྱན་པ། སྤོབས་པས་ངག་བརྒྱན་པ། གཟུངས་ཀྱིས་སེམས་བརྒྱན་པ་ཐོས་པས་དྲན་པ་བརྒྱན་པ། ངེས་པར་སེམས་པས་བདེན་པ་བརྒྱན་པ། རྟོགས་པས་དོན་རྟོགས་པ་བརྒྱན་པ། བསམ་པས་དམ་བཅས་པ་བརྒྱན་པ། ཁྱད་པར་དུ་འགྲོ་བས་ལྷག་པའི་བསམ་པ་བརྒྱན་པ། སྦྱོར་བས་བརྒྱན་ཅིང་ཆོས་ཐམས་ཅད་ལ་ཐེ་ཙོམ་མེད་པར་གྱུར་པ། ་གཏང་སྙོམས་ཆེན་པོས་བརྒྱན་ཅིང་མཐོན་དམན་མེད་པ། མངོན་པར་ཤེས་པ་ཆེན་པོས་བརྒྱན་ཅིང་རྫུ་འཕྲུལ་གྱིས་རྣམ་པར་རྩེན་པ་ཐམས་ཅད་མངོན་པར་ཤེས་པ། བསོད་ནམས་ཀྱིས་བརྒྱན་ཅིང་ལག་ན་རིན་པོ་ཆེ་གཏོང་བས་མངོན་པར་གྲུབ་པ། ཡེ་ཤེས་ཀྱིས་བརྒྱན་ཅིང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམ་པ་ལ་ཞུགས་པ། བློས་བརྒྱན་ཅིང་སེམས་ཅན་ཐམས་ཅད་གྱི་དགེ་བའི་རྩ་བ་རྟོགས་པར་བྱེད་པ། མིག་གིས་བརྒྱན་ཅིང་མིག་ལྔའི་ཡུལ་ལ་ཤིན་དུ་རྣམ་པར་དག་པ། རྣ་བས་བརྒྱན་ཅིང་སྒྲ་དང་དོན་ཐམས་ཅད་རྟོགས་པའི་སྙིང་པོ་དང་ལྡན་པ། སོ་སོ་ཡང་དག་པར་རིག་པས་བརྒྱན་ཅིང་དོན་དང་ཆོས་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་མི་ཟད་པར་སྟོན་པ། སྟོབས་ཀྱིས་བརྒྱན་ཅིང་དེ་བཞིན་གཤེགས་པའི་སྟོབས་བཅུ་རྗེས་སུ་ཐོབ་པ། མི་འཇིགས་པས་བརྒྱན་ཅིང་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ་ཡོན་ཏན་གྱིས་བརྒྱན་ཅིང་སངས་རྒྱས་ཀྱི་ཡོན་ཏན་མཐའ་ཡས་པ་ཐོབ་པ། ཆོས་ཀྱིས་བརྒྱན་ཅིང་སྤུའི་བུ་ག་ཐམས་ཅད་ནས་ཆོས་སྒྲོག་པ། སོ་སོར་རིག་པའི་རྗེས་སུ་སོང་བ། སྣང་བས
52.193b
བརྒྱན་ཅིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་ཐོབ་པ། འོད་ཀྱིས་བརྒྱན་ཅིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྣང་བར་བྱེད་པ། ཀུན་ནས་སྟོན་པས་བརྒྱན་ཅིང་ཕྱད་པར་ལུང་སྟོན་པ། གདམས་པ་དང་རྗེས་སུ་བསྟན་པས་བརྒྱན་ཅིང་དེ་བྱེད་པའི་ཆོས་ཚར་ཕྱིན་པ། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་བརྒྱན་ཅིང་རྫུ་འཕྲུལ་རྣམ་པར་དག་པས་རྣམ་པར་གྲོལ་བ་ཐམས་ཅད་སྟོན་པ་སངས་རྒྱས་ཐམས་ཅད་ཀྱིས་མངོན་པར་སྟོད་པས་བརྒྱན་ཅིང་གཞན་ལ་རག་མ་ལས་པའི་ཡེ་ཤེས་ལ་གནས་པ། ཚོགས་ཐམས་ཅད་ཀྱི་ཡོན་ཏན་གྱིས་བརྒྱན་ཅིང་སངས་རྒྱས་ཐམས་ཅད་ཀྱི་ཆོས་འདུལ་བའི་རྗེས་སུ་ཞུགས་པ་སྟེ། ཤཱ་རིའི་བུ་གང་བཀོད་པ་འདི་ལྟ་བུ་ཀུན་དུ་སྣང་བ་འདི་ནི། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་བྱིན་གྱི་རླབས་སོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་དེ་ང་ལ་བལྟ་བ་དང ། ཕྱག་འཚལ་བ་དང ། བསྙེན་བཀུར་བྱེད་པ་དང ། འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་ཡོངས་སུ་བཟུང་བ་དང ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་འདི་དག་ཆོས་ཀྱི་དགའ་བ་དང ། བདེ་བ་དང ། མཆོག་ཏུ་དགའ་བ་སྐྱེད་པ་དང ། ཐེག་པ་ཆེན་པོ་འདི་འང་རབ་ཏུ་ཡོངས་སུ་གཟུང་བ་དང ། ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱང་ཡོངས་སུ་གཟུང་བའི་ཕྱིར་ངའི་གན་དུ་འོང་ངོ ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་དེ་བཞིན་གཤེགས་པ་རིན་པོ་ཆེ་བཀོད་པ་གཅིག་པ་དེ་ལ་གསོལ་ནས། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བཅུ་གཉིས་ཀྱིས་ཡོངས་སུ་བསྐོར་ཏེ་མདུན་དུ་བདར་ནས་ལྷན་ཅིག་ཏུ་མངོན་དུ་གྱུར་པའི་རྫུ་འཕྲུལ་མངོན་པར་འདུ་མི་བྱེད་པ་སངས་རྒྱས་ཀྱི་རྣམ་པར་རོལ་པ་དང ། རྫུ་འཕྲུལ་གྱི་རྐང་པས་བཀོད་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ནས་མི་སྣང་བར་གྱུར་ཏེ། ་སེམས་ཀྱི་སྐད་ཅིག་གཅིག་བྱུང་བ་ཙམ་གྱིས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་ཕྱིན་ནས་དེ་བར་སྣང་ལ་འདུག་སྟེ། བཀོད་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་མེ་ཏོག་དང ། ཕྲེང་བ་དང ། ཕྱེ་མ་དང ། སྤོས་དང ། བྱུག་པ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་ཅི་འདྲ་བ་དེ་འདྲ་བའི་ཆར་རབ་ཏུ་ཕབ་པ། འདི་ལྟ་སྟེ། ཟླ་བ་དང ། ཟླ་བ་ཆེན་པོ་དང ། ཤིན་དུ་མཛེས་པའི་ཟླ་བ་དང ། ཉི་མའི
52.194a
འོད་དང ། ཉི་མ་རབ་ཏུ་འབར་བ་དང ། མེ་ཤེལ་དང ། མདོག་མཛེས་དང ། མདོག་མཛེས་ཆེན་པོ་དང ། མདོག་མཛེས་པར་འདུག་པ་དང ། སྠ་ལ་དང ། སྠ་ལ་ཆེན་པོ་དང ། སྠ་ལ་རབ་མཛེས་དང ། དྲི་མ་མེད་པ་དང ། ཀུན་དུ་དྲི་མ་མེད་པ་དང་རྣམ་དག་འོད་དང ། གསེར་དུ་སྣང་དང ། ནམ་མཁའ་སྣང་བ་དང ། རེག་གྱུར་དང ། དྲི་ཆེན་དཀར་དང ། འདབ་བརྒྱ་པ་དང ། ཟེ་བ་སྟོང་ལྡན་དང ། མྱ་ངན་སེལ་བ་དང ། དགའ་བྱེད་དང ། ལྷ་སྟོད་དང ། ཀླུའི་མེ་ཏོག་དང ། དགའ་བ་བདེ་བ་ཀུན་སྐྱེད་པ་དང ། བསམ་གཏན་ཡན་ལག་དང ། དྲིས་དགའ་བ་དང ། ལུས་སེམས་ཚིམ་བྱེད་དང ། སྟོང་གསུམ་དྲི་དང ། ནད་ཀུན་ཞི་བྱེད་དང ། ནད་ཀུན་སེལ་དང ། བདག་གི་གཟི་བརྗིད་ཀྱིས་བརྒྱན་ཅིང་དཔག་ཏུ་མེད་པའི་བསོད་ནམས་ཀྱིས་གྲུབ་པ། ཕྱོགས་བཅུའི་བྱང་ཆུབ་སེམས་དཔས་རིག་པ། དེ་ལྟ་བུའི་མེ་ཏོག་གིས་སྟོང་གསུམ་གྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཀུན་དུ་ཁེབས་པར་བྱས་པས་བཅོམ་ལྡན་འདས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་མེ་ཏོག་གིས་པུས་མོ་ནུབ་ཙམ་དུ་གང་བར་གྱུར་ཏོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས། སྔོན་མ་ཐོས་མ་མཐོང་བའི་མེ་ཏོག་དེ་མཐོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་བུའི་མེ་ཏོག་བལྟ་ན་སྡུག་པ་འདི་དག་ག་ལས་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་དམ་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་དེ་བཀོད་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ནས་ནམ་མཁའི་དཀྱིལ་དུ་འདུག་ནས་འདི་ལྟ་བུའི་མེ་ཏོག་གི་ཆར་རབ་ཏུ་ཕབ་པོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་མཛོད་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བཅུ་གཉིས་པོ་དེ་དག་དང་ལྷན་ཅིག་ཏུ་ནམ་མཁའི་དཀྱིལ་དེ་ནས་བབས་ཏེ། ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེ་བཀོད་པ་གཅིག་པ་དེ་བཅོམ་ལྡན་འདས་ལ་གནོད་པ་ཆུང་ངམ། ཉམ་ང་བ་ཆུང་ངམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བར་རེག་པ་ལ་གནས་སམ་ཞེས་སྙུན་གསོལ་ཞིང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ
52.194b
མཛོད་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བཅུ་གཉིས་པོ་འདུས་པ་ཆེན་པོའྀ་ལེའུའི་ཆོས་ཀྱི་རྣམ་གྲངས་ཉན་འཚལ་བ་འདི་དག་ཇི་ལྟར་ཆོས་ཐམས་ཅད་ལ་དབང་བགྱིད་ཅིང ། ཆོས་ཆེན་པོ་དང་ལྡན་པས་སླར་ལྡོག་པར་འགྱུར་བའི་ཆོས་ཀྱི་བཀའ་མཆིད་ཀྱིས་བཅོམ་ལྡན་འདས་ཀྱིས་མགུ་བར་མཛོད་ཅིག་ཅེས་དེ་སྐད་ཀྱང་གསུང་ངོ ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་བཅོམ་ལྡན་འདས་ཀྱི་སེང་གེའི་ཁྲི་སྟེང་གི་བར་སྣང་ལ་དཔག་ཚད་སྟོང་ཕྲག་བཅུ་ཙམ་གྱི་རིན་པོ་ཆེའི་གདུགས་བྱིན་གྱིས་བརླབས་ནས་བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་པ། ཆོས་དང་དོན་དང་ཡོན་ཏན་ཡེ་ཤེས་འཕགས་པས་ན། །ཡོངས་དག་རྣམ་དག་སྔ་ནས་དག་ཅིང་དྲི་མ་མེད། །གནས་མེད་ནམ་མཁའ་འདྲ་བར་མི་གཡོ་རབ་ཏུ་བརྙེས། །རབ་ཟབ་ཀུན་ནས་སྤྱོད་ཡུལ་མིན་ལ་ཕྱག་འཚལ་ལོ། །རྒྱལ་བ་ཆོས་ཀྱི་སྐུས་ནི་རབ་ཕྱེ་སྐུ་མཉམ་ཡང ། །གཟུགས་མཛེས་ལྡན་ཞིང་གཟུགས་བཟང་སྐུ་ཡང་སྟོན་པར་མཛད། །སེམས་ཅན་རྣམས་ལ་ཕན་པའི་ཐུགས་རྗེ་རབ་བསྐྱེད་ནས། །བསོད་ནམས་བརྒྱ་པའི་མཚན་གྱི་སྐུ་ཡི་མཆོག་ཀྱང་སྟོན། །ཁྱོད་ནི་མི་གསུང་རྟོག་མེད་སྒྲ་དང་ཚིག་ཀྱང་མེད། །ཚིག་གི་རང་བཞིན་བྲག་ཆའི་མཚན་ཉིད་གཟུང་དུ་མེད། །སྒྲ་མེད་རྟགས་མེད་ཡི་གེ་མེད་པ་མཁྱེན་ནས་ཀྱང ། །བྱམས་པ་ཁྱོད་ནི་སྙིང་རྗེ་ཅན་པས་རྒྱལ་བའི་ཚིག་ཀྱང་གསུང ། །སེམས་ཅན་ཀུན་གྱི་སེམས་དང་སེམས་བྱུང་རྗེས་སུ་རིག་།ཁྱོད་ནི་སེམས་ཀྱི་རང་བཞིན་སྒྱུ་མའི་མཚན་ཉིད་མཁྱེན། །སེམས་གྱི་རྒྱུད་ཀྱི་རང་བཞིན་ཇི་འདྲ་རབ་མཁྱེན་ཀྱང ། །སེམས་དང་ཡིད་རྣམས་ལ་ནི་ཁྱོད་ཀྱི་སེམས་མི་གནས། །འགྲོ་བ་རྣམས་ལ་ཁྱེད་ཀྱིས་སྤྱོད་པ་ཀུན་བསྟན་ཏེ། །བདེ་བར་གཤེགས་པའི་སྐུ་ནི་འགྱུར་བ་ཡོང་མ་མཆིས། །གང་གི་གཟུགས་དང་སེམས་དང་ཡོན་ཏན་ཅི་འདྲ་བར། །མཚན་དང་སྤྱོད་ལམ་དག་ཀྱང་དེ་ཡི་ཚུལ་དུ་སྟོན། །བདེ་གཤེགས་ཆོས་འདི་ལ་ནི་ང་ཡིར་འཛིན་པ་མེད། །ཁྱོད་ནི་ཆོས་ལ་གནས་པ་མེད་ཅིང་འཛིན་པ་མེད། །སམས་ཅན་མང་པོ་ཀུན་རྟོགས་ཆོས་ཀྱི་འདུལ་མཁྱེན་ནས། །ཁྱོད་ནི་བླ་ན་མེད་པའི་ཆོས་རྣམས་རྟག་ཏུ་སྟོན། །རྒྱལ་བའི་སྐུ་ལ་འཁོར་འདི་ཀུན་གྱིས་བལྟ་བ་ན། །གཟུགས་དང་མཚན་མ་ཐ
52.195a
དད་བསྐལ་པ་མི་མཉམ་ནས། །ཁྱོད་ཀྱི་སྐུ་ནི་མི་འགྱུར་རྟོག་མེད་མཚན་མེད་དེ། །འཁོར་རྣམས་ཇི་ལྟའི་སེམས་དང་བསམ་བཞིན་ཚིམ་པར་མཛད། །ཆོས་འདི་ཐམས་ཅད་རྒྱུ་དང་རྐྱེན་ལས་སྐྱེས་པ་སྟེ། །བྱེད་མེད་ངོ་བོ་ཉིད་མེད་ཀུན་དུ་རྟོག་ལ་སྐྱེས། །བདེ་གཤེགས་དེ་འདྲའི་ཆོས་ཀྱི་ཚུལ་རྣམས་མཁྱེན་ནས་སུ། །བྱང་ཆུབ་མི་འགྱུར་ཞི་བ་བླ་ན་མེད་པ་བརྙེས། །མཐའ་དང་དེ་བཞིན་དབུས་བཅད་རྣམ་པར་རྟོག་པ་མེད། །སྟོང་ཞིང་གསོག་ལ་རང་བཞིན་གསོབ་སྟེ་ཡ་མ་རླ། །ཁྱོད་ཀྱིས་དེ་འདྲའི་ཆོས་ཉིད་རྣམ་དག་མཁྱེན་ནས་སུ། །འགྲོ་བ་རྣམས་ལ་རྒྱུ་དང་ལས་དང་བྱེད་པ་སྟོན། །ཆོས་འདི་སེམས་ཅན་མེད་ཅིང་སྲོག་དང་གང་ཟག་མེད། །ནམ་མཁའ་མཚུངས་མཉམ་པས་ན་མིང་ཡང་རྣམ་པར་དག་།སེམས་ཅན་གན་དུ་ཉེར་གཤེགས་ཡང་དག་བདག་མེད་པ། །མི་འཆི་འདུས་མ་བྱས་ལ་སེམས་ཅན་མང་སད་མཛད། །བརྩོན་འགྲུས་མཐུ་དང་སྟོབས་ཀྱིས་བྱང་ཆུབ་འདི་ཚོལ་ཕྱིར། །ཁྱོད་ཀྱིས་བསྐལ་པ་བསམ་ཡས་བྱེ་བ་ཕྲག་བརྒྱར་སྤྱད། །སྒྲུབ་པ་མེད་པའི་ནན་ཏན་མཚན་ཉིད་བྱང་ཆུབ་སྟེ། །གང་ཕྱིར་སྤྱོད་པའི་དོན་དེ་རྗེས་སུ་ཐོབ་པར་འགྱུར། །ཆོས་རྣམས་མཉམ་པ་ཉིད་ནི་མཉམ་པར་བཞག་མཁྱེན་པས། །རབ་དང་འབྲིང་དང་ཐ་མ་དག་ཀྱང་མཉམ་པར་མཁྱེན། །མཉམ་པ་ཉིད་ལ་མཉམ་ཉིད་རྟག་བཞུགས་རྣམ་མི་རྟོག་།དེ་ཕྱིར་རྒྱལ་བ་མཉམ་པར་བཞག་ཅིང་མི་འགྱུར་བ། །ཕུང་པོ་ཁམས་དང་དབང་པོ་ཇི་ལྟར་སྒྱུ་མ་བཞིན། །འཇིག་རྟེན་གསུམ་པོ་ཆུ་ཟླ་འདྲ་སྟེ་འཕོ་བ་མེད། །སེམས་ཅན་རྣམས་ནི་རྨི་ལམ་ལྟ་བུར་དངོས་མེད་དེ། །མཁྱེན་པས་རྨི་ལམ་བཞིན་དུ་རྟོགས་ནས་ཆོས་འདི་གསུང ། །བྱང་ཆུབ་མཆོག་རབ་བརྡ་ཡི་རང་བཞིན་ཁྱོད་ཀྱིས་བརྙེས། །དེ་ནི་ཐོབ་དང་མ་ཐོབ་པ་ཞེས་བརྗོད་དུ་མེད། །ཇི་ལྟར་བྱང་ཆུབ་ཁྱོད་ཀྱིས་དེ་བཞིན་འཁོར་ལོ་ཡང ། །ཚུལ་དང་ཚུལ་མིན་འཇུག་པའི་མཚན་བྲལ་རབ་ཏུ་བསྐོར། །རྒལ་ནས་སེམས་ཅན་མང་པོ་བསམ་ཡས་རབ་སྒྲོལ་བ། །གྲོལ་ནས་བཅིངས་པའི་ནང་ན་མཆིས་པ་ཤིན་དུ་གྲོལ། །ཐེག་ཆེན་བླ་མེད་འདི་ལ་འགྲོ་བ་དབུགས་འབྱིན་ཅིང ། །ངེས་འབྱིན་མཉམ་པ་བརྙེས་པ་མྱ་ངན་འདས་ལ་འགོད་གང་ན་སེམས་ཅན་ནམ་ཡང་མྱ་ངན་འདས་མ་མཆིས། །སེམས་ཅན་གདོད་ནས་རྣམ་དག་སེམས
52.195b
ཅན་ཉིད་མི་སྒྲུབ། །སེམས་ཅན་སྒྱུ་མའི་མཚན་དུ་བྱང་ཆུབ་སངས་རྒྱས་ནས། །འདི་ཡི་མཐའ་རྣམས་སེམས་ཅན་མང་པོ་རྟོགས་པར་མཛད། །ནམ་མཁའ་ལ་ནི་གཟུགས་རྣམས་ནམ་ཡང་མི་སྣང་བཞིན། །དེ་ལྟར་འགྲོ་བ་ཀུན་གྱི་གཟུགས་ནི་གཟུགས་ཉིད་མཚུངས་ཆོས་དེ་གཟུགས་དང་གཟུགས་མེད་གཟུགས་མིན་མཚན་ཉིད་དེ། །གང་གིས་དེ་ལྟར་དོན་རྣམས་ཡང་དག་དབེན་རྟོགས་པ། །ཅི་ཙམ་རྒྱལ་བའི་བསྔགས་པ་དག་གིས་དཔེར་བགྱིས་པ། །དེ་དག་ཐམས་ཅད་བསྔགས་པ་འདི་ལ་མཐོང་ཆགས་ཏེ། །རང་གི་ཡོན་ཏན་རྣམས་ཀྱི་འདྲེན་བསྔགས་ནམ་མཁའ་འདྲ། །གཉིས་མེད་བསྔགས་བརྗོད་དེ་ནི་རྒྱལ་བའི་བསྔགས་པའོ། །སངས་རྒྱས་འགྲོ་བ་སད་པར་མཛད་ཅིང་དམིགས་མེད་པ། །སེམས་མེད་སེམས་ཉིད་བརྙེས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཇི་ལྟར་འདྲེན་པ་ཀུན་གྱི་མི་ཡི་སེང་གེ་བསྔགས། །དེ་ལྟར་དེ་བཞིན་ཉིད་ཕྱིར་ཡང་དག་ཡོན་ཏན་བསྔགས། །སེམས་ཅན་ཐམས་ཅད་བདག་མེད་མཚན་ཉིད་ཡེ་ཤེས་མཉམ། །ཐམས་ཅད་རྟོགས་ནས་ཆོས་དབྱིངས་རྗེས་སུ་རིག་པར་བགྱི། །ཆོས་ཀུན་འདོད་ཆགས་བྲལ་བ་མཚན་གྱི་ཚུལ་ཤེས་པ། །དེས་ནི་མཉམ་པ་ཉིད་ཀྱིས་འདྲེན་པ་མཆོད་པར་འགྱུར། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་ཀྱིས་ཚིགས་སུ་བཅད་པ་འདི་དག་སྨྲས་མ་ཐག་ཏུ། ནམ་མཁའ་ལ་འདུག་པའི་ཁང་པ་བརྩེགས་པ་བཀོད་པ་ཆེན་པོ་དེ་འང་རྣམ་པ་དྲུག་ཏུ་གཡོས་སོ། །བར་སྣང་ལས་ཀྱང་གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ཡང་དག་པར་བསྒྲུབས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་ཀྱིས་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཀུན་དུ་བརྗོད་དོ། །བྱང་ཆུབ་སེམས་དཔའ་དེ་དག་ནི་རྨི་ལམ་ན་འང་མངོན་པར་ཞེན་པས་དམིགས་པར་ལྟ་བ་མི་འབྱུང་ངོ ། །གང་དག་ཚིགས་སུ་བཅད་པའི་ཆོས་ཀྱི་ཚུལ་འདི་ཐོས་ནས་མོས་པ་དང ། གང་ཡང་ཐོས་ནས་སྒྲུབ་པ་དེ་དག་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ད་ལྟར་སེང་གེའི་སྒྲ་སྒྲོགས་པ་བཞིན་དུ། དེ་དག་ཀྱང་སེང་གེའི་སྒྲ་སྒྲོགས་པར་འགྱུར་རོ་ཞེས་དེ་ལྟ་བུའི་སྒྲ་བྱུང་ངོ ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིསི་ཚིགས་སུ
52.196a
ཅད་པ་འདི་དག་སྨྲས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཀྱང་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཐོས་ནས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་བཅོམ་ལྡན་འདས་ལ་བལྟ་བ་དང ། ཕྱག་བགྱི་བ་དང ། བསྙེན་བཀུར་བགྱི་བ་དང ། ཆོས་ཀྱི་རྣམ་གྲངས་འདི་ལ་ཡང་ཆོས་སྣང་བར་བགྱི་བ་གང་ཆུང་ཟད་བསྟན་པའི་སླད་དུ་འདིར་མཆིས་སོ། །བཅོམ་ལྡན་འདས་གང་སྐྱེས་བུ་དམ་པ་འདི་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་རང་རང་གི་ཆོས་ལ་ཐེ་ཙོམ་དུ་གྱུར་པ་དེ་ངེས་པར་བསྟན་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ཡོངས་སུ་ཞུས་ཏེ། དེ་བཞིན་གཤེགས་པ་ངེས་པའི་བློ་ལ་རབ་ཏུ་གནས་པས་དེ་དག་གི་ཐེ་ཙོམ་ཐམས་ཅད་ཀྱང་རབ་ཏུ་བསལ་ཅིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྣང་བར་བགྱིས་པ་དེ་ལེགས་སོ། །བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པས་བདག་ལ་སྐབས་ཕྱེ་ན་ཆོས་རྣམ་པར་ངེས་པ་ལ་འཇུག་པའི་བཀའ་མཆིད་ཆུང་ཟད་ཅིག་བདག་ཞུའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ནི་མི་ཆགས་པའི་ཡེ་ཤེས་ཅན་ཏེ་སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོགས་མ་ལགས་པ་མཁྱེན་པ་ཡེ་ཤེས་ལ་མཁས་པ། བཅོམ་ལྡན་འདས་ནི་སྣང་བ་བརྙེས་པ་སྟེ་མུན་པ་ཐམས་ཅད་དང་བྲལ་བ། བཅོམ་ལྡན་འདས་ནི་དོན་མཁྱེན་པ་སྟེ་ཚིག་ཐམས་ཅད་རབ་ཏུ་དབྱེ་བའི་ཡེ་ཤེས་ལ་མཁས་པ། བཅོམ་ལྡན་འདས་ནི་དུས་མཁྱེན་པ་སྟེ་ཚོད་ལས་མི་འདའ་ཞིང་ཕྱད་པར་ལུང་སྟོན་པ། ་བཅོམ་ལྡན་འདས་ནི་ཚོད་མཁྱེན་པ་སྟེ་སེམས་ཅན་ཐམས་ཅད་ལ་སོ་སོ་ཅི་རིགས་པར་ཆོས་སྟོན་པ། ་བཅོམ་ལྡན་འདས་ནི་རྣམ་པར་རོལ་པ་སྟེ་མངོན་པར་ཤེས་པ་དང ། རྫུ་འཕྲུལ་གྱི་རྐང་པ་རྣམ་པར་ངེས་པའི་ཡེ་ཤེས་ལ་མཁས་པ། བཅོམ་ལྡན་འདས་ནི་ཤིན་དུ་རྣམ་པར་གཟིགས་པའི་བློ་དང་ལྡན་པ་སྟེ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཕྱག་འཐིལ་དུ་འཇོག་པར་ཀུན་དུ་སྟོན་པ། བཅོམ་ལྡན་འདས་ནི་མངོན་པར་འཕགས་པ་སྟེ་སྤྱི་གཙུག་བལྟར་མི་མཐོང་བ། བཅོམ་ལྡན་འདས་ནི་ཟིལ་གྱིས་མ་ནོན་པ་སྟེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་དཔའ་བོ་གཅིག་པོ། བཅོམ་ལྡན་འདས་ནི་རང་བྱུང་བ་སྟེ་སློབ་དཔོན་མེད་པར་ཆོས་ཐམས་ཅད་རང་གིས་མངོན་པར་རྫོགས་པར་སངས་རྒྱས་པ། བཅོམ་ལྡན་འདས་ནི་འདྲེན
52.196b
པ་སྟེ་འདྲེན་པ་མེད་པ་དང་ལམ་ངན་པར་ཞུགས་པ་རྣམས་ལ་ཡང་དག་པའི་ལམ་སྟོན་པ། བཅོམ་ལྡན་འདས་ནི་སྨན་པའི་རྒྱལ་པོ་སྟེ་ཐོག་མ་དང་ཐ་མ་མ་མཆིས་པའི་འདོད་པ་དང ། ཉོན་མོངས་པ་དང ། ཀུན་དུ་བསྒྲིབས་པ་དང ། ཤིན་དུ་བསྒྲིབས་པ་དང ། ཀུན་ནས་ལྡང་བས་བསྒྲིབས་པའི་འཇིག་རྟེན་གནས་པ་རྣམས་ནད་མ་མཆིས་པ་འཆི་བ་མ་མཆིས་པའི་གནས་ཀྱི་ལམ་ལ་རབ་ཏུ་འགོད་པ། བཅོམ་ལྡན་འདས་ནི་སྟོབས་དང་དྲག་ཤུལ་འཆང་བ་སྟེ་གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་མཁས་ཤིང་གསུམ་རིག་པའི་རིག་པ་བརྙེས་པ། བཅོམ་ལྡན་འདས་ནི་མི་འཇིགས་པ་ཆེན་པོ་བརྙེས་པ་སྟེ་ཟག་པ་ཟད་ཅིང་མཉམ་པ་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཀུན་ནས་ཉོན་མོངས་པ་མེད་པ་དང་རྣམ་པར་བྱང་བ་མཁྱེན་པ་ལ་མཁས་པ། ལྷ་དང་བཅས་པའི་འཇིག་རྟེན་གྱི་མདུན་དུ་ཁྱུ་མཆོག་སེང་གེའི་སྒྲ་སྒྲོགས་པ། བཅོམ་ལྡན་འདས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་ལྡན་པ་སྟེ་དུས་གསུམ་ལ་ཐོགས་པ་མེད་པའི་ཡེ་ཤེས་ཅན་བཅོམ་ལྡན་འདས་ནི་སྐུ་དང་གསུང་དང་ཐུགས་ཡོངས་སུ་དག་པ་སྟེ་འཁྲུལ་པ་དང་ཅ་ཅོ་མི་མངའ་བ། སྙོམས་པར་འཇུག་པ་ཐམས་ཅད་དང་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ། བཅོམ་ལྡན་འདས་ནི་བྱམས་པ་ཆེན་པོ་ལ་གནས་པ་སྟེ་ཞེ་འགྲས་པ་མེད་པའི་བློ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ། ནམ་མཁའ་དང་མཚུངས་པའི་འོད་ཟེར་གྱིས་གཟིགས་པའི་སྤྱན་དང་ལྡན་པ། བཅོམ་ལྡན་འདས་ནི་ཐུགས་རྗེ་ཆེན་པོ་ལ་གནས་པ་སྟེ་ལེགས་པར་བྱས་པ་དང ། ཉེས་པར་བྱས་པ་དང ། བདེ་བ་དང་སྡུག་བསྔལ་བས་མི་སྐྱོད་པ། སེམས་ཅན་ཐམས་ཅད་ལ་མཉམ་པར་མཇུག་པའི་བློ་དང་ལྡན་པ། ་བཅོམ་ལྡན་འདས་ནི་སངས་རྒྱས་ཐམས་ཅད་དང་མཉམ་པ་སྟེ་མཉམ་པའི་ཡེ་ཤེས་གཉིས་སུ་མེད་པ་ལ་ཞུགས་པ། བཅོམ་ལྡན་འདས་ནི་བྱེ་བྲག་མེད་པ་སྟེ་ནམ་མཁའ་ལྟ་བུར་ཤིན་དུ་རྣམ་པར་དག་ཅིང་སེམས་ཅན་ཐམས་ཅད་ལ་མཉམ་པར་སྦྱོར་བ། ་བཅོམ་ལྡན་འདས་ནི་འདོད་པ་མེད་པ་སྟེ་ཤེས་རབ་ཀྱིས་ངོམས་པ། ་རྙེད་པ་དང་བཀུར་སྟི་དང ། ཚིགས་སུ་བཅད་པ་དང་བྲལ་བ། བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས་པ་སྤྱན་ལྔའི་ཚུལ་ཡོངས་སུ་དག་པའོ། །བཅོམ་ལྡན་འདས་དེ་ལྟར
52.197a
དེ་བཞིན་གཤེགས་པ་ཡོན་ཏན་དང་ཆོས་དང་ཡེ་ཤེས་ཚད་མ་མཆིས་པ་དང་ལྡན་པར་བདག་གིས་རིག་ནས་ཆོས་རབ་ཏུ་བརྗོད་པའི་སྒོ་ཡོངས་སུ་ཞུ་བར་འཚལ་ཏེ་གུས་པ་དང་བཅས་ཤིང་ཆོས་ལ་གཅེས་སྤྲས་སུ་བགྱི་བ་དང་ལྡན་པ་སྟེ། ང་རྒྱལ་མ་མཆིས་ཤིང་སེམས་ཅན་ཐམས་ཅད་ཆོས་ལ་སྦྱོར་བ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མངོན་པར་བསྒྲུབ་པས་ཆོས་འཚལ་བའི་སླད་དུ་དེ་བཞིན་གཤེགས་པ་ལ་ཡོངས་སུ་ཞུའོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལེགས་སོ་ལེགས་སོ། །སྐྱེས་བུ་དམ་པ་ཇི་ལྟར་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དྲིས་པ་རྣམས་ལུང་བསྟན་པ་ཐོབ་པ་རིགས་ཀྱི་བུ་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ་ལ་དྲིས་ཤིག་དང་དྲིས་པ་དེ་དང་དེ་ཉིད་དུ་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་གྱི་རྒྱལ་པོ་རབ་ཏུ་སྣང་བ་ཞེས་བྱ་བ་འཁོར་དེར་འདུས་པར་གྱུར་ཏེ། འདུག་པ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་ལ་འདི་སྐད་ཅེས་སྨྲས་སོ། །ཅི་ཞིག་གི་ཕྱིར་རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་ལ་ཞུ་བར་འདོད། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་མཛོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་གྱིས་རྒྱལ་པོ་རབ་ཏུ་སྣང་བ་ལ་ཚིགས་སུ་བཅད་པ་སླར་སྨྲས་པ། གང་རྣམས་སེམས་དང་སེམས་ལ་སེམས་ཡིད་མཚུངས། །ཤིན་དུ་བསམས་སེམས་ཡེ་ཤེས་མཉམ་ལ་གནས། །སེམས་ལ་སེམས་མེད་པར་ནི་ཞུགས་པའི་ཚུལ། །དེ་དག་དོན་དུ་རྒྱལ་ལ་བདག་ཞུའོ། །སྣང་བ་ཐོབ་ཅིང་མུན་པ་དྲི་མ་མེད། །ཡིད་གཉིས་ཅན་གྱི་ཡིད་གཉིས་བློ་གཅོད་པ། །དེས་བྱས་རྣམ་པར་ཐར་པ་ལ་གཞག་པ། །དེ་དག་ཆེད་དུ་བདེ་བར་གཤེགས་ལ་ཞུ། །བདག་ལ་བདག་མེད་ཤིན་དུ་རྣམ་དག་ཡིད། །སེམས་ཅན་དོན་ཞུགས་སེམས་ཅན་མེད་ལ་དགའ། །སེམས་ཅན་བདག་མེད་གཉིས་ལས་ཐར་བྱེད་པ། །རྣམ་པར་ངེས་པའི་ཆོས་ཀྱི་གཏམ་འདིའོ། །ཆོ་ག་སྤྱོད་ཡུལ་བརྟུལ་ཞུགས་ཡོངས་སུ་དག་།བསམ་པ
52.197b
དག་ཅིང་སེམས་ནི་ནམ་མཁའ་འདྲ། །ལྷུན་པོ་ལྟ་བུར་བརྟན་ཅིང་མི་གཡོ་བ། །དེ་དག་ཆེད་དུ་དོན་ཡོད་མཛད་ལ་ཞུ། །མི་ཟློགས་བརྟེན་པ་བརྩོན་འགྲུས་ཀུན་ནས་བཟང ། །དཔའ་བོ་བདུད་ཀྱི་དགྲ་ཡི་ང་རྒྱལ་བཅོམ། །ཉོན་མོངས་རབ་ཏུ་ཉོན་མོངས་དྲི་སྦྱོར་བ། །མཐོང་དགའ་དེ་དག་དོན་དུ་འདི་ཞུའོ། །ཐོས་སྦྱིན་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དགའ། །བསམ་གཏན་རྣམ་ཐར་ཤེས་རབ་མཆོག་ཏུ་གྱུར། །མངོན་ཤེས་བསམ་གཏན་རྣམ་པར་གྲོལ་བའི་འོད། །རབ་དགའ་དྲི་མེད་དོན་དུ་བདག་ཞུའོ། །སྟོང་པ་མཚན་མ་མེད་ཅིང་མི་སྨོན་གནས། །བསམས་བཞིན་ཤི་འཕོ་དང་ནི་སྐྱེ་བ་སྟོན། །སྐྱེས་པ་མེད་ཅིང་མི་གནས་འཆི་འཕོ་མེད། །དེ་དག་དོན་དུ་མི་ཡི་སྤྱོད་པ་ཞུ། །ཉན་ཐོས་རང་རྒྱལ་སྐྱེ་བོ་གཞན་དག་གིས། །རྟོགས་པར་དཀའ་ཞིང་ཟབ་མོ་མཐོང་དཀའ་བ། །སྐྱེ་བོ་ཀུན་གྱི་ཡིད་རྣམས་ཀུན་སྐུལ་བའི། །ཆོས་ཀྱི་གཏམ་ནི་བདེ་བར་གཤེགས་ལ་ཞུ། །ལེགས་པར་བྱས་པ་རྫོགས་པའི་ཆོས་ལ་དགའ། །ཆོས་ལ་ཆོས་མེད་འཛིན་པ་གཉིས་ལས་གྲོལ། །རྟག་ཏུ་མཉམ་བཞག་མཆོག་གི་ཆོས་ལ་དགའ། །སེམས་ཀྱང་ནམ་མཁའ་མཚུངས་པའི་དོན་དུ་ཞུ། །གང་དག་སངས་རྒྱས་རིགས་གནས་ཆོས་ལ་དགའ། །རྟག་ཏུ་སངས་རྒྱས་བསྟོད་པ་ཀུན་མེད་བློ། །གྲགས་པ་མཐའ་ཡས་འཇིག་རྟེན་གསུམ་དུ་ཐོས། །ཡོན་ཏན་རྒྱ་མཚོ་དེ་ཕྱིར་འདི་ཞུའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གང་དག་སྦྱིན་པ་ནམ་མཁའ་དང་མཚུངས་པ་རྣམས་ལགས། ་ཚུལ་ཁྲིམས་ནམ་མཁའ་དང་མཚུངས་པ་དང ། བཟོད་པ་ནམ་མཁའ་དང་མཚུངས་པ་དང ། ་བརྩོན་འགྲུས་ནམ་མཁའ་དང་མཚུངས་པ་དང ། བསམ་གཏན་ནམ་མཁའ་དང་མཚུངས་པ་དང ། ཤེས་རབ་ནམ་མཁའ་དང་མཚུངས་པ་དང ། བསོད་ནམས་ནམ་མཁའ་དང་མཚུངས་པ་དང ། ཡེ་ཤེས་ནམ་མཁའ་དང་མཚུངས་པ་རྣམས་ལགས། སངས་རྒྱས་ཀྱིས་གནང་བའི་སངས་རྒྱས་རྗེས་སུ་དྲན་པ་དང ། ཆོས་རྗེས་སུ་དྲན་པ་དང ། དགེ་འདུན་རྗེས་སུ་དྲན་པ་དང ། གཏོང་བ་རྗེས་སུ་དྲན་པ་དང །
52.198a
ཚུལ་ཁྲིམས་རྗེས་སུ་དྲན་པ་དང་མི་འབྲལ་བ་རྣམས་ལགས། སངས་རྒྱས་ཀྱིས་གནང་བའི་ལྷ་རྗེས་སུ་དྲན་པ་དང་མི་འབྲལ་བ་རྣམས་ལགས། མྱ་ངན་ལས་འདས་པ་དང་མཉམ་པ་ཐོབ་ཅིང་བྱང་ཆུབ་སེམས་དཔའི་སྤྱད་པ་ཡང་སྤྱོད་དེ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་མཚན་ཉིད་དང་ཆོ་ག་ཤེས་པ་རྣམས་ལགས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་དཀོན་མཆོག་གི་མཛོད་འཛིན་པ་དང ། མཚན་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཆོས་གང་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་པའི་མཚན་ཉིད་ཀྱི་ངོ་བོ་ཉིད་དེའི་ཆོས་ཐམས་ཅད་ཡོངས་སུ་འཛིན་པ་དང ། ཐོག་མ་ནས་སེམས་ཅན་རྣམ་པར་དག་པས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱིད་པ་དང ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་སླད་དུ་ཚུལ་བཞིན་དུའང་རབ་ཏུ་སྦྱོར་བ་རྣམས་ལགས། མངོན་པར་ཤེས་པ་ལས་མ་ཉམས་ཤིང་ཆོས་ཐམས་ཅད་ལ་དབང་བགྱིད་པ་རྣམས་ལགས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཤིན་དུ་རྟོགས་པར་དཀའ་བའི་ཆོས་ཀྱི་ཚུལ་ཟབ་མོ་ལ་ཞུགས་པ་རྣམས་ལགས། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པའི་ཤེས་པ་ལ་མཁས་ཏེ་མཐའ་གཉིས་སུ་ལྟ་བ་ཐམས་ཅད་དང་བྲལ་བ་རྣམས་ལགས། དེ་བཞིན་གཤེགས་པའི་ཕྱག་རྒྱས་བཏབ་པས་དེ་བཞིན་ཉིད་དབྱེར་མེད་པ་ཤེས་པ་མཁས་པ་རྣམས་ལགས། ཆོས་ཀྱི་དབྱིངས་ཀྱི་ཚུལ་ལ་རབ་ཏུ་ཞུགས་ཤིང་ཆོས་ཀྱི་དབྱིངས་ཐམས་ཅད་ལ་ཡང་དག་པར་གཞོལ་བ་རྣམས་ལགས། བསམ་པ་རྡོ་རྗེ་ལྟར་སྲ་ཞིང་མི་ཕྱེད་དེ་ཐེག་པ་ཆེན་པོ་འདི་ལ་ལེགས་པར་གནས་ཤིང་མི་གཡོ་བ་རྣམས་ལགས། སངས་རྒྱས་ཀྱི་ཡུལ་རྗེས་སུ་ཐོབ་ཅིང་རང་གི་ཡུལ་ཡོངས་སུ་དག་པ་རྣམས་ལགས། ་གཟུངས་ཐོབ་པ་རྟག་ཏུ་མི་བརྗེད་པར་སྤྱོད་པ་རྣམས་ལགས། ་སྤོབས་པ་ཐོགས་པ་མེད་ཅིང་རྒྱུན་མི་ཆད་ལ་རྟག་ཏུ་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་བརླབས་པ་རྣམས་ལགས། སྐྱེ་བ་དང་འཆི་འཕོ་བ་དང ། འབྱུང་བ་རྣམས་ལ་དབང་ཐོབ་པ་རྣམས་ལགས། བདུད་བཞིའི་ལམ་ལས་ཡང་དག་པར་འདས་ཤིང་བདུད་དང་ཕྱིར་རྒོལ་བ་ཐམས་ཅད་བཅོམ་པ་རྣམས་ལགས། བསོད་ནམས་གྱིས་ཚོགས
52.198b
ཚད་མེད་པ་བསགས་ཤིང་སེམས་ཅན་ཐམས་ཅད་ཀྱི་འཚོ་བར་གྱུར་པ་རྣམས་ལགས། སངས་རྒྱས་རྣམས་མ་བྱུང་ཡང་སངས་རྒྱས་ཀྱི་མཛད་པས་སེམས་ཅན་རྣམས་ལ་ཉེ་བར་གནས་པ་རྣམས་ལགས། རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་ཐོབ་ཅིང་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ལ་མི་ཆགས་པ་རྣམས་ལགས། ཆགས་པ་ཐམས་ཅད་ལས་ཡང་དག་པར་འདས་པ་དང་ནམ་མཁའ་ལ་རླུང་མར་ལྟ་བུའི་སེམས་དང་ལྡན་པ་རྣམས་ལགས། ཆོ་ག་དང་སྤྱོད་པའི་ཚུལ་ཤེས་པ་དང་མུན་པ་དང་བྲལ་ཞིང་སྣང་བ་ཐོབ་པ་རྣམས་ལགས། གཞན་གྱི་དྲིང་ལ་མི་འཇོག་ཅིང་རང་བྱུང་གི་ཡེ་ཤེས་ཤིན་དུ་རྟོགས་པ་རྣམས་ལགས། མྱུར་དུ་ཐེག་པ་ཆེན་པོ་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ཐོབ་པར་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐྱེས་བུ་དམ་པ་ཁྱོད་ལེགས་སོ་ལེགས་སོ། །སྐྱེས་བུ་དམ་པ་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ལེགས་སོ། །འདི་ལྟ་སྟེ་ཁྱོད་ནི་སེམས་ཅན་ཐམས་ཅད་ཀྱིས་གསོལ་བ་མ་བཏབ་པའི་བཤེས་གཉེན་སངས་རྒྱས་ཀྱིས་ཆོས་ཐམས་ཅད་ལ་སྣང་བ་ཐོབ་པ། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོའི་གོ་ཆ་བགོས་པ། བགྲང་བ་ལས་འདས་པའི་སངས་རྒྱས་ལ་བསྙེན་བཀུར་བྱས་པ། རྟག་ཏུ་ཆོས་ལས་མི་ངོམས་པ། ཡེ་ཤེས་ཀྱི་མཚོན་ཆ་ཅན་ང་རྒྱལ་གྱི་རྣམ་པ་ཐམས་ཅད་ལས་ཡང་དག་པར་འདས་པ། རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་གྱི་དོན་ལ་བརྩོན་པ། འཇིག་རྟེན་གྱི་ཆོས་བརྒྱད་ལས་ཡང་དག་པར་འདས་པ། ནམ་མཁའ་དང་མཚུངས་པའི་སེམས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་དག་པར་བསྒྲུབ་པ་སྟེ། སྐྱེས་བུ་དམ་པ་ཁྱོད་ཀྱི་ཡོན་ཏན་རྣམས་ཀྱི་མཐའ་རྟོགས་པར་སླ་བ་མ་ཡིན་ནོ། །དེའི་ཕྱིར་རིགས་ཀྱི་བུ་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཡོན་ཏན་འདི་རྣམས་དང་གཞན་དག་ཀྱང་ཐོབ་པར་འགྱུར་བ་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང ། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ
52.199a
སྩལ་ཏོ། །རིགས་ཀྱི་བུ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྦྱིན་པ་ནམ་མཁའ་དང་མཚུངས་པ་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ་བདག་རྣམ་པར་དག་པས་སེམས་ཅན་རྣམ་པར་དག་པ་ལ་འཇུག་པ་དང ། སེམས་ཅན་རྣམ་པར་དག་པས་སྦྱིན་རྣམ་པར་དག་པ་ལ་འཇུག་པ་དང ། སྦྱིན་པ་རྣམ་པར་དག་པས་བསྔོ་བ་རྣམ་པར་དག་པ་ལ་འཇུག་པ་དང ། བསྔོ་བ་རྣམ་པར་དག་པས་བྱང་ཆུབ་རྣམ་པར་དག་པ་ལ་འཇུག་པ་སྟེ། རིགས་ཀྱི་བུ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྦྱིན་པ་ནམ་མཁའ་དང་མཚུངས་པ་ཡིན་ནོ། །དེས་རྣམ་པར་དག་པ་བརྒྱད་ཀྱི་སྒོ་ནས་སྦྱིན་པ་དེ་སྦྱིན་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ངར་འཛིན་པ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། ་ང་ཡིར་འཛིན་པ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། རྒྱུ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། ལྟ་བ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། མཚན་མ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། ཐ་དད་པ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། རྣམ་པར་སྨིན་པ་ལ་མི་རེ་བ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། ནམ་མཁའ་དང་མཚུངས་པའི་སེམས་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན་ཏེ། དེ་རྣམ་པར་དག་པ་བརྒྱད་པོ་འདི་དག་གི་སྒོ་ནས་སྦྱིན་པ་དེ་སྦྱིན་ནོ། །ཇི་ལྟར་ནམ་མཁའ་མཐའ་མེད་པ་དེ་བཞིན་དུ་སེམས་མཐའ་མེད་པར་བྱས་ཏེ་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་རྒྱ་ཆེ་ཞིང་སྒྲིབས་པ་མེད་པ་དེ་བཞིན་དུ་བྱང་ཆུབ་ཏུ་བསྔོས་ཏེ་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་ལ་གཟུགས་མེད་པ་དེ་བཞིན་དུ་གཟུགས་ཐམས་ཅད་ལ་མི་གནས་པར་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་ལ་ཚོར་བ་མེད་པ་དེ་བཞིན་དུ་ཚོར་བ་དང་བྲལ་བར་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་ལ་འདུ་ཤེས་མེད་པ་དེ་བཞིན་དུ་འདུ་ཤེས་ཐམས་ཅད་ཀྱི་མདུད་པ་མེད་པར་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་འདུས་མ་བྱས་པ་དེ་བཞིན་དུ་འདུས་བྱས་ཐམས་ཅད་མེད་པར་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་མཚན་ཉིད་རྣམ་པར་རིག་པ་མེད་པ་དེ་བཞིན་དུ་རྣམ་པར་ཤེས་པ་མི་གནས་པར་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་ཁྱབ་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་མི་ཟད་པ་དེ་བཞིན་དུ་དཀོན་མཆོག་གསུམ་གྱི་རིགས་མི་ཟད་པར་བསྔོ་ཞིང་སྦྱིན་པ་དེ་སྦྱིན།
52.199b
ཇི་ལྟར་ནམ་མཁའ་ལ་མུན་པ་མེད་པ་དེ་བཞིན་དུ་ཉོན་མོངས་པ་ཐམས་ཅད་ཀྱི་མུན་པ་མེད་པར་སྦྱིན་པ་དེ་སྦྱིན། ་ཇི་ལྟར་ནམ་མཁའ་རྟག་པར་རབ་ཏུ་སྣང་བ་དེ་བཞིན་དུ་སེམས་ཀྱི་རང་བཞིན་ཡོངས་སུ་དག་པར་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་སེམས་ཅན་ཐམས་ཅད་ཀྱི་གོ་སྐབས་འབྱེད་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་ལ་ངའི་བ་མེད་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཡིད་ལ་བྱེད་པ་ཐམས་ཅད་དང་བྲལ་བར་སྦྱིན་པ་དེ་སྦྱིན། ཇི་ལྟར་སྤྲུལ་པས་སྤྲུལ་པ་ལ་སྦྱིན་པ་དེ་སྦྱིན་པ་ལྟ་བུར་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་སྟེ། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་ཞིང་ཆོས་ཐམས་ཅད་ལ་རེ་བ་མེད་པ་དེ་ལྟར་གཉིས་དང་འབྲལ་བའི་ཕྱིར་སྒྱུ་མའི་མཚན་ཉིད་ཀྱི་ངོ་བོ་ཉིད་རྣམ་པར་དག་པར་བྱང་ཆུབ་སེམས་དཔས་སྦྱིན་པ་དེ་སྦྱིན་ཏེ། རིགས་ཀྱི་བུ་གང་དེ་ལྟ་བུར་སྦྱིན་པ་ཡོངས་སུ་གཏོང་བ་དེ་ནི་ཤེས་རབ་ཀྱི་ཡེ་ཤེས་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཐམས་ཅད་ཡོངས་སུ་འདོར་ཞིང་ཐབས་ཀྱི་ཡེ་ཤེས་ཀྱིས་ནི་སེམས་ཅན་ཐམས་ཅད་མི་གཏོང་བ་སྟེ། རིགས་ཀྱི་བུ་དེ་ལྟ་བུར་གཏོང་བའི་སེམས་ནི་བྱང་ཆུབ་སེམས་དཔའ་སྦྱིན་པ་ནམ་མཁའ་དང་མཚུངས་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་མར་མེ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་དག་གི་སྦྱིན་པ་ཡོངས་སུ་གཏོང་བ་འདི་འདྲ་བ་ལགས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་དག་རྣམ་པ་མེད་པ་སྟེ་རྣམ་པར་དག་པ། སེམས་ཅན་གྱི་རྣམ་པ་སྟེ། སེམས་ཅན་རྣམ་པར་དག་པ། ཆོས་ཀྱི་རྣམ་པ་སྟེ། ཆོས་རྣམ་པར་དག་པ། ཡེ་ཤེས་ཀྱི་རྣམ་པ་སྟེ། ཡེ་ཤེས་རྣམ་པར་དག་པ། ཤེས་རབ་ཀྱི་རྣམ་པ་སྟེ། ཤེས་རབ་རྣམ་པར་དག་པ། ་སེམས་ཀྱི་རྣམ་པ་སྟེ། ་སེམས་རྣམ་པར་དག་པ། འཇིག་རྟེན་གྱི་རྣམ་པ་སྟེ། འཇིག་རྟེན་རྣམ་པར་དག་པ། གཟུགས་མེད་པ་སྟེ་གཟུགས་སུ་སྟོན་པ་དང་མི་སྟོན་པའི་ཡེ་ཤེས་རྣམ་པར་དག་པ། མུན་པ་མེད་ཅིང་མུན་པ་རབ་ཏུ་སྣང་བར་བྱེད་པ། མཚན་མ་ཐམས་ཅད་རྣམ་པར་བཤིག་པས་མཚན་མ་མེད་པའི
52.200a
མཐར་གྱུར་པ། མཐར་ཕྱིན་པའི་ཡེ་ཤེས་རྣམ་པར་དག་པ། མི་ཟད་པའི་བཟོད་པ་དང་ལྡན་པ། དེ་བཞིན་གཤེགས་པའི་ཡེ་ཤེས་མཁྱེན་པའི་ལུང་བསྟན་པ་ཐོབ་པ། མཚམས་བཅད་ཅིང་བྱང་ཆུབ་སེམས་དཔའ་ངེས་པར་གྱུར་པ་ལ་ཞུགས་པ། ཕྱིར་མི་ལྡོག་པའི་ཕྱག་རྒྱས་བཏབ་ཅིང་དབང་བསྐུར་བ་ཐོབ་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡང་དག་པར་ཞུགས་ཞིང་མཉམ་པ་ཉིད་ཀྱི་མཉམ་པར་སྤྱོད་པ། ལེགས་པར་སྤྱོད་པ་ལ་སྤྱད་པ། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་མཚན་ཉིད་དང་ཆོག་ཤེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གི་སྤྱོད་ཡུལ་ཏེ། སྐྱེས་བུ་དམ་པ་དེ་དང་དེ་དག་ནི་དེ་ལྟ་བུའི་སྦྱིན་པ་སྦྱིན་པར་བྱེད་དོ། །བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་ཁྲི་དྲུག་སྟོང་ནམ་མཁའ་དང་མཚུངས་པའི་སྦྱིན་པ་ལ་བཟོད་པ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །དག་པའི་སེམས་ཀྱིས་རྟག་ཏུ་སྦྱིན་པ་སྦྱིན། །བྱང་ཆུབ་ཕྱིར་ཏེ་རྣམ་སྨིན་ཡོང་མི་འདོད། །དགའ་ཞིང་མགུ་ནས་རྗེས་སུ་གདུང་མེད་དེ། །རབ་ཏུ་གྲོལ་ནས་རྟག་ཏུ་སྦྱིན་པ་སྦྱིན། །མཁས་པས་ཆོས་རྣམས་སྒྱུ་འདྲར་ཤེས་ནས་སུ། །ལུས་དང་སྲོག་ལའང་ཆགས་པར་མི་འགྱུར་ཞིང ། །དེ་དག་ལ་ནི་ནམས་ཀྱང་འཛིན་པ་མེད། །དེ་ལྟར་དེ་དག་བསམ་པ་བྱང་ཆུབ་ངེས། །ཐམས་ཅད་གཏང་ཡང་མི་དགའ་བར་མི་འགྱུར། །དེ་ལ་ཞུམ་པ་མེད་དེ་གོང་བ་མེད། །དེ་ཡིས་ནམ་མཁའ་མཚུངས་པར་ཆོས་རྣམས་བསྒོམས། །དེ་བས་དགའ་བར་མི་འགྱུར་ཞུམ་པ་མེད། །བདག་གི་རང་བཞིན་སྔ་ནས་རྣམ་པར་དག་།བྱང་ཆུབ་རྣམ་པར་དག་པས་སྦྱིན་པ་སྦྱིན། །དེ་ནི་སེམས་ཀྱི་རྒྱུད་ལ་མི་ཆགས་པར། །སྤྲོས་པ་མེད་པར་སྦྱིན་པ་རབ་ཏུ་སྦྱིན། །སེམས་མཉམ་ཡིད་ཀྱང་མཉམ་པས་སྦྱིན་པ་གཏོང ། །རབ་འབྲིང་ཐ་མ་གསུམ་ཡང་མེད་པར་སྦྱིན། །བསམ་པ་ཡོངས་དག་དྲི་མ་མེད་པ་ཡིས། །ཐམས་ཅད་གཏོང་ཡང་རྣམ་པར་སྨིན་མི་འདོད། །ལུས་དང་ཚེ་ནི་མི་རྟག་སྒྱུ་མ་འདྲ། །ལོངས་སྤྱོད་རྨི་ལམ་གློག་བཞིན་སྙིང་པོ་མེད། །འཇིག་རྟེན་ཀུན་ལ་སྙིང་རྗེ་བརྩེ་བསྐྱེད་ནས། །འཇིག་རྟེན་ཆོས་ཀྱིས་མ་གོས་སྦྱིན་པ་སྦྱིན། །ཉོན་མོངས་དག་ཕྱིར་བདག་གི་ནོར་ཀུན་གཏོང ། །རྒྱལ་བའི་ཚིག་གི་གནས་སུ
52.200b
འགྱུར་སྙམ་སྟེ། །བདུད་རྣམས་ཀྱིས་ཀྱང་བདག་ལ་གླགས་མི་རྙེད། །དེ་ལྟར་བརྟགས་ནས་ཐམས་ཅད་གཏོང་བ་ཡིན། །སྟོབས་བཅུས་སྦྱིན་པ་རྩ་བ་ཡིན་ཞེས་གསུངས། །དེ་ལ་རབ་ཏུ་གནས་ན་ཚུལ་ཁྲིམས་ལྡན། །ཚུལ་ཁྲིམས་ཡོན་ཏན་གནས་ནས་བསམ་གཏན་རྙེད། །བསམ་གཏན་མ་ཆགས་ཤེས་རབ་རྫོགས་པར་བྱེད། །སྦྱིན་པ་དང་ནི་དུལ་བས་སེམས་རབ་ཚིམ། །ཉོན་མོངས་རྣམས་ཀྱང་ཚིག་ནས་ཕྱིར་མི་སྐྱེ། །སྦྱིན་པ་བདག་དང་གཞན་ལ་ཕན་པར་གསུངས། །ཕན་དང་བདེ་བ་འདུས་བྱས་སྦྱིན་པས་མགུ། །སྦྱིན་གཏོང་ཉོན་མོངས་སྤང་ཞིང་དགེ་བའི་ཕྱིར། །དེས་ན་འཛིན་པ་ལ་ནི་ཆགས་མི་འགྱུར། །ཕ་རོལ་ཉོན་མོངས་ཕྱིར་ནི་མི་གཏོང་སྟེ། །བདག་བློ་རྣམ་དག་བྱང་ཆུབ་ཕྱིར་གཏོང་ངོ ། །ཇི་ལྟ་ཇི་ལྟར་མ་ཞུམ་སེམས་ཀྱིས་གཏོང ། །དེ་ལྟར་དེས་ནི་བྱང་ཆུབ་ཡོན་ཏན་མཐོང ། །ཇི་ལྟ་ཇི་ལྟར་བྱང་ཆུབ་ཡོན་ཏན་མཐོང ། །དེ་ལྟ་དེ་ལྟར་སེམས་ཅན་བརྒྱ་ཚིམ་བྱེད། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ནམ་མཁའ་དང་མཚུངས་པ་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། གཟུགས་བརྙན་ལྟ་བུའི་ལུས་མཉམ་པ་ཉིད་དང ། བྲག་ཆ་ལྟ་བུའི་སྒྲ་མཉམ་པ་ཉིད་དང ། །སྒྱུ་མ་ལྟ་བུའི་སེམས་མཉམ་པ་ཉིད་དང ། ་ནམ་མཁའ་ལྟ་བུའི་བློ་མཉམ་པ་ཉིད་དེ། རིགས་ཀྱི་བུ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ནམ་མཁའ་དང་མཚུངས་པ་ཡིན་ནོ། །རིགས་ཀྱི་བུ་བརྒྱད་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཡོངས་སུ་དག་པ་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། སེམས་རྣམ་པར་དག་པའི་ཕྱིར་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བ་དང ། ཚད་མར་གྱུར་པ་རྣམ་པར་དག་པའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་མེད་པ་དང ། ་དམ་བཅས་པ་རྣམ་པར་དག་པའི་ཕྱིར་བསླབ་པ་ཐམས་ཅད་མི་འདོར་བ་དང ། སྨོན་ལམ་ཡོངས་སུ་དག་པའི་ཕྱིར་སྐྱེ་བ་ཐམས་ཅད་དུ་མི་འཇུག་པ་དང ། མངོན་པར་འདུ་མི་བྱེད་པ་ཡོངས་སུ་དག་པའི་ཕྱིར་ཕྱིར་མི་ལྡོག་དང ། མཚན་མ་ཡོངས་སུ་དག་པའི་ཕྱིར་བྱང་ཆུབ་ཏུ་བསྔོ་བ་དང ། ཉོན་མོངས་པ
52.201a
ཡོངས་སུ་དག་པའི་ཕྱིར་ཀུན་ནས་གདུང་བ་མེད་པ་དང་བྱང་ཆུབ་ཡོངས་སུ་དག་པའི་ཕྱིར་སྨོན་ལམ་ཡོངས་སུ་རྫོགས་པ་སྟེ། རིགས་ཀྱི་བུ་བརྒྱད་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཡོངས་སུ་དག་པའོ། །གཞན་ཡང་ཚུལ་ཁྲིམས་ཡོངས་སུ་དག་པ་ནི་ནམ་མཁའ་དག་པ་སྟེ་ཚུལ་ཁྲིམས་དེ་ཡང་དག་པའོ། །ནམ་མཁའ་དྲི་མ་མེད་པ་སྟེ་ཚུལ་ཁྲིམས་དེ་ཡང་དྲི་མ་མེད་པའོ། །ནམ་མཁའ་ཞི་བ་སྟེ་ཚུལ་ཁྲིམས་དེ་ཡང་ཞི་བའོ། །ནམ་མཁའ་མི་མཐོ་བ་སྟེ་ཚུལ་ཁྲིམས་དེ་ཡང་མི་མཐོ་བའོ། །ནམ་མཁའ་མི་དམའ་བ་སྟེ་ཚུལ་ཁྲིམས་དེ་ཡང་མི་དམའ་བའོ། །ནམ་མཁའ་གཟུང་དུ་མེད་པ་སྟེ་ཚུལ་ཁྲིམས་དེ་ཡང་གཟུང་དུ་མེད་པའོ། །ནམ་མཁའ་གནས་མེད་པ་སྟེ་ཚུལ་ཁྲིམས་དེ་ཡང་གནས་མེད་པའོ། །ནམ་མཁའ་མེད་པ་མ་ཡིན་ཏེ་ཚུལ་ཁྲིམས་དེ་ཡང་མེད་པ་མ་ཡིན་པའོ། །ནམ་མཁའ་རྟག་པ་སྟེ་ཚུལ་ཁྲིམས་དེ་ཡང་རྟག་པའོ། །ནམ་མཁའ་མི་ཟད་པ་སྟེ་ཚུལ་ཁྲིམས་དེ་ཡང་མི་ཟད་པའོ། །ནམ་མཁའ་མཚན་མ་མེད་པ་སྟེ་ཚུལ་ཁྲིམས་དེ་ཡང་མཚན་མ་མེད་པའོ། །ནམ་མཁའ་རྒྱུ་བ་མེད་པ་སྟེ་ཚུལ་ཁྲིམས་དེ་ཡང་རྒྱུ་བ་མེད་པའོ། །ནམ་མཁའ་སྤྲོས་པ་མེད་པ་སྟེ་ཚུལ་ཁྲིམས་དེ་ཡང་སྤྲོས་པ་མེད་པའོ། །ནམ་མཁའ་ཟག་པ་མེད་པ་སྟེ་ཚུལ་ཁྲིམས་དེ་ཡང་ཟག་པ་མེད་པའོ། །ནམ་མཁའ་འདུས་མ་བྱས་པ་སྟེ་ཚུལ་ཁྲིམས་དེ་ཡང་འདུས་མ་བྱས་པའོ། །ནམ་མཁའ་མི་འགྱུར་བ་སྟེ་ཚུལ་ཁྲིམས་དེ་ཡང་མི་འགྱུར་བའོ། །ནམ་མཁའ་རྣམ་པར་མི་རྟོག་པ་སྟེ་ཚུལ་ཁྲིམས་དེ་ཡང་རྣམ་པར་མི་རྟོག་པའོ། །ནམ་མཁའ་ཐམས་ཅད་དུ་སོང་བ་སྟེ་ཚུལ་ཁྲིམས་དེ་ཡང་ཐམས་ཅད་དུ་སོང་བའོ། །ནམ་མཁའ་མི་ཆོད་མི་ཕྱེད་པ་སྟེ་ཚུལ་ཁྲིམས་དེ་ཡང་མི་ཆོད་མི་ཕྱེད་པའོ། །ནམ་མཁའ་མཚུངས་པར་སྦྱོར་བ་སྟེ་ཚུལ་ཁྲིམས་དེ་ཡང་མཚུངས་པར་སྦྱོར་བའོ། །ནམ་མཁའ་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་སྟེ་ཚུལ་ཁྲིམས་དེ་ཡང་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའོ། །རིགས་ཀྱི་བུ་དེ་ལྟར་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཚུལ་ཁྲིམས་ནམ་མཁའ་དང་མཚུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སེམས་ཀྱི་ཚུལ་ཁྲིམས་དྲི་མེད་སྲུང་ཞིང་གདུང་བ་མེད། །ལུས་དང་སེམས་ཀྱང
52.201b
རྣམ་དག་ངག་ཡིད་ཐམས་ཅད་བསྡམས། །མཁས་པ་རྟག་ཏུ་ནང་ཞི་ཚུལ་ཁྲིམས་དྲེགས་མི་སྙེམས། །བློ་འཆད་སེམས་ལ་མི་གནས་བྱང་ཆུབ་སེམས་ལ་རྟོན། །ལས་གང་མ་བྱས་མ་བསམས་དེ་བཞིན་མ་བརྟགས་ཏེ། །དེ་ནི་དམར་སྔོ་སེར་མིན་ཁ་དོག་གཟུགས་མི་གནས། །གཟུགས་མེད་མི་བདེན་མི་གཡོ་དབེན་པ་ནམ་མཁའ་བཞིན། །ཚུལ་ཁྲིམས་ལྟ་བའི་གནས་མེད་མཁས་པ་ཀུན་གྱིས་བསྔགས། །ཚུལ་ཁྲིམས་དེ་ནི་རབ་ཞི་ཞི་བྱེད་ཉོན་མོངས་ཞི། །ཞི་གནས་ལྷག་མཐོང་དག་གི་མཐར་སྟོན་པ། །གང་སུ་བཅིངས་ལས་གྲོལ་བ་དེ་དག་ཚུལ་ཁྲིམས་བརྟེན། །དེ་བས་ཚུལ་ཁྲིམས་ཐར་བྱེད་བྱང་ཆུབ་རྩ་བའི་གཞི། །གང་སུ་སྦྱངས་པ་དགོན་གནས་འདོད་ཉུང་ཆོག་ཤེས་པ། །ཡོ་བྱད་བསྙུངས་ཤིང་བསམ་གཏན་དབེན་ཚོགས་སེམས་སྦྱངས་པ། །ཚུལ་ཁྲིམས་དེ་ཡི་གནས་དེས་སེམས་རྐང་ཐར་པའི་རྟེན། །དེ་ཕྱིར་ཚུལ་ཁྲིམས་བརྒྱན་པ་ལམ་བདེ་ཐར་གནས་པ། །གཡོ་བ་རློམ་སེམས་ཀུན་བྲལ་ལྟ་བའི་ཉོན་མོངས་གཅོད། །ནམ་མཁའ་མཚུངས་མཉམ་བྱམས་པས་ཁྱབ་ཅིང་མཐར་འཛིན་སྤྱོད། །བྱང་ཆུབ་ཕྱིར་ངེས་མི་གཏོང་བྱང་ཆུབ་ཀུན་མི་རྟོག་།གང་མཁས་ཆོག་ཤེས་དེ་འདྲ་ཚུལ་ཁྲིམས་ཕ་རོལ་ཕྱིན།། །།འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པ་ཞེས་བྱ་བ། བམ་པོ་གཉིས་པ། ་རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བཟོད་པ་ནམ་མཁའ་དང་མཚུངས་པ་ཡིན་ཞེ་ན། རིགས་ཀྱི་བུ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་བཟོད་པ་ནམ་མཁའ་དང་མཚུངས་པ་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཚིག་ནམ་མཁའ་དང་མཚུངས་པའི་ཕྱིར་གཤེ་ཡང་སླར་མི་གཤེ་བ་དང ། ལུས་ནམ་མཁའ་དང་མཚུངས་པའི་ཕྱིར་བརྡེགས་ཀྱང་སླར་མི་རྡེག་པ་དང་སེམས་ནམ་མཁའ་དང་མཚུངས་པའི་ཕྱིར་སྤྱོས་ཀྱང་སླར་མི་སྤྱོ་བ་དང ། བསམ་པ་ནམ་མཁའ་དང་མཚུངས་པའི་ཕྱིར་ཁྲོས་ཀྱང་སླར་མི་ཁྲོ་བ་སྟེ། རིགས་ཀྱི་བུ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་བཟོད་པ་ནམ་མཁའ་དང་མཚུངས་པ་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པ་ནམ་མཁའ་དང་མཚུངས་པ་ཡོངས་སུ་དག་པ་འདི་བརྒྱད་དེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ་ནམ་མཁའ་ལ་ཞེ་འགྲས་པ་མེད་དེ་སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་བཟོད་པ་ཡོངས་སུ་དག་པ་དང །
52.202a
ནམ་མཁའ་ལ་རྗེས་སུ་ཆགས་པ་མེད་དེ་རྙེད་པ་དང་བཀུར་སྟི་ལ་རྗེས་སུ་ཆགས་པ་མེད་པའི་བཟོད་པ་ཡོངས་སུ་དག་པ་དང་ནམ་མཁའ་ནི་མཉམ་པར་སྦྱོར་བ་སྟེ་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའི་བཟོད་པ་ཡོངས་སུ་དག་པ་དང ། ནམ་མཁའ་ནི་མ་སྨད་མ་ཉམས་པ་སྟེ་ལུས་དང་སེམས་ཟད་པས་ཉམས་པ་མེད་པའི་བཟོད་པ་ཡོངས་སུ་དག་པ་དང ། ནམ་མཁའ་ནི་བག་ལ་ཉལ་ཐམས་ཅད་སྤངས་པ་སྟེ་བག་ལ་ཉལ་མེད་པའི་བཟོད་པ་ཡོངས་སུ་དག་པ་དང ། ནམ་མཁའ་ནི་ཡིད་དང་དམིགས་པ་མེད་པ་སྟེ་ཡིད་དང་དམིགས་པ་མེད་པའི་བཟོད་པ་ཡོངས་སུ་དག་པ་དང ། ནམ་མཁའ་ནི་མ་སྐྱེས་མ་བྱུང་བ་སྟེ་མ་སྐྱེས་མ་བྱུང་བའི་བཟོད་པ་ཡོངས་སུ་དག་པ་དང ། ནམ་མཁའ་ནི་གཟུགས་དང་གཟུགས་མེད་པ་ཐམས་ཅད་ལ་ཁྱབ་པ་སྟེ་བྱམས་པས་ཁྱབ་པའི་བཟོད་པ་ཡོངས་སུ་དག་པ་དང ། རིགས་ཀྱི་བུ་བརྒྱད་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པ་ཡོངས་སུ་དག་པ་ནམ་མཁའ་དང་མཚུངས་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ནི་འདི་བརྒྱད་དེ། བརྒྱད་གང་ཞེ་ན། ་་སྟོང་པ་ཉིད་ལ་བཟོད་ཀྱང་ལྟ་བ་གཞིག་པའི་ཕྱིར་མ་ཡིན་པ་དང ། མཚན་མ་མེད་པ་ལ་བཟོད་ཀྱང་མཚན་མ་སེལ་བ་མ་ཡིན་པ་དང ། སྨོན་པ་མེད་པ་ལ་བཟོད་ཀྱང་བྱང་ཆུབ་ཏུ་སྨོན་པ་མེད་པ་མ་ཡིན་པ་དང ། མངོན་པར་འདུ་མི་བྱེད་པ་ལ་བཟོད་ཀྱང་འདུས་བྱས་རྣམ་པར་གཞིག་པའི་ཕྱིར་མ་ཡིན་པ་དང ། སྐྱེ་བ་མེད་པ་ལ་བཟོད་ཀྱང་འདུས་མ་བྱས་ཀྱི་མཚན་ཉིད་ཀྱིས་མ་ཡིན་པ་དང ། འབྱུང་བ་མེད་པ་ལ་བཟོད་ཀྱང་སྐྱེ་བ་དང་གནས་པས་མ་ཡིན་པ་དང ། སེམས་ཅན་མེད་པ་ལ་བཟོད་ཀྱང་དངོས་པོ་རྣམ་པར་གཞིག་པའི་ཕྱིར་མ་ཡིན་པ་དང ། ཇི་ལྟ་བ་བཞིན་དུ་བཟོད་ཀྱང་དུས་རྣམ་པར་གཞིག་པའི་ཕྱིར་མ་ཡིན་པ་སྟེ། རིགས་ཀྱི་བུ་བརྒྱད་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ལ་ངེས་པར་རྟོག་པའི་བཟོད་པའོ། །བཟོད་པ་ཞེས་བྱ་བ་ནི་འདི་དག་བདག་ལ་གཤེ་ཡང་བཟོད་དོ་སྙམ་པ་དེ་ནི་ང་ཡིར་འཛིན་པའི་བཟོད་པ་སྟེ་འདི་ནི་ནམ་མཁའ་དང་མཚུངས་པའི་བཟོད་པ་མ་ཡིན་ནོ། །འདི་དག་གཤེ་བ་བདག་གིས་བཟོད་པར་བྱའོ་སྙམ་པ་དེ་ནི་ངར་འཛིན་པའི་བཟོད་པ་སྟེ། ་དེ་ནི་ནམ་མཁའ་དང་མཚུངས་པའི་བཟོད་པ་མ་ཡིན་ནོ། །
52.202b
འདི་དག་ནི་ཡི་གེ་བསྣོར་བའོ་སྙམ་པ་དེ་ནི་སྒྲ་དང་སྐད་ཀྱི་བཟོད་པ་སྟེ། དེ་ནི་ནམ་མཁའ་དང་མཚུངས་པའི་བཟོད་པ་མ་ཡིན་ནོ། །འདི་ཡང་སྟོང་པ་བདག་ཀྱང་སྟོང་པའོ་སྙམ་པ་དེ་ནི་ཡིད་ལ་བྱེད་པ་སྦྱོར་བའི་བཟོད་པ་སྟེ། དེ་ནི་ནམ་མཁའ་དང་མཚུངས་པའི་བཟོད་པ་མ་ཡིན་ནོ། །བདག་གིས་བཟོད་པ་བྱའོ། །སྙམ་པ་དེ་ནི་རྣམ་པར་རིག་པའི་བཟོད་པ་སྟེ། དེ་ནི་ནམ་མཁའ་དང་མཚུངས་པའི་བཟོད་པ་མ་ཡིན་ནོ། །འདི་ལྟ་སྟེ། དཔེར་ན་ཤིང་སཱ་ལ་ཆེན་པོའི་ཚལ་ཡོད་པར་ལ་ལ་ཞིག་འོངས་ཏེ། ཤིང་སཱ་ལ་བཅད་ན་དེ་ལ་ཤིང་སཱ་ལ་བཅད་པའི་ལྷག་མ་རྣམས་འདི་སྙམ་དུ་འདི་དག་ནི་བཅད་དོ། །བདག་ནི་མ་བཅད་དོ་སྙམ་དུ་མི་སེམས་ཏེ། དེ་དག་ལ་རྗེས་སུ་ཆགས་པ་ཡང་མེད། ཁོང་ཁྲོ་བ་ཡང་མེད་དེ་མི་རྟོག་རྣམ་པར་མི་རྟོག་ཡོངས་སུ་མི་རྟོག་པ་དེ་བཞིན་དུ། གང་བཟོད་པ་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ནམ་མཁའ་དང་མཚུངས་པ་ཡོངས་སུ་དག་པའི་མཆོག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཟད་པ་ཤེས་པ་བཟོད་པ་མི་ཟད་གཙང ། །ཡིད་ནི་ཡུལ་ལ་མ་ཆགས་ཤིན་དུ་བསྒོམས། །ཕྱི་ནང་ཤིན་དུ་རྣམ་དག་མི་གནས་པ། །ནམ་མཁའ་མཚུངས་མཉམ་སེམས་མཆོག་བཟོད་པའོ། །ལུས་འདི་གཟུགས་བརྙན་རྩི་ཤིང་རྩིག་པ་འདྲ། །སེམས་ཀྱང་གཟུགས་མེད་མི་སྣང་སྒྱུ་མ་འདྲ། །ཆོས་འདི་ལྟ་བའི་གནས་མེད་ནམ་མཁའ་བཞིན། །ལུས་ཀྱང་མི་འགྱུར་ཡིད་ལ་ཁྲོ་བ་མེད། །བཀུར་སྟི་བྱེད་ལ་དགའ་དང་ཞེ་སྡང་མེད། །མཐོ་དང་དམའ་བར་རྣམ་པར་རྟོག་པ་མེད། །ཐེག་པ་གང་འདྲ་ས་ལྟར་སྦྱོར་བ་དེ། །སེམས་ཅན་དག་པར་བསྟན་འདིར་བཟོད་སྨྲ་ཡིན། །སྲོག་མེད་གང་ཟག་བདག་མེད་སེམས་ཅན་མེད། །ཆོས་འདི་ཐམས་ཅད་སྟོང་པར་གང་བཟོད་ཅིང ། །རྒྱུ་དང་རྐྱེན་དང་བྱེད་དང་འགལ་མི་བྱེད། །དེ་ནི་བསྟན་འདིར་བཟོད་མཆོག་ཡང་དག་ཉིད། །ཁ་ངན་ཟེར་བའི་ཚིག་ཐོས་མི་གཤེ་ཞིང ། །བྱེད་པ་མེད་པ་ནམ་མཁའི་སྤྲིན་སྒྲ་བཞིན། བདག་རྣམ་བསལ་ཡིད་སྟོང་པའི་མཆོག་མཐོང་དེ། །བསྟན་འདིར་སེམས་ཅན་གཙང་མ་བཟོད་སྨྲ་ཡིན། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ནམ་མཁའ་དང་མཚུངས་པ་ཡིན་ཞེ་ན། །རིགས་ཀྱི་བུ་ཆོས་བཞི་དང་ལྡན་ན་བྱང་ཆུབ
52.203a
སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ནམ་མཁའ་དང་མཚུངས་པ་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་རྩ་བ་ཐམས་ཅད་ལ་རྩོམ་ཡང་ཆོས་ཐམས་ཅད་ཡོངས་སུ་མ་གྲུབ་པར་རབ་ཏུ་ཤེས་པ་དང ། སངས་རྒྱས་ཐམས་ཅད་ལ་མཆོད་པ་དང་རིམ་གྲོ་བྱ་བ་མངོན་པར་འདུ་བྱེད་ཀྱང་དེ་བཞིན་གཤེགས་པ་རྣམས་ཆོས་ཀྱི་སྐུ་མཉམ་པར་ཡང་དག་པར་རྗེས་སུ་མཐོང་བ་དང ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཀྱང་སེམས་ཅན་རྣམ་པར་དག་པས་སེམས་ཅན་མི་དམིགས་པ་དང ། སངས་རྒྱས་ཐམས་ཅད་ཀྱི་དམ་པའི་ཆོས་ཡོངས་སུ་འཛིན་ཀྱང་འདོད་ཆགས་དང་བྲལ་བར་བྱ་བའི་ཆོས་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། རིགས་ཀྱི་བུ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ནམ་མཁའ་དང་མཚུངས་པ་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཡོངས་སུ་དག་པ་འདི་བརྒྱད་དེ། བརྒྱད་གང་ཞེ་ན། ་བརྩོན་འགྲུས་གང་གིས་ལུས་བརྒྱན་པའི་ལུས་དེ་གཟུགས་བརྙན་ལྟ་བུར་རིག་པས་མི་དམིགས་པ་དང ། བརྩོན་འགྲུས་གང་གིས་ཚིག་མངོན་པར་འདུ་བྱེད་པའི་ཚིག་དེ་ཡ་མ་རླར་རྣམ་པར་བརྟགས་ཏེ་མི་དམིགས་པ་དང ། བརྩོན་འགྲུས་གང་གིས་སེམས་ཏིང་ངེ་འཛིན་གྱི་གནས་སུ་འཇོག་པའི་སེམས་དེ་སེམས་ཀྱི་ཆོས་ཉིད་ཀྱིས་རྣམ་པར་བརྟགས་ཏེ་མི་དམིགས་པ་དང ། བརྩོན་འགྲུས་གང་གིས་ཕ་རོལ་དུ་ཕྱིན་པའི་ཕྱོགས་ཐམས་ཅད་རབ་ཏུ་སྡུད་པར་བྱེད་ཀྱང་དེ་གཅིག་ནས་གཅིག་ཏུ་སེམས་ཟད་པའི་ཆོས་ཉིད་ཀྱིས་ཤིན་དུ་བརྟགས་ཏེ་མི་དམིགས་པ་དང ། བརྩོན་འགྲུས་གང་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་ཀྱང་བྱང་ཆུབ་དེ་དངོས་པོའི་མཚན་ཉིད་རྣམ་པར་བརྟགས་ཏེ་ཡང་དག་པར་རྗེས་སུ་མི་མཐོང་བ་དང ། བརྩོན་འགྲུས་གང་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་བྱེད་པའི་ཞིང་དེ་ཡང་ནམ་མཁའ་དང་མཚུངས་པས་རྣམ་པར་བརྟགས་ཏེ་མི་དམིགས་པ་དང ། བརྩོན་འགྲུས་གང་གིས་ཐོས་པ་ཐམས་ཅད་འཛིན་པར་བྱེད་པ་དེ་ཡང་སྒྲ་བྲག་ཆ་དང་མཚུངས་པར་ཡང་དག་པར་རྗེས་སུ་མཐོང་བ་དང ། བརྩོན་འགྲུས་གང་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་སྒྲུབ་པ་དེ་ཡང་ཆོས་ཀྱི་དབྱིངས་དབྱེར་མེད་པའི་མཚན་ཉིད་དུ་རྣམ་པར་བརྟགས་ནས་མི་དམིགས་པ་སྟེ། རིགས་ཀྱི་བུ་བརྒྱད
52.203b
པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཡོངས་སུ་དག་པའོ། །རིགས་ཀྱི་བུ་འདི་གཉིས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཏེ། འདི་ལྟ་སྟེ། སྦྱོར་བའི་བརྩོན་འགྲུས་དང ། ཡོངས་སུ་ཆད་པའི་བརྩོན་འགྲུས་སོ། །དེ་ལ་སྦྱོར་བའི་བརྩོན་འགྲུས་ནི་ལུས་དང་ངག་དང་སེམས་དང ། རབ་ཏུ་ལྡན་པའོ། །ཡོངས་སུ་ཆད་པའི་བརྩོན་འགྲུས་ནི་ལེན་པ་མེད་པ། འདོར་བ་མེད་པ་གནས་མེད་པ་སྟེ། ནམ་བྱང་ཆུབ་སེམས་དཔའ་ལུས་དང་ངག་དང་སེམས་སྦྱོར་བའི་བརྩོན་འགྲུས་རྩ་བ་ནས་མི་གནས་པར་ཤིན་དུ་བརྟགས་ནས་མི་དམིགས་ཤིང་ཡོངས་སུ་ཆད་པའི་བརྩོན་འགྲུས་ནི་ཆོས་ཀྱི་དབྱིངས་ཀྱི་རྗེས་སུ་འཇུག་པས་རྗེས་སུ་འགྲོ་བ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ནམ་མཁའ་དང་མཚུངས་པ་ཡིན་ནོ། །ཇི་ལྟར་ནམ་མཁའ་གཟུགས་མེད་ཅིང་སེམས་ཅན་ཐམས་ཅད་རབ་ཏུ་རྒྱུ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་དེ་ཡང་ཆོས་ཐམས་ཅད་ལ་མི་གནས་ཤིང་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་དོ། །ཇི་ལྟར་ནམ་མཁའ་གཟུགས་ཐམས་ཅད་ལ་གོ་སྐབས་འབྱེད་ཅིང་བླ་གབ་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་དེ་ཡང་སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་ཅིང་ལྟ་བ་ཐམས་ཅད་དང་བྲལ་བའོ། །ཇི་ལྟར་ནམ་མཁའ་ལས་རྩཝ་དང ། ནགས་ཚལ་དང ། ལོ་ཏོག་སྐྱེ་ཡང་རྩ་བ་མེད་ཅིང་གནས་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་དེ་ཡང་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེད་ཀྱང་འཇིག་ཚོགས་ལ་ལྟ་བའི་རྩ་བ་ལ་གནས་པ་མེད་དོ། །ཇི་ལྟར་ནམ་མཁའ་ཐམས་ཅད་དུ་སོང་ཡང་འཕོ་བའི་མཚན་ཉིད་མ་ཡིན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་དེ་ཡང་དགེ་བའི་ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་ཡང་འཕོ་བའི་མཚན་ཉིད་མ་ཡིན་ནོ། །ཇི་ལྟར་ནམ་མཁའ་མཚུངས་པར་སྦྱོར་ཞིང་གཟུགས་ཐ་དད་པར་སྟོན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་དེ་ཡང་སེམས་ཅན་ཐམས་ཅད་ལ་ཆོས་ཐམས་ཅད་མཚུངས་པར་སྦྱོར་ཞིང་སྤྱོད་པ་སྣ་ཚོགས་ཀུན་དུ་སྟོན་ཏོ། །ནམ་བྱང་ཆུབ་སེམས་དཔའ་གང་ཀུན་དུ་སྒྲུབ་པར་བྱེད་པ་དེ་མཉམ་པ་ཉིད་པས་ཡང་དག་པར་རྗེས་སུ་མི་མཐོང་ཞིང ། གང་ལ་རྩོམ་པ་དེ་ཡང་རྣམ་པར་བརྟགས་ནས་མི་དམིགས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ནམ་མཁའ་དང་མཚུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས
52.204a
དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །བརྩོན་འགྲུས་དག་གི་སྟོབས་ཀྱིས་མཐུ་བསྐྱེད་ནས། །ལུས་དང་སྲོག་ལའང་ཕངས་པར་མི་བྱེད་ཅིང ། །བདག་ཉིད་ཆེན་པོ་བྱང་ཆུབ་སྤྱད་པ་སྤྱོད། །སེམས་ཅན་ཕན་པའི་དོན་བྱེད་ཕན་སེམས་པ། །སྔོན་གྱི་སྲིད་པར་འདུས་བྱས་ཅི་སྲིད་པ། །བྱང་ཆུབ་ཡོན་ཏན་ཕྱིར་ནི་དེ་སྲིད་འཁོར། །དེ་དག་སྐྱོ་བར་འགྱུར་བའང་ཡོང་མེད་དེ། །ཕྱི་ཕྱིར་བརྩོན་འགྲུས་དག་ནི་རབ་ཏུ་སྐྱེད། །སེམས་ཅན་བསམ་མི་ཁྱབ་པ་འགྲོ་བར་བརྩོན། །སངས་རྒྱས་བསམ་མི་ཁྱབ་པ་མཆོད་པར་བརྩོན། །ཞིང་རྣམས་བསམ་གྱིས་མི་ཁྱབ་བལྟ་བར་བརྩོན། །བསམ་གྱིས་མི་ཁྱབ་བདུད་རྣམས་གདུལ་བར་བརྩོན། །སྦྱིན་པ་བསམ་གྱིས་མི་ཁྱབ་གཏོང་བར་བརྩོན། །ཚུལ་ཁྲིམས་བསམ་གྱིས་མི་ཁྱབ་བསྲུང་བར་བརྩོན། །བཟོད་པ་བསམ་གྱིས་མི་ཁྱབ་སྒོམ་པར་བརྩོན། །བརྩོན་འགྲུས་བསམ་གྱིས་མི་ཁྱབ་དགེ་བར་བརྩོན། །བསམ་གཏན་བསམ་གྱིས་མི་ཁྱབ་སེམས་པར་བརྩོན། །ཤེས་རབ་བསམ་གྱིས་མི་ཁྱབ་བསྒོམ་པར་བརྩོན། །བྱམས་པ་བསམ་གྱིས་མི་ཁྱབ་བསྒོམ་པར་བརྩོན། །དོན་དང་ཡོན་ཏན་སྒྲུབ་པ་རབ་ཏུ་བརྩོན། །སྲོག་དང་ལུས་ཀྱང་མི་ཕངས་བརྩོན་པར་བྱེད། །ཉོན་མོངས་འཐབ་པ་ཀུན་ལས་རྣམ་པར་གྲོལ། །སྟོང་པ་རྣམ་ཐར་བདག་མེད་མངོན་པར་བརྩོན། །བདག་ལ་བདག་མེད་ཆེ་བའི་བདག་ཉིད་བརྩོན། །ལྟ་ལས་རྣམ་གྲོལ་བྱང་ཆུབ་ཕྱིར་ཡང་བརྩོན། །སྒྱུ་མ་སྨིག་རྒྱུའི་ངོ་བོ་ཉིད་དུ་བརྩོན། །སེམས་མེད་སེམས་ཀྱང་སེམས་མ་ཡིན་པ་ཐོབ། །གཡོ་བ་མེད་པའི་ཆོས་རྣམས་སྟོན་པར་བརྩོན། །འགྲོ་བ་ཀུན་དུ་སྤྱོད་ཅིང་རྣམ་པར་གྲོལ། །བཤད་ཅིང་ཀློག་པ་ལ་ནི་རྟག་ཏུ་བརྩོན། །ཆོས་དང་ཆོས་མིན་གཉིས་ལས་ཤིན་དུ་འདས། །སྒྲ་དང་ཡི་གེའི་ངོ་བོ་ཉིད་ལ་བརྩོན། །འགྲོ་བ་རྣམས་ལ་མདོ་སྡེ་སྟོང་རྣམས་སྨྲ། །སངས་རྒྱས་ཡོན་ཏན་རྣམས་ནི་མཐའ་ཡང་མེད། །སེམས་ཅན་སྤྱོད་པ་རྣམས་ལ་འང་མཐའ་མེད་དེ། །མཁས་པ་དེ་ལ་རྟག་ཏུ་བརྩོན་འགྲུས་སྦྱོར། །སེམས་ཅན་སྤྱོད་མཐའ་མེད་ལ་རབ་ཏུ་འཇུག་།ཆོས་འདི་རྣམས་ནི་སྐྱེ་མེད་འགག་མེད་དེ། །མཁས་པ་དེ་དག་སེམས་ཀྱང་མི་ཞུམ་ཞིང ། །ཕྱི་ཕྱིར་བརྩོན་འགྲུས་རླབས་ཆེན་རབ་བསྐྱེད་དེ། །འདི་འདྲའི་ཆོས་ལ་སེམས་ཅན་བསྒོམ་དུ་བཙུད། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བསམ་གཏན་ནམ
52.204b
མཁའ་དང་མཚུངས་པ་ཡིན་ཞེ་ན། རིགས་ཀྱི་བུ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་བསམ་གཏན་ནམ་མཁའ་དང་མཚུངས་པ་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ་སེམས་ནང་དུ་ཡང་དག་འཇོག་ལ་ནང་དུ་སེམས་གནས་པར་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་དང ། སེམས་ཕྱི་རོལ་ནས་ཀྱང་ཟློག་ལ་ཕྱི་རོལ་དུ་སེམས་རྒྱུ་བ་ཡང་མི་དམིགས་པ་དང ། བདག་གི་སེམས་མཉམ་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱང་མཉམ་པ་ཉིད་དུ་སྙོམས་པར་འཇུག་པ་དང་སེམས་མཉམ་པ་ཉིད་དེ་ཡང་སེམས་སྒྱུ་མའི་ཆོས་སུ་མཉམ་པ་ཉིད་དུ་སྙོམས་པར་འཇུག་པ་སྟེ། རིགས་ཀྱི་བུ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་བསམ་གཏན་ནམ་མཁའ་དང་མཚུངས་པ་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ཡོངས་སུ་དག་པ་འདི་བརྒྱད་དེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། བསམ་གཏན་བྱེད་ཀྱང་ཕུང་པོ་ལ་གནས་ཏེ་བསམ་གཏན་མི་བྱེད་པ་དང ། བསམ་གཏན་བྱེད་ཀྱང་ཁམས་ལ་གནས་ཏེ་བསམ་གཏན་མི་བྱེད་པ་དང ། བསམ་གཏན་བྱེད་ཀྱང་སྐྱེ་མཆེད་ལ་གནས་ཏེ་བསམ་གཏན་མི་བྱེད་པ་དང ། བསམ་གཏན་བྱེད་ཀྱང་འཇིག་རྟེན་འདི་ལ་གནས་ཏེ་བསམ་གཏན་མི་བྱེད་པ་དང ། བསམ་གཏན་བྱེད་ཀྱང་འཇིག་རྟེན་ཕ་རོལ་ལ་གནས་ཏེ་བསམ་གཏན་མི་བྱེད་པ་དང ། བསམ་གཏན་བྱེད་ཀྱང་འདོད་པའི་ཁམས་ལ་གནས་ཏེ་བསམ་གཏན་མི་བྱེད་པ་དང ། བསམ་གཏན་བྱེད་ཀྱང་གཟུགས་ཀྱི་ཁམས་ལ་གནས་ཏེ་བསམ་གཏན་མི་བྱེད་པ་དང ། བསམ་གཏན་བྱེད་ཀྱང་གཟུགས་མེད་པའི་ཁམས་ལ་གནས་ཏེ་བསམ་གཏན་མི་བྱེད་པ་སྟེ། རིགས་ཀྱི་བུ་བརྒྱད་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ཡོངས་སུ་དག་པའོ། །གཞན་ཡང་ངེས་པར་རྟོག་པའི་སེམས་ནི་བསམ་གཏན་ཡོངས་སུ་དག་པ་སྟེ། དེ་ལ་ངེས་པར་རྟོག་པའི་སེམས་ཉིད་གང་ཞེ་ན། གང་ཆོས་རྣམས་ལ་མི་མཐོ་མི་དམའ་བ། མི་སྟོད་མི་སྨོད་པ། འགྱུར་བ་མེད་པ། རྣམ་པར་མི་རྟོག་པ། སྩོགས་པ་མེད་པ། ་འཛིན་པ་མེད་པ། གཏོང་བ་མེད་པ། མུན་པ་མེད་པ། སྣང་བ་མེད་པ། རྟོག་པ་མེད་པ། རྣམ་པར་རྟོག་པ་མེད་པ། འདུ་ཤེས་མེད་པ། ཡིད་ལ་བྱེད་པ་མེད་པ། གཅིག་པ་འང་མ་ཡིན། གཉིས་པ་འང་མ་ཡིན། གཉིས་མ་ཡིན་པ་འང་མ་ཡིན་པ། གཡོ་བ་མེད་པ། རློམ་སེམས་མེད་པ། སྤྲོས་པ་མེད་པ། སྩོགས
52.205a
པ་མེད་པ། བྲི་བ་མེད་པ། སྒོམ་པ་མེད་པ། འཇིགས་པ་མེད་པ་སྟེ། ་གང་མཚན་མ་དང་དམིགས་པ་ཐམས་ཅད་ལ་མི་གནས་པ། གང་སེམས་མི་གནས་པ་དེ་ནི་སེམས་ངེས་པར་རྟོག་པའོ། །སེམས་ངེས་པར་རྟོག་པ་ནི་གཟུགས་རྣམས་ལ་མི་རྒྱུག་སྟེ། མིག་དང་གཟུགས་དང་རྣམ་པར་ཤེས་པ་རིག་ཅིང་རང་གི་མཚན་ཉིད་རྣམ་པར་དག་པར་བསམ་གཏན་བྱེད་དོ། །སེམས་ངེས་པར་རྟོག་པ་ནི་སྒྲ་རྣམས་ལ་མི་རྒྱུག་སྟེ། རྣ་བ་དང་སྒྲ་དང་རྣམ་པར་ཤེས་པ་རིག་ཅིང་རང་གི་མཚན་ཉིད་རྣམ་པར་དག་པར་བསམ་གཏན་བྱེད་དོ། །སེམས་ངེས་པར་རྟོག་པ་ནི་དྲི་རྣམས་ལ་མི་རྒྱུག་སྟེ། སྣ་དང་དྲི་དང་རྣམ་པར་ཤེས་པ་རིག་ཅིང་རང་གི་མཚན་ཉིད་རྣམ་པར་དག་པར་བསམ་གཏན་བྱེད་དོ། །སེམས་ངེས་པར་རྟོག་པ་ནི་རོ་རྣམས་ལ་མི་རྒྱུག་སྟེ། ལྕེ་དང་རོ་དང་རྣམ་པར་ཤེས་པ་རིག་ཅིང་རང་གི་མཚན་ཉིད་རྣམ་པར་དག་པར་བསམ་གཏན་བྱེད་དོ། །སེམས་ངེས་པར་རྟོག་པ་ནི་རེག་པ་རྣམས་ལ་མི་རྒྱུག་སྟེ། ལུས་དང་རེག་པ་དང་རྣམ་པར་ཤེས་པ་རིག་ཅིང་རང་གི་མཚན་ཉིད་རྣམ་པར་དག་པར་བསམ་གཏན་བྱེད་དོ། །སེམས་ངེས་པར་རྟོག་པ་ནི་ཆོས་རྣམས་ལ་མི་རྒྱུག་སྟེ། ཡིད་དང་ཆོས་དང་རྣམ་པར་ཤེས་པ་རིག་ཅིང་རང་གི་མཚན་ཉིད་རྣམ་པར་དག་པར་བསམ་གཏན་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། བསྐལ་པས་སྲེག་པ་ན་ནམ་མཁའ་མི་འཚིག་ཅིང ། ཆུས་འཇིག་པ་ན་ནམ་མཁའ་གཤེར་བར་མི་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་བསམ་གཏན་ནམ་མཁའ་དང་མཚུངས་པ་ཡང་ཉོན་མོངས་པ་ཐམས་ཅད་ཀྱིས་མི་འཚིག་ཅིང་བསམ་གཏན་དང ། རྣམ་པར་ཐར་པ་དང ། ཏིང་ངེ་འཛིན་དང ། སྙོམས་པར་འཇུག་པ་ཐམས་ཅད་ལ་འང་མ་ཆགས་པ་ཡིན་ནོ། །མཉམ་པར་བཞག་པ་ཡང་ཡིན་ལ་སེམས་རྣམ་པར་གཡེངས་པའི་སེམས་ཅན་རྣམས་ཀྱང་ཤིན་དུ་འགོད་དོ། །མཉམ་པར་བཞག་ཀྱང་དགའ་བ་མེད་ལ་ལངས་ནས་ཀྱང་ཁོང་ཁྲོ་བ་མེད་པ་ཡིན་ནོ། །འཕགས་པའི་སྐྱེ་བོ་རྣམས་ལ་ཞི་བ་ཉེ་བར་སྟོན་ཀྱང་འཕགས་པ་མ་ཡིན་པའི་སྐྱེ་བོ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བརྩོན་འགྲུས་རབ་ཏུ་འབར་བར་ཡང་བྱེད་དོ། །མཉམ་པར་བཞག་ཅིང་མཉམ་པ་ཡང་ཡིན་ལ་མི་མཉམ་པར་སྤྱོད་པ་རྣམས་ལ་ཐ་དད་པར་སྟོན་པ་ཡང་རབ་ཏུ་སྟོན་ཏོ། །མཉམ་པ་ཉིད་ཀྱིས་མི
52.205b
མཉམ་པ་ཡང་མི་མཐོང་ལ། མི་མཉམ་པས་མཉམ་པ་ཉིད་དང་འགལ་བར་ཡང་མི་བྱེད་དོ། །དེ་ནི་མི་འགལ་ཞིང་འགལ་བ་མེད་པ་ནམ་མཁའ་དང་མཚུངས་པའི་སེམས་ཀྱི་བསམ་གཏན་པ་ཞེས་བྱའོ། །ཤེས་རབ་ཆེ་བའི་བསམ་གཏན་པ་ཞེས་བྱའོ། །རྣམ་པར་ཤེས་པ་རབ་ཏུ་མི་གནས་པའི་བསམ་གཏན་པ་ཞེས་བྱའོ། །གང་གིས་བསམ་གཏན་དེ་ལྟར་མངོན་པར་རྟོགས་པའི་བྱང་ཆུབ་སེམས་དཔའ་དེ་བསམ་གཏན་ནམ་མཁའ་དང་མཚུངས་པ་སྟེ། མི་གནས་པའི་བསམ་གཏན་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །བསམ་གཏན་རྣམས་ཀྱིས་དབང་པོ་ཡོངས་སུ་དག་།དྲན་པ་རྩེ་གཅིག་ཡིད་ནི་མཉམ་པར་བཞག་།གནས་རྣམས་ཐམས་ཅད་ལ་ཡང་མི་གནས་ཤིང ། །འགྲོ་བ་ཀུན་ལ་མཉམ་ཉིད་སྙོམས་པར་བཞག་།ནང་དང་ཕྱི་རོལ་དག་ན་གནས་པ་ཡི། །ཕུང་པོ་སྐྱེ་མཆེད་ཁམས་ལ་མི་གནས་ཤིང ། །ཉེ་བར་ཞི་བ་དབེན་པ་སྤྱོད་ཡུལ་ཏེ། །མཁས་པ་དེ་དག་རྟག་ཏུ་མཉམ་པར་བཞག་།མཉམ་པ་ཉིད་ཀྱིས་རྟག་ཏུ་མཉམ་བཞགཔ། །ཆོས་ཀྱི་དབྱིངས་དང་མཉམ་ཞིང་མཚུངས་པའི་ཡིད། །ཤིན་དུ་དབེན་པའི་སེམས་ཀྱང་སྟོན་བྱེད་ཅིང ། །མཁས་པ་བསམ་གཏན་ཀུན་ལའང་མི་ཆགས་སོ། །འགྲོ་བ་རྣམས་ཀྱང་ཡོངས་སུ་སྨིན་བྱའི་ཕྱིར། །འཆི་འཕོ་སྐྱེ་བ་འཆི་བ་ཉེར་སྟོན་ཀྱང ། །ཏིང་ངེ་འཛིན་ལས་དེ་དག་མི་ཉམས་ཏེ། །དེ་ནི་སེམས་རྟོགས་དབང་གིས་དེ་འདྲའོ། །གཟུགས་མེད་ཏིང་ངེ་འཛིན་ཀྱང་སྤྱོད་ཡུལ་ལ། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་བྱའི་ཕྱིར། །འདོད་པའི་ཁམས་སུའང་རབ་ཏུ་སྣང་བྱེད་དེ། །དེ་དག་བདག་དང་སེམས་ཅན་མི་གནས་སོ། །ནམ་མཁའ་དང་ནི་མཚུངས་པའི་སྤྱོད་ཡུལ་ཏེ། །སྒྱུ་མ་དང་ཡང་མཚུངས་ཤིང་སྨིག་རྒྱུ་འདྲ། །རྨི་ལམ་ཆུ་ཟླ་སྤྲིན་གྱི་མཚན་ཉིད་དུ། །ཆོས་རྣམས་ཤེས་ནས་རྟག་ཏུ་མཉམ་པར་བཞག་།འགྲོ་བ་ཀུན་གྱི་སེམས་ཀྱི་སྤྱོད་ཡུལ་དུ། །འགྲོ་བ་རྣམས་ལ་སེམས་དང་བློ་འཇུག་ཅིང ། །སེམས་རྒྱུད་ལ་ནི་སྒྲིབ་པ་མེད་པ་སྟེ། །རང་གི་སེམས་ཀྱི་རྒྱུད་ཀྱང་རབ་ཏུ་ཤེས། །བསམ་གཏན་རྫུ་འཕྲུལ་མངོན་ཤེས་མཁས་པ་ཡིས། །ཞིང་རྣམས་མང་པོ་བྱེ་བར་དེར་འགྲོ་ཞིང ། །མི་ཤེས་ཉོན་མོངས་ཐམས་ཅད་སྤངས་པའི་ཡིད། །རྒྱལ་བ་བསམ་མི་ཁྱབ
52.206a
ལ་མཆོད་པར་བྱེད། །དབང་པོ་རྣམས་ནི་དུལ་ཞིང་ཞི་བའི་ཡིད། །ཞི་གནས་ཕ་རོལ་ཕྱིན་ཅིང་མི་རྟོག་པ། །དེ་ནི་འགྲོ་བ་རྣམས་ལ་ཞི་བའི་ཡིད། །རྟག་ཏུ་ཡེ་ཤེས་སྟོབས་ལ་མཉམ་པར་བཞག་།མཉམ་པ་ཉིད་དང་མཉམ་པའང་ཡོང་མེད་ལ། །མཉམ་པ་ཉིད་ཅེས་བྱ་བར་མཚན་མེད་དེ། །མཉམ་ཉིད་དེ་ལ་གང་དག་རབ་གནས་པ། །དེ་དག་རྟག་ཏུ་མཉམ་པར་བཞག་པ་ཡིན། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ནམ་མཁའ་དང་མཚུངས་པ་ཡིན་ཞེ་ན། རིགས་ཀྱི་བུ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ནམ་མཁའ་དང་མཚུངས་པ་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ནམ་མཁའ་རྣམ་པར་དག་པས་སེམས་ཅན་ཐམས་ཅད་རྣམ་པར་དག་པར་འཇུག་པ་དང ། ཡེ་ཤེས་རྣམ་པར་དག་པས་རྣམ་པར་ཤེས་པ་ཐམས་ཅད་རྣམ་པར་དག་པར་འཇུག་པ་དང ། ཆོས་ཀྱི་དབྱིངས་རྣམ་པར་དག་པས་བདག་དང་སེམས་ཅན་དང་སྲོག་དང་གང་ཟག་རྣམ་པར་དག་པར་འཇུག་པ་དང ། དོན་རྣམ་པར་དག་པས་ཡི་གེ་ཐམས་ཅད་རྣམ་པར་དག་པར་རབ་ཏུ་རྟོགས་པ་སྟེ། རིགས་ཀྱི་བུ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ནམ་མཁའ་དང་མཚུངས་པ་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཡོངས་སུ་དག་པ་ནི་འདི་བརྒྱད་དེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་ཀྱང་རྟག་པར་ལྟ་བར་མི་སྦྱོར་བ་དང ། མི་དགེ་བའི་ཆོས་ཐམས་ཅད་སྤོང་བར་བརྩོན་འགྲུས་རྩོམ་ཡང་ཆད་པར་ལྟ་བར་མི་ལྟུང་བ་དང ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་ཀྱང་མི་སྐྱེ་བའི་བཟོད་པ་དང་འགལ་བར་མི་བྱེད་པ་དང ། སོ་སོ་ཡང་དག་པར་རིག་པའི་ཤེས་པར་སྣང་ཡང་ངེས་པའི་ཚིག་གི་སྤོབས་པ་ལ་མི་ཆགས་པ་དང ། ཆོས་ཀྱི་སྡོམ་བཞི་འང་སྟོན་ལ་མི་རྟག་པ་དང ། སྡུག་བསྔལ་བ་དང ། བདག་མེད་པ་དང ། ཞི་བ་ཉིད་དུ་དངོས་པོ་ཡང་དག་པར་རྗེས་སུ་མི་མཐོང་བ་དང ། ལས་དང་བྱ་བ་ལ་འཇུག་པ་རབ་ཏུ་སྟོན་ཀྱང་ལས་བྱེད་ཅིང་རྣམ་པར་སྨིན་པ་མེད་པ་ལས་ཀྱང་མི་གཡོ་བ་དང ། སྤྲོས་པ་མེད་པའི་ཆོས་ཤེས་པ་ལ་གནས་པ་ཡིན་ཡང་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྱེ་བ་ངེས་པར་བསྟན་པ་རབ་ཏུ་སྟོན་པ་དང ། ཆོས་ཐམས་ཅད་ཀྱི་སྣང་བ་ལ་རབ་ཏུ་རྙེད་པ་ཡིན
52.206b
གྱིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡང་སེམས་ཅན་རྣམས་ལ་རབ་ཏུ་སྟོན་པ་སྟེ། རིགས་ཀྱི་བུ་བརྒྱད་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཡོངས་སུ་དག་པའོ། །ཡང་ཤེས་རབ་ཅེས་བྱ་བ་འདི་ནི་རྣམ་པར་རྟོག་པ་ཀུན་ནས་འབར་བ་མེད་པའི་ཕྱིར་ཉེ་བར་ཞི་བའི་ཚིག་གོ། །རང་གི་མཚན་ཉིད་ཀྱིས་རྣམ་པར་དག་པའི་ཕྱིར་འདི་ནི་མི་འགྱུར་བའི་ཚིག་གོ། །གནས་མེད་པའི་ཕྱིར་འདི་ནི་རྣམ་པར་མི་རྟོག་པའི་ཚིག་གོ་ཡང་དག་པ་ཉིད་ཇི་ལྟ་བའི་ཕྱིར་འདི་ནི་ཇི་ལྟ་བ་བཞིན་གྱི་ཚིག་གོ། །འགྱུར་བ་མ་ཡིན་པའི་ཕྱིར་འདི་ནི་བདེན་པའི་ཚིག་གོ། །མ་རུང་བར་མི་འགྱུར་བའི་ཕྱིར་འདི་ནི་ཡང་དག་པའི་ཚིག་གོ། །བཅིངས་པ་ཡང་དག་པར་བཅོམ་པའི་ཕྱིར་འདི་ནི་ཡིད་རྣོ་བའི་ཚིག་གོ། །འཕགས་པའི་ཡོན་ཏན་གྱི་ཕྱིར་འདི་ནི་ངོམས་པའི་ཚིག་གོ། །ཤིན་དུ་བརྟགས་པའི་ཕྱིར་འདི་ནི་ངེས་པར་འབྱེད་པའི་ཚིག་གོ། །བརྗོད་དུ་མེད་པའི་ཕྱིར་འདི་ནི་དོན་གྱི་ཚིག་གོ། །ཁྱད་པར་མེད་པའི་ཕྱིར་འདི་ནི་མཚུངས་པའི་ཚིག་གོ། །མི་ཤིགས་པའི་ཕྱིར་འདི་ནི་སྙིང་པོའི་ཚིག་གོ། །མི་གནས་པའི་ཕྱིར་འདི་ནི་མ་གཡོས་པའི་ཚིག་གོ། །རབ་ཏུ་འབིགས་པའི་ཕྱིར་འདི་ནི་རྡོ་རྗེའི་ཚིག་གོ། །བྱེད་པ་བྱས་པའི་ཕྱིར་འདི་ནི་སྒྲོལ་བའི་ཚིག་གོ། །རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་འདི་ནི་རྣམ་པར་དག་པའི་ཚིག་གོ། །སྣང་བ་མི་དམིགས་པའི་ཕྱིར་འདི་ནི་མུན་པ་མེད་པའི་ཚིག་གོ། །སྒྲོ་བཏགས་པ་མེད་པའི་ཕྱིར་འདི་ནི་གཉིས་སུ་མེད་པའི་ཚིག་གོ། །ཤིན་དུ་ཟད་ཅིང་བྱང་བའི་ཕྱིར་འདི་ནི་ཟད་པའི་ཚིག་གོ། །འདུས་མ་བྱས་པའི་ཕྱིར་འདི་ནི་མི་ཟད་པའི་ཚིག་གོ། །སྦྱོར་བ་མེད་པའི་ཕྱིར་འདི་ནི་འདུས་མ་བྱས་ཀྱི་ཚིག་གོ། །ཤིན་དུ་རྣམ་པར་དག་པའི་ཕྱིར་འདི་ནི་ནམ་མཁའི་ཚིག་གོ། །སྒྲིབ་པ་མེད་པའི་ཕྱིར་འདི་ནི་ནམ་མཁའི་ཚིག་གོ། །གནས་པའི་གནས་ཀྱི་ཕྱིར་འདི་ནི་ཀུན་ནས་གསལ་བྱེད་ཀྱི་ཚིག་གོ། །ངོ་བོ་ཉིད་མེད་པའི་ཕྱིར་འདི་ནི་མི་དམིགས་པའི་ཚིག་གོ། །རྣམ་པར་ཤེས་པ་དང་ཡེ་ཤེས་གཉིས་སུ་མེད་པའི་ཕྱིར་འདི་ནི་ཡེ་ཤེས་ཀྱི་ཚིག་གོ། །གཉེན་པོ་མེད་པའི་ཕྱིར་འདི་ནི་རྫི་བའི་ཚིག་གོ། །མངོན་པར་མ་གྲུབ་པའི་ཕྱིར་འདི་ནི་ལུས་མེད་པའི་ཚིག་གོ། །ཀུན་དུ་རྟོག་པའི་སྡུག་བསྔལ་གྱི་ཕྱིར་འདི་ནི་ཡོངས་སུ་ཤེས་པའི་ཚིག་གོ། །སྲེད་པའི་བག་ལ་ཉལ་ཡང་དག་པ
52.207a
བཅོམ་པའི་ཕྱིར་འདི་ནི་ཀུན་འབྱུང་བ་སྤངས་པའི་ཚིག་གོ། །རབ་ཏུ་མ་བྱུང་བའི་ཕྱིར་འདི་ནི་འགོག་པའི་ཚིག་གོ། །གཉིས་སུ་མེད་པའི་ལམ་ལ་རབ་ཏུ་འཇུག་པའི་ཕྱིར་འདི་ནི་བསྒོམ་པའི་ཚིག་གོ། །རྫོགས་པའི་སངས་རྒྱས་པར་རབ་ཏུ་ཕྱེ་བའི་ཕྱིར་འདི་ནི་སངས་རྒྱས་པའི་ཚིག་གོ། །རབ་ཏུ་འདོད་ཆགས་དང་བྲལ་བའི་ཕྱིར་འདི་ནི་ཆོས་ཀྱི་ཚིག་སྟེ། གང་དེ་ལྟ་བུའི་ཚིག་ལ་འཇུག་པའི་ཡེ་ཤེས་སྣང་བ་གཞན་གྱི་དྲིང་ལ་མི་འཇོག་པའི་ཕྱིར་འདི་ནི་ཤེས་རབ་ཅེས་བྱའོ། །གང་ངེས་པར་བསྟན་པ་ཐམས་ཅད་ལ་ནམ་མཁའ་དང་མཚུངས་པར་བསྟན་པའི་རྗེས་སུ་འགྲོ་སྟེ། རྗེས་སུ་འགྲོ་བས་ཆོས་ཆུང་ངུ་ལ་ཡང་མི་རྟོག་རྣམ་པར་མི་རྟོག་པ་འདི་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནམ་མཁའ་དང་མཚུངས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཤེས་རབ་ལྟ་དང་མུན་པ་ཉོན་མོངས་གཅོད། །རབ་ཏུ་བག་ཆགས་ཉོན་མོངས་རབ་བསལ་ཅིང ། །རྒྱུ་དང་རྐྱེན་དང་བྱེད་པ་ངེས་པར་སྟོན། །མཐའ་རྣམས་ཐམས་ཅད་ཡོངས་སུ་གཅོད་པར་བྱེད། །བདག་དང་སེམས་ཅན་ལ་ཡང་མི་གནས་ཤིང ། །གང་ཟག་སྲོག་ལ་འང་རྟག་ཏུ་གནས་པ་མེད། །དངོས་དང་དངོས་མེད་གཉིས་ལས་ཐར་བྱེད་དེ། །ཤེས་རབ་ཕ་རོལ་འགྲོ་བར་རབ་ཏུ་བསྟན། །ཤེས་རབ་བདུད་ལས་རྒྱལ་ཏེ་ཉོན་མོངས་མེད། །ཤེས་རབ་ཆུ་བོ་ལས་བསྒྲལ་རབ་ཏུ་སྒྲོལ། །ཤེས་རབ་ཡེ་ཤེས་བྱེད་ཅིང་རྣམ་པར་སྤྱོད། །ཤེས་རབ་ཐར་པ་བདེ་བའི་མཆོག་ཀྱང་སྟོན། །ཤེས་རབ་ཀྱིས་ནི་བསྒྲིབས་པའི་རྩ་བ་སྤྱོད། །ཕུང་པོ་ཁམས་ནི་ཡོངས་སུ་ཤེས་པའི་མཚན། །མཚན་དང་མཚན་གཞི་མཚུངས་མཚན་གྲོལ་བྱེད་པ། །ཤེས་རབ་ཐོབ་པ་སྲིད་པ་གསུམ་ན་མཛེས། །ཡོངས་སུ་དག་སྤྱོད་ཤེས་རབ་ཅེས་བྱ་སྟེ། །འཇིག་རྟེན་ཐམས་ཅད་ཀྱིས་ནི་མི་གོས་སྤྱོད། །སྤྱད་པ་སྤྱོད་པ་རབ་ཏུ་རྟོགས་པར་སྤྱོད། །ཤེས་རབ་དག་པའི་མི་ནི་རྣམ་པར་མཛེས། །མིག་ལྔ་དག་ནི་ཡོངས་སུ་དག་བྱེད་ཅིང ། །དབང་པོ་ལྔ་ནི་ཡོངས་སུ་སྣང་བར་བྱེད། །འགྲོ་བ་ལྔ་རྣམས་རབ་ཏུ་གཅོད་པར་བྱེད། །ཕུང་པོ་ལྔ་ནི་ཟད་ཕྱིར་ཆོས་སྟོན་ཏོ། །ཕ་རོལ་ཚུ་རོལ་རྟག་ཏུ་མི་གནས་ཤིང ། །ཆོས་ཀྱི་དབྱིངས་གནས་གནས་ལ་ཤིན་དུ་གནས། །
52.207b
བར་སྣང་དང་ནི་མཚུངས་མཉམ་འདྲ་བ་སྟེ། །སངས་རྒྱས་ཡེ་ཤེས་རྗེས་སུ་མཐུན་ཞིང་འཕགས། །རྙེད་དང་མ་རྙེད་གཉི་ཀའི་མཐའ་ལས་གྲོལ། །དབུས་ལ་རྟོག་པ་ཀུན་རྟོག་མི་རྟོག་པ། །གང་རྣམས་འཕགས་པ་ཐམས་ཅད་སོང་བ་ཡི། །འཆི་བ་མེད་པའི་ལམ་དུ་འཇུག་པ་སྟོན། །སྡུག་བསྔལ་ཤེས་ཤིང་དེ་བཞིན་སྲེད་པ་སྤངས། །ལམ་རྣམས་སྟོན་ཅིང་འགོག་པའང་རབ་ཏུ་འཆད། །བདེན་པ་ཤེས་པར་ཤེས་རབ་འདི་འཇུག་སྟེ། །དེས་ནི་སྔོན་གྱི་མཐའ་ཡང་རབ་ཏུ་བཅད། །ཞིང་རྣམས་ཐམས་ཅད་ཞིང་མཚུངས་ཞིང་མ་ཡིན། །ཆོས་རྣམས་ཐམས་ཅད་ཆོས་མཚུངས་རབ་ཏུ་དབེན། །སེམས་ཅན་ཐམས་ཅད་བདག་མེད་སེམས་ཅན་མཚུངས། །ཤེས་རབ་བློས་དཔྱོད་པས་ནི་འདི་ཤེས་སོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ནམ་མཁའ་དང་མཚུངས་པ་གང་ཞེ་ན། རིགས་ཀྱི་བུ་སངས་རྒྱས་ཀྱི་ཆོས་ནི་ནམ་མཁའ་དང་མཚུངས་ཏེ། དེ་དག་གི་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་དེ་ཡང་ནམ་མཁའ་དང་མཚུངས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་བསོད་ནམས་ཇི་སྙེད་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱེད་པ་དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱང་མི་འབྲལ་ཏེ་དགེ་བའི་རྩ་བ་བསགས་ཤིང་བསགས་པ་དེ་དག་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་སྔོ་བར་བྱེད་ཅིང་དེ་དག་ཐམས་ཅད་ཀྱང་ནམ་མཁའ་དང་མཚུངས་པར་ཚད་མེད་པར་རབ་ཏུ་གནས་སོ། །དེ་ལ་བྱང་ཆུབ་སེམས་དཔས་འདི་ལྟར་ནམ་མཁའ་ཚད་མེད་པའི་ཕྱིར་བདག་གིས་བསོད་ནམས་ཚད་མེད་པ་མངོན་པར་འདུ་བྱའོ་སྙམས་དུ་སེམས་བསྐྱེད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཚད་མེད་པར་བརྩམས་པས་ཚད་མེད་པའི་དོན་འཕེལ་བ་ཡིན་ཏེ། དེ་ལ་བྱང་ཆུབ་སེམས་དཔས་བསོད་ནམས་ཀྱི་ཚོགས་ཚད་མེད་པ་ལ་བརྩོན་པར་བྱའོ། །རིགས་ཀྱི་བུ་ཚད་མེད་པ་བཅུ་པོ་འདི་དག་ནི་གང་བྱང་ཆུབ་སེམས་དཔས་བསོད་ནམས་ཀྱི་ཚོགས་ཀྱིས་ཡོངས་སུ་རྫོགས་པར་བྱ་བ་སྟེ་བཅུ་གང་ཞེ་ན། འདི་ལྟ་སྟེ། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པས་ལུས་ཀྱི་རྒྱན་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་བ་དང ། སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་སོང་བའི་དབྱངས་ཀྱི་དཀྱིལ་འཁོར་རྣམས་པར་དག་པས་ངག་གི་རྒྱན་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་བ་དང །
52.208a
སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྗེས་སུ་འཇུག་པས་སེམས་ཀྱི་རྒྱན་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་བ་དང ། སྤྱོད་པ་དང་ཡེ་ཤེས་དང་སྤྱོད་ལམ་ཚད་མེད་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་བ་དང ། རྣམ་པ་ཚད་མེད་པ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་བ་དང ། བསོད་ནམས་དང་སེམས་ངེས་པར་རྟོག་པ་དང་དཔྱོད་པ་ཚད་མེད་པས་སངས་རྒྱས་ཀྱི་སྤྱོད་ལམ་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་བ་དང ། རྒྱན་བཀོད་པ་ཐམས་ཅད་དང་སྤྱོད་པ་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་བ་དང ། གཏན་པ་མེད་པའི་མཆོད་སྦྱིན་ཡོངས་སུ་རྫོགས་པས་མཛོད་སྤུ་ཡོངས་སུ་སྤྱད་པ་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་བ་དང ། བླ་མ་ལ་རིམ་གྲོ་བྱེད་ཅིང་འདུད་པ་ཚད་མེད་པ་དང་ང་རྒྱལ་བཅོམ་པ་ཚད་མེད་པས་དབུའི་གཙུག་ཏོར་སྤྱི་གཙུག་བལྟར་མི་མཐོང་བ་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་བ་དང ། སྒྱུ་དང་གཡོ་མེད་པར་འོང་བ་དང་འགྲོ་བ་དང་འཐུན་པར་འཛིན་པས་དོན་ཡོད་པར་རྣམ་པར་གནོན་པ་ཚད་མེད་པ་ཡོངས་སུ་རྫོགས་པར་བྱ་བ་སྟེ། རིགས་ཀྱི་བུ་ཚད་མེད་པ་བཅུ་པོ་དེ་དག་ནི་གང་བྱང་ཆུབ་སེམས་དཔས་བསོད་ནམས་ཀྱི་ཚོགས་ཀྱིས་ཡོངས་སུ་རྫོགས་པར་བྱ་བའོ། །གཞན་ཡང་རིགས་ཀྱི་བུ་ནམ་བྱང་ཆུབ་སེམས་དཔའ་སེམས་ནམ་མཁའ་དང་མཚུངས་པར་གྱུར་པ་དེ་ནམ་མཁའ་ཚད་མེད་པས་དེའི་རྩོམ་པ་ཐམས་ཅད་ཀྱང་ཚད་མེད་པར་ཀུན་དུ་གནས་ཏེ། ་དེ་བས་ན་བསོད་ནམས་ནམ་མཁའ་དང་མཚུངས་པ་ཞེས་བྱའོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཡེ་ཤེས་ནམ་མཁའ་དང་མཚུངས་པ་ཡིན་ཞེ་ན། ་གང་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་ཡེ་ཤེས་དེས་ཁྱབ་པར་བྱེད་ཅིང ། སེམས་ཅན་ཐམས་ཅད་ཀྱི་སེམས་འདོད་ཆགས་དང་བཅས་པའི་སེམས་ཀྱང་འདོད་ཆགས་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་དང་བཅས་པའི་སེམས་ཀྱང་ཞེ་སྡང་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཏི་མུག་དང
52.208b
བཅས་པའི་སེམས་ཀྱང་གཏི་མུག་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉེ་བའི་ཉོན་མོངས་པ་དང་བཅས་པའི་སེམས་ཀྱང་དེས་ཉེ་བའི་ཉོན་མོངས་པ་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེས་བདག་འདོད་ཆགས་མེད་པའི་ཆོས་ཀྱི་རང་བཞིན་ལས་མ་གཡོས་པར་སེམས་ཅན་གཞན་རྣམས་དང་གང་ཟག་གཞན་དག་ལ་འདོད་ཆགས་འདུལ་བའི་ཕྱིར་ཆོས་འཆད་དོ། །དེས་བདག་ཉིད་ཞེ་སྡང་མེད་པའི་ཆོས་ཀྱི་རང་བཞིན་ལས་མ་གཡོས་པར་སེམས་ཅན་རྣམས་དང་གང་ཟག་གཞན་དག་ལ་ཞེ་སྡང་འདུལ་བའི་ཕྱིར་ཆོས་འཆད་དོ། །དེས་བདག་ཉིད་གཏི་མུག་མེད་པའི་ཆོས་ཀྱི་རང་བཞིན་ལས་མ་གཡོས་པར་སེམས་ཅན་གཞན་རྣམས་དང་གང་ཟག་གཞན་ལ་གཏི་མུག་འདུལ་བའི་ཕྱིར་ཆོས་འཆད་དོ། །དེས་བདག་ཉིད་ཉེ་བའི་ཉོན་མོངས་པ་མེད་པའི་ཆོས་ཀྱི་རང་བཞིན་ལས་མ་གཡོས་པར་སེམས་ཅན་གཞན་རྣམས་དང ། གང་ཟག་གཞན་དག་ལ་ཉོན་མོངས་པ་ཐམས་ཅད་འདུལ་བའི་ཕྱིར་ཆོས་འཆད་དོ། །དེས་འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་ཉོན་མོངས་པ་རྣམ་པར་དག་པར་བྱ་བའི་ཕྱིར་ཆོས་འཆད་དོ། །འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང་ཉེ་བའི་ཉོན་མོངས་པའི་སེམས་ལ་དམན་པར་ཡང་ཡང་དག་པར་རྗེས་སུ་མི་མཐོང ། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་དང་ཉེ་བའི་ཉོན་མོངས་པ་མེད་པའི་སེམས་ལ་མཆོག་ཏུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་གཉིས་སུ་མེད་པའི་མཐའི་སྒོ་ནས་ཆོས་ཀྱི་དབྱིངས་ཡོངས་སུ་ཤེས་ཏེ། ཆོས་ཀྱི་དབྱིངས་གང་ཡིན་པ་དེ་འདོད་ཆགས་ཀྱི་དབྱིངས། ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ཞེ་སྡང་གི་དབྱིངས། ་ཆོས་ཀྱི་དབྱིངས་གང་ཡིན་པ་དེ་གཏི་མུག་གི་དབྱིངས། ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ཉོན་མོངས་པའི་དབྱིངས་སོ། །དེ་བས་ན་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུའོ་ཞེས་བྱ་སྟེ། ཆོས་ཀྱི་དབྱིངས་ནི་གར་ཡང་འགྲོ་བ་མེད། མི་འགྲོ་བའང་མེད་དོ། །ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཀྱི་རྗེས་སུ་སོང་སྟེ། གང་བདག་གི་དབྱིངས་ཤེས་པ་དེས་ཆོས་ཀྱི་དབྱིངས་ཀྱང་ཤེས་སོ། །དེ་ལྟར་ན་ཆོས་ཀྱི་དབྱིངས་དང་བདག་གི་དབྱིངས་དེ
52.209a
དག་མི་གཉིས་སོ། །དེ་ཅིའི་ཕྱིར་ཞེ་ན། བདག་རྣམ་པར་དག་པས་ཆོས་ཀྱི་དབྱིངས་ཀྱང་རྣམ་པར་དག་གོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་རྣམ་པར་དག་པ་སྟེ། གང་རྣམ་པར་དག་པ་དེ་རབ་ཏུ་སྣང་བའོ། །གང་རབ་ཏུ་སྣང་བ་དེ་བླ་གབ་མེད་པའོ། །གང་བླ་གབ་མེད་པ་དེ་ལ་མཚན་མ་ཐམས་ཅད་ཀྱི་སྐབས་མེད་དོ། །གང་མཚན་མ་མེད་པ་དེ་ལ་གནས་པ་གང་ཡང་མེད་དེ། མི་གནས་པ་ནི་ནམ་མཁའོ། །གང་དེ་ལྟར་ཡེ་ཤེས་ཀྱི་རྗེས་སུ་འགྲོ་ཞིང་ཡེ་ཤེས་དེས་ཆོས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དེ་ནི་བྱང་ཆུབ་སེམས་དཔའི་ཡེ་ཤེས་ནམ་མཁའ་དང་མཚུངས་པའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱིས་གནང་བའི་སངས་རྒྱས་རྗེས་སུ་དྲན་པ་གང་ཞེ་ན། གང་ཚུལ་ཁྲིམས་ལས་སངས་རྒྱས་རྗེས་སུ་དྲན་ཞིང་ཟག་པ་མེད་པའི་ཚུལ་ཁྲིམས་ལས་ཀྱང་མི་ཉམས་པའོ། །ཏིང་ངེ་འཛིན་ལས་སངས་རྒྱས་རྗེས་སུ་དྲན་ཞིང་ཆོས་ཀྱི་དབྱིངས་མཉམ་པ་ཐམས་ཅད་ལས་ཀྱང་མི་འགྱུར་བའོ། །ཤེས་རབ་ལས་ཀྱང་སངས་རྒྱས་རྗེས་སུ་དྲན་ཞིང་ཆོས་ཐམས་ཅད་རྒྱུ་བ་མེད་པར་ཡང་རྣམ་པར་མི་རྟོག་པའོ། །རྣམ་པར་གྲོལ་བ་ལས་སངས་རྒྱས་རྗེས་སུ་དྲན་ཞིང་སེམས་གཉིས་པ་ལ་ཡང་མི་གནས་པའོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ལས་སངས་རྒྱས་རྗེས་སུ་དྲན་ཞིང་ཤེས་པ་ཐམས་ཅད་ལ་ཡང་མི་ཆགས་པའོ། །སྟོབས་ལས་སངས་རྒྱས་རྗེས་སུ་དྲན་ཞིང་དུས་གསུམ་མཚུངས་པའི་ཡེ་ཤེས་ལས་ཀྱང་མི་གཡོ་བའོ། །མི་འཇིགས་པ་ལས་སངས་རྒྱས་རྗེས་སུ་དྲན་ཞིང་ཟག་པ་ཐམས་ཅད་དང་ལྷན་ཅིག་ཏུ་ཡང་མི་གནས་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ལས་ཀྱང་སངས་རྒྱས་རྗེས་སུ་དྲན་ཞིང་ཆོས་ཀྱི་དབྱིངས་མཉམ་པ་ཉིད་དུ་ཡང་རྣམ་པར་མི་རྟོག་པའོ། །གཞན་ཡང་སངས་རྒྱས་རྗེས་སུ་དྲན་པ་ནི་གང་གཟུགས་ལས་སངས་རྒྱས་ཡང་དག་པར་རྗེས་སུ་མི་མཐོང་ལ། གཟུགས་ཀྱི་ངོ་བོ་ཉིད་ཤེས་པས་དྲན་པའི་ཡེ་ཤེས་ཀྱི་རྗེས་སུ་ཡང་འགྲོ་བའོ། །དེ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་དང ། རྣམ་པར་ཤེས་པ་ལས་སངས་རྒྱས་ཡང་དག་པར་རྗེས་སུ་མི་མཐོང་ལ། རྣམ་པར་ཤེས་པ་ངོ་བོ་ཉྀད་ཤེས་པས་དྲན་པའི་ཡེ་ཤེས་ཀྱི་རྗེས་སུ་ཡང་འགྲོ་བའོ། །ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་ལས
52.209b
སངས་རྒྱས་ཡང་དག་པར་རྗེས་སུ་མི་མཐོང་ལ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ངོ་བོ་ཉིད་ཤེས་པས་དྲན་པའི་ཡེ་ཤེས་ཀྱི་རྗེས་སུ་ཡང་འགྲོ་བའོ། །གང་ཡང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཤེས་པས་ཤེས་རབ་ཆེ་བའི་དྲན་པ་དེ་ནི་ཡིད་ལ་བྱེད་པ་ཐམས་ཅད་མེད་དེ། ལྟ་བ་ཐམས་ཅད་ཀུན་ནས་ལྡང་བ་མེད་པའོ། །གང་དེ་ལྟ་བུ་རྙོག་པ་མེད་པའི་དྲན་པས་དྲན་པ་ཉེ་བར་གཞག་པ་ཤེས་པ་དེ་ནི་སངས་རྒྱས་ཀྱིས་གནང་བའི་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱའོ། །གཞན་ཡང་སངས་རྒྱས་རྗེས་སུ་དྲན་པ་ནི་གང་སྤྱོད་ལམ་ཐམས་ཅད་དུ་སངས་རྒྱས་ལ་མངོན་པར་ཆགས་པར་མི་བྱེད་དོ། །འགྲེང་བ་དང ། འཆག་པ་དང ། འདུག་པ་དང ། ཉལ་བ་དང ། འགྲོ་བ་དང ། འོང་བ་དང ། སྨྲ་བ་དང ། མི་སྨྲ་བར་ཡང་སངས་རྒྱས་ལ་མངོན་པར་ཆགས་པར་མི་བྱེད་དོ། །དེ་མངོན་པར་མ་ཆགས་པས་དྲན་པ་འང་དྲན་པར་མི་བྱེད་མི་དྲན་པ་འང་དྲན་པར་མི་བྱེད་དོ། །དེ་དྲན་པ་ཡིད་ལ་མི་བྱེད་པས་གཟུགས་དང ། མཚན་དང་ཆོས་ཉིད་དུ་འང་སངས་རྒྱས་རྗེས་སུ་མི་དྲན་ནོ། །རིགས་ཀྱི་བུ་འདི་ནི་སངས་རྒྱས་ཀྱིས་གནང་བའི་སངས་རྒྱས་རྗེས་སུ་དྲན་པ་སྟེ་གང་ལ་མཚན་མ་དང་དམིགས་པ་ཐམས་ཅད་ཀུན་དུ་སྤྱོད་པ་མེད་པའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་གྱིས་གནང་བའི་ཆོས་རྗེས་སུ་དྲན་པ་གང་ཞེ་ན། ཆོས་ཤེས་བྱ་བ་ནི་འདོད་ཆགས་མེད་པའོ། །དེ་ལ་གང་ཆོས་ཅི་ལ་ཆགས་ཀྱང་རུང་དེ་དག་ལ་ཆོས་རྗེས་སུ་དྲན་པ་གང་ཡང་མེད་དོ། །ཆོས་ཤེས་བྱ་བ་ནི་ཀུན་གཞི་མེད་པའོ། །དེ་ལ་གང་ཆོས་གང་ལ་སྦྱོར་བ་དེ་དག་ལ་ཆོས་རྗེས་སུ་དྲན་པ་གང་ཡང་མེད་དོ། །ཆོས་ཤེས་བྱ་བ་ནི་ཉེ་བར་ཞི་བ་སྟེ། གང་སེམས་དང་ཡིད་འབར་བར་བྱེད་པ་དེ་དག་ལ་ཆོས་རྗེས་སུ་དྲན་པ་གང་ཡང་མེད་དོ། །ཆོས་ཤེས་བྱ་བ་ནི་མཚན་མ་མེད་པ་སྟེ། གང་མཚན་མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་དེ་དག་ལ་ཆོས་རྗེས་སུ་དྲན་པ་གང་ཡང་མེད་དོ། །ཆོས་ཤེས་བྱ་བ་ནི་འདུས་མ་བྱས་པ་སྟེ། གང་འདུས་བྱས་སུ་རབ་ཏུ་གཞག་པ་ལ་གནས་པ་དེ་དག་ལ་ཆོས་རྗེས་སུ་དྲན་པ་གང་ཡང་མེད་དོ། །ཡང་ཆོས་རྗེས་སུ་དྲན་པ་ནི་གང་གིས་འདུ་བྱེད་ཐམས་ཅད་སྐྱེ་བ་མེད་པར་མཐོང་བ་སྟེ། ཡང་དག་པ་ཉིད་སྐྱོན་མེད་པ་ལ་འཇུག་པའོ། །བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པར་རིག་ནས་མི་སྐྱེ་བའི་ཆོས་ལ
52.210a
བཟོད་པ་རབ་ཏུ་འཐོབ་བོ། །གང་དེ་ལྟ་བུའི་གནས་ནི་ཡང་དག་པའི་ཆོས་ཀྱི་གནས་སོ། །གང་གིས་དེ་ལྟར་མངོན་པར་རྟོགས་པ་དེ་ནི་ཆོས་ཐམས་ཅད་མངོན་པར་རྟོགས་པ་སྟེ། འདི་ནི་སློབ་པ་དང ། མི་སློབ་པ་དང ། རང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་དང ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མངོན་པར་རྟོགས་པའོ། །དེ་ལྟར་མཉམ་པར་གཞག་པ་ནི་འཕགས་པ་ཐམས་ཅད་ཀྱི་རྣམ་པར་གྲོལ་བ་སྟེ། དེ་ལ་ཆོས་གང་ཡང་ཀུན་དུ་སྤྱོད་པ་མེད་དོ། །ཆོས་གང་ཡང་ཀུན་དུ་སྤྱོད་པ་མེད་པ་དེ་ནི་སངས་རྒྱས་ཀྱིས་གནང་བའི་ཆོས་རྗེས་སུ་དྲན་པའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱིས་གནང་བའི་དགེ་འདུན་རྗེས་སུ་དྲན་པ་གང་ཞེ་ན། དགེ་འདུན་ཞེས་བྱ་བ་ནི་འདུས་མ་བྱས་པ་སྟེ། མངོན་པར་འདུ་བྱེད་པས་རྗེས་སུ་དྲན་པར་མི་ནུས་སོ། །གང་ན་ལུས་ཀྱི་ལས་དང་ངག་གི་ལས་དང་ཡིད་ཀྱི་ལས་ཀུན་དུ་སྤྱོད་པ་མེད་པ་དེ་ནི་མངོན་པར་འདུ་མི་བྱེད་པ་ཞེས་བྱའོ། །དེ་ལ་འདུས་བྱས་ཤེས་བྱ་བ་ནི་གདགས་པ་དང་ཐ་སྙད་དོ། །འདུས་མ་བྱས་ནི་གདགས་པ་ཐམས་ཅད་ཡང་དག་པར་འཇོམ་མོ། །ཐ་སྙད་ཐམས་ཅད་ལས་ཡང་དག་པར་འདས་པ་སྟེ། རིགས་ཀྱི་བུ་འདི་ནི་སངས་རྒྱས་ཀྱིས་གནང་བའི་དགེ་འདུན་རྗེས་སུ་དྲན་པའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱིས་གནང་བའི་གཏོང་བ་རྗེས་སུ་དྲན་པ་གང་ཞེ་ན། གཏོང་བ་ཞེས་བྱ་བ་ནི་ཕུང་པོ་ཐམས་ཅད་འདོར་ཞིང་རབ་ཏུ་གཏོང་བའོ། །དེ་ཅིའི་ཕྱིར་ཞེ་ན། དེས་ཆོས་གང་ཡང་བཏང་བ་མེད་དོ། །འདི་ལྟར་དེ་ལ་གང་གཏོང་བའི་ཆོས་ཡང་སྣང་བར་མི་འགྱུར་ཏེ། འདི་ལ་གང་ཆོས་ཐམས་ཅད་མི་འཛིན་པ་དེ་ནི་གཏོང་བའི་མཆོག་གོ། །གང་མི་འཛིན་པ་དེ་ནི་མི་གཏོང་ངོ ། །གང་མི་གཏོང་བ་དེ་ནི་མི་སྙེམས་སོ། །གང་མི་སྙེམས་པ་དེ་ནི་དམིགས་པར་མི་བྱེད་དོ། །དམིགས་པར་མི་བྱེད་པ་དེ་ལ་སེམས་རྒྱུ་བ་མེད་དོ། །རྒྱུ་བ་མེད་པ་ནི་སེམས་ཀྱིས་རྣམ་པར་རིག་པ་མེད་པའོ། །གང་ལ་སེམས་ཀྱིས་རྣམ་པར་རིག་པ་མེད་པ་དེ་ནི་རྣམ་པར་ཤེས་པ་མི་གནས་པའོ། །རྣམ་པར་ཤེས་པ་མི་གནས་པ་དེ་ནི་སངས་རྒྱས་ཀྱིས་གནང་བའི་གཏོང་བ་རྗེས་སུ་དྲན་པའོ། །
52.210b
གང་ཡང་བྱང་ཆུབ་སེམས་དཔའི་གཏོང་བ་དེ་ནི་ཐམས་ཅད་མཁྱེན་པར་བསྔོས་པ་སྟེ། གང་ཐམས་ཅད་མཁྱེན་པ་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དོ། །གང་མཉམ་པ་ཉིད་ལ་གནས་པ་ནི་རབ་ཏུ་གཏོང་ཞིང་བྱང་ཆུབ་ཏུ་འང་བསྔོ་སྟེ། དེ་རྗེས་སུ་དྲན་ཡང་ཆོས་གང་ཡང་རྗེས་སུ་དྲན་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་མཁྱེན་པ་ནི་ཆོས་དང་ཆོས་མ་ཡིན་པ་གཉིས་དང་ལྡན་པ་མ་ཡིན་ཏེ། གང་འདི་གཉིས་སུ་མེད་པ་དེ་ཡིད་ལ་བྱེད་པ་ཅི་ཡང་མེད་དོ། །རིགས་ཀྱི་བུ་དེ་ལྟར་ཆོས་ཤེས་པ་ལ་རབ་ཏུ་སྦྱོར་བའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱིས་གནང་བའི་གཏོང་བ་རྗེས་སུ་དྲན་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱིས་གནང་བའི་ཚུལ་ཁྲིམས་རྗེས་སུ་དྲན་པ་གང་ཞེ་ན། ཚུལ་ཁྲིམས་ཞེས་བྱ་བ་ནི་འདུས་མ་བྱས་པ་སྟེ། ཟག་པ་མེད་པ། སྨོན་ལམ་མེད་པ། ལྷུན་གྱིས་གྲུབ་པ། བརྟུལ་ཞུགས་གྲུབ་པ། བརྟུལ་ཞུགས་ཐམས་ཅད་ཡོངས་སུ་རྫོགས་པ་སྟེ། རྣམ་པར་རིག་པའི་མཚན་ཉིད་མ་ཡིན་ནོ། །ཏིང་ངེ་འཛིན་གྱིས་གནས་ཏེ། སེམས་ཀྱི་དམིགས་པའི་གནས་མ་ཡིན་ནོ། །ཤེས་རབ་ཀྱི་རྩ་བ་སྟེ། སྤྲོས་པའི་མཚན་ཉིད་མ་ཡིན་ནོ། །རྣམ་པར་གྲོལ་བའི་རྒྱུ་མཐུན་པ་སྟེ། གཉིས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་ནོ། །མཁས་པས་རབ་ཏུ་བསྔགས་པ་སྟེ། གཟུགས་སྣང་བ་མ་ཡིན་ནོ། །ཉོན་མོངས་པ་ཞི་བ་སྟེ། སོ་སོ་རྣམ་པར་རིག་པའི་མཚན་ཉིད་མ་ཡིན་ནོ། །བདེ་བ་ཐམས་ཅད་ཀྱི་རྗེས་སུ་འགྲོ་ཞིང་གཉེན་པོས་བསྐྱེད་པ་མ་ཡིན་ཏེ་གང་དེ་ལྟ་བུའི་ཚུལ་ཁྲིམས་རྗེས་སུ་དྲན་ཞིང་དྲན་པ་ལ་རྙོག་པ་མེད་པ་དེ་ནི་རིགས་ཀྱི་བུ་སངས་རྒྱས་ཀྱིས་གནང་བའི་ཚུལ་ཁྲིམས་རྗེས་སུ་དྲན་པ་ཞེས་བྱའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱིས་གནང་བའི་ལྷ་རྗེས་སུ་དྲན་པ་གང་ཞེ་ན། ལྷའི་རིས་གཉིས་རྗེས་སུ་དྲན་པར་བྱ་སྟེ། གཉིས་གང་ཞེ་ན། གནས་གཙང་མའི་རིས་ཀྱི་ལྷ་དང་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་འཁོད་པ་རྣམས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་གནས་གཙང་མའི་རིས་ཀྱི་ལྷ་རྣམས་རྗེས་སུ་དྲན
52.211a
ནོ། །ཡང་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་གང་དག་འཁོད་པ་དེ་དག་ནི་སྤྱི་བོ་ལྟ་བུ་བཅུས་རྗེས་སུ་དྲན་ཏེ་བཅུ་གང་ཞེ་ན། ཕ་རོལ་དུ་ཕྱིན་པ་ཐམས་ཅད་ཀྱི་ནང་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྤྱི་བོར་གྱུར་པ་དང ། མངོན་པར་ཤེས་པ་ཐམས་ཅད་ཀྱི་ནང་ན་མི་ཉམས་པའི་མངོན་པར་ཤེས་པ་དང ། ས་ཐམས་ཅད་ཀྱི་ནང་ན་དབང་བསྐུར་བའི་ས་དང ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱི་ནང་ན་ཡང་དག་པའི་ལྟ་བ་དང་ཏིང་ངེ་འཛིན་མི་ཉམས་པ་དང ། སོ་སོ་ཡང་དག་པར་རིག་པའི་ནང་ན་དོན་དང་སྤོབས་པ་རྒྱུན་མི་འཆད་པ་དང ། ཤེས་པ་ཐམས་ཅད་ཀྱི་ནང་ན་ཆགས་པ་མེད་པའི་ཡེ་ཤེས་ལ་འཇུག་པ་དང ། དབང་པོ་ཐམས་ཅད་ཀྱི་ནང་ན་རབ་འབྲིང་ཐ་མ་ལ་འཇུག་པ་ཤེས་པ་དང ། སྟོབས་དང་མི་འཇིགས་པ་ལ་སྣང་བའི་ཡེ་ཤེས་རྗེས་སུ་འགྲོ་བ་དང ། སྤྱན་ཐམས་ཅད་ཀྱི་ནང་ན་སངས་རྒྱས་ཀྱི་སྤྱན་ཀུན་དུ་གཟིགས་པ་དང ། སངས་རྒྱས་ཀྱི་ཆོས་ཐམས་ཅད་འདི་དག་གི་ལག་མཐིལ་དུ་སོང་བ་ལྟར་འདུག་པ་དང ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པའོ་ཞེས་སྤྱི་བོ་ལྟ་བུའི་ཆོས་རྣམ་པ་བཅུ་པོ་དེ་དག་གིས་རྗེས་སུ་དྲན་ནོ། །དེའི་དྲན་པ་དེ་ནི་ལྟ་བས་མ་འཁྲུགས། བག་ལ་ཉལ་དང་ཀུན་ནས་ལྡང་བས་མ་འཁྲུགས། ཡིད་ལ་བྱེད་པས་མ་འཁྲུགས། སྤྲོས་པས་མ་འཁྲུགས་པ་སྟེ། དེ་ལྟ་བུའི་དྲན་པ་རྙོག་པ་མེད་པས་ལྷ་རྗེས་སུ་དྲན་པ་འདི་ནི་རིགས་ཀྱི་བུ་སངས་རྒྱས་ཀྱིས་གནང་བ་ལྷ་རྗེས་སུ་དྲན་པ་ཞེས་བྱའོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པ་དང་མཉམ་པ་ཉིད་ཐོབ་ཀྱང་བྱང་ཆུབ་སེམས་དཔའི་སྤྱད་པ་ཡང་སྤྱོད་པ་ཡིན་ཞེ་ན། མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བ་སྟེ། ཚོར་བ་ཐམས་ཅད་རྒྱུན་བཅད་པ། དམིགས་པ་ཐམས་ཅད་ཞི་བ། ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་ཀྱི་ཉིང་མཚམས་སྦྱོར་བ་མེད་པ་སྟེ། སྐྱེས་བུ་དམ་པ་དེ་མྱ་ངན་ལས་འདས་པ་དང་མཉམ་པ་ཉིད་ཐོབ་ཅིང ། ་སྔོན་གནས་བཅས་པའི
52.211b
སྙིང་རྗེ་ཆེན་པོ་དང ། ཐབས་དང ། ཤེས་རབ་དང ། ཡེ་ཤེས་ཀྱིས་ནི་རྣམ་པར་རོལ་པ། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ནི་ཤིན་དུ་བྱིན་གྱིས་བརླབས། ཤེས་རབ་དང ། ཡེ་ཤེས་ནི་ཤིན་དུ་བསྒོམས། མངོན་གྱི་བྱིན་བརླབས་ཀྱིས་ནི་བསྒོམ་པ་ཡོངས་སུ་དག་།སྒྱུ་མས་རྣམ་པར་རོལ་པའི་ཏིང་ངེ་འཛིན་ལ་ནི་གནས་ཏེ། ཉོན་མོངས་པ་གང་གིས་འཁོར་བ་རབ་ཏུ་སྐྱེད་པ་འམ། འཁོར་བར་འཆིང་བ་དེ་དག་རབ་ཏུ་སྤངས་ཤིང་ཡེ་ཤེས་གང་གིས་མྱ་ངན་ལས་འདས་པར་སྟོན་པ་དེ་ལ་དབང་ཐོབ་པས་མི་སྐྱེ་བ་ལས་སྐྱེ་ཞིང་མི་འབྱུང་བ་ལས་འབྱུང་བ་སྟེ། མྱ་ངན་ལས་འདས་པ་དང་མཉམ་པ་ཉིད་དུ་ཡང་དག་པར་ཞུགས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཡང་མི་འཆད་དོ། །དེ་ནི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྲུགས་སུ་ཚད་པ་ཞེས་བྱ་བའི་ཡེ་ཤེས་ཀྱི་སྒོ་སྟེ། ཡེ་ཤེས་ཀྱི་སྒོ་གང་ལ་གནས་པས་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་པ་དང་མཉམ་པ་ཉིད་ཐོབ་ཀྱང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་མཚན་ཉིད་དང་ཆོ་ག་ཤེས་པ་གང་ཡིན་ཞེ་ན། ་རིགས་ཀྱི་བུ་སེམས་ཅན་རྣམས་ཀྱི་སྤྱོད་པ་ནི་བརྒྱད་ཁྲི་བཞི་སྟོང་སྟེ། འདི་ནི་སྡོམ་གྱི་རྩ་བའི་ཚིག་གོ། །གང་ཡང་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ཚད་མེད་པ་བསམ་གྱིས་མི་ཁྱབ་པ་བརྗོད་དུ་མེད་པ་དེ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མཁྱེན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་མི་རིག་།བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱིས་མི་རིག་པ་དེ་ལ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང ། རང་གི་ཤེས་པས་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་མཚན་ཉིད་ཀྱི་རྗེས་སུ་རབ་ཏུ་འཇུག་སྟེ། སྤྱོད་པ་དེའི་གང་ངོ་བོ་ཉིད་དམ། གང་མཚན་ཉིད་ཀྱང་རུང་སྟེ། རྒྱུའི་མཚན་ཉིད་དམ། རྐྱེན་གྱི་མཚན་ཉིད་དམ། བྱེད་རྒྱུའི་མཚན་ཉིད་དམ། ཚོགས་པའི་མཚན་ཉིད་དམ། ཐ་དད་པའི་མཚན་ཉིད་དམ། མི་འདྲ་བའི་མཚན་ཉིད་དམ། འདོད་ཆགས་ཀྱི་མཚན་ཉིད་དམ། ཞེ་སྡང་གི་མཚན་ཉིད་དམ། གཏི་མུག་གི་མཚན་ཉིད་དམ། སྐལ་བ་མཉམ་པའི་མཚན་ཉིད་དམ། སེམས་ཅན་དམྱལ་བའི་མཚན་ཉིད་དམ།
52.212a
དུད་འགྲོའི་སྐྱེ་གནས་ཀྱི་མཚན་ཉིད་དམ། གཤིན་རྗེའི་འཇིག་རྟེན་གྱི་མཚན་ཉིད་དམ། ལྷའི་མཚན་ཉིད་དམ། མིའི་མཚན་ཉིད་དམ། ཉན་ཐོས་ཀྱི་ངེས་པར་གྱུར་པའི་མཚན་ཉིད་དམ། རང་སངས་རྒྱས་ཀྱི་ངེས་པར་གྱུར་པའི་མཚན་ཉིད་དམ། སངས་རྒྱས་ཀྱི་ངེས་པར་གྱུར་པའི་མཚན་ཉིད་དམ། རིང་པོའི་རྒྱུའི་མཚན་ཉིད་དམ། བར་མའི་རྒྱུའི་མཚན་ཉིད་དམ། ཉེ་བའི་རྒྱུའི་མཚན་ཉིད་ཀྱང་རུང་སྟེ། སྤྱོད་པ་དེ་དག་ཐམས་ཅད་ཀྱི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ་ཡེ་ཤེས་ཐམས་ཅད་ལ་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་མཚན་ཉིད་དང་ཆོ་ག་ཤེས་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས་དག་གི་ཆོས་དཀོན་མཆོག་གི་མཛོད་འཛིན་པ་ཡིན་ཞེ་ན། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་དག་གི་ཆོས་དཀོན་མཆོག་གི་མཛོད་ནི་མི་ཟད་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་མཚན་ཉིད་ལ་རབ་ཏུ་འཇུག་པ་ཇི་སྙེད་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་དཀོན་མཆོག་གི་མཛོད་ལ་གཟུད་པའི་ཡེ་ཤེས་ལ་འཇུག་པའང་དེ་སྙེད་དོ། །ཇི་ལྟར་སེམས་ཅན་གྱི་སྤྱོད་པ་མི་ཟད་ཅིང་མཐའ་མེད་པ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་དཀོན་མཆོག་གི་མཛོད་ཀྱང་མི་ཟད་ཅིང་མཐའ་མེད་པའོ། །ཆོས་དཀོན་མཆོག་གི་མཛོད་ཅེས་བྱ་བ་ནི་གང་གི་ནུབ་མོ་དེ་བཞིན་གཤེགས་པས་བྱང་ཆུབ་བརྙེས་པ་ནས། གང་གི་ནུབ་མོ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་བར་དུ་དེ་བཞིན་གཤེགས་པས་བཤད་པ་དང་འཆད་པ་དང ། ་འཆད་པར་འགྱུར་བ་དེ་ཐམས་ཅད་ནི་དེ་བཞིན་ནོ། །མ་ནོར་བ་དེ་བཞིན་ནོ། །གཞན་མ་ཡིན་པའོ། །ཅིའི་ཕྱིར་དེ་བཞིན་ཞེས་བྱ་ཞེ་ན། དེ་བཞིན་ཉིད་ཞི་བ་ལ་ཡང་དག་པར་ཞུགས་པས་དེའི་ཕྱིར་དེ་བཞིན་ཞེས་བྱའོ། །ཅིའི་ཕྱིར་མ་ནོར་བ་དེ་བཞིན་ཉིད་ཅེས་བྱ་ཞེ་ན། དོན་དམ་པའི་བདེན་པ་ལ་ཡང་དག་པར་ཞུགས་པ་དེའི་ཕྱིར་མ་ནོར་བ་དེ་བཞིན་ཉིད་ཅེས་བྱའོ། །ཅིའི་ཕྱིར་ན་གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱ་ཞེ་ན། དེ་བདག་གི་ངོ་བོ་ཉིད་མ་ཡིན
52.212b
པར་གཞན་དུ་མི་བཙལ་ཏེ། དེའི་ཕྱིར་གཞན་མ་ཡིན་པའོ། །ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་དཀོན་མཆོག་གི་མཛོད་ནི་སྟོང་གསུམ་གྱི་སྟོང་ཆེན་པོའྀ་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་རྣམས་མང་དུ་ཐོས་པ་ཀུན་དགའ་བོ་ལྟ་བུར་གྱུར་ཀྱང་དེ་དག་ཐམས་ཅད་ཀྱིས་བསྐལ་པ་བྱེ་བ་ཕྲག་སྟོང་དུ་ཡང་ཡི་གེ་ཁོང་དུ་ཆུད་པར་མི་ནུས་སོ། །ཡང་དོན་གཅིག་ཏུ་བསྟན་ཏེ་ཇི་ལྟ་བ་བཞིན་དུ་བསྟན་པ་འདི་ལྟ་བུའི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་དཀོན་མཆོག་གི་མཛོད་དོ། །དེ་བྱང་ཆུབ་སེམས་དཔའ་རྣམས་འཛིན་ཏེ་ཇི་ལྟར་ཡི་གེ་ཐམས་ཅད་མི་མཛད་ཅིང་དོན་ཐམས་ཅད་མི་ཉམས་པར་སེམས་ཅན་ཐམས་ཅད་མགུ་བར་བྱེད། སངས་རྒྱས་ཐམས་ཅད་རབ་ཏུ་མཉེས་པར་བྱེད། བདུད་ཐམས་ཅད་ཕམ་པར་བྱེད། མུ་སྟེགས་ཅན་གཞན་ཐམས་ཅད་ཚར་གཅོད། ཉོན་མོངས་པ་ཐམས་ཅད་ཞི་བར་བྱེད་ཅིང་དེ་དག་ལ་ཆོས་དཀོན་མཆོག་རབ་ཏུ་སྒྲོགས་པ་དེ་ལྟར་འཛིན་ཏོ། །རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་དཀོན་མཆོག་གི་མཛོད་འཛིན་པ་ཡིན་ནོ། །ཡང་རིགས་ཀྱི་བུ་ཆོས་གང་གི་ངོ་བོ་ཉིད་དུ་ངས་ཆོས་རྣམས་མངོན་པར་སངས་རྒྱས་པ་དེའི་ངོ་བོ་ཉིད་དུ་བྱང་ཆུབ་སེམས་དཔས་ཆོས་རྣམས་གཟུང་བར་བྱའོ། །ཡང་ཇི་ལྟ་བུར་དེ་བཞིན་གཤེགས་པས་ཆོས་རྣམས་མངོན་པར་རྫོགས་པར་སངས་རྒྱས་ཤེ་ན། ཡོངས་སུ་མ་གྲུབ་པའི་ཚུལ་གྱིས་སྒྱུ་མའི་ངོ་བོ་ཉིད་དང ། ཡུལ་ལས་ཤིན་དུ་འདས་པའི་ཚུལ་གྱིས་རྨི་ལམ་གྱི་ངོ་བོ་ཉིད་དང་ཤིན་དུ་སྐྱེ་བ་མེད་པའི་ཚུལ་གྱིས་སྨིག་རྒྱུའི་ངོ་བོ་ཉིད་དང ། མི་འཕོ་བའི་ཚུལ་གྱིས་མིག་ཡོར་གྱི་ངོ་བོ་ཉིད་དང ། རང་བཞིན་མེད་པའི་ཚུལ་གྱིས་གཟུགས་བརྙན་གྱི་ངོ་བོ་ཉིད་དང ། རག་ལས་པའི་ཚུལ་གྱིས་སྟོང་པའི་ངོ་བོ་ཉིད་དང ། རྣམ་པར་མི་རྟོག་པའི་ཚུལ་གྱིས་མཚན་མ་མེད་པའི་ངོ་བོ་ཉིད་དང ། སེམས་ཆགས་པ་མེད་པའི་ཚུལ་གྱིས་སྨོན་པ་མེད་པའི་ངོ་བོ་ཉིད་དང ། འདོད་ཆགས་ཐམས་ཅད་དང་བྲལ་བའི་ཚུལ་གྱིས་འདོད་ཆགས་མེད་པའི་ངོ་བོ་ཉིད་དང ། གྲངས་ཐམས་ཅད་ལས་འདས་པའི་ཚུལ་གྱིས་འདུས་མ་བྱས་པའི
52.213a
ངོ་བོ་ཉིད་དེ། དེ་ལྟར་རིགས་ཀྱི་བུ་ཐ་སྙད་དུ་གཞན་རྣམ་པར་རིག་པ་ལ་བརྟེན་ནས་དེ་འདྲ་བ་ཆོས་དེ་ངས་མངོན་པར་རྫོགས་པར་སངས་རྒྱས་ཏེ། གང་ཆོས་དེའི་ངོ་བོ་ཉིད་ཀྱི་མཚན་ཉིད་དེ་ནི་ཚིག་གིས་བརྗོད་པར་མི་ནུས་སོ། །དེ་ལ་ཆོས་རྣམས་འཛིན་པར་འདོད་པའི་བྱང་ཆུབ་སེམས་དཔས་དེ་ལྟ་བུའི་ངོ་བོ་ཉིད་ཀྱི་ཆོས་རྣམས་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་སྟེ། ཡི་གེ་དང་ངེས་པའི་ཚིག་གིས་ཀྱང་སེམས་ཅན་གཞན་རྣམས་དང ། གང་ཟག་གཞན་དག་ལ་བསྟན་པར་བྱའོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཐོག་མ་ནས་སེམས་ཅན་རྣམ་པར་དག་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅེ་ན་རིགས་ཀྱི་བུ་སེམས་ཅན་གྱི་ཁམས་ནི་ཐོག་མ་ནས་རྣམ་པར་དག་པ་སྟེ། དེ་ལ་སེམས་ཅན་རྣམས་ཀྱི་རྩ་བའི་དངོས་པོ་མེད་དེ། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ཀྱི་རྩ་བ་ཡོངས་སུ་ཆད་པར་རིག་ནས་སེམས་ཅན་གང་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་ལ་བདག་ཏུ་ལྟ་བར་མི་འགྱུར་སེམས་ཅན་དུ་ལྟ་བར་མ་ཡིན། སྲོག་ཏུ་ལྟ་བར་མ་ཡིན། གང་ཟག་ཏུ་ལྟ་བར་ཡང་མི་འགྱུར་རོ། །ཡང་དེ་འདི་སྙམ་དུ་སེམས་ཏེ་སེམས་ཅན་ཞེས་བྱ་བ་འདི་ནི་ཕྱིན་ཅི་ལོག་སྟེ། རྒྱུར་ལྟ་བའི་ཀུན་ནས་དཀྲིས་པ་དང ། མ་རིག་པ་དང ། སྲིད་པ་དང ། སྲེད་པ་དང ། ཡང་དག་པ་མ་ཡིན་པ་ཀུན་དུ་རྟོག་པ་ལས་སེམས་ཅན་ཞེས་བརྗོད་སྙམ་མོ། །དེ་ལ་བྱང་ཆུབ་སེམས་དཔས་མེད་པ་ཕྱིན་ཅི་ལོག་ལས་བྱུང་བའི་ཉོན་མོངས་པ་རབ་ཏུ་སྤང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ་དངོས་པོ་གང་ཡང་ཆུད་མི་གཟོན་ཏོ། །སེམས་ཅན་མེད་ཅིང་སེམས་ཅན་དབེན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཐོག་མ་ནས་རྣམ་པར་དག་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཚུལ་བཞིན་ལ་རབ་ཏུ་སྦྱོར་བས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་སྡུད་ཅེ་ན། ཚུལ་བཞིན་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་དང་རྐྱེན་ཅི་འདྲ་བ་དེ་འདྲ་བར་འབྲས་བུ་མངོན་པར་འགྲུབ་བོ། །སྦྱིན་པ་ནི་ལོངས་སྤྱོད་ཆེན་པོའི་རྒྱུ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་གང་གཏོང་བ་དེ་ཡང་ཐམས་ཅད་མཁྱེན་པར་བསྔོས་ནས་སྦྱིན་པའི
52.213b
ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཚུལ་ཁྲིམས་ནི་ལྷ་དང་མིར་སྐྱེ་བའི་རྒྱུ་སྟེ། ལྷ་དང་མིར་སྐྱེས་ནས་བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་ཚུལ་ཁྲིམས་ལ་རབ་ཏུ་འཛུད་དེ། ཚུལ་ཁྲིམས་ཡང་དག་པར་བཟུང་བ་དེ་ཡང་ཐམས་ཅད་མཁྱེན་པར་བསྔོས་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །བཟོད་པ་དང་དེས་པ་ནི་ལུས་དང་ངག་དང་སེམས་ཀྱི་རྒྱན་གྱི་རྒྱུ་སྟེ། ལུས་དང ། ངག་དང ། སེམས་རྒྱན་པས་བྱང་ཆུབ་སེམས་དཔའ་བདག་ལ་ཕན་པ་དང་གཞན་ལ་ཕན་པར་ཞུགས་པ་ཡིན་ཏེ། ཕན་པར་འདོད་པ་བཟོད་པའི་གནས་དེ་ཡང་ཐམས་ཅད་མཁྱེན་པར་བསྔོས་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །བརྩོན་འགྲུས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྡུད་པའི་རྒྱུ་སྟེ། བྱང་ཆུབ་སེམས་དཔས་བརྩོན་འགྲུས་བརྩམས་ནས་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྒྲུབ་ཅིང་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་གྲུབ་པའི་བརྩོན་འགྲུས་དེ་ཡང་ཐམས་ཅད་མཁྱེན་པར་བསྔོས་ནས་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །བསམ་གཏན་ནི་སེམས་དགའ་བ་དང་ཅང་ཤེས་པའི་རྒྱུ་སྟེ། བྱང་ཆུབ་སེམས་དཔའ་དགའ་བ་དང་ཅང་ཤེས་པས་ཞི་གནས་ཀྱི་ཚོགས་ཀུན་སྐོང་སྟེ། ཞི་གནས་ཀྱི་ཚོགས་དེ་ཡང་ཐམས་ཅད་མཁྱེན་པར་བསྔོས་ནས་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཐོས་པ་ནི་ཤེས་རབ་ཆེ་བའི་རྒྱུ་སྟེ། བྱང་ཆུབ་སེམས་དཔའ་ཤེས་རབ་ཆེན་པོ་ནི་དམིགས་པར་ལྟ་བ་མི་འཛིན་ཅིང་དམིགས་པ་མེད་པའི་ཐོས་པ་དེ་ཡང་ཐམས་ཅད་མཁྱེན་པར་བསྔོས་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་དུ་དགེ་བའི་ཆོས་ཐམས་ཅད་དེ་དགེ་བའི་ཆོས་ཀྱི་རྒྱུ་གང་དང་གང་བསགས་པ་དེ་དང་དེའི་འབྲས་བུ་ལྷུན་གྱིས་གྲུབ་པས་མངོན་པར་སྐྱེ་བར་འགྱུར་ཏེ། རྒྱུ་དང་རྐྱེན་དེ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་ཞེས་བྱའོ། །གཞན་ཡང་ཚུལ་བཞིན་ཞེས་བྱ་བ་ལ་ཆོས་ཐམས་ཅད་ཀྱི་ཚུལ་བཞིན་ནི་བདག་ཡིན་ཏེ། ཇི་ལྟར་བདག་ནི་བདག་མེད་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་བདག་མེད་དོ། །ཇི་ལྟར་ན་བདག་སྟོང་པ་དེ་བཞིན་དུ་ཆོས་ཐམས་ཅད་སྟོང་ངོ ། །ཇི་ལྟར་བདག་མིང་དུ་བཏགས་པ་ཙམ་དུ་ཟད་པ་དེ་བཞིན
52.214a
དུ་ཆོས་ཐམས་ཅད་ཀྱང་མིང་དུ་བཏགས་པ་ཙམ་དུ་ཟད་དོ། །དེ་ལྟར་ཚུལ་བཞིན་ལ་རབ་ཏུ་སྦྱོར་བའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་མཉམ་པར་སྦྱོར་རོ། །གང་ཆོས་ཐམས་ཅད་མཉམ་པ་ཉིད་དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་དེ། དེ་ལྟར་ཚུལ་བཞིན་ལ་སྦྱོར་བའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཡང་དག་པར་སྒྲུབ་བོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་ལས་མ་ཉམས་ཤིང་ཆོས་ཐམས་ཅད་ལ་དབང་བྱེད་པ་ཡིན་ཞེ་ན། ་འདི་ལ་རིགས་ཀྱི་བུ་འམ། དགེ་སྦྱོང་ངམ། བྲམ་ཟེ་འཇིག་ཚོགས་ལ་ལྟ་བ་མ་བཅོམ་པས་མངོན་པར་ཤེས་པ་རྣམས་ལས་ཉམས་པར་ཡང་འགྱུར་རོ། །ཡང་བྱང་ཆུབ་སེམས་དཔའ་ནི་འཇིག་ཚོགས་ལ་ལྟ་བའི་རྩ་བ་ལས་བྱུང་བའི་ལྟ་བར་གྱུར་པ་དྲུག་བཅུ་རྩ་གཉིས་ཡང་དག་པར་བཅོམ་ནས་ལྟ་བ་དང་ལེན་པ་ཐམས་ཅད་མེད་པར་མངོན་པར་ཤེས་པ་བསྐྱེད་དེ། ཡེ་ཤེས་དང་ལྡན། ཤེས་རབ་དང་ལྡན། བློ་དང་ལྡན། བཟོད་པ་དང་ལྡན། ཚུལ་ཁྲིམས་དང་ལྡན་ཏེ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤིང་ལུས་དབེན་སེམས་དབེན་ཏེ། འདི་འདྲ་བའི་ཡེ་ཤེས་ཀྱིས་ནང་ཉེ་བར་འགྲོ་ཞིང་ཕྱི་རོལ་དུ་མི་རྒྱུ་བ། ཡུལ་མེད་པའི་ཡུལ་ཅན། ཅང་ཤེས་པའི་སེམས་དང་ལྡན་པ་དགའ་བའི་སེམས་དང་ལྡན་པ། ཤིན་དུ་བརྟགས་པས་བརྟགས་པ། རབ་ཏུ་དཀར་བའི་བློ་ཉོན་མོངས་པས་མ་འཁྲུགས་པ་སྣང་བ་ཐོབ་པ། ཡེ་ཤེས་རབ་རིབ་མེད་པ། བསོད་ནམས་ཀྱི་ཚོགས་བསགས་པ། ཡེ་ཤེས་ཀྱི་ཚོགས་བསགས་པ། ཞི་གནས་ཀྱི་ཚོགས་བསགས་པ། ལྷག་མཐོང་གི་ཚོག་བསགས་པ། སྦྱིན་པས་བརྟན་པ། ཚུལ་ཁྲིམས་ཀྱིས་བརྒྱན་པ། བཟོད་པའི་གོ་གྱོན་པ། བརྩོན་འགྲུས་ཀྱི་ཡ་ལད་བགོས་པ། བསམ་གཏན་ལ་གནས་པ། ཤེས་རབ་ཤིན་དུ་བསྒོམས་པའི་བློ་དང་ལྡན་པ། བྱམས་པས་རྗེས་སུ་འཐུན་པ། སྙིང་རྗེ་ལ་རབ་ཏུ་གནས་པ། ཐབས་ཀྱིས་མངོན་པར་སྒྲུབ་པ་དེ་ལྟ་བུའི་ཆོས་དང་ལྡན་པས་མངོན་པར་ཤེས་པ་བསྐྱེད་དོ། །བྱང་ཆུབ་ཀྱི་སྙིང་པོའི་བར་དུ་མངོན་པར་ཤེས་པ་དེ་དག་གིས་ཤིན་དུ་འཕགས་ཤིང་དེ་མངོན་པར་ཤེས་པ་དེ་དག་གིས་ཆོས་ཐམས་ཅད་ལ་དབང་བྱེད་པ
52.214b
ཡིན་ཏེ། གཟུགས་ཐམས་ཅད་མཐོང ། སྒྲ་ཐམས་ཅད་ཐོས། སེམས་ཐམས་ཅད་ལ་འཇུག་ཅིང་བསྐལ་པ་གྲངས་མེད་པ་རྗེས་སུ་དྲན་ཏེ། རྫུ་འཕྲུལ་ཐམས་ཅད་ཀྱིས་རྣམ་པར་འཕྲུལ་པ། ཟག་པ་ཟད་པའི་བདེ་བ་རྙེད་ཅིང ། ཡིད་ཀྱི་རྣམ་པར་རྟོག་པ་ཇི་སྙེད་པ་ལ་རྣམ་པར་རྟོག་པ་དང ། རྣམ་པར་དཔྱོད་པ་ཐམས་ཅད་ལ་དབང་བྱེད་པ་ཡིན་ཏེ། དེས་ཆོས་ཐམས་ཅད་ལ་དེ་བཞིན་དུ་ལྷུན་གྱིས་གྲུབ་པར་གནས་སོ། །རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་ལས་མི་ཉམས་ཤིང་ཆོས་ཐམས་ཅད་ལ་དབང་བྱེད་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཚུལ་ཟབ་མོ་ལ་རབ་ཏུ་ཞུགས་ཤིང་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱིས་རྟོགས་པར་དཀའ་བ་ཡིན་ཞེ་ན། རིགས་ཀྱི་བུ་ཟབ་མོ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་ནི་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་ཀྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་།སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ། །སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པར་འགྱུར་བའི་རྒྱུ་གང་དང ། རྐྱེན་གང་ཡིན་པ་དེ་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་རབ་ཏུ་འཇུག་སྟེ། འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཀུན་འབྱུང་བའི་ཚུལ་ཞེས་བྱའོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་འགོག་པའི་ཚུལ་གང་ཞེ་ན། འདི་ལྟ་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགག་།འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག་།རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག་།མིང་དང ། གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག་།སྐྱེ་མཆེད་དྲུག
52.215a
འགགས་པས་རེག་པ་འགག་།རེག་པ་འགགས་པས་ཚོར་བ་འགག་།ཚོར་བ་འགགས་པས་སྲེད་པ་འགག་།སྲེད་པ་འགགས་པས་ལེན་པ་འགག་།ལེན་པ་འགགས་པས་སྲིད་པ་འགག་།སྲིད་པ་འགགས་པས་སྐྱེ་བ་འགག་།སྐྱེ་བ་འགགས་པས་རྒ་ཤི་དང་མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་འགག་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་འགག་པར་འགྱུར་རོ། །དེ་ནི་རིགས་ཀྱི་བུ་རྟེན་ཅིང་འབྲེལ་པར་འབྱུང་བ་འགག་པའི་ཚུལ་ཞེས་བྱའོ། །སེམས་ཅན་རྣམས་རྣམ་པར་དག་པར་འགྱུར་བའི་རྒྱུ་གང་དང་རྐྱེན་གང་ཡིན་པ་དེ་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་རབ་ཏུ་འཇུག་སྟེ། དེ་ནི་ཆོས་ཀྱི་ཚུལ་ཟབ་མོ་ལ་འཇུག་པ་ཞེས་བྱ་སྟེ། གང་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱི་ས་མ་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱི་ས་མ་ཡིན་ཞེ་ན། ་སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོན་མོངས་པ་དང ། རྣམ་པར་བྱང་བ་ཤེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡུལ་ལོ། །རང་གི་ཡེ་ཤེས་དང ། སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་བྱང་ཆུབ་སེམས་དཔས་ཀྱང་དེའི་མཚམས་སྦྱོར་བ་ཤེས་སོ། །གཞན་ཡང་ཟབ་མོ་ཞེས་བྱ་བ་ནི་འཇིག་ཚོགས་དང ། བདག་རྣམ་པར་དག་པ་དང ། ཆོས་ཐམས་ཅད་རྣམ་པར་དག་པའོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་ཚོགས་ནི་ཀུན་དུ་བཙལ་ཀྱང་མི་དམིགས་སོ། །གང་མི་དམིགས་པ་དེ་ནི་ཟབ་མོའོ། །བདག་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་བརྙེས་སོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཐོག་མ་ནས་ཀྱང་རྣམ་པར་དག་པ་སྟེ། ཇི་ལྟར་བདག་རྣམ་པར་དག་པ་དེ་བཞིན་དུ་ཆོས་ཐམས་ཅད་རྣམ་པར་དག་གོ། །དེ་ཅིའི་ཕྱིར་རྣམ་པར་དག་པ་ཞེས་བྱ་ཞེ་ན། དེ་ལ་ཆོས་གང་ཡང་མ་སྐྱེས། མ་སྐྱེད། མ་འགགས། མི་འགག་པ་སྟེ། དེ་བས་ན་རྣམ་པར་དག་པ་ཞེས་བྱའོ། །མུན་པ་མེད་པ། སྣང་བ་མེད་པ། ཀུན་གཞི་མེད་པ། རབ་རིབ་མེད་པ། དོན་དམ་པ་ཟབ་མོ་གང་ལ་མིག་མེད་ཅིང་མིག་འགོག་པ་མེད་པ་ནས་ཡིད་ཀྱི་བར་དུ་མེད་ཅིང་ཡིད་འགོག་པ་མེད་པ་སྟེ། ་དེ་ནི་ཡུལ་དུ་བགྲང་བ་མ་ཡིན་ནོ། །གང་ཡུལ
52.215b
མ་ཡིན་ཞིང་ཡུལ་བྱེད་པ་དེ་ནི་དོན་དམ་པ་སྟེ། ་དེའི་ཕྱིར་ཟབ་མོ་ཞེས་བྱའོ། །དེ་ལ་སེམས་དང་ཡིད་འཛིན་པ་མེད་དེ་རྟོགས་པར་དཀའ་བ་མཐོང་བར་དཀའ་བ་ཁོང་དུ་ཆུད་པར་དཀའ་བ་དེ་ལྟ་བུའི་ཆོས་ཀྱི་ཚུལ་ཟབ་མོ་ལ་ཡེ་ཤེས་གཞན་གྱི་དྲིང་ལ་མི་འཇོག་ཅིང་སེམས་ཅན་གཞན་ལ་ཡང་རབ་ཏུ་སྟོན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའི་ཆོས་ཀྱི་ཚུལ་ཟབ་མོ་ལ་རབ་ཏུ་ཞུགས་པ། ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱིས་གཏིང་དཔག་དཀའ་བ་ཡིན་ནོ།། །།འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པ། བམ་པོ་གསུམ་པ། རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པའི་ཤེས་པ་ལ་མཁས་ཏེ། མཐའ་གཉིས་སུ་ལྟ་བ་ཐམས་ཅད་དང་བྲལ་བ་ཡིན་ཞེ་ན་རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་རྟེན་པ་དེ་ནི་ཅི་ཡང་མ་ཡིན་པ། ་གང་རྟེན་པ་དེ་ནི་དངོས་པོ་མེད་པ། གང་རྟེན་པ་དེ་ནི་ཡོངས་སུ་མ་གྲུབ་པ། གང་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ནི་མི་རྟག་པ། སྡུག་བསྔལ་བ་བདག་མེད་པ། ཞི་བ། གང་རྟེན་པ་དེ་ལ་ནི་བདག་མེད། སེམས་ཅན་མེད། སྲོག་མེད། གསོ་བ་མེད། སྐྱེས་བུ་མེད། གང་ཟག་མེད། ཤེད་ལས་སྐྱེས་མེད། ཤེད་བུ་མེད། གང་རྟེན་པ་དེ་ལ་ནི་ཡང་དག་པར་འབྱུང་བ་གང་ཡང་མེད། གང་རྟེན་པ་དེ་ལ་ནི་ཅི་ཡང་མེད་པ། རྩོལ་བ་མེད་པ། སྟོང་པ། མཚན་མ་མེད་པ། དབེན་པ། རྒྱུ་བ་མེད་པ། མ་སྤྲོས་པ། སྤྲོས་པ་མེད་པ་སྟེ། དེའི་ཕྱིར་སྐྱེ་བ་ནི་ཆོས་ཁོ་ན་སྐྱེ། འགག་པ་ནི་ཆོས་ཁོ་ན་འགག་སྟེ། འདི་ལ་བདག་གམ། སེམས་ཅན་ནམ། སྲོག་གམ། གསོ་བ་འམ། སྐྱེས་བུ་འམ། གང་ཟག་གམ། ཤེད་ལས་སྐྱེས་སམ། ཤེད་དུ་མེད་ཅེས་བྱའོ། །ཆོས་གང་དག་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་དག་ལ་ནི་སྐྱེ་བ་ཅི་ཡང་མེད་ཅིང་བདག་པོ་མེད་དེ། ་དེའི་ཕྱིར་ཆོས་ཐམས་ཅད་ནི་རྩཝ་དང ། ཤིང་དང ། རྩིག་པ་དང ། ལམ་དང ། མིག་ཡོར་ལྟ་བུ་ཞེས་བྱ་སྟེ། ཇི་ལྟར་ཕ་རོལ་གྱི་དངོས་པོ་རྣམས་སྐྱེ་བ་ན་སྐྱེད་པར་བྱེད་པ་མེད། འགག་པ་ན་ཡང་འགོག་པར
52.216a
བྱེད་པ་མེད་པ་དེ་བཞིན་དུ་ནང་གི་ཆོས་རྣམས་སྐྱེ་བ་ན་ཡང་སྐྱེད་པར་བྱེད་པ་མེད། འགག་པ་ན་ཡང་འགོག་པར་བྱེད་པ་མེད་དེ། གཞན་དུ་ན་རྐྱེན་རྣམས་ཡོད་ན་འབྱུང་གི་རྐྱེན་མ་ཚང་ན་འགོག་གོ་སྙམ་དུ་སེམས་ཏེ། དེ་ལྟར་ན་ཤེས་པ་ལ་སྦྱོར་བ་ནི་མཐར་ལྟ་བ་ཐམས་ཅད་རབ་ཏུ་སྤོང་ངོ ། །དེ་ལ་མཐར་ལྟ་བ་གང་ཞེ་ན། མཐའ་ཞེས་བྱ་བ་ནི་ཆད་པ་དང་རྟག་པ་སྟེ། དེ་གང་མི་སྐྱེད་ཅིང་རྣམ་པར་མི་འཇིག་པ་ནི་ཆད་པ་དང་རྟག་པ་དང་བྲལ་བ་སྟེ། དེའི་ཕྱིར་དག་པས་ན་མཐར་ལྟ་བ་ཐམས་ཅད་རྣམ་པར་དག་པ་སྟེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པའི་ཤེས་པ་ལ་མཁས་ཏེ། མཐར་ལྟ་བ་ཐམས་ཅད་དང་བྲལ་བ་ཡིན་ནོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ཕྱག་རྒྱས་བཏབ་པས། དེ་བཞིན་ཉིད་དབྱེར་མེད་པ་ཤེས་པ་ལ་མཁས་པ་ཡིན་ཞེ་ན། དེ་བཞིན་གཤེགས་པའི་ཕྱག་རྒྱས་བཏབ་པ་ཞེས་བྱ་བ་ལ་དེ་བཞིན་ཉིད་དབྱེར་མེད་པ་དེ་ནི་ཕྱག་རྒྱ་སྟེ། བྱེ་བ་མེད་པ། འཇུག་པ་མེད་པ། མངོན་པར་ཞེན་པ་མེད་པ། མི་བསྐྱོད་པ། བསྐྱོད་པར་བྱ་བ་མ་ཡིན་པ་སྟེ། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་བསྐྱོད་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ནི་ཕྱག་རྒྱ་དེས་བཏབ་པ་ཉིད་དོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་དེ་ནི་ཤིན་དུ་མི་སྐྱེ་བའི་ཕྱག་རྒྱ། ཤིན་དུ་སྟོང་པ་ཉིད་ཀྱི་ཕྱག་རྒྱ། ཤིན་དུ་མཚན་མ་མེད་པའི་ཕྱག་རྒྱ། ཤིན་དུ་སྨོན་པ་མེད་པའི་ཕྱག་རྒྱ། ཤིན་དུ་འདུས་མ་བྱས་པའི་ཕྱག་རྒྱ། ཤིན་དུ་འདོད་ཆགས་དང་བྲལ་བའི་ཕྱག་རྒྱ། ཤིན་དུ་དེ་བཞིན་ཉིད་ཀྱི་ཕྱག་རྒྱ། ཤིན་དུ་ཡང་དག་པའི་མཐའི་ཕྱག་རྒྱ། ཤིན་དུ་ནམ་མཁའི་ཕྱག་རྒྱ་སྟེ། དཔེར་ན་ནམ་མཁའི་ཕྱག་རྒྱ་མི་སྣང་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་ཕྱག་རྒྱ་དེ་ཡང་སྤྱན་ལྔ་ལ་མི་སྣང་སྟེ་རང་གི་མཚན་ཉིད་ཀྱི་ཕྱག་རྒྱས་བཏབ་པའོ། །དེ་བཞིན་གཤེགས་པས་ཆོས་ཀྱི་ཐ་སྙད་ཇི་སྙེད་དུ་ཐ་སྙད་འདོགས་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱས་བཏབ་པ་དེ་བཞིན་དུ་ཐ་སྙད་འདོགས་སོ། །དེ་ལ་གང་དག་རྣམ་པར་ཤེས་པའི་སྤྱོད་ཡུལ་བ་དེ་དག་ནི་ཆོས་རྣམ་པར་འཇོག
52.216b
པར་བྱེད་དོ། །གང་དག་རྣམ་པར་ཤེས་པ་ལ་མི་གནས་པ་དེ་དག་ནི་ཆོས་རྣམ་པར་འཇོག་པར་མི་བྱེད། ཆོས་ཐ་དད་དུ་མི་བྱེད་དོ། །དེ་དག་དེ་བཞིན་གཤེགས་པའི་ཕྱག་རྒྱས་བཏབ་པས་ན་དེ་དག་དེ་བཞིན་ཉིད་འབྱེད་པར་མི་བྱེད་དོ། །དེ་ལ་དེ་བཞིན་ཉིད་ཐ་དད་པ་གང་ཞེ་ན། གང་དག་ཐ་མ་དང་འབྲིང་དང་རབ་ཀྱི་ཆོས་རྣམས་སུ་རྣམ་པར་རྟོག་པའོ། །གང་དག་ཆོས་ཐམས་ཅད་ལ་མི་རྟོག་ཅིང་རྣམ་པར་མི་རྟོགས་པ་དེ་དག་ནི་དེ་བཞིན་ཉིད་ཐ་དད་མི་བྱེད་དོ། །ཡང་ཇི་སྙེད་མང་པོ་བརྟགས་ཤིང་རྣམ་པར་བརྟགས་ཀྱང་དེ་བཞིན་ཉིད་དབྱེ་བར་མི་ནུས་སྟེ། དཔེར་ན་སེམས་ཅན་ཐམས་ཅད་ནི་ནམ་མཁའ་ལ་རྣམ་པར་རྒྱུ་ཡང་ནམ་མཁའི་ཁམས་ནི་འདྲེས་པར་མི་བྱེད་དོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་དེ་བཞིན་ཉིད་ལ་རྣམ་པར་རྒྱུ་ཡང་དེ་བཞིན་ཉིད་ནི་འདྲེས་པར་མི་བྱེད་དོ། །གང་འདིར་དེ་ལྟ་བུའི་ཆོས་རྣམས་ཤེས་པའི་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱས་བཏབ་པ་ཡིན་ཏེ། དེ་བཞིན་ཉིད་ཀྱང་འདྲེས་པར་མི་བྱེད་དོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་ཀྱི་ཚུལ་ལ་ཞུགས་ཤིང་ཆོས་ཀྱི་དབྱིངས་ཐམས་ཅད་ལས་ཡང་དག་པར་གཞོལ་བ་ཡིན་ཞེ་ན། ཆོས་ཀྱི་དབྱིངས་ཤེས་བྱ་བ་ནི་རྡུལ་ཐམས་ཅད་དང་བྲལ་བའི་ཕྱིར་འདོད་ཆགས་དང་བྲལ་བའི་དབྱིངས་སོ། །ཡང་དག་པར་བསྒྲུབས་པ་མེད་པའི་ཕྱིར་མ་སྐྱེས་པའི་དབྱིངས་སོ། །མ་བྱུང་བའི་ཕྱིར་མི་འགོག་པའི་དབྱིངས་སོ། །འགྲོ་བ་མེད་པའི་ཕྱིར་མི་འགྲོ་བའི་དབྱིངས་སོ། །རྒལ་བ་མེད་པའི་ཕྱིར་འོང་བ་མེད་པའི་དབྱིངས་སོ། །འབྱུང་བ་མེད་པའི་ཕྱིར་གནས་མེད་པའི་དབྱིངས་སོ། །དུས་གསུམ་མཉམ་པའི་ཕྱིར་ཇི་ལྟ་བ་བཞིན་གྱི་དབྱིངས་སོ། །གཟོད་མ་ནས་རྣམ་པར་དག་པའི་ཕྱིར་བདག་གི་དབྱིངས་སོ། །དོན་དམ་པ་ཡིན་པའི་ཕྱིར་གང་ཟག་མེད་པའི་དབྱིངས་སོ། །གནས་མེད་པའི་ཕྱིར་རྣམ་པར་རིག་པ་མེད་པའི་དབྱིངས་སོ། །འདྲེ་བ་མེད་པའི་ཕྱིར་ཀུན་གཞི་མེད་པའི་དབྱིངས་སོ། །ངེས་པར་གྱུར་པའི་ཕྱིར་སྐྱེ་བ་མེད་པའི་དབྱིངས་སོ། །རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་ནམ་མཁའི་དབྱིངས་སོ། །གཉེན་པོ་མེད་པའི་ཕྱིར་མྱ་ངན་ལས་འདས་པའི་དབྱིངས་ཏེ། འདི་ནི་ཆོས་ཀྱི་དབྱིངས་ཀྱི་ཚུལ་ལ་འཇུག་པ་ཞེས་བྱའོ། །རིགས་ཀྱི་བུ་ཆོས
52.217a
ཐམས་ཅད་དེ་ལྟར་ཞུགས་པས་དེ་ལ་བྱང་ཆུབ་སེམས་དཔའ་དེ་ལྟར་ཆོས་ཀྱི་ཚུལ་ལ་ཞུགས་པའི་གང་ཅི་སྨྲ་བ་དང་བརྗོད་པ་དང ། ་སྟོན་པ་དེ་ཐམས་ཅད་ནི་ཆོས་ཀྱི་དབྱིངས་སུ་ཡང་དག་པར་གཞོལ་བ་ཉིད་དོ། །ཆོས་ཀྱི་དབྱིངས་ཀྱི་ཚུལ་ལ་ཞུགས་པ་དེ་འདོད་ཆགས་ཀྱི་ཁམས་དང ། ཆོས་ཀྱི་དབྱིངས་དེ་དག་གཉིས་སུ་མེད་པར་རབ་ཏུ་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ནོ། །ཞེ་སྡང་གི་ཁམས་དང ། ཆོས་ཀྱི་དབྱིངས་དེ་དག་ནི་གཉིས་སུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ཞེ་སྡང་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ནོ། །གཏི་མུག་གི་ཁམས་དང ། ཆོས་ཀྱི་དབྱིངས་དེ་དག་ནི་གཉིས་སུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། གཏི་མུག་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ནོ། །ཉོན་མོངས་པའི་ཁམས་དང ། ཆོས་ཀྱི་དབྱིངས་དེ་དག་ནི་གཉིས་སུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ནོ། །འདོད་པའི་ཁམས་དང ། ཆོས་ཀྱི་དབྱིངས་དེ་དག་ནི་གཉིས་སུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། འདོད་པའི་ཁམས་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ནོ། །གཟུགས་ཀྱི་ཁམས་དང ། ཆོས་ཀྱི་དབྱིངས་དེ་དག་ནི་གཉིས་སུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་ཁམས་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ནོ། །གཟུགས་མེད་པའི་ཁམས་དང ། ཆོས་ཀྱི་དབྱིངས་དེ་དག་ནི་གཉིས་སུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། གཟུགས་མེད་པའི་ཁམས་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ནོ། །མིག་གི་ཁམས་དང ། ཆོས་ཀྱི་དབྱིངས་དེ་དག་ནི་གཉིས་སུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། མིག་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ནོ། །གཟུགས་ཀྱི་ཁམས་དང ། ཆོས་ཀྱི་དབྱིངས་དེ་དག་ནི་གཉིས་སུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ནོ། །མིག་གི་རྣམ་པར་ཤེས་པའི་ཁམས་དང ། ཆོས་ཀྱི་དབྱིངས་དེ་དག་ནི་གཉིས་སུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། མིག་གི་རྣམ་པར་ཤེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ནོ། །ཡིད་ཀྱི་བར་གྱི་ཁམས་དང ། ཆོས་ཀྱི་དབྱིངས་དེ་དག་ནི་གཉིས་སུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ཡིད་ཀྱི་ཁམས་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ནོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང ། ཆོས་ཀྱི་དབྱིངས་དེ་དག་ནི་གཉིས་སུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན།
52.217b
ཡིད་ཀྱི་རྣམ་པར་ཤེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ནོ། །ཕུང་པོའི་ཁམས་དང ། ཆོས་ཀྱི་དབྱིངས་དེ་དག་ནི་གཉིས་སུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ཕུང་པོའི་ཁམས་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ནོ། །སའི་ཁམས་དང ། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་དང ། ཆོས་ཀྱི་དབྱིངས་དེ་དག་ནི་གཉིས་སུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ས་དང ། ཆུ་དང ། མེ་དང ། རླུང་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ནོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དང་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དང་ཆོས་ཐམས་ཅད་ཀྱི་བར་དང་ཆོས་ཀྱི་དབྱིངས་དེ་དག་ནི་གཉིས་སུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ནོ། །བྱང་ཆུབ་སེམས་དཔའ་གང་ཆོས་མཉམ་པ་ཉིད་འདི་ལ་ཞུགས་པ་དེ་ནི་ཆོས་ཀྱི་དབྱིངས་ཐམས་ཅད་ལ་ཡང་དག་པར་གཞོལ་བའི་ཆོས་ཐམས་ཅད་རབ་ཏུ་ཤེས་པ་ཡིན་ཏེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཚུལ་ལ་ཞུགས་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བསམ་པ་རྡོ་རྗེ་ལྟར་སྲ་ཞིང་མི་ཕྱེད་དེ་ཐེག་པ་ཆེན་པོ་འདི་ལ་ལེགས་པར་གནས་ཤིང་མི་གཡོ་བ་ཡིན་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་རྡོ་རྗེ་ལྟར་སྲ་ཞིང་མི་ཕྱེད་པ་བཅུ་གཉིས་ཀྱིས་ན་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མི་ཕྱེད་པ་ཡིན་ཏེ། བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་མི་ཕྱེད་པ་དང ། བསམ་པ་དང ། ལྷག་པའི་བསམ་པས་སྦྱོར་བ་མི་ཕྱེད་པ་དང ། སྦྱིན་པ་མི་ཕྱེད་པ་དང ། ཚུལ་ཁྲིམས་དང ། བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་མི་ཕྱེད་པ་དང ། བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོ་མི་ཕྱེད་པ་དང་བསྡུ་བའི་དངོས་པོ་མི་ཕྱེད་པ་དང ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་མི་ཕྱེད་པ་དང ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་མི་ཕྱེད་པ་དང ། འཁོར་བས་ཡོངས་སུ་མི་སྐྱོ་བ་མི་ཕྱེད་པ་དང ། དགེ་བའི་རྩ་བས་མི་ངོམས་པ་མི་ཕྱེད་པ་དང་མཚན་དང་དཔེ་བྱད་བཟང་པོའི་ཕྱིར་གཏན་པ་མེད་པའི་མཆོད་སྦྱིན་བྱེད་པ་མི་ཕྱེད་པ་དང ། དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་ལུས་དང་སྲོག་འདོར་བར་མི་ཕྱེད་པ་དང ། སེམས་ཅན་གཞན་དང་གང་ཟག་གཞན་གྱི་ཕྱིར་དགེ་བའི་རྩ་བ་བསྔོ་བ་མི་ཕྱེད་པ་དང ། སངས་རྒྱས་ཀྱི
52.218a
ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པ་མི་ཕྱེད་པ་སྟེ། རིགས་ཀྱི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆོས་འདི་ལྟ་བུ་འདི་དག་ལས་མི་ཕྱེད་པ་དེའི་བསམ་པ་རྡོ་རྗེ་ལྟར་སྲ་ཞིང་མི་ཕྱེད་པ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་ནོར་བུ་རིན་པོ་ཆེ་རྡོ་རྗེ་ནི་ནོར་བུ་རིན་པོ་ཆེ་ཐམས་ཅད་འབིགས་ཀྱང་བདག་ཉིད་ནི་མི་ཕིགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བསམ་པ་རྡོ་རྗེ་ལྟར་སྲ་ཞིང་མི་ཕྱེད་པ་ཡང་སེམས་ཅན་ཐམས་ཅད་ཀྱི་བག་ལ་ཉལ་དང ། ཉོན་མོངས་པ་ཀུན་ནས་ལྡང་བ་དང ། ལྟ་བར་གྱུར་པ་རྣམས་སེལ་ཀྱང་བདག་ཉིད་ནི་ཐེག་པ་ཆེན་པོ་འདི་ལས་མི་ཕྱེད་དོ། །རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་བསམ་པ་རྡོ་རྗེ་ལྟར་སྲ་ཞིང་མི་ཕྱེད་དེ། ཐེག་པ་ཆེན་པོ་འདི་ལ་ལེགས་པར་གནས་ཤིང་མི་གཡོ་བ་ཡིན་ནོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཡུལ་རྗེས་སུ་ཐོབ་ཅིང་རང་གི་ཡུལ་ཡོངས་སུ་དག་པ་ཡིན་ཞེ་ན། སངས་རྒྱས་ཀྱི་ཡུལ་ཞེས་བྱ་བ་ནི་ཡུལ་མ་ཡིན་པ། ཡུལ་མེད་པ་ཡུལ་ཐམས་ཅད་ལས་ཡོངས་སུ་དག་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་ཡུལ་ཡོངས་སུ་དག་པས་རང་གི་ཡུལ་ཡོངས་སུ་སྦྱོང་སྟེ། དེ་འདི་སྙམ་དུ་མིག་གི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཡང་སངས་རྒྱས་ཀྱི་ཡུལ་ནི་སུ་དང་ཡང་ཉེ་བ་འམ་རིང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཡུལ་ནི་དབེན་པའི་ཡུལ་ཡིན་པའི་ཕྱིར་ཏེ། དབེན་པའི་ཡུལ་ལ་ནི་མིག་གི་ཡུལ་གང་ཡང་མེད་དོ། །རྣ་བའི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཡང ། སངས་རྒྱས་ཀྱི་ཡུལ་ནི་སུ་དང་ཡང་ཉེ་བ་འམ་རིང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཡུལ་ནི་དབེན་པའི་ཡུལ་ཡིན་པའི་ཕྱིར་ཏེ། དབེན་པའི་ཡུལ་ལ་ནི་རྣ་བའི་ཡུལ་གང་ཡང་མེད་དོ། །སྣའི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཡང་སངས་རྒྱས་ཀྱི་ཡུལ་ནི་སུ་དང་ཡང་ཉེ་བ་འམ་རིང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཡུལ་ནི་དབེན་པའི་ཡུལ་ཡིན་པའི་ཕྱིར་ཏེ། དབེན་པའི་ཡུལ་ལ་ནི་སྣའི་ཡུལ་གང་ཡང་མེད་དོ། །ལྕེའི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཡང་སངས་རྒྱས་ཀྱི་ཡུལ་ནི་སུ་དང་ཡང་ཉེ་བ་འམ་རིང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཡུལ་ནི་དབེན་པའི་ཡུལ་ཡིན་པའི་ཕྱིར་ཏེ། དབེན་པའི
52.218b
ཡུལ་ལ་ནི་ལྕེའི་ཡུལ་གང་ཡང་མེད་དོ། །ལུས་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཡང ། སངས་རྒྱས་ཀྱི་ཡུལ་ནི་སུ་དང་ཡང་ཉེ་བ་འམ་རིང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཡུལ་ནི་དབེན་པའི་ཡུལ་ཡིན་པའི་ཕྱིར་ཏེ། དབེན་པའི་ཡུལ་ལ་ནི་ལུས་ཀྱི་ཡུལ་གང་ཡང་མེད་དོ། །ཡིད་ཀྱི་ཡུལ་ནི་སངས་རྒྱས་ཀྱི་ཡུལ་ཡིན་ཡང་སངས་རྒྱས་ཀྱི་ཡུལ་ནི་སུ་དང་ཡང་ཉེ་བ་འམ་རིང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཡུལ་ནི་དབེན་པའི་ཡུལ་ཡིན་པའི་ཕྱིར་ཏེ་དབེན་པའི་ཡུལ་ལ་ནི་ཡིད་ཀྱི་ཡུལ་གང་ཡང་མེད་དོ། །ཕུང་པོ་རྣམས་དང ། ཁམས་རྣམས་དང ། སྐྱེ་མཆེད་རྣམས་དང ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ལ་ཡང་དེ་བཞིན་ནོ། །རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཡུལ་དབེན་པ་ཉིད་ཀྱི་ཡུལ་ཐམས་ཅད་དབེན་པར་འཇུག་གོ། །རང་གི་ཞིང་ཡོངས་སུ་དག་པས་སངས་རྒྱས་ཀྱི་ཞིང་ལ་ཞུགས་པ་དེ་ནི་ཆོས་གང་དག་དེའི་དབང་པོ་དྲུག་ལ་སྣང་བར་གྱུར་པ་དེ་དག་ཐམས་ཅད་ལ་སངས་རྒྱས་ཀྱི་ཡུལ་དབེན་པར་འཇུག་གོ། །ཇི་ལྟར་དེ་བཞིན་གཤེགས་པའི་ཡུལ་ཆགས་པ་མེད་ཅིང་ཐོགས་པ་མེད་པའི་དེ་བཞིན་དུ་དེ་ཡུལ་ཐམས་ཅད་ལ་ཡང་མི་ཆགས་མི་ཐོགས་ཏེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཡུལ་ལ་རྗེས་སུ་ཞུགས་ཤིང་རང་གི་ཡུལ་ཡོངས་སུ་དག་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གཟུངས་ཐོབ་པ་རྟག་ཏུ་མི་བརྗེད་པར་སྤྱོད་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་གཟུངས་ཐོབ་པར་གྱུར་ཏེ། དེ་ལ་གཟུངས་ཡོངས་སུ་སྦྱང་བ་བྱེད་པ་གང་ཞེ་ན། རིགས་ཀྱི་བུ་སུམ་ཅུ་རྩ་གཉིས་པོ་འདི་དག་ནི་གཟུངས་ཡོངས་སུ་སྦྱང་བ་བྱེད་པ་སྟེ། སུམ་བཅུ་རྩ་གཉིས་པོ་གང་ཞེ་ན། འདི་ལྟ་སྟེ། ཆོས་དོན་དུ་གཉེར་བ་དང ། ཆོས་འདོད་པ་དང ། ཆོས་ཀྱི་ཀུན་དགའ་ལ་དགའ་མོས་པ་དང ། ཆོས་ལ་གཞོལ་བ་དང ། ཆོས་ལ་བབ་པ་དང ། མང་དུ་ཐོས་པ་རྣམས་ལ་སྟེན་ཅིང་བསྙེན་ལ་བསྙེན་བཀུར་བྱེད་པ་དང ། སློབ་དཔོན་དང་མཁན་པོ་རྣམས་ལ་ང་རྒྱལ་མེད་ཅིང་བཙུན་པར་གུས་པར་བྱེད་པ་དང །
52.219a
ཆོས་ཡོངས་སུ་ཚོལ་བས་མི་ངོམས་པ་དང ། རྗེས་སུ་བསྟེན་པ་རྣམས་ལ་བཀའ་བློ་བདེ་ཞིང་འཐུན་པར་འཛིན་པ་དང ། ཆོས་སྨྲ་བའི་གང་ཟག་རྣམས་ལ་སྟོན་པ་ཙམ་དུ་སེམས་ཤིང་འཁྲུལ་པ་མི་ཆོལ་བ་དང ། ཀུན་འཛིན་པ་དང ། ཀློག་པ་དང ། སྟོན་པ་ལ་ལེ་ལོ་མེད་པ་དང ། ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་མེད་ཅིང་ཟང་ཟིང་མེད་པར་ཆོས་སྦྱིན་པ་དང ། ཤེས་རབ་ཀྱི་རྩ་བའི་གནས་ཐོས་པ་དང་ཚུལ་བཞིན་གྱི་ཆོས་ལ་སྦྱོར་བ་དང ། ཇི་ལྟར་ཐོས་པའི་ཆོས་ལ་སོ་སོར་བརྟག་པའི་ཕྱིར་མང་དུ་ཐོས་པ་མུ་མེད་པར་བྱས་པ་དང ། ཚངས་པར་སྤྱོད་པ་ལ་གནས་པ་མུ་མེད་པར་བྱས་པ་དང ། རྟག་ཏུ་དབེན་པ་ལ་སེམས་གཞོལ་བ་དང ། རྗེས་སུ་དྲན་པ་དྲུག་རྗེས་སུ་དྲན་པ་དང ། ཡང་དག་པར་ཆགས་པར་འགྱུར་བ་དྲུག་མི་འདོར་བ་དང ། གུས་པར་བྱ་བའི་གནས་དྲུག་ཡོངས་སུ་མི་གཏོང་བ་དང ། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་ཆོས་ལ་སྦྱོར་བ་དང ། རྟེན་ཅིང་འབྲེལ་པར་འབྱུང་བ་དང་མི་འགལ་བའི་ལས་དང ། ་བྱ་བ་ལ་འཇུག་པ་དང ། རྣམ་པར་ཐར་པའི་སྒོ་གསུམ་ལ་སེམས་ངེས་པར་རྟོག་པ་ལ་མི་སྐྲག་པ་དང ། འཕགས་པའི་རིགས་དང་སྦྱངས་པའི་ཡོན་ཏན་ཀུན་འཛིན་པས་ཡོང་མི་འཆད་པ་དང ། ་དམ་པའི་ཆོས་ཡོངས་སུ་གཟུང་བ་ལ་སེམས་ཞུམ་པ་མེད་པ་དང ། སེམས་ཅན་ལ་ལྟ་བས་སྙིང་རྗེ་ཆེ་བ་དང ། ཆོས་ལ་ལྟ་བས་ལུས་དང་སྲོག་འདོར་བ་དང ། ཡེ་ཤེས་ལ་ལྟ་བས་རྟག་ཏུ་ང་རྒྱལ་མེད་པ་དང ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ཡོངས་སུ་མི་སྐྱོ་བ་སྟེ། འདི་ནི་གཟུངས་ཡོངས་སུ་སྦྱང་བ་བྱེད་པ་ཞེས་བྱའོ། །རིགས་ཀྱི་བུ་དེ་ལ་གཟུངས་གང་ཞེ་ན། གང་ཀུན་བཟུང་བའི་ཆོས་རྣམས་མི་བརྗེད་པ་དང ། ཇི་ལྟར་ཐོས་པའི་ཆོས་རྣམས་མི་བརྗེད་པ་དང ། དྲན་པ་རྗེས་སུ་དྲན་པ་དང ། རྟོགས་པར་ཁོང་དུ་ཆུད་པ་དང ། བློ་གྲོས་འདོད་པ་དང ། ཡི་གེ་མི་ཟད་པ་དང ། ངེས་པའི་ཚིག་དང་སྐད་ལ་འཇུག་པ་ཤེས་པ་དང་སྤོབས་པ་བསྟན་པ་ཐོགས་པ་མེད་ཅིང་རྒྱུན་མི་འཆད་པ་དང ། ངེས་པའི་དོན་གྱི་མདོ་སྡེ་རྟོགས་པ་ལ་འཇུག་པ་ཤེས་པ་དང ། དྲང་བའི་དོན་ཀྱི་མདོ་སྡེ་རྟོགས་པ་ལ་འཇུག་པ་ཤེས་པ་དང ། ཀུན་རྫོབ་མི་ཟད་པ་བསྟན་པ་ཤེས་པ་དང ། དོན་དམ་པ་དབྱེར་མེད་པའི
52.219b
དེ་ཁོ་ན་བསྟན་པ་ཤེས་པ་དང ། བདེན་པ་ལ་འཇུག་པ་ངེས་པ་ཤེས་པ་དང ། དྲན་པ་ཉེ་བར་གཞག་པའི་རྗེས་སུ་འཇུག་པ་ཤེས་པ་དང ། ཡང་དག་པར་སྤོང་བའི་བརྩོན་འགྲུས་མི་འགོད་པ་ཤེས་པ་དང ། རྫུ་འཕྲུལ་གྱི་རྐྱང་པས་རྣམ་པར་རོལ་པ་ཤེས་པ་དང ། དབང་པོའི་རིགས་པ་ཤེས་པ་དང ། སྟོབས་ལ་གནས་པ་མི་བསྐྱོད་པར་ཤེས་པ་དང ། བྱང་ཆུབ་ཀྱི་ཡན་ལག་རྟོགས་པ་དང ། འཐུན་པ་ཤེས་པ་དང ། ལམ་ལ་འཇུག་པའི་གནས་པ་དང ། ཞི་གནས་ཀྱིས་སེམས་གནས་པར་ཤེས་པ་དང ། ལྷག་མཐོང་གི་ཆོས་སྒྲོལ་བར་ཤེས་པ་དང་རིག་པ་དང་རྣམ་པར་གྲོལ་པ་རྗེས་སུ་མཐུན་པ་ཤེས་པ་དང ། སོ་སོ་ཡང་དག་པར་རིག་པ་ལ་འཇུག་པ་ཤེས་པ་དང ། མངོན་པར་ཤེས་པའི་ཡེ་ཤེས་སྐྱེད་པ་ཤེས་པ་དང ། ཕ་རོལ་དུ་ཕྱིན་པ་དྲུག་ལ་འཇུག་པ་ཤེས་པ་དང ། བསྡུ་བའི་དངོས་པོ་བཞི་སོ་སོ་ཅི་རིགས་པར་ཤེས་པ་དང ། སྒྲ་སྐད་དང་ངག་གི་ལམ་ལ་འཇུག་པ་ཤེས་པ་དང ། ཆོས་ཀྱི་བརྡ་སྟོན་པ་ཤེས་པ་དང ། དོན་དབྱེར་མེད་པར་ཤེས་པ་དང ། ཚིག་འབྲུ་མི་ཟད་པར་ཤེས་པ་དང ། སེམས་ཅན་ཐམས་ཅད་ཚིམ་པར་བྱ་བ་ཤེས་པ་དང ། སོ་སོ་ཅི་རིགས་པར་ཆོས་སྟོན་པ་ཤེས་པ་དང ། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་དྲན་པས་འཛིན་པ་ཤེས་པ་དང ། ཚིག་དང་ཡི་གེ་ཐམས་ཅད་མཚམས་སྦྱར་བའི་ངེས་པའི་ཚིག་ལ་འཇུག་པ་ཤེས་པ་དང ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ཤེས་པ་དང ། རྒྱུ་དང་བྱ་བ་ལ་འཇུག་པ་ཤེས་པ་དང ། ཆོས་ཐམས་ཅད་ལ་སྣང་བ་རབ་རིབ་མེད་པའི་ཤེས་པ་སྟེ། འདི་ནི་གཟུངས་ཤེས་བྱའོ། །ལུས་དང་ངག་དང་སེམས་ས་དང་འདྲ་བའི་ཆོས་ཀུན་དུ་འཛིན་པ་གང་ཡིན་པ་དེ་ནི་མི་ཟད་པ་སྟེ། ་ཆོས་ཀྱི་ཆར་འབེབས་པ་དང ། ་ཉོན་མོངས་པའི་གདུང་བ་རབ་ཏུ་ཞི་བར་བྱེད་པ་དང ། སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་སྐྱེད་པ་འདི་ནི་གཟུངས་ཀྱི་ཚུལ་ལ་འཇུག་པ་ཡིན་ཏེ། གཟུངས་ཐོབ་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མི་བརྗེད་པར་སྤྱོད་པར་ཤེས་པར་བྱའོ། །རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་གཟུངས་ཐོབ་པ་རྟག་ཏུ་མི་བརྗེད་པར་སྤྱོད་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྤོབས་པ་ཐོགས་པ་མེད་ཅིང་རྒྱུན་མི་འཆད་ལ་རྟག་ཏུ
52.220a
སངས་རྒྱས་ཀྱི་བྱིན་གྱི་བརླབ་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཞེ་ན། རིགས་ཀྱི་བུ་ཉི་ཤུ་རྩ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ཡིན་ཏེ། ཉི་ཤུ་རྩ་བཞི་གང་ཞེ་ན། འདི་ལྟ་སྟེ། སྤོབས་པ་མྱུར་བ་དང་སྤོབས་པ་མགྱོགས་པ་དང་སྤོབས་པ་ཐོགས་པ་མེད་པ་དང ། སྤོབས་པ་རྒྱུན་མི་འཆད་པ་དང ། ཤིན་དུ་ངེས་པའི་ཚིག་ལ་སྤོབས་པ་དང ། ཟབ་མོ་ལ་སྤོབས་པ་དང ། སྣ་ཚོགས་ལ་སྤོབས་པ་དང ། ལེགས་པར་བརྒྱན་པའི་སྤོབས་པ་དང་ཞུམ་པ་མེད་པའི་སྤོབས་པ་དང ། འཇིག་པ་མེད་པའི་སྤོབས་པ་དང ། ཚིགས་སུ་བཅད་པ་སྣ་ཚོགས་བསྟན་པའི་ངེས་པའི་ཚིག་ལ་སྤོབས་པ་དང ། མདོ་དང་རྟོགས་པ་བརྗོད་པ་དང ། སྔོན་བྱུང་བ་ལ་སྤོབས་པ་དང ། མི་ཐུལ་བའི་སྤོབས་པ་དང ། ཚིག་རབ་ཏུ་དབྱེ་བ་བསྟན་པ་མི་ཟད་པ་ལ་སྤོབས་པ་དང་སྤོབས་པ་ཤིན་དུ་གསལ་ཞིང་ཤིན་དུ་མཛེས་པ་དང ། ཚིག་བཙུན་ཞིང་གཟུང་བའི་སྤོབས་པ་དང ། ཆོས་སྟོན་པའི་འབྲས་བུ་ཡོད་པའི་སྤོབས་པ་དང ། ལྷའི་འཁོར་གྱི་རྒྱན་གྱི་སྤོབས་པ་དང ། ཐེ་ཙོམ་ཐམས་ཅད་གཅོད་པའི་སྤོབས་པ་དང ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ལ་སྤོབས་པ་དང ། འཁྲུལ་པ་མེད་པའི་སྤོབས་པ་དང ། འཁོར་ལ་བྱམས་པ་དང་སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་ཀྱིས་སྤོབས་པ་དང ། སྐྱེ་བ་དྲན་པའི་མངོན་པར་ཤེས་པའི་སྤོབས་པ་དང་སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱི་བྱིན་གྱི་བརླབས་པའི་སྤོབས་པ་ཡིན་ཏེ་རིགས་ཀྱི་བུ་ཉི་ཤུ་རྩ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ཡིན་ནོ། །དེ་དག་ཀྱང་ཡོངས་སུ་སྦྱང་བ་བྱ་བ་ཉི་ཤུ་རྩ་བཞིས་འགྲུབ་སྟེ། ཉི་ཤུ་རྩ་བཞི་གང་ཞེ་ན། འདི་ལྟ་སྟེ། བླ་མའི་ངག་མི་གཅོག་པས་མྱུར་བའི་སྤོབས་པར་འགྱུར་རོ། །ཚུར་ཤོག་ཅེས་བྱ་བ་དང་སོང་ཞེས་བྱ་བ་ལ་གཡོ་མེད་པས་སྤོབས་པ་མགྱོགས་པར་འགྱུར་རོ། །ཉོན་མོངས་པ་ཐམས་ཅད་ལ་ཆགས་པ་མེད་པས་སྤོབས་པ་ཐོགས་པ་མེད་པར་འགྱུར་རོ། །དེ་ལ་མ་ཆགས་པར་གནས་པས་སྤོབས་པ་རྒྱུན་མི་འཆད་པར་འགྱུར་རོ། །ཕྲ་མའི་ཚིག་མེད་པས་ཤིན་དུ་ངེས་པའི་ཚིག་ལ་སྤོབས་པར་འགྱུར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་པས་ཟབ་མོ་ལ་སྤོབས་པར་འགྱུར་རོ། །སྦྱིན་པ
52.220b
སྣ་ཚོགས་བསགས་པས་སྣ་ཚོགས་ལ་སྤོབས་པར་འགྱུར་རོ། །ཆུང་མ་ལེགས་པར་བརྒྱན་ཏེ་རབ་ཏུ་བྱིན་པས་ལེགས་པར་བརྒྱན་པའི་སྤོབས་པར་འགྱུར་རོ། །བྱང་ཆུབ་ཀྱི་སེམས་ལས་མི་ཉམས་པས་ཞུམ་པ་མེད་པའི་སྤོབས་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕུང་པོ་ལེགས་པར་ཀུན་དུ་བསྲུངས་པས་འཇིགས་པ་མེད་པའི་སྤོབས་པར་འགྱུར་རོ། །གདུགས་དང་རྒྱལ་མཚན་དང ། བ་དན་དང ། དྲིལ་བུ་སྣ་ཚོགས་བྱིན་པས་ཚིགས་སུ་བཅད་པ་སྣ་ཚོགས་བསྟན་པ་ངེས་པའི་ཚིག་ལ་སྤོབས་པར་འགྱུར་རོ། །སྦྱིན་པ་དང་ལྡན་པ་དང ། རིམ་གྲོ་བྱེད་པ་དང ། བསྙེན་བཀུར་བྱེད་པ་སྔོན་དུ་འགྲོ་བས་མདོ་དང་རྟོགས་པ་བརྗོད་པ་དང་སྔོན་བྱུང་བ་ལ་སྤོབས་པར་འགྱུར་རོ། །སྡུག་བསྔལ་བ་དང་དབུལ་བ་དང་མགོན་མེད་པ་ལ་མི་བརྙས་པས་མི་ཐུལ་བའི་སྤོབས་པར་འགྱུར་རོ། །གཏེར་མི་ཟད་པ་སྦྱིན་པ་དང ། ཕ་རོལ་ཆོས་ལ་སྦྱོར་བས་ཚིག་རབ་ཏུ་དབྱེ་བ་བསྟན་པ་མི་ཟད་པ་ལ་སྤོབས་པར་འགྱུར་རོ། །ཚིག་བདེན་པ་དང ། ཐ་བ་མེད་པ་དང ། ངག་རྩུབ་པོ་མེད་པའི་ངག་གི་ལས་དང་ལྡན་པས་སྤོབས་པ་ཤིན་དུ་གསལ་ཞིང་མཛེས་པར་འགྱུར་རོ། །བླ་མའི་ཚིག་ཁྱད་དུ་མི་གསོད་པ་དང་གཞན་གྱི་ཚིག་མི་གཅོད་པས་ཚིག་བཙུན་ཞིང་གཟུང་བའི་སྤོབས་པར་འགྱུར་རོ། །རང་གི་ཡོན་ཏན་གྱི་ཆོས་སྒྲུབ་པས་ཆོས་བསྟན་པ་འབྲས་བུ་ཡོད་པའི་སྤོབས་པར་འགྱུར་རོ། །བདག་ལ་མི་སྟོད་པ་དང ། གཞན་ལ་མི་སྨོད་པ་དང ། ་ཕངས་པའི་དངོས་པོ་ཡོངས་སུ་གཏོང་བས་ལྷའི་འཁོར་གྱི་རྒྱན་གྱི་སྤོབས་པར་འགྱུར་རོ། །ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་མེད་པ་དང ། ་ཆོས་ཇི་ལྟར་ཐོས་པ་བཞིན་དུ་སྟོན་པས་ཐེ་ཚོམ་ཐམས་ཅད་གཅོད་པའི་སྤོབས་པར་འགྱུར་རོ། །བསྟན་བཅོས་ཐམས་ཅད་ཤེས་པ་དང ། གཞན་ལ་མི་གནོད་པ་དང ། ནད་པ་རྣམས་ཀྱི་ནད་གཡོག་བྱེད་པ་དང ། སྨན་རབ་ཏུ་སྦྱིན་པས་འཇིག་རྟེན་པ་དང ། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་སྤོབས་པར་འགྱུརོ། །ཕ་རོལ་ལ་འཁྲུལ་པའི་སྐབས་མི་ཚོལ་བ་དང ། གཞན་དག་གི་ལྟུང་བ་མི་གླེང་བ་དང ། འཁྲུལ་པ་ལ་མི་རྟོག་པས་འཁྲུལ་པ་མེད་པའི་སྤོབས་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང་སེམས་ཅན་ཐམས་ཅད་ལ་མཚུངས་པར་སྦྱོར་པ་དང །
52.221a
མྱ་ངན་ལས་འདས་པའི་ལམ་ལ་འགོད་པ་དང ། རྙེད་པ་དང་བཀུར་བསྟི་དང ། ཚིགས་སུ་བཅད་པ་ཐམས་ཅད་དོན་དུ་མི་གཉེར་བས་འཁོར་ལ་བྱམས་པ་དང ། ་སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་ཀྱི་སྤོབས་པར་འགྱུར་རོ། །བཀའ་བློ་བདེ་བ་དང ། དེས་པ་དང ། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་དང ། སེམས་དགའ་བ་དང ། གཞན་གྱི་རྒྱུད་འཁྲུག་པར་མི་བྱེད་པས་སྐྱེ་བ་དྲན་པའི་མངོན་པར་ཤེས་པའི་སྤོབས་པར་འགྱུར་རོ། །ཐེག་པ་ཆེན་པོ་ལས་མི་ཉམས་པ་དང ། ཐེག་པ་དམན་པ་མི་འདོད་པ་དང ། སེམས་ཅན་ལ་སྙིང་རྗེ་ཆེ་བ་དང ། ཐམས་ཅད་ནན་ཏན་ལ་འགོད་པས་སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་བྱིན་གྱིས་བརླབས་པའི་སྤོབས་པར་འགྱུར་རོ། །སེམས་ཅན་གཞན་ལ་གོ་བར་བྱེད་པས་དེའི་ཕྱིར་སྤོབས་པ་ཞེས་བྱའོ། །སེམས་ཅན་གཞན་ལ་ནན་ཏན་དུ་བྱ་བ་སྟོན་པས་དེའི་ཕྱིར་སྤོབས་པ་ཞེས་བྱའོ། །གཞན་གྱི་སེམས་ཀྱི་རྒྱུད་ཚིམ་པར་བྱེད་པས་དེའི་ཕྱིར་སྤོབས་པ་ཞེས་བྱའོ། །སེམས་ཅན་གཞན་གྱི་སེམས་དང ། འཐུན་པར་སྟོན་པས་དེའི་ཕྱིར་སྤོབས་པ་ཞེས་བྱའོ། །རིགས་ཀྱི་བུ་ཆོས་དང་ཡོན་ཏན་དང་ཡེ་ཤེས་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་སྤོབས་པ་ཐོགས་པ་མེད་ཅིང་རྒྱུན་མི་འཆད་ལ། རྟག་ཏུ་སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྐྱེ་བ་དང་འཆི་འཕོ་དང་འབྱུང་བ་རྣམས་ལ་དབང་ཐོབ་པ་ཡིན་ཞེ་ན། རིགས་ཀྱི་བུ་ཆོས་བཅུ་གཉིས་དང་ལྡན་ན་བྱང་ཆུབ་སེམས་དཔའ་སྐྱེ་བ་དང་འཆི་འཕོ་བ་དང་འབྱུང་བ་རྣམས་ལ་དབང་ཐོབ་པ་ཡིན་ཏེ། བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ་སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་ཤིང་རྟག་ཏུ་དགེ་བའི་བཤེས་གཉེན་སྟེན་པ་དང ། ལྟ་བ་ཤིན་དུ་ཡོངས་སུ་དག་པ་དང ། སངས་རྒྱས་ཀྱིས་གནང་བའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ་དང ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་ལྡན་པ
52.221b
ཤེས་པ་དང ། ་ཤེས་རབ་དང་ཐབས་ཟུང་དུ་འབྲེལ་བ་དང ། མངོན་པར་ཤེས་པ་མ་ཉམས་པ་ཐོབ་པ་དང ། མ་སྐྱེས་པ་དང་མ་བྱུང་བར་སོ་སོར་རྟོག་པ་དང ། བསམས་བཞིན་དུ་སྐྱེ་བ་དང ། སྨོན་ལམ་ཡོངས་སུ་རྫོགས་པ་དང ། སེམས་ཅན་ལྟ་བའི་བྱམས་པ་ལ་སྦྱོར་བ་དང ། སྙིང་རྗེ་ཆེན་པོ་ལ་ངེས་པར་སེམས་པ་དང ། ཆོས་ལ་སྒྱུ་མ་ལྟ་བུར་རྟོག་པ་དང ། འཆི་འཕོ་མེད་པར་འཕོ་ཞིང་སྐྱེ་བ་དང ། ཆོས་ཀྱི་མཚན་ཉིད་རྨི་ལམ་གྱི་ངོ་བོ་ཉིད་ཀྱིས་ཆོས་ལ་འཇུག་པ་དང ། ཕྱིན་ཅི་ལོག་གི་ཆོས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པ་དང ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱིན་གྱིས་བརླབས་པ་ནས་སྐྱེ་སྟེ། འཕོ་ཞིང་འབྱུང་ལ་སྐྱེ་བ་དང ། འཕོ་བ་དང ། འབྱུང་བར་ཡང་མི་སེམས་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་དང་གང་དུ་སྐྱེས་ནས་སེམས་ཅན་གྱིས་དོན་བྱེད་པའི་སྐྱེས་པའི་རབས་བསྟན་པ་ཚད་མེད་གྲངས་མེད་པའི་སྐྱེས་པའི་རབས་དེ་དག་ཐམས་ཅད་ནི་རྩ་བ་གཉིས་ལ་གནས་པ་སྟེ། འདི་ལྟ་སྟེ། མངོན་པར་ཤེས་པའི་ཡེ་ཤེས་ལ་གནས་པ་དང ། སྙིང་རྗེ་ཆེན་པོའི་རྩ་བ་ལ་གནས་པའོ། །རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སྐྱེ་བ་དང ། འཆི་འཕོ་དང་འབྱུང་བ་རྣམས་ལ་དབང་ཐོབ་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བདུད་བཞིའི་ལམ་ལས་ཡང་དག་པར་འདས་ཤིང་བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ཡང་དག་པར་བཅོམ་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་ཤིང་རྟོགས་པས་ཕུང་པོའི་བདུད་ལས་ཡང་དག་པར་འདའོ། །ཇི་ལྟར་ཐོས་པའི་ཆོས་ལ་ཚུལ་བཞིན་སོ་སོར་རྟོགས་པས་ཉོན་མོངས་པའི་བདུད་ལས་ཡང་དག་པར་འདའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་པས་འཆི་བདག་གི་བདུད་ལས་ཡང་དག་པར་འདའོ། །བྱང་ཆུབ་ཀྱི་སེམས་མི་ཉམས་པས་ལྷའི་བུའི་བདུད་ལས་ཡང་དག་པར་འདའོ། །ཡང་དེས་བདུད་ཀྱི་ལས་རྣམས་བཅོམ་པ་ཡིན་ཏེ། དེས་བདུད་ཀྱི་ལས་རྣམས་བཅོམ་པ་གང་ཞེ་ན། གང་དག་གིས
52.222a
བྱང་ཆུབ་སེམས་དཔའ་ལ་བདུད་ཀྱིས་གླགས་མི་རྙེད་པ་སྟེ། ་ཐེག་པ་དམན་པ་འདོད་པ་བདུད་ཀྱི་ལས་དང ། བྱང་ཆུབ་ཀྱི་སེམས་མི་སྲུང་བ་བདུད་ཀྱི་ལས་དང ། སེམས་ཅན་ཐ་དད་པར་སྦྱིན་པ་བདུད་ཀྱི་ལས་དང ། སྐྱེ་བ་ལ་གནས་པའི་ཚུལ་ཁྲིམས་བདུད་ཀྱི་ལས་དང ། དེ་བཞིན་དུ་སྦྱར་ཏེ། གཟུགས་སུ་བསྔོས་པའི་བཟོད་པ་དང ། འཇིག་རྟེན་གྱི་བྱ་བ་ལ་བརྩོན་པའི་བརྩོན་འགྲུས་དང ། དེ་ལ་ཆགས་ཤིང་རོ་མྱང་བའི་བསམ་གཏན་དང ། ་ཤེས་རབ་ཀྱི་ཆོས་ངན་པ་ལ་སྨོད་པ་བདུད་ཀྱི་ལས་དང ། འཁོར་བས་ཡོངས་སུ་སྐྱོ་བ་བདུད་ཀྱི་ལས་དང ། དགེ་བའི་རྩ་བ་ཡོངས་སུ་མི་བསྔོ་བ་བདུད་ཀྱི་ལས་དང ། ཉོན་མོངས་པ་ལ་མི་སྨོད་པ་བདུད་ཀྱི་ལས་དང ། ལྟུང་བ་འཆབ་པ་བདུད་ཀྱི་ལས་དང ། བྱང་ཆུབ་སེམས་དཔའ་ལ་སྡང་བ་བདུད་ཀྱི་ལས་དང ། དམ་པའི་ཆོས་སྤོང་བ་བདུད་ཀྱི་ལས་དང ། བྱམས་པ་རྒྱུན་བཅོད་པ་བདུད་ཀྱི་ལས་དང ། ཕ་རོལ་དུ་ཕྱིན་པ་རྣམས་ཡོངས་སུ་མི་ཚོལ་བ་བདུད་ཀྱི་ལས་དང ། དམ་པའི་ཆོས་མཉན་པར་མི་འདོད་པ་བདུད་ཀྱི་ལས་དང ། ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་བྱེད་པ། བདུད་ཀྱི་ལས་དང ། ་ཟང་ཟིང་དང་འབྲེལ་པར་ཆོས་སྟོན་པ་བདུད་ཀྱི་ལས་དང ། ཐབས་དང་བྲལ་བས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་བདུད་ཀྱི་ལས་དང ། བསྡུ་བའི་དངོས་པོ་འདོར་བ་བདུད་ཀྱི་ལས་དང ། ཚུལ་ཁྲིམས་འཆལ་པ་རྣམས་ལ་ཁོང་ཁྲོ་བ་བདུད་ཀྱི་ལས་དང ། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་མི་གུས་པ་བདུད་ཀྱི་ལས་དང ། ཉན་ཐོས་ཀྱི་བསླབ་པའི་རྗེས་སུ་མཐུན་པ་བདུད་ཀྱི་ལས་དང ། རང་སངས་རྒྱས་ཀྱི་ཐེག་པ་ཅན་གྱི་རྗེས་སུ་འཇུག་པ་བདུད་ཀྱི་ལས་དང ། དུས་མ་ཡིན་པར་བསྒྲུབ་འདོད་པ་བདུད་ཀྱི་ལས་དང ། སྙིང་རྗེ་ཆེན་པོ་བོར་ནས་རིགས་ལ་རྟོག་པ་བདུད་ཀྱི་ལས་དང ། འདུས་མ་བྱས་འདོད་པ་བདུད་ཀྱི་ལས་དང ། འདུས་བྱས་ལ་སྨོད་པ་བདུད་ཀྱི་ལས་དང ། ་སེམས་སེམས་ཅན་གྱི་ཅི་བྱའོ་ཅོག་ལ་གཡེལ་བ་བདུད་ཀྱི་ལས་དང ། ང་རྒྱལ་ལ་གནས་ཤིང་མི་འདུད་པ་དང ། ལྕེ་གཉིས་སྨྲ་བ་དང ། གཡོ་སྒྱུ་དང་ལྡན་པ་དང ། བཅོས་མ་ལ་དགའ་བ་དང །
52.222b
མི་དྲང་བ་དང ། རྩུབ་ཅིང་བརླང་བ་དང ། སྡིག་པ་ལ་མི་སྨོད་པ་དང ། ཆོས་ཀྱི་དྲུངས་འབྱིན་པ་དང ། ཐོག་པ་ཅུང་ཟད་ཀྱིས་ཆོག་པར་འཛིན་པ་དང ། ཆོས་མ་ཡིན་པ་དོན་དུ་གཉེར་བ་དང ། ཆོས་མ་ཡིན་པ་འདོད་པ་དང ། སྒྲིབ་པ་དང ། ཆོད་པ་དང ། ཀུན་ནས་ལྡང་བ་རྣམ་པར་མི་གནོན་པ་བདུད་ཀྱི་ལས་དང ། སེམས་ཀྱི་དྲི་མ་མི་རྟོག་པ་བདུད་ཀྱི་ལས་དང ། དགེ་སྦྱོང་གི་དྲི་མ་ལ་མི་བརྗེད་པ་བདུད་ཀྱི་ལས་ཏེ། རིགས་ཀྱི་བུ་ཇི་ཙམ་དུ་མི་དགེ་བའི་ཆོས་ལ་འཇུག་པ་དང ། དགེ་བའི་ཆོས་འདོར་བ་དེ་ཐམས་ཅད་ནི་བདུད་ཀྱི་ལས་སོ། །ཆོས་བཞིས་ན་བདུད་ཀྱི་ལས་འདི་དག་ལས་ཤིན་དུ་འདའ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་མ་བརྗེད་པའི་ཕ་རོལ་དུ་ཕྱིན་པ་དྲུག་པོ་དག་དང ། ་དད་པ་དང་བརྩོན་འགྲུས་ལ་གནས་པའི་བག་ཡོད་པ་དང་ཐབས་ལ་མཁས་པ་ལ་གནས་ཏེ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང ། ཆོས་ཀྱི་ཚུལ་ཟབ་མོ་ལ་གནས་ཏེ་དམ་པའི་ཆོས་ཡོངས་སུ་འཛིན་པས་སོ། །རིགས་ཀྱི་བུ་དེ་ལྟར་ཆོས་ལ་སྦྱོར་བའི་བྱང་ཆུབ་སེམས་དཔའ་ནི་བདུད་བཞིའི་ལམ་ལས་ཡང་དག་པར་འདས་ཤིང་བདུད་དང་ཕྱིར་རྒོལ་བ་ཐམས་ཅད་བཅོམ་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བསོད་ནམས་ཚད་མེད་པ་བསགས་ཤིང་སེམས་ཅན་ཐམས་ཅད་འཚོ་བར་གྱུར་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ལ་བྱམས་པས་གནས་པ་ཡིན། འབྱུང་པོ་རྣམས་ལ་སྙིང་རྗེ་བར་གནས་པ་ཡིན། བསམ་གཏན་རྣམས་ལ་དེ་ལ་མ་ཆགས་པར་གནས་པ་ཡིན། སློང་བ་རྣམས་ལ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན། བསོད་ནམས་དག་གིས་ལོངས་སྤྱོད་མི་ཟད་པ་ཡིན། བསམ་པ་དག་པས་ལག་ན་རིན་པོ་ཆེ་ཡིན། མཐོན་དམན་གྱི་ཡིད་མེད་པས་སེམས་ས་དང་མཚུངས་པ་ཡིན། ཚུལ་ཁྲིམས་ཡོངས་སུ་དག་པས་བསམ་པ་འབྱོར་བ་ཡིན། མཆོད་སྦྱིན་ཐམས་ཅད་སྒྲུབ་པས་སེམས་གྲོལ་ཞིང་སྒོ་བསྒྲིབས་པ་མེད་པ་ཡིན།
52.223a
རྣམ་པར་འབྱེད་པས་གཟུངས་དང་སྤོབས་པ་ཕུན་སུམ་ཚོགས་པ་ཡིན། སངས་རྒྱས་ཀྱི་ཞིང་ཚད་མེད་པར་འགྲོ་བས་མངོན་པར་ཤེས་པའི་ཡེ་ཤེས་ལ་གནས་པ་ཡིན་ནོ། །ཇི་ལྟར་ཕྱི་རོལ་གྱི་འབྱུང་བ་ཆེན་པོ་བཞི་པོ་འདི་དག་སེམས་ཅན་ཐམས་ཅད་ཀྱི་འཚོ་བར་གྱུར་པ་དེ་བཞིན་དུ་བདག་གི་ནང་གི་འབྱུང་བ་ཆེན་པོ་བཞི་པོ་འདི་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི་འཚོ་བར་གྱུར་ཅིག་།བདག་གི་དགེ་བའི་རྩ་བ་དང ། ཆོས་ཤེས་པ་ལ་མཁས་པ་གང་ཡིན་པ་དེ་སེམས་ཅན་ཐམས་ཅད་ཀྱི་འཚོ་བ་མ་ཡིན་པར་མ་གྱུར་ཅིག་ཅེས་དེ་ལྟར་དགེ་བའི་རྩ་བ་རྣམས་ཀྱང་ཡོངསུ་སྔོ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་བསོད་ནམས་ཚད་མེད་པ་བསགས་ཤིང་སེམས་ཅན་ཐམས་ཅད་ཀྱི་འཚོ་བར་གྱུར་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་རྣམས་མ་བྱུང་ཡང་སངས་རྒྱས་ཀྱི་མཛད་པས་སེམས་ཅན་རྣམས་ལ་ཉེ་བར་གནས་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ནི་གནས་དང་གནས་མ་ཡིན་པའི་བྱ་བ་ཤེས་པས་སྟོབས་བཅུ་ཡོངས་སུ་སྦྱང་བར་བྱ་བ་ཚར་ཕྱིན་པ་ཡིན། །ཟག་པ་ཟད་པའི་བྱ་བ་ཤེས་པས་མི་འཇིགས་པ་བཞི་ཡོངས་སུ་སྦྱང་བར་བྱ་བ་ཚར་ཕྱིན་པ་ཡིན། དུས་གསུམ་ལ་ཆགས་པ་མེད་པའི་ཡེ་ཤེས་ཀྱི་བྱ་བ་ཤེས་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝ་བརྒྱད་ཡོངས་སུ་སྦྱང་བར་བྱ་བ་ཚར་ཕྱིན་པ་ཡིན། སངས་རྒྱས་ཀྱི་སྤྱན་གྱི་སྣང་བ་ཐོབ་པས་སྤྱན་ལྔ་ཡོངས་སུ་སྦྱང་བར་བྱ་བ་ཚར་ཕྱིན་པ་ཡིན། བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་ཐོབ་པས་མངོན་པར་ཤེས་པ་ཐམས་ཅད་ཡོངས་སུ་སྦྱང་བར་བྱ་བ་ཚར་ཕྱིན་པ་ཡིན། ཉོན་མོངས་པའི་བག་ཆགས་ཡང་དག་པར་བཅད་པས་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་བསྐང་བ་ཚར་ཕྱིན་པ་ཡིན། བསོད་ནམས་ཀྱི་ཚོགས་ཐམས་ཅད་བསགས་པས་ལུས་དང ། ་ངག་དང ། སེམས་དང ། མཚན་དང ། དཔེ་བྱེད་བཟང་པོའི་རྒྱན་ཡོངས་སུ་སྦྱང་བར་བྱ་བ་ཚར་ཕྱིན་པ་ཡིན། དབང་བསྐུར་བ་ཐོབ་པས་ས་བཅུ་ཡོངས་སུ་སྦྱང་བར་བྱ་བ་ཚར་ཕྱིན་པ་ཡིན། ཡེ་ཤེས་ཀྱི་ཚོགས་བསགས་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་སྦྱང་བར་བྱ་བ་ཚར་ཕྱིན་པ་ཡིན་ཏེ།
52.223b
རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་རྣམས་མ་བྱུང་ཡང་སངས་རྒྱས་ཀྱི་འཛད་པས་སེམས་ཅན་རྣམས་ལ་ཉེ་བར་གནས་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་ཐོབ་ཅིང་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ལ་མི་ཆགས་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་འཛམ་བུའི་གླིང་ན་སེམས་ཅན་རྣམས་ཀྱི་གཟུགས་སྣང་བ་ཇི་སྙེད་པར་དེ་དག་ཐམས་ཅད་དང་འདྲ་བའི་ཕྱག་རྒྱ་རྒྱ་མཚོ་ཆེན་པོ་ལ་ཡོད་དོ། དེའི་ཕྱིར་རྒྱ་མཚོ་ཆེན་པོ་ཞེས་བྱའོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སེམས་སུ་སྣང་བའམ། གཟུགས་སུ་སྣང་བ་འམ། སྒྲར་སྣང་བ་ཇི་སྙེད་པ་དེ་དག་ཐམས་ཅད་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྣང་བ་གཅིག་ལ་སྣང་བར་འགྱུར་ཏེ། དེའི་ཕྱིར་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་ཅེས་བྱའོ། །འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོ་ནི་རོ་གཅིག་པ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཆོས་ལ་རྣམ་པར་གྲོལ་བའི་རོར་ཤེས་པས་རོ་གཅིག་པ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོ་ནི་དུས་ལས་མི་ཡོལ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དུས་དང་དུས་མ་ཡིན་པ་ལ་སོ་སོར་རྟོག་པས་བྱང་ཆུབ་ཀྱི་སྙིང་པོའི་དུས་ལས་མི་ཡོལ་ལོ། །འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོ་ནི་ཤི་བའི་རོ་དང་ལྷན་ཅིག་མི་གནས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་བག་ཆགས་ཀྱི་ཉོན་མོངས་པ་ཐམས་ཅད་དང ། ཉན་ཐོས་དང ། རང་སངས་རྒྱས་ཀྱི་སེམས་ཐམས་ཅད་དང་ལྷན་ཅིག་མི་གནས་སོ། །འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོ་ནི་ཆུ་ཐམས་ཅད་ཟད་པས་བྲི་བའམ་གང་བ་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཆོས་ཐམས་ཅད་ཟད་པས་ཆོས་ཀྱི་དབྱིངས་བྲི་བ་འམ་གང་བར་མི་བྱེད་དོ། །འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནི་ཁ་ཚོན་ཚད་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཤེས་རབ་ཀྱིས་ཚད་མེད་དོ། །འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་ནི་ཟབ་ཅིང་གཏིང་དཔག་དཀའ་བ
52.224a
ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཟབ་ཅིང་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱིས་གཏིང་དཔག་དཀའ་བ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནི་སེམས་ཅན་ཚད་མེད་པའི་གནས་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཚད་མེད་པའི་གནས་ཡིན་ནོ། །འདི་ནི་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་ལ་འཇུག་པ་ཡིན་ཏེ། རིགས་ཀྱི་བུ་དེ་ལྟར་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ལ་མི་ཆགས་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆགས་པ་ཐམས་ཅད་ལས་ཡང་དག་པར་འདས་པ་ཡིན་ཞེ་ན། ཆགས་པ་ཞེས་བྱ་བ་ནི་གང་ཆོས་རྣམས་ལ་ལྟ་བ་ཀུན་ནས་ལྡང་བའོ། །བྱང་ཆུབ་སེམས་དཔའ་ནི་ལྟ་བ་ཀུན་ནས་ལྡང་བ་ཐམས་ཅད་དང་བྲལ་བས་ཆགས་པ་ཐམས་ཅད་ལས་ཡང་དག་པར་འདས་པ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན། རླུང་མར་ནི་ནམ་མཁའི་དཀྱིལ་ན་མི་ཆགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རླུང་མར་ལྟ་བུའི་སེམས་དང་ལྡན་པ་ཡང་སེམས་ཅན་ཐམས་ཅད་ལ་མི་ཆགས་སོ། །ཡང་སྐྱེས་བུ་དམ་པ་དེ་དག་ནི་སྤྱོད་པ་དང ། ཆོ་གའི་ཚུལ་ཤེས་པ་ཏེ་ཡིན་ཏེ། དེ་ལ་ཆོ་ག་ནི་དྲན་པའོ། །སྤྱོད་པ་ནི་རྣམ་པར་མི་གཡེང་བའོ། །དེ་དག་ནི་མུན་པ་དང་བྲལ་ཞིང་སྣང་བ་ཐོབ་པ་ཡང་ཡིན་ཏེ་དེ་ལ་མུན་པ་ཞེས་བྱ་བ་ནི་གང་ཆོས་རྣམས་ལ་མི་ཤེས་པའོ། །སྣང་བ་ཞེས་བྱ་བ་ནི་གང་ཆོས་རྣམས་ལ་ཡེ་ཤེས་ཐོགས་པ་མེད་པ་སྟེ། དེའི་ཕྱིར་དེ་དག་མུན་པ་དང་བྲལ་ཞིང་སྣང་བ་ཐོབ་པ་ཞེས་བྱའོ། །སྐྱེས་བུ་དམ་པ་དེ་དག་ནི་ཡེ་ཤེས་གཞན་གྱི་དྲིང་ལ་མི་འཇོག་ཅིང་རང་གིས་ཡེ་ཤེས་ཐོབ་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་རང་བྱུང་གི་ཡེ་ཤེས་ལ་མངོན་པར་གནས་ཤིང་སེམས་ཅན་གཞན་ཡེ་ཤེས་འདོད་པར་བྱེད་པ་ཡིན་ནོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆོས་གཏན་ལ་འབེབས་པའི་ཡེ་ཤེས་བསྟན་པ་འདི་ལ་གཞན་གྱི་དྲིང་ལ་མི་འཇོག་ཅིང་རང་གིས་ཡེ་ཤེས་ཐོབ་པར་གྱུར་པ་དེའི་ཚེ་མྱུར་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ
52.224b
ཚིགས་སུ་བཅད་པ་འདི་དག་གསུངས་སོ། །གང་ཞིག་ལྟ་བ་ཀུན་ལས་སེམས་དབེན་ཞིང ། །མཁས་པ་བསོད་ནམས་ཚོགས་ནི་རབ་བྱེད་ལ། །མཚན་མ་ལྡན་པ་ཡོངས་སུ་སྤངས་ནས་སུ། །བྱང་ཆུབ་ཕྱིར་བསྔོས་དེ་ནི་ཟད་མི་འགྱུར། །ང་རྒྱལ་ལས་ཀྱང་ང་རྒྱལ་ཀུན་སྤངས་ནས། །དེ་ནི་ཡེ་ཤེས་ཚོགས་རྣམས་ཚོལ་བར་བྱེད། །མཐའ་ཡས་བློ་ལྡན་ནམ་མཁའི་ངོ་བོ་ཉིད། །ཀུན་མཁྱེན་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད། །རྒྱལ་བའི་སྲས་དེ་སངས་རྒྱས་རྗེས་དྲན་པ། །གཟུགས་དང་མཚན་གྱི་ཆོས་སུ་མ་ཡིན་ཏེ། །གང་ན་སེམས་དང་ཡིད་ནི་མི་རྒྱུ་བ། །དེ་ནི་མཐུན་པར་སངས་རྒྱས་རྗེས་སུ་དྲན། །ཆོས་ནི་འདོད་ཆགས་བྲལ་ཞིང་རང་བཞིན་དབེན། །ཞི་ཞིང་རབ་ཞི་རྟག་ཏུ་མཚན་མ་མེད། །གང་ཞིག་དམིགས་པ་ཐམས་ཅད་བྲལ་གྱུར་པ། །དེ་འདིར་ཆོས་ནི་རྗེས་སུ་དྲན་པ་ཡིན། །འཕགས་པའི་དགེ་འདུན་ཤིན་དུ་འདུས་མ་བྱས། །སྟོང་པ་མཚན་མེད་སྨོན་ལམ་རྣམ་པར་གྲོལ། །དེ་ལ་སེམས་མེད་དྲན་དང་འཇུག་པ་མེད། །དེ་ནི་དགེ་འདུན་རྗེས་སུ་དྲན་པ་ཡིན། །ཕུང་པོ་ཡོངས་སུ་བཏང་བ་ཐམས་ཅད་གཏོང ། །ཉོན་མོངས་དངོས་པོ་ཐམས་ཅད་ལེགས་པར་འདོར། །སྙེམས་པ་མེད་ཅིང་རྟོག་དང་རྣམ་རྟོག་དག་།འདི་ནི་གཏོང་བ་ལེགས་པར་རྗེས་སུ་དྲན། །ཚུལ་ཁྲིམས་ཟག་པ་མེད་ཅིང་འདུས་མ་བྱས། །ལུས་དང་ངག་དང་ཡིད་ཀྱིས་འཇུག་པ་མེད། །འབྱུང་བ་མེད་ཅིང་སྲིད་གསུམ་མི་གནས་པ། །དེ་ནི་ཚུལ་ཁྲིམས་རྗེས་སུ་དྲན་པ་ཡིན། །ལྷ་གང་དག་ཅིང་དྲི་མེད་ཉོན་མོངས་མེད། །དགའ་ལྡན་གནས་པ་དབང་སྐུར་ཐོབ་གྱུར་པ། །སེམས་ཅན་དག་པ་དེ་དག་འདི་དྲན་ཞིང ། །བདག་ཀྱང་མྱུར་དུ་དེ་འདྲར་འགྱུར་སྙམ་སེམས། །དེ་བཞིན་གཤེགས་ཀྱི་དམ་ཆོས་འཛིན་པ་ནི། །ཉོན་མོངས་དངོས་པོ་ཐམས་ཅད་འཛིན་མི་བྱེད། །ཆོས་དང་ཆོས་མིན་གཉིས་ལས་རྣམ་པར་གྲོལ། །དེ་འདྲ་དེ་ནི་རྒྱལ་བའི་ཆོས་འཛིན་ཡིན། །རྒྱལ་བས་བྱང་ཆུབ་མཚན་ཉིད་གང་བརྙེས་པ། །ཆོས་ཀྱི་མཚན་ཉིད་དེ་ནི་ཡོངས་འཛིན་ཅིང ། །གང་གིས་རྡུལ་མེད་མཐའ་འདིར་རབ་ཤེས་པ། །དེ་ནི
52.225a
སངས་རྒྱས་ཀུན་གྱི་ཆོས་འཛིན་ཡིན། །བདག་ནི་རབ་ཏུ་དག་པས་སེམས་ཅན་དག་།ཆོས་ཀུན་དག་པར་མཁས་པ་སུས་རྟོགས་པ། །དེ་ནི་སེམས་དག་རང་བཞིན་འོད་གསལ་ཏེ། །སེམས་ཅན་གཏང་ཕྱིར་རྟག་ཏུ་ཡོངས་སྨིན་བྱེད། །སེམས་ཅན་ཁམས་རྣམས་མ་རུང་མི་བྱེད་ཅིང ། །དེ་ནི་བྲི་ཞིང་གང་བར་མཐོང་བ་མེད། །ལྟ་བ་ནོར་བ་རབ་ཏུ་སྤང་བར་སྟོན། །དེ་འདྲ་དེ་ནི་སེམས་ཅན་མང་པོ་སྤྱོད། །འཇིག་རྟེན་ཡུལ་ཀུན་རབ་ཏུ་གང་སྟོན་པ། །དེས་ནི་སངས་རྒྱས་ཡུལ་ཡང་རབ་ཏུ་སྟོན། །སངས་རྒྱས་ཡུལ་ནི་ནམ་མཁའ་མཚུངས་པ་སྟེ། །དེ་བཞིན་འཇིག་རྟེན་ཡུལ་ཡང་རབ་ཏུ་ཤེས། །སྒྲ་སྐད་དབྱངས་དང་ཡི་གེ་ཐམས་ཅད་ནི། །བྲག་ཆ་འདྲ་བར་དེ་ཡིས་རབ་མཐོང་ཞིང ། །དེ་ལ་ཉན་པའང་ཤིན་དུ་ཡོད་མིན་པར། །དེ་ལྟར་རབ་ཏུ་ཤེས་པ་གཟུངས་ཐོབ་བོ། །ཀུན་དུ་འཛིན་དང་འཛིན་ཅིང་ཀློག་པ་དང ། །ཆོས་རྣམས་བསྟན་པའི་རྣམ་པ་རབ་བཤད་ཀྱིས། །བདག་དང་སེམས་ཅན་ཆོས་སུ་རློམ་སེམས་མེད། །དེ་ནི་གཟུངས་ལ་རབ་ཏུ་གནས་པ་ཡིན། །རྒྱལ་བ་ཀུན་གྱིས་གསུངས་པ་འཛིན་བྱེད་ཅིང ། །ལེགས་པར་གསུངས་པས་སེམས་ཅན་ཚིམ་བྱེད་པ། །དྲན་དང་ཏིང་ངེ་འཛིན་དང་བྲལ་མི་འགྱུར། །གཟུངས་ལ་ངེས་པའི་ཡོན་ཏན་འདི་དག་གོ། །ཆོས་ནི་རྣམ་པ་ཀུན་དུ་བསགས་མེད་པས། །ཆོས་ལ་མི་འཕྲོ་འཕྲོས་པ་མེད་པ་འང་མིན། །དཔེར་ན་ཀླུ་ནི་ཆར་རྒྱུན་འབེབས་པ་ལྟར། །དེ་ལྟར་དེ་ཡང་ཆོས་ཀྱི་ཆར་པ་འབེབས། །ཡོན་ཏན་འབྱུང་གནས་རྣམས་ཀྱི་སྤོབས་པ་ནི། །ཐོགས་མེད་རྒྱུན་ཆགས་རྒྱུན་ཆད་མི་འགྱུར་བར། །མདོ་སྡེ་སྟོང་ཕྲག་བྱེ་བ་རབ་དུ་འཆད། །སེམས་ཅན་དབང་པོར་སེམས་ཅན་འདུ་ཤེས་མེད། །སངས་རྒྱས་མཐུ་ཡིས་བསྐལ་པ་བྱེ་སྟོང་དུ། །རྒྱུན་མི་འཆད་པར་ཆོས་ནི་རབ་སྟོན་ཅིང ། །བསམ་པ་ཇི་བཞིན་སེམས་ཅན་ཚིམ་པར་བྱེད། །སྤོབས་པའི་ཚུལ་གྱིས་སངས་རྒྱས་ཡོན་ཏན་གནས། །ཆོས་འདི་ཐམས་ཅད་ནམ་མཁའ་འདྲ་བ་ཞེས། །གང་གིས་ཆོས་རྣམས་ཀུན་གྱི་ཚུལ་ཤེས་ལ། །སེམས་ཅན་སྲོག་དང་གང་ཟག་མི་འཛིན་པ། །དེ་ནི་རྒྱལ་བ་རྣམས་ཀྱི་དམ་ཆོས་འཛིན། །སེམས་ཅན་ཐམས་ཅད་ཤིན་དུ་མྱ་ངན་འདས། །དེ་དག་དེ་ལྟར་ཀུན་དུ
52.225b
སྐྱེ་བ་མེད། །སུ་ཡི་བཟོད་པ་འདི་འདྲའི་འོད་གསལ་བ། །དེ་ནི་བསྟན་པ་འདི་ལ་བག་ཡོད་ཡིན། །ཕུང་པོ་ཡང་དག་སྒྱུ་མ་ལྟ་བུར་མཐོང ། །ཆོས་དབྱིངས་ཇི་འདྲ་དེ་བཞིན་ཁམས་རྣམས་ཤེས། །དབང་པོ་དྲུག་ནི་གྲོང་སྟོང་འདྲ་མཐོང་བ། །དེ་ནི་ཕུང་པོའི་བདུད་ལས་ཡང་དག་འདའ། །སྤྲིན་བརྩེགས་ཕུང་པོ་ལྟ་བུར་ཉོན་མོངས་རྣམས། །བག་ཡོད་ཚུལ་བཞིན་རབ་ཏུ་རྟོག་བྱེད་ཅིང ། །ཆོས་ལ་མི་རྟོག་རྣམ་པར་མི་རྟོག་པ། །དེ་ནི་ཉོན་མོངས་བདུད་ལས་ཡང་དག་འདའ། །གང་ཞིག་སྐྱེ་བ་རྟག་ཏུ་སྐྱེ་མེད་ཤེས། །འདི་ལ་གང་ཡང་འཕོ་མེད་འགྲོ་བ་མེད། །ཆོས་རྣམས་འོང་མེད་སོང་བ་མེད་ཤེས་པ། །དེ་ནི་འཆི་བདག་བདུད་ཀྱི་དབང་མི་འགྲོ། །གང་ཞིག་གཡོ་དང་རློམ་སེམས་མི་བྱེད་ཅིང ། །བྱང་ཆུབ་གནས་ཀྱང་བྱང་ཆུབ་འདུ་ཤེས་མེད། །བདག་དང་སེམས་ཅན་མེད་ཀྱང་སྙིང་རྗེ་འཇུག་།དེ་ནི་དཔུང་དང་བཅས་པའི་བདུད་འདུལ་ལོ། །རྣམ་ཤེས་ཡེ་ཤེས་གཉིས་ནི་མཉམ་པར་མཐོང ། །འདུས་བྱས་མི་གནས་འདུས་མ་བྱས་ལ་མིན། །འགྲོ་བའི་སེམས་ནི་སྒྱུ་མ་འདྲར་མཐོང་བ། །དེ་ནི་སེམས་དཔའི་རྫི་བ་མེད་པ་ཡིན། །ཕ་རོལ་ཚུ་རོལ་གང་ལ་འང་མི་ཆགས་ལ། །ཆོས་ལྡན་གྲུ་ནི་ཡང་དག་སུ་སྦྱོར་ཞིང ། །སེམས་ཅན་སྒྲོལ་ཡང་སེམས་ཅན་འདུ་ཤེས་མེད། །མཉམ་པ་ཞེས་བྱ་བྱང་ཆུབ་སེམས་དཔའ་དེ། །སྲིད་པ་གསུམ་པོ་འབྲོག་དགོན་འདྲ་བ་དང ། །སྟོང་པ་འགྱུར་བ་མེད་པར་རབ་ཤེས་ཤིང ། །ལམ་གྱི་རིམ་གྱིས་རྟག་ཏུ་སེམས་ཅན་སྒྲོལ། །དེ་ནི་དེད་དཔོན་བདུད་རྩི་ལམ་སྟོན་པ། འཛངས་པ་དེ་ནི་ཚུལ་དང་ཚུལ་མིན་མཁས། །ཆོས་རྣམས་གདོད་ནས་སྟོང་པར་རབ་ཏུ་ཤེས། །ཚུལ་དང་རིགས་པས་མྱ་ངན་འདས་ལ་འཛུད། །བྱང་ཆུབ་སེམས་དཔའ་དེ་ནི་འདྲེན་ཅེས་བྱ། །སེམས་ཀྱི་རྒྱུད་ནི་གཞན་དང་གཞན་དུ་འགྱུར། །སེམས་ནི་སེམས་ལ་ནམས་ཀྱང་མཚམས་མི་སྦྱོར། །འགྲོ་བའི་སེམས་རྒྱུད་དེ་དག་རབ་ཤེས་པ། །བྱང་ཆུབ་སེམས་དཔའ་ཡོངས་སུ་འདྲེན་ཅེས་བྱ། །ནམ་མཁའི་ངོ་བོ་ཉིད་དང་ཆུ་ཟླ་ལྟར། །ཆོས་རྣམས་ཐམས་ཅད་དག་ཅིང་རྣམ་དག་ཅེས། །ཉོན་མོངས་ཀུན་དང་འདྲེ་བར་མི་བྱེད་པ། །སེམས་ཅན་དག་པ་དེ་ནི་མ་སྨད་པ། །གང་ཞིག་ཆོས་གཅིག་གིས་ནི་ཆོས་རྣམས་ཀུན། །སྒྱུ་མ་སྨིག་རྒྱུ་འདྲ་བར
52.226a
གཟུང་མེད་དང ། །གསོག་དང་བརྫུན་དང་རྟག་པ་མེད་པར་ཤེས། །དེ་ནི་བྱང་ཆུབ་སྙིང་པོར་མྱུར་དུ་འགྲོ། །ཆོས་གཏན་ལ་འབེབས་པ་བསྟན་པ་འདི་བཤད་པ་ན། ལྷ་དང ། མི་དང ། ལྷ་མ་ཡིན་དང ། མི་འམ་ཅི་དང ། ལྟོ་ཕྱེ་ཆེན་པོའི་སྲོག་ཆགས་ཁྲག་ཁྲིག་བདུན་བཅུ་རྩ་གཉིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་དུ་རབ་ཏུ་གཡོས་སོ། །སྣང་བ་ཆེན་པོས་ཀྱང་འཇིག་རྟེན་གྱི་ཁམས་ཁྱབ་པར་གྱུར་ཏོ། །ལྷ་བརྒྱ་སྟོང་དག་ཀྱང་མེ་ཏོག་གི་ཆར་འབེབས་ཤིང་སིལ་སྙན་དག་ཀྱང་དཀྲོལ་ནས། འདི་སྐད་ཅེས་གང་དག་བསྟན་པ་འདི་ཐོས་ནས་མོས་པ་དང ། འཛིན་པ་དང་ནན་ཏན་བྱེད་པའི་སེམས་ཅན་དེ་དག་ནི་སངས་རྒྱས་ཀྱི་ཡུལ་དུ་རྗེས་སུ་དོང་བ་ཡིན་ནོ། །གང་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བའི་སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་མཁས་པ་རྣམས་ཀྱིས་རྒྱུན་གྱིས་ལེགས་པར་བརྒྱན་པ་བྱས་ཏེ་ཕྱག་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བྱུང་བར་གྱུར་ན་ཆོས་འདི་ལྟ་བུ་འདི་རབ་ཏུ་སྟོན་པར་འགྱུར་རོ། །སྐྱེས་བུ་དམ་པ་བསམ་གྱིས་མི་ཁྱབ་པའི་ཆོས་དང་ལྡན་པ་འདི་དག་ཀྱང་མཐོང་བར་འགྱུར་རོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞུས་པ་ལུང་བསྟན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་མངོན་དུ་རངས་པར་མཛད་པས། མུ་ཏིག་གི་དྲ་བ་འོད་དྲི་མ་མེད་ཅིང་རྣམ་པར་དག་པ་སྟོང་གསུམ་ཡོངས་སུ་གང་བ་རི་བ་བཅོམ་ལྡན་འདས་ཀྱི་སྐུ་ལ་མངོན་པར་གསོལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ནི་ཆགས་པ་མི་མངའ་ཞིང་སྒྲིབ་པ་མི་མངའ་བ། བསྟན་པ་འདི་ནི་རྒྱུན་མི་འཆད་པ། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་གཟིགས་ཤིང་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་ཡེ་ཤེས་ལ་མཁས་པའོ་བཅོམ་ལྡན་འདས་ཀྱིས་འདི་འདྲ་བའི་ཆོས་ཀྱི་ཚུལ་གྱི་རྣམ་པ་བསྟན་པ་དེས། འཁོར་ཐམས་ཅད་ཀྱི་སེམས། ཚིམས་པར་གྱུར་ཏོ། །ཐེག་པ་ཆེན་པོ་འདི་ཡང
52.226b
རྒྱས་པར་རྗོད་པ་མཛད་པར་གྱུར་ཏོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་འདི་དག་ལ་ཡང་ཆོས་ཀྱི་སྣང་བ་ཆེན་པོས་རྒྱས་པར་མཛད་པར་གྱུར་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བདག་ལ་ཡང་ཆོས་འབྱུང་བའི་སྒོ་བསྟན་པས་དེས་ཆོས་འབྱུང་བའི་སྒོ་ཚད་མ་མཆིས་པ་བསྟན་པར་བགྱིའོ།། །།འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པ། བམ་པོ་བཞི་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་བ་སྤོབས་པ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། འདུག་པ་དེས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་གང་ཁྱོད་ཀྱི་མིང་ནམ་མཁའ་མཛོད་ཅེས་བྱ་བ་དེ། ཅི་ནམ་མཁའ་ཁྱོད་ཀྱི་མཛོད་དམ། སྨྲས་པ། རིགས་ཀྱི་བུ་དེ་བཞིན་ཏེ། ནམ་མཁའ་ནི་ཁོ་བོའི་མཛོད་དོ། །མྱུར་བར་སྤོབས་པས་སྨྲས་པ། ་རིགས་ཀྱི་བུ་ནམ་མཁའ་མཛོད་ཀྱི་བྱེ་བྲག་བདག་ཅག་གིས་ཀྱང་བལྟའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་ནམ་མཁའ་མཛོད་ཀྱི་ཁྱད་པར་སྟོན་ཅིག་།དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་བྱང་ཆུབ་སེམས་དཔའ་མྱུར་བར་སྤོབས་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱི་ཡིད་ལ་གང་འདོད་པ་དེ་ཁོ་བོས་ནམ་མཁའ་ལས་ཆར་དབབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་མྱུར་བར་སྤོབས་པ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་རིན་པོ་ཆེ་ཨུད་པ་ལའི་དཔལ་གྱི་འཇིག་རྟེན་གྱི་ཁམས་པད་མ་བཀོད་པ་ཞེས་བྱ་བ་ན། འོད་ཐམས་ཅད་རྣམ་པར་སྣང་བ་ཞེས་བྱ་བའི་པད་མ་རྒྱ་ནི་རྒྱང་གྲགས་ཀྱི་ཚད། འདབ་མ་བྱེ་བ་སྟོང་ཕྲག་མང་པོ་འཇམ་ཞིང་གཞོན་པ། གོས་ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བ། དྲིས་ནི་སངས་རྒྱས་ཀྱི་ཞིང་ཁྱབ་པ། ཁ་དོག་མང་པོ་བརྒྱ་སྟོང་དང་ལྡན་པ། ་མཐོང་ན་ཡིད་དུ་འོང་ཞིང་ཆོག་མི་ཤེས་པ། པད་མ་དེ་མཐོང་བ་དང་དྲི་མ་སྣམས་པས་བྱང་ཆུབ་སེམས་དཔའ་དེ་དག་ཏིང་ངེ་འཛིན་ཐོབ་པར་འགྱུར་བ་དེ་བདག་གིས་མཐོང་སྟེ། འཁོར་འདིར་དེ་འདྲ་བའི་པད་མའི་ཆར་བོབ་ཤིག་སྙམ་པ་དང ། བྱང་ཆུབ་སེམས
52.227a
དཔའ་མྱུར་བར་སྤོབས་པས་བསམས་མ་ཐག་ཏུ། དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་བྱིན་གྱི་བརླབས་ཀྱིས་ནམ་མཁའི་ངོས་ལས་དེ་འདྲ་བའི་པད་མའི་ཆར་མངོན་པར་ཕབ་སྟེ། དེ་ནས་འཁོར་དེ་དག་ཐམས་ཅད་པད་མ་དེ་དག་གི་དྲི་མཐོང་ཞིང་ཚོར་བས་དགའ་བའི་ཟས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །འཁོར་དེ་ཐམས་ཅད་ཏིང་ངེ་འཛིན་ལས་ལངས་ཏེ། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་ཕྱག་འཚལ་ནས་འདི་སྐད་ཅེས་འཛེར་ཏོ། །སྐྱེས་བུ་དམ་པའི་བྱིན་གྱི་བརླབས་དང་ཡེ་ཤེས་ཀྱི་སྟོབས་ལེགས་སོ་ལེགས་སོ། །སེམས་ཅན་ཐམས་ཅད་ཀྱང་འདི་འདྲ་བའི་བྱིན་གྱི་བརླབས་ཐོབ་པར་གྱུར་ཅིག་།དེ་ནས་བྱང་ཆུབ་སེམས་དཔའ་རིན་ཆེན་བཀོད་པ་ཞེས་བྱ་བ་འདུས་པར་གྱུར་ཏེ། འདུག་པ་དེས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་ནམ་མཁའ་ལས་གསེར་ཕྱེའི་ཆར་ཕོབ་ཤིག་།བྱང་ཆུབ་སེམས་དཔའ་རིན་ཆེན་བཀོད་པས་ཚིག་དེ་སྐད་ཅེས་སྨྲས་མ་ཐག་ཏུ། དེའི་མོད་ལ་ནམ་མཁའ་ལས་གསེར་ཕྱེའི་ཆར་མངོན་པར་ཕབ་བོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་རིན་ཆེན་བཀོད་པས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་ནམ་མཁའ་ལས་རིན་པོ་ཆེ་ཐམས་ཅད་ཀྱི་ཆར་ཕོབ་ཤིག་།ཚིག་དེ་སྐད་ཅེས་སྨྲས་མ་ཐག་ཏུ་དེའི་མོད་ལ་ཕྱོགས་བཅུ་ནས་རི་རབ་ཀྱི་ཚད་ཙམ་གྱི་རིན་པོ་ཆེ་གྲངས་མེད་དཔག་ཏུ་མེད་པ་མིང་ཐ་དད་པ་ཁ་དོག་ཐ་དད་པ་ཡོད་པ་དེ་དག་གི་ཆར་ཆེན་པོ་མངོན་པར་ཕབ་པ་འདི་ལྟ་སྟེ། གསེར་དང ། དངུལ་དང ། ཤེལ་དང ། བཻ་དཱུརྱ་དང ། རྡོའི་སྙིང་པོ་དང ། མུ་ཏིག་དམར་པོ་དང ། སྤུག་དང ། དཔལ་གྱི་སྙིང་པོའི་ཟེ་བ་ཅན་དང ། དྲི་མེད་དང ། རིན་ཆེན་བྱི་རུ་དང ། ཟླ་བའི་འོད་དང ། མེ་ཤེལ་དང ། སྣང་བྱེད་དང ། འོད་མཆོག་དང ། འཛམ་གླིང་མེ་འོད་དང ། དུང་དང ། མན་ཤེལ་དང ། བྱི་རུ་དང ། ན་ད་རྙིལ་དང ། ཡོན་ཏན་འབྱུང་གནས་དང ། རབ་ཏུ་ཞི་བའི་འོད་དང ། ཆུ་འོད་དང ། ཆུ་མདོག་དང ། ཆུ་དང་བར་བྱེད་དང ། སའི་འོད་དང །
52.227b
མི་ཕྱེད་པའི་གནས་དང ། མིག་མི་བཟོད་པ་དང ། བརྒྱ་བྱིན་ཐོགས་པ་དང ། རྒྱལ་བ་དང ། ཆེར་རྒྱལ་བ་དང ། གཟི་བརྗིད་འབར་བ་དང ། དཔལ་གྱི་སྙིང་པོའི་རྒྱལ་པོ་དང ། རྡོ་རྗེའི་ཟེ་བ་ཅན་དང ། འཇིག་རྟེན་སྣང་བ་དང ། སྐར་མ་དགའ་དང ། འོད་འཛིན་དང ། ཟླ་གམ་དང ། འཛམ་བུའི་ཆུ་འོད་དང ། འཛམ་བུའི་གླིང་གི་འོད་དང ། འོད་སྟོང་ལྡན་དང ། སྐར་མདའི་སྒོ་དང ། མེའི་འོད་དང ། རྒྱལ་བས་བརྒྱན་པ་དང ། ཚ་བ་ཞི་བྱེད་དང ། གདུང་བ་མེད་དང ། ནད་སེལ་དང ། མིག་སྦྱོང་དང ། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་སྦྱོང་དང ། ཡན་ལག་རྣམ་པར་སྣང་བ་དང ། རྣམ་པར་སྣང་བའི་འོད་དང ། འོད་སྔོན་པོ་དང ། འོད་སེར་པོ་དང ། དཀར་པོ་དང ། ཤེལ་གྱི་ཁ་དོག་དང ། རིན་པོ་ཆེའི་དྲ་བ་དང ། རིན་པོ་ཆེ་ཐམས་ཅད་ཡང་དག་པར་བསྡུས་པ་དང ། མིང་དེ་ལྟ་བུ་དང ། མིང་དེ་མ་ཡིན་པའི་རིན་པོ་ཆེའི་ཆར་རབ་ཏུ་ཕབ་སྟེ། ནོར་བུ་རིན་པོ་ཆེ་དེ་དག་གི་མིང་ནི་བསྐལ་པར་ཡང་ཟད་པར་སླ་བ་མ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་དུས་ཀྱི་རྒྱལ་པོ་ཞེས་བྱ་བ་དེས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་སྡུག་བསྔལ་ཞིང་དབུལ་བ། ཟས་དང་སྐོམ་མེད་པ། གཅེར་བུ་གོས་མེད་པ། གོས་རལ་པོ་གྱོན་པ་དང ། ཡི་དགས་རྣམས་བཀྲེས་ཤིང་སྐོམ་པས་ཡོངས་སུ་ཟིན་པ། གཅེར་བུ་རང་གི་སྐྲས་ཡོག་པ། མཆིལ་མ་དང་ངར་སྣབས་དང་ཁྲག་དང ། རྣག་ཟ་འདོད་པ་དེ་ལྟ་བུའི་སེམས་ཅན་དེ་དག་བསྐྱབ་པའི་ཕྱིར་ཟས་དང ། སྐོམ་དང ། གོས་ཀྱི་ཆར་ཁྱོད་ཀྱིས་ཕོབ་ཤིག་།དེ་ནས་དེ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་བྱིན་གྱི་བརླབས་ཀྱིས་བཟའ་བ་དང ། ་བཅའ་བ་དང ། མྱང་བ་དང ། བལྡག་པ་སྣ་ཚོགས་ཀྱི་ཆར་རབ་ཏུ་ཕབ་སྟེ། རོ་བརྒྱ་དང་ལྡན་པའི་ཁུ་བ་དང ། བཏུང་བ་ཐམས་ཅད་ཀྱི་ཆར་གྱི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་གྱི་ཆར་མངོན་པར་བབ་བོ། །གོས་ཁ་དོག་དུ་མ་དང ། ཁ་དོག་ཐ་དད་པ་དང ། ཁ་དོག་བརྒྱ་སྟོང་དུ་མ་དང ། ཕྲ་ཞིང་འཇམ་པ་ཀ་རྩ་ལིན་དི་ཀ་ལྟར་རེག་ན་བདེ་བའི་ཆར་རབ
52.228a
ཏུ་ཕབ་སྟེ། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་བཀྲེན་པ་དང ། དབུལ་པོ་ཐམས་ཅད་དང ། ཡི་དགས་ཐམས་ཅད་ཀུན་ཚིམ་པར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སྨན་པའི་རྒྱལ་པོ་ཞེས་བྱ་བ་དེས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་སེམས་ཅན་ན་བ་གཡོག་མེད་པ་ནད་དུ་མས་རེག་པ་ཡོད་པ་དེ་དག་གི་དོན་དུ་སྨན་ཆེན་པོའི་ཆར་གང་གིས་ན་བ་དེ་དག་ཐམས་ཅད་ནད་ལས་ཡོངས་སུ་ཐར་བར་འགྱུར་བ་ཕོབ་ཤིག་།དེ་ནས་དེ་མ་ཐག་ཏུ་བར་སྣང་ལས་བདུད་རྩིའི་སྨན་གྱི་ཆར་མངོན་པར་རབ་ཏུ་ཕབ་སྟེ། དེས་ནད་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ངན་སོང་སྤོང་ཞེས་བྱ་བ་དེས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་ངན་སོང་གསུམ་ཞི་བར་གྱིས་ཤིག་།དེ་ནས་དེ་མ་ཐག་ཏུ་བར་སྣང་ལས་འོད་རབ་ཏུ་བཏང་སྟེ། སེམས་ཅན་དམྱལ་བ་པ་དང ། དུད་འགྲོའི་སྐྱེ་གནས་པ་དང ། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་འོད་དེས་རེག་པ་དེ་དག་ཐམས་ཅད་བདེ་བ་དང་རབ་ཏུ་ལྡན་པར་གྱུར་ཏེ། ངན་སོང་གསུམ་པོ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཏེ། འདི་ལྟར་སྦྱིན་པ་ཡོངས་སུ་གཏོང་བ་ལ་རབ་ཏུ་སྦྱོར་བའི་བར་དུ་མེ་ཏོག་དང ། ཕྲེང་བ་དང ། སྤོས་དང ། བྱུག་པ་དང ། ཕྱེ་མ་དང ། ཆོས་གོས་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་ལ་སོགས་པ་དང ། རོལ་མོ་སྣ་ལྔ་དང་ལྡན་པ་དང ། གླུའི་དབྱངས་དང ། བྲན་ཕོ་དང ། བྲན་མོ་དང ། ཆུང་མ་དང ། ཁྱེའུ་དང ། བུ་མོ་དང ། སླས་དང ། རྟ་དང ། བལ་གླང་དང ། ཤིང་རྟ་དང ། དཔུང་བུ་ཆུང་དང ། བཞོན་པ་དང ། ཁྱིམ་དང ། གྲོང་དང ། གྲོང་ཁྱེར་དང ། གྲོང་རྡལ་དང ། ལྗོངས་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་འཁོར་དང ། བསྐྱེད་མོས་ཚལ་དང ། ཡང་ཏོག་དང ། ཁང་པ་བརྩེགས་པ་དང ། ཁང་བཟུངས་དང ། རྟ་བབས་དང ། སྐར་ཁུང་དང ། ཟླ་བ་ཁམ་པ་ལྟ་བུ་དང ། ཁྲི་དང ། ཁྱོགས་དང ། གླང་བཞི་པ་དང ། གླང་བཅུ་དྲུག་པ་ནས་རྟ་ཅང
52.228b
ཤེས་སྟོང་གིས་དྲངས་པ་དང་ལྡན་པའི་ཤིང་རྟའི་བར་གྱི་ཆར་བར་སྣང་ལས་མངོན་པར་རབ་ཏུ་བབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་དེ་ལྟ་བུར་བྱིན་གྱིས་བརླབས་ནས་བྱང་ཆུབ་སེམས་དཔའི་ཚོགས་མང་པོ་ལ་སྨྲས་པ། རིགས་ཀྱི་བུ་དག་ལོང་ལ་བྱིན་ཅིག་།ཡོངས་སུ་གཏང་བར་བགྱིས་ཏེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱིས་ཤིག་།དེ་ནས་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་རྒྱན་ཅེས་བྱ་བ་དེས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་ཆར་ནི་ཕབ་ན། ད་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པའི་ཆར་ཕོབ་ཤིག་།དེས་ཚིག་དེ་སྐད་ཅེས་སྨྲས་མ་ཐག་ཏུ་ཕྱོགས་བཅུ་ན་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ཚུལ་ཁྲིམས་ཀྱི་ཡོན་ཏན་གྱི་རྒྱན་གྱི་བསྔགས་པ་ཇི་སྙེད་བརྗོད་པ་དེ་སྙེད་ཀྱི་ཚུལ་ཁྲིམས་ཀྱི་ཡོན་ཏན་བསྔགས་པའི་སྒྲ་བར་སྣང་ལས་བྱུང་ངོ ། །དེ་བཞིན་དུ་བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་ཀྱི་ཡོན་ཏན་གྱི་སྒྲ་ཡང་ཅི་ཙམ་ཕྱོགས་བཅུ་ན་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣམས་ཡི་གེ་དང་ངེས་པའི་ཚིག་དང་བརྡ་དག་གིས་ཆོས་ཀྱི་སྒོ་བརྒྱ་སྟོང་སྟོན་པའི་ཆོས་ཀྱི་སྒྲ་དེ་དག་ཐམས་ཅད་མ་ཆད་མ་ལྷག་ཁྱད་མ་ཞུགས་པར་བར་སྣང་ལས་མ་ལུས་པར་རྫོགས་པར་བྱུང་ངོ ། །ཆོས་ཀྱི་སྒྲ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གོ་བར་བྱས་སོ། །དེ་ནས་ཚད་མེད་གྲངས་མེད་པའི་སེམས་ཅན་ཐེག་པ་གསུམ་ལ་ཡོངས་སུ་སྨིན་པར་བྱས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་དུ་སྣང་བ་ཞེས་བྱ་བ་དེ་འདི་སྙམ་དུ་སེམས་སོ། །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་བཀོད་པ་འཇིག་རྟེན་འདི་འབའ་ཤིག་ནའམ། འཇིག་རྟེན་གྱི་ཁམས་གཞན་དག་ན་འང་ཡོད་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་དུ་སྣང་བའི་སེམས་ཀྱི་ཀུན་དུ་རྟོག་པ་སེམས་ཀྱིས་ཤེས་སོ། །ཤེས་ནས་ཀྱང་བྱང་ཆུབ་སེམས་དཔའ་ཀུན་དུ་སྣང་བ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཤིན་དུ་དྲི་མ་མེད་ཅིང་ཤིན་དུ་རྣམ་པར་དག་པའི་ལྷའི་མིག་རྙེད་ན། རིགས་ཀྱི་བུ་ཁྱོད་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སུ་ཅི་མཐོང་ལྟོས་ཤིག་།དེ་ནས་བྱང་ཆུབ་སེམས་དཔའ་ཀུན་དུ་སྣང་བས་ལྷའི་མིག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི
52.229a
ཁམས་རྣམས་སུ་བལྟས་ན། དེས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གྲངས་མེད་དཔག་ཏུ་མེད་པ་དག་ན་ཇི་ལྟར་འཇིག་རྟེན་གྱི་ཁམས་འདིར་རིན་པོ་ཆེ་ཐམས་ཅད་ཀྱི་ཆར་རབ་ཏུ་བབ་པ་དང ། ཆོས་ཀྱི་སྒྲ་ཐམས་ཅད་གྲག་པ་དང ། དེ་བཞིན་དུ་སངས་རྒྱས་ཞིང་དེ་དག་ན་ཡང་མ་ཆད་མ་ལྷག་ཁྱད་མ་ཞུགས་པར་འདི་ལྟ་བུའི་བྱ་བ་རྣམས་རབ་ཏུ་འབྱུང་བ་མཐོང་ངོ ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་དུ་སྣང་བ་ངོ་མཚར་དུ་གྱུར་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་སྨོན་ལམ་གྱི་བྱིན་བརླབས་གྲུབ་པ་དེ་ནི་བསམ་གྱིས་མི་ཁྱབ་སྟེ། ག་ལར་ཡང་ཅིག་ཅར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྐྱེས་བུ་དམ་པས་འདི་འདྲ་བའི་ཆར་མངོན་པར་རབ་ཏུ་ཕབ་པོ་ཞེས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །དེ་ནས་སངས་རྒྱས་ཀྱི་མཐུ་དང ། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་བྱིན་གྱི་བརླབས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་དེས་གང་དུ་རིན་པོ་ཆེའི་ཆར་དང ། ཆོས་ཀྱི་ཆར་རབ་ཏུ་འབབ་པའི་སངས་རྒྱས་ཀྱི་ཞིང་དེ་དག་མཐོང་ངོ ། །ཡང་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་རིན་པོ་ཆེའི་ཆར་དང ། ཆོས་ཀྱི་ཆར་གྱི་ཆོ་འཕྲུལ་འདི་བསྟན་པས་བསྒྲང་བ་ལས་འདས་པའི་སེམས་ཅན་རྣམས་བྱང་ཆུབ་ཏུ་སེམས་སྐྱེས་སོ། །དེ་ནས་རྒྱལ་པོའི་ཁབ་ནས་བུད་མེད་ཡུགས་ས་མོ་ལྔ་བརྒྱ་བྱུང་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ག་ལ་བ་དེར་དོང་སྟེ་ལྷགས་ནས། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ་ཁྱོད་སེམས་ཅན་ཐམས་ཅད་ཀྱི་འདོད་པ་རྫོགས་པར་མཛད་ན་བདག་ཅག་ལ་འང་ཁྱོ་སྩོལ་ཅིག་།དེ་ནས་དེ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་བྱིན་གྱི་བརླབས་ཀྱིས། བུད་མེད་དེ་དག་གི་སྔོན་གྱི་ཁྱོའི་ཁ་དོག་དང་མཚན་མ་དང་དབྱིབས་ཅི་འདྲ་བ་དེ་ལྟ་བུའི་སྐྱེས་བུ་ལྔ་བརྒྱ་ནམ་མཁའ་ལས་བབས་ནས། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་མདུན་ན་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་བུད་མེད་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །སྲིང་མོ་དག་བདག་བདག་གི་ཁྱོ་ཇི་ལྟ་བ་བཞིན་དུ་ཁྲིད་ཅིག་།དེ་ནས་བུད་མེད་དེ་དག་གིས་ཇི་ལྟ་བུར་རང་རང་གི་ཁྱོ་གང་ཡིན་པ་ཁྲིད་ནས་དགའ་མགུ་རངས་ཤིང་རབ་ཏུ་དགའ་སྟེ་ཡིད
52.229b
བདེ་བ་སྐྱེས་ནས་རང་རང་གི་ཁྱིམ་དུ་དོང་ངོ ། །དེ་ནས་སྤྲུལ་པའི་སྐྱེས་བུ་དེ་དག་གིས་ཞག་བདུན་དུ་བུད་མེད་དེ་དག་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དེ་ལྟ་དེ་ལྟར་སྨིན་པར་བྱས་སོ། །དེ་ནས་ཡང་བུད་མེད་ལྔ་བརྒྱ་པོ་དེ་དག་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་ཐད་དུ་ལྷགས་ནས་ཚིགས་སུ་བཅད་པ་དག་སྨྲས་སོ། །ཆོས་ཀྱི་རང་བཞིན་སྟོང་པ་སྒྱུ་མ་འདྲ། །ཆོས་ཀྱི་མཚན་ཉིད་དེ་ནི་སྔོན་མ་འཚལ། །དེ་ཕྱིར་ཁྱོད་ཀྱིས་སྤྲུལ་པའི་ཁྱོ་སྩལ་ཏེ། བདག་ཅག་ཐེག་པའི་མཆོག་ལ་དེས་སྨིན་བགྱིས། །ཆོས་འདི་ཐམས་ཅད་ཡང་དག་སྤྲུལ་པ་སྟེ། །གཡོ་བ་མེད་ཅིང་བྱེད་མེད་སྔ་ནས་སྟོང ། །ཟག་མེད་ཡེ་ཤེས་བདག་གིས་རབ་རྟོགས་ཏེ། །སླན་ཆད་ཉོན་མོངས་དབང་དུ་མི་མཆིའོ། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་ཐམས་ཅད་འགྲོན་དུ་གཉེར་བར་བགྱི། །སེམས་ཅན་རྒྱ་ཆེན་ཁྱོད་ཀྱིས་ཕབ་པ་བཞིན། །བདག་ཅག་གིས་ཀྱང་ཆོས་མཆོག་ཆར་པ་དབབ། །འདྲེན་མཆོག་ཐུབ་པས་དེ་དག་ལུང་བསྟན་པ། །ཁྱེད་ཅག་མ་འོངས་དུས་ན་འགྱུར་བ་ནི། །སྤྱད་པ་སྤྱད་ནས་རྒྱལ་བའི་དབང་པོ་དག་།ཤིན་དུ་དུལ་ཞེས་བྱ་བའི་བདེ་གཤེགས་འགྱུར། །ཡང་དེའི་ཚེ་ན་མི་ལྔ་བརྒྱ་གསད་པར་ཆད་དེ་གསད་དུ་ཁྲིད་པ་ལས་དེ་དག་གིས་བར་སྣང་ལས་སེམས་ཅན་རྣམས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཅེས་བྱ་བ་གང་འཇིགས་པའི་སེམས་ཅན་རྣམས་ལ་མི་འཇིགས་པ་སྦྱིན་པ་ཞིག་ཡོད་ཀྱིས་དེ་ལ་ཁྱེད་ཅག་ཕྱག་འཚོལ་ཅིག་དང་གསད་པ་འདི་ལས་ཐར་བར་འགྱུར་རོ་ཞེས་སྒྲ་ཞིག་ཐོས་སོ། །དེ་ནས་དེ་དག་ཐམས་ཅད་ཤི་བས་འཇིགས་སྐྲག་པས་སྒྲ་སྐད་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་ལ་ཕྱག་འཚལ་ལོ་ཞེས་ཚིག་དེ་སྐད་ཅེས་སྨྲས་སོ། །ཚིག་དེ་སྐད་ཅེས་སྨྲས་མ་ཐག་ཏུ་སྐད་ཅིག་དེ་ཉིད་ལ་བར་སྣང་ལས་མི་ལྔ་བརྒྱ་བབས་ཏེ། དེར་ལྷགས་ནས་གཤེད་མའི་མི་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཁྱད་ཅག་གིས་མི་དབུལ་པོ་འདི་དག་གསད་དེ་ཅི་རུང ། ངེད་ཅག་གི་གོས་དང་རྒྱན
52.230a
རྣམས་ཁྱེར་ལ་ངེད་ཅག་གི་སྲོག་ཆོད་དེ་མི་འདི་དག་ཁྱེ་ཤིག་།དེ་དག་ཆགས་པས་ནོན་པའི་ཕྱིར་གསད་པའི་ཕྱིར་མི་ལྔ་བརྒྱ་པོ་དེ་དག་གཏང་སྟེ། ་སྤྲུལ་པའི་སྐྱེས་བུ་དེ་དག་བསད་དོ། །དེ་ནས་མི་བསད་པ་ལས་བཏང་བ་དེ་དག་གསོད་པས་འཇིགས་ཤིང་སྐྲག་པ་ལས་དབུགས་འབྱིན་པ་རྙེད་པས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཡང་མགོ་བོས་ཕྱག་འཚལ། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་ཡང་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །སྐྱེས་བུ་དམ་པ་ཁྱོད་ཀྱིས་བདག་ཅག་གི་སྲོག་དང་དབུགས་འབྱིན་པ་རྙེད་པར་བགྱིས་ན། བདག་ཅག་ཆོས་གང་ལ་ནན་ཏན་དུ་བགྱིས་པས་བདག་ལ་སྨན་པ་དང་གཞན་ལ་སྨན་པ་ལ་ཞུགས་པར་འགྱུར་བའི་ཆོས་བསྟན་པ་བདག་ཅག་ལ་སྩལ་དུ་གསོལ། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་སྨྲས་པ། རིགས་ཀྱི་བུ་ཁྱེད་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག་དང་འདི་ལྟར་ཁྱེད་རྣམས་བདག་ལ་ཕན་པ་དང ། གཞན་ལ་ཕན་པར་ཞུགས་པར་འགྱུར་རོ། །དེ་དག་ལ་དེ་སྐད་ཅེས་སྨྲས་པ་དང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་དག་ལ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་བརྒྱ་སྟོང་རི་བའི་རས་བཅོས་བུ་ཟུང་ཅིག་བྱིན་ཏེ། གྲོགས་པོ་དག་རས་བཅོས་བུ་ཟུང་འདི་དེ་བཞིན་གཤེགས་པ་ལ་གསོལ་ཅིག་།དེ་དག་ཐམས་ཅད་ཀྱིས་རས་བཅོས་བུ་ཟུང་དེ་དེ་བཞིན་གཤེགས་པའི་སྐུ་ལ་མངོན་པར་གསོལ་ཏེ། དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱིས་བསྐལ་པ་བགྲང་བ་ལས་འདས་པ་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཚུལ་ཡང་དག་པར་བསྒྲུབས་ནས་མི་འཇིགས་པ་སྦྱིན་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་ངོ་ཞེས་ལུང་བསྟན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་གང་མི་སྐམ་མི་ཟད་མི་དེངས་པའི་ནམ་མཁའ་ལ་མཛོད་གཞག་ནས་ཇི་སྲིད་ལོན། ནམ་མཁའ་མཛོད་ཀྱིས་སྨྲས་པ།
52.230b
བརྩུན་པ་ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཇི་ནམ་མཁའ་སྐམ་པ་འམ་ཟད་པ་ཡོད་དམ་དེངས་པར་འགྱུར་རམ། སྨྲས་པ་རིགས་ཀྱི་བུ་དེ་ལྟ་མ་ཡིན་ནོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་དེ་ནི་ནམ་མཁའི་ངོ་བོ་ཉིད་ཀྱི་མཚན་ཉིད་དེ་ལ་བདག་གི་དགེ་བའི་རྩ་བ་རྣམས་དེར་བསྔོས་པས་དེ་བས་ན་ནམ་མཁའ་ལ་མཛོད་མི་སྐམ་མི་ཟད་མི་དེངས་སོ། །ཡང་ཁྱོད་ཀྱིས་ནམ་མཁའ་ལ་མཛོད་བཞག་ནས་ཇི་སྲིད་ལོན་ཞེས་ཟེར་བ་ནི་ཁོ་བོས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཇི་སྲིད་ལོན་པ་དེ་སྲིད་དོ། །སྨྲས་པ་རིགས་ཀྱི་བུ་ཁྱོད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཇི་སྲིད་ལོན། སྨྲས་པ། བཅོམ་ལྡན་འདས་ཀྱི་མཁྱེན་པས་མཁྱེན་ཏོ། །དེ་ནས་གནས་བརྟན་ཤཱ་རིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཇི་སྲིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་གལ་ཏེ་དེ་བཞིན་གཤེགས་པས་གནས་འདི་བསྟན་ན་ལྷ་དང་བཅས་པའི་འཇིག་རྟེན་རྣམས་མྱོས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་འཁོར་འདི་ན་སེམས་ཅན་གང་རྣམས་རྟོག་པ་མང་ཞིང་དད་པར་འགྱུར་བ་དག་མཆིས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན་གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱིས་ཡོངས་སུ་གྱུར་ཏེ། རྡུལ་ཕྲ་རབ་ཀྱི་རྡུལ་དེ་དག་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་བསྐལ་པ་བརྒྱ་སྟོང་ཞིང་རྡུལ་ཕྲ་མོ་ཅིག་བཞག་ལ་དེ་ལྟ་བུར་བགྲང་བ་དང་མཚན་མ་བཞག་པ་དེ་སྙེད་ཀྱི་རྡུལ་ཕྲ་མོ་ཐམས་ཅད་ནི་ཟད་པར་འགྱུར་གྱི་ཇི་སྲིད་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པའི་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དེ་དག་ལ་ཟད་པ་གང་ཡང་མེད་དོ། །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་གང་གི་ཐད་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་དང་པོ་བྱང་ཆུབ་ཏུ་སེམས་སྐྱེད་པའི་དེ་བཞིན་གཤེགས་པ་དེའི་མཚན་ཅི་ཞེས་བགྱི། བཅོམ་ལྡན་འདས
52.231a
ཀྱིས་བཀའ་སྩལ་པ། ཡང་ཤཱ་རིའི་བུ་དེའི་ཚེ་དེའི་དུས་ན་རིན་པོ་ཆེ་བཀོད་པ་ཞེས་བྱ་བའི་བསྐལ་པ་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྟོན་པའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྨོན་ལམ་ཐམས་ཅད་ལས་ཤིན་དུ་བྱུང་བ་རིན་པོ་ཆེའི་གཟི་བརྗིད་འཕགས་པའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། ་ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་དག་ནི་ཚེའི་ཚད་བསྐལ་པར་གནས་ཀྱང་བཤད་པར་སླ་བ་མ་ཡིན་ནོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་དེའི་འཁོར་གྱི་དཀྱིལ་འཁོར་ནི་འཇིག་རྟེན་གྱི་ཁམས་སྟོང་གི་ཚད་དུ་གྱུར་ཏེ། བྱང་ཆུབ་སེམས་དཔའི་དགེ་འདུན་ནི་བགྲང་བ་ལས་འདས་པ་ཞིག་བྱུང་ངོ ། །ཤཱ་རིའི་བུ་དེའི་དུས་ན་འཇིག་རྟེན་གྱི་ཁམས་དེ་ན་སྟོང་གསུམ་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྷ་ཐམས་ཅད་ཀྱིས་དབང་བསྐུར་བ་ཞེས་བྱ་བ་ཞིག་བྱུང་སྟེ། རིན་པོ་ཆེའི་མཛོད་བསམ་གྱིས་མི་ཁྱབ་བོ། །དེའི་བུ་རྫུས་ཏེ་སྐྱེས་པ་རང་གཟི་བརྗིད་ཀྱིས་མངོན་པར་གྲུབ་པ་དགུ་ཁྲི་དྲུག་སྟོང་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཞིང་དེ་ན་བུད་མེད་ཀྱི་མིང་ཡང་མེད་དོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་དེའི་ཚེའི་ཚད་ཀྱང་བསྐལ་པ། སྟོང་ཕྲག་བརྒྱ་ཐུབ་བོ། །དེ་ནས་རྒྱལ་པོ་ལྷ་ཐམས་ཅད་ཀྱིས་དབང་བསྐུར་བས་བར་གྱི་བསྐལ་པ་བཞི་བཅུར། བཅོམ་ལྡན་འདས་དེ་ལ་བསྙེན་བཀུར་དང་རིམ་གྲོར་བྱས་ཏེ་ཉིན་གཅིག་ལ་འགོད་པ་ཡང་རི་རབ་བྱེ་བ་སྟོང་སྙེད་ཀྱི་རིན་པོ་ཆེའི་ཕུང་པོ་ཟད་པར་འགྱུར་བ་དེ་ལྟ་བུས་བསྙེན་བཀུར་དང་རིམ་གྲོ་བྱས་སོ། །དེ་ནས་རྒྱལ་པོ་དེ་བསོད་ནམས་ཀྱིས་བརྟན་པས་བུའི་ཚོགས་དང ། གྲོང་གི་མི་རྣམས་དང ། འཁོར་རྣམས་དང་བཅས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཤཱ་རིའི་བུ་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱར་བའི་རྒྱལ་པོ་ལྷ་ཐམས་ཅད་ཀྱིས་དབང་བསྐུར་བ་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སེམས་ན་དེ་དེ་ལྟར་མི་བལྟའོ། །
52.231b
དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་དེའི་ཚེ་དེའི་དུས་ན་སྟོང་གསུམ་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྷ་ཐམས་ཅད་ཀྱིས་དབང་བསྐུར་བ་ཞེས་བྱ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་འདིས་བསམ་གྱིས་མི་ཁྱབ་པའི་གོ་ཆ་བགོས་ཏེ། བཅོམ་ལྡན་འདས་དེ་སྲིད་ནས་ཐེག་པ་ལ་རབ་ཏུ་ཞུགས་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་དེ་འདྲ་བའི་སྤྱོད་པས་འདི་འདྲ་བའི་ཆོས་ཀྱི་མཐུ་ཆེན་པོ་རྙེད་པར་ནུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་འདིས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོ་དང་སྟི་སྟང་བྱས་ཏེ་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྦྱངས་སོ། །གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བྱང་ཆུབ་ཀྱི་སེམས་ཡོངས་སུ་དག་པས་བསམ་པ་ཡོངས་སུ་དག་པའོ། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསམ་པ་ཡོངས་སུ་དག་པས་སྦྱོར་བ་ཡོངས་སུ་སྦྱངས། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སྦྱོར་བ་ཡོངས་སུ་དག་པས་ལྷག་པའི་བསམ་པ་ཡོངས་སུ་སྦྱངས། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ལྷག་པའི་བསམ་པ་ཡོངས་སུ་དག་པས་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་སྦྱངས། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པས་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་སྦྱངས། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པས་བཟོད་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་སྦྱངས། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བཟོད་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པས་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་སྦྱངས། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པས་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་སྦྱངས། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་སྦྱངས། གང་གཱའི་ཀླུང་གི
52.232a
བྱེ་མ་སྙེད་ཀྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པས་ཐབས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་སྦྱངས། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཐབས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་དག་པས་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་སེམས་དང ། ཐོགས་པ་མེད་པའི་འོད་ཟེར་ཡོངས་སུ་སྦྱངས། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་སེམས་དང ། ཐོགས་པ་མེད་པའི་འོད་ཟེར་ཡོངས་སུ་དག་པས་བྱམས་པ་ཆེན་པོ་ཡོངས་སུ་སྦྱངས་པ་ནས། སྙིང་རྗེ་ཆེན་པོ་དང ། དགའ་བ་ཆེན་པོ་དང ། གཏང་སྙོམས་ཆེན་པོ་དང ། མངོན་པར་ཤེས་པ་ཆེན་པོའི་ཡེ་ཤེས་ཀྱི་བར་དུ་ཡོངས་སུ་སྦྱངས་སོ། །དེ་བཞིན་དུ་ལུས་ཡོངས་སུ་དག་པ་དང ། ངག་ཡོངས་སུ་དག་པ་དང ། སེམས་ཡོངས་སུ་དག་པ་སྟེ། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཡོངས་སུ་དག་པས་སྐྱེས་བུ་ཆེན་པོའི་མཚན་གཅིག་ཡོངས་སུ་སྦྱངས་སོ། །དེ་བཞིན་དུ་སྦྱར་ཏེ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཐམས་ཅད་ནས། སྐྱེས་བུ་ཆེན་པོའི་མཚན་ཐམས་ཅད་ཡོངས་སུ་དག་པས་དགེ་བའི་རྩ་བའི་བར་དུ་དེས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པའི་དགེ་བའི་རྩ་བ་རྣམས་ཡོངས་སུ་དག་པས་ནམ་མཁའི་མཛོད་འདི་ཡོངས་སུ་དག་པར་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་འདིས་ཡོངས་སུ་སྦྱངས་སོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་འདིས་ནམ་མཁའ་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་སྟོན་ཏེ། ཤཱ་རིའི་བུ་ཇི་ལྟར་ནམ་མཁའ་ལ་ཟད་པ་མེད་པ་དེ་བཞིན་དུ་རིགས་ཀྱི་བུ་འདིའི་སྨོན་ལམ་དང་སྤྱོད་པ་ཐམས་ཅད་ཡོངས་སུ་དག་པས་གང་ལ་ཡང་ཟད་པ་མེད་དོ། །དེས་ན་འདི་ནམ་མཁའ་མཛོད་ཅེས་བྱའོ། །བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་ཁྲི་ལོངས་སྤྱོད་མི་ཟད་པ་དང ། ལག་ན་རིན་པོ་ཆེ་དང ། ནམ་མཁའ་མཛོད་ཀྱི་སྨོན་ལམ་ཡོངས་སུ་བསྐང་བའི་བཟོད་པ་སྐྱེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་དེས་བྱང་ཆུབ་སེམས་དཔའ་ནམ
52.232b
མཁའ་མཛོད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བདག་ཅག་གིས་ནམ་མཁའ་ལས་ཆོས་བསྒྲགས་པའི་མཛོད་མཉན་ཏོ། །ནམ་མཁའ་མཛོད་ཀྱིས་སྨྲས་པ། དེའི་ཕྱིར་རིགས་ཀྱི་བུ་གུས་པ་དང་བཅས་ཤིང་ཞེ་ས་དང་བཅས་པར་འདུག་ལ། ནམ་མཁའ་འདི་ལ་སྟོན་པར་འདུ་ཤེས་སྐྱེད་ཅིག་དང ། ཆོས་མཉན་པའི་མཛོད་ཐོས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་པོ་དང་འཁོར་དེ་དག་ཐམས་ཅད་ཐལ་མོ་སྦྱར་ནས་ནམ་མཁའ་ལ་ཕྱག་འཚལ་ཏེ་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་བྱིན་གྱི་བརླབས་ཀྱིས་བར་སྣང་ལས་ཚིགས་སུ་བཅད་པ་འདི་དག་བྱུང་ངོ ། །ནམ་མཁའ་འདྲ་བའི་ཡིད་རྣམས་ཀྱི། །ཐམས་ཅད་ཆོས་ཀྱི་ཚུལ་གང་ཡིན། །དེ་ལ་འཇུག་པའི་རབ་བསྟན་ཀྱིས། །ཁྱེད་ཅག་མཐར་གྱིས་མཉན་པར་གྱིས། །ནམ་མཁའ་ལ་ནི་མཐོ་བ་མེད། །དམའ་བ་འང་ཡོད་པ་མ་ཡིན་ཏེ། །གང་གི་ཆོས་ཉིད་མཐོ་དམའ་མེད། །དེ་ལ་འདུད་པ་ག་ལ་ཡོད། །ནམ་མཁའ་ལ་ནི་སྐྱེ་བ་མེད། །འགོག་པ་དག་ཀྱང་མི་དམིགས་སོ། །མ་སྐྱེས་པའི་ཆོས་རྣམས་ལ། །དེ་ལ་རྣམ་པར་རྟོག་པ་མེད། །ནམ་མཁའ་ལ་ནི་བྲི་བ་མེད། །གང་བ་དག་ཀྱང་མི་དམིགས་སོ། །ཆོས་རྣམས་གང་མེད་བྲི་མེད་དེ། །ནམ་མཁའ་དང་ནི་མཚུངས་མཉམ་མོ། །ནམ་མཁའ་ལ་ནི་མུན་པ་མེད། །དེ་ནི་དེ་ཡིས་སྙོན་མི་སྨོངས། །སེམས་ཀྱི་རང་བཞིན་འོད་གསལ་བས། །དེ་བས་ནམས་ཀྱང་སྙོན་སྨོངས་མེད། །ཉི་ཟླ་ཡི་ནི་འོད་ཟེར་གྱིས། །ནམ་མཁའ་དགའ་བར་མི་འགྱུར་ཏེ། །ནམ་མཁའ་འདྲ་བའི་སེམས་རྣམས་ཀྱང ། །གང་ལ་འང་དགའ་བར་འགྱུར་བ་མེད། །མདུང་ཐུང་རྩེ་གཉིས་འབབ་པས་ཀྱང ། །ནམ་མཁའ་ལ་ནི་ཉོན་མོངས་མེད། །དེ་བཞིན་སྡུག་བསྔལ་སྒོ་ཀུན་གྱིས། །རྒྱལ་བའི་སྲས་ནི་ཉོན་མི་མོངས། །བདུད་རྩི་དུས་ཀྱི་ཆར་པ་ཡིས། །ནམ་མཁའ་ལ་ནི་དགའ་འགྱུར་མེད། །རྙེད་དང་སྟི་སྟང་ཐམས་ཅད་ཀྱིས། །བྱང་ཆུབ་སེམས་དཔའ་དགའ་མི་བྱེད། །བསྟོད་པ་དང་ནི་སྨད་པ་ལ། །ནམ་མཁའ་ཡོངས་སུ་མི་རྟོག་སྟེ། །
52.233a
དེ་བཞིན་བདེ་དང་སྡུག་བསྔལ་ལ། །བྱང་ཆུབ་སེམས་དཔའ་བརྟན་མི་གཡོ། །ས་དག་གཡོས་པར་གྱུར་ཀྱང་ནི། །ནམ་མཁའ་ནམ་ཡང་གཡོ་བ་མིན། །འཇིག་རྟེན་འདི་དག་གཡོ་འཁྲུག་ཀྱང ། །བྱང་ཆུབ་སེམས་དཔའ་ཁྲུག་པ་མེད། །བསྲེག་པའི་བསྐལ་པ་འབྱུང་བ་ན། །ཇི་ལྟར་ནམ་མཁའ་མི་འཚིག་པ། །དེ་བཞིན་ཉོན་མོངས་ཐམས་ཅད་ཀྱིས། །བྱང་ཆུབ་སེམས་དཔའ་བརྟན་མི་གདུང ། །སྐྱེ་བ་མེད་ཅིང་འདུལ་བ་འང་མེད། །ཇི་ལྟར་ནམ་མཁའ་གནས་པ་བཞིན། །ཆོས་རྣམས་འགྲོ་མེད་འོང་བ་འང་མེད། །ཆོས་ཀྱི་དབྱིངས་ལ་དེ་དག་གནས། །གཟུགས་སུ་སྣང་བ་ཇི་སྙེད་པ། །ནམ་མཁའ་ལས་ནི་ཐམས་ཅད་འབྱུང ། །ཆོས་སུ་སྣང་བ་ཇི་སྙེད་པ། །དེ་དག་ཆོས་ཀྱི་དབྱིངས་ལས་བྱུང ། །མཚན་མ་མེད་ཅིང་གཟུགས་མེད་པ། །ནམ་མཁའ་བལྟར་ཡོད་མ་ཡིན་ཏེ། །དེ་ལྟར་སེམས་རྣམས་རབ་ཤེས་ན། །ནམ་མཁའ་དང་ཡང་མཚུངས་མཉམ་མོ། །མིང་ཙམ་པ་ནི་ནམ་མཁའ་སྟེ། །དེ་ལ་ཁ་དོག་དབྱིབས་ཀྱང་མེད། །སེམས་དང་ཡིད་དང་རྣམ་ཤེས་ཀྱང ། །མིང་གིས་ཡོངས་སུ་བསྟན་པའོ། །ཇི་ལྟར་ནམ་མཁའ་མཐའ་མེད་ཅིང ། །ཐམས་ཅད་དུ་ཡང་གཟུང་དུ་མེད། །དེ་བཞིན་ཡེ་ཤེས་མཐུ་ཆེན་ཡང ། །ནམ་མཁའ་དང་ནི་མཉམ་ཞིང་མཚུངས། །སེམས་ཅན་ནམ་མཁར་འགྲོ་མོད་ཀྱི། །དེ་ལ་འགྲོ་བའི་རྗེས་ཀྱང་མེད། །སེམས་ཅན་བྱང་ཆུབ་ཕྱིར་སྤྱོད་ཀྱང ། །དེ་ནི་སྤྱོད་པའི་མཚན་མ་མིན། །ཇི་ལྟར་སྔོན་གྱི་མཐའ་ཡི་ལུས། །ནམ་མཁའ་དང་ནི་མཚུངས་འདྲ་བ། །དེ་བཞིན་ཕུང་པོའི་ངོ་བོ་ཉིད། །ནམ་མཁའ་དང་ནི་མཉམ་ཞིང་མཚུངས། །ཁམས་བཞི་དག་ཀྱང་ནམ་མཁའ་དང ། །མཚུངས་ཤིང་འདྲ་བར་རབ་ཏུ་གསུངས། །འདི་ལྟར་སྲེག་པའི་བསྐལ་པ་ལའང ། །ནམ་མཁའ་དང་ནི་ཁམས་འདི་མཚུངས། །ཇི་ལྟར་སེམས་ཅན་ཐམས་ཅད་ཀྱིས། །ནམས་ཀྱང་ཡོངས་སུ་གང་མི་ནུས། །དེ་བཞིན་ཡུལ་རྣམས་ཀུན་གྱིས་ཀྱང ། །སེམས་ཀྱི་རྒྱུད་ནི་མི་གང་ངོ ། །ཚིག་ཆེན་སེང་གེའི་སྒྲ་དག་གིས། །འཇིག་རྟེན་མགོན་ཞེས་གསུངས་པ་ནི། །འཇིག་རྟེན
52.233b
འདས་པའི་ཤེས་རབ་གང ། །དེ་དག་བསྟན་པ་འདི་ལ་ངོམས། །ཇི་ལྟར་ནམ་མཁའ་རྒྱ་ཆེ་བས། །ཐ་མ་དམིགས་པར་མི་འགྱུར་ཏེ། །དེ་བཞིན་སངས་རྒྱས་ཆོས་རྣམས་ཀྱང ། །མཐའ་མ་དམིགས་པར་མི་འགྱུར་རོ། །ཆོས་རྣམས་ཐམས་ཅད་སངས་རྒྱས་སོ། །གང་གིས་ཡང་དག་ཉིད་ཤེས་ན། །དེ་དག་དངོས་པོ་མི་འཇིག་ཅིང ། །དངོས་པོ་དག་ལ་འང་མི་གནས་སོ། །དངོས་དང་དངོས་མེད་རྣམ་ཤེས་ཤིང ། །ཡང་དག་མཐའ་ལ་གང་གནས་པ། །དངོས་པོ་དང་ནི་དངོས་མེད་པ། །ལྟ་བ་མཁས་པས་མི་འཛིན་ཏོ། །སྟོང་པ་ཉིད་ནི་སྒྲ་ཡིས་བསྒྲགས། །སྒྲ་ལ་སྟོང་པ་ཉིད་མེད་དེ། །དེ་ནི་སྒྲ་མེད་བརྗོད་པ་མེད། །དེ་ཕྱིར་སྟོང་པ་ཉིད་ཅེས་བྱ། །སངས་རྒྱས་ཀུན་གྱིས་བཤད་ཀྱང་ནི། །སྟོང་པ་ཉིད་ནི་བརྗོད་དུ་མེད། །གང་དེ་སྟོང་ཞེས་བྱ་བ་ཡང ། །དེ་ཡི་དོན་ནི་བརྗོད་དུ་མེད། །སྒྱུ་མ་སྨིག་རྒྱུ་རྨི་ལམ་དང ། །མིག་ཡོར་དང་ནི་བྲག་ཆ་རྣམས། །དེ་ལ་སོགས་པ་བཤད་པ་ཡིས། །འདྲེན་པ་རྣམས་ནི་ཆོས་སྟོན་ཏོ། །སེམས་ཅན་རྣམས་ནི་དྲང་བའི་ཕྱིར། །དཔེ་རྣམས་ཤིན་དུ་ཀུན་བསྟན་ཏེ། །རབ་ཏུ་ཞི་བའི་ཆོས་རྣམས་ལ། །གཉེན་པོ་རྣམས་ནི་མི་དམིགས་སོ། །མཚན་ཉིད་མེད་པའི་ཆོས་ཀུན་ཀྱང ། །མཚན་ཉིད་དུ་ནི་རབ་ཏུ་བསྟན། །མཚན་གཞི་མཚན་གཞི་མེད་པ་དག་།ཆོས་ཀྱི་དབྱིངས་ལ་མི་དམིགས་སོ། །མཚན་གཞི་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་མཚན་ཉིད་མེད་པ་ཡིན། །གང་གིས་ཚུལ་འདི་རབ་རྟོགས་པ། །དེ་དག་བྱང་ཆུབ་སེམས་དཔའ་ཡིན། །ཆགས་པ་མེད་ཅིང་བཅིངས་པ་མེད། །ཤིན་དུ་ཅུང་ཟད་མེད་པ་སྟེ། །སྤྲོས་མེད་སྤྲོས་དང་བྲལ་བ་དེ། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །སེམས་ཅན་ལས་ནི་མ་གྲོལ་བ། །སེམས་ཅན་ལ་ཡང་མི་གནས་ཤིང ། །སེམས་ཅན་རང་བཞིན་ཡེ་ཤེས་ཀྱིས། །བྱང་ཆུབ་སེམས་དཔའ་ཞེས་དེ་བྱ། །སེམས་ཅན་རབ་ཏུ་མྱ་ངན་འདས། །ཐོས་ནས་དངང་བར་མི་བྱེད་དེ། །གང་དེ་བྱང་ཆུབ་རབ་ཞུགས་པ། །དཔའ་བོ་དག་གི་གོ་ཆ་འདི། །སྒྱུ་མ་བྱེད་པའི་སེམས་ཅན་དག་།མང་དུ་སྤྲུལ་ནས་དེར་བསད་ཀྱང ། །དེ་ལ་བསད་པ་གང་ཡང་མེད། །སེམས་ཅན་མཚན་ཉིད་དེ་བཞིན་ནོ། །
52.234a
སྒྱུ་མ་དང་ནི་སེམས་ཅན་དང ། །མྱ་ངན་འདས་དང་སངས་རྒྱས་ཀུན། །རྣམ་པ་ཀུན་དུ་རང་བཞིན་གཅིག་།རང་བཞིན་རང་བཞིན་མེད་པར་རྟོགས། །ནམ་མཁའ་ལས་ནི་ནམ་མཁའི་མཛོད། །མི་ཟད་པ་ཡི་མཛོད་གྲུབ་སྟེ། །སེམས་ཅན་ཐམས་ཅད་མགུ་བྱེད་ཅིང ། །མཛོད་དེ་ཟད་པར་མི་འགྱུར་རོ། །ཚད་མེད་བསོད་ནམས་ཆུ་བོས་ནི། །མཛོད་འདི་རྣམ་པར་སྦྱངས་པ་སྟེ། །ཆོས་རྣམས་ལ་ཡང་འཕོ་མེད་པར། །ཆོས་རྣམས་ཆོས་ཉིད་བལྟ་བར་བྱ། །རྒྱུ་ལ་རྟེན་ཏེ་འབྱུང་བ་ཡི། །ཆོས་རྣམས་ཐམས་ཅད་རབ་ཤེས་ན། །དེ་ཡི་མཛོད་ནི་མི་ཟད་དེ། །ཆོས་ཀྱི་མཛོད་ནི་བསམ་མི་ཁྱབ། །ཆོས་བཞི་འདི་དག་མི་ཟད་པར། །འཇིག་རྟེན་མགོན་པོས་རབ་གསུངས་ཏེ། །སེམས་ཅན་ནམ་མཁའ་བྱང་ཆུབ་སེམས། །དེ་བཞིན་སངས་རྒྱས་ཆོས་རྣམས་སོ། །དེ་སྟེ་དེ་དག་རྫས་ཡིན་ན། །དེ་དག་ཡོངས་སུ་ཟད་འགྱུར་གྱི། །དེ་དག་མེད་པས་མི་ཟད་ཅེས། །དེ་བས་དེ་ནི་མི་ཟད་གསུངས། །ཆོས་ནི་རབ་ཏུ་སྐད་ཅིག་པ། །ཟད་པ་ཆོས་ནི་མི་ཟད་དེ། །མི་ཟད་དེ་ལ་ཟད་པ་མེད། །དེ་ཕྱིར་མི་ཟད་པ་ཞེས་བྱ། །བྱང་ཆུབ་སེམས་དཔའ་གང་ཞིག་གིས། །ཆོས་བསྟན་འདི་ནི་རབ་ཤེས་ན། །དེས་ནི་བྱང་ཆུབ་རྙེད་མི་དཀའ། །བྱང་ཆུབ་ཕྱིར་ལ་ཡང་དག་ཞུགས། །ཚིགས་སུ་བཅད་པ་བསྟན་པ་འདི་བྱུང་བ་ན་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །ལྷའི་བུ་ནམ་མཁའི་དཀྱིལ་ན་འཁོད་པ་ཁྲི་ཉིས་སྟོང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་འཁོར་དེ་ཉིད་དུ་བྱང་ཆུབ་སེམས་དཔའ་ལྟད་མོ་ཅན་ཞེས་བྱ་བ་འདུས་པར་གྱུར་ཏེ་འདུག་པ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྒྲ་འདི་ག་ལས་བྱུང་སྙམ་དུ་བདག་ངོ་མཚར་དུ་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་དྲིས་ཤིག་དང ། འདི་ཁྱོད་ལ་ལན་ལྡོན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་ལྟད་མོ་ཅན་གྱིས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་སྒྲ་འདི
52.234b
ག་ལས་བྱུང་སྙམ་དུ་བདག་ལྟད་མོར་འཛིན་པར་གྱུར་ཏོ། །ནམ་མཁའ་མཛོད་ཀྱིས་སྨྲས་པ། རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། བྲག་ཆའི་སྒྲ་ག་ལས་བྱུང ། སྨྲས་པ། རིགས་ཀྱི་བུ་ཕ་རོལ་གྱི་སྒྲའི་རྣམ་པར་རིག་བྱེད་ལས་བྲག་ཆའི་སྒྲ་འབྱུང་ངོ ། །སྨྲས་པ། རིགས་ཀྱི་བུ་བྲག་ཆ་ལ་ལུས་སམ། སེམས་སམ། གཟུགས་སམ། ཁ་དོག་གམ། དབྱིབས་གང་ཡང་ཡོད་དམ། སྨྲས་པ། རིགས་ཀྱི་བུ་དེ་ནི་མེད་དོ། །སྨྲས་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །ཇི་ལྟར་བྲག་ཆ་ཡོངས་སུ་མ་གྲུབ་ཀྱང་སྒྲ་སྐད་གོ་བར་བྱེད་པ་དེ་བཞིན་དུ། ནམ་མཁའ་ཡོངས་སུ་མ་གྲུབ་སྟེ། སྒྲ་སྐད་གོ་བར་བྱེད་པར་འགྱུར་རོ། །སྨྲས་པ། རིགས་ཀྱི་བུ་སྒྲ་འདི་གོ་བར་བྱེད་པ་སུ། གང་ནས་དབྱངས་འདི་འབྱུང ། སྨྲས་པ། རིགས་ཀྱི་བུ་ཡེ་ཤེས་ཀྱི་སོ་སོར་རྣམ་པར་རིག་པ་བསམ་གྱིས་མི་ཁྱབ་སྟེ། ཁོ་བོས་ཡིད་ཀྱི་སེམས་པས་གང་བསམས་པ་དེ་བར་སྣང་འདི་ལས་འབྱུང་ཡང་སེམས་དེར་འགྲོ་བ་ཡང་མེད། དེ་འདིར་འོང་བ་ཡང་མེད་མོད་ཀྱི། སྒྲའི་སྒྲ་བརྙན་ཀྱང་འབྱུང་ངོ ། །རིགས་ཀྱི་བུ་རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ཙམ་དུ་ཟབ་པ་ལ་ལྟོས། །གང་རྒྱུ་ལས་འབྲས་བུ་འབྱུང་ཡང་རྒྱུ་འབྲས་བུ་འགྲུབ་པར་མི་འཕེལ། །རྒྱུ་མེད་པ་ལས་ཀྱང་འབྲས་བུ་འབྱུང་བ་མ་ཡིན་ནོ། །འདི་ལྟར་རྒྱུ་དང་རྐྱེན་ལས་འབྲས་བུ་མངོན་པར་གྲུབ་པའི་ཆོས་འདི་གཉི་ག་ལ་ཡང་གཡོ་བ་མེད་ཅིང་བྱེད་པ་མེད་དོ། །གང་དེ་ལྟ་བུའི་འདུ་ཤེས་པ་དེ་དག་ནི་བྲལ་བ་སྟེ། །དེ་ཅིའི་ཕྱིར་ཞེ་ན། །བཅོམ་ལྡན་འདས་ཀྱིས་ཀྱང་གང་ཀུན་ནས་ཉོན་མོངས་པ། ཤེས་པ་དེ་ཉིད་དེའི་རྣམ་པར་བྱང་བ་ཞེས་གསུངས་སོ། །ཀུན་ནས་ཉོན་མོངས་པ་བསལ་བས་རྣམ་པར་བྱང་བ་མ་ཡིན་ཏེ། །གང་ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དེ་ནི་རྣམ་པར་བྱང་བའོ། །འདི་ལྟ་སྟེ་ཀུན་ནས་ཉོན་མོངས་པ་དང ། རྣམ་པར་བྱང་བ་ཞེས་བྱ་བ་འདི་གཉིས་ཡང་བརྡའི་ཚིག་གོ། །དོན་དམ་པའི་མཐའ་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡང་དམིགས་སུ་མེད་དོ། །དོན་དམ་པའི་མཐའ་ནི་མཐའ་མ་ཡིན་ཏེ། གང་འདི་མཐའ་མ་ཡིན་པ་དེ་ནི་ཡང་དག་པའི་མཐའ
52.235a
ཞེས་བྱའོ། །གང་ཡང་དག་པའི་མཐའ་དེ་སྟོང་པ་ཉིད་ཀྱི་མཐའོ། །གང་སྟོང་པ་ཉིད་ཀྱི་མཐའ་དེ་བདག་གི་མཐའོ། །གང་བདག་གི་མཐའ་དེ་ནི་ཆོས་ཐམས་ཅད་ཀྱི་མཐའོ། །དེ་ཅིའི་ཕྱིར་ཞེ་ན། །ཆོས་ཐམས་ཅད་ནི་དེའི་མཐའ་སྟོང་པ་ཉིད་ཀྱི་མཐའ། ཉེ་བར་ཞི་བའི་མཐའ་སྟེ་གང་མཐའ་དེ་གསུམ་གྱི་སྒོ་ལ་མི་ཆགས་པ་དེ་ནི་ཆོས་ཐམས་ཅད་ལ་མི་ཆགས་པའི་ཡེ་ཤེས་རྙེད་དོ། །དེ་ནས་གནས་བརྟན་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་ལྟད་མོ་ཅན་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ལྟད་མོ་ཅན་ཞེས་མིང་སུས་བཏགས། སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་གང་དང་གང་དུ་ཆོས་ལ་འདུན་པ་དང་བརྩོན་པ་དེ་དང་དེར་ལྟད་མོར་མི་འགྱུར་རམ་སྨྲས་པ་རིགས་ཀྱི་བུ་དེ་དེ་བཞིན་ནོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་དུ་ཁོ་བོ་ཆོས་ཐམས་ཅད་ལ་འདུན་ཅིང་བརྩོན་པ་དེ་དང་དེར་ཁོ་བོས་རྣམ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་སྙམ་དུ་ལྟད་མོ་དང་ལྡན་ཏེ། དེའི་ཕྱིར་ཁོ་བོ་ལྟད་མོ་ཅན་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་ཁོ་བོ་ལྟད་མོར་གྱུར་ཏོ། །སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ལ་འཇུག་པ་ཤེས་པ་ལ་ཁོ་བོ་ལྟད་མོར་གྱུར་ཏེ། དེའི་ཕྱིར་ཁོ་བོ་ལྟད་མོ་ཅན་ཞེས་བྱའོ། །གང་ལ་ཁོ་བོ་ལྟད་མོར་མི་འགྱུར་བའི་ཡེ་ཤེས་དེ་གང་ཡང་མེད། འཇུག་པ་དེ་གང་ཡང་མེད་པས་དེའི་ཕྱིར་ཁོ་བོ་ལྟད་མོ་ཅན་ཞེས་བྱའོ། །གང་དུ་ཁོ་བོ་ལྟད་མོར་གྱུར་པ་དེར་ཉོན་མོངས་པ་ཐམས་ཅད་དང་བདུད་ཀྱི་ལས་ཐམས་ཅད་ཀྱི་སྐབས་མེད་དེ་དེའི་ཕྱིར་ན་ཁོ་བོ་ལྟད་མོད་ཅན་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྐྱེས་བུ་དམ་པའི་མིང་འདི་ཉིད་ལས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བརྗོད་དེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་སྟོན་ཀྱང་གང་ལ་འང་མི་ཆགས་ཏེ། །ཆགས་པ་མ་མཆིས་པར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་སྟོན་པ་ནི་ངོ་མཚར་ཏོ། །དེ་ནས་འཁོར་དེ་ཉིད་དུ་བྱང་ཆུབ་སེམས་དཔའ་རིན་ཆེན་དཔལ་ཞེས་བྱ་བ་འདུས་པར་གྱུར་ཏེ་འདུག་པ་དེས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་འདི་སྐད་ཅེས་སྨྲས་སོ། །
52.235b
རིགས་ཀྱི་བུ་ཁྱོད་ཀྱིས་ཏིང་ངེ་འཛིན་རབ་ཏུ་བསྟན་པ་ལས་བཙམས་ཏེ། གང་ཅི་འདྲ་བར་ཏིང་ངེ་འཛིན་ཡོངས་སུ་སྦྱང་བ་བྱ་བ་ལ་སྤོབས་པར་གྱིས་ཤིག་།དེ་སྐད་ཅེས་སྨྲས་པ་དང ། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་བྱང་ཆུབ་སེམས་དཔའ་རིན་ཆེན་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་བྱང་ཆུབ་ཀྱི་སྙིང་པོར་ཐོགས་པ་མེད་པར་འགྲོ་བ་བསམ་པ་དག་པ་ཞེས་བྱ་བ་ཡོད་དོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་འོད་ཟེར་ཅེས་བྱ་བ་ཡོད་དེ། དེ་བདག་དང་གཞན་བསྲུང་བའི་ཕྱིར་གཞན་གྱི་གནོད་པ་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་རོ། །དྲི་མ་མེད་ཅེས་བྱ་བའི་ཏིང་ངེ་འཛིན་ནི་སེམས་ཡོངས་སུ་དག་པར་འགྱུར་རོ། །རྣམ་པར་སྣང་མཛད་ཅེས་བྱ་བའི་ཏིང་ངེ་འཛིན་ནི་དགེ་བའི་ཆོས་ཐམས་ཅད་རྣམ་པར་འཕེལ་བར་འགྱུར་རོ། །དགེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་རྙོག་པ་མེད་པར་འགྱུར་རོ། །མངོན་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་སྤྱི་གཙུག་བལྟར་མི་མཐོང་བར་འགྱུར་རོ། །རྣམ་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ཉོན་མོངས་པ་ཐམས་ཅད་འདུལ་བར་འགྱུར་རོ། །འཁྱིལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་གཡས་ཕྱོགས་ཀྱི་ལམ་ཡོངས་སུ་རྫོགས་པར་འགྱུར་རོ། །ཟློག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་རྒྱུ་དང་ལྟ་བ་ལས་རྣམ་པར་ཟློག་པར་འགྱུར་རོ། །དགའ་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་ནི་ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པར་འགྱུར་རོ། །སྐར་མའི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་སྦྱིན་གནས་ཡོངས་སུ་དག་པར་འགྱུར་རོ། །མཐུ་དྲག་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་སེམས་མི་འཇུམ་པར་འགྱུར་རོ། །མཚུངས་པར་མཉམ་པ་ཉིད་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་འགྱུར་རོ། །བྱེད་པ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ལས་རྣམ་པར་སྨིན་པ་ལ་འཇུག་པར་འགྱུར་རོ། །སེང་གེའི་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་ནི་འཇིགས་པ་དང་སྤུ་ཟིང་ཞེས་བྱེད་པ་མེད་པར་འགྱུར་རོ། །སེམས་དཔའ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ཉོན་མོངས་པའི་བདུད་ཐམས་ཅད་སྐྲག་པར
52.236a
པར་འགྱུར་རོ། །པད་མ་དཀར་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་འཇིག་རྟེན་ཐམས་ཅད་ཀྱིས་མི་གོས་པར་འགྱུར་རོ། །པད་མ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་སེམས་ཀྱི་རྒྱན་དུ་འགྱུར་རོ། །འོད་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་སངས་རྒྱས་ཐམས་ཅད་ཀྱི་ཞིང་སྣང་བར་འགྱུར་རོ། །བྱ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤོང་བར་འགྱུར་རོ། །རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཅེས་བྱ་བའི་ཏིང་ངེ་འཛིན་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ལ་སྣང་བར་འགྱུར་རོ། །སྐར་མདའ་ལྡན་ཞེས་བྱ་བའི་ཏིང་ངེ་འཛིན་ནི་བག་ཆགས་ཐམས་ཅད་འཇོམ་པར་འགྱུར་རོ། །ཉི་མའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་མུན་པ་མུན་ནག་མེད་པར་འགྱུར་རོ། །ཉི་མ་འཁྱིལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་རྣམ་པར་ལྟ་བར་འགྱུར་རོ། །ཡོན་ཏན་གྱི་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ཡོན་ཏན་གྱི་ཆོས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བར་འགྱུར་རོ། །སྲེད་མེད་ཀྱི་བུ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ཕ་རོལ་རྒོལ་བ་ཐམས་ཅད་འཇོམ་པར་འགྱུར་རོ། །སྙིང་པོའི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་རྡོ་རྗེའི་ལུས་མི་ཕྱེད་པར་འགྱུར་རོ། །སྙིང་པོ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་དམ་བཅས་པ་ཐམས་ཅད་ཉམས་འོག་ཏུ་ཆུད་པར་འགྱུར་རོ། །རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་ནི་མངོན་པར་ཤེས་པ་ལས་མི་ཉམས་པར་འགྱུར་རོ། །རྡོ་རྗེའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་འགྱུར་རོ། །རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ཆོས་ཐམས་ཅད་རབ་ཏུ་རྟོགས་པར་འགྱུར་རོ། །སྤྱོད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ལ་འཇུག་པའི་ཡེ་ཤེས་སུ་འགྱུར་རོ། །ས་འཛིན་ཅེས་བྱ་བའི་ཏིང་ངེ་འཛིན་ནི་ཆགས་པ་དང་ཞེ་སྡང་མེད་པར་འགྱུར་རོ། །བདུད་ཀྱི་དཀྱིལ་འཁོར་འཇོམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་བདུད་བཞི་ལས་ཡང་དག་པར་འདའ་བར་འགྱུར་རོ། །ལུས་རྣམ་པར་འཇིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་གཟུགས་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ། །མི་འཛུམས་པ་ཞེས
52.236b
བྱ་བའི་ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་ཏུ་འགྱུར་རོ། །རྣམ་པ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་དམིགས་པ་ཐམས་ཅད་ཡོངས་སུ་དག་པར་འགྱུར་རོ། །ཉོན་མོངས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་དམིགས་པ་ཐམས་ཅད་ལས་ཡང་དག་པར་འདའ་བར་འགྱུར་རོ། །འཁོར་ལོ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ཆོས་ཀྱི་འཁོར་ལོ་ཡོངས་སུ་དག་པར་འགྱུར་རོ། །གློག་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ནི་སེམས་ཀྱི་སྐད་ཅིག་འཇིག་པ་ལ་རྣམ་པར་ལྟ་བར་འགྱུར་རོ། །ལེགས་པར་བྱས་པས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །རྣམ་པར་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་མི་དགེ་བའི་ཆོས་ཐམས་ཅད་སྤོང་བར་འགྱུར་རོ། །ལུས་ཀྱི་རྒྱན་ཅེས་བྱ་བའི་ཏིང་ངེ་འཛིན་ནི་མཚན་དང་དཔེ་བྱེད་བཟང་པོ་ཡོངས་སུ་རྫོགས་པར་འགྱུར་རོ། །ངག་གི་རྒྱན་ཅེས་བྱ་བའི་ཏིང་ངེ་འཛིན་ནི་ཚངས་པའི་སྒྲ་སྐད་བསྒྲགས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་མགུ་བར་འགྱུར་རོ། །སེམས་ཀྱི་རྒྱན་ཅེས་བྱ་བའི་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་ལས་མི་ཉམས་པར་འགྱུར་རོ། །བརྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ཕྱིར་མི་ལྡོག་པར་འགྱུར་རོ། །མཚུངས་པར་གཏོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་སེམས་ཅན་ཐ་དད་པ་མེད་པར་འགྱུར་རོ། །ཚུལ་ཁྲིམས་བསགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་སྨོན་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །བཟོད་པའི་གོ་བགོས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ལུས་དང་སྲོག་ལ་མི་ལྟ་བར་འགྱུར་རོ། །བརྩོན་འགྲུས་བརྟན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་མངོན་པར་ཤེས་པ་མྱུར་བར་འགྱུར་རོ། །ཚད་མེད་པའི་རྣམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ཚངས་པ་ལ་དབང་བྱེད་པར་འགྱུར་རོ། །ཅི་ཡང་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་གཟུགས་མེད་པའི་ཁམས་ཡོངས་སུ་སྦྱོང་བར་འགྱུར་རོ། །ལྷུན་པོའི་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་ནི་སེམས་ཅན་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །ལྷུན་པོའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ཕྱོགས་བཅུར་རྣམ་པར་ལྟ་བར་འགྱུར་རོ། །ཤེས་རབ་ཀྱི་སྐར་མདའ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་སྒྲིབ་པ་དང ། ཆོད་པ་དང ། ཀུན་ནས་ལྡང་བ་ཐམས་ཅད་རྣམ་པར་སེལ་བར
52.237a
འགྱུར་རོ། །རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ལས་དང་བྱ་བ་སྣ་ཚོགས་ལ་འཇུག་པར་འགྱུར་རོ། །མཐའ་ཡས་འཁྱིལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ལྟ་བ་ཐམས་ཅད་ཡོངས་སུ་གཅོད་པར་འགྱུར་རོ། །སྟོང་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ནི་དམིགས་པ་དང་ལྟ་བ་ཐམས་ཅད་སྤོང་བར་འགྱུར་རོ། །མཚན་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་རྟོག་པ་དང ། རྣམ་པར་རྟོག་པ་དང ། ཡོངས་སུ་རྟོག་པ་ཐམས་ཅད་སྤོང་བར་འགྱུར་རོ། །སྨོན་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་སྨོན་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་གཡོ་བ་དང་སེམས་པ་ཐམས་ཅད་འཇོམ་པར་འགྱུར་རོ། །སྒྲ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་སྤོབས་པ་ཐོགས་པ་མེད་པར་འགྱུར་རོ། །ཀུན་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ཐོས་པ་ཐམས་ཅད་འཛིན་པར་འགྱུར་རོ། །དྲན་པ་རྣམ་པར་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ཚད་མེད་པའི་སྣོད་ཀྱིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཚོལ་བར་འགྱུར་རོ། །མི་ཟད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་སེམས་ཅན་ཐམས་ཅད་མགུ་བར་འགྱུར་རོ། །རིན་ཆེན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ལག་ན་རིན་པོ་ཆེ་རབ་ཏུ་རྙེད་པར་འགྱུར་རོ། །རྗེས་སུ་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཤེས་པར་འགྱུར་རོ། །འགྲོ་བ་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་འགྲོ་བ་ཐམས་ཅད་རྟོགས་པར་འགྱུར་རོ། །བློ་གྲོས་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་སེམས་དང་ཡིད་རྣམ་པར་དག་པར་འགྱུར་རོ། །སྤྲིན་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་ཆར་རབ་ཏུ་འབེབས་པར་འགྱུར་རོ། །སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་བདུད་རྩིའི་ཆོས་རྙེད་པར་འགྱུར་རོ། །ཆོས་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་འདོད་ཆགས་དང་བྲལ་བའི་ཆོས་མངོན་སུམ་དུ་བྱེད་པར་འགྱུར་རོ། །དགེ་འདུན་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་སངས་རྒྱས་ཀྱི་ཆོས་ལས་མི་ལྡོག་པར
52.237b
འགྱུར་རོ། །གཏོང་བ་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ཕུང་པོ་ཐམས་ཅད་རབ་ཏུ་འདོར་བར་འགྱུར་རོ། །ཚུལ་ཁྲིམས་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་རྩ་བ་ལ་རབ་ཏུ་འགོད་པར་འགྱུར་རོ། །ལྷ་རྗེས་སུ་དྲན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་རྣམ་པར་དག་པའི་ཆོས་ལ་ཁ་ན་མ་ཐོ་བ་མེད་པར་འགྱུར་རོ། །ཆོས་ཀྱི་དབྱིབས་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ཆོས་ཐམས་ཅད་ལ་ཡང་དག་པར་གཞོལ་བར་འགྱུར་རོ། །ནམ་མཁའི་ངོ་བོ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ནི་ཆོས་ཐམས་ཅད་ལ་ཆགས་པ་མེད་པར་འགྱུར་རོ། །རང་བཞིན་གྱིས་མ་སྐྱེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། །རྒྱུད་ཆགས་པ་དང་རྒྱུད་མ་ཡིན་པའི་རྗེས་སུ་རྟོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ཡི་གེ་ཐམས་ཅད་དང་ཚིག་རབ་ཏུ་དབྱེ་བ་ལ་མཁས་པ་འཛིན་པར་འགྱུར་རོ། །ཤིན་དུ་སྦྱངས་པ་དྲི་མ་མེད་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་གང་དང་ལྡན་ན་བྱང་ཆུབ་སེམས་དཔའ་དེ་སེམས་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །རིགས་ཀྱི་བུ་དེ་དག་ནི་ཏིང་ངེ་འཛིན་གྱི་སྒོ་བརྒྱད་བཅུ་སྟེ། ཏིང་ངེ་འཛིན་དེ་རེ་རེ་ལ་ཡང་འཁོར་ཏིང་ངེ་འཛིན་གྱི་སྒོ་ལྔ་བརྒྱ་ལྔ་བརྒྱ་ཡོད་དོ། །དེ་དག་ཐམས་ཅད་བསྡོམས་ན་ཏིང་ངེ་འཛིན་བཞི་ཁྲིར་འགྱུར་ཏེ། དེ་དག་ཀུན་ནས་ཉོན་མོངས་པ་དང ། རྣམ་པར་བྱང་བས་ཏིང་ངེ་འཛིན་བརྒྱད་ཁྲིར་འགྱུར་རོ། །དེ་དག་སྔོན་གྱི་མཐའ་དང ། ཕྱི་མའི་མཐའ་དང ། ད་ལྟར་བྱུང་བ་མི་ཟད་པའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་བརྒྱད་ཁྲི་བཞི་སྟོང་དུ་འགྱུར་རོ། །ཏིང་ངེ་འཛིན་ཇི་སྙེད་པ་ཆོས་ཀྱི་སྒོ་མོ་ཡང་དེ་སྙེད། ཆོས་ཀྱི་ཕུང་པོ་ཡང་དེ་སྙེད་དེ། དེའི་ཕྱིར་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ལ་རབ་ཏུ་འཇུག་པའི་ཕྱིར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དེ་བཞིན་གཤེགས་པས་བཤད་ཅེས་བྱའོ། །རིགས་ཀྱི་བུ་འདི་ནི་སངས་རྒྱས་ཀྱི་ཡེ་ཤེས་དང་སྤྱོད་པ་ལ་འཇུག་པ་སེམས་ཅན་རྣམས་ཤེས་པར་བྱ་བའི་ཕྱིར་ཆོས་ཀྱི་མདོའོ། །
52.238a
གང་སངས་རྒྱས་ཀྱི་ཡེ་ཤེས་མཐའ་དག་དང ། སེམས་ཅན་གྱི་སྤྱོད་པ་མཐའ་དག་ལ་འཇུག་པ་དེ་ནི་ཚད་མེད་བསམ་གྱིས་མི་ཁྱབ་སྟེ། བསྐལ་པ་བརྒྱད་སྟོང་གི་མཐར་འདུག་ཀྱང་བཤད་པར་སླ་བ་མ་ཡིན་ནོ། །སངས་རྒྱས་ཀྱི་ཡེ་ཤེས་འདི་ཡོངས་སུ་བསྟན་ཅིང་ཏིང་ངེ་འཛིན་གྱི་སྒོ་འདི་དག་བཤད་པ་ན། བྱང་ཆུབ་སེམས་དཔའ་ཁྲི་དྲུག་སྟོང་ནི་ཏིང་ངེ་འཛིན་དང ། ཡེ་ཤེས་ཀྱིས་མངོན་པར་བསྒྲུབས་པའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་རོ། །ལྷའི་བུ་བརྒྱད་ཁྲི་བཞི་སྟོང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སྐྱེས་བུ་དམ་པ་ཁྱོད་ཀྱིས་ཏིང་ངེ་འཛིན་གྱི་སྒོ་འདི་བསྟན་པ་ནི་ལེགས་པར་སྨྲས་ཏེ། ལུས་མངོན་སུམ་པས་གཞན་གྱི་དྲིང་ལ་མི་འཇོག་པའི་ཆོས་རྣམས་ལ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཡོངས་སུ་བརྗོད་པ་འདི་ཤིན་དུ་ཡོངས་སུ་བསྟན་པ་ནི་ལེགས་སོ་ལེགས་སོ།། །།འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པ། བམ་པོ་ལྔ་པ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་རིན་ཆེན་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གང་གི་ཐད་དུ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་ཐོག་མར་ནམ་མཁའ་འདི་ལས་རིན་པོ་ཆེ་ཐམས་ཅད་ཀྱི་ཆར་རབ་ཏུ་ཕབ། དེ་སྐད་ཅེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རིན་ཆེན་དཔལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བགྲང་བ་ལས་འདས་པའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་དུ་གྱུར་པ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང ། ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དྲི་མ་མེད་པའི་འོད་མཐའ་ཡས་འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བ་སྐ་རགས་ཤེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ
52.238b
ཡོན་ཏན་གྱི་འོད་ཅེས་བྱ་བའི་བསྐལ་པ་ལ་འཇིག་རྟེན་དུ་བྱུང་སྟེ། ཡང་རིགས་ཀྱི་བུ་སྐ་རགས་ཤེས་བྱ་བའི་འཇིག་རྟེན་གྱི་ཁམས་དེ་ཡང་འབྱོར་པ། བདེ་བ། ལོ་ལེགས་པ། རྒྱས་པ། སྐྱེ་བོ་མང་པོ་དང་མིས་གང་བ། རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ། འཇམ་ཞིང་མཉེན་པ། གོས་ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བ། འཛམ་བུའི་ཆུ་བོ་གསེར་གྱི་པད་མ་བཀྲམ་པ། རིན་པོ་ཆེ་གསལ་བ་སྣ་ཚོགས་ཀྱིས་རྣམ་པར་སྤྲས་པ། མིག་མངས་རིས་སུ་བྲེས་པ། ལག་མཐིལ་ལྟར་མཉམ་སྟེ། འཇིག་རྟེན་གྱི་ཁམས་དེ་འདི་ལྟ་སྟེ་དཔེར་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང ། ཀུན་སྤྱོད་པ་ལྟར་འདུག་གོ། །མི་དེ་དག་ཐམས་ཅད་ཀྱང་གཞལ་མེད་ཁང་དང ། ཁང་པ་བརྩེགས་པ་ན་གནས་པར་གྱུར་ཅིང་བསམ་པས་ཟས་དང་སྐོམ་རབ་ཏུ་འབྱོར་ཏོ། །དེ་ཡང་རིགས་ཀྱི་བུ་དེ་བཞིན་གཤེགས་པ་དྲི་མ་མེད་པའི་འོད་མཐའ་ཡས་འོད་ཟེར་གྱི་རྒྱལ་པོའི་བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག་དྲུག་བཅུའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་བྱུང་ངོ ། །ཡང་རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་བསོད་ནམས་ཀྱིས་བརྒྱན་པ་ཞེས་བྱ་བ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཞིག་བྱུང་སྟེ། ཡང་རིགས་ཀྱི་བུ་རྒྱལ་པོ་བསོད་ནམས་ཀྱིས་བརྒྱན་པ་དེའི་ཁང་པ་འཛམ་བུའི་གླིང་གི་དབུས་སུ་བརྩིགས་པར་གྱུར་ཏོ། །ཤར་ཕྱོགས་སུ་ཡང་དཔག་ཚད་བཞི། ནུབ་ཕྱོགས་དང ། ལྷོ་ཕྱོགས་དང ། བྱང་ཕྱོགས་སུ་ཡང་དཔག་ཚད་བཞི་བཞི་པ་བཀྲ་བ། བལྟ་ན་སྡུག་པ། རིན་པོ་ཆེ་སྣ་བདུན་ལས་བྱས་པ། སྐྱེད་མོས་ཚལ་ལྔ་བརྒྱས་རབ་ཏུ་བརྒྱན་པའོ། །ཡང་རིགས་ཀྱི་བུ་རྒྱལ་པོ་བསོད་ནམས་ཀྱིས་བརྒྱན་པའི་བཙུན་མོ་བརྒྱད་ཁྲི་བཞི་སྟོང་ཡོད་དེ། ཐམས་ཅད་ཀྱང་ཡུལ་གྱི་བཟང་མོ་ཤ་སྟག་གོ། །ཁྱེའུ་བརྒྱད་ཁྲི་བཞི་སྟོང་ཡོད་དེ། ཐམས་ཅད་ཀྱང་ཚན་པོ་ཆེ་ཆེན་པོའི་སྟོབས་དང་དྲག་ཤུལ་འཆང་བ་ཤ་སྟག་གོ། །ཡང་རིགས་ཀྱི་བུ་རྒྱལ་པོ་བསོད་ནམས་ཀྱིས་བརྒྱན་པ་ལ་བཙུན་མོ་རིན་པོ་ཆེ་གཉིས་ཡོད་དེ། གཅིག་གི་མིང་ནི་དཔལ་གྱི་གཟི་བརྗིད། གཅིག་གི་མིང་ནི་དཔལ་གྱི་འོད་དོ། །རྒྱལ་པོ་བསོད་ནམས་ཀྱིས་བརྒྱན་པ
52.239a
དེ་དགའ་བ་བཀོད་པ་ཞེས་བྱ་བའི་སྐྱེད་མོས་ཚལ་དུ་ཞུགས་ཏེ། བཙུན་མོའི་ནང་ན་འདུག་པའི་ཚེ་ལྷ་མོ་དེ་གཉིས་ཀྱི་པང་པ་ནས་ཁྱེའུ་གཉིས་བྱུང་སྟེ། བརྫུས་ཏེ་སྐྱེས་པ་སྔོན་གྱི་སྦྱོར་བ་ཕུན་སུམ་ཚོགས་པ། སྨོན་ལམ་རྫོགས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ཞུགས་པ་སྟེ། གཅིག་གི་མིང་ནི་སེང་གེ་ཞེས་བྱ། གཅིག་གི་མིང་ནི་སེང་གེའི་རྩལ་གྱིས་འགྲོ་བ་ཞེས་བྱ་སྟེ། །དེ་གཉིས་བྱུང་མ་ཐག་ཏུ་སྒྲ་སྐད་དང་དབྱངས་གཅིག་ཏུ་ཕ་བསོད་ནམས་ཀྱིས་བརྒྱན་པ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སྔོན་བྱས་དགེ་དང་མི་དགེ་ཆུད་མི་ཟ། །དེ་བཞིན་གཤེགས་ལ་མཆོད་བྱས་ཆུད་མི་ཟ། །བསམ་པ་བྱང་ཆུབ་སེམས་ཀྱང་ཆུད་མི་ཟ། །བསྒྲུབ་པ་གཙོར་བྱེད་ཐོས་པ་ཆུད་མི་ཟ། །སྦྱིན་དང་དུལ་དང་སྡོམ་པ་ཆུད་མི་ཟ། །བཟོད་དང་དེས་པ་རྣམས་ཀྱང་ཆུད་མི་ཟ། །བྱས་པ་གཟོ་ཞིང་དགེ་བའི་ལས་བྱས་ཕྱིར། །བརྩོན་འགྲུས་བརྩམས་པ་བྱང་ཆུབ་ཆུད་མི་ཟ། །རྩེ་གཅིག་བསམ་གཏན་དང་ནི་རྣམ་ཐར་སེམས། །ངེས་པར་རྟོགས་དང་ཤེས་རབ་སེམས་མི་ཉམས། །ཡེ་ཤེས་ལས་བྱས་རྟག་ཏུ་མི་འཁྲུགས་ཏེ། །མི་འཁྲུགས་ཆོས་ལས་བྱང་ཆུབ་རྙེད་མི་དཀའ། །དེ་ནི་ཉོན་མོངས་པ་ཡིས་མི་གོས་ཏེ། །དེ་ནི་སླར་ཡང་མངལ་དུ་མི་གནས་ཤིང ། །དེ་ནི་པད་མའི་སྙིང་པོར་བརྫུས་ཏེ་སྐྱེ། །མི་གོས་པ་ནི་པད་མ་ཆུ་ལས་ལྟར། །ཤར་ཕྱོགས་ལོགས་ཀྱི་རྒྱལ་བ་སྨན་པའི་རྒྱལ། །དུས་གསུམ་མི་ཆགས་ཡེ་ཤེས་དམ་པ་ཡི། །བདེ་གཤེགས་དྲི་མེད་འོད་ཀྱི་གན་ནས་སུ། །ཆོས་འདོད་ཕྱིར་ནི་དེ་ནས་བདག་ཅག་འོངས། །ུ་དུམ་བ་རའི་མེ་ཏོག་ཇི་ལྟ་བར། །དེ་བཞིན་གཤེགས་པ་འབྱུང་བ་རྙེད་པར་དཀས། །དེ་ལ་བསྙེན་བཀུར་བགྱི་དང་བལྟ་སླད་དུ། །བདེ་གཤེགས་ཐད་དུ་ཡབ་ཀྱང་བཞུད་པར་བགྱི། །རྒྱལ་པོས་རྗེས་སུ་བསྟན་པ་འདི་ཐོས་ནས། །བུ་དང་བཙུན་མོ་འཁོར་དང་ལྷན་ཅིག་ཏུ། །སྲོག་ཆགས་བྱེ་བ་སྟོང་གིས་ཡོངས་བསྐོར་ཏེ། །རྒྱལ་བ་དེ་ཡི་གན་དུ་ཉེ་བར་དོང ། །མེ་ཏོག་དྲི་ཞིམ་བྱུག་པར་བཅས་པ་ཡིས། །དེ་ལ་ཚུལ་དང་འདྲ་བའི་མཆོད་བྱས་ནས། །ཞབས་ལ་ཕྱག་འཚལ་རབ་ཏུ་བསྐོར
52.239b
བྱས་ཏེ། །ཐལ་མོ་སྦྱར་བ་བཏུད་ནས་སྤྱན་སྔར་འདུག་།སེང་གེ་དང་ནི་སེང་གེའི་རྩལ་འགྲོ་ཡང ། །དེ་བཞིན་གཤེགས་པའི་ཞབས་ལ་བཟུང་ནས་སུ། །གཏུགས་ནས་ཆོས་དང་དོན་ལྡན་མཁས་པ་ཡི། །འཕགས་པ་དེས་ནི་ཚིགས་བཅད་འདི་དག་སྨྲས། །ཁྱོད་ནི་སྐྱབས་དང་མགོན་དང་དཔུང་གཉེན་ཏེ། །འཇིག་རྟེན་ལོང་བ་རྣམས་ཀྱི་སྒྲོན་མར་གྱུར། །སེམས་ཅན་རྣམས་ཀྱི་བསམ་སྤྱོད་གྱུར་ལ་མཁས། །ཇི་ལྟར་མོས་པ་དེ་བཞིན་གནས་པར་མཛད། །རྒྱལ་པོ་འདི་ནི་ཕྱུག་ཅིང་སྐྱིད་པས་མོས། །གཟུགས་དང་སྒྲ་དང་དྲི་དང་བཅས་པས་བཅིངས། །ནམ་ཡང་སྟོན་པ་ལ་ནི་མཆོད་ཕྱིར་ཡང ། །ཉེ་བར་མི་མཆི་ཆོས་ལྟ་ག་ལ་ཉན། །མགོན་པོ་ཐུགས་རྗེ་རབ་ཏུ་སྐྱེད་མཛོད་ལ། །ཇི་ལྟར་དེ་ཀུན་ལྷན་ཅིག་ཐོས་ནས་སུ། །ཐེག་པ་མཆོག་ལས་ལྡོག་པར་མི་འགྱུར་བ། །བྱང་ཆུབ་ལམ་མཆོག་དེ་ནི་ལེགས་པར་སྟོན། །བཅོམ་ལྡན་མགོན་པོ་ཏ་ལ་བརྒྱད་བཅུ་སྲིད། །ནམ་མཁར་འཕགས་བཞུགས་མི་དབང་དེ་ལ་གསུངས། །ང་ཡི་ཆོས་མཆོག་རྒྱལ་པོ་ཁྱོད་ཉོན་ལ། །ཐོས་ནས་དེ་ལ་ཚུལ་བཞིན་ནན་ཏན་གྱིས། །འདོད་པ་མི་རྟག་དེ་བཞིན་རྒྱལ་སྲིད་སྲོག་།སྲོག་ནི་རྩཝ་ཡི་ཟིལ་བའི་ཐིགས་པ་འདྲ། །བརྩེ་བ་དེ་བཞིན་འདོད་བདེ་རྨི་ལམ་འདྲ། །མཁས་པ་སུ་ཞིག་འདི་ལ་དགའ་བ་སྐྱེད། །སེམས་ཅན་གང་ཡང་འདོད་པས་ངོམས་མེད་དེ། །ཕྱིར་ཡང་དེ་བཞིན་འདོད་པ་སྐོམ་ཞིང་རྒྱུ། །བྱིས་པ་ངོམས་མི་ཤེས་ཤིང་ཡུལ་ལ་གནས། །ཤེས་རབ་གང་ངོམས་དེ་དག་ཤིན་དུ་ངོམས། །སྒྱུ་མ་སླུ་ཞིང་སྙིང་པོ་མེད་པ་ལྟར། །དེ་བཞིན་ཕུང་པོ་ལྔ་ཡང་སྒྱུ་མ་འདྲ། །ཁམས་རྣམས་འདི་དག་སྦྲུལ་གདུག་བཞིན་དུ་བསྟན། །དབང་པོ་དྲུག་ནི་སྟོང་པའི་གྲོང་དང་འདྲ། །བུ་དང་ཆུང་མ་རྒྱལ་སྲིད་ཡུལ་འཁོར་ཡང ། །འཆི་བར་གནས་པའི་གྲོགས་སུ་གྱུར་པ་མེད། །སྦྱིན་དུལ་ཀུན་སྡོམ་ཚུལ་ཁྲིམས་ཕུང་པོ་ནི། །དེ་དག་ཕ་རོལ་འགྲོ་བའི་གྲོགས་ཡིན་ནོ། །ང་ཡི་གཟུགས་དང་ཡོན་ཏན་སྤོབས་པ་རྫོགས། །རྫུ་འཕྲུལ་དག་ཀྱང་ཇི་འདྲ་རབ་ལྟོས་ལ། །གལ་ཏེ་འདི་འདྲ་བར
52.240a
ཡང་འགྱུར་འདོད་ན། །བྱང་ཆུབ་དམ་པ་འདི་ཕྱིར་སེམས་སྐྱེད་ཅིག་།རྒྱལ་པོ་གླང་པོ་དེས་ནི་ཆོས་ཐོས་ནས། །སྲོག་ཆགས་བྱེ་བ་སྟོང་ཕྲག་བདུན་བཅུ་དང ། །སྲས་དང་བཙུན་མོ་སྟོབས་བཅས་གྲོང་མི་རྣམས། །བྱང་ཆུབ་དམ་པ་འདི་ཕྱིར་སེམས་སྐྱེད་དེ། །བདག་ཅག་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་ཐམས་ཅད་འགྲོན་དུ་གཉེར་བར་བགྱི། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱོད་པར་བགྱི། །འགྲོ་བ་བླ་མེད་སངས་རྒྱས་འགྱུར་བར་བགྱི། །རིགས་ཀྱི་བུ་དེ་ལྟར་རྒྱལ་པོ་བསོད་ནམས་ཀྱིས་བརྒྱན་པ་དེས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་རུང་བ་ཡིད་དུ་འོང་བ་ཁ་ན་མ་ཐོ་བ་མེད་པའི་བདེ་བའི་ཡོ་བྱད་དང་ཡོངས་སུ་ལོངས་སྤྱོད་པ་ཐམས་ཅད་ཀྱིས་རིམ་གྲོ་བྱས་སོ། །ཁྱེའུ་སེང་གེ་དང ། སེང་གེའི་རྩལ་གྱིས་འགྲོ་བ་དེ་གཉིས་བཅོམ་ལྡན་འདས་དེའི་བསྟན་པ་ལ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ ། །དེ་དག་རབ་ཏུ་བྱུང་བས་རྒྱལ་བུ་ཕྱི་མ་ཉི་ཁྲི་ཡང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ ། །དེ་ནས་སེང་གེ་དང ། སེང་གེའི་རྩལ་གྱིས་འགྲོ་བའི་དགེ་སློང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང ། ཡོ་བྱད་བསྙུངས་པ་དང ། དབེན་པར་སྤྱོད་པ་ལ་སྦྱོར་ཞིང་བརྩོན་པས་རིང་པོ་མ་ལོན་པར་མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དེ་དག་མངོན་པར་ཤེས་པ་རྙེད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རང་གི་རྫུ་འཕྲུལ་གྱི་སྟོབས་དང ། སྨོན་ལམ་གྱི་སྟོབས་ཀྱིས་ཆོས་བཤད་ནས་དེ་གཉིས་ཀྱིས་སེམས་ཅན་ཚད་མེད་གྲངས་མེད་པ་ཡོངས་སུ་སྨིན་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་བཀོད་པར་གྱུར་ཏོ། །རིགས་ཀྱི་བུ་འདི་ལྟར་ལོ་བརྒྱད་ཁྲི་བཞི་སྟོང་འདས་ནས་རྒྱལ་པོ་བསོད་ནམས་ཀྱིས་བརྒྱན་པ་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མ་མེད་པའི་འོད་མཐའ་ཡས་འོད་ཟེར་གྱི་རྒྱལ་པོ་ག་ལ་བ་དེར་སོང་བ་དང་དེས་ཁྱེའུ་དེ་གཉིས་རབ་ཏུ་བྱུང་བར་མཐོང་ངོ ། །མཐོང་ནས་ཀྱང་ངས་ནི་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་དེ་བཞིན་གཤེགས་པ་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ན་འདི་གཉིས་རབ་ཏུ་བྱུང་ནས། ངས་མ་བྱས་པ་ཅི་ཞིག་བྱས་སྙམ་དུ་བརྙས
52.240b
པའི་སེམས་སྐྱེས་སོ། །རིགས་ཀྱི་བུ་དེ་ནས་ཡང་དེ་བཞིན་གཤེགས་པ་དྲི་མ་མེད་པའི་འོད་མཐའ་ཡས་འོད་ཟེར་གྱི་རྒྱལ་པོ་བསོད་ནམས་ཀྱིས་བརྒྱན་པ་དེ་ལྟ་བུར་སེམས་པ་མཁྱེན་ནས། །བྱང་ཆུབ་སེམས་དཔའ་སེང་གེའི་རྩལ་གྱིས་འགྲོ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་དང ། །མངོན་པར་ཤེས་པ་དང ། བསོད་ནམས་དང ། ཡེ་ཤེས་ཀྱི་སྟོབས་སྟོན་ལ་འཁོར་ཐམས་ཅད་དགའ་བར་གྱིས་ཤིག་།བདུད་ཀྱི་གནས་ཐམས་ཅད་མོག་མོག་པོར་གྱིས་ཤིག་།བྱང་ཆུབ་ཀྱི་ལམ་འབར་བར་གྱིས་ཤིག་།སེམས་ཅན་ཐམས་ཅད་ཚིམ་པར་གྱིས་ཤིག་།ཕས་ཀྱི་རྒོལ་བ་རྣམས་ཚར་ཆོད་ཅིག་།ཆོས་ཀྱི་སྒྲོན་མ་འབར་བར་གྱིས་ཤིག་།ཉོན་མོངས་པ་ཐམས་ཅད་ཞི་བར་གྱིས་ཤིག་།བྱང་ཆུབ་སེམས་དཔའི་རྣམ་པར་རོལ་པ་འང་སྟོན་ཅིག་།དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེང་གེའི་རྩལ་གྱིས་འགྲོ་བས་དེའི་དུས་ན་ནམ་མཁའ་ལ་ལག་པས་བྱུགས་ནས་དེས་ནམ་མཁའ་ལ་ལག་པས་བྱུགས་པ་དང ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ། །དེས་ཡང་ནམ་མཁའ་ལ་ལག་པས་བྱུགས་པ་དང ། དེ་ནས་དེའི་ཚེ་བར་སྣང་ལས་སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མ་དཀྲོལ་བར་སྒྲ་བྱུང་ངོ ། །དེས་ཡང་ནམ་མཁའ་ལ་ལག་པས་བྱུགས་པ་དང ། དེ་ནས་བར་སྣང་ལས་སྔོན་མ་ཐོས་མ་མཐོང་བའི་དྲི་ཞིམ་ཞིང་འཇམ་པ་ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བའི་མེ་ཏོག་རྣམས་ཀྱི་ཆར་བབ་བོ། །དེས་ཡང་ནམ་མཁའ་ལ་ལག་པས་བྱུགས་པ་དང ། དེ་ནས་དེ་མ་ཐག་ཏུ་བར་སྣང་ལས་རིན་པོ་ཆེ་ཐམས་ཅད་ཀྱི་ཆར་རབ་ཏུ་མངོན་པར་བབ་བོ། །ལོངས་སྤྱོད་དང་ཀུན་སྤྱོད་པ་ཐམས་ཅད་ཀྱི་ཆར་རབ་ཏུ་བབ་བོ། །ཇི་ལྟ་བུར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེར་ཡོ་བྱད་ཐམས་ཅད་ཀྱི་ཆར་མངོན་པར་རབ་ཏུ་འབབ་པ་དེ་དེ་ལྟ་བུའི་ཟས་དང་སྐོམ་དང་བྲོའི་ཆར་མངོན་པར་རབ་ཏུ་བབ་བོ། །དེ་ནས་དེ་བཞིན་གཤེགས་པ་དྲི་མ་མེད་པའི་འོད་མཐའ་ཡས་འོད་ཟེར་གྱི་རྒྱལ་པོས་རྒྱལ་པོ་བསོད་ནམས་ཀྱིས་བརྒྱན་པ་ལ་འདི་སྐད་ཅེས
52.241a
བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྦྱིན་པ་ཡོངས་སུ་བཏང་བ་དང་རིན་པོ་ཆེའི་ཆར་བབ་པ་འདི་གང་མང ། གསོལ་པ། བཅོམ་ལྡན་འདས་རིན་པོ་ཆེའི་ཆར་འདི་ནི་དཔེར་བགྱི་བ་ཡང་སླ་བ་མ་ལགས་ཏེ། དེ་ཙམ་དུ་ཚད་མ་མཆིས་སོ། །བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེང་གེའི་རྩལ་གྱིས་འགྲོ་བ་འདི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་འདོད་ན། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སུ་འདི་འདྲ་བའི་རིན་པོ་ཆེའི་ཆར་མངོན་པར་འབེབས་སོ། །གང་འཇིག་རྟེན་གྱི་ཁམས་དེ་དག་གི་སེམས་ཅན་དེ་དག་ལ་ཇི་ལྟ་བུར་འདོད་པ་བཞིན་དུ་ངོམས་ཤིང་ཚིམ་པར་བྱེད་དོ། །རིགས་ཀྱི་བུ་འདི་ལྟར་དེའི་ཚེ་དེའི་དུས་ན་གང་ས་བླའི་ལྷ་རྣམས་ཀྱིས་མ་ལ་འདིས་སེམས་བསྐྱེད་མ་ཐག་ཏུ་ནམ་མཁའ་ལས་རིན་པོ་ཆེ་ཐམས་ཅད་ཀྱི་ཆར་མངོན་པར་རབ་ཏུ་འབབ་པ་ལས་ན་བྱང་ཆུབ་སེམས་དཔའ་འདི་ནི་ནམ་མཁའ་མཛོད་དུ་འགྱུར་བ་སྙམ་ཞེས་སྒྲ་ཕྱུང་ངོ ། །ཇི་ལྟར་ས་བླའི་ལྷ་རྣམས་ཀྱིས་སྒྲ་ཕྱུང་བ་དེ་བཞིན་དུ་བར་སྣང་དང ། རྒྱལ་ཆེན་བཞིའི་རིས་དང ། སུམ་བཅུ་རྩ་གསུམ་དང ། འཐབ་བྲལ་དང ། དགའ་ལྡན་དང ། འཕྲུལ་དགའ་ནས་རྒྱལ་ཆེན་བཞིའི་རིས་ཀྱི་བར་གྱི་ལྷ་རྣམས་ཀྱིས་ཀྱང་མ་ལ་འདིས་སེམས་བསྐྱེད་མ་ཐག་ཏུ་འདི་འདྲ་བའི་རིན་པོ་ཆེའི་ཆར་རབ་ཏུ་བབ་པ་ལས་ན། ཀྱེ་མ་བྱང་ཆུབ་སེམས་དཔའ་འདི་ནི་ནམ་མཁའ་མཛོད་དུ་འགྱུར་བ་སྙམ་ཞེས་སྒྲ་ཕྱུང་བས་མིང་དེ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མ་མེད་པའི་འོད་མཐའ་ཡས་འོད་ཟེར་གྱི་རྒྱལ་པོ་དེ་རྗེས་སུ་ཡི་རང་ངོ ། །གང་ལ་དེ་རྗེས་སུ་ཡི་རང་བ་དེ་ལ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་རྗེས་སུ་ཡི་རང་ངོ ། །རིགས་ཀྱི་བུ་འདི་ལྟར་རྒྱལ་པོ་བསོད་ནམས་ཀྱིས་བརྒྱན་པ་དེས་བྱང་ཆུབ་སེམས་དཔའ་སེང་གེའི་རྩལ་གྱིས་འགྲོ་བའི་མངོན་པར་ཤེས་པ་དང ། བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་དེ་མཐོང་ནས་ཁྱེའུ་རྒྱལ་བའི་བློ་གྲོས་ཞེས་བྱ་བ་རྒྱལ་པོར་བཅུག་སྟེ། དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་སྦྱིན་པ་འདི་ནི་སེམས་ཀུན་དུ་ཆགས་པའོ། །རབ་ཏུ་བྱུང་བ་ནི་སེམས་ཡོངས་སུ་དག་པའོ། །སྦྱིན་པ་འདི་ནི་ལུས་དང་ངག་གི་བགེགས་སོ། །
52.241b
རབ་ཏུ་བྱུང་བ་ནི་ལུས་དང་ངག་ཡོངས་སུ་སྦྱོང་བའོ། །སྦྱིན་པ་འདི་བགེགས་ཆེན་པོའོ། །རབ་ཏུ་བྱུང་བ་ནི་བགེགས་ཐམས་ཅད་ཉེ་བར་ཞིའོ། །སྦྱིན་པ་འདི་ནི་རྩཝ་དང་ལོ་མའོ། །རབ་ཏུ་བྱུང་བ་ནི་སྙིང་པོ་དང་འབྲས་བུར་འགྲུབ་པའོ། །སྦྱིན་པ་འདི་ནི་ང་ཡི་བ་དང་བཅས་ཤིང་ཡོངས་སུ་འཛིན་པ་དང་བཅས་པའོ། །རབ་ཏུ་བྱུང་བ་ནི་ཡོངས་སུ་འཛིན་པ་ཐམས་ཅད་འདོར་བའོ། །སྦྱིན་པ་འདི་ནི་འཇིག་ཚོགས་ལ་ལྟ་བ་ལས་མི་བསྐྱོད་པའོ། །རབ་ཏུ་བྱུང་བ་ནི་ལྟ་བ་ཐམས་ཅད་ཡོངས་སུ་སྦྱོང་བའོ། །སྦྱིན་པ་འདི་ནི་བྱིས་པའི་རྩེད་མོ་སྦྱོར་བའོ། །རབ་ཏུ་བྱུང་བ་འདི་ནི་དུལ་བ་དང་ཅང་ཤེས་པའི་སའོ་སྙམ་དུ་དེ་དེ་ལྟར་ཚུལ་བཞིན་རབ་ཏུ་སྦྱོར་ཞིང ། སེམས་དེ་ལྟ་བུ་དང་བསམ་པ་དེ་ལྟ་བུས་དེ་ལྟར་རབ་ཏུ་བྱུང་སྟེ་གཅིག་པུ་མི་འདྲེ་བ་བག་ཡོད་པ། བརྩོན་པ་རབ་ཏུ་དབེན་པར་གནས་པས་རིང་པོ་མ་ཐོགས་པར་མངོན་པར་ཤེས་པ་ལྔ་བསྐྱེད་དོ། །རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་རྒྱལ་པོ་བསོད་ནམས་ཀྱིས་བརྒྱན་པར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སེམས་ན་དེ་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་འཁོར་བ་འཇིགི་དེ་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་བསོད་ནམས་ཀྱིས་བརྒྱན་ཅེས་བྱ་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་འདི་ནི། དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་སེང་གེའི་རྩལ་གྱིས་འགྲོ་བ་ཞེས་བྱ་བར་གྱུར་ཏེ། དེས་ཐོག་མར་ནམ་མཁའི་མཛོད་ལས་རིན་པོ་ཆེའི་ཆར་ཕབ་བོ། །དེ་ཚུན་ཆད་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་གྲངས་མེད་པར་ནམ་ཡང་ནམ་མཁའི་མཛོད་ལས་རིན་པོ་ཆེའི་ཆར་འབེབས་པ་མངོན་པར་ཤེས་པ་ལས་མ་ཉམས་སོ། །རིགས་ཀྱི་བུ་ང་ནི་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་སེང་གེ་ཞེས་བྱ་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་བྱམས་པ་ནི་དེའི་ཚེ་དེའི་དུས་ན་རྒྱལ་བུ་རྒྱལ་བའི་བློ་གྲོས་ཤེས་བྱ་བར་གྱུར་ཏེ། གང་རྒྱལ་པོ་བསོད་ནམས་ཀྱིས་བརྒྱན་པས་རྒྱལ་པོར་བཅུག་པའོ། །རིགས་ཀྱི་བུ་དེའི་གསུང་རབ་ཀྱང་འདི་ལྟར་དགའ་ཞིང་ཡོངས་སུ་དག་པར་གྱུར་ཏེ། དགེ་བའི་རྩ་བ་བསྐྱེད
52.242a
པའི་སེམས་ཅན་རྣམས་ཀྱི་གནས་སུ་གྱུར་ཏོ། །སེམས་ཅན་གང་ཇི་སྙེད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ཀྱང་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །སྔོན་བྱུང་བ་དང་ལྡན་པའི་གཏམ་འདི་བསྟན་པ་ན་སྲོག་ཆགས་ཁྲི་ཉིས་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་ལམ་གང་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཞེས་བྱ་བ་ནི་ཕ་རོལ་དུ་ཕྱིན་པ་དྲུག་དང ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་དང ། ཞི་གནས་དང ། ལྷག་མཐོང་དང ། བསྡུ་བའི་དངོས་པོ་བཞི་དང ། བསམ་གཏན་བཞི་དང ། ཚད་མེད་པ་བཞི་དང ། གཟུགས་མེད་པའི་སྙོམས་པར་འཇུག་པ་དང ། མངོན་པར་ཤེས་པ་ལྔ་རྣམས་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་ལམ་ཞེས་བྱའོ། །འཇིག་རྟེན་ཞེས་བྱ་བ་ནི་ཕུང་པོ་ལྔའོ། །དེ་ལ་བྱང་ཆུབ་སེམས་དཔའ་གཟུགས་མི་རྟག་པར་རིག་ནས་སྦྱིན་པ་སྦྱིན་ནོ། །གཟུགས་སྡུག་བསྔལ་བར་རིག་ནས་སྦྱིན་པ་སྦྱིན་ནོ། །གཟུགས་བདག་མེད་པར་རིག་།གཟུགས་ཞི་བར་རིག་།གཟུགས་སྟོང་པར་རིག་།གཟུགས་མཚན་མ་མེད་པར་རིག་།གཟུགས་སྨོན་པ་མེད་པར་རིག་།གཟུགས་མངོན་པར་འདུ་མི་བྱེད་པར་རིག་།གཟུགས་མ་སྐྱེས་པར་རིག་།གཟུགས་མ་བྱུང་བར་རིག་།གཟུགས་རྟེན་ཅིང་འབྲེལ་བར་འབྱུང་བར་རིག་།གཟུགས་དབེན་པར་རིག་།གཟུགས་གཟུང་བ་མེད་པར་རིག་།གཟུགས་ཀུན་གཞི་མེད་པར་རིག་།གཟུགས་འབྱུང་བ་མེད་པར་རིག་།གཟུགས་སྒྱུ་མ་ལྟ་བུར་རིག་།གཟུགས་རྨི་ལམ་ལྟ་བུར་རིག་།གཟུགས་སྨིག་རྒྱུ་ལྟ་བུར་རིག་།གཟུགས
52.242b
ཆུ་ཟླ་ལྟ་བུར་རིག་།གཟུགས་བྲག་ཆ་ལྟ་བུར་རིག་།གཟུགས་མིག་ཡོར་ལྟ་བུར་རིག་།གཟུགས་གཟུགས་བརྙན་ལྟ་བུར་རིག་།གཟུགས་རྩཝ་དང་ཤིང་དང་རྩིག་པ་དང་ལམ་དང ། མིག་ཡོར་ལྟ་བུར་རིག་ནས་སྦྱིན་པ་སྦྱིན་ཏེ། གཟུགས་ཀྱི་དེ་བཞིན་ཉིད་ཀྱིས་སྦྱིན་པའི་དེ་བཞིན་ཉིད་ལ་འཇུག་གོ། །སྦྱིན་པའི་དེ་བཞིན་ཉིད་ཀྱིས་བསྔོ་བའི་དེ་བཞིན་ཉིད་རྗེས་སུ་ཤེས་སོ། །བསྔོ་བའི་དེ་བཞིན་ཉིད་ཀྱིས་བྱང་ཆུབ་ཀྱི་དེ་བཞིན་ཉིད་དང ། བྱང་ཆུབ་ཀྱི་དེ་བཞིན་ཉིད་ཀྱིས་སེམས་ཅན་གྱི་དེ་བཞིན་ཉིད་དང ། སེམས་ཅན་གྱི་དེ་བཞིན་ཉིད་ཀྱིས་བདག་གི་དེ་བཞིན་ཉིད་དང ། བདག་གི་དེ་བཞིན་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྗེས་སུ་ཤེས་སོ། །གང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ་ནི་དེ་བཞིན་ཉིད་མེད་དེ། མ་ནོར་བ་དེ་བཞིན་ཉིད་དང ། གཞན་མ་ཡིན་པ་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་རྗེས་སུ་ཤེས་པས་སྦྱིན་པ་སྟེ། སྦྱིན་པ་འདི་ནི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་འཇིག་རྟེན་ལས་འདས་པའི་ལམ་མོ། །དེ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང ། ་འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་མི་རྟག་པར་རིག་ནས་སྦྱིན་པ་སྦྱིན་ནོ། །རྣམ་པར་ཤེས་པ་སྡུག་བསྔལ་བ་དང་བདག་མེད་པར་རིག་།རྣམ་པར་ཤེས་པ་ཞི་བར་རིག་།རྣམ་པར་ཤེས་པ་སྟོང་པར་རིག་།རྣམ་པར་ཤེས་པ་མཚན་མ་མེད་པར་རིག་།རྣམ་པར་ཤེས་པ་སྨོན་པ་མེད་པར་རིག་།རྣམ་པར་ཤེས་པ་མངོན་པར་འདུ་མི་བྱེད་པར་རིག་།རྣམ་པར་ཤེས་པ་མ་སྐྱེས་པར་རིག་།རྣམ་པར་ཤེས་པ་མ་བྱུང་བར་རིག་།རྣམ་པར་ཤེས་པ་རྟེན་ཅིང་འབྲེལ་པར་འབྱུང་བར་རིག་ནས་སྦྱིན་པ་སྦྱིན་ནོ། །རྣམ་པར་ཤེས་པ་དབེན་པར་རིག་།རྣམ་པར་ཤེས་པ་གཟུང་བ་མེད་པར་རིག་།རྣམ་པར་ཤེས་པ་ཀུན་གཞི་མེད་པར་རིག་།རྣམ་པར་ཤེས་པ་མི་འབྱུང་བར་རིག་།རྣམ་པར་ཤེས་པ་སྒྱུ་མ་ལྟ་བུར་རིག་།རྣམ་པར་ཤེས་པ་རྨི་ལམ་ལྟ་བུར་རིག་།རྣམ་པར་ཤེས་པ་སྨིག་རྒྱུ་ལྟ་བུར་རིག་།རྣམ་པར་ཤེས་པ་ཆུ་ཟླ་ལྟ་བུར་རིག་།རྣམ་པར་ཤེས་པ་མིག་ཡོར་ལྟ་བུར་རིག་།རྣམ་པར་ཤེས་པ་གཟུགས
52.243a
བརྙན་ལྟ་བུར་རིག་།རྣམ་པར་ཤེས་པ་རྣམ་པར་རིག་པ་མེད་པའི་མཚན་ཉིད་དུ་རིག་ནས་སྦྱིན་པ་སྦྱིན་ཏེ། དེ་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱིས་སྦྱིན་པའི་དེ་བཞིན་ཉིད་རྗེས་སུ་ཤེས་སོ། །སྦྱིན་པའི་དེ་བཞིན་ཉིད་ཀྱིས་བསྔོ་བའི་དེ་བཞིན་ཉིད་དང ། བསྔོ་བའི་དེ་བཞིན་ཉིད་ཀྱིས་བྱང་ཆུབ་ཀྱི་དེ་བཞིན་ཉིད་དང ། བྱང་ཆུབ་ཀྱི་དེ་བཞིན་ཉིད་ཀྱིས་སེམས་ཅན་གྱི་དེ་བཞིན་ཉིད་དང ། སེམས་ཅན་གྱི་དེ་བཞིན་ཉིད་ཀྱིས་བདག་གི་དེ་བཞིན་ཉིད་དང ། བདག་གི་དེ་བཞིན་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྗེས་སུ་ཤེས་སོ། །གང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ་ནི་དེ་བཞིན་ཉིད་མེད་དེ། །མ་ནོར་བ་དེ་བཞིན་དང ། གཞན་མ་ཡིན་པ་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་རྗེས་སུ་ཤེས་པས་སྦྱིན་པ་སྦྱིན་པ་འདི་ནི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་འཇིག་རྟེན་ལས་འདས་པའི་ལམ་མོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གཟུགས་མི་རྟག་པར་རིག་ནས་ཚུལ་ཁྲིམས་སྲུང་བ་ནས། གཟུགས་རྩཝ་དང ། ཤིང་དང ། རྩིག་པ་དང ། ལམ་དང ། གཟུགས་བརྙན་ལྟ་བུའི་བར་དུ་རིག་ནས་ཚུལ་ཁྲིམས་སྲུང་ངོ ། །དེ་གཟུགས་ཀྱི་དེ་བཞིན་ཉིད་ཀྱིས་ཚུལ་ཁྲིམས་ཀྱི་དེ་བཞིན་ཉིད་རྗེས་སུ་ཤེས་སོ། །ཚུལ་ཁྲིམས་ཀྱི་དེ་བཞིན་ཉིད་ཀྱིས་བསྔོ་བའི་དེ་བཞིན་ཉིད་དང ། བསྔོ་བའི་དེ་བཞིན་ཉིད་ཀྱིས་བྱང་ཆུབ་ཀྱི་དེ་བཞིན་ཉིད་དང ། བྱང་ཆུབ་ཀྱི་དེ་བཞིན་ཉིད་ཀྱིས་སེམས་ཅན་གྱི་དེ་བཞིན་ཉིད་དང ། ་སེམས་ཅན་གྱི་དེ་བཞིན་ཉིད་ཀྱིས་བདག་གི་དེ་བཞིན་ཉིད་དང ། བདག་གི་དེ་བཞིན་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྗེས་སུ་ཤེས་སོ། །གང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ་ནི་དེ་བཞིན་ཉིད་མེད་དེ། །མ་ནོར་བ་དེ་བཞིན་ཉིད་དང ། གཞན་མ་ཡིན་པ་དེ་བཞིན་ཉིད་དེ། དེ་བཞིན་ཉིད་རྗེས་སུ་ཤེས་པས་ཚུལ་ཁྲིམས་དེ་སྲུང་བ་འདི་ནི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་འཇིག་རྟེན་ལས་འདས་པའི་ལམ་མོ། །དེ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་མི་རྟག་པར་རིག་ནས་ཚུལ་ཁྲིམས་བསྲུང་བ་ནས་རྣམ་པར་ཤེས་པ་རྣམ་པར་རིག་པ
52.243b
མེད་པའི་མཚན་ཉིད་ཀྱི་བར་དུ་རིག་ནས་ཚུལ་ཁྲིམས་སྲུང་སྟེ། དེ་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱིས་ཚུལ་ཁྲིམས་ཀྱི་དེ་བཞིན་ཉིད་རྗེས་སུ་ཤེས་སོ། །ཚུལ་ཁྲིམས་ཀྱི་དེ་བཞིན་ཉིད་ཀྱིས་བསྔོ་བའི་དེ་བཞིན་ཉིད་དང ། བསྔོ་བའི་དེ་བཞིན་ཉིད་ཀྱིས་བྱང་ཆུབ་ཀྱི་དེ་བཞིན་ཉིད་དང ། བྱང་ཆུབ་ཀྱི་དེ་བཞིན་ཉིད་ཀྱིས་སེམས་ཅན་གྱི་དེ་བཞིན་ཉིད་དང ། ་སེམས་ཅན་གྱི་དེ་བཞིན་ཉིད་ཀྱིས་བདག་གི་དེ་བཞིན་ཉིད་དང ། བདག་གི་དེ་བཞིན་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྗེས་སུ་ཤེས་སོ། །གང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ་ནི་དེ་བཞིན་ཉིད་མེད་དེ། མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་རྗེས་སུ་ཤེས་པས་ཚུལ་ཁྲིམས་དེ་སྲུང་བ་འདི་ནི་བྱང་ཆུབ་སེམས་དཔའི་འཇིག་རྟེན་ལས་འདས་པའི་ལམ་མོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གཟུགས་མི་རྟག་པར་རིག་ནས་བཟོད་པ་སྒོམ་པ་ནས། དེ་བཞིན་དུ་སྦྱར་ཏེ། རྗེས་སུ་ཤེས་པ་འདི་ལྟ་བུས་བརྩོན་འགྲུས་རྩོམ་མོ། །བསམ་གཏན་ལ་མཉམ་པར་འཇོག་གོ། །ཤེས་རབ་རྣམ་པར་དཔྱོད་དོ། །དེས་གཟུགས་མི་རྟག་པར་རིག་ནས་ཤེས་རབ་རྣམ་པར་དཔྱོད་པ་ནས། གཟུགས་རྩཝ་དང་ཤིང་དང་རྩིག་པ་དང་ལམ་དང་མིག་ཡོར་ལྟ་བུའི་བར་རིག་ནས་ཤེས་རབ་རྣམ་པར་དཔྱོད་དོ། །དེ་གཟུགས་ཀྱི་དེ་བཞིན་ཉིད་ཀྱིས་ཤེས་རབ་ཀྱི་དེ་བཞིན་ཉིད་རྗེས་སུ་ཤེས་སོ། །ཤེས་རབ་ཀྱི་དེ་བཞིན་ཉིད་ཀྱིས་བསྔོ་བའི་དེ་བཞིན་ཉིད་དང ། བསྔོ་བའི་དེ་བཞིན་ཉིད་ཀྱིས་བྱང་ཆུབ་ཀྱི་དེ་བཞིན་ཉིད་དང ། བྱང་ཆུབ་ཀྱི་དེ་བཞིན་ཉིད་ཀྱིས་སེམས་ཅན་གྱི་དེ་བཞིན་ཉིད་དང ། སེམས་ཅན་གྱི་དེ་བཞིན་ཉིད་ཀྱིས་བདག་གི་དེ་བཞིན་ཉིད་དང ། བདག་གི་དེ་བཞིན་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྗེས་སུ་ཤེས་སོ། །གང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ་ནི་དེ་བཞིན་ཉིད་མེད་དེ། མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་རྗེས་སུ་ཤེས་པས་ཤེས་རབ་རྣམ་པར་དཔྱོད་པ་འདི་ནི་བྱང་ཆུབ་སེམས་དཔའི་འཇིག་རྟེན་ལས་འདས་པའི་ལམ་མོ། །དེ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས
52.244a
པ་མི་རྟག་པར་རིག་ནས་ཤེས་རབ་རྣམ་པར་དཔྱོད་པ་ནས། རྣམ་པར་ཤེས་པ་རྣམ་པར་རིག་པ་མེད་པའི་མཚན་ཉིད་ཀྱི་བར་དུ་རིག་ནས་ཤེས་རབ་རྣམ་པར་དཔྱོད་དོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱིས་ཤེས་རབ་ཀྱི་དེ་བཞིན་ཉིད་རྗེས་སུ་ཤེས་སོ། །ཤེས་རབ་ཀྱི་དེ་བཞིན་ཉིད་ཀྱིས་བསྔོ་བའི་དེ་བཞིན་ཉིད་དང ། བསྔོ་བའི་དེ་བཞིན་ཉིད་ཀྱིས་བྱང་ཆུབ་ཀྱི་དེ་བཞིན་ཉིད་དང ། བྱང་ཆུབ་ཀྱི་དེ་བཞིན་ཉིད་ཀྱིས་སེམས་ཅན་གྱི་དེ་བཞིན་ཉིད་དང ། སེམས་ཅན་གྱི་དེ་བཞིན་ཉིད་ཀྱིས་བདག་གི་དེ་བཞིན་ཉིད་དང ། བདག་གི་དེ་བཞིན་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྗེས་སུ་ཤེས་སོ། །གང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ་ནི་དེ་བཞིན་ཉིད་མེད་དེ། མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་རྗེས་སུ་ཤེས་པས་ཤེས་རབ་རྣམ་པར་དཔྱོད་པ་འདི་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་འཇིག་རྟེན་ལས་འདས་པའི་ལམ་མོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་གཟུགས་མི་རྟག་པར་རིག་ནས་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པ་སྒོམ་པ་ནས་གཟུགས་རྩཝ་དང་ཤིང་དང་རྩིག་པ་དང་ལམ་དང་མིག་ཡོར་ལྟ་བུའི་བར་དུ་རིག་ནས་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པ་སྒོམ་མོ། །གཟུགས་ཀྱི་དེ་བཞིན་ཉིད་ཀྱིས་ལུས་ཀྱི་དེ་བཞིན་ཉིད་རྗེས་སུ་ཤེས་སོ། །ལུས་ཀྱི་དེ་བཞིན་ཉིད་རྗེས་སུ་ཤེས་པ་ནས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་བར་དུ་རྗེས་སུ་ཤེས་སོ། །གང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མེད་དེ། མ་ནོར་བ་དེ་བཞིན་ཉིད་དང ། གཞན་མ་ཡིན་པ་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་རྗེས་སུ་ཤེས་པས་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པ་སྒོམ་སྟེ། ལུས་དང་ལྡན་པའི་རྣམ་པར་རྟོག་པས་རྣམ་པར་མི་རྟོག་པ་འདི་ནི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་འཇིག་རྟེན་ལས་འདས་པའི་ལམ་མོ། །དེ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་མི་རྟག་པར་རིག་ནས་རྒྱ་ཆེར་དེ་བཞིན་དུ་སྦྱིན་པ་སྦྱིན་པའི་བར་དང ། དེ་བཞིན་དུ་ཚོར་བ་དང ། སེམས་དང ། ཆོས་རྣམས་ཀྱང་རྒྱས་པར་བྱ་སྟེ། གཟུགས་མི་རྟག་པར་རིག
52.244b
པ་ནས་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པ་སྒོམ་པ་ནས། རྩཝ་དང་ཤིང་དང་རྩིག་པ་དང་ལམ་དང ། མིག་ཡོར་ལྟ་བུའི་བར་དུ་རིག་ནས་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པ་སྒོམ་མོ། །དེ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང་འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་མི་རྟག་པར་རིག་ནས་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པ་སྒོམ་པ་ནས། ་རྣམ་པར་ཤེས་པ་རྣམ་པར་རིག་པ་མེད་པའི་མཚན་ཉིད་ཀྱི་བར་དུ་རིག་ནས་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པ་སྒོམ་མོ། །དེ་ལྟར་ཕུང་པོའི་དེ་བཞིན་ཉིད་གང་ཡིན་པ་དེ་དྲན་པ་ཉེ་བར་གཞག་པའི་དེ་བཞིན་ཉིད་དོ། །དྲན་པ་ཉེ་བར་གཞག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བསྔོ་བའི་དེ་བཞིན་ཉིད་དོ། །བསྔོ་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་ཀྱི་དེ་བཞིན་ཉིད་དོ། །བྱང་ཆུབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་སེམས་ཅན་གྱི་དེ་བཞིན་ཉིད་དོ། །སེམས་ཅན་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་བདག་གི་དེ་བཞིན་ཉིད་དོ། །བདག་གི་དེ་བཞིན་ཉིད་གང་ཡིན་པ་དེ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་མེད་དེ། མ་ནོར་བ་དེ་བཞིན་ཉིད་དང ། གཞན་མ་ཡིན་པ་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་རྗེས་སུ་ཤེས་པས་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ཉེ་བར་གཞག་པ་སྒོམ་ཡང་ཆོས་དང་ལྡན་པའི་རྣམ་པར་རྟོག་པས་རྣམ་པར་མི་རྟོག་སྟེ། ་གང་དེ་ལྟར་རྗེས་སུ་ཤེས་པ་འདི་ནི་བྱང་ཆུབ་སེམས་དཔའི་འཇིག་རྟེན་ལས་འདས་པའི་ལམ་ཞེས་བྱའོ། །དེ་བཞིན་དུ་སྦྱར་ཏེ་དེ་ལྟར་དྲན་པ་ཉེ་བར་གཞག་པ་ལ་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྤོང་བ་དང ། རྫུ་འཕྲུལ་གྱི་རྐང་པ་དང ། དབང་པོ་དང ། སྟོབས་དང ། བྱང་ཆུབ་ཀྱི་ཡན་ལག་དང ། ལམ་དང ། ཞི་གནས་དང ། ལྷག་མཐོང་དང ། བསྡུ་བའི་དངོས་པོ་དང ། བསམ་གཏན་བཞི་དང ། ཚད་མེད་པ་བཞི་དང ། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང ། མངོན་པར་ཤེས་པ་ལྔ་ཡང་དེ་བཞིན་དུ་རྒྱས་པར་བྱས་ཏེ། དེས་གཟུགས་མི་རྟག་པར་རིག་ནས་མངོན་པར་ཤེས་པའི་ཡེ་ཤེས་སྒྲུབ་པར་བྱེད་དེ། གཟུགས་སྡུག་བསྔལ་བ་དང །
52.245a
གཟུགས་བདག་མེད་པ་དང ། གཟུགས་ཞི་བ་དང ། གཟུགས་སྟོང་པ་དང ། གཟུགས་མཚན་མ་མེད་པ་དང ། གཟུགས་སྨོན་པ་མེད་པར་རིག་།གཟུགས་མངོན་པར་འདུ་མི་བྱེད་པར་རིག་།མ་སྐྱེས་པ་དང ། མ་བྱུང་བ་དང ། རྟེན་ཅིང་འབྲེལ་པར་འབྱུང་བ་དང ། དབེན་པ་དང ། གཟུང་བ་མེད་པ་དང ། ཀུན་གཞི་མེད་པ་དང ། མི་འབྱུང་བ་དང ། སྒྱུ་མ་ལྟ་བུ་དང ། རྨི་ལམ་ལྟ་བུ་དང ། ཆུ་ཟླ་ལྟ་བུ་དང ། བྲག་ཆ་ལྟ་བུ་དང ། མིག་ཡོར་ལྟ་བུ་དང ། གཟུགས་བརྙན་ལྟ་བུ་དང ། གཟུགས་རྩཝ་དང་ཤིང་དང་རྩིག་པ་དང་ལམ་དང་མིག་ཡོར་ལྟ་བུར་རིག་ནས། མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་བོ། །དེ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་མི་རྟག་པར་རིག་ནས་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་སྟེ། རྣམ་པར་ཤེས་པ་སྡུག་བསྔལ་བར་རིག་།རྣམ་པར་ཤེས་པ་བདག་མེད་པ་དང ། རྣམ་པར་ཤེས་པ་ཞི་བ་དང་རྣམ་པར་ཤེས་པ་སྟོང་པ་དང ། མཚན་མ་མེད་པ་དང་སྨོན་པ་མེད་པ་དང ། མངོན་པར་འདུ་བྱེད་པ་མེད་པ་དང ། མ་སྐྱེས་པ་དང ། མ་བྱུང་བ་དང ། རྟེན་ཅིང་འབྲེལ་པར་འབྱུང་བ་དང ། དབེན་པ་དང ། གཟུང་བ་མེད་པ་དང ། ཀུན་གཞི་མེད་པ་དང ། མི་འབྱུང་བ་དང ། སྒྱུ་མ་ལྟ་བུ་དང ། རྨི་ལམ་ལྟ་བུ་དང ། མིག་རྒྱུ་ལྟ་བུ་དང ། ཆུ་ཟླ་ལྟ་བུ་དང ། བྲག་ཆ་ལྟ་བུ་དང ། མི་ཡོར་ལྟ་བུ་དང ། གཟུགས་བརྙན་ལྟ་བུ་དང ། རྣམ་པར་ཤེས་པ་རྣམ་པར་རིག་པ་མེད་པའི་མཚན་ཉིད་དུ་རིག་ནས་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་བོ། །འདི་ལྟ་སྟེ། ཕུང་པོའི་དེ་བཞིན་ཉིད་གང་ཡིན་པ་དེ་མངོན་པར་ཤེས་པའི་དེ་བཞིན་ཉིད་དོ། །མངོན་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བསྟོ་བའི་དེ་བཞིན་ཉིད་དོ། །བསྔོ་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་ཀྱི་དེ་བཞིན་ཉིད་དོ། །བྱང་ཆུབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་སེམས་ཅན་གྱི་དེ་བཞིན་ཉིད་དོ། །སེམས་ཅན་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་བདག་གི་དེ་བཞིན་ཉིད་དོ། །བདག་གི་དེ་བཞིན་ཉིད་གང་ཡིན་པ་དེ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །ཆོས་ཐམས་ཅད་ཀྱི
52.245b
དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་མེད་དེ། མ་ནོར་བ་དེ་བཞིན་ཉིད་དང ། གཞན་མ་ཡིན་པ་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་རྗེས་སུ་ཤེས་པས་མངོན་པར་ཤེས་པའི་ཡེ་ཤེས་རབ་ཏུ་སྒྲུབ་སྟེ། གང་དེ་ལྟར་རྗེས་སུ་ཤེས་པ་དེ་ནི་བྱང་ཆུབ་སེམས་དཔའི་འཇིག་རྟེན་ལས་འདས་པའི་ལམ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ལས་འདས་པའི་ལམ་དེ་ནི་གཟུགས་ཀྱིས་དེ་བཞིན་ཉིད་རྗེས་སུ་ཤེས་པ་སྟེ། གཟུགས་འཇིག་པ་མ་ཡིན། ཆད་པ་མ་ཡིན། རྟག་པ་མ་ཡིན། རྟེན་ཅིང་འབྲེལ་པར་འབྱུང་བ་རང་བཞིན་གྱིས་མ་སྐྱེས་པའོ། །དེ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པའི་དེ་བཞིན་ཉིད་རྗེས་སུ་ཤེས་པ་སྟེ། རྣམ་པར་ཤེས་པ་འཇིག་པ་མ་ཡིན། ཆད་པ་མ་ཡིན། རྟག་པ་མ་ཡིན། རྟེན་ཅིང་འབྲེལ་པར་འབྱུང་བ་རང་བཞིན་གྱིས་མ་སྐྱེས་པའོ། །གང་ཕུང་པོའི་འཇིག་རྟེན་ལས་རྒལ་བ་དེ་ནི་འདོད་པ་དང་གཟུགས་དང ། གཟུགས་མེད་པའི་འཇིག་རྟེན་ལ་ཡང་མི་ཆགས་པ་སྟེ། དེ་མི་ཆགས་པས་འགྲོ་བ་ལྔར་སྐྱེས་པའི་སེམས་ཅན་རྣམས་ལ་འཇིག་རྟེན་ལས་འདའ་བའི་ཕྱིར་ཆོས་སྟོན་ཏེ། གང་འཇིག་རྟེན་འཇིག་པར་མི་བྱེད་པ་དེ་ལྟར་ཆོས་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་མི་རྟག་པའི་མཚན་ཉིད་དེ་འཇིག་པར་མི་བྱེད་དོ། །འཇིག་རྟེན་ནི་སྡུག་བསྔལ་གྱི་མཚན་ཉིད། བདག་མེད་པའི་མཚན་ཉིད། ཞི་བའི་མཚན་ཉིད། སྟོང་པའི་མཚན་ཉིད། མཚན་མ་མེད་པའི་མཚན་ཉིད། སྨོན་པ་མེད་པའི་མཚན་ཉིད། མངོན་པར་འདུ་མི་བྱེད་པའི་མཚན་ཉིད་ནས་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་བར་དུ་སྟེ། འཇིག་རྟེན་འཇིག་པར་མི་བྱེད་པ་འདི་ནི། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་འཇིག་རྟེན་ལས་འདས་པའི་ལམ་ཡོངས་སུ་དག་པའོ། །གང་ལམ་ཡོངས་སུ་དག་པ་ལ་རབ་ཏུ་གནས། པའི་བྱང་ཆུབ་སེམས་དཔའ་ལམ་ལོག་པ་ལ་གནས་པའི་སེམས་ཅན་རྣམས་ལ་ཆོས་ཀྱི་སྣང་བ་ཆེན་པོ་བྱེད་དོ། །དེ་དག་སྣང་བ་རྙེད་ནས་འཇིག་རྟེན་ལས་འདས་པའི་ལམ་དེ་ཉིད་ལ་རབ་ཏུ་གནས་སོ། །བྱང་ཆུབ་ཀྱིས་སྙིང་པོ་འཐོབ་པར་བྱེད་པའི་ཕྱིར་ལམ་འདི་ནི་རབ་ཀྱི་མཆོག་གོ། །མི་དགེ
52.246a
བ་ཐམས་ཅད་ཀྱིས་སེམས་མེད་པའི་ཕྱིར་ལམ་འདི་ནི་མཆོག་གོ། །སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྩེ་མོ་རྙེད་པའི་ཕྱིར་ལམ་འདི་ནི་དམ་པའོ། །ཆུ་བོ་ཐམས་ཅད་ལས་སྒྲོལ་བའི་ཕྱིར་ལམ་འདི་ནི་རྒྱུན་མེད་པའོ། །ཉི་ཚེ་བའི་ལམ་ཐམས་ཅད་ལས་འདས་པའི་ཕྱིར་ལམ་འདི་ནི་གོང་ན་མེད་པའོ། །གཉེན་པོ་མི་དམིགས་པའི་ཕྱིར་ལམ་འདི་ནི་མཉམ་པ་མེད་པའོ། །སྔོན་གྱི་སངས་རྒྱས་ཀྱི་ལམ་དུ་ཡང་དག་པར་འགྲོ་བའི་ཕྱིར་ལམ་འདི་ནི་མི་མཉམ་པ་དང་མཉམ་པའོ། །བདུད་དང་ཕྱིར་རྒོལ་བ་ཐམས་ཅད་བཅོམ་པའི་ཕྱིར་ལམ་འདི་ནི་བདེ་བར་འགྲོ་བའོ། །མངོན་པར་ཤེས་པ་དང་རྫུ་འཕྲུལ་གྱི་རྐང་པའི་ཡེ་ཤེས་ཀྱིས་རྣམ་པར་རོལ་པའི་ཕྱིར་ལམ་འདི་ནི་མི་ཐོག་པར་འགྲོ་བའོ། །ཤེས་རབ་ཀྱིས་སྣང་བའི་འོད་རྣམ་པར་དག་པའི་ཕྱིར་ལམ་འདི་ནི་མུན་པ་མུན་ནག་མེད་པའོ། །སྒྱུ་དང་གཡོ་མེད་པའི་ཕྱིར་ལམ་འདི་ནི་དྲང་པོའོ། །སེམས་གྱ་གྱུ་མེད་པའི་ཕྱིར་ལམ་འདི་ནི་གསལ་བའོ། །སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའི་ཕྱིར་ལམ་འདི་ནི་མཉམ་པའོ། །སེམས་ཅན་ཐམས་ཅད་ལ་གོ་འབྱེད་པའི་ཕྱིར་ལམ་འདི་ནི་རྒྱ་ཆེ་བའོ། །ཕན་ཚུན་དུ་གནོད་པར་མི་འགྱུར་བས་ལམ་འདི་ནི་ཡངས་པའོ། །ཡོངས་སུ་མི་སྐྱོ་བར་འགྲོ་བས་ལམ་འདི་ནི་རྣལ་དུ་འདུག་པའོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་པས་ལམ་འདི་ནི་བསོད་ནམས་ཀྱིས་བརྟན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པས་ལམ་འདི་ནི་གདུང་བ་མེད་པའོ། །བཟོད་པའི་ཕ་རོལ་དུ་ཕྱིན་པས་ལམ་འདི་ནི་འཇིག་པ་མེད་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པས་ལམ་འདི་ནི་མི་ཟློག་པའོ། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པས་ལམ་འདི་ནི་རྡུལ་ཐམས་ཅད་དང་བྲལ་བའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ལམ་འདི་ནི་ནམ་མཁའ་དང་མཉམ་པར་འགྲོ་བའོ། །ང་རྒྱལ་མེད་པས་ལམ་འདི་ནི་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བའོ། །དགེ་བའི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པས་ལམ་འདི་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་སྒོམ་པའི་རྗེས་སུ་འགྲོ་བའོ། །སྔོན་ཐོས་པ་མི་སླུ་བའི་ཕྱིར་ལམ་འདི་ནི་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བ་རྗེས་སུ་འགྲོ་བ་སྟེ། རིགས་ཀྱི་བུ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇིག་རྟེན་ལས་འདས་པའི
52.246b
ལམ་ཡོངསུ་དག་པ་སྟེ། ལམ་ཡོངས་སུ་དག་པས་གང་ལ་གནས་ནས་བྱང་ཆུབ་སེམས་དཔའ་གོ་ཆ་ཆེན་པོ་བགོས་ཏེ། ཐེག་པ་ཆེན་པོ་དེ་ལ་ཞུགས་ནས་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་འགྲོ་བའོ། །དེ་ལ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོ་ཆ་སྟེ། གྲུ་ཆེན་པོ་ཡང་དག་པར་སྦྱོར་བས་མ་རྒལ་བ་སྒྲོལ་བའི་གོ་ཆའོ། །ཉོན་མོངས་པ་དང ། ལྟ་བའི་བཅིངས་པ་ཐམས་ཅད་ལས་ཡོངས་སུ་འགྲོལ་བས་མ་གྲོལ་བ་འགྲོལ་བའི་གོ་ཆའོ། །ཡོངས་སུ་འཛིན་པའི་འཇིགས་པ་ཐམས་ཅད་འདོར་བས་དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པའི་གོ་ཆའོ། །མེད་པ་ལ་ཕྱིན་ཅི་ལོག་ཏུ་གྱུར་པ་མཉམ་པ་ཉིད་དུ་སྟོན་པས་ཡོངས་སུ་མྱ་ངན་ལས་མ་འདས་པ་མྱ་ངན་ལས་ཟླ་བའི་གོ་ཆའོ། །བདག་དང་སེམས་ཅན་དང་སྲོག་དང་གང་ཟག་མི་དམིགས་པས་སེམས་ཅན་ཐམས་ཅད་ཡོངས་སུ་གྲོལ་བའི་གོ་ཆའོ། །ལུས་དང་སྲོག་ལ་མི་ལྟ་བས་དམ་པའི་ཆོས་ཡོངས་སུ་འཛིན་པའི་གོ་ཆའོ། །དགེ་བའི་རྩ་བའི་ཚོགས་སྩོགས་པས་ངོམས་མི་མྱོང་བས་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་གོ་ཆའོ། །སྦྱིན་པའི་ཚོགས་སྣ་ཚོགས་བསགས་པས་མཚན་དང་དཔེ་བྱད་བཟང་པོ་ལུས་ཀྱི་རྒྱན་གྱི་གོ་ཆའོ། །མངོན་པར་ཤེས་པ་ཐོབ་པས་བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་བཏུལ་བའི་གོ་ཆའོ། །སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་ཀྱིས་སེམས་ཅན་ཐམས་ཅད་ཤིན་དུ་ཚིམ་པར་བྱེད་པའི་གོ་ཆའོ། །གཟུངས་ཀྱི་ཡེ་ཤེས་ཀྱིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཉན་པ་དང་ཚོལ་བའི་གོ་ཆའོ། །མངོན་པར་ཤེས་པའི་ཡེ་ཤེས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་ལྟ་བའི་གོ་ཆའོ། །ཤེས་རབ་ཀྱི་ཡེ་ཤེས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པའི་གོ་ཆའོ། །ཤེས་རབ་དང་ཡེ་ཤེས་ཀྱི་སྟོབས་ཡང་དག་པར་བསྒྲུབ་པས་སྟོབས་བཅུ་ཡོངས་སུ་བསྐོང་བའི་གོ་ཆའོ། །ཐམས་ཅད་དུ་སེམས་གོང་བ་མེད་པས་མི་འཇིགས་པ་ཐོབ་པའི་གོ་ཆའོ། །མི་དགེ་བའི་ཆོས་ཐམས་ཅད་སྤངས་ཤིང་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོག་པར་བྱེད་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅཝ་བརྒྱད་ཡོངས་སུ་བསྐོང་བའི་གོ་ཆའོ། །ཆོས་ཐམས་ཅད་སྒྱུ་མ་དང ། རྨི་ལམ་དང ། མིག་ཡོར་དང ། བྲག་ཆ་དང ། ཆུ་ཟླ་ལྟ་བུར་ཐོས
52.247a
ཀྱང་མི་སྐྲག་།མི་དངང ། དངང་བར་མི་འགྱུར་བ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་སྐྲག་པའི་གོ་ཆ་སྟེ། །སེམས་ཅན་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་ཤེས་ཀྱང་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བར་གནས་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོའི་གོ་ཆའོ། །ཆོས་ཐམས་ཅད་སྟོང་པ་ཉིད་དང ། མཚན་མ་མེད་པ་དང ། སྨོན་པ་མེད་པ་དང ། མངོན་པར་འདུ་མི་བྱེད་པ་དང ། མ་སྐྱེས་པ་དང ། མ་བྱུང་བར་ཐོས་ཀྱང་ཚེ་དང ། འཆི་འཕོ་དང ། སྐྱེ་བ་ཀུན་དུ་སྟོན་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པའི་གོ་ཆའོ། །ཆོས་ཐམས་ཅད་ངེས་པར་གྱུར་པ་ལ་ཞུགས་པའི་མཚན་ཉིད་དུ་ཤེས་ཤིང་འདུ་བྱེད་ཐམས་ཅད་སྐྱེ་བ་མེད་པར་རིག་ཀྱང་འགོག་པར་མི་ལྟུང་ཞིང་འབྲས་བུ་མངོན་སུམ་དུ་ཡང་མི་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྔོན་གྱི་བྱིན་གྱི་བརླབས་མི་འཁྲུགས་པའི་གོ་ཆའོ། །གོ་ཆ་ཆེན་པོ་ཉི་ཤུ་པོ་དེ་དག་བགོས་ནས་དེ་ཐེག་པ་ཆེན་པོ་ལ་མངོན་པར་ཞུགས་པ་ཡིན་ནོ། །ཐེག་པ་ཆེན་པོ་དེ་ནི་བསྡུ་བའི་དངོས་པོས་ཕང་ལོ་བཞི་དང་ལེགས་པར་ལྡན་པར་བྱས་པ་བསམ་པས་དགེ་བའི་རྩ་བ་ཡོངས་སུ་བསྔོས་པས་རྩིབས་ཤིན་དུ་སྦྱར་བ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡེ་ཤེས་ལྷག་པར་ཆེ་བས་ལྟེ་བ་ཟབ་ཅིང་ལེགས་པར་བྱས་པ། སེམས་ཅན་ཐམས་ཅད་ཀྱི་ཁུར་བསྐྱ་བའི་ཕྱིར་སྲོག་ཤིང་དང་ལྡན་ཞིང་ཤིན་དུ་བཟུང་བ། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོས་ཡང་དག་པར་ཟིན་པས་ཤིང་རྟའི་མདའ་བརྟན་པར་སྦྱར་བ། ཆོས་རིན་པོ་ཆེ་ཐམས་ཅད་ཀྱིས་ལེགས་པར་བརྒྱན་པས་རིན་པོ་ཆེ་ཐམས་ཅད་ཀྱི་ཁ་རན་གྱིས་བསྐོར་བ། སྔོན་དམ་བཅས་པ་ཁ་འོག་ཏུ་ལུས་འཁྲུས་པར་བྱེད་པས་ལྷག་པའི་བསམ་པ་སྲ་བའི་འབྲེང་པས་བཅིངས་པ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པས་གཉའ་ཤིང་གི་ཁུར་ཁྱེར་བ། ཞི་གནས་དང་ལྷག་མཐོང་གི་བུ་གར་ལེགས་པར་སྦྱར་བ། བདེན་པ་བཞི་ཡོངས་སུ་ཤེས་པའི་སྟོབས་ཀྱི་འགྲོས་ཅན། ཅང་ཤེས་སྟོང་རབ་ཏུ་འབད་པ་དང་ལྡན་པ། རྫུ་འཕྲུལ
52.247b
གྱི་རྐང་པ་བཞིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བ། དྲན་པའི་རུ་དག་རིན་པོ་ཆེའི་ཕྲེང་བའི་སྲད་བུས་བཅིངས་པ། སེམས་ཅན་ཐམས་ཅད་ཤོང་བས་རྒྱ་ཆེ་ཞིང་ཡངས་པར་རྒྱུ་བ་དང ། དགྲ་དང་བདུད་ཀྱི་དགྲ་འདུལ་བ། ལེགས་པར་བྱ་བ་བྱས་པ། རིག་པ་དང་ཡེ་ཤེས་རབ་ཏུ་སྦྱོར་བ། བྱིན་གྱི་བརླབས་ཀྱིས་བྱིན་གྱིས་བརླབས་པ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ། སེང་གེའི་ཁྲི་ཤིན་དུ་བརྒྱན་པ། ལྷ་དང ། བརྒྱ་བྱིན་དང་ཚངས་པ་ཐམས་ཅད་ཀྱིས་མངོན་པར་བསྟོད་པ། གཟུགས་བཟང་ཞིང་བལྟ་བས་མི་ངོམས་པ། བལྟ་ན་སྡུག་པ། རྡོ་རྗེ་ལྟར་སྲ་ཞིང་མི་ཚུགས་པ། ལྷག་པའི་བསམ་པ་བརྟན་པས་དམ་བཅས་པ་ལས་མི་འགྱུར་བ། ཁ་ལོ་སྒྱུར་བས་ཤིན་དུ་བསྡུས་ཤིང་བཟུང་བ། རྟག་ཏུ་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བ། སྨོན་ལམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པའི་རྗེས་སུ་སོང་བས་གར་དགའ་དགུར་འགྲོ་བ། ཕྱོགས་བཅུར་རྣམ་པར་ལྟ་བའི་ལྷའི་མིག་གི་སྣང་བ་ཐོབ་པ། ཕྱོགས་བཅུར་སྣང་བར་བྱེད་པའི་ཕྱིར་འོད་ཡངས་པ་རྣམ་པར་དག་ཅིང་འོད་ཟེར་མཐའ་ཡས་པ། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་གི་ཆར་རྒྱུན་དུ་འབབ་པས་རྟག་ཏུ་མེ་ཏོག་གིས་གང་བ། རྟག་ཏུ་ཆོས་ཡང་དག་པར་བརྗོད་པའི་རོལ་མོ་སིལ་སྙན་དང་ལྡན་པ། སྐྱེ་བོའི་འཁོར་སྐལ་བ་འཐུན་པ། བྱང་ཆུབ་སེམས་དཔའ་སྤྱོད་པ་ཐམས་ཅད་ཚོར་བ། ཡོན་ཏན་གྱི་རྣམ་པ་ཚད་མེད་པའི་ཡེ་ཤེས་མཐའ་ཡས་པས་ཤིན་དུ་འཕགས་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་རབ་ཏུ་ལྡན་པ་སྟེ། རིགས་ཀྱི་བུ་ཐེག་པ་ཆེན་པོ་དེ་ནི་དེ་འདྲའོ། །སྐྱེས་བུ་དམ་པ་དེ་དག་དེའི་ཕྱིར་གོ་བགོས་ནས་མངོན་པར་ཞུགས་ཏེ། འཇིག་རྟེན་ལས་འདས་པའི་ལམ་དེ་ལ་རབ་ཏུ་ཞུགས་པས་ཐམས་ཅད་མཁྱེན་པ་མ་ཐོབ་ཀྱང་སངས་རྒྱས་ཀྱི་མཛད་པས་སེམས་ཅན་རྣམས་ལ་ཉེ་བར་གནས་པ་ཡིན་ནོ། །ལམ་དང་གོ་ཆ་དང་ཐེག་པ་བཀོད་པ་འདི་བསྟན་པ་ན་ལྷ་དང་མིའི་སྲོག་ཆགས
52.248a
བདུན་ཁྲི་ཉིས་སྟོང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་ནི་འཇིག་རྟེན་ལས་འདས་པའི་ལམ་ཡོངས་སུ་དག་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པ། བམ་པོ་དྲུག་པ། དེ་ནས་བྱང་ཆུབ་སེམས་དཔའ་རིན་ཆེན་དཔལ་གྱིས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་འཇིག་རྟེན་ལས་འདས་པའི་ལམ་རྣམ་པར་སྦྱངས་སོ། །སྨྲས་པ། རིགས་ཀྱི་བུ་བདག་རྣམ་པར་དག་པས་རྣམ་པར་སྦྱངས་སོ། །སྨྲས་པ། རིགས་ཀྱི་བུ་ཁྱོད་ཇི་ལྟར་ན་བདག་རྣམ་པར་དག་།སྨྲས་པ། རིགས་ཀྱི་བུ་འཇིག་རྟེན་རྣམ་པར་དག་པས་བདག་རྣམ་པར་དག་གོ། །སྨྲས་པ། རིགས་ཀྱི་བུ་འཇིག་རྟེན་རྣམ་པར་དག་པ་འདི་གང ། སྨྲས་པ། གཟུགས་སྔོན་གྱི་མཐའ་རྣམ་པར་དག་པས་འཕོ་བ་ཡང་མེད། གཟུགས་ཀྱི་ཕྱི་མའི་མཐའ་རྣམ་པར་དག་པས་འོང་བ་ཡང་མེད། གཟུགས་ད་ལྟར་བྱུང་བ་ཡང་རྣམ་པར་དག་པས་ཆོས་ཉིད་གནས་པ་སྟེ། དེ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པའི་སྔོན་གྱི་མཐའ་རྣམ་པར་དག་པས་འཕོ་བ་ཡང་མེད། རྣམ་པར་ཤེས་པ་ཕྱི་མའི་མཐའ་རྣམ་པར་དག་པས་འོང་བ་ཡང་མེད། རྣམ་པར་ཤེས་པ་ད་ལྟར་བྱུང་བ་ཡང་རྣམ་པར་དག་པས་ཆོས་ཉིད་གནས་པ་སྟེ། དེ་ནི་རིགས་ཀྱི་བུ་འཇིག་རྟེན་རྣམ་པར་དག་པ་ཞེས་བྱའོ། །སྨྲས་པ། དེ་ལྟར་རྣམ་པར་དག་པའི་འཇིག་རྟེན་ཅི་ལ་ལྟ། སྨྲས་པ། རིགས་ཀྱི་བུ་དེ་ལྟར་རྣམ་པར་དག་པའི་འཇིག་རྟེན་ནི་ཆོས་ཐམས་ཅད་ལ་ལྟའོ། །སྨྲས་པ། ཇི་ལྟར་ན་ཆོས་ཐམས་ཅད་ལ་ལྟ། སྨྲས་པ། ཤེས་རབ་དང་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་སྔོན་གྱི་མཐའ་དང་ཕྱི་མའི་མཐར་ཡོངས་སུ་ཆད་པར་རབ་ཏུ་ཤེས་སོ། །སྨྲས་པ། ཆོས་ཐམས་ཅད་སྔོན་གྱི་མཐའ་དང ། ཕྱི་མའི་མཐའ་ཡོངས་སུ་ཆད་པ་གང ། སྨྲས་པ། གང་ལ་ཆད་པ་ཡང་མེད་རྟག་པ་ཡང་མེད་པའོ། །སྨྲས་པ། གང་ལ་ཆད་པ་ཡང་མེད་རྟག་པ་ཡང་མེད་པ་དེ་ལ
52.248b
ཅི་ཞེས་བྱ། སྨྲས་པ། གང་ལ་ཆད་པ་ཡང་མེད་རྟག་པ་ཡང་མེད་པ་དེ་ལ་ནི་སྐྱེ་བ་མེད་པ་དང་འགག་པ་མེད་པ་ཞེས་བྱ་བའོ། །སྨྲས་པ། གང་ལ་སྐྱེ་བ་ཡང་མེད་འགག་པ་ཡང་མེད་པ་དེ་ཅི་ཞེས་བྱ། སྨྲས་པ། གང་སྐྱེ་བ་མེད་པ་དང་འགག་པ་མེད་པ་དེ་ནི་ཇི་སྐད་ཅེས་ཀྱང་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་བགྲང་དུ་མེད་ཅིང་རྗོད་དུ་མེད་པའོ། །སྨྲས་པ། རིགས་ཀྱི་བུ་བགྲང་དུ་མེད་པའི་ཆོས་ཇི་ལྟར་བགྲང་བར་འགྱུར། སྨྲས་པ། འདི་ལྟ་སྟེ། དཔེར་ན། སའི་སྟེང་ན་ནམ་མཁའ་ལ་བགྲང་མོད་ཀྱི། ནམ་མཁའ་ལ་ནི་བགྲང་བར་མི་ནུས་སོ། །དེ་བཞིན་དུ་བགྲང་བའི་སྒོ་ནས་ནི། བགྲང་མོད་ཀྱི། བགྲང་བའི་སྒོ་ནས་བགྲང་བར་མི་ནུས་སོ། །གང་བགྲང་བའི་སྒོ་དེ་ཉིད་ནི་བགྲང་དུ་མེད་པའི་སྒོའོ། །དེ་ལ་བགྲང་བའི་སྒོ་གང ། བགྲང་དུ་མེད་པའི་སྒོ་གང་ཞེ་ན། བགྲང་བའི་སྒོ་ཞེས་བྱ་བ་ནི་འདུས་བྱས་སོ། །བགྲང་དུ་མེད་པའི་སྒོ་ཞེས་བྱ་བ་ནི་འདུས་མ་བྱས་སོ། །དེ་ལ་གང་འདུས་མ་བྱས་ལ་བགྲང་བ་མེད་པ་དེ་ནི་བགྲང་དུ་མེད་པའོ། །གང་བགྲང་དུ་མེད་པ་དེ་ནི་འདུས་མ་བྱས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་དེ་འདི་སྐད་ཅེས་བགྲངས་ཤིང་གཅལ་ཏེ། ཤེས་རབ་ཀྱིས་གང་སྤང་བར་བྱ་བ་དེ་སྤོངས་ཤིག་ཅེས་གསུངས་སོ། །དེ་ལ་ནམ་བྱང་ཆུབ་སེམས་དཔའ་འདུས་བྱས་ལ་བགྲང་ཞིང་རྣམ་པར་ཤེས་པ་ལ་འཇལ་ཏེ་ཚུལ་བཞིན་སོ་སོར་རྟོག་པ་དེ་ན་གང་ཡོངས་སུ་ཤེས་པར་བྱ་བ་འམ། སྤང་བར་བྱ་བ་འམ། མངོན་སུམ་དུ་བྱ་བ་འམ། བསྒོམ་པར་བྱ་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །དེས་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་བས་ཆོས་ལ་གནས་སུ་མི་བྱེད་དོ། །ནམ་ཆོས་ལ་གནས་སུ་མི་བྱེད་པ་དེ་ན་གཞི་མེད་པ་ཐོབ་པ་ཡིན་ནོ། །ནམ་གཞི་མེད་པ་ཐོབ་པ་དེ་ན་གང་ལ་ཡང་འདོད་པར་མི་འགྱུར་རོ། །ནམ་གང་ལ་ཡང་འདོད་པར་མི་བྱེད་པ་དེ་ན་ཅི་ལ་འང་མི་དམིགས་སོ། །དེ་དམིགས་པ་དང་བྲལ་བར་བདག་གི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་དོ། །ཅི་ཡོངས་སུ་མི་འཛིན་ཅེ་ན། གཟུགས་ལ་རྟག་པ་འམ་མི་རྟག་པར་ཡོངས་སུ་མི་འཛིན་ཏོ། །ཚོར་བ་དང །
52.249a
འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་རྟག་པ་དང་མི་རྟག་པར་ཡོངས་སུ་མི་འཛིན་ཏོ། །གཟུགས་ལ་སྡུག་བསྔལ་བ་དང་བདེ་བར་ཡོངས་སུ་མི་འཛིན། ཚོར་བ་དང་འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ལ་སྡུག་བསྔལ་བ་དང་བདེ་བར་ཡོངས་སུ་མི་འཛིན། གཟུགས་ལ་བདག་དང་བདག་མེད་པར་ཡོངས་སུ་མི་འཛིན་པ་ནས། རྣམ་པར་ཤེས་པའི་བར་ལ་བདག་དང་བདག་མེད་པར་ཡོངས་སུ་མི་འཛིན་ཏོ། །གཟུགས་ལ་སྡུག་པ་དང་མི་སྡུག་པར་ཡོངས་སུ་མི་འཛིན་པ་ནས་རྣམ་པར་ཤེས་པའི་བར་ལ་སྡུག་པ་དང་མི་སྡུག་པར་ཡོངས་སུ་མི་འཛིན་གཟུགས་ལ་སྟོང་པ་འམ་མི་སྟོང་པར་ཡོངས་སུ་མི་འཛིན་པ་ནས་རྣམ་པར་ཤེས་པའི་བར་ལ་སྟོང་པ་འམ་མི་སྟོང་པར་ཡོངས་སུ་མི་འཛིན་ཏོ། །དེ་ཡོངས་སུ་མི་འཛིན་ཀྱང་ཏིང་ངེ་འཛིན་ཐོབ་པས་འཁོར་བ་ན་སྤྱོད་ཅིང་འཁོར་བའི་ཉོན་མོངས་པ་རྣམས་ཡོངས་སུ་མི་འཛིན་ཏོ། །སེམས་ཅན་རྣམས་ཀྱང་མྱ་ངན་ལས་འདས་པ་ལ་མོས་པར་བྱེད་ལ་བདག་ཀྱང་ཐོག་མར་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའི་ཡོངས་སུ་མྱ་ངན་ལས་འདས་པ་གང་ཞེ་ན། ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་མངོན་པར་འདུ་མི་བྱེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་མི་དགེ་བའི་ལས་ཆུང་ཟད་ཀྱང་མངོན་པར་འདུ་མི་བྱེད་དོ། །གང་དགེ་བའི་ཆོས་རྣམས་ཡང་དག་པར་འཛིན་ཅིང་འཇུག་གོ། །དེ་ལུས་དང་ངག་དང་སེམས་དབེན་པའི་མངོན་པར་འདུ་བྱེད་པ་ཐམས་ཅད་མངོན་པར་འདུ་བྱེད་དེ། ་སོ་སོར་བརྟགས་ནས་ཐམས་ཅད་མཁྱེན་པར་ཡོངས་སུ་བསྔོའོ། །ཐམས་ཅད་མཁྱེན་པ་དེ་གཟུགས་སུ་མི་སྙེམས། ཚོར་བར་མ་ཡིན། འདུ་ཤེས་སུ་མ་ཡིན། འདུ་བྱེད་རྣམས་སུ་མ་ཡིན་ཏེ། རྣམ་པར་ཤེས་པར་ཡང་སྙེམས་པར་མི་བྱེད་དོ། །དེའི་སེམས་ལ་སྙེམས་པ་མེད་ཅིང་ཚུལ་ཁྲིམས་སྙེམས་པ་མེད་པས་སྨོན་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ཀྱང་ཆོས་གང་ལ་ཡང་བྲི་བ་འམ་གང་བར་ཡང་དག་པར་རྗེསུ་མི་མཐོང་ངོ ། །དེ་བྲི་བ་མེད་ཅིང་གང་བ་མེད་པས་ཆོས་ཐམས་ཅད་མཉམ་པ་ཉིད་རྙེད་ནས་ཆོས་ཀྱི་དབྱིངས་ལ་གནས་ཤིང
52.249b
བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དེ། ཆོས་གང་ཡང་སྤྱོད་པ་ཡང་མེད་རྣམ་པར་སྤྱད་པ་ཡང་མེད་དོ། །རིགས་ཀྱི་བུ་དེ་ལྟར་ཡོངས་སུ་མྱ་ངན་ལས་འདས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། མངོན་པར་འདུ་བྱ་བ་ཐམས་ཅད་ལ་མངོན་པར་འདུ་མི་བྱེད་པར་རབ་ཏུ་གནས་པ་ནི་མྱ་ངན་ལས་འདས་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་མངོན་པར་འདུ་བྱ་བ་དེ་ལ་མངོན་པར་འདུ་མི་བྱེད་དེ། མངོན་པར་འདུ་མི་བྱེད་པ་ནི་མངོན་པར་འདུས་མ་བྱས་པས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །ཕ་རོལ་ཅེས་བྱ་བ་ནི་གང་རྣམ་པར་ཤེས་པ་མི་འཇུག་པ་སྟེ། བྱང་ཆུབ་སེམས་དཔའ་རྣམ་པར་རིག་པ་མེད་པས་རབ་ཏུ་ཕྱེ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །ཕ་རོལ་ཅེས་བྱ་བ་ནི་མཚན་མ་མེད་པ་སྟེ། དེ་ལ་དེའི་སེམས་མཚན་མ་ལ་ཡོངས་སུ་མི་སྔོ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །ཕ་རོལ་ཅེས་བྱ་བ་ནི་ཀུན་དུ་རྟོག་པ་མེད་པ་སྟེ། ཀུན་དུ་རྟོག་པ་དེ་ལ་དེའི་སེམས་མི་འཇུག་པས་དེའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །ཕ་རོལ་ཅེས་བྱ་བ་ནི་གཞི་མེད་པའོ། །གཞི་མེད་པ་དེ་ལ་དེའི་སེམས་ཡོངས་སུ་མི་སྔོ་སྟེ། དེའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་འདས་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ། །སྐྱེས་བུ་དམ་པ་གལ་ཏེ་བཤད་པར་བྱ་ན་དེ་ལྟར་བཤད་དོ། །བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་བཟོད་པ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ནི་དེ་བཞིན་གཤེགས་པའི་ཆོས་སྣང་བ་འདིས་སྤོབས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྣང་བ་ལ་བརྟེན་ནས་གཟུགས་རྣམས
52.250a
གདའ་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ་འདིས་བདག་ཅག་རྣམས་སྤོབས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རིན་ཆེན་དཔལ་གྱིས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཅིའི་ཕྱིར་ན་བདག་གི་ཡེ་ཤེས་འདི་བཅས་ཏེ། སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་བདག་སྤོབས་སོ་ཞེས་སྟོན། སྨྲས་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གང་ཅུང་ཟད་སྤོབས་པ་ཇི་སྙེད་པ་དེ་ཐམས་ཅད་སངས་རྒྱས་ཀྱི་བྱིན་གྱི་བརླབས་སུ་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་དེ་དག་ཡོངས་སུ་སྣང་བར་མ་མཛད་ན་བྱང་ཆུབ་སེམས་དཔའ་སྤོབས་པར་ག་ལ་འགྱུར། སྨྲས་པ། རིགས་ཀྱི་བུ་ཅི་སྤོབས་པ་དེ་འཕོ་བ་ཞིག་གམ། སྨྲས་པ། རིགས་ཀྱི་བུ་འཕོ་བ་མ་ཡིན་མོད་ཀྱི། འོན་ཀྱང་དེ་སངས་རྒྱས་ཀྱི་སྤོབས་པའི་རྒྱུས་སྤོབས་སོ། །འདི་ལྟ་སྟེ། དཔེར་ན་མ་རིག་པ་ནི་འདུ་བྱེད་རྣམས་སུ་མི་འཕོ་མོད་ཀྱི་མ་རིག་པའི་རྒྱུས་འདུ་བྱེད་རྣམས་ཀྱང་སྐྱེ་བ་དེ་བཞིན་དུ་སངས་རྒྱས་ཀྱི་སྤོབས་པ་ཡང་གང་དུ་ཡང་མི་འཕོ་མོད་ཀྱི་དེའི་རྒྱུས་སྤོབས་པར་ཡང་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་རྟ་དང ། གླང་པོ་ཆེ་དང ། མི་རྣམས་ཀྱི་སྒྲ་བྲག་ཆར་མི་འཕོ་མོད་ཀྱི་དེའི་རྒྱུས་བྲག་ཆའི་སྒྲ་ཡང་འབྱུང་བ་དེ་བཞིན་དུ། སངས་རྒྱས་ཀྱི་སྤོབས་པ་གང་དུ་ཡང་མི་འཕོ་མོད་ཀྱི་དེའི་རྒྱུས་སྤོབས་པར་ཡང་འགྱུར་རོ། །རིན་ཆེན་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཟབ་པོ། །སྨྲས་པ། འདི་ལྟར་ཆོས་གང་ཡང་མི་སྐྱེའོ། །སྨྲས་པ། རིགས་ཀྱི་བུ་ཅི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་ནམ། སྨྲས་པ། གལ་ཏེ་རྐྱེན་རྣམས་ལ་བྱེད་པ་པོ་འགའ་ཞིག་ཡོད་པར་གྱུར་ན་ནི་ཆོས་རྣམས་སྐྱེ་བར་ཡང་འགྱུར་ན། རྐྱེན་རྣམས་ལ་བྱེད་པ་པོ་གང་ཡང་མི་དམིགས་པས་དེའི་ཕྱིར་ཆོས་ཐམས་ཅད་ལ་བྱེད་པ་པོ་དམིགས་སུ་མེད་དོ། །སྨྲས་པ། རིགས་ཀྱི་བུ་ཅི་དེ་བཞིན་གཤེགས་པ་མ་བྱུང་ངམ། སྨྲས་པ། གལ་ཏེ་དེ་བཞིན་ཉིད་བྱུང
52.250b
ན་ནི་དེ་བཞིན་གཤེགས་པ་ཡང་འབྱུང་བར་འགྱུར་ན་དེ་བཞིན་ཉིད་ནི་འབྱུང་བར་མི་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་ཉིད་ནི་སྐྱེ་བ་མེད་པས་རབ་ཏུ་ཕྱི་བ་སྟེ། དེ་བཞིན་ཉིད་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ཏེ་དེ་ཐུགས་སུ་ཆུད་པས་ན་དེ་བཞིན་གཤེགས་པ་ཞེས་བྱའོ། །སྨྲས་པ། རིགས་ཀྱི་བུ་ཅི་དེ་བཞིན་གཤེགས་པ་བྱུང་ངམ། སྨྲས་པ། དེ་འདི་འདྲ་བ་འདི་ནི་གཞག་པར་བྱ་བའོ། །སྨྲས་པ། གཞག་པར་བྱ་བ་དེ་གང ། སྨྲས་པ། ཆོས་ཀྱི་དབྱིངས་ཇི་ལྟར་གནས་པ་བཞིན་ནོ། །སྨྲས་པ། ཆོས་ཀྱི་དབྱིངས་ཀྱི་གནས་ཇི་ལྟ་བུ། སྨྲས་པ། སྐྱེ་བའི་གནས་མ་ཡིན། འཇིག་པའི་གནས་མ་ཡིན་ཏེ། གནས་ཀྱང་མ་ཡིན་གནས་མེད་པ་ཡང་མ་ཡིན་པ་འདི་ལྟ་བུའི་གནས་ནི་ཆོས་ཀྱི་དབྱིངས་ཀྱི་གནས་སོ། །ཆོས་ཀྱི་དབྱིངས་ཀྱི་གནས་ཇི་ལྟ་བར་ཆོས་ཐམས་ཅད་ཀྱི་གནས་ཀྱང་དེ་བཞིན་ནོ། །ཆོས་ཐམས་ཅད་ཀྱི་གནས་གང་ཡིན་པ་དེ་ནི་གནས་མ་ཡིན་ཏེ། གང་གནས་མ་ཡིན་པ་དེ་ལ་སྐྱེ་བའི་གནས་གང་ཡང་མེད། འཇིག་པའི་གནས་ཀྱང་མེད་པས་གནས་ཀྱང་མ་ཡིན། གནས་མ་ཡིན་པ་ཡང་མ་ཡིན་ཏེ། དེ་ལྟ་བུའི་གནས་ནི་དེ་བཞིན་གཤེགས་པའི་གནས་སོ། །དེ་བཞིན་གཤེགས་པའི་གནས་གང་ཡིན་པ་དེ་སྐྱེ་བའི་གནས་སུ་ཡང་མི་འདོད་དེ། འགོག་པའི་གནས་སུ་ཡང་མ་ཡིན་ནོ། །འདི་ལྟར་རིགས་ཀྱི་བུ་དེ་བཞིན་གཤེགས་པ་བྱུང་ངོ་ཞེས་བྱ་བ་འདི་ནི་མཐའ་གཅིག་གོ། །དེ་བཞིན་གཤེགས་པ་མ་བྱུང་ངོ་ཞེས་བྱ་བ་འདི་ནི་མཐའ་གཉིས་ཏེ། གང་སྐྱེ་བ་དང་སྐྱེ་བ་མེད་པ་དེ་གཉིས་ཀྱི་དབུ་མའི་ལམ་དེ་ལས་དེ་བཞིན་གཤེགས་པ་བཙལ་བར་བྱའོ། །རིན་ཆེན་དཔལ་གྱིས་སྨྲས་པ། རིགས་ཀྱི་བུ་གང་ལ་སྐྱེ་བ་ཡང་མེད། འཇིག་པའི་གནས་ཀྱང་མེད་པར་སངས་རྒྱས་སྐྱེ་བ་ནི་ཟབ་ན་རིགས་ཀྱི་བུ་སངས་རྒྱས་འབྱུང་བ་འདི་ལ་སུ་ཞིག་མོས་པར་འགྱུར། སྨྲས་པ། གང་ལྷག་པར་མི་བྱེད་པའོ། །སྨྲས་པ། རིགས་ཀྱི་བུ་ལྷག་པར་བྱེད་ཅེས་བྱ་བ་ཇི་ལྟར་བསྟན་པ་ཡིན། སྨྲས་པ། རིགས་ཀྱི་བུ་ལྷག་པར་བྱེད་ཅེས་བྱ་བ
52.251a
འདི་ནི་སྒྲོ་འདོགས་པའི་ཚིག་གོ། །སུ་ཆོས་གང་ལ་ཡང་སྒྲོ་མི་འདོགས་པ་དེ་ནི་ཆོས་གང་ལ་ཡང་ལྷག་པར་མི་བྱེད་པ་སྟེ། ལྷག་པར་མི་བྱེད་པའི་ཚིག་ནི་མཉམ་པ་ཉིད་ཀྱི་ཚིག་གོ། །མཉམ་པ་ཉིད་ཀྱི་ཚིག་ནི་འདྲ་བ་མེད་པའི་ཚིག་གོ། །འདྲ་བ་མེད་པའི་ཚིག་ནི་ཚིག་མ་ཡིན་པའི་ཚིག་གོ། །ཚིག་མ་ཡིན་པའི་ཚིག་ནི་ཡི་གེ་མེད་པའི་ཚིག་གོ། །ཡི་གེ་མེད་པའི་ཚིག་ནི་རྣམ་པར་རིག་པ་མེད་པའི་ཚིག་གོ། །གང་རྣམ་པར་རིག་པ་མེད་པའི་ཚིག་དེ་ལ་སེམས་དང ། ཡིད་ཀྱི་བར་དུ་རྒྱུ་བ་མེད་པ་དེ་རབ་ཏུ་རྒྱུ་བ་མེད་པའི་ཚིག་གོ། །འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་བྱ་རྗེས་ཀྱི་གནས་མེད་ཀྱང་སྒྲས་གནས་སུ་བརྗོད་པ་དེ་བཞིན་དུ་སངས་རྒྱས་སྐྱེ་བ་འང་སྐྱེ་བ་མེད་པ་སྟེ། འོན་ཀྱང་སྐྱེ་བའི་སྒྲས་བརྗོད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་མཁས་པས་སྐྱེ་བ་མེད་པ་སྟོན་ཅིང་ཡོངས་སུ་སྣང་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་འདི་ལྟ་སྟེ། འདི་ནི་མི་སྐྱེ་བའི་ངོ་བོ་ཉིད་དོ། །གང་མི་སྐྱེ་བའི་ངོ་བོ་ཉིད་དེ་ནི་ངོ་བོ་ཉིད་མེད་པའོ། །གང་ངོ་བོ་ཉིད་མེད་པ་དེ་ལ་དངོས་པོ་མེད་པའོ། །གང་དངོས་པོ་མེད་པ་དེ་ལ་གནས་པ་གང་ཡང་མེད་དེ། ཆོས་ཐམས་ཅད་ནི་མི་གནས་པའི་མཐའོ། །གང་མི་གནས་པའི་མཐའ་དེ་ནི་ཆོས་ཐམས་ཅད་ཀྱི་མཐའ་སྟེ། དེའི་ཕྱིར་ཆོས་ཐམས་ཅད་ནི་ཡང་དག་པའི་མཐའ་ལ་གནས་ཤེས་བྱའོ། །ཡང་དག་པའི་མཐའ་ཞེས་བྱ་བ་ནི་ཡོངས་སུ་མ་ཆད་པའི་མཐའོ། །མཐའ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་མཐའ་སྟེ། ཆོས་ཐམས་ཅད་ནི་མཐའ་དེར་ཕྱིན་པར་སྣང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་ཆ་ཤས་གཤེགས་པའི་མཐའ་ནི་མཐའ་འདི་སྟེ། ཇི་ལྟར་ནམ་མཁའ་གཏན་དུ་ཆད་པའི་མཐའ་མ་ཡིན་པ་དེ་བཞིན་དུ་ཡང་དག་པའི་མཐའ་ལ་ཆོས་ཐམས་ཅད་ཀྱི་མཐའ་མེད་དོ། །ཡང་དག་པའི་མཐའ་གང་ཡིན་པ་དེ་ནི་བདག་གི་མཐའ་སྟེ། བདག་གི་མཐའ་རྗེས་སུ་ཤེས་པས་སེམས་ཅན་ཐམས་ཅད་ཀྱི་མཐའ་རྗེས་སུ་ཤེས་པ་ཁོང་དུ་ཆུད་པར་བྱའོ། །གང་སེམས་ཅན་ཐམས་ཅད་ཀྱི་མཐའ་དེར་ཆོས་ཐམས་ཅད་ཀྱི་མཐའང་འདུས་ཏེ། ་དེའི་ཕྱིར་ཆོས་ཐམས་ཅད་ནི་ཟད་པའི་མཐའ་ཟད་པའི་མུ། ཟད་པའི་མཐའ་ཐུག་པ་ཞེས་བྱའོ། །
52.251b
ཟད་ཅེས་བྱ་བ་དེ་ནི་མྱ་ངན་ལས་འདས་པའི་མིང་བླ་དགས་སོ། །དེ་བས་ན་ཆོས་ཐམས་ཅད་ནི་མྱ་ངན་ལས་འདས་པ་དང་མཚུངས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་གཉེན་པོ་མེད་དོ། །འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་གཉེན་པོ་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ལ་འང་གཉེན་པོ་མེད་དོ། །གང་དག་གཉེན་པོས་མྱ་ངན་ལས་འདས་པ་ཚོལ་བ་དེ་དག་ནི་སྐྱེ་བ་དང་འཇིག་པར་ལྟ་བ་ཡིན་ཏེ། ཆོས་འདི་དག་ནི་བསྐྱེད་པར་བྱ། ཆོས་འདི་དག་ནི་དགག་པར་བྱ་ཞེས་དེ་དག་སྐྱེ་བ་དང ། འཇིག་པ་ལ་སྤྱོད་པས་དེ་དག་མྱ་ངན་ལས་འདས་པའི་མཉམ་པ་ཉིད་མི་ཤེས་སོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་ཅེས་ཤེས་པར་གྱིས་ཤིག་།ཤེས་པར་གྱིས་ཤིག་།མ་རྩོད་ཅིག་།རྩོད་པ་མེད་པ་དགེ་སྦྱོང་གི་ཡོན་ཏན་གྱི་མཆོག་རྣམས་ཡོངས་སུ་རྫོགས་པར་གྱིས་ཤིག་ཅེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཇི་ལྟར་ལུས་མངོན་སུམ་དུ་གྱུར་པ་དེ་བཞིན་དུ་སྟོན་པ་ངོ་མཚར་ཏོ། །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་ཁོ་བོའི་ལུས་ནི་མངོན་སུམ་སྟེ། ལུས་ཀྱི་མངོན་སུམ་བདག་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་ནི་བདག་གི་ལུས་ཏེ། དེའི་ཕྱིར་ཁོ་བོའི་ལུས་ནི་མངོན་སུམ་མོ། །དེ་ཇི་ལྟར་ན་ལུས་མངོན་སུམ་ཡིན་ཞེ་ན། གང་གི་ཕྱིར་ལུས་ཀྱིས་སངས་རྒྱས་ཀྱི་མཛད་པ་བྱེད་ཀྱང་ཆོས་ཀྱི་སྐུ་ལུས་ཀྱང་མི་ཉམས་ལ། ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ཀྱིས་རབ་ཏུ་ཕྱེ་བ་ཡང་མ་ཡིན། ལུས་ཕྱིན་ཅི་ལོག་ལས་བྱུང་བ་ཡང་མ་ཡིན་ཏེ། ཡིད་ཀྱི་ལུས་རབ་ཏུ་རྙེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལུས་མངོན་སུམ་པ་ཡིན་ནོ། །ཀུན་དགའ་བོས་སྨྲས་པ། རིགས་ཀྱི་བུ་ཁྱོད་ཆོས་ཐམས་ཅད་མངོན་སུམ་པ་ཡིན་ནམ། སྨྲས་པ། བཙུན་པ་ཀུན་དགའ་བོ་ཁོ་བོའི་ལུས་ནི་ཆོས་ལས་རྣམ་པར་གྲོལ་བར་མི་འདོད་དེ། ཁོ་བོའི་ལུས་ཉིད་ཆོས་སོ། །ཆོས་ཉིད་ནི་ཁོ་བོའི
52.252a
ལུས་སོ། །དེ་བས་ན་ཁོ་བོའི་ལུས་མངོན་སུམ་མོ། །ཀུན་དགའ་བོས་སྨྲས་པ། ་རིགས་ཀྱི་བུ་ཁྱོད་གལ་ཏེ་ལུས་མངོན་སུམ་པ། ཡིན་ན་ཁྱོད་ཅི་དགྲ་བཅོམ་པ་འམ། སྨྲས་པ། ཉོན་མོངས་པ་མེད་པའི་ཆོས་ཀྱི་སྒོ་རྟོགས་ཤིང ། འདོད་ཆགས་མེད་ལ་ཞེ་སྡང་མེད་ཅིང་གཏི་མུག་མེད་པའི་ཕྱིར་ཁོ་བོ་ནི་དགྲ་བཅོམ་པའོ། །སྨྲས་པ། རིགས་ཀྱི་བུ་ཁྱོད་གལ་ཏེ་ཁྱོད་དགྲ་བཅོམ་པ་ཡིན་ན་ཇི་སྲིད་ཅིག་ན་ཡོངས་སུ་མྱ་ངན་ལས་འདའ། སྨྲས་པ། བཙུན་པ་ཀུན་དགའ་བོ་དགྲ་བཅོམ་པ་ནི་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། སོ་སོའི་སྐྱེ་བོ་རྣམས་ཡོངས་སུ་མྱ་ངན་ལས་འདའི་དགྲ་བཅོམ་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགྲ་བཅོམ་པ་ནི་མྱ་ངན་ལས་འདས་པའི་འདུ་ཤེས་སྤངས་པའོ། །སོ་སོའི་སྐྱེ་བོ་རྣམས་ནི་ཡོངས་སུ་མྱ་ངན་ལས་འདའོ་ཞེས་རྣམ་པར་རྟོག་སྟེ། དེ་དག་ཅི་ཙམ་དུ་རྟོག་ཅིང་རྣམ་པར་རྟོག་པ་དེ་ཙམ་དུ་ཡོངས་སུ་མྱ་ངན་ལས་འདའོ། །སྨྲས་པ། རིགས་ཀྱི་བུ་བདག་ཅག་གིས་ཇི་ལྟར་ཁྱོད་ཀྱིས་སྨྲས་པའི་དོན་ཤེས་པ་ལྟར་ན་ཁྱོད་ནི་དགྲ་བཅོམ་པ་འང་མ་ཡིན། སོ་སོའི་སྐྱེ་བོ་ཡང་མ་ཡིན། སློབ་པ་ཡང་མ་ཡིན། མི་སློབ་པ་ཡང་མ་ཡིན། རང་སངས་རྒྱས་ཀྱང་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་མ་ཡིན། དེ་བཞིན་གཤེགས་པ་ཡང་མ་ཡིན་ནོ། །སྨྲས་པ། བཙུན་པ་ཀུན་དགའ་བོ་ལེགས་སོ་ལེགས་སོ། །དགྲ་བཅོམ་པ་ཡང་མ་ཡིན། སོ་སོའི་སྐྱེ་བོ་ཡང་མ་ཡིན། སློབ་པ་ཡང་མ་ཡིན། མི་སློབ་པ་ཡང་མ་ཡིན། རང་སངས་རྒྱས་ཀྱང་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་མ་ཡིན། དེ་བཞིན་གཤེགས་པ་ཡང་མ་ཡིན་པ་དེ་ནི་ས་ཐམས་ཅད་ཀྱང་སྟོན་ལ་གང་ལ་ཡང་རབ་ཏུ་མི་གནས་སོ། །བསྟན་པ་འདི་བཤད་པ་ན་ཉན་ཐོས་ལྔ་བརྒྱ་ཙམ་གྱིས།
52.252b
བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་བླ་གོས་ཆོས་ལ་དགབ་པར་གཏོར་ཏེ། ཚིག་འདི་སྐད་དུ་སེམས་ཅན་ཐམས་ཅད་ཀྱང་འདི་འདྲ་བའི་སྤོབས་པ་རྙེད་པར་གྱུར་ཅིག་ཅེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་བྱིན་གྱིས་བརླབས་ཀྱིས་ཆོས་གོས་དེ་དག་ནམ་མཁའི་ནང་དུ་སོང་ངོ ། །དེ་ནས་དགེ་སློང་དགྲ་བཅོམ་པ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཆོས་གོས་དེ་དག་གར་སོང་སྨྲས་པ། ནམ་མཁའི་མཛོད་དུ་སོང་ངོ ། །དེའི་ཚེ་བཅོམ་ལྡན་འདས་འཛུམ་པ་མཛད་པ་དང ། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འཛུམ་པ་མཛད་པ་དེའི་དོན་ཞུས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་དོན་མ་མཆིས་པར་འཛུམ་པ་མི་མཛད་ན་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་ལྔ་བརྒྱ་པོ་དེ་དག་གིས་བླ་གོས་ལྔ་བརྒྱ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་གཏོར་ཏེ། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་ནམ་མཁའི་མཛོད་དུ་བཞག་པ་དེ་དག་ངུར་སྨྲིག་གི་རྒྱལ་མཚན་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་སོང་སྟེ། ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རི་དབང་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་ན་སངས་རྒྱས་ཀྱི་བྱ་བ་བྱེད་དོ། །གང་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་ཆོས་ཀྱི་གཏམ་བྱས་པ་དེ་སངས་རྒྱས་ཀྱི་ཞིང་དེར་ཆོས་གོས་དེ་དག་ལས་བྱུང་སྟེ། ཆོས་བསྟན་པ་དེས་བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ་ཞིག་བཟོད་པ་ཐོབ་པོ། །ཀུན་དགའ་བོ་རྣམ་གྲངས་དུ་མས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་དང་ཡེ་ཤེས་ཀྱི་ཡུལ་ལ་ལྟོས། བསྟན་པ་འདི་བཤད་པ་ན་མེ་ལྟ་བུའི་ཁ་དོག་དང་ཟླ་བ་དང་ཉི་མ་ལྟར་འབར་བའི་ཁ་དོག་སྔོན་མ་མཐོང་མ་ཐོས་པའི་མེ་ཏོག་རྣམས་ཀྱི་ཆར་ཆེན་པོ་མངོན་པར་རབ་ཏུ་བབ་སྟེ། མེ་ཏོག་དེ་དག་ལས་གང་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་བསྟན་པ་འདི་ཐོས་ནས་མོས་པར་འགྱུར་བའི་སེམས་ཅན་དེ་དག་ནི་ཕྱིར་མི་ལྡོག་པའི་ཕྱག་རྒྱས
52.253a
བཏབ་ཅིང་བྱང་ཆུབ་ཀྱི་སྙིང་པོ་ལ་གཞོལ་བ་ཡིན་ནོ་ཞེས་དེ་ལྟ་བུའི་སྒྲ་བྱུང་ངོ ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་མེ་ཏོག་འདི་དག་ག་ལས་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འོད་བཀོད་པ་ཞེས་བྱ་བའི་ཚངས་པའི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱ་ལ་དབང་བ་ཞིག་ཡོད་དེ། ཚངས་པ་དེས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་མཆོད་པ་བྱ་བའི་ཕྱིར་མེ་ཏོག་འདི་དག་གཏོར་ཏོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་བདག་ཅག་གིས་ཚངས་པ་དེ་ལྟའོ། །བཀའ་སྩལ་པ། ཚངས་པ་དེ་དེའུ་རེ་མཐོང་གིས་ཅུང་ཞིག་སྡོད་ཅིག་།དེ་ནས་ཚངས་པ་འོད་བཀོད་པ་ཚངས་པ་སྟོང་ཕྲག་དྲུག་བཅུ་རྩ་བརྒྱད་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། ཚངས་པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ། དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་འོད་བཀོད་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་ཚུལ་ཁྲིམས་ཀྱི་ཆེ་བ་དང ། ཏིང་ངེ་འཛིན་གྱི་ཆེ་བ་དང ། མངོན་པར་ཤེས་པའི་ཆེ་བ་དང ། ཡེ་ཤེས་ཀྱི་ཆེ་བ་དང ། ཤེས་རབ་ཀྱི་ཆེ་བ་དང ། སྨོན་ལམ་ཡོངས་སུ་རྫོགས་པའི་ཆེ་བ་དང ། ཐབས་ལ་མཁས་པའི་ཆེ་བ་དང ། ལྷག་པའི་བསམ་པའི་ཆེ་བ་དང ། ཆོས་ཀྱི་དབང་ཕྱུག་གི་ཆེ་བ་དང ། ལུས་ཀྱི་རྒྱན་གྱི་ཆེ་བ་དང ། ངག་དང་སེམས་ཀྱི་རྒྱན་གྱི་ཆེ་བ་དང ། ཆོས་ཐམས་ཅད་ལ་དབང་བའི་ཆེ་བ་ངོ་མཚར་ཏོ། །འདི་ལྟར་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཅེས་བགྱི་བ་སྔོན་ཤིན་དུ་སྦྱང་བ་བགྱིས་པས་ལུས་དང ། ངག་དང ། སེམས་དང་དག་གིས་བརྩོན་པ་མ་མཆིས་པར་བགྱི་བ་ཐམས་ཅད་སྟོན་ཏོ། བཅོམ་ལྡན་འདས་སུ་ཞིག་སྔོན་གྱི་དགེ་བའི་རྩ་བ་རྣམས་ལ་བྱས་པ་མི་གཟོ་བར་འགྱུར། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ད་ལྟར་གང་སེང་གེའི་སྒྲ
52.253b
སྒྲོགས་པ་འདི་ནི་སྔོན་གྱི་སྤྱོད་པ་ཟབ་མོའི་རྒྱུ་མཐུན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ། །ཚངས་པ་ཇི་སྐད་སྨྲས་པ་བཞིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་སྔོན་གྱི་དགེ་བའི་རྩ་བ་དང ། བསོད་ནམས་དང ། ཡེ་ཤེས་ལས་བྱུང་ངོ ། །དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་འོད་བཀོད་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་གང་ལགས། བསོད་ནམས་གང་ལགས་ཡེ་ཤེས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་དགེ་བའི་རྩ་བ་ཞེས་བྱ་བ་ནི་གང་སེམས་དང་པོ་བསྐྱེད་པ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བའོ། །བསོད་ནམས་ནི་གང་བྱང་ཆུབ་ཀྱི་སེམས་བསྐྱེད་མ་ཐག་ཏུ་སེམས་ཅན་ཐམས་ཅད་དང ། ཉན་ཐོས་དང ། ་རང་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་པ་ལས་བྱུང་བ་དང ། ཚུལ་ཁྲིམས་ལས་བྱུང་བ་དང ། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་ཟིལ་གྱིས་གནོན་པའོ། །ཡེ་ཤེས་ནི་གང་དགེ་བའི་རྩ་བ་བསགས་ཤིང་བསགས་པ་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བའོ། །གཞན་ཡང་དགེ་བའི་རྩ་བ་ནི་སྒྱུ་དང་གཡོ་མེད་པའི་ཕྱིར་བསམ་པའོ། །བསོད་ནམས་ནི་གང་བསོད་ནམས་ཐམས་ཅད་སོགས་པའི་ཕྱིར་རབ་ཏུ་སྦྱོར་བའོ། །ཡེ་ཤེས་ནི་གང་ཁྱད་པར་དུ་འགྲོ་བའི་ཕྱིར་ལྷག་པའི་བསམ་པའོ། །གཞན་ཡང་དགེ་བའི་རྩ་བ་ནི་གང་དགེ་བའི་ཆོས་རྣམས་ལ་ཡི་དམ་བརྟན་པའོ། །བསོད་ནམས་ནི་གང་དགེ་བའི་རྩ་བའི་ཚོགས་ཀྱིས་ཆོག་མི་ཤེས་པའོ། །ཡེ་ཤེས་ནི་གང་དགེ་བའི་རྩ་བ་རྣམས་ལ་སྒྱུ་མར་སོ་སོར་རྟོག་པའོ། །གཞན་ཡང་དགེ་བའི་རྩ་བ་ནི་གང་དགེ་བའི་བཤེས་གཉེན་རྙེད་པའོ། །བསོད་ནམས་ནི་གང་དགེ་བའི་བཤེས་གཉེན་མི་གཏོང་བའོ། །ཡེ་ཤེས་ནི་གང་དགེ་བའི་བཤེས་གཉེན་ལ་ཀུན་འདྲི་བའོ། །གཞན་ཡང་དགེ་བའི་རྩ་བ་ནི་གང་ཆོས་དོན་དུ་གཉེར་བའོ། །བསོད་ནམས་ནི་གང་ཆོས་འདོད་པའོ། །ཡེ་ཤེས
52.254a
ནི་གང་ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པའོ། །གཞན་ཡང་དགེ་བའི་རྩ་བ་ནི་གང་ཆོས་ཚོལ་བའོ། །བསོད་ནམས་ནི་གང་ཟང་ཟིང་མེད་པར་ཆོས་སྟོན་པའོ། །ཡེ་ཤེས་ནི་གང་ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་མེད་པའོ། །གཞན་ཡང་དགེ་བའི་རྩ་བ་ནི་གང་ཆོས་ཉན་པའོ། །བསོད་ནམས་ནི་གང་ཚུལ་བཞིན་ལ་སོ་སོར་རྟོག་པའོ། །ཡེ་ཤེས་ནི་གང་ཆོས་སྒྲུབ་པའོ། །གཞན་ཡང་དགེ་བའི་རྩ་བ་ནི་གང་སངས་རྒྱས་མཐོང་བའོ། །བསོད་ནམས་ནི་གང་སངས་རྒྱས་ལ་རིམ་གྲོ་བྱེད་པའོ། །ཡེ་ཤེས་ནི་གང་སངས་རྒྱས་ལ་རབ་ཏུ་རྟོན་པའོ། །གཞན་ཡང་དགེ་བའི་རྩ་བ་ནི་གང་རབ་ཏུ་བྱུང་བ་རྙེད་པའོ། །བསོད་ནམས་ནི་གང་འཕགས་པའི་རིགས་ཀྱིས་ཤིན་དུ་དགའ་བའོ། །ཡེ་ཤེས་ནི་གང་དགོན་པར་གནས་པ་ལ་དགའ་བའོ། །གཞན་ཡང་དགེ་བའི་རྩ་བ་ནི་གང་དག་སླ་བ་དང ། གསོ་སླ་བའོ། །བསོད་ནམས་ནི་གང་ཆོས་གོས་དང་བསོད་སྙོམས་ལྷུན་གྱིས་གྲུབ་པར་རྙེད་པའོ། །ཡེ་ཤེས་ནི་གང་མི་ཆགས་མི་བརྐམ་པར་དེ་ལ་ཡོངས་སུ་སྤྱོད་པའོ། །གཞན་ཡང་དགེ་བའི་རྩ་བ་ནི་གང་དྲན་པ་ཉེ་བར་གཞག་པ་རྣམས་ལ་སྒོམ་པའོ། །བསོད་ནམས་ནི་གང་ཡང་དག་པར་སྤོང་བ་རྣམས་ཡོངས་སུ་རྫོགས་པར་བྱེད་པའོ། །ཡེ་ཤེས་ནི་གང་རྫུ་འཕྲུལ་གྱི་རྐང་པ་ཐོབ་པའོ། །གཞན་ཡང་དགེ་བའི་རྩ་བ་ནི་གང་དད་པའི་དབང་པོ་ལ་འཇུག་པའོ། །བསོད་ནམས་ནི་གང་བརྩོན་འགྲུས་དང ། དྲན་པ་དང་ཤེས་བཞིན་ནོ། །ཡེ་ཤེས་ནི་གང་ཏིང་ངེ་འཛིན་དང་ཤེས་རབ་བསྒོམ་པའོ། །གཞན་ཡང་དགེ་བའི་རྩ་བ་ནི་གང་སྟོབས་ལྔ་ལ་གནས་པའོ། །བསོད་ནམས་ནི་གང་བྱང་ཆུབ་ཀྱི་ཡན་ལག་རྣམས་རྗེས་སུ་ཤེས་པའོ། །ཡེ་ཤེས་ནི་གང་ལམ་ལ་འཇུག་པ་ཤེས་པའོ། །གཞན་ཡང་དགེ་བའི་རྩ་བ་ནི་གང་སེམས་དགའ་བའོ། །བསོད་ནམས་ནི་གང་ཞི་གནས་ཀྱི་ཚོགས་ཡོངས་སུ་ཚོལ་བའོ། །ཡེ་ཤེས་ནི་གང་ལྷག་མཐོང་ལ་མཁས་པའོ། །གཞན་ཡང་དགེ་བའི་རྩ་བ་ནི་གང་སྦྱིན་པ་ལས་བྱུང་བའི
52.254b
བསོད་ནམས་བྱ་བའི་དངོས་པོའོ། །བསོད་ནམས་ནི་གང་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའོ། །ཡེ་ཤེས་ནི་གང་བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའོ། །གཞན་ཡང་དགེ་བའི་རྩ་བ་ནི་ལྷག་པའི་ཚུལ་ཁྲིམས་ལ་སློབ་པའོ། །བསོད་ནམས་ནི་ལྷག་པའི་སེམས་ལ་སློབ་པའོ། །ཡེ་ཤེས་ནི་ལྷག་པའི་ཤེས་རབ་ལ་སློབ་པའོ། །གཞན་ཡང་དགེ་བའི་རྩ་བ་ནི་སྡིག་པ་ཐམས་ཅད་སོ་སོར་འཆགས་པའོ། །བསོད་ནམས་ནི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་བའོ། །ཡེ་ཤེས་ནི་སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་པའོ། །གཞན་ཡང་དགེ་བའི་རྩ་བ་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའོ། །བསོད་ནམས་ནི་རྣམ་པར་སྨིན་པ་ལ་མི་རེ་བའོ། །ཡེ་ཤེས་ནི་སྦྱིན་པ་མི་སྙེམས་ཤིང་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། །གཞན་ཡང་དགེ་བའི་རྩ་བ་ནི་བསླབ་པ་ཡང་དག་པར་འཛིན་པའོ། །བསོད་ནམས་ནི་ཚུལ་ཁྲིམས་མ་ཉམས་པའོ། །ཡེ་ཤེས་ནི་མངོན་པར་འདུ་མི་བྱེད་པའི་ཚུལ་ཁྲིམས་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། །གཞན་ཡང་དགེ་བའི་རྩ་བ་ནི་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའོ། །བསོད་ནམས་ནི་མི་སྙན་པར་ཟེར་བ་བཟོད་པའོ། །ཡེ་ཤེས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ལུས་དང་སྲོག་གཏོང་ཞིང་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། །གཞན་ཡང་དགེ་བའི་རྩ་བ་ནི་གང་དགེ་བའི་ཆོས་རྣམས་ལ་རྩོམ་པའོ། །བསོད་ནམས་ནི་གང་དགེ་བའི་རྩ་བ་ཐམས་ཅད་ལ་འདུན་པའོ། །ཡེ་ཤེས་ནི་གང་མཚན་མ་མེད་པ་ལ་མཚུངས་པར་འཇུག་ཅིང་དགེ་བའི་རྩ་བ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ། །གཞན་ཡང་དགེ་བའི་རྩ་བ་ནི་གང་བསམ་གཏན་གྱི་ཡན་ལག་ཡོངས་སུ་ཚོལ་བའོ། །བསོད་ནམས་ནི་གང་བསམ་གཏན་རྙེད་པས་སྔོན་གྱི་དགེ་བའི་རྩ་བ་ཟད་པར་མི་བྱེད་པའོ། །ཡེ་ཤེས་ནི་གང་བསམ་གཏན་ལས་བཟློག་ནས་འདོད་པའི་ཁམས་སུ་སྐྱེ་བའོ། །གཞན་ཡང་དགེ་བའི
52.255a
རྩ་བ་ནི་གང་ཤེས་རབ་ཀྱི་རྩ་བ་ཐོས་པའོ། །བསོད་ནམས་ནི་གང་ཐོས་པ་ལ་སོ་སོར་རྟོག་པའོ། །ཡེ་ཤེས་ནི་གང་ཤེས་རབ་ཡོངས་སུ་སྐོང་བའོ། །གཞན་ཡང་དགེ་བའི་རྩ་བ་ནི་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའོ། །བསོད་ནམས་ནི་བྱམས་པའི་སེམས་ལ་སྙོམས་པར་འཇུག་པའོ། །ཡེ་ཤེས་ནི་ནམ་མཁའ་དང ། མཚུངས་པས་སེམས་ཅན་ཐམས་ཅད་ལ་བྱམས་པའོ། །གཞན་ཡང་དགེ་བའི་རྩ་བ་ནི་གང་ས་གསུམ་གྱི་ཚོགས་སོ། །བསོད་ནམས་ནི་གང་ས་བཞི་ལ་སོགས་པའོ། །ཡེ་ཤེས་ནི་གང་ས་བཅུ་པ་ཡོངས་སུ་སྐོང་བའོ། །གཞན་ཡང་དགེ་བའི་རྩ་བ་ནི་སེམས་དང་པོ་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །བསོད་ནམས་ནི་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ཡེ་ཤེས་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །གཞན་ཡང་དགེ་བའི་རྩ་བ་ནི་རྐང་མཐིལ་མཉམ་པར་རེག་པའོ། །བསོད་ནམས་ནི་མཚན་དང་དཔེ་བྱད་བཟང་པོའི་རྒྱན་ཏོ། །ཡེ་ཤེས་ནི་སྤྱི་གཙུག་བལྟར་མི་མཐོང་བའོ། །གཞན་ཡང་དགེ་བའི་རྩ་བ་ནི་སངས་རྒྱས་ཀྱི་ཞིང་གི་རྒྱན་ཏོ། །བསོད་ནམས་ནི་བཟའ་བ་དང་བཏུང་བ་ཡིད་ཀྱིས་ལོངས་སྤྱོད་པའོ། །ཡེ་ཤེས་ནི་དབང་པོ་རྣོ་བའི་སེམས་ཅན་དུ་སྐྱེ་བའོ། །གཞན་ཡང་དགེ་བའི་རྩ་བ་ནི་བདུད་ཀྱི་ལས་རྣམས་ཐོས་པའོ། །བསོད་ནམས་ནི་བདུད་ཀྱི་ལས་རིག་པའོ། །ཡེ་ཤེས་ནི་བདུད་ཀྱི་ལས་ལས་ཡང་དག་པར་འདས་པའོ། །གཞན་ཡང་དགེ་བའི་རྩ་བ་ནི་སྙིང་རྗེ་ཆེན་པོའོ། །བསོད་ནམས་ནི་ཐབས་ལ་མཁས་པའོ། །ཡེ་ཤེས་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། །གཞན་ཡང་དགེ་བའི་རྩ་བ་ནི་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ཏོ། །བསོད་ནམས་ནི་བདུད་ཐམས་ཅད་འདུལ་བའོ། །ཡེ་ཤེས་ནི་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཚངས་པ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དང ། བསོད་ནམས་དང ། ཡེ་ཤེས་ལས་བྱུང་བ་ཡིན་ནོ། །
52.255b
དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་འོད་བཀོད་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་རྩ་བ་གསུམ་པོ་འདི་དག་ལས་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྣ་ཚོགས་སུ་བཤད་པ་ངོ་མཚར་ཏོ། །དེ་སྐད་ཅེས་གསོལ་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་ཀྱིས་ཚངས་པ་འོད་བཀོད་པ་ལ་འདི་སྐད་ཅེས་སྨྲས་སོ། །ཚངས་པ་གནས་གཅིག་ཏུ་ཆོས་ཐམས་ཅད་ཡང་དག་པར་འདུའོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ཀྱི་གནས་ནི་གནས་ཏེ། སྟོང་པ་ཉིད་དུ་ཆོས་ཐམས་ཅད་ཡང་དག་པར་འདུའོ། །མཚན་མ་མེད་པའི་གནས་ནི་གནས་ཏེ། མཚན་མ་མེད་པར་ཆོས་ཐམས་ཅད་ཡང་དག་པར་འདུའོ། །སྨོན་པ་མེད་པའི་གནས་ནི་གནས་ཏེ། སྨོན་པ་མེད་པར་ཆོས་ཐམས་ཅད་ཡང་དག་པར་འདུའོ། །དེ་བཞིན་ཉིད་དུ་སྦྱར་ཏེ། མངོན་པར་འདུ་མི་བྱེད་པའི་བར་གྱི་གནས་ནི་གནས་སོ། །འདོད་ཆགས་མེད་པའི་གནས་ནི་གནས་སོ། །ཞི་བའི་གནས་ནི་གནས་སོ། །གཞི་མེད་པའི་གནས་ནི་གནས་སོ། །ཆོས་ཀྱི་དབྱིངས་ཀྱི་གནས་ནི་གནས་སོ། །དེ་བཞིན་ཉིད་ཀྱི་གནས་ནི་གནས་སོ། །ཡང་དག་པའི་མཐའི་གནས་ནི་གནས་སོ། །མི་འབྱུང་བའི་གནས་ནི་གནས་སོ། །སྐྱེ་བ་མེད་པའི་གནས་ནི་གནས་སོ། །མྱ་ངན་ལས་འདས་པའི་གནས་ནི་གནས་ཏེ། ཆོས་ཐམས་ཅད་ནི་མྱ་ངན་ལས་འདས་པར་ཡང་དག་པར་འདུའོ། །ཚངས་པ་གཞན་ཡང་འདོད་ཆགས་ནི་འདོད་ཆགས་མེད་པའི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་ནི་འདོད་ཆགས་མེད་པའི་རང་བཞིན་ཏེ། ཆོས་ཐམས་ཅད་ནི་འདོད་ཆགས་ཀྱི་རང་བཞིན་ནོ། །ཞེ་སྡང་ནི་ཞེ་སྡང་མེད་པའི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། ཞེ་སྡང་ནི་ཞེ་སྡང་མེད་པའི་རང་བཞིན་ཏེ། ཆོས་ཐམས་ཅད་ནི་ཞེ་སྡང་གི་རང་བཞིན་ནོ། །གཏི་མུག་ནི་གཏི་མུག་མེད་པའི་གནས་སོ་དེ་ཅིའི་ཕྱིར་ཞེ་ན། གཏི་མུག་ནི་གཏི་མུག་མེད་པའི་རང་བཞིན་ཏེ་ཆོས་ཐམས་ཅད་ནི་གཏི་མུག་གི་རང་བཞིན་ནོ། །འཇིག་ཚོགས་ནི་འཇིག
52.256a
ཚོགས་མེད་པའི་གནས་སོ། ་འཇིག་ཚོགས་ནི་འཇིག་ཚོགས་མེད་པའི་རང་བཞིན་ཏེ། ཆོས་ཐམས་ཅད་ནི་འཇིག་ཚོགས་ཀྱི་རང་བཞིན་ནོ། །གཟུགས་ནི་གཟུགས་མེད་པའི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་གཟུགས་མེད་པའི་རང་བཞིན་ཏེ། ཆོས་ཐམས་ཅད་ནི་གཟུགས་མེད་པའི་རང་བཞིན་ནོ། །དེ་བཞིན་དུ་ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པ་ཡང་རྣམ་པར་ཤེས་པ་མེད་པའི་གནས་སོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་མེད་པའི་རང་བཞིན་ཏེ། ཆོས་ཐམས་ཅད་ནི་རྣམ་པར་ཤེས་པ་མེད་པའི་རང་བཞིན་ནོ། །ཁམས་རྣམས་དང ། སྐྱེ་མཆེད་རྣམས་དང ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ཀྱང་དེ་བཞིན་དུ་སྦྱར་ཏེ། མ་རིག་པ་ནི་མ་རིག་པ་མེད་པའི་གནས་སོ། མ་རིག་པ་ནི་མ་རིག་པ་མེད་པའི་རང་བཞིན་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་མ་རིག་པའི་རང་བཞིན་ནོ། །སྐྱེ་བའི་བར་དུ་ཡང་སྐྱེ་བ་མེད་པའི་གནས་སོ། །སྐྱེ་བ་ནི་སྐྱེ་བ་མེད་པའི་རང་བཞིན་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་སྐྱེ་བའི་རང་བཞིན་ནོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་ཆོས་མ་ཡིན་པའི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་རྟོག་པ་མེད་པའི་རང་བཞིན་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ནོ། །ཚངས་པ་དེ་དག་ནི་གནས་མེད་པའི་གནས་ལ་འཇུག་པ་ཞེས་བྱ་བ་ཆོས་ཀྱི་གནས་པའི་སྒོ་སྟེ་གང་དུ་གནས་རེ་རེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འདུ་བའོ། །ཚངས་པ་འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོར་ནི་འབབ་ཆུ་ཐམས་ཅད་འབབ་པ་དེ་བཞིན་དུ། ཆོས་ཀྱི་སྒོའི་གནས་གཅིག་ཏུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འདུའོ། །ཚངས་པ་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་གཟུགས་སུ་སྣང་བ་ཐམས་ཅད་ཡང་དག་པར་འདུ་བ་དེ་བཞིན་དུ། ཆོས་ཀྱི་སྒོའི་གནས་གཅིག་ཏུ
52.256b
སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འདུ་སྟེ། དེའི་ཕྱིར་གནས་འདི་ནི་མི་ཟད་པའི་གནས་ཏེ། འབུམ་བཞག་པའི་གནས་སོ། །ཚངས་པ་འདི་ལྟ་སྟེ་དཔེར་ན། འབུམ་བཞག་པའི་གནས་གཅིག་ཏུ་འབུམ་ཐམས་ཅད་ཡང་དག་པར་འདུ་སྟེ་དེ་དག་ལོ་སྟོང་དུ་བཞག་ནས་ཕྱུང་ཡང་འབུམ་དེ་སྙེད་ཀྱང་གནས་དེ་ལ་མི་འབྱར་ལ་གནས་ཀྱང་འབུམ་གྱི་མི་འབྱར་བ་དེ་བཞིན་དུ། ཚངས་པ་བསྐལ་པ་བརྒྱ་སྟོང་དུ་སངས་རྒྱས་ཀྱི་ཆོས་རྣམས་བགྲངས་ཤིང་བཞག་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ལུས་ལ་སོང་བ་འམ་སེམས་ལ་སོང་བར་མི་འགྱུར་ཏེ། བཤད་ཀྱང་རུང་མ་བཤད་ཀྱང་རུང་བ་དེ་སྙེད་དོ། །དེ་སྙེད་པ་དེ་ཡང་དེ་སྙེད་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་དེ་སྙེད་དམ། དེ་སྙེད་མ་ཡིན་པ་ཞིག་རྙེད་ན་ནི་དེ་རྙེད་པ་ཉིད་དུ་འགྱུར་ན། གང་གི་ཕྱིར་དེ་དག་ནི་དེ་སྙེད་ཀྱང་མ་ཡིན་ཏེ་དེ་སྙེད་མ་ཡིན་པ་ཡང་མ་ཡིན་པས་དེའི་ཕྱིར་དེ་དག་ནི་དེ་སྙེད་དམ། དེ་སྙེད་མ་ཡིན་པ་ཞེས་མི་བརྗོད་དོ། །ཚངས་པ་གང་སངས་རྒྱས་ཀྱི་ཆོས་བགྲང་བ་དེ་ནི་ཆོས་ཐམས་ཅད་བགྲང་བའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་ཏེ། སངས་རྒྱས་ཀྱི་ཆོས་གང་ཡིན་པ་དེ་དག་ནི་ཆོས་ཀྱང་མ་ཡིན། ཆོས་མ་ཡིན་པ་འང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཆོས་ནི་འདུ་ཤེས་ཀྱིས་ཀུན་བརྟགས་པ་མ་ཡིན་ཏེ། འདུ་ཤེས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་རབ་ཏུ་བསྟན་ཏེ། གང་འདུ་ཤེས་ཀྱང་མེད་འདུ་ཤེས་མེད་པ་ཡང་མ་ཡིན་པའི་ཀུན་རྟོག་པ་དེ་ནི་ཆོས་ཀྱང་མ་ཡིན། ཆོས་མ་ཡིན་པ་ཡང་མ་ཡིན་ནོ། །ཚངས་པ་སངས་རྒྱས་ཀྱི་ཆོས་འདི་དག་ནི་མཚན་ཉིད་དེ་ལྟ་བུ་སྟེ། རང་གི་མཚན་ཉིད་ཀྱིས་དག་པ། རང་གི་མཚན་ཉིད་ཀྱིས་དབེན་པའོ། །རང་གི་མཚན་ཉིད་ནི་མཚན་ཉིད་མེད་པ་སྟེ་མཚན་ཉིད་མེད་པ་ནི་ནམ་མཁའོ། །ནམ་མཁའི་མཚན་ཉིད་ནི་ཆོས་ཐམས་ཅད་དོ། །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་གཏམ
52.257a
ཤིན་དུ་བརྗོད་པ་འདི་བསྟན་པ་ན། ཚངས་པའི་འཁོར་དེ་ནས་ཚངས་པ་ཁྲི་ཉིས་སྟོང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །ཡོངས་སུ་སྦྱང་བ་བྱས་པའི་དགེ་བའི་རྩ་བ་རྣམས་བསྐྱེད་པའི་ཚངས་པ་ལྔ་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། །།འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པ། བམ་པོ་བདུན་པ། དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་བྱང་ཆུབ་ཀྱི་སེམས་ཤེས་བྱ་བའི་བྱང་ཆུབ་ཀྱི་སེམས་དེ་ཆོས་གང་དག་གིས་བསྡུས་ན་ཕྱིར་མི་ལྡོག་པར་ཀུན་དུ་གནས། ནམ་མཁའ་མཛོད་ཀྱིས་སྨྲས་པ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་ཆོས་རྣམ་པ་གཉིས་ཀྱིས་བསྡུས་པས་ཕྱིར་མི་ལྡོག་པར་གནས་སོ། །གཉིས་གང་ཞེ་ན། བསམ་པ་དང ། ལྷག་པའི་བསམ་པའོ། །སྨྲས་པ། རིགས་ཀྱི་བུ་བསམ་པ་དང ། ལྷག་པའི་བསམ་པ་གང་གིས་བསྡུས། སྨྲས་པ། རིགས་ཀྱི་བུ་བསམ་པ་ནི་གཡོ་མེད་པ་དང་སྒྱུ་མེད་པས་བསྡུས་པའོ། །ལྷག་པའི་བསམ་པ་ནི་དེ་ལ་མ་ཆགས་པ་དང ། ཁྱད་པར་དུ་འགྲོ་བས་བསྡུས་སོ། །སྨྲས་པ། རིགས་ཀྱི་བུ་ཆོས་བཞི་པོ་འདི་དག་གང་གིས་བསྡུས། སྨྲས་པ། རིགས་ཀྱི་བུ་ཆོས་བཞི་པོ་འདི་དག་ནི་ཆོས་བརྒྱད་ཀྱིས་བསྡུས་ཏེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། གཡོ་མེད་པ་ནི་དྲང་པོ་དང ། གསལ་བས་བསྡུས་སོ། །སྒྱུ་མེད་པ་ནི་བཅོས་མ་མ་ཡིན་པ་དང ། བསམ་པ་དག་པས་བསྡུས་སོ། །དེ་ལ་མ་ཆགས་པ་ནི་སེམས་མ་གོད་པ་དང ། བརྩོན་འགྲུས་མ་གོད་པས་བསྡུས་སོ། །ཁྱད་པར་དུ་འགྲོ་བ་ནི་བསོད་ནམས་ཀྱི་ཚོགས་དང ། ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་སོ། །སྨྲས་པ། རིགས་ཀྱི་བུ་ཆོས་བརྒྱད་པོ་འདི་དག་གང་གིས་བསྡུས། སྨྲས་པ། རིགས་ཀྱི་བུ་ཆོས་བརྒྱད་པོ་འདི་དག་ནི་ཆོས་བཅུ་དྲུག་གིས་བསྡུས་ཏེ། བཅུ་དྲུག་གང་ཞེ་ན།
52.257b
འདི་ལྟ་སྟེ། དྲང་པོ་ནི་ཞི་བ་དང ། དེས་པས་བསྡུས་སོ། །གསལ་བ་ནི་ང་རྒྱལ་མེད་པ་དང ། ཐིབས་པོ་མེད་པས་བསྡུས་སོ། །བཅོས་མ་མ་ཡིན་པ་ནི་བྱམས་པ་ཆེན་པོ་དང ། སྙིང་རྗེ་ཆེན་པོས་བསྡུས་སོ། །བསམ་པ་དག་པ་ནི་ལུས་དང་སེམས་ཡོངས་སུ་དག་པས་བསྡུས་སོ། །སེམས་མ་གོད་པ་ནི་བརྟན་པ་དང ། སྟོབས་ཀྱིས་བསྡུས་སོ། །བརྩོན་འགྲུས་མ་གོད་པ་ནི་དེ་ཉིད་བྱེད་པ་དང ། ཡང་དག་པའི་ནན་ཏན་གྱིས་བསྡུས་སོ། །བསོད་ནམས་ཀྱིས་ཚོགས་ནི་སྦྱོར་བ་དང ། སྦྱོར་བ་མཐར་འབྱིན་པས་བསྡུས་སོ། །ཡེ་ཤེས་ཀྱི་ཚོགས་ནི་ཐོས་པ་དང ། ཐོས་པ་བསྒྲུབས་པས་བསྡུས་སོ། །རིགས་ཀྱི་བུ་ཆོས་བརྒྱད་པོ་དེ་དག་ནི་ཆོས་བཅུ་དྲུག་པོ་འདི་དག་གིས་བསྡུས་སོ། །སྨྲས་པ། རིགས་ཀྱི་བུ་ཆོས་བཅུ་དྲུག་པོ་འདི་དག་གང་གིས་བསྡུས་སྨྲས་པ། རིགས་ཀྱི་བུ་ཆོས་བཅུ་དྲུག་པོ་འདི་དག་ནི་ཆོས་སུམ་བཅུ་རྩ་གཉིས་ཀྱིས་བསྡུས་ཏེ། སུམ་བཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། ཞི་བ་ནི་ངོ་ཚ་ཤེས་པ་དང ། ཁྲེལ་ཡོད་པས་བསྡུས་སོ། །དེས་པ་ནི་བཀའ་བློ་བདེ་བ་དང ། འགྲོགས་ན་བདེ་བས་བསྡུས་སོ། །ང་རྒྱལ་མེད་པ་ནི་ཁྱད་དུ་མི་གསོད་པ་དང ། འདུས་པས་བསྡུས་སོ། །ཐིབས་པོ་མེད་པ་ནི་དྲི་མ་མེད་པ་དང ། མི་རྩུབ་པས་བསྡུས་སོ། །བྱམས་པ་ཆེན་པོ་ནི་ཁོང་ཁྲོ་བ་མེད་པའི་སེམས་དང ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པས་བསྡུས་སོ། །སྙིང་རྗེ་ཆེན་པོ་ནི་ཡོངས་སུ་མི་སྐྱོ་བ་དང ། སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་ཅེས་བྱ་བས་བསྡུས་སོ། །ལུས་ཡོངས་སུ་དག་པ་ནི་མི་འཚེ་བ་དང ། རང་གི་ལོངས་སྤྱོད་ཀྱིས་ཆོག་པར་འཛིན་པས་བསྡུས་སོ། །སེམས་ཡོངས་སུ་དག་པ་ནི་དུལ་བ་དང་ཞི་བས་བསྡུས་སོ། །བརྟན་པ་ནི་ཡི་དམ་མི་ཞིག་པ་དང ། དམ་བཅས་པ་ཉམས་སུ་ལོན་པར་བྱེད་པས་བསྡུས་སོ། །སྟོབས་ནི་བློ་རབ་ཏུ་གནས་པ་དང ། བློ་མི་གཡོ་བས་བསྡུས་སོ། །དེ་ཉིད་བྱེད་པ་ནི་ཇི་སྐད་སྨྲས་པ་དང ། དེ་བཞིན་དུ་བྱེད་པས་བསྡུས་སོ། །ཡང་དག
52.258a
པའི་ནན་ཏན་ནི་ཡང་དག་པའི་སྦྱོར་བ་དང ། ཡང་དག་པའི་རྩོལ་བས་བསྡུས་སོ། །སྦྱོར་བ་ནི་སྒྲོལ་བ་དང ། མི་ལྡོག་པས་བསྡུས་སོ། །སྦྱོར་བ་མཐར་འབྱིན་པ་ནི་ཕ་རོལ་གྱི་སྒྲ་དང ། ཚུལ་བཞིན་ཡིད་ལ་བྱེད་པས་བསྡུས་སོ། །ཐོས་པ་ནི་དགེ་བའི་བཤེས་གཉེན་དང ། ་མཐུན་པར་འཛིན་པས་བསྡུས་སོ། །ཐོས་པས་བསྒྲུབས་པ་ནི་རབ་ཏུ་སེམས་པ་དང ། ངེས་པར་སེམས་པས་བསྡུས་སོ། །རིགས་ཀྱི་བུ་ཆོས་བཅུ་དྲུག་པོ་དེ་དག་ནི་ཆོས་སུམ་བཅུ་རྩ་གཉིས་པོ་དེ་དག་གིས་བསྡུས་སོ། །སྨྲས་པ། རིགས་ཀྱི་བུ་ཆོས་སུམ་བཅུ་རྩ་གཉིས་པོ་འདི་དག་ཆོས་དུ་ཞིག་གིས་བསྡུས། སྨྲས་པ། རིགས་ཀྱི་བུ་ཆོས་སུམ་བཅུ་རྩ་གཉིས་པོ་འདི་དག་ནི་ཆོས་དྲུག་བཅུ་རྩ་བཞིས་བསྡུས་ཏེ། དྲུག་ཅུ་རྩ་བཞི་གང་ཞེ་ན། འདི་ལྟ་སྟེ། ངོ་ཚ་ཤེས་པ་ནི་ནང་དུ་སོ་སོར་རྟོག་པ་དང ། དབང་པོ་ཡང་དག་པར་སྡོམ་པས་བསྡུས་སོ། །ཁྲེལ་ཡོད་པ་ནི་ཕྱི་རོལ་གྱི་ཡུལ་སྲུང་བ་དང ། མཁས་ཤིང་རྟོགས་པ་ལ་འཛེམ་པས་བསྡུས་སོ། །བཀའ་བློ་བདེ་བ་ནི་ཆོས་དོན་དུ་གཉེར་བ་དང ། ཆོས་འདོད་པས་བསྡུས་སོ། །འགྲོགས་ན་བདེ་བ་ནི་ལུས་ཡིད་དུ་འོང་བ་དང ། སེམས་ཡིད་དུ་འོང་བས་བསྡུས་སོ། །ཁྱད་དུ་མི་གསོད་པ་ནི་མ་ཁེངས་པ་དང ། ཆོས་སྤྱོད་པས་བསྡུས་སོ། །འདུད་པ་ནི་ལུས་གྱ་གྱུ་མེད་པ་དང ། སེམས་གྱ་གྱུ་མེད་པས་བསྡུས་སོ། །དྲི་མ་མེད་པ་ནི་དྲི་མ་གསུམ་བསལ་བ་དང ། རྣམ་པར་ཐར་པ་གསུམ་སྒོམ་པས་བསྡུས་སོ། །མི་རྩུབ་པ་ནི་མི་བརླང་བ་དང ། ཕྲ་མ་མེད་པས་བསྡུས་སོ། །ཁོང་ཁྲོ་བ་མེད་པའི་སེམས་ནི་བདག་བསྲུང་བ་དང ། གཞན་སྲུང་བས་བསྡུས་སོ། །སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ནི་ཐ་དད་པ་མེད་པ་དང ། རོ་གཅིག་པས་བསྡུས་སོ། །ཡོངས་སུ་མི་སྐྱོ་བ་ནི་རྨི་ལམ་གྱི་རང་བཞིན་དང ། སྒྱུ་མའི་རང་བཞིན་གྱིས་བསྡུས་སོ། །སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་ཅེས་བྱ་བ་ནི་མངོན་པར་ཤེས་པ་དང ། ཐབས་ཀྱིས་བསྡུས་སོ། །
52.258b
མི་འཚེ་བ་ནི་འདོད་པ་དང ། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པས་བསྡུས་སོ། །རང་གི་ལོངས་སྤྱོད་ཀྱིས་ཆོག་པར་འཛིན་པ་ནི་འདོད་པ་ཉུང་བ་དང ། ཆོག་ཤེས་པས་བསྡུས་སོ། །དུལ་བ་ནི་མི་འཁྲུག་པ་དང ། མི་རྩོད་པས་བསྡུས་སོ། །ཞི་བ་ནི་ངར་འཛིན་པ་འདོར་བ་དང ། ང་ཡིར་འཛིན་པ་སྤོང་བས་བསྡུས་སོ། །ཡི་དམ་མ་ཞིག་པ་ནི་བྱང་ཆུབ་ཀྱི་སེམས་ལ་ལྟ་བ་དང ། བྱང་ཆུབ་ཀྱི་སྙིང་པོ་ལ་རྟོན་པས་བསྡུས་སོ། །དམ་བཅས་པ་ཉམས་སུ་ལོན་པར་བྱེད་པ་ནི་བདུད་ཀྱི་ལས་རིག་པ་དང ། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་བསྡུས་སོ། །བློ་ཤིན་དུ་གནས་པ་ནི་མི་འགྱུར་བའི་བློ་དང ། མི་རྒོད་པས་བསྡུས་སོ། །མི་གཡོ་བའི་བློ་ནི་རི་ལྟ་བུ་དང ། མི་བསྐྱོད་པས་བསྡུས་སོ། །ཇི་སྐད་སྨྲ་བ་ནི་ལེགས་པར་བྱ་བའི་ལས་བྱེད་པ་དང ། མི་གདུང་བས་བསྡུས་སོ། །དེ་ལྟར་བྱེད་པ་དེ་ནི་བདེན་པ་དང ། ཡང་དག་པར་སྨྲ་བས་བསྡུས་སོ། །ཡང་དག་པའི་སྦྱོར་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བར་འཐུན་པ་དང ། རྟག་པ་དང་ཆད་པ་ཡོངས་སུ་སྤོང་བས་བསྡུས་སོ། །ཡང་དག་པའི་རྩོལ་བ་ནི་རིགས་པ་དང ། ཚུལ་གྱིས་བསྡུས་སོ། །སྒྲོལ་བ་ནི་ཡང་དག་པའི་སྤོང་བ་དང ། བརྩོན་འགྲུས་མི་འདོར་བས་བསྡུས་སོ། །ཕྱིར་མི་ལྡོག་པ་ནི་རྟུལ་བ་དང ། རྩོལ་བས་བསྡུས་སོ། །ཕ་རོལ་གྱི་སྒྲ་ནི་དགེ་བའི་བཤེས་གཉེན་དང ། ཆོས་དོན་དུ་གཉེར་བས་བསྡུས་སོ། །ཚུལ་བཞིན་དུ་ཡིད་ལ་བྱེད་པ་ནི་ཞི་གནས་ཀྱི་ཚོགས་དང ། ལྷག་མཐོང་གི་ཚོགས་ཀྱིས་བསྡུས་སོ། །དགེ་བའི་བཤེས་གཉེན་ནི་ཉན་འདོད་པ་དང ། རི་མོ་བྱེད་པས་བསྡུས་སོ། །འཐུན་པར་འཛིན་པ་ནི་ལུས་ཡང་བ་དང ། སེམས་ཡང་བས་བསྡུས་སོ། །རབ་ཏུ་སེམས་པ་ནི་སྐྱོ་བ་དང ། འདོད་ཆགས་དང་བྲལ་བས་བསྡུས་སོ། །དེས་པར་སེམས་པ་ནི་རྒྱུར་གྱུར་པ་དང ། འབྲས་བུ་ཆུད་མི་ཟ་བས་བསྡུས་སོ། །རིགས་ཀྱི་བུ་ཆོས་སུམ་བཅུ་རྩ་གཉིས་པོ་དེ་དག་ནི་ཆོས་དྲུག་ཅུ་རྩ་བཞི་པོ་འདི་དག་གིས་བསྡུས་སོ། །སྨྲས་པ། རིགས་ཀྱི་བུ་ཆོས་དྲུག་བཅུ་རྩ་བཞི་པོ་འདི་དག་ཆོས
52.259a
དུ་ཞིག་གིས་བསྡུས། སྨྲས་པ། རིགས་ཀྱི་བུ་ཆོས་དྲུག་ཅུ་རྩ་བཞི་པོ་དེ་དག་ནི་ཆོས་བརྒྱ་ཉི་ཤུ་རྩ་བརྒྱད་ཀྱིས་བསྡུས་ཏེ། བརྒྱ་ཉི་ཤུ་རྩ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། ནང་དུ་སོ་སོར་རྟོག་པ་ནི་སྟོང་པ་ཉིད་དུ་སོ་སོར་རྟོག་པ་དང་རང་བཞིན་ལ་སོ་སོར་རྟོག་པས་བསྡུས་སོ། །དབང་པོ་ཡང་དག་པར་སྡོམ་པ་ནི་དྲན་པ་དང ། ཤེས་བཞིན་གྱིས་བསྡུས་སོ། །ཕྱི་རོལ་གྱི་ཡུལ་སྲུང་བ་ནི་དབང་པོ་སྦས་པ་དང ། མི་རྒྱུག་པས་བསྡུས་སོ། །མཁས་ཤིང་རྟོགས་པ་ལ་འཛེམ་པ་ནི་བདག་གི་འཁྲུལ་པ་ལ་ཉེས་པར་སོ་སོར་རྟོག་པ་དང ། གཞན་གྱི་འཁྲུལ་པ་ལ་ཉེས་པར་ལྟ་བས་བསྡུས་སོ། །ཆོས་དོན་དུ་གཉེར་བ་ནི་བདག་གི་དམ་བཅས་པ་ཉམས་འོག་ཏུ་ཆུད་པར་བྱེད་པ་དང ། ཕ་རོལ་གྱི་འགྱོད་པ་སེལ་བས་བསྡུས་སོ། །ཆོས་འདོད་པ་ནི་ཆོས་ལ་གཞོལ་བ་དང ། ཆོས་ལ་འབབ་པས་བསྡུས་སོ། །ལུས་ཡིད་དུ་འོང་བ་ནི་གཉིད་མེད་པ་དང ། གཏི་མུག་མེད་པས་བསྡུས་སོ། །སེམས་ཡིད་དུ་འོང་བ་ནི་ཅང་ཤེས་པ་དང ། གློ་བུར་གྱི་ཉོན་མོངས་པ་བསལ་བས་བསྡུས་སོ། །མ་ཁེངས་པ་ནི་ཕོ་ཐེག་སྤངས་པ་དང ། བརྗིད་སྤངས་པས་བསྡུས་སོ། །ཆོས་སྤྱོད་པ་ནི་མི་དགེ་བའི་ཆོས་སྤངས་པ་དང ། དགེ་བའི་ཆོས་ཡོངས་སུ་རྫོགས་པར་བྱེད་པས་བསྡུས་སོ། །ལུས་གྱ་གྱུ་མེད་པ་ནི་མི་བརླང་བ་དང ། མི་རྩུབ་པས་བསྡུས་སོ། །སེམས་གྱ་གྱུ་མེད་པ་ནི་ཡང་དག་པའི་དྲན་པ་དང ། ཡང་དག་པའི་ཏིང་ངེ་འཛིན་གྱིས་བསྡུས་སོ། །དྲི་མ་གསུམ་བསལ་བ་ནི་མི་སྡུག་པ་བསྒོམ་པ་དང ། བྱམས་པ་སྒོམ་པས་བསྡུས་སོ། །རྣམ་པར་ཐར་པ་གསུམ་སྒོམ་པ་ནི་གང་ཟག་མེད་པ་དང ། དོན་དམ་པས་བསྡུས་སོ། །མི་རྩུབ་པ་ནི་ཕན་པ་དང ། བདེ་བས་བསྡུས་སོ། །ཕྲ་མ་མེད་པ་ནི་དབྱེན་མི་བྱེད་པ་དང ། བྱེ་བའི་སྡུམས་བྱེད་པས་བསྡུས་སོ། །བདག་སྲུང་བ་ནི་སྡིག་པ་མི་བྱེད་པ་དང ། བསོད་ནམས་ཐམས་ཅད་བསོགས་པས་བསྡུས་སོ། །གཞན་སྲུང་བ་ནི་བཟོད་པ་དང ། དེས་པས་བསྡུས་སོ། །ཐ་དད་པ་མེད་པ་ནི་སེམས་ནམ་མཁའ་དང་མཚུངས་པ་དང ། སེམས་རླུང་དང་མཚུངས་པས་བསྡུས་སོ། །
52.259b
རོ་གཅིག་པ་ནི་དེ་བཞིན་ཉིད་དང ། ཆོས་ཀྱི་དབྱིངས་ཀྱིས་བསྡུས་སོ། །རྨི་ལམ་གྱི་རང་བཞིན་ནི་མཐོང་ཞིང་ཐོས་ལ་དྲན་ཞིང་ཤེས་པ་དང ། ཆོས་ཀྱི་རྗེས་སུ་མྱོང་བའི་བདག་ཉིད་ཀྱིས་བསྡུས་སོ། །སྒྱུ་མའི་རང་བཞིན་ནི་རྣམ་པར་སྒྲུབ་པ་དང ། ཡོངས་སུ་རྟོག་པས་བསྡུས་སོ། །མངོན་པར་ཤེས་པ་ནི་དོན་ལ་རྟོན་པ་དང ། ཡེ་ཤེས་ལ་རྟོན་པས་བསྡུས་སོ། །ཐབས་ནི་ཤེས་རབ་ཀྱིས་ལྟ་བ་དང ། སེམས་ཅན་ལ་ལྟ་བས་བསྡུས་སོ། །འདོད་པ་ནི་ལྟུང་བ་མེད་པ་དང ། ལྟུང་བ་མི་འཆབ་པས་བསྡུས་སོ། །ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་ནི་ཚེ་འདི་ལ་བག་ཡོད་པ་དང ། འཇིག་རྟེན་ཕ་རོལ་ལ་ཁ་ན་མ་ཐོ་བས་འཇིགས་པར་ལྟ་བས་བསྡུས་སོ། །འདོད་པ་ཉུང་བ་ནི་འདོད་བའི་དྲོད་ཟིན་པ་དང ། ཤེས་རབ་ཀྱིས་མི་ངོམས་པས་བསྡུས་སོ། །ཆོག་ཤེས་པ་ནི་དགང་སླ་བ་དང ། གསོ་སླ་བས་བསྡུས་སོ། །མི་འཁྲུག་པ་ནི་ཤིན་དུ་མུར་ཐུག་པ་དང ། ཤིན་དུ་མཐར་ཕྱིན་པས་བསྡུས་སོ། །མི་རྩོད་པ་ནི་བདེན་པ་དང ། ཆོས་ལ་དགའ་བས་བསྡུས་སོ། །ངར་འཛིན་པ་འདོར་བ་ནི་རྒྱུ་ཡོངས་སུ་ཤེས་པ་དང ། ལྟ་བ་ཡང་དག་པར་བཅོམ་པས་བསྡུས་སོ། །ང་ཡིར་འཛིན་པ་སྤོང་བ་ནི་ང་ཡི་བ་མེད་པ་དང ། ཡོངས་སུ་འཛིན་པ་མེད་པས་བསྡུས་སོ། །བྱང་ཆུབ་ཀྱི་སེམས་ལ་ལྟ་བ་ནི་ཐེག་པ་དམན་པ་མི་འདོད་པ་དང ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བས་བསྡུས་སོ། །བྱང་ཆུབ་ཀྱི་སྙིང་པོ་ལ་རྟོན་པ་ནི་བདུད་ཐམས་ཅད་བཅོམ་པ་དང ། ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པས་བསྡུས་སོ། །བདུད་ཀྱི་ལས་རིག་པ་ནི་དགེ་བའི་བཤེས་གཉེན་གྱི་མན་ངག་དང ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྩོན་པས་བསྡུས་སོ། །སངས་རྒྱས་ཀྱི་བྱིན་གྱི་བརླབས་ནི་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་དང ། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བས་བསྡུས་སོ། །བློ་མི་འགྱུར་བ་ནི་ས་དང་འདྲ་བའི་སེམས་དང ། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤངས་པས་བསྡུས་སོ། །མི་རྒོད་པ་ནི་རྒོད་པ་དང་འགྱོད་པ་སྤངས་པ་དང ། མི་རྟག་པར་སོ་སོར
52.260a
རྟོག་པས་བསྡུས་སོ། །རི་ལྟ་བུ་ནི་རི་ལྟར་མི་མཐོ་བ་དང ། མི་དམའ་བས་བསྡུས་སོ། །མི་བསྐྱོད་པ་ནི་དམ་བཅས་པ་མི་ཉམས་པ་དང ། དམ་བཅས་པ་ཉམས་སུ་ལོན་པར་བྱེད་པས་བསྡུས་སོ། །ལེགས་པར་བྱ་བའི་ལས་བྱེད་པ་ནི་གདུང་བ་མེད་པ་དང ། འགྱོད་པ་མེད་པས་བསྡུས་སོ། །གདུང་བ་མེད་པ་ནི་ཚུལ་ཁྲིམས་ཡོངས་སུ་དག་པ་དང ། ཏིང་ངེ་འཛིན་ཡོངས་སུ་དག་པས་བསྡུས་སོ། །བདེ་བ་ནི་ཀུན་རྫོབ་ཀྱི་བདེན་པ་དང ། དོན་དམ་པའི་བདེན་པས་བསྡུས་སོ། །ཡང་དག་པ་ཉིད་ནི་དེ་བཞིན་ཉིད་དང ། དེ་ཁོ་ན་ཉིད་ཀྱིས་བསྡུས་སོ། །བརྟེན་པའི་རྗེས་སུ་འཐུན་པ་ནི་རྒྱུ་དང ། རྐྱེན་གྱིས་བསྡུས་སོ། །རྟག་པ་དང་ཆད་པ་རྣམ་པར་སྤོང་བ་ནི་སྐྱེ་བ་མེད་པ་དང ། འགག་པ་མེད་པས་བསྡུས་སོ། །རིགས་པ་ནི་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང ། ལས་དང་མི་འགལ་བས་བསྡུས་སོ། །ཚུལ་ནི་དབེན་པའི་ཚུལ་དང ། མི་སྐྱེ་བའི་ཚུལ་གྱིས་བསྡུས་སོ། །ཡང་དག་པའི་སྤོང་བ་ནི་མི་དགེ་བའི་ཆོས་སྤོང་བ་དང ། དགེ་བའི་ཆོས་ཆུད་མི་གསོན་པས་བསྡུས་སོ། །བརྩོན་པ་མི་འདོར་བ་ནི་ལུས་ཀྱི་སྟོབས་དང ། སེམས་ཀྱི་སྟོབས་ཀྱིས་བསྡུས་སོ། །རྟུལ་བ་ནི་སྤྲོ་བ་དང ། གཞན་གནོན་པས་བསྡུས་སོ། །རྩོལ་བ་ནི་དེ་ལ་མ་ཞེན་པ་དང ། ཕྱིར་མི་ལྡོག་པས་བསྡུས་སོ། །དགེ་བའི་བཤེས་གཉེན་ནི་ལྡང་བ་དང ། རིམ་གྲོ་བྱེད་པས་བསྡུས་སོ། །ཆོས་དོན་དུ་གཉེར་བ་ནི་ཡེ་ཤེས་འདོད་པ་དང ། རྣམ་པར་གྲོལ་བར་འདོད་པས་བསྡུས་སོ། །ཞི་གནས་ཀྱི་ཚོགས་ནི་ལུས་དབེན་པ་དང ། སེམས་དབེན་པས་བསྡུས་སོ། །ལྷགས་མཐོང་གི་ཚོགས་ནི་ཐོས་པ་ཚོལ་བས་ངོམས་མི་མྱོང་བ་དང ། ཚུལ་བཞིན་ཡིད་ལ་བྱེད་པས་བསྡུས་སོ། །ཉན་པར་འདོད་པ་ནི་ཐལ་མོ་སྦྱོར་བའི་ལས་དང ། ལུས་རབ་ཏུ་འདུད་པས་བསྡུས་སོ། །རི་མོ་བྱེད་པ་ནི་བདེན་པ་དང ། མི་སླུ་བས་བསྡུས་སོ། །ལུས་ཡང
52.260b
བ་ནི་ཁ་ཟས་ཀྱི་ཚོད་ཤེས་པ་དང ། ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བ་ལ་རྗེས་སུ་སྦྱོར་བས་བསྡུས་སོ། །སེམས་ཡང་བ་ནི་འདུན་པ་དང ། དཔྱོད་པས་བསྡུས་སོ། སྐྱོ་བ་ནི་མི་རྟག་པ་དང ། སྡུག་བསྔལ་གྱིས་བསྡུས་སོ། །འདོད་ཆགས་དང་བྲལ་བ་ནི་ང་ཡི་བ་མེད་པ་དང ། ཡོངས་སུ་འཛིན་པ་མེད་པས་བསྡུས་སོ། །རྒྱུ་ནི་ཆུད་མི་ཟ་བ་དང ། དེའི་རྒྱུ་ལས་ལྡོག་པས་བསྡུས་སོ། །འབྲས་བུ་ནི་ཅི་རིགས་པར་མི་སླུ་བ་དང ། མོས་པ་ཇི་ལྟ་བ་བཞིན་དུ་འབྲས་བུ་ལ་འཛིན་པས་བསྡུས་ཏེ། རིགས་ཀྱི་བུ་ཆོས་དྲུག་ཅུ་རྩ་བཞི་པོ་དེ་དག་ནི་ཆོས་བརྒྱ་ཉི་ཤུ་རྩ་བརྒྱད་པོ་འདི་དག་གིས་བསྡུས་སོ། །རིགས་ཀྱི་བུ་འདི་ནི་ཆོས་ཐམས་ཅད་མདོར་བསྟན་པ་སྟེ། གལ་ཏེ་ཁོ་བོས་ཚིག་གཅིག་ལས་ལྷག་པ་དང ། ཚིག་གཉིས་ལས་ལྷག་པར་བསྟན་པས་བསྐལ་པ་འམ་བསྐལ་པ་ལས་ལྷག་པར་ཆོས་བསྟན་པ་བཤད་ཀྱང་ཆོས་རྣམས་ཀྱི་ཆོས་ཉིད་ཟད་པར་ཡང་མི་འགྱུར་ལ། ཁོ་བོའི་སྤོབས་པ་ཡང་ཟད་པར་མི་འགྱུར་རོ། །ཆོས་བསྡུ་བའི་ལེའུའི་ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན་བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་དང ། ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པ་བྱ་བའི་ཕྱིར་རིན་པོ་ཆེའི་ལག་པ་གཡས་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཁེབས་པར་བྱས་སོ་དེ་ནས་སྐད་ཅིག་དེ་ཉིད་ལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་མེ་ཏོག་དང ། བདུག་སྤོས་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། ཕྱེ་མ་དང ། གོས་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དང ། རོལ་མོ་དང ། སིལ་སྙན་གྱི་སྒྲ་ཅི་ཡོད་པ་དེ་དག་རིན་པོ་ཆེའི་ལག་པ་གཡས་པ་དེ་ལས་རབ་ཏུ་བབ་བོ། །མེ་ཏོག་གི་ཆར་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་པུས་ནུབ་ཙམ་དུ་ཡོག་པར་གྱུར་ཏོ། །ནམ་མཁའི་དཀྱིལ་ཐམས་ཅད་ཀྱང་གདུགས་དང ། རྒྱལ་མཚན་དང ། བ་དན་དང ། གོས་ཀྱིས་ལེགས་པར་བརྒྱན་པར་གྱུར་ཏོ། །སིལ་སྙན་གྱི་སྒྲ་དེ་དག་ལས་འདི་ལྟ་བུའི་ཚིགས་སུ་བཅད་པ་དག་ཀྱང་བྱུང་སྟེ། ཡོན་ཏན་བདོག་པ་ཡོན་ཏན
52.261a
རྒྱས་པ་ཡོན་ཏན་བརྒྱས་གང་བ། །བདུད་ཀྱི་འགྲོ་བ་རྣམ་སེལ་དྲན་དང་བློ་གྲོས་རྟོགས་དང་ལྡན། །སྐྱེས་བུ་དམ་པ་དགེ་སྦྱོང་མཆོག་གི་སྐད་ནི་མཛེས་པར་འབྱུང ། །ཕྱོགས་བཅུ་རྣམས་སུ་རྒྱུ་བས་སྲིད་པ་རྣམ་པར་སེལ་བར་བྱེད། །ཤིན་དུ་རབ་ཏུ་མོས་པར་ཕུལ་གྱིས་རབ་ཏུ་རྒྱས་པ་པོ། །སྲིད་པ་བརྒྱ་ནི་རྣམ་པར་སེལ་ཅིང་རྡུལ་དང་མུན་པ་བྲལ། །ལྷ་དང་མི་རྣམས་འཇིག་པ་མེད་པའི་གྲོང་ཁྱེར་འགྲོ་བ་སྒྲོལ། །སྲིད་པ་མེད་ཅིང་སྟོབས་བཅུ་ལྡན་པ་ནམ་མཁའ་མཉམ་པའི་ཡིད། །སྒྲ་འབྱིན་མཛེས་ཤིང་ཤིན་དུ་སྙན་ལ་རབ་ཏུ་ཞི་བའི་བཞིན། །ཐ་བ་མེད་ཅིང་མི་ཁྱུད་དྲི་མེད་དྲི་མ་རབ་ཏུ་སེལ། །སྲིད་པ་གསུམ་པོ་དག་ན་མཚུངས་མེད་ལྷ་དང་མི་ཡིས་མཆོད། །སྲིད་པ་མེད་ཅིང་འགྲོ་བ་དག་ལ་བདེ་སྦྱིན་ཕན་པ་བྱེད། །དྲན་དང་བློ་གྲོས་རྟོགས་དང་མོས་པས་སྤྱད་པ་ལེགས་པར་སྤྱད། །སྟོབས་བཅུ་རྣམས་དང་རབ་ཀྱི་སྟོབས་ཀྱིས་གཞན་གྱི་སྟོབས་ཀྱང་འཇོམ། །ཕ་རོལ་དཔུང་རྣམས་རྣམ་པར་འཐོར་བ་འཆི་མེད་གོ་འཕང་འཐོབ། །སྲིད་པ་མེད་ཅིང་སྐྱེས་བུ་དམ་པ་མཁས་པའི་སྒྲ་ཡང་འབྱིན། །འཁོར་འདི་ལས་ནི་གང་དག་ཏུ་ཡང་མ་སོང་མ་གཡོས་པར། །ཕྱོགས་བཅུ་རྣམས་སུ་ལྷ་མི་མང་པོ་དག་ཀྱང་རྣམ་པར་བཏུལ། །གང་དུ་འང་མི་གནས་བློ་གྲོས་ཅི་འདྲ་དེ་ལྟར་རབ་ཏུ་གནས། །ཆོས་ཀྱི་དབྱིངས་ལས་མི་གཡོ་བར་ཡང་ས་ནི་གཡོ་བར་བྱེད། །ཉི་མའི་འོད་ཀྱིས་མུན་པ་རྣམ་པར་སེལ་ཅིང་རྡུལ་སྤོང་ལྟར། །དེ་བཞིན་སྐྱེས་བུ་དམ་པ་འདི་ཡང་རྡུལ་དང་མུན་པ་སེལ། །ཤེས་རབ་འོད་ཀྱིས་རབ་ཏུ་ལྷན་པ་འོད་ཀྱི་དཔལ་གྱིས་རྒྱས། །ཐུབ་པའི་འོད་ཀྱིས་ཁྱབ་ནས་བདུད་ཀྱི་གནས་ཀུན་མོག་མོག་གྱུར། །མཁའ་ལ་རླུང་མར་བཞིན་དུ་སེམས་ཅན་སྤྱོད་པའི་རྗེས་སུ་ཞུགས། །གནས་པ་མ་ཡིན་རྟོག་པ་མེད་ཅིང་རྟོག་པ་ཀུན་དང་བྲལ། །འགྲོ་བ་ཀུན་གྱི་རྗེས་སུ་སོང་བ་ཡིད་ནི་མཁའ་དང་མཉམ། །འདི་འདྲའི་རྒྱལ་སྲས་དེ་དག་ལ་ནི་ལྷ་མིས་ཕྱག་བྱས་སོ། །སྟོང་གསུམ་དག་གི་རྒྱ་མཚོའི་ཆུ་ནི་གཞལ་བར་ནུས་ཀྱང་སྲིད། །ཕྱོགས་བཅུ་དག་གི་ནམ་མཁའི་བྱ་རྗེས་བརྗོད་པར་ནུས་ཀྱང་སྲིད། །མི་འགའ
52.261b
ཞིག་གིས་སེམས་ཅན་ཀུན་སེམས་གཅིག་ཏུ་བྱེད་སྲིད་ཀྱི། །ཐུབ་པའི་སྲས་ཀྱི་ཡོན་ཏན་ཆེན་པོ་ཟད་པར་མི་ནུས་སོ། །ཚིགས་སུ་བཅད་པ་སྒྲུབ་པ་འདི་བསྟན་པ་འདི་བཤད་པ་ན་བདུད་སྡིག་ཅན་གྱིས་ཡན་ལག་བཞི་པའི་དཔུང་གི་ཚོགས་སྤྲུལ་ནས། བཅོམ་ལྡན་འདས་ཀྱི་འཁོར་གྱི་ཁྱམས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་འཁོར་གྱི་ཁྱམས་ཀྱི་ཕྱི་རོལ་ན་འདུག་སྟེ། བདག་ཉིད་ཁྱིམ་བདག་གི་གཟུགས་སུ་སྤྲུལ་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་དང ། ལག་ན་རིན་པོ་ཆེ་དང་སྐྱེས་བུ་དམ་པ་འདི་གཉིས་ནི་ཡོན་ཏན་གྱི་ཆོས་ཚད་མ་མཆིས་པ་དང་ལྡན་ཏེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གཞན་དག་ཀྱང་འདི་ལྟ་བུ་ངོ་མཚར་དང་རྨད་དུ་བྱུང་བའི་ཆོས་དང ། ཆོ་འཕྲུལ་འཇིག་རྟེན་དུ་སྟོན་ཏོ། །ཡང་བཅོམ་ལྡན་འདས་ཆོ་འཕྲུལ་འདི་དག་ལ་ཡིད་ཆེས་པའི་སེམས་ཅན་ལ་ལ་འབྱུང་བར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱ་མཚོ་ཆེན་པོ་ལས་སྐྲའི་རྩེ་མོའི་ཐོག་མས་ཆུ་བླངས་པ་ཇི་སྙེད་པ་དེ་སྙེད་ཀྱི་སེམས་ཅན་རྣམས་ནི་སྐྱེས་བུ་དམ་པ་འདི་དག་གི་ཆོ་འཕྲུལ་ལ་ཡིད་ཆེས་པར་འགྱུར་རོ། །རྒྱ་མཚོའི་ཆུའི་ཕུང་པོ་ཇི་ཙམ་པ་དེ་བས་ཀྱང་མང་དུ་ནི་མི་མོས་པར་འགྱུར་རོ། །དེ་ནས་བདུད་སྡིག་ཅན་ཚིག་འདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ནས་དགའ་བ་དང་མགུ་བ་དང་ཡིད་བདེ་བ་སྐྱེས་ནས་བྲོ་བརྡུངས་ཏེ་འཁོར་དེ་ནས་སོང་ངོ ། །དེ་ནས་ཡང་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྐྱེས་བུ་འདི་ཅིའི་སླད་དུ་འདི་ལྟར་དགའ་སྟེ། འཁོར་འདི་ནས་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདི་ནི་བདུད་ཡིན་ཏེ། ཁྱིམ་བདག་གི་གཟུགས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ནུབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་གན་དུ་འོངས་ཏེ། དེས་གང་ཆོས་ཀྱི་རྣམ་གྲངས་འདི་ལ་མོས
52.262a
པར་འགྱུར་བའི་སེམས་ཅན་ཉུང་ཟད་ཅིག་འབྱུང་བར་ཐོས་ནས་དགེ་སྦྱོང་གཽ་ཏ་མའི་ཕྱོགས་ནི་ཉུང ། བདག་གི་ཕྱོགས་ནི་མང་ངོ་ཞེས་དེ་ལྟར་དགའ་ནས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ་འཁོར་འདི་ནས་སོང་ངོ ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན་ངོ་བསྟན་ནས་ཅིའི་ཕྱིར་སླར་འགྲོ། དེ་ནས་བདུད་སྡིག་ཅན་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་དང ། དེ་མ་ཡིན་པའི་བྱང་ཆུབ་སེམས་དཔའ་དག་གིས་ཀྱང་ཚོར་ན། དེ་བཞིན་གཤེགས་པས་ལྟ་སྨོས་ཀྱང་ཅི་དགོས་ཏེ། བདག་ད་རང་གི་གནས་སུ་འགྲོའོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་བདུད་སྡིག་ཅན་གཡོག་དང་བཅས་ཏེ། ནམ་མཁའི་དཀྱིལ་ན་འདུག་ནས་རང་གི་གནས་སུ་འགྲོ་མི་ནུས་པར་དེ་ལྟར་བྱིན་གྱིས་བརླབས་སོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན་ནམ་མཁའ་ནི་སྒྲིབ་པ་མེད་པ་ཡིན་ན་ཅིའི་ཕྱིར་རང་གི་གནས་སུ་མི་འགྲོ། བདུད་ཀྱིས་སྨྲས་པ། རིགས་ཀྱི་བུ་ཁྱེད་ལ་ནི་ནམ་མཁའ་མི་སྒྲིབ་མོད་ཀྱི་བདག་ཅག་གིས་ནི་མུན་པར་མཐོང་སྟེ། གང་དང་གང་གི་ཚེ་ངོ་གྱེན་དུ་བལྟས་པ་དེ་དང་དེའི་ཚེ་ན་ནི་མུན་པ་མུན་ནག་ཏུ་མཐོང་ངོ ། །ནམ་བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་ལ་བལྟས་པ་དེའི་ཚེ་ནི་ཐམས་ཅད་དུ་སྣང་བར་མཐོང་ངོ ། །སྨྲས་པ། སྡིག་ཅན་དེ་དེ་ལྟའོ། །གང་ཆོས་དཀར་པོ་ལ་སེམས་པའི་སེམས་ཅན་རྣམས་ཀྱི་མུན་པ་ནི་བདུད་ཀྱི་ལས་ཡིན་ནོ་ཞེས་བཀའ་སྩལ་ཏོ། །སྨྲས་པ། སྐྱེས་བུ་དམ་པ་དེང་ཕྱིན་ཅད་བདུད་ཀྱི་ལས་མི་བགྱིའོ། །སྨྲས་པ། འདི་ལྟ་བུའི་སེམས་ཅན་རྣམས་ཀྱི་ནང་ན་དམ་བཅས་པ་ལ་བརྟན་པར་\ུ0f99\ུ0f7ད་པར་དཀས་སྡིག་ཅན་གཡོག་དང་བཅས་ཏེ་བོབས་ལ་དེ་བཞིན་གཤེགས་པས་བསྟན་པའི་ཆོས་འདུལ་བ་ཉོན་ཅིག་།དེ་ནས་བདུད་སྡིག་ཅན་མི་འདོད་བཞིན་དུ་ནམ་མཁའི་དཀྱིལ་དེ་ནས་གཡོག་དང་བཅས་ཏེ་བབས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་བྱང་ཆུབ་སེམས་དཔའི་འཁར
52.262b
དེ་དག་ལ་སྨྲས་པ། ་རིགས་ཀྱི་བུ་དག་ཁྱེད་རྣམས་ཀྱིས་བདུད་ཀྱི་ལས་ཀྱི་ལམ་ལས་ཡང་དག་པར་འདའ་བའི་ཆོས་ཀྱི་སྒོ་རྣམས་ལ་སྤོབས་པར་གྱིས་ཤིག་།དེའི་ཚེ་བྱང་ཆུབ་སེམས་དཔའ་གསེར་གྱི་རིའི་རྒྱལ་པོ་ཞེས་བྱ་བ་དེས་འདི་སྐད་ཅེས་སྨྲས་སོ། །གང་ཡུལ་ཡོངས་སུ་འདོར་བ་དེ་དག་ནི་བདུད་ཀྱི་ཡུལ་ལ་ཆགས་པའོ། །གང་ཡུལ་ཐམས་ཅད་སངས་རྒྱས་ཀྱི་ཡུལ་ཡིན་པར་རིག་པ་དེ་དག་ནི་སངས་རྒྱས་ཀྱི་ཡུལ་རིག་པ་སྟེ། སངས་རྒྱས་ཀྱི་ཡུལ་དེ་ཡང་མི་མཐོང་ན་རང་གི་ཡུལ་ལྟ་ག་ལ་མཐོང་སྟེ། དེ་ལྟར་ཡུལ་ལས་ཤིན་དུ་འདས་པའི་བྱང་ཆུབ་སེམས་དཔའ་ནི་བདུད་ཀྱི་ཡུལ་ལས་ཡང་དག་པར་འདས་ཏེ། འདི་ནི་བདུད་ཀྱི་ཡུལ་ལས་ཡང་དག་པར་འདའ་བའི་ཆོས་ཀྱི་སྒོའོ། །བྱང་ཆུབ་སེམས་དཔའ་རིན་ཆེན་དཔལ་གྱིས་སྨྲས་པ། སེམས་ཀྱི་དམིགས་པ་ནི་བདུད་ཀྱི་ཡུལ་ཏེ། གང་ཆོས་གང་ལ་ཡང་མི་དམིགས་པ་དེ་ལ་བདུད་ཀྱིས་ཅི་ཞིག་བྱར་ཡོད། དེ་གཞི་མེད་པས་རྙེད་དེ། བརྟེན་པས་རྙེད་པ་ནི་མ་ཡིན་ལ་དུས་ལས་ཡང་རྟོག་པར་འགྱུར་བ་དེ་ནི་བྱང་ཆུབ་སེམས་དཔའི་བདུད་ཀྱི་ཡུལ་ལས་ཡང་དག་པར་འདའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོའོ། །བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེས་སྨྲས་པ། ཡོངས་སུ་འཛིན་པ་དང་བཅས་པ་ལ་ནི་བདུད་ཀྱིས་གླགས་རྙེད་ཀྱི་ཆོས་གང་ཡང་ཡོངས་སུ་མི་འཛིན་པ་དེ་ནི་སུ་དང་ཡང་མི་རྩོད་དེ། དེ་གཅིག་པུ་གཉིས་སུ་མེད་པས་བདག་གི་སེམས་དང་གནས་པ་དང་ཡང་ལྷན་ཅིག་མི་གནས་ན་བདུད་དང་ལྷན་ཅིག་གནས་པ་ལྟ་ཅི་སྨོས་ཏེ། མི་གནས་པའི་བྱང་ཆུབ་སེམས་དཔའ་ནི་བདུད་ཀྱི་ཡུལ་ལས་ཡང་དག་པར་འདའོ། །བྱང་ཆུབ་སེམས་དཔའ་རིན་ཆེན་འཕགས་ཀྱིས་སྨྲས་པ། གང་ལྟུང་བ་དེ་ནི་འབོད་པ་སྟེ། གང་འབོད་པ་དེ་ལ་བདུད་ཀྱིས་གླགས་རྙེད་པར་འགྱུར་གྱི། གང་མི་ལྟུང་བ་དེ་ནི་མཚན་མའི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་མི་འཇུག་སྟེ། མཚན་མ་མེད་པའི་མཐའ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ནི་བདུད་ཀྱི་ཡུལ་ལས་ཡང་དག་པར་འདའོ། །བྱང་ཆུབ་སེམས་དཔའ་རིན་ཆེན་སེམས་ཀྱིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་ཀྱང་ཉོན་མོངས་པ་ནི་གཟུགས་བརྙན་དང་མིག་ཡོར་ལྟ་བུའོ་ཞེས
52.263a
གསུངས་ཏེ། གང་གཟུགས་བརྙན་དང ། མིག་ཡོར་ལྟ་བུ་དེ་ལ་འཕོ་བ་ཡང་མེད། མི་འཕོ་བ་ཡང་མེད། འོངས་པ་ཡང་མེད། སོང་བ་ཡང་མེད། ནང་ན་ཡང་མེད། ཕྱི་རོལ་ན་འང་མ་ཡིན་ཏེ། ཡུལ་ལ་མི་གནས་ཤིང་ཕྱོགས་ན་མི་གནས་པར་ཤེས་པ་དེ་ནི་ཉོན་མོངས་པ་ཐམས་ཅད་དང་ལྷན་ཅིག་མི་གནས་ཏེ། དེ་རྣམ་པར་མི་རྟོག་པས་ཉོན་མོངས་པ་མི་སློང་ངོ ། །རྣམ་པར་མི་རྟོག་པས་ཉོན་མོངས་པ་མི་འགོག་གོ། །དེ་ལྟར་རྣམ་པར་མི་རྟོག་ཅིང་ཀུན་དུ་རྟོག་པ་སྤངས་པའི་བྱང་ཆུབ་སེམས་དཔའ་ནི་བདུད་ཀྱི་ཡུལ་ལས་ཡང་དག་པར་འདའོ། །བྱང་ཆུབ་སེམས་དཔའ་དཀོན་མཆོག་འབྱུང་གནས་ཀྱིས་སྨྲས་པ། གང་དགའ་བ་དེ་ནི་བག་ལ་ཉལ་ལོ། །གང་མི་དགའ་བ་དེ་ནི་ཁོང་ཁྲོ་བའོ། །གང་དགའ་བ་འང་མེད་མི་དགའ་བ་འང་མེད་པ་དེ་ནི་རྗེས་སུ་ཆགས་པར་མི་འགྱར་ཞེ་འགྲས་པར་ཡང་མི་འགྱུར་རོ། །རྗེས་སུ་ཆགས་པ་མེད་ཅིང་ཞེ་འགྲས་པ་མེད་པ་ནི་མཉམ་པ་ཉིད་ལ་གནས་པ་ཞེས་བྱའོ། །གང་མཉམ་པ་ཉིད་ལ་གནས་པ་དེ་ནི་ཆོས་གང་ཡང་ཐ་དད་དུ་མི་བྱེད་དོ། །ཐ་དད་པ་མེད་པ་ལ་གནས་པ་ནི་མཉམ་པ་དང་མི་མཉམ་པར་མི་སེམས་ཏེ། བསམ་དུ་མེད་པའི་ཆོས་ཐོབ་པ་ལ་བདུད་ཀྱིས་གླགས་མི་རྙེད་དོ། །བྱང་ཆུབ་སེམས་དཔའ་རིན་ཆེན་འདོར་གྱིས་སྨྲས་པ། བདག་ཀུན་ནས་ལྡང་བ་ལས་བདུད་ཀྱི་ལས་རྣམས་ལྟང་སྟེ། ་བདག་རྣམ་པར་དག་པར་གནས་པ་ལ་བདུད་ཀྱིས་ཅི་ཞིག་བྱར་ཡོད། དེ་ཅིའི་ཕྱིར་ཞེ་ན། བདག་རྣམ་པར་དག་པས་ཉོན་མོངས་པ་རྣམ་པར་དག་གོ། །ཉོན་མོངས་པ་རྣམ་པར་དག་པས་ཆོས་ཐམས་ཅད་རྣམ་པར་དག་གོ། །གང་ཆོས་ཐམས་ཅད་རྣམ་པར་དག་པ་དེ་ནི་ནམ་མཁའ་རྣམ་པར་དག་པ་སྟེ། ་ནམ་མཁའ་རྣམ་པར་དག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་བདུད་ཀྱི་ཡུལ་ལས་ཡང་དག་པར་འདའོ། །བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་པོས་སྨྲས་པ། ཇི་ལྟར་རྒྱལ་པོའི་དབང་བསྐུར་བ་ཐོབ་པའི་སྟོབས་དང་འཁོར་མང་པོ་དང་ལྡན་པ་སུ་ལ་འང་མི་འཇིགས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་དབང་བསྐུར་བ་ཐོབ་པ་ཆོས་རིན་པོ་ཆེའི་འཁོར་དང་ལྡན་པ་ཡང་བདུད་ཐམས་ཅད་ཀྱིས་མི་འཇིགས་སོ། །
52.263b
དེ་ལ་དབང་བསྐུར་བ་དེ་ནི་སངས་རྒྱས་ཀྱི་ཆོས་མཐར་ཕྱིན་པ་རྣམས་ཡོངས་སུ་རྫོགས་པའོ། །ཆོས་རིན་པོ་ཆེའི་འཁོར་ནི་གང་ཕྱོགས་བཅུའི་སངས་རྒྱས་ཀྱིས་གསུངས་པའི་ཆོས་རྣམས་འཛིན་པའོ། །དེ་ལྟ་བུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་བདུད་ཀྱི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ་ཞེས་བྱ་སྟེ། འདི་ནི་བདུད་ཀྱི་ཡུལ་ལས་ཡང་དག་པར་འདའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོའོ། །བྱང་ཆུབ་སེམས་དཔའ་རི་རྡོབ་རྒྱལ་པོས་སྨྲས་པ། དེ་འདི་ལྟ་སྟེ་དཔེར་ན། བུ་གར་རླུང་འཇུག་པ་དེ་བཞིན་དུ་གང་ནས་གང་དུ་སེམས་ཀྱི་བུ་ག་ཡོད་པ་དེ་དང་དེར་བདུད་ཀྱིས་གླགས་རྙེད་དོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་རྟག་ཏུ་སེམས་བུ་ག་མེད་པར་བྱའོ། །དེ་ལ་བུ་ག་མེད་པའི་སེམས་ནི་འདི་ལྟ་སྟེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཡོངས་སུ་རྫོགས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་བདུད་ཀྱི་ཡུལ་ལས་ཡང་དག་པར་འདའ་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོའོ། །བྱང་ཆུབ་སེམས་དཔའ་མཐོང་ན་དགས་སྨྲས་པ། གང་ཇི་སྙེད་ཆུང་ཟད་མཐོང་བའི་ནང་ན་སངས་རྒྱས་དང་ཆོས་མཐོང་ན་དེ་དག་གི་མཆོག་ཅེས་བྱའོ། །དེ་ལ་སངས་རྒྱས་མཐོང་བ་དེ་ནི་གང་གཟུགས་སུ་མི་མཐོང་བ་དང ། ཚོར་བ་དང ། འདུ་ཤེས་དང ། འདུ་བྱེད་རྣམས་དང ། རྣམ་པར་ཤེས་པར་མི་མཐོང་བ་སྟེ། གང་ཆོས་ཐམས་ཅད་མི་མཐོང་བ་དེ་ནི་ཡང་དག་པའི་མཐོང་བའོ། །ཡང་དག་པའི་མཐོང་བ་ནི་སངས་རྒྱས་མཐོང་བའོ། །དེ་ལ་ཆོས་མཐོང་བ་ནི་གང་ཡིད་ལ་བྱེད་པ་ཐམས་ཅད་མི་སྤྱོད་པའོ། །གང་མི་འགྱུར་བར་མཐོང་བ་དེ་ནི་འདོད་ཆགས་དང་བྲལ་བའོ། །གང་འདོད་ཆགས་དང་བྲལ་བ་དེ་ནི་ཆོས་མཐོང་བ་ཞེས་བྱ་སྟེ། ་གང་བྱང་ཆུབ་སེམས་དཔའ་དེ་ལྟར་སངས་རྒྱས་མཐོང་བ་དང ། ཆོས་མཐོང་བ་དང་ལྡན་པར་གྱུར་པ་དེ་ནི་བདུད་ཀྱི་ཡུལ་ལས་ཡང་དག་པར་འདའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོའོ། །བྱང་ཆུབ་སེམས་དཔའ་མིག་འཕྲུལ་ཅན་གྱིས་སྨྲས་པ། བདུད་ཀྱི་ལས་ནི་གཡོ་བ་དང་སྙེམས་པ་དང་བསྐྱོད་པ་ལས་ལངས་ཏེ། དེ་ལ་གང་གཞི་ལས་གཡོ་བ་དང་སྙེམས་པ་དང་བསྐྱོད་པའི་གཞི
52.264a
དེ་བྱང་ཆུབ་སེམས་དཔས་མི་བྱའོ། །དེ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །དེ་ཚུལ་བཞིན་རབ་ཏུ་སྦྱར་བས་མི་གཡོ་མི་སྙེམས་མི་བསྐྱོད་དོ། །དེ་མི་གཡོ་མི་སྙེམས་མི་བསྐྱོད་པས་བདུད་ཀྱི་ཡུལ་ལས་ཡང་དག་པར་འདའོ། །བྱང་ཆུབ་སེམས་དཔའ་ཡོན་ཏན་རྒྱལ་པོ་སྣང་གིས་སྨྲས་པ། གཉེན་པོ་ཇི་སྙེད་པར་བདུད་ཀྱི་ལས་ཀྱང་དེ་སྙེད་དོ། །གཉེན་པོ་མེད་པ་ནི་ཆོས་ཀྱི་དབྱིངས་སོ། །ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུས་ཏེ། དེ་བས་ན་གང་གིས་ཆོས་ཀྱི་དབྱིངས་རྟོགས་པ་དེས་ཆོས་ཐམས་ཅད་རྟོགས་སོ། །ཆོས་ཀྱི་དབྱིངས་ལས་གུད་ན་ཡང་བདུད་ཀྱི་ལས་མི་དམིགས་སོ། །གང་ཆོས་ཀྱི་དབྱིངས་ཇི་ལྟ་བུར་བདུད་ཀྱི་ལས་ཀྱང་དེ་བཞིན་ཏེ། ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལས་ཐ་མི་དད་དོ། །དེ་ལྟར་ཚུལ་གཅིག་ལ་འཇུག་པའི་རྗེས་སུ་སོང་བའི་བྱང་ཆུབ་སེམས་དཔའ་ནི་བདུད་ཀྱི་ཡུལ་ལས་ཡང་དག་པར་འདའོ། །བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོའི་བལ་གླང་གིས་སྨྲས་པ། ཉམ་ཆུང་བ་ལ་ནི་བདུད་ཀྱིས་གླགས་རྙེད་དེ། །སྟོབས་དང་ལྡན་པ་ལ་ནི་བདུད་ཀྱིས་གླགས་མི་རྙེད་དོ། །དེ་ལ་ཉམ་ཆུང་བ་དེ་ནི་རྣམ་པར་ཐར་པའི་སྒོ་གསུམ་གྱིས་སྐྲག་པའོ། །དེ་ལ་སྟོབས་དང་ལྡན་པ་དེ་ནི་རྣམ་པར་ཐར་པའི་སྒོ་གསུམ་གྱིས་མི་སྐྲག་པ་སྟེ། མངོན་བསུམ་པས་མི་སྐྲག་གོ། །ཤིན་དུ་རྟོགས་པས་ན་མི་སྐྲག་གོ། །རབ་ཏུ་སྒོམས་པས་ན་མི་སྐྲག་སྟེ། དེ་སྐྲག་པ་མེད་པས་བདུད་ཀྱི་ཡུལ་ལས་ཡང་དག་པར་འདའོ། །དེ་ནི་བདུད་ཀྱི་ཡུལ་ལས་ཡང་དག་པར་འདའ་བ་ཞེས་བྱ་བའི་ཆོས་སྣང་བའི་སྒོའོ། །བྱང་ཆུབ་སེམས་དཔའ་བྱམས་པས་སྨྲས་པ། འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོའི་ཆུ་རོ་གཅིག་པ་བཞིན་དུ་ཆོས་ཀྱི་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོ་འདིར་ཆོས་ཐམས་ཅད་ཀྱང་རོ་གཅིག་གོ། །གང་བདུད་ཀྱི་ལས་རྣམས་དང་གང་སངས་རྒྱས་ཀྱི་ཕྲིན་ལས་དེ་དག་ཐམས་ཅད་ནི་སྟོང་པ་ཉིད་དུ་མཚུངས། མཚན་མ་མེད་པར་མཚུངས། སྨོན་པ་མེད་པར་མཚུངས། སྐྱེ་བ་མེད་པར་འཚུངས་འབྱུང་བ་མེད་པར་མཚུངས་ཏེ། རོ་གཅིག་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་བདུད་ཀྱི་ཡུལ་ལས་ཡང་དག་པར་འདའོ། །
52.264b
བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་སྨྲས་པ། ཀྱེ་གྲོགས་པོ་དག་ནམ་མཁའ་ནི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་ཏེ། ནམ་མཁའ་ནི་མིག་གི་ཡུལ་མ་ཡིན། རྣ་བ་དང ། སྣ་དང ། ལྕེ་དང ། ལུས་དང ། ཡིད་ཀྱི་ཡུལ་མ་ཡིན་ནོ། །ཆོས་ཐམས་ཅད་ནི་ནམ་མཁའི་ངོ་བོ་ཉིད་ཀྱི་ཡུལ་ཏེ། ལུས་དང་ངག་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བའི་ཡེ་ཤེས་སྣང་བའོ། །ཡེ་ཤེས་སྣང་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་བདུད་ཀྱི་ཡུལ་ལས་ཡང་དག་པར་འདའ་སྟེ། དེ་ནི་བདུད་ཀྱི་ཡུལ་ལས་ཡང་དག་པར་འདའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོའོ། །བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་སྨྲས་པ། སྐྱེས་བུ་དམ་པ་ཁྱེད་རྣམས་ཀྱིས་ཇི་སྙེད་བཤད་པ་དེ་ཐམས་ཅད་ཀྱང་བདུད་ཀྱི་ལས་དང་བདུད་ཀྱི་ཡུལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཡི་གེར་བྱས་པ་རྣམས་ནི་རྣམ་པར་རིག་པ་སྟེ། སངས་རྒྱས་ཀྱི་གསུང་ནི་ཡི་གེ་མེད་པའོ། །ཚིག་ཇི་སྙེད་པར་བདུད་ཀྱི་ལས་ཀྱང་དེ་སྙེད་དེ། ་ཚིག་མེད་པ་ལ་བདུད་ཀྱིས་ཅི་ཞིག་བྱར་ཡོད། གང་ཚིག་མེད་པ་ནི་རྣམ་པར་རིག་པ་མེད་པ་སྟེ། བདག་དང་ཕ་རོལ་ཡང་དག་པར་རྗེས་སུ་མི་མཐོང་ངོ ། །བདག་མེད་ཅིང་ཕ་རོལ་མེད་པས་ཆོས་གང་ལ་ཡང་ཕན་འདོགས་པ་འམ། གནོད་པ་བྱེད་པར་གནས་པ་མ་ཡིན་ནོ། །དེ་ལྟར་རྗེས་སུ་རྟོགས་པ་ནི་བདུད་ཀྱི་ཡུལ་ལས་ཡང་དག་པར་འདའ་བ་སྟེ། རིགས་ཀྱི་བུ་དེ་ནི་བྱང་ཆུབ་སེམས་དཔའི་བདུད་ཀྱི་ཡུལ་ལས་ཡང་དག་པར་འདའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོའོ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན་ཁྱོད་ཀྱིས་བདུད་ཀྱི་ཡུལ་ལས་ཡང་དག་པར་འདའ་བའི་ཆོས་ཀྱི་སྒོ་འདི་ཐོས་སམ། སྨྲས་པ། ཐོས་སོ། །སྨྲས་པ། སྡིག་ཅན་ཁྱོད་ཀྱིས་འདི་ལྟ་བུའི་ཆོས་ཀྱི་ཚུལ་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བདུད་ཀྱི་ལས་བྱེད་ནུས་སམ། སྨྲས་པ། རིགས་ཀྱི་བུ་གང་གིས་བདུད་ཀྱི་ཡུལ་ལས་ཡང་དག་པར་འདའ་བའི་ཆོས་ཀྱི་སྒོ་འདི་ཐོས་སམ། ཉན་པ་དེ་དག་ལ་ཡང་བདག་གིས་བདུད་ཀྱི་ལས་བྱེད་མི
52.265a
ནུས་ན། ཡེ་ཤེས་ཀྱིས་མངོན་སུམ་དུ་རྟོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལྟ་ཅི་སྨོས། དེ་ནས་ཡང་བྱང་ཆུབ་སེམས་དཔའི་གཡོག་བྱེད་པ་ཚོགས་བྲལ་ལྡན་དང ། དགའ་ཚོགས་ལྡན་དང ། སྤོས་ཅན་དང ། ཁང་བཟངས་ཅན་དང་ལྷ་བཞི་པོ་དེ་དག་གིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན་གྱི་མངོན་སུམ་དུ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་སྙིང་པོར་སྔོན་སྟོབས་དང ། ་དྲག་ཤུལ་དང ། བཀོད་པ་དང ། གཡོག་ཇི་ལྟ་བུ་དང་ལྷགས་པ་དེ་ནི་བཅོམ་ལྡན་འདས་ཀྱིས་བྱམས་པ་དང ། སྙིང་རྗེ་དང ། སྦྱིན་པ་དང ། དུལ་བ་དང ། ཡང་དག་པར་སྡོམ་པ་དང ། དེས་པ་དང ། ཚུལ་ཁྲིམས་དང ། ཐོས་པ་དང ། ཏིང་ངེ་འཛིན་དང ། ཤེས་རབ་དང ། བརྩོན་འགྲུས་བརྟན་ཅིང་འབར་བ་དང ། བསོད་ནམས་དང ། ་ཡེ་ཤེས་ཀྱི་ཚོགས་བསགས་པའི་ཕྱག་རིན་པོ་ཆེ་ས་ལ་བརྡབས་པ་དང ། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པར་རབ་ཏུ་གཡོས་ཏེ། ཁྱོད་སྟོབས་དང་བཅས་པར་ཤིན་དུ་ཕམ་པར་བྱས་པ་དེ་དེ་ལྟར་ཁྱོད་ལ་མངོན་སུམ་དུ་གྱུར་བཞིན་དུ་ཡང་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བདུད་ཀྱི་ལས་བྱེད་དུ་འོང་ངམ། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་རྣམས་ལ་མཆོད་པའི་ལས་བྱོས་ཤིག་།དེ་ནས་བདུད་སྡིག་ཅན་གྱིས་རིན་པོ་ཆེའི་གདུགས་བྱེ་བ་ཕྲག་བརྒྱད་ཁྲི་བཞི་སྟོང་མངོན་པར་སྤྲུལ་ཏེ་འཁོར་དང་བཅས་པ་ལ་ཕུལ་ལོ། །ལྷའི་མེ་ཏོག་དང ། སྤོས་དང ། ཕྲེང་བ་དང ། བྱུག་པ་རྣམ་པ་ཐ་དད་པ་མང་པོ་ཐོགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་གཏོར་ནས་གཡོག་དང་བཅས་པས་ཚིག་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་ནམ་མཁའི་མཛོད་འདི་བདག་ཅག་ལ་སྩལ་ན་བདག་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་སྨྲས་པ། སྡིག་ཅན་ཁྱོད་ཀྱིས་ནམ་མཁའི་མཛོད་འདི་མཐོང་ངམ། སྨྲས་པ། རིགས་ཀྱི་བུ་མཐོང་ངོ ། །འདོད་པའི་ཁམས་ཐམས་ཅད་ཀྱི་བཀོད་པ་ཇི་སྙེད་པ་དང ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི
52.265b
བཀོད་པ་ཇི་སྙེད་པ་དང ། བདག་གི་གནས་ཀྱི་བཀོད་པ་ཇི་སྙེད་པ་དེ་དག་པས་ཆེས་ལྷག་པ་འདིར་མཐོང་སྟེ། དེ་ལ་ནི་ལྷའི་འམ་མིའི་རིན་པོ་ཆེའི་ལོངས་སྤྱོད་དེ་གང་ཡང་མེད་པ་མ་ཡིན་ནོ། །སྨྲས་པ། སྡིག་ཅན་ཁྱོད་ནམ་མཁའི་མཛོད་འདི་དག་ཐམས་ཅད་སྦྱིན་གྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག་།དེ་ནས་བདུད་སྡིག་ཅན་གྱིས་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་དང་ལྷན་ཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེའི་ཚེ་བཞིན་མི་སྡུག་པ་ལ་སོགས་པ་བདུད་ཀྱི་བུ་ལྔ་བརྒྱ་མ་དད་ཅིང་ཆོས་མ་ཡིན་པ་འདོད་པས་དེ་དག་ཚིག་འདི་སྐད་ཅེས་བདག་ཅག་གི་ཕས་བྱང་ཆུབ་ཏུ་སེམས་བསྐྱེད་དུ་ཟིན་ཀྱང ། བདག་ཅག་ནི་འདི་ལྟ་བུའི་ཆོས་ཀྱི་རྣམ་གྲངས་ནུབ་པར་བྱ་བའི་ཕྱིར་འབད་པར་བྱའོ་ཞེས་འཛེར་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱི་རིག་པའི་གསང་སྔགས་ཀྱི་ཚིག་གང་གིས་བདུད་གང་གཱའི་ཀླུང་གི་བྱེ་མ་སྙེད་བྱང་ཆུབ་ལ་བཀོད་པ་བདུད་ཚར་གཅོད་པའི་རིག་པའི་གསང་སྔགས་ཀྱི་ཚིག་ལ་ཁྱོད་སྤོབས་པར་གྱིས་ཤིག་།དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་དེའི་ཚེ་རིག་པའི་གསང་སྔགས་ཀྱི་ཚིག་འདི་དག་སྨྲས་སོ། །འདི་ལྟ་སྟེ། ཨ་བཏྟེ། བི་བཏྟེ། སཾ་བཏྟེ། ས་ཧི་ཏ་ནུ་སནྡྷི། དུ་ཧུ་ཏྟ་ར་ཎོ། ནིརྒྷ་ཏ་ནི། མཻཏྲ་ཡུཀྟ། ཀཱ་རུ་ཎ་ནིཥྱནྟེ། སཏྱ་བ་ཏི། བྷཱུ་རཀྵེ། དྷརྨ་ནི་བྲིཏྟེ། དྷརྨ་རཀྵེ། ཨཀྑུ་ལེ། ནི་ཁི་ལི་ནི། ཧུ་ལུ་ཧུ་ལུ་ཧུ་ལུ་ཧུ་ལུ་ཧུ་ལུ། ཏཏྐ་རེ། ཐ་བ་དི་ཏེ། ཤཱི་ལ་ཨ་ནུ་བརྟི། ཨཀཱ་ཡ་ནི་རྡེ་ཤེ། ཀླེ་ཤ་བ་རི་ཥེ། བུདྡྷ་ཨ་དྷི་ཏེ་དྷརྨ་ཛྭ་ལི་ནི། སཾ་གྷ་ཨ་ནུ་ག་མེ། ཨ་ནུདྡྷ་རེ། ཨནྟི་ཀྲ་མ་ཎི་ཡེ། ནི་གྲ་ཧ་ཎི་མ་ར་པ་ཀྵ་སྱ་ཡུཀྟི་ཀྲྀ་ཏེ། ཨ་དནྟེ། ཨ་ཤ་སྟེ། སཝ་བི་ཥ་ཡ་ཨ་ནུ་ག་མེ། ཨཱརྱ་གུ་ཎ་ཀ་རེ། སིདྡྷི་སིདྡྷི་བ་ཏེ། མོཀྵ་ཨ་ནུ་ཀུ་ལེ། ནི་གྲ་ཧ་ནི་བ་ར་པྲ་ཏི་ནཱཾ། དྷཪྵ་ཎི་མ་ར་པཪྵ་ཏ། ཨ་བ་ཤནྟཱ་ཙཏྭཱ་རོ་མ་ཧཱ་རཱ་ཛཱ་ན། ཤ་ཀོ་དེ་བཱ་ནཱ་མ་ཨིནྡྲ་བྲཧྨ་ས་ཧ་པ་ཏི། བུདྷ་པྲ་ས་ནཱ་ནཱཾ། དེ་བ་ནཱ་ག་།ཡཀྵ་གི་ཏཾ་པ་རི་ཏྲ་ཎཱཾ། སྠ་པི་ཏཱ་ན་སཝ་སྟ་ཡཱ་ནཱཾ། དྷརྨ་བྷ་ན་ཀ་ནཱཾ། ཨ་རཀྵ་ཡེ། སདྡྷརྨ་སྱ་ཙ་བ་རི་ག་ཧེ་ཡེ།
52.266a
དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་རིག་པའི་གསང་སྔགས་ཀྱི་ཚིག་འདི་དག་སྨྲས་མ་ཐག་ཏུ། སྐད་ཅིག་དེ་ཉིད་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་སོ། །བདུད་ཀྱི་བུ་ལྔ་བརྒྱ་མ་དད་ཅིང་ཆོས་མ་ཡིན་པ་འདོད་པ་དེ་དག་གིས་བར་སྣང་ལས་སྒྲ་འདི་སྐད་ཅེས་བདུད་དམ། བདུད་ཀྱི་རིས་ཀྱི་བུ་འམ། བདུད་ཀྱི་རིས་ཀྱི་ལྷ་གང་རིག་པའི་གསང་སྔགས་ཀྱི་ཚིག་འདི་དག་ཐོས་ནས་བྱང་ཆུབ་ཏུ་སེམས་མི་སྐྱེད་ཅིང ། བདུད་ཀྱི་ལས་རྣམས་མི་འདོར་བ་དེ་ལ་གནོད་སྦྱིན་ལག་ན་རྡོ་རྗེས་རྡོ་རྗེ་ཀུན་དུ་འབར་ཞིང་རབ་ཏུ་འབར་བས་སྤྱི་བོ་འགེམས་སོ་ཞེས་ཐོས་ནས། བདུད་ཀྱི་བུ་དེ་དག་གིས་བར་སྣང་ལ་བལྟས་པ་དང ། དེ་དག་གིས་ལག་ན་རྡོ་རྗེ་ལྔ་བརྒྱ་བདག་བདག་གི་སྤྱི་བོ་ན་རབ་ཏུ་འབར་བའི་རྡོ་རྗེ་ཐོགས་ཤིང་འདུག་པ་མཐོང་ནས་དེ་དག་འཇིགས་ཤིང་སྐྲག་སྟེ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་དེའི་དུས་ན་འཛུམ་པ་མཛད་པ་དང ། འཛུམ་པ་དེའི་དོན་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་ཞུས་ནས། ་དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བདུད་ཀྱི་བུ་ལྔ་བརྒྱ་པོ་འདི་དག་འཇིགས་ཤིང་སྐྲག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ངོ ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ནམ་བདུད་སྡིག་ཅན་དེ་བྱང་ཆུབ་ཐོབ་པར་འགྱུར་བ་དེའི་སངས་རྒྱས་ཀྱི་ཞིང་དེར། དེ་དག་ཐམས་ཅད་ཀྱང་མིང་ཐ་དད་པའི་བྱང་ཆུབ་སེམས་དཔར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་སྲིད་ན་བདུད་སྡིག་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ། དེ་བྱང་ཆུབ་ཐོབ་ནས་མིང་ཇི་སྐད་ཅེས་བགྱི་བར་འགྱུར། དེའི་འཇིག་རྟེན་གྱི་ཁམས་ཀྱང་མིང་ཅི་ཞེས་བགྱི་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བདུད་སྡིག་ཅན
52.266b
འདི་ད་དུང་ཡང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམས་སུ་བདུད་ཀྱི་བྱ་བ་བྱེད་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཀྱང་རྡོ་རྗེའི་སྙིང་པོ་ཉོན་མོངས་པ་རབ་ཏུ་འཇོམ་པའི་ཆོས་བསྟན་པ་འདི་ཐོས་པར་འགྱུར་ཞིང ། སངས་རྒྱས་རྣམས་དང ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོ་ག་གསང་བ་དང ། སྤྱོད་པ་པ་དང ། ཡོན་ཏན་དང ། ཚུལ་ཁྲིམས་ཀྱི་གནས་དང ། སྤྱད་པ་དང ། ཆོ་ག་དང ། སྦྱོར་བ་མཐོང་བར་འགྱུར་ཏེ། ཅི་ཙམ་གྱིས་བྱང་ཆུབ་ཀྱི་སེམས་དེ་བརྟན་པར་གྱུར་པ་དེ་ན་དེ་བཞིན་གཤེགས་པ་མཐའ་ཡས་དྲི་མ་མེད་པའི་ཏོག་ཅེས་བྱ་བ་འབྱུང་སྟེ། དེའི་གསུང་རབ་ལ་བདུད་སྡིག་ཅན་འདི་ཡང་ཐ་མར་བདུད་ཀྱི་ལས་བྱེད་དེ། དེ་དགེ་བའི་རྩ་བ་ཡོངས་སུ་སྨིན་ནས་སེམས་མེད་པའི་སེམས་ཀྱིས་སངས་རྒྱས་དང ། ཆོས་ཀྱི་སྣང་བ་ཐམས་ཅད་རྣམ་པར་དག་པའི་རྗེས་སུ་སོང་ཞིང་བྱང་ཆུབ་ཀྱི་སེམས་བསྐྱེད་དོ། །དེའི་འོག་ཏུ་གྲངས་མེད་པ་བགྲང་བ་ལས་འདས་པའི་དེ་བཞིན་གཤེགས་པ་མཉེས་པར་བྱེད་དེ། སྟི་སྟང་བྱེད། བླ་མར་བྱེད། རི་མོར་བྱེད་ཅིང་མཆོད་པར་བྱེད་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བསྟན་པ་ལ་རབ་ཏུ་འབྱུང་བར་འགྱུར་རོ། །རབ་ཏུ་བྱུང་ནས་ཀྱང་དམ་པའི་ཆོས་དུས་གསུམ་དུ་ཡོངས་སུ་འཛིན་པར་འགྱུར། སེམས་ཅན་ཚད་མེད་པ་ཡང་བྱང་ཆུབ་ལ་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །དེ་དེའི་འོག་ཏུ་བསྐལ་པ་གྲངས་མེད་པ་བཞི་བཅུ་རྩ་བཞི་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། རྣམ་པར་སྦྱོང་བའི་བསྐལ་པ་ལ་ཡོངས་སུ་དག་པར་གནས་པའི་འཇིག་རྟེན་གྱི་ཁམས་སུ་ཤིན་དུ་གནས་པའི་ཆོས་སྣང་བ་ཐོབ་ཅེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འཇིག་རྟེན་དུ་འབྱུང་སྟེ། རིག་པ་དང་ཞབས་སུ་ལྡན་པ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུའོ། །ཡང་ཀུན་དགའ་བོ་ཡོངས་སུ་དག་པར་གནས་པའི་འཇིག་རྟེན་གྱི་ཁམས་དེ་འབྱོར་བ་དང ། རྒྱས་པ་དང ། བདེ་བ་དང ། ལོ་ལེགས་པ་དང ། ལྷ་དང་མིས་གང་བར་འགྱུར་རོ། །འདི་ལྟ་སྟེ
52.267a
དཔེར་ན། ཀུན་དགའ་བོ་དགའ་ལྡན་གྱི་ལྷའི་ལོངས་སྤྱོད་དང ། ཀུན་སྤྱོད་པ་ཅི་འདྲ་བར་སེམས་ཅན་དེ་དག་གི་ལོངས་སྤྱོད་དང ། ཀུན་སྤྱོད་པ་ཡང་དེ་འདྲ་བར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་ཤིན་དུ་གནས་པའི་ཆོས་སྣང་བ་ཐོབ་ཅེས་བྱ་བའི་ཚེའི་ཚད་ནི་བར་གྱི་བསྐལ་པ་བཞི་བཅུ་ཐུབ་པར་འགྱུར་རོ། །ཉན་ཐོས་བྱེ་བ་ཕྲག་དྲུག་ཅུ་རྩ་བཞི་རྣམས་ཀྱི་ཉན་ཐོས་ཀྱི་འདུས་པ་ཆེན་པོར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་གི་དགེ་འདུན་དུ་འགྱུར་རོ། །ཀུན་དགའ་བོ་གང་བདུད་དང ། བདུད་ཀྱི་བུ་དང ། བདུད་ཀྱི་རིས་ཀྱི་ལྷ་ད་ལྟར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཞུགས་པ་འདི་དག་ཐམས་ཅད་ཀྱང་ཡོངས་སུ་དག་པར་གནས་པའི་འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་འགྱུར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་དུ་གནས་པའི་ཆོས་སྣང་བ་ཐོབ་པའི་སངས་རྒྱས་ཀྱི་ཞིང་དུ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ། །བདུད་སྡིག་ཅན་ལུང་བསྟན་པ་བཤད་པ་འདི་རབ་ཏུ་བསྟན་པ་ན་གང་འཁོར་དེར་འདུས་པའི་བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དེ་དག་ཐམས་ཅད་ངོ་མཚར་དུ་གྱུར་ནས། འདི་ལྟར་བདུད་ཀྱི་ལས་དེ་སྙེད་བགྱིད་ཀྱང་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མྱ་ངན་ལས་འདས་བར་འགྱུར་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ངོ་མཚར་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་སུ་ཞིག་གང་ཟག་ལ་གང་ཟག་གིས་ཚོད་གཟུང ། ་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཡུལ་འདི་ནི་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ཀྱི་ས་མ་ལགས་སོ་ཞེས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ། །གྲོགས་པོ་དག་ཇི་སྐད་སྨྲས་པ་བཞིན་ཏེ། འདི་ནི་སངས་རྒྱས་ཀྱི་ཡུལ་ལོ། །འོན་ཀྱང་གྲོགས་པོ་དག་སེམས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། ངས་སེམས་ཅན་འདི་དག་ཆགས་པས་གོམ་པ
52.267b
འདེག་ཅིང་ཆགས་པ་དང་བྲལ་བས་འཇོག་པ་དང ། ཀུན་ནས་ཉོན་མོངས་པས་ཆོས་གོས་འཛིན་པ་དང ། ཉོན་མོངས་པ་དང་བྲལ་བར་གྱོན་པ་དང ། ལེན་པ་དང་བཅས་པས་ཟན་ཁམ་གྱིས་གཅོད་པ་དང ། ལེན་པ་མེད་པར་མཐོང་སྟེ། ཀྱེ་གྲོགས་པོ་དག་སེམས་ཅན་གྱི་སྤྱོད་པ་ནི་སྣ་ཚོགས་སོ། །མགོ་སྨོས་པས་གོ་བ་དང ། སྤྲོས་ཏེ་བཤད་པས་གོ་བ་དང ། ཚིག་ལྷུར་ལེན་པའི་སེམས་ཅན་དག་ཡོད་དེ། དེ་དག་ལ་དེ་བཞིན་གཤེགས་པ་སོ་སོ་ཅི་རིགས་པར་ཆོས་ལ་གཟུད་པར་བསྟན་པའི་གཏམ་རྣམས་གསུང་ངོ ། །ཀྱེ་གྲོགས་པོ་དག་ཉོན་མོངས་པ་ནི་ཡུལ་ལ་ཡང་མི་གནས་ཤིང་ཕྱོགས་ལ་འང་མི་གནས་ཏེ། ཉོན་མོངས་པ་ནི་བསགས་པ་འང་མེད། ཕུང་པོའི་དངོས་པོ་ཡང་མེད་དོ། །ཚུལ་བཞིན་མ་ཡིན་པ་བྱུང་བས་ཉོན་མོངས་པ་བྱུང་ངོ ། །ཚུལ་བཞིན་བྱུང་བས་རྣམ་པར་དག་པ་བྱུང་ངོ ། །དེ་ལ་དེ་ལྟར་ཀུན་ནས་ཉོན་མོངས་པ་འབྱུང་བ་དེ་ཚུལ་བཞིན་བརྟགས་ན་རྣམ་པར་དག་པ་འབྱུང་བར་འགྱུར་རོ། །ངས་འདི་ལས་དགོངས་ཏེ་ལོག་པར་ལྟ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ན་དེ་དེའི་ཡང་དག་པར་ལྟ་བ་ཡིན་ནོ་ཞེས་ཚིག་འདི་སྨྲས་སོ། །ནམ་ཡང་ལོག་པར་ལྟ་བ་ནི་ཡང་དག་པའི་ལྟ་བར་མ་གྱུར། མི་འགྱུར། འགྱུར་བ་མེད་དོ། །འོན་ཀྱང་ཇི་ལྟར་ལོག་པར་ལྟ་བ་ལ་ལོག་པར་རིག་ནས་དེ་ལ་མི་གནས། རབ་ཏུ་མི་གནས། སྤྱོད་པ་མེད། རབ་ཏུ་སྤྱོད་པ་མེད་པ་དེ་ནི་ཡང་དག་པར་ལྟ་བའི་ལམ་ལ་འཇུག་པ་སྟེ། འདི་ནི་ཡང་དག་པའི་ལྟ་བ་ཞེས་བྱའོ། །ཀྱེ་གྲོགས་པོ་དག་ཉོན་མོངས་པ་ནི་སྒྲིབ་པར་བྱེད་པའོ། །རྣམ་པར་དག་པ་ནི་སྣང་བའོ། །ཉོན་མོངས་པ་ནི་ཉམ་ཆུང་བའོ། །ལྷག་མཐོང་ནི་སྟོབས་དང་ལྡན་པའོ། །ཉོན་མོངས་པ་ནི་གློ་བུར་རོ། །རང་བཞིན་ནི་རྩ་བ་རྣམ་པར་དག་པའོ། །ཉོན་མོངས་པ་ནི་ཀུན་དུ་རྟོག་པའོ། །རང་བཞིན་ནི་ཀུན་དུ་རྟོག་པ་མེད་པའོ། །ཀྱེ་གྲོགས་པོ་དག་འདི་ལྟ་སྟེ་དཔེར་ན་ས་ཆེན་པོ་འདི་ནི་ཆུ་ལ་རྟེན་ཏོ། །ཆུ་ནི་རླུང་ལ་རྟེན་ཏོ། །རླུང་ནི་ནམ་མཁའ་ལ་རྟེན་ཏོ། །ནམ་མཁའ་ནི་རྟེན་པ་མེད་དོ། །དེ་བཞིན་དུ་ས་ཡི
52.268a
ཁམས་དང ། ཆུའི་ཁམས་དང ། མེའི་ཁམས་དང ། རླུང་གི་ཁམས་དང ། ཁམས་བཞི་པོ་འདི་དག་པས་ནམ་མཁའི་ཁམས་ནི་ཐམས་ཅད་ཀྱི་ནང་ན་སྟོབས་ཆེ་ཞིང་སྲ་སྟེ་སོགས་པ་མེད་པའོ། །སོགས་པ་མེད་པ་ནི་མ་སྐྱེས་པ་མ་འགགས་པ་སྟེ། རང་གི་ངང་གི་ཚུལ་གྱིས་གནས་པའོ། །དེ་ལ་གང་ཁམས་གསུམ་པོ་དེ་དག་ནི་སྐྱེ་བ་དང་འཇིག་པར་ལྡན་པ་མི་གནས་པ་རིང་དུ་མི་གནས་པ་སྟེ། ་འདི་དག་ནི་འགྱུར་བར་སྣང་གི་ནམ་མཁའི་ཁམས་ལ་ནི་འགྱུར་བ་གང་ཡང་མེད་དོ། །དེ་བཞིན་དུ་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ནི་ལས་དང་ཉོན་མོངས་པ་ལ་གནས་པའོ། །ལས་དང་ཉོན་མོངས་པ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་གནས་སོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་ནི་རང་བཞིན་ཡོངས་སུ་དག་པ་ལ་གནས་ཏེ། དེའི་ཕྱིར་སེམས་རང་བཞིན་འོད་གསལ་བ་དེ་གློ་བུར་གྱི་ཉོན་མོངས་པས་ཉེ་བར་ཉོན་མོངས་ཤེས་བྱའོ། །དེ་ལ་གང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང ། གང་ལས་དང་ཉོན་མོངས་པ་དང ། གང་ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་ཐམས་ཅད་ཀྱང་རྒྱུ་དང་རྐྱེན་གྱིས་ཡང་དག་པར་ཟིན་ན་ནི་སྐྱེ། རྒྱུ་དང་རྐྱེན་མ་ཚོགས་ན་ནི་འགག་སྟེ། གང་དེའི་རང་བཞིན་དེ་ལ་ནི་རྒྱུ་ཡང་མེད། རྐྱེན་ཡང་མེད། ཚོགས་པ་ཡང་མེད། སྐྱེ་བ་ཡང་མེད། འགག་པ་ཡང་མེད་དོ། །དེ་ལ་ནམ་མཁའི་ཁམས་ཇི་ལྟ་བར་རང་བཞིན་ཡང་དེ་བཞིན་ནོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཇི་ལྟ་བར་རླུང་ཡང་དེ་བཞིན་ནོ། །ལས་དང་ཉོན་མོངས་པ་ཇི་ལྟ་བར་ཆུ་ཡང་དེ་བཞིན་ནོ། །ཕུང་པོ་དང ། ཁམས་དང ། སྐྱེ་མཆེད་རྣམས་ཇི་ལྟ་བར་སའི་ཁམས་ཀྱང་དེ་བཞིན་ཏེ། དེའི་ཕྱིར་ཆོས་ཐམས་ཅད་ནི་རྩ་བ་ཡོངས་སུ་ཆད་པ་ཞེས་བྱ་སྟེ། སྙིང་པོ་མེད་པའི་རྩ་བ། མི་གནས་པའི་རྩ་བ། དག་པའི་རྩ་བ། རྩ་བ་མེད་པའི་རྩ་བའོ། །ཀྱེ་གྲོགས་པོ་དག་དེ་ནི་རང་བཞིན་རྣམ་པར་དག་པའི་སྒོ་ཞེས་བྱ་བའི་ཆོས་སྣང་བའི་སྒོ་སྟེ་སྒོ་གང་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་ཉོན་མོངས་པ་ཐམས་ཅད་ཀྱི་སྒོ་ལ་མི་གནས་ཤིང ། རྣམ་པར་དག་པའི་སྒོ་ཐམས་ཅད་ཀྱང་མི་སྙེམས་པའོ། །
52.268b
དེ་དག་ཐམས་ཅད་སྙེམས་པ་ཡང་དག་པར་བཅོམ་པས་ཚུལ་དང་འདྲ་བར་འགྲོ་བའི་ལམ་ཁོང་དུ་ཆུད་དེ་བདུད་ཀྱི་ཡུལ་ལས་ཡང་དག་པར་འདའ་བར་འགྱུར་རོ། །དེ་དག་བདུད་ཀྱི་ཡུལ་ལས་ཡང་དག་པར་འདས་པས་སངས་རྒྱས་ཀྱི་ཡུལ་ལ་རབ་ཏུ་གནས་པར་འགྱུར་རོ། །དེ་དག་སངས་རྒྱས་ཀྱི་ཡུལ་ལ་རབ་ཏུ་གནས་པས་སེམས་ཅན་ཐམས་ཅད་ཀྱི་ཡུལ་ལ་འཇུག་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་ཡུལ་ལ་ཞུགས་པས་ཆོས་ཀྱི་དབྱིངས་ཀྱི་ཡུལ་འཁྲུག་པར་མི་བྱེད་པར་འགྱུར་རོ། །དེ་དག་ཆོས་ཀྱི་དབྱིངས་ཀྱི་རྗེས་སུ་སོང་སྟེ། མཉམ་པ་བྱེ་བྲག་མེད་པ་ཐོབ་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྗེས་སུ་ཐོབ་པར་འགྱུར་རོ། །བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་མང་པོ་ཞིག་ལས་དང་ཉོན་མོངས་པ་དང ། ཆོས་ཀྱི་སྒྲིབ་པ་ཀུན་ནས་ལྡང་བ་དང ། འགྱོད་པ་ཀུན་ནས་ལྡང་བ་ཐམས་ཅད་དང་བྲལ་ཏེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། །།འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པ། བམ་པོ་བརྒྱད་པ་སྟེ་ཐ་མ། དེ་ནས་དགེ་བསྙེན་དཔལ་སྦས་ཤེས་བྱ་བས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་རྣམ་པར་གྲོལ་བའི་སྒོ་ཆོས་ཀྱི་རྣམ་གྲངས་འདི་ནི་བཅོམ་ལྡན་འདས་ཀྱིས་བདག་གི་སླད་དུ་བཤད་དོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་བསད་པའི་སླད་དུ་ཤུལ་ཞུགས་ཀྱིས་གཏམ་པར་བགྱིས་ཏེ་བཤོས་ཀྱང་དུག་དང་བསྲེས་པ་སྦྱར་བ་དེས། བཅོམ་ལྡན་འདས་ལས་བདག་གིས་ཆོས་མང་དུ་ཐོས་ཀྱང་འགྱོད་པ་རབ་ཏུ་བསལ་བར་མ་ནུས་ཀྱི། བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་འགྱོད་པ་དེ་ཐམས་ཅད་མ་མཆིས་པར་གྱུར་ཏེ། ཆོས་ཐམས་ཅད་ལ་སྣང་བ་འང་སྐྱེས་སོ། །བཅོམ་ལྡན་འདས་བདག་ནི་འགྱོད་པ་མ་མཆིས་ཐེ་ཚོམ་མ་མཆིས་ཏེ་སྣང་བ་ཐོབ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱི་སྟེ། བཅོམ་ལྡན་འདས་དཔེར་ན་བདུད་སྡིག་ཅན་ལྟར་བདག་ཀྱང
52.269a
ཁྱད་པར་དུ་མཆི་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ལེགས་སོ་ལེགས་སོ། །ངས་བཤད་པའི་དོན་ཁྱོད་ཀྱིས་ཁོང་དུ་ཆུད་དེ། ངས་ཁྱིམ་བདག་ཁྱོད་ལ་ལུང་བསྟན་གྱིས་སེམས་དང་ལྷག་པའི་བསམ་པ་འདིས་བསྐལ་པ་བཟང་པོའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་སྟི་སྟང་དུ་བྱས། བླ་མར་བྱས། རི་མོར་བྱས་ཏེ་མཆོད་ནས། དེ་དག་གི་ཐད་ནས་ཚངས་པར་སྤྱད་པ་སྤྱོད་པར་འགྱུར། དེ་དག་གི་དམ་པའི་ཆོས་ཀྱང་ཡོངས་སུ་འཛིན་པར་འགྱུར་རོ། །དེའི་འོག་ཏུ་སངས་རྒྱས་བཅོམ་ལྡན་འདས་བགྲང་བ་ལས་འདས་པ་སྙེད་ཅིག་མཉེས་པར་བྱས་ཏེ། བསྐལ་པ་གྲངས་མེད་པ་བདུན་བརྒྱ་ན་ཤིན་དུ་དྲི་མ་མེད་པའི་བསྐལ་པ་ལ། དེ་བཞིན་གཤེགས་པ་ཀུན་ནས་ལྡང་བ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་སྟེ། རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་ཤེས་བྱ་བའི་བར་དུ་འགྱུར་རོ། །དེ་ནས་དགེ་བསྙེན་དཔལ་སྦས་ཀྱིས། བཅོམ་ལྡན་འདས་ལས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོས་ནས་ཚིམ་ཞིང་མགུ་ལ་ཡིད་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། ་རྒྱན་ཇི་སྙེད་ཐོགས་པ་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ནས་ཚིག་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་ཁྱིམ་ན་གཏེར་ཆེན་པོ་བཞི་མཆིས་ཏེ། རིན་པོ་ཆེ་མང་པོ་དང ། གསེར་གྱིས་ཡོངས་སུ་གང་བའོ། །དེ་དག་ལས་གཏེར་ཆེན་པོ་གཅིག་ནི་ཁྱིམ་གྱི་བུ་སྨད་དང ། ་བྲན་པོ་དང ། བྲན་མོ་དང ། ལས་བགྱིད་པ་རྣམས་ལ་སྩལ་ཏོ། །གཏེར་ཆེན་པོ་གཅིག་ནི་དབུལ་པོ་སློང་བ་ཐམས་ཅད་ལ་སྩལ་ཏོ། །གཏེར་ཆེན་པོ་གཅིག་ནི་དགེ་སློང་ཕྱོགས་བཞི་ནས་ལྷགས་པའི་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་རྣམས་ལ་འབུལ་ལོ། །གཏེར་ཆེན་པོ་གཅིག་ནི་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ལ་འབུལ་ལོ། །བཅོམ་ལྡན་འདས་བདག་ནི་ཡང་བར་གྱུར་ཏེ་ང་ཡི་བ་མ་མཆིས། ཡོངས་སུ་འཛིན་པ་ཡང་མ་མཆིས་ན་བཅོམ་ལྡན་འདས་བདག་ལེགས་པར་བཤད་པའི་ཆོས་འདུལ་བ་ལ
52.269b
རབ་ཏུ་འབྱུང་སྟེ་བསྙེན་པར་རྫོགས་ཤིང་དགེ་སློང་གི་ཚུལ་ཐོབ་པར་བགྱིར་གསོལ། དགེ་བསྙེན་དཔལ་སྦས་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ནས་དགེ་སློང་གི་ཚུལ་ཐོབ་བོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ན་བསྐལ་པ་གྲངས་མ་མཆིས་པ་བྱེ་བར་ཡང་དག་པར་བསྒྲུབས་པའི་བྱང་ཆུབ་འདི་སུ་འཛིན་པར་འགྱུར། ་དེ་ནས་འཁོར་དེ་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དྲུག་བཅུ་ལངས་ནས་དེ་དག་ཐམས་ཅད་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་སྒྲ་སྐད་དབྱངས་གཅིག་ཏུ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །བཅོམ་ལྡན་རྐང་གཉིས་དམ་པ་ནི། །མྱ་ངན་འདས་སླད་བདག་ཅག་རྣམས། །ལུས་དང་སྲོག་ཏུ་བཅས་བཏང་སྟེ། །དམ་པའི་ཆོས་ནི་གཟུང་བར་སྤྲོ། །རྙེད་དང་བཀུར་སྟི་སྤངས་ནས་སུ། །སྟེན་པ་ཀུན་ཀྱང་རབ་སྤངས་ཏེ། །སངས་རྒྱས་ཡེ་ཤེས་བསྟན་པ་ཡི། །ཆོས་འདི་རྗེས་སུ་མི་བཏང་ངོ ། །དམ་པའི་ཆོས་ནི་གཟུང་སླད་དུ། །གཤེ་དང་མི་སྙན་མཆི་བ་དང ། །ངན་དུ་སྨྲ་བའི་ཚིག་རྣམས་ཀྱང ། །བཟོད་པ་དེ་དག་དང་དུ་བླང ། །ཚུལ་འདི་རབ་ཏུ་བཟུང་ནས་སུ། །ཅོ་འདྲི་བ་དང་སྡིགས་པ་དང ། །མི་བསྔགས་པ་དང་མི་སྙན་པ། །དེ་དག་ཐམས་ཅད་བཟོད་པར་བགྱིད། །དམིགས་པ་དག་ལ་རབ་གནས་པ། །བདུད་ཀྱི་ཕོ་ཉ་བདུད་ཀྱི་ཕྱོགས། །དམ་པའི་ཆོས་ལ་སྐུར་འདེབས་པའི། །དགེ་སློང་དག་ནི་འབྱུང་བར་འགྱུར། །ཚུལ་ཁྲིམས་འཆལ་པ་སྡིག་ཆོས་ཅན། །ཁྱིམ་པ་དང་ནི་བསྟེན་ཅིང་གནས། །བཀུར་བསྟི་དག་དང་རྙེད་ལ་བརྐམ། །ཆོས་འདི་ཚོལ་བ་མི་བགྱིད་དོ། །འཇིག་རྟེན་རྒྱང་པན་རྣམས་དང་འདྲེ། །བདག་ལ་རབ་ཏུ་སྟོད་བགྱིད་ཅིང ། །རབ་ཏུ་དེས་པ་རྣམས་ལ་སྨོད། །མི་མཁས་ང་རྒྱལ་ཅན་དག་འབྱུང ། །དགོན་པའི་གནས་ནི་སྤངས་ནས་སུ། །རྟག་ཏུ་འདུ་འཛིན་རྣམས་ལ་དགའ། །འཇིག་རྟེན་གསང་ཚིག་རྣམས་ལ་བརྩོན། །འཇིག་ཚོགས་ལ་ནི་རབ་ཏུ་གནས། །མི་མཁས་པ་དག་དགེ་འདུན་ལས། །ཞལ་ཏ་བྱེད་ལ
52.270a
རྟག་ཏུ་བརྩོན། །བསམ་གཏན་བསམ་གཏན་བྱེད་སྤངས་ཏེ། །དཀོན་མཆོག་གསུམ་དང་འདྲེ་མི་བྱེད། །ཐོས་དང་ཁྲིམས་ཀྱིས་མ་ལགས་ཀྱིས། །ཚོགས་གྱི་ནང་ན་རྙེད་པ་ཚོལ། །སྦྱིན་པ་དག་ལ་ཕྱིར་ཕྱིར་བརྩོན། །རྟོག་པ་བཅས་ཤིང་མྱ་ངན་བཅས། །ང་ཡིར་འདུ་ཤེས་གཟུང་ནས་སུ། །མཛའ་དང་སློང་སྟེར་ཁྱིམ་ལ་དགའ། །དེ་དག་དེར་ནི་རབ་འཇུག་ཅིང ། །འཇིག་རྟེན་པ་ཡི་གཏམ་རྣམས་བགྱིད། །ཞིང་གི་དོན་དང་ཁྱིམ་གྱི་དོན། །དེ་དག་ཉོ་ཚོང་བགྱིད་ལ་གནས། །ཐོང་གཤོལ་ཤལ་བ་རྣམས་ལྡན་ཡང ། །བདག་ཅག་དགེ་སྦྱོང་ཡིན་ཞེས་འཛེར། །དམིགས་པ་ཡིས་ནི་རབ་ཏུ་བགྱིད། །ལྟ་བ་ཐ་དད་ཀུན་དུ་གནས། །སྟོང་པ་ཉིད་ཀྱི་ཆོས་ཐོས་ནས། །དེ་དག་གཡང་ས་བཞིན་དུ་འགྱུར། །འཇིག་རྟེན་ཕ་རོལ་མི་སྤྱོད་ཅིང ། །ལས་ཀྱི་རྣམ་པར་སྨིན་པ་འདོར། །བརྫུན་དུ་སྨྲ་དང་རབ་ཏུ་ལྡན། །ཆོས་མ་ལགས་ལ་ཆོས་སུ་འཛིན། །དགེ་སྦྱོང་རྒྱལ་པོ་རབ་འཁྲུག་ཅིང ། །དེ་ལྟར་རབ་ཏུ་མ་རུངས་པ། །རྣམ་པར་འཇིག་ཚེ་སེམས་ཅན་ཕྱིར། །བདག་ཅག་དམ་ཆོས་གཟུང་བར་བགྱི། །མདོ་སྡེ་རྣམས་ཀྱང་ཕན་ཚུན་དུ། །འཐུན་པར་སྤྱོད་པར་མི་བྱེད་དེ། །རང་རང་གི་ནི་སྨྲ་རྣམས་ལ། །དེ་དག་རྟག་ཏུ་མོས་པར་བགྱིད། །མདོ་སྡེ་གང་དག་རབ་ཟབ་ཅིང ། །རྣམ་གྲོལ་འབྲས་བུར་ལྡན་པ་རྣམས། །རབ་ཏུ་འཛིན་པར་མི་བགྱིད་དེ། །དེ་དག་སྣ་ཚོགས་གཏམ་རྣམས་བགྱིད། །འདི་འདྲ་བ་ཡི་དུས་འདི་ན། །དོན་བཅས་ཚིག་འབྲུར་ལྡན་པ་ཡི། །ལེགས་པར་གསུངས་པའི་ཆོས་རྣམས་ནི། །རབ་ཏུ་རྣམ་པར་འཇིག་པར་འགྱུར། །དེ་ཡི་ཚེ་ན་སེམས་ཅན་ཡང ། །རབ་ཏུ་རྣམ་པར་འཇིག་པར་འགྱུར། །རྒྱལ་པོའི་ལས་ཀྱིས་བསྡིགས་པ་ན། །འཇིགས་ཤིང་སྐྲག་ནས་འབྲོས་པར་འགྱུར། །འཇིག་དུས་རབ་ཏུ་མི་ཟད་པ། །སྡིག་པའི་དུས་ནི་འདི་འདྲ་ཚེ། །སངས་རྒྱས་ཀྱིས་ནི་གང་བཤད་པ། །ཆོས་འདི་བདག་ཅག་གཟུང་བར་བགྱི། །ཚུལ་འདི་རབ་ཏུ་བཟུང་ནས་སུ། །གང་དག་ཆོས་ལ་མི་གནས་པའི། །སེམས་ཅན་རྣམས་ལ་བྱམས་པར་བགྱི། །དེ་དག་ལ
52.270b
ནི་སྙིང་རྗེའང་བགྱི། །སེམས་ཅན་རྙེད་དང་འདོད་གནས་པ། །ཚུལ་ཁྲིམས་འཆལ་པ་མཐོང་ནས་སུ། །དེ་ཡི་འགྲོ་བ་ཅིར་འགྱུར་ཞེས། །མཆི་མའང་རབ་ཏུ་དབྱུང་བར་བགྱི། །དམ་པའི་ཆོས་ལ་སྐུར་འདེབས་པ། །དེ་དག་འཕྲལ་དུ་མཐོང་ན་ཡང ། །དེ་དག་གཤེ་བར་མི་འགྱུར་བར། །རིང་ནས་བྱམས་པ་བཙལ་བར་བགྱི། །རབ་ཏུ་བསྡམས་ནས་ངག་གི་ལས། །ཉམས་ཀྱིས་ཅི་ནུས་བསྲུང་བར་བགྱི། །སྡིག་པ་ལ་ནི་རབ་གནས་པ། །དེ་ལ་གློ་བུར་གཏམ་མི་བགྱི། །ནོར་སྦྱིན་དེ་བཞིན་སྟི་སྟང་གིས། །མི་རྣམས་ཡོངས་སུ་སྨིན་བགྱིས་ནས། །ཡང་དག་སྡིག་མེད་སྤྱོད་ཡུལ་གྱིས། །སླད་ཀྱིས་དེ་དག་བསྐུལ་བར་བགྱི། །ཁྱིམ་དང་སྟེན་པ་ཀུན་སྤངས་ཏེ། །དོན་ཉུང་བ་དང་བགྱིད་ཉུང་བ། །བས་མཐའ་དགོན་པའི་སྤྱོད་ཡུལ་བ། །རི་དགས་བཞིན་དུ་འགྱུར་བར་བགྱི། །འཕགས་པའི་རིགས་ལ་དགའ་བ་དང ། །སྦྱངས་པའི་ཚུལ་ཁྲིམས་གནས་པ་དང ། །མཉམ་བཞག་ཤེས་རབ་ལྡན་པ་དང ། །གཡེལ་བ་མ་མཆིས་འགྱུར་བར་བགྱི། །དུལ་བ་དང་ནི་ཞི་བ་དང ། །གྲོལ་བས་གྲོང་དུ་ཞུགས་ནས་ཀྱང ། །སེམས་ཅན་གང་དག་ཆོས་ཚོལ་བ། །དེ་ལ་བདག་ཅག་ཆོས་བསྟན་ཏོ། །ཆོས་འདོད་པར་ནི་རྟོགས་ནས་སུ། །ཤིན་དུ་རིང་དུ་འང་མཆི་བར་བགྱི། །ཆོས་ལ་དགའ་ཞིང་མོས་རྙེད་ནས། །སེམས་ཅན་རྣམས་ཀྱི་དོན་ཡང་བགྱི། །སེམས་ཅན་རྣམས་ཀྱི་འཁྲུལ་མང་པོ། །དེ་དག་མངོན་པར་མཐོང་ནས་ཀྱང ། །ཆོས་དང་ངེས་པར་རབ་གནས་ནས། །བདག་ལ་རབ་ཏུ་བརྟག་པར་བགྱི། །སྟི་སྟང་བགྱིས་དང་མ་བགྱིས་ལ། །རི་རབ་ལྟ་བུར་གྱུར་ནས་སུ། །འཇིག་རྟེན་གྱིས་ནི་མི་གོས་པ། །འཇིག་རྟེན་འདྲེན་པར་འགྱུར་བར་བགྱིད། །དགེ་སློང་ཚུལ་ལས་ཉམས་རྣམས་ཀྱི། །མི་སྙན་པ་དག་རྟོགས་ནས་ཀྱང ། །ལས་ནི་བདག་གིར་བྱ་བར་བགྱི། །དེ་དག་ལས་ནི་སྨིན་མ་འགྱུར། །ཆོས་རྣམས་ལ་ནི་གནས་པ་ལ། །ངེད་ལ་དེ་འདྲའི་ཆོས་རྣམས་ནི། །ཇི་ལྟ་བུར་ཡང་ཡོད་མེད་ཅེས། །གཤེད་མ་དག་ཀྱང་འགྱོད་པར་འགྱུར། །བདག་ཅག་མིང་གི་དགེ་སྦྱོང་སྟེ། །དགེ་སྦྱོང་ཡོན་ཏན་མེད་དོ་ཞེས། །ཡང་དག་བསྐུལ་བ་ཐོས་པ་དང ། །
52.271a
མདོ་སྡེ་འདི་ནི་སྤོང་བར་འགྱུར། །སྣ་དང་རྣ་ཆད་དེ་དག་ནི། །མེ་ལོང་དགའ་བར་མི་འགྱུར་ལྟར། །ཡང་དག་བསྐུལ་བ་ཐོས་པ་དག་།དེ་དག་དམ་ཆོས་སྤོང་བར་འགྱུར། །དགེ་སློང་གང་དག་དམ་པའི་ཆོས། །རབ་ཏུ་འཛིན་པར་འབྱུང་འགྱུར་ཏེ། །དེ་དག་བཞིན་དུ་ཚུལ་འཆོས་ཀྱང ། །གང་ཡང་ཆོས་འདི་མི་ཉན་ཏོ། །རྒྱལ་པོ་རྣམས་ཀྱང་སླུ་བར་བགྱིད། །སྐྱེ་བོ་ཆེན་པོ་འབྱེད་འགྱུར་ཡང ། །སངས་རྒྱས་ཀྱི་ནི་བྱིན་བརླབས་ཀྱིས། །སེམས་ཅན་དེ་རྟག་ཆོས་ཉན་འགྱུར། །དུས་ངན་དེ་ཚེ་བདག་ཅག་རྣམས། །སེམས་ཅན་དག་ལ་སྨན་སླད་དུ། །ལུས་དང་སྲོག་ཀྱང་རབ་བཏང་སྟེ། །དམ་པའི་ཆོས་ནི་གཟུང་བར་བགྱི། །འཇིག་པ་ཆེན་པོའི་དུས་དེ་ན། །ཚིག་ཙམ་དུ་ནི་མ་ལགས་ཀྱི། །སྒྲུབ་པ་སྙིང་པོར་བགྱིད་པར་ཡང ། །མགོན་པོས་བདག་ཅག་བསམ་པ་མཁྱེན། །དམ་ཆོས་འདི་ནི་ཡོངས་བཟུང་ན། །བསོད་ནམས་ཚོགས་ནི་ཇི་ཙམ་མཆིས། །ཆོས་ཀྱི་རྒྱལ་པོ་འོད་མཛོད་པ། །འཇིག་རྟེན་སྣང་བར་མཛད་ལ་ཞུ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ཤར་ཕྱོགས་ཀྱི་སྟོང་གསུམ་བཅུའི་འཇིག་རྟེན་གྱི་ཁམས་རེ་རེ་ཡང་རྡུལ་ཕྲ་རབ་ཀྱི་ཆར་རྡུལ་ཕྲ་རབ་ཀྱི་རྡུལ་དུ་བཤིག་ལ། དེ་བཞིན་དུ་ལྷོ་དང ། ནུབ་དང ། བྱང་དང ། སྟེང་དང ། འོག་དང ། ཕྱོགས་བཅུ་ཀུན་དུ་སྟོང་གསུམ་བཅུའི་འཇིག་རྟེན་གྱི་ཁམས་རེ་རེ་ཡང་རྡུལ་ཕྲ་རབ་ཀྱི་རྡུལ་དུ་བཤིག་སྟེ། ་དེ་ནས་རྡུལ་ཕྲ་རབ་དེ་དག་ཐམས་ཅད་ཇི་སྙེད་པར་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་དེ་སྙེད་འདས་ཤིང་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་བཞག་ལ། ཚུལ་དེ་ལྟ་བུར་ཤར་ཕྱོགས་སུ་རྡུལ་ཕྲ་རབ་དེ་ཐམས་ཅད་ཟད་ཟད་དུ་བཞག་ཀྱང ། ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གི་མཐར་ཐུག་པ་གང་ཡང་མེད་དོ། །ཤར་ཕྱོགས་སུ་ཇི་ལྟ་བ་དེ་བཞིན་དུ་ཕྱོགས་བཅུ་ཀུན་གྱི་ཕྱོགས་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་དེ་སྙེད་དོ། །རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དེ་དག་གི་རྡུལ་ཕྲ་རབ་རྣམས་ཚུལ་དེ་ལྟ་བུས་ཕྱོགས་བཅུར་བཞག་པ་ལས་ཚད་དམ་མཐའ་རྟོགས་པར་ནུས་སམ། གསོལ་པ།
52.271b
བཅོམ་ལྡན་འདས་དེ་ནི་མི་ནུས་སོ། །གཞན་དུ་ན་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཡེ་ཤེས་ཆགས་པ་མི་མངའ་བས་མཁྱེན་པ་ནི་མ་གཏོགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལྟར་སངས་རྒྱས་ཀྱི་ཞིང་ཇི་སྙེད་པ་དེ་དག་ལས་གང་དུ་རྡུལ་ཕྲ་རབ་དེ་དག་བཞག་པར་གྱུར་པའི་སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་གྲོང་ཁྱེར་གཅིག་ཏུ་གྱུར་ཏེ་བརྩིག་པས་བསྐོར་ནས་འོག་གི་ཆུའི་ཕུང་པོ་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར་གྱི་གྲོང་ཁྱེར་དེ་དག་ཡུངས་འབྲུ་མི་རྩུབ་པ་འབའ་ཤིག་གི་ཡོངས་སུ་གང་བར་གྱུར་ན་རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། ཡུངས་འབྲུ་དེ་དག་མང་ངམ། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཇི་ལྟར་དཔེ་འདི་བཙལ་བ་ངོ་མཚར་ཏོ། །བཅོམ་ལྡན་འདས་གང་དཔེ་འདི་ཐོས་ནས་དད་པར་འགྱུར་བའི་སེམས་ཅན་དེ་དག་ཀྱང་ངོ་མཚར་རྨད་དུ་བྱུང་བའི་ཆོས་དང་ལྡན་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་ཡུངས་འབྲུ་དེ་དག་བརྒྱ་ཕྲག་འདི་སྙེད་ཅེ་འམ། སྟོང་ཕྲག་འདི་སྙེད་ཅིག་ཅེ་འམ། བརྒྱ་སྟོང་ཕྲག་འདི་སྙེད་ཅིག་ཅེ་འམ། དཀྲིགས་པ་དང ། གཏམས་པ་དང ། ཁྱད་ཕྱིན་དང ། མི་འཁྲུགས་པ་ཕྲག་འདི་སྙེད་ཅིག་ཅེ་འམ། སངས་རྒྱས་ཀྱི་ཞིང་འདི་སྙེད་ཅིག་ཅེ་འམ། སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་འདི་སྙེད་ཅིག་ཅེ་འམ། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་འདི་སྙེད་ཅིག་ཅེ་འམ། སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ཕྲག་འདི་སྙེད་ཅིག་ཡོད་དོ། །ཞེས་རབ་ཏུ་མཁྱེན་ཏོ། །རིགས་ཀྱི་བུ་བྱང་ཆུབ་འདོད་པ་ལ་ལ་ཞིག་གིས་སངས་རྒྱས་ཀྱི་ཞིང་དེ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་བཀང་སྟེ། སྦྱིན་པ་བྱིན་པས་ཇི་ལྟར་སྐྱེས་བུ་དམ་པ་དམ་པའི་ཆོས་ཡོངས་སུ་འཛིན་པ་གང་ཡོན་ཏན་གྱི་ཆོས་འདི་ལྟ་བུ་ལ་གནས་པ་དེ་དག་གིས་དེ་བཞིན་གཤེགས་པ་གཅིག་གིས་དམ་པའི་ཆོས་ཡོངས་སུ་བཟུང་ན་འདི་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་དོ། །ཡུངས་འབྲུ་ཇི་སྙེད་པ་དེ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་གང་ལ་ལ་ཞིག་གིས་སྟི་སྟང་དུ་བྱས། བླ་མར་བྱས།
52.272a
རི་མོར་བྱས་ཏེ་མཆོད་པ་བྱས་གང་ཟབ་མོའི་ཆོས་ལ་བཟོད་པ་དེ་ནི་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་དོ། །ཡུངས་འབྲུ་ཇི་སྙེད་པ་དེ་སྙེད་ཀྱི་གཏན་པ་མེད་པའི་མཆོད་སྦྱིན་བྱིན་པ་བས། གང་གཞན་ཞིག་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་ཆོས་ལ་རབ་ཏུ་དགའ་ཞིང་བཟོད་པས་གོམ་པ་བདུན་བོར་ན་དེ་བས་དེ་བསོད་ནམས་ཆེས་མང་དུ་སྐྱེད་དོ། །ཡུངས་འབྲུ་དེ་དག་ཇི་སྙེད་པ་དེ་སྙེད་དུ་བརྒྱ་བྱིན་དང ། ཚངས་པ་དང ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང ། བྱང་ཆུབ་སེམས་དཔའ་སྙེད་པས་གཞན་དག་གིས་འདུས་བྱས་ཐམས་ཅད་མི་རྟག་པ་དང ། སྡུག་བསྔལ་བར་རིག་ཅིང་ཆོས་ཐམས་ཅད་ལ་བདག་མེད་པར་རིག་ལ། མྱ་ངན་ལས་འདས་པ་ཞི་བར་རིག་ནས་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་འཆད་པའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན་ཅི་ནས་ཆོས་ཀྱིས་རྣམ་གྲངས་འདི་འཛམ་བུའི་གླིང་དུ་སྤྱོད་ཅིང་རྒྱས་པར་ཡང་འགྱུར་བར་དེ་བཞིན་གཤེགས་པས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་ཏུ་གསོལ། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེའི་ཕྱིར་རྒྱལ་པོ་ཆེན་པོ་བཞི་དགུག་པའི་ཚིག་བཤད་པར་བྱ་སྟེ། དགུག་པའི་ཚིག་དེ་དག་གིས་རྒྱལ་པོ་ཆེན་པོ་བཞི་འོངས་ནས་ཆོས་ཀྱི་རྣམ་གྲངས་འདི་ཡུན་རིང་དུ་གནས་པར་བྱ་བ་དང ། རྒྱ་ཆེར་རྣམ་པར་དབྱེ་ཞིང་རབ་ཏུ་བསྟན་པའི་ཕྱིར་བརྩོན་པར་འགྱུར་རོ། །དེ་ལ་འདི་དག་ནི་དགུག་པའི་ཚིག་གོ། །འདི་ལྟ་སྟེ། དྷུ་དྷུ་རེ། དྷི་དྷི་རེ། དྷྭ་ཛ་བ་ཏི། དྷྭ་ཛ་ཨེ་ལཾ་ཀ་ར། ཨ་བ་དྭ་ནི། ཤ་མེ་ཤ་མ་བ་ཏི། ཤ་ན་ཏི་མུ་ཁེ། ནི་གྲ་ཧ་པ་ར་པ་ཀྵ། ཨ་ནོ་དྷ་ར། ཨུཏྟྭ་རི་བི་ག་མ། ས་མ་པཱ་ཐ། པཱ་ཐ་ཤུདྡྷི། པཱ་ཐ་ཨ་ནུ་ག་མ། པཱ་ཐ་སནྡྷི། པྲཛྙ་མུ་ཁེ། ཨཱརྱ་ཀུ་ལེ། བྷཱུ་ཏ་རཀྵེ
52.272b
་མེ་ས་ཙ། མེ་ནེ་ས་ཙ། ཏ་མ་ས་ཙ། ཏ་ཏ་མ་ས་ཙ། བུདྡྷ་པཱ་ད། དྷརྨ་ཨ་ནུ་སནྡྷི། ཨཱརྱ་ག་ན་མུ་ཁ་མ། ཨཱརྱ་ནིརྒྷ་ཏ་ནི། རུཤྟ་པྲ་སཱ་ད་ནི། ཨཱི་ཤཝ་ར་པ་ད་ལོ་ཀ་ཙིཏྟི་ཀྲ་ཏ། ཨ་ནུ་རཱ་ག་ཡནྟུ། ཨི་མནྡྷརྨ་སནྡྷི། བི་བྷ་ཙནྟུ་ནི་རུཀྟ། ནིརྡེ་ཤ་པྲ་ཏི་རཀྵནྟུ། དྷརྨྨ་དྷ་ར་ཎི། རིགས་ཀྱི་བུ་འདི་དག་ནི་རྒྱལ་པོ་ཆེན་པོ་བཞི་དགུག་པའི་ཚིག་གོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་འཇིགས་ཤིང་སྐྲག་སྟེ་སྤུ་ཟིང་ཞེས་བྱེད་ནས་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་ཆོས་ཀྱི་རྣམ་གྲངས་འདི་བསྲུང་བ་དང ། བསྐྱབ་པ་དང ། སྦ་བ་དང ། ཡུན་རིང་དུ་གནས་པར་བགྱི་བ་དང ། རྗེས་སུ་གཟུང་བའི་སླད་དུ་གནས་པར་བགྱིའོ། །གང་ན་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པ་དེར་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་གང་དག་ཆོས་མ་ལགས་པ་འཚལ་བར་འགྱུར་བ་དེ་དག་ཤིན་དུ་ཚར་བཅད་པར་བགྱིའོ། །གང་དག་ཆོས་འཚལ་བར་འགྱུར་བ་དེ་དག་གི་སེམས་རབ་ཏུ་དགའ་བར་བགྱིའོ། །ཆོས་སྨྲ་བ་དེའི་འཁོར་གྱི་དཀྱིལ་འཁོར་ཡང་ཡོངས་སུ་ལེགས་པར་གཞག་པར་བགྱིའོ། །ཚིག་གི་མཚམས་སུ་ཚིག་གི་མཚམས་སྦྱོར་བར་བགྱིའོ། །སྤོབས་པ་ཡང་སྩལ་བར་བགྱིའོ། །དྲན་པ་དང ། བློ་གྲོས་དང ། རྟོགས་པ་དང ། དགའ་བ་ཡང་འཕེལ་བར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་དེ་བཞི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གྲོགས་པོ་དག་འདི་ལྟ་སྟེ། ཁྱེད་ནི་ངའི་བུ་ཆོས་ལས་སྐྱེས་པ་ཆོས་ཀྱིས་བྱུང་བ་སྟེ། ཁྱེད་རྣམས་ངའི་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་སྤྲོ་བ་སྟོན་པ་ནི་ལེགས་སོ་ལེགས་སོ། །ཁྱེད་རྣམས་ཆོས་ཀྱི་རྒྱུ་འཐུན་པ་འདིས་འཇིག་རྟེན་དུ་འཇིག་རྟེན་གྱི་བདག་པོར་འགྱུར་ཏེ། འཇིག་རྟེན་ཐམས་ཅད་ལས་ཡང་དག་པར་འདས་ནས་འཕགས་པའི་མྱ་ངན་ལས
52.273a
འདའ་བའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ལྷའི་དབང་པོ་བརྒྱ་བྱིན་དགུག་པའི་ཚིག་བཤད་པར་བྱ་སྟེ། རིག་པའི་གསང་སྔགས་ཀྱི་ཚིག་དེ་དག་གིས་ལྷའི་དབང་པོ་བརྒྱ་བྱིན་ཆོས་ཀྱི་རྣམ་གྲངས་འདི་བསྲུང་བ་དང ། ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་གནས་པར་འགྱུར་རོ། །དེ་ལ་ཚིག་ནི་འདི་རྣམས་སོ། །འདི་ལྟ་སྟེ། ཤུ་བྷེ། ཤུ་བྷ་མ་ཏི། ཤུ་བྷ་བྱཱུ་ཧེ། དུ་ད་རེ། ད་རི་ད་དུ་ར་ནི། ད་མེ་ཤ་མེ། ཨུ་པ་ཤ་མེ། ཁུ་བེ། ཨུ་ག་ཤ་མེ། ཁ་བེ། ཨུ་ག་ཁ་ར། ཨ་སོ་མུ་ཁེ། ་དྷཱ་ར་ཎི། ཨ་རདྡི། ཤུ་ཤྲུ་ཥེ། ས་ཧི་ཏེ། ཨ་བྷཱ་བ་བ་སནྡྷེ་སཽ་མེ་ས་མ་བ་ཏེ་ས་མ་རསྨི། ཨ་ཤེ། ཧུ་ཧུ། ཧེ་ཧེ། ཁུ་རུ་ཁུ་རེ། ཨ་ན་ཏི་ཀྲ་མེ། དེ་བརླཀྵ་ས་ཧེ་ཧེ་མ་ཧཱ་བྷ་བ་བྷ་ས་པྲ་མེ། ཨཱ་གཙྪ་དུ་ཤ་ཀྲོ་དེ་བ་ནཱ་མནྟྲ། ད་ཤ་ཤ་ཏ་ན་ཡ་ན། བར་མ་ཀུ་ཏ་དྷ་ར། ཨི་ཤཝ་ར་ཨུ་མ་རུཏྤ་བྷ་ན་ནི་བ་སི། རིགས་ཀྱི་བུ་འདི་དག་ནི་ལྷའི་དབང་པོ་བརྒྱ་བྱིན་དགུག་པའི་ཚིག་སྟེ། དགུག་པའི་ཚིག་གང་གིས་ལྷའི་དབང་པོ་བརྒྱ་བྱིན་བཀུག་ནས་ཆོས་ཀྱི་རྣམ་གྲངས་འདི་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་གནས་པར་བྱའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཆོས་ཀྱི་ཤུགས་ཀྱིས་དགའ་བ་སྐྱེས་ནས། སུམ་བཅུ་རྩ་གསུམ་གནས་ཀྱི་ཁང་པ། ཐམས་ཅད་རབ་ཏུ་གཡོས་པར་བྱས་ཏེ། གཡོག་ལྷ་བརྒྱ་སྟོང་མང་པོ་དང ། བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་ལྷའི་དབང་པོ་བརྒྱ་བྱིན་ཏེ། སུམ་བཅུ་རྩ་གསུམ་པའི་ལྷ་ལ་དབང་བགྱིད་དེ། གཡོག་ལྷའི་ཚོགས་དང ། ཆོས་ཀྱི་རྣམ་གྲངས་འདི་འཛམ་བུའི་གླིང་དུ་རྒྱས་པར་བགྱི་བའི་སླད་དུ་ནན་ཏན་དུ་བགྱིའོ། །ཆོས་སྨྲ་བ་དེ་དག་དང་མདོ་སྡེ་འདི་འཆང་བ་དེ་དག་ལ་ཇི་ལྟར་མི་གནོད་པ་དང ། དགའ་བ་དང ། མཆོག་ཏུ་དགའ་བ་དང །
52.273b
མོས་པ་རྙེད་ཅིང་ཆོས་ཀྱི་རྒྱན་གྱིས་བརྒྱན་ཏེ། ཆོས་ཀྱི་རྣམ་གྲངས་འདི་གྲོང་ཁྱེར་དང ། གྲོང་རྡལ་དང ། ཡུལ་འཁོར་དང ། རྒྱལ་པོའི་ཕོ་བྲང་དུ་ཞུགས་ནས་རབ་ཏུ་འཆད་པར་འགྱུར་བ་དེ་ལྟར་ཆོས་ཀྱིས་བསྲུང་བ་དང་བསྐྱབ་པ་དང ། སྦ་བར་བགྱིའོ། །བཅོམ་ལྡན་འདས་བདག་ཅག་ཆོས་མཉན་པའི་སླད་དུ་ཆོས་སྨྲ་བ་དེ་དག་གི་གན་དུ་མཆི་བར་བགྱིའོ། །ཁྲོ་ཞིང་གཤེ་ཡང་དང་དུ་བླང་བར་བགྱིའོ། །བདུད་བར་ཆད་བགྱིད་པའི་གནོད་པ་ཐམས་ཅད་ལས་ཀྱང་བསྲུང་བ་དང ། བསྐྱབ་པ་དང ། སྦ་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་ཇི་ལྟ་བུར་ཁྱོད་ལྷའི་དབང་པོ་ཐོབ་པས་ཆོས་ཀྱི་དབང་པོར་ཞུགས་ནས། ང་དང་སངས་རྒྱས་ཐམས་ཅད་ཀྱི་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་སེང་གེའི་སྒྲ་སྒྲོགས་པ་ལེགས་སོ་ལེགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་བཞིན་གཤེགས་པ་གཅིག་གི་དམ་པའི་ཆོས་ཡོངས་སུ་བཟུང་ན་འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་བཟུང་བ་ཡིན་ནོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་བཀའ་སྩལ་པ། དེ་ལ་རིགས་ཀྱི་བུ་མི་མཇེད་ཀྱི་བདག་པོ་ཚངས་པ་དགུག་པའི་ཚིག་བཤད་ཀྱིས། །དགུག་པའི་ཚིག་གང་དག་གིས་མི་མཇེད་ཀྱི་བདག་པོ་ཚངས་པ་ཆེན་པོ་ཆོས་ཀྱི་རྣམ་གྲངས་འདི་བསྲུང་བའི་ཕྱིར་གནས་པར་འགྱུར་བ་ཉོན་ཅིག་།དེ་ལ་དགུག་པའི་ཚིག་ནི་འདི་རྣམས་སོ། །འདི་ལྟ་སྟེ། མཻ་ཏྲེ། ཤུ་བྷ་མཻ་ཏྲེ། དྷརྨ་མཻ་ཏྲེ། མཻ་ཏྲྱ། ནུ་ས་ཧི་ཏེ་ས་མཻ་ཏྲེ། སནྡྷི་མཻ་ཏྲེ། ཨ་ནུ་ག་མ་མཻ་ཏྲེ། ཨ་ནུ་ག་ཀྵ་མཻ་ཏྲེ། ཨ་ནུཏྟྭ་ར་མཻ་ཏྲེ། ས་ཏྲ་མཻ་ཏྲེ། དྷརྨ་མཻ་ཏྲེ། ཨ་ནུ་གྲ་ཧ་མཻ་ཏྲེ། ཨ་པྲ་ཏི་སཱ་རི་མཻ་ཏྲེ། ཨུ་ལ་ལོ་ཀ་ན་མཻ་ཏྲེ། བི་ལོ་ཀ་ན་མཻ་ཏྲེ། བི་ལོ་ཀ་ན་མཻ་ཏྲེ། བེ་བྷྱཿ ་ནུ་ག་མ་ན་མཻ་ཏྲེ། བུདྡྷ་ཨ་དྷི་ཥྛཱ་ན་མཻ་ཏྲེ། ཨ་ནུ་རཱ་ག་ཀྵ་མཻ་ཏྲེ། ཨ་ནུ་རཱ་ག་ཁ་ཤ་མཻ་ཏྲེ། དྷརྨ་པྲ་ཏི་སཱ་ར་ཎ་མཻ་ཏྲེ། མོ་ཁ་ཤ་མཻ་ཏྲེ། ཨོ་ནོ་ཨོ་ནོ་ནུ་རོཾ་དྷེ། བི་རོ་དྷ་མཻ་ཏྲེ། ཨོ་ཏོ་མོ་མཻ་ཏྲེ། བྲཧྨ་བ་ཐ་མཻ་ཏྲེ། དྷྱ་ན་ཨ
52.274a
ལངྐ་ར་མཻ་ཏྲེ། ཏ་སྱ་ཨ་ནུ་སནྡྷི་ཀཱ་རུ་ཎ་མཻ་ཏྲེ། ཏ་སྱ་ཨ་ནུ་སནྡྷི་མུ་ཏི་ཏ་མཻ་ཏྲེ། ཏ་སྱ་ས་ནུ་སནྡྷི། ཨུ་པེ་ཀྵ་མཻ་ཏྲེ། བྲཧྨ་བ་ཐ་ཨ་ནུ་ག་མ་ན་མཻ་ཏྲེ། ཙིཏྟ་ཨཱུ་ཙྩི་ལ་ལྱ་མཻ་ཏྲེ། ཨ་ནུ་སཱ་ར་ཎ་མཻ་ཏྲེ། ནི་སྟི་ར་ཎ་མཻ་ཏྲེ། སརྦ་ཏ་ཨ་ནུ་ག་ན་མ་ན་མཻ་ཏྲེ། ཨཱ་གཙྪ་ཏུ་བྲཧྨ། ཨུད་པྲི་ཛྱ ། དཱ་ན་སུ་ཁེ་ན། ་བྱུཏྟིཥྛ་སཝ་མ་དྷེ། ནི་ཏྲ་མ་མ་ཧཱ་བི་མ་དང ། བྱ་བ་ལོ་ཀཱ་ཡ། ཛམྦུ་དྭཱི་པ་ན་ཀུ་རུ་ཥཱ་དྷརྨྨ་ར་ཀྵཱ་ན། མཱ་ཏི་ཀྲ་མ་བུདྡྷ་དྷི་ཥྛ་ནཱོཾ། ནམ་མཁའ་མཛོད་འདི་དག་ནི་མི་མཇེད་ཀྱི་བདག་པོ་ཚངས་པ་དགུག་པའི་ཚིག་གོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པའི་འཇིག་རྟེན་ན་འདུག་པ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་རིག་པའི་གསང་སྔགས་བྱམས་པའི་ཚིག་འདི་དག་སངས་རྒྱས་ཀྱི་མཐུས་ལྷའི་རྣ་བའི་ཁམས་ཀྱིས་ཐོས་ཏེ། ཐོས་ནས་ཀྱང་ཚངས་པ་བརྒྱ་སྟོང་ཕྲག་དྲུག་བཅུ་རྩ་བརྒྱད་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་ཀྱིས་བྱིན་གྱིས་རླབས་པས་བདག་བྱམས་པ་དང་སྙིང་རྗེར་ལྡན་ཏེ་ཆོས་ཀྱི་རྣམ་གྲངས་འདི་བསྲུང་བའི་སླད་དུ་ནན་ཏན་དུ་བགྱིའོ། །གང་ཆོས་སྨྲ་བ་དེ་དག་འདི་ལྟ་བུའི་སངས་རྒྱས་ཀྱི་ཆོས་སྡུད་ཅིང་མདོ་སྡེ་འདི་འཛིན་པ་དང ། འཆང་བ་དང ། ཀློག་པ་དང ། ་འཆད་པ་དང ། ཐ་ན་གླེགས་བམ་ལ་བྲིས་ཏེ་འཆང་བ་དེ་དག་དགོན་པར་མཆིས་སམ། ལམ་གོལ་བར་མཆིས་སམ། གྲོང་དང ། གྲོང་ཁྱེར་རམ། གྲོང་རྡལ་དུ་མཆིས་སམ། ཡུལ་འཁོར་རམ། རྒྱལ་པོའི་ཕོ་བྲང་འཁོར་དུ་མཆིས་ཀྱང་རུང ། ཆོས་ཀྱི་གཏམ་བགྱིད་ཀྱང་རུང་སྟེ། ཆོས་ཀྱི་རྣམ་གྲངས་འདི་རྒྱ་ཆེར་འཆད་ན་བསམ་པར་བགྱིའོ། །བསྲུང་བ་དང ། བསྐྱབ་པ་དང ། སྦ་བར་བགྱིའོ། །དེ་དག་ལ་སྤྲོ་བ་སྩལ་བར་བགྱིའོ། །སྟོབས་ཡོངས་སུ་རྫོགས་པར་བགྱིའོ། །དྲན་པ་བསྒྲུབ་པར་བགྱིའོ། །བློ་གྲོས་ཡོངས་སུ
52.274b
གཟུང་བར་བགྱིའོ། །རྟོགས་པའི་རྗེས་སུ་འཇུག་པར་བགྱིའོ། །སྤོབས་པ་སྩལ་བར་བགྱིའོ། །མ་དད་པ་རྣམས་དད་པར་བགྱིའོ། །དད་པ་རྣམས་བསྒྲལ་བར་བགྱིའོ། །བཅོམ་ལྡན་འདས་ཇི་ལྟར་དེ་བཞིན་གཤེགས་པའི་ཆོས་ཀྱི་ཚུལ་བདག་ཅག་གིས་ཡོངས་སུ་བཟུང་སྟེ་རྒྱ་ཆེར་འགྱུར་བ་དེ་ལྟར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལེགས་སོ་ལེགས་སོ། །ཚངས་པ་དམ་པའི་ཆོས་ཡོངས་སུ་བཟུང་བས་དེ་བཞིན་གཤེགས་པ་ཁྱོད་ལ་རྗེས་སུ་ཡི་རང་ངོ ། །ཇི་ལྟར་ངས་ད་ལྟར་བསྐོར་བ་བཞིན་དུ་ཚངས་པ་ཁྱོད་ཀྱིས་ཀྱང་རིང་པོར་མི་ཐོགས་པར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་འགྱུར་རོ། །ཇི་ལྟར་ཁྱོད་ཀྱིས་ད་ལྟར་ངའི་དམ་པའི་ཆོས་ཡོངས་སུ་བཟུང་བ་དེ་བཞིན་དུ་ཚངས་པ་གཞན་དག་ཀྱང་ཁྱོད་ཀྱི་དམ་པའི་ཆོས་འཛིན་པར་འགྱུར་རོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་ཇི་ཙམ་དུ་གཟུང་བ་དང ། བཅང་བ་དང ། བཀླག་པ་དང ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱ་བ་དང ། དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་ཞིང་བྱས་པ་ཤེས་པ་བསྐྱེད་པ་དང ། བདག་གིས་བསམ་པ་ཡོངས་སུ་རྫོགས་པར་བྱ་བ་དང ། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་རྒྱས་པ་རྣམ་པར་དག་པར་བྱ་བ་དང ། བྱང་ཆུབ་སེམས་དཔའ་རྣམས་ཆོས་སྣང་བ་ཐོབ་པར་བྱ་བ་དང ། བདུད་ཐམས་ཅད་ཚར་གཅད་པ་དང ། མུ་སྟེགས་ཐམས་ཅད་གཞོམ་པ་དང ། དོན་དམ་པའི་ཆོས་ཡོངས་སུ་གཟུང་བ་དང ། དཀོན་མཆོག་གསུམ་གྱི་རིགས་མི་ཆད་པར་བྱ་བའི་ཕྱིར་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པར་ཡང་དག་པར་བསྒྲུབས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཁྱོད་ལ་ཡོངས་སུ་གཏད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་སླད་དུ་བླ་ན་མེད་པའི་ཆོས་དཀོན་མཆོག་གི་མཛོད་འདི་བསྲུང་བར་བགྱིའོ། །
52.275a
དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ནི་བདག་དང ། འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ལགས་སོ། །བཅོམ་ལྡན་འདས་བདག་དགའ་ལྡན་གྱི་གནས་ན་མཆིས་ཏེ། འདི་ལྟ་བུའི་མདོ་སྡེ་དག་ཀུན་དུ་བསྲུང་བ་དང ། ཡོངས་སུ་གཟུང་བ་དང ། ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ་ནན་ཏན་བགྱིའོ། །བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན་འདི་ལྟ་བུའི་མདོ་སྡེ་དམ་པ་སུའི་རྣ་བར་གྲག་པར་འགྱུར་བ་དང ། ཐོས་ནས་འཛིན་པ་དང ། འཆང་བ་དང ། ཀློག་པ་དང ། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིང་བདག་ཉིད་ཀྱང་སྦྱོར་བར་བགྱིད་པ་དེ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱམས་པའི་བྱིན་གྱིས་བརླབས་སུ་རིག་པར་བགྱིའོ། །བཅོམ་ལྡན་འདས་དེའི་ཚེ་བདུད་ཀྱི་ཕྱོགས་ཀྱང་གཡོས་པར་གྱུར་ཏེ། འོན་ཀྱང་དགེ་བའི་རྩ་བ་གང་གིས་བདག་གི་སྤུའི་ཁུང་བུ་རེ་རེ་གྲུབ་པ་དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་བདུད་སྡིག་ཅན་དུ་གྱུར་ཀྱང ། དེ་དག་བདག་གི་སྤུའི་བུ་ག་གཅིག་གིས་ཡོངས་སུ་བཟུང་བའི་དགེ་བའི་རྩ་བའི་བརྒྱའི་ཆར་ཡང་ཉེ་བར་མི་མཆི་བ་ནས་དཔེའི་བར་དུ་ཡང་ཉེ་བར་མི་མཆིའོ། །བཅོམ་ལྡན་འདས་བདག་གི་བསོད་ནམས་ཀྱི་སྟོབས་དང ། ཡེ་ཤེས་ཀྱི་སྟོབས་ཀྱིས་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རབ་ཏུ་ཕམ་པར་བགྱིས་ལ། དེ་བཞིན་གཤེགས་པས་བསྐལ་པ་བྱེ་བ་གྲངས་མ་མཆིས་པར་ཡང་དག་པར་བསྒྲུབས་པའི་བྱང་ཆུབ་འདི་བསྲུང་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ལེགས་སོ་ལེགས་སོ། །བྱམས་པ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ལས་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ་བདུད་དང་ཉོན་མོངས་པ་ཐམས་ཅད་ཚར་གཅད་པ་དང ། ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་དང་འཐུན་པས་ཟིལ་གྱིས་མནན་པ་དང ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང ། དམ་པའི་ཆོས་ཡོངས་སུ་གཟུང་བ་སྟེ། བྱམས་པ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་ལས་སོ། །ལས་བཞི་པོ་དེ་དག་
52.275b
ལས་གཅིག་གིས་ཡོངས་སུ་བསྡུས་སོ། །གཅིག་པོ་གང་ཞེ་ན། འདི་ལྟ་སྟེ་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་གནས་བརྟན་འོད་སྲུང་ཆེན་པོ་དང ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། འོད་སྲུང་དང་ཀུན་དགའ་བོ་ཇི་ཙམ་དུ་གཟུང་བ་དང ། བཅང་བ་དང ། ཀླག་པ་དང ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཡོངས་སུ་གཏད་དོ། །འོད་སྲུང་ཆེན་པོས་གསོལ་པ། བཅོམ་ལྡན་འདས་བདག་གིས་མཐུ་དང ། སྟོབས་དང་ནུས་པ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་བྱང་ཆུབ་འདི་ཡོངས་སུ་གཟུང་བར་བགྱིའོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་བདག་ཅག་གིས་བཟུང་ལགས་ཏེ། དེ་བཞིན་གཤེགས་པའི་བྱིན་གྱི་བརླབས་ཀྱིས་བདག་གིས་ཡངས་ཤིང་རྒྱས་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསོད་ནམས་ཀྱིས་བརྒྱན་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་འདི་ལྟ་བུའི་མདོ་སྡེ་དེ་བཞིན་གཤེགས་པས་གསུངས་པ་ཟབ་མོ་སྣང་བས་རྒྱུན་ཆད་པ། ངེས་པའི་དོན་མཐོང་བར་དཀའ་བ། རྟོགས་པར་དཀའ་བ། དོན་དམ་པ་སྟོང་པ་ཉིད་དང་ལྡན་པ། ཚུལ་ཁྲིམས་ཀྱི་རྒྱན་གྱིས་བརྒྱན་པ། དྲན་པ་དང ། ཏིང་ངེ་འཛིན་དང ། ངེས་པར་རྟོགས་པ་དང ། ཡིད་རབ་ཏུ་དགའ་བར་བྱེད་པ། ཤེས་རབ་ཀྱི་འོད་སྣང་བར་བྱེད་པ། རྣམ་པར་གྲོལ་བ་ངེས་པར་སྟོན་པ། ཞི་བ། མ་གོས་པ། མཁས་ཤིང་རྟོགས་པ་རྣམས་ཀྱིས་རིག་པར་བྱ་བ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་པ། གཟུངས་དང་མདོ་སྡེའི་རྒྱལ་པོའི་ཕྱག་རྒྱས་བཏབ་པ། ཐོགས་པ་མེད་པའི་སྤོབས་པ་འཛིན་པ་དང ། དྲན་པ་དང་བློ་གྲོས་དང ། རྟོགས་པ་དང ། མོས་པ་རྣམ་པར་འཕེལ་བ། བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་ནོན་པ། ཚུལ་ཁྲིམས་འཆལ་བ་རྣམས་སྤ་འགོང་བ། སྦྱངས་པའི་ཡོན་ཏན་དང ། ཡོ་བྱད་བསྙུང་བ་དང ། སྡོམ་པ
52.276a
ཚར་ཕྱིན་པ་དང ། གཏོང་བའི་ཡོན་ཏན་གྱི་ཆོས་ལ་རབ་ཏུ་གནས་པ། ཡོན་ཏན་གྱི་ཆོས་མཐའ་ཡས་པ་ལས་ངེས་པར་བྱུང་བ། སངས་རྒྱས་ཐམས་ཅད་ཀྱི་ཆོས་དང་ཡེ་ཤེས་འདི་འཛིན་ཏམ། ལེན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏམ། ཡི་གེར་འདྲི་འམ། ཡི་གེར་འདྲིར་འཇུག་གམ། ཚིག་ཏུ་འདོན་ཏམ། སེམས་སམ། རྟོག་གམ། ཚུལ་བཞིན་ངེས་པར་སེམས་སམ། ནན་ཏན་ལ་གནས་པ་དེ་དག་བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱིས་བརྒྱན་པ་ལ་སླར་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཕྱོགས་བཅུ་རྒྱ་ཆེར་དཔག་ཏུ་མེད་པ་ཡི། །ཞིང་རྣམས་སངས་རྒྱས་སྤྱན་གྱིས་གང་གཟིགས་པ། །དེ་དག་ཐམས་ཅད་རིན་ཆེན་རབ་བཀང་སྟེ། །བྱང་ཆུབ་སེམས་དཔས་སྦྱིན་པ་བྱིན་པ་བས། །གང་གིས་སངས་རྒྱས་མང་པོས་བཤད་པ་ཡི། །མདོ་འདི་འདྲ་བ་རབ་བཟང་མ་གོས་པ། །འཆང་ངམ་ཀློག་གམ་གཞན་ལ་སྟོན་བྱེད་པ། །དེ་ཡི་བསོད་ནམས་དེ་ནི་ཆེས་མཆོག་གོ། །མེ་ཏོག་དྲི་ཞིམ་བྱུག་པ་གདུགས་རྣམས་དང ། །བ་དན་རྒྱལ་མཚན་ལྡ་ལྡི་གོས་རྣམས་ཀྱིས། །ཞིང་དེ་ཐམས་ཅད་ཡོངས་སུ་གང་བྱས་ནས། །བྱང་ཆུབ་སེམས་དཔས་སངས་རྒྱས་མཆོད་པ་བས། །བདེ་གཤེགས་བསྟན་པ་དམ་ཆོས་རབ་འཇིག་ཅིང ། །འགག་པའི་ཚེ་ན་གང་ཞིག་བག་ཡོད་པ། །དམ་པའི་ཆོས་ནི་ཡོངས་སུ་འཛིན་བྱེད་པ། །དེ་ཡི་བསོད་ནམས་དེ་ནི་ཆེས་མཆོག་གོ། །ཕྱོགས་བཅུ་དག་ན་རྒྱ་མཚོ་གང་ཡོད་པ། །དེ་དག་འབྲུ་མར་དྲི་ཞིམ་རབ་བཀང་སྟེ། །སྙིང་པོ་རི་རབ་ཚད་ཙམ་བྱས་ནས་སུ། །རྒྱལ་བའི་མཆོད་རྟེན་མེ་མར་བུས་པ་བས། །གང་གིས་ཆོས་སྒྲོན་འདི་ནི་རབ་འཇིག་ཚེ། །འཇིག་རྟེན་འདི་དག་མུན་པས་བསྒྲིབས་ཤེས་ནས། །རྒྱལ་བས་གསུངས་པའི་ཆོས་འདི་འཛིན་བྱེད་ན། །དེ་ཡི་བསོད་ནམས་དེ་ནི་ཆེས་མཆོག་གོ། །སངས་རྒྱས་ཀྱི་ནི་བྱང་ཆུབ་མཆོག་ཚོལ་ཞིང ། །
52.276b
ཞིང་རྣམས་བྱེ་བར་འདྲེན་པ་གང་མཐོང་བ། །དེ་དག་ལ་ནི་བསྐལ་པ་བྱེ་མང་དུ། །ལྷ་རྫས་འདུ་བྱེད་ཡིད་འོང་མཆོད་པ་བས། །གང་ཞིག་སངས་རྒྱས་བྱས་པ་གཟོ་བ་དང ། །དཀོན་མཆོག་གསུམ་ནི་རྗེས་སུ་གཟུང་བ་དང ། །ཆོས་འདི་ལ་ནི་སེམས་ཅན་གཟུད་པའི་ཕྱིར། །དམ་ཆོས་འཛིན་པ་དེ་ནི་ཆེས་མཆོག་གོ། །ཇི་ལྟར་མགོན་པོ་རྣམས་ཀྱི་ཆོས་འཛིན་ལྟར། །སེམས་ཅན་གང་ངས་སངས་རྒྱས་སྤྱན་གྱིས་གཟིགས། །དེ་དག་གང་གིས་བརྒྱ་བྱིན་ཚངས་པར་བཀོད། །དེ་ཡི་བསོད་ནམས་དེ་སྙེད་མི་འཕེལ་ལོ། །སེམས་ཅན་དེ་ཀུན་དགྲ་བཅོམ་བཀོད་པ་དང ། །རང་རྒྱལ་ཐེག་པར་རབ་ཏུ་བཀོད་པ་བས། །གང་ཞིག་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །དམ་ཆོས་འཛིན་པ་དེ་ནི་ཁྱད་པར་འཕགས། །གལ་ཏེ་བསོད་ནམས་དེ་ལ་གཟུགས་ཡོད་ན། །ཕྱོགས་བཅུའི་ཞིང་རྣམས་ཐམས་ཅད་གང་བར་འགྱུར། །སྐྱེས་བུ་ཁྱུ་མཆོག་ཡེ་ཤེས་མ་གཏོགས་པར། །བསོད་ནམས་དེ་ཡི་སྣོད་ནི་ཡོད་མ་ཡིན། །ཇི་ལྟར་བསྐལ་པ་བྱེ་བ་སྟོང་བརྗོད་ཀྱང ། །སངས་རྒྱས་ཡེ་ཤེས་མཐའ་ཡོད་མ་ཡིན་ལྟར། །དེ་བཞིན་གཤེགས་ཀྱི་དམ་ཆོས་འཛིན་པ་ཡི། །བསོད་ནམས་དེ་ཡང་ཚད་ཡོད་མ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱིས་བརྒྱན་པས་བཅོམ་ལྡན་འདས་ལས་དམ་པའི་ཆོས་ཡོངས་སུ་འཛིན་པའི་བསོད་ནམས་བཤད་པ་འདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ནས། དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་ལ་བརྩོན་པར་མི་བགྱིད་པ་དེ་དག་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ་ལགས་སོ། །བཅོམ་ལྡན་འདས་གང་དག་དམ་པའི་ཆོས་ཡོངས་སུ་འཛིན་པ་དང་བྲལ་བའི་དགེ་བའི་རྩ་བ་གཞན་ཐམས་ཅད་ནི་བདག་ལ་ཡུངས་འབྲུ་ཙམ་དུ་གདའོ། །དམ་པའི་ཆོས་ཡོངས་སུ་འཛིན་པའི་དགེ་བའི་རྩ་བ་ནི་ཕྱོགས་བཅུའི་ནམ་མཁའི་ཁམས་ཇི་ལྟ་བ་བཞིན་དུ་བདག་འདུ་ཤེས་གནས་པར་གྱུར་ཏོ། །བཅོམ་ལྡན་འདས་འདི་ལྟར་བདག་སེམས་ཅན་ཐམས་ཅད་ལ་བདེ་བར་འཚལ་བའི་སླད་དུ་ལུས་དང་སྲོག
52.277a
ཀྱང་བོར་ཏེ། བདེ་བ་ཐམས་ཅད་མི་འཚལ་བར་དམ་པའི་ཆོས་ཡོངས་སུ་བཟུང་བའི་སླད་དུ་གོ་ཆ་བགོ་བར་བགྱིའོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་བསོད་ནམས་ཀྱི་རྣམ་པར་སྨིན་པའི་རྒྱུ་འཐུན་པས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་དང་བློ་མཉམ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པ་བྱ་བའི་ཕྱིར་ནམ་མཁའི་དཀྱིལ་ནས་མེ་ཏོག་གི་ཆར་མངོན་པར་རབ་ཏུ་ཕབ་པོ། །བར་སྣང་ལས་ཀྱང་སྒྲ་འདི་སྐད་ཅེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་ཀྱིས་འདུས་པ་ཆེན་པོའི་ལེའུ་འདི་བརྒྱན་ཏེ་ཡོངས་སུ་གཟུང་བའི་བར་དུ་སངས་རྒྱས་ཀྱི་བྱ་བ་བྱས་སོ། །བྱང་ཆུབ་ཀྱི་སེམས་དང་མ་བྲལ་བའི་སེམས་ཅན་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་འགྱུར་བ་དེ་དག་ཀྱང་དེ་བཞིན་དུ་དམ་པའི་ཆོས་རྒྱན་པར་བྱེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་སྐུ་ལས་འདི་ལྟ་བུའི་འོད་རབ་ཏུ་བཏང་བས་འོད་དེས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་གང་བར་གྱུར་ཏོ། །ཆོས་ཀྱི་རྣམ་གྲངས་འདིའི་ཐོག་མ་དང ། ཐ་མ་བཤད་པ་ན་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་ནི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ནི་བཟོད་པ་ཐོབ་པར་གྱུར་ཏོ། །སེམས་ཅན་ལ་ལ་དག་ནི་སེམས་རྣམ་པར་གྲོལ་ལོ། །ལ་ལ་དག་ནི་ཆོས་ཀྱི་མིག་རྣམ་པར་དག་གོ། །ལ་ལ་དག་ནི་འདོད་ཆགས་དང་བྲལ་བ་རྙེད་དོ། །ལ་ལ་དག་ནི་ལྷ་དང་མིའི་ཕུན་སུམ་ཚོགས་པ་ཡོངས་སུ་བཟུང་བར་གྱུར་ཏེ། སངས་རྒྱས་གཞན་དག་ལ་ཡང་བལྟ་བའི་ཕྱིར་རྒྱུ་བསགས་པར་ཡང་གྱུར་ཏོ། །དེ་དག་ཐམས་ཅད་ལ་ཡང་བཅོམ་ལྡན་འདས་རྗེས་སུ་ཐུགས་རང་ངོ ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་མཛོད་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང ། བྱང་ཆུབ་སེམས་དཔའ་ལྟད་མོ་ཅན་དང ། བྱང་ཆུབ་སེམས་དཔའ་ལག་ན་རིན་པོ་ཆེ་དང ། བྱང་ཆུབ་སེམས་དཔའ་རིན་ཆེན་དཔལ་དང ། བྱང་ཆུབ་སེམས་དཔའ་ཡོན་ཏན
52.277b
རྒྱལ་པོའི་འོད་དང ། བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱིས་བརྒྱན་པ་དང ། བྱང་ཆུབ་སེམས་དཔའ་ངན་སོང་སྤོང་བ་དང ། བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་པོ་དང ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང ། ཚེ་དང་ལྡན་པ་ཀུན་དགའ་བོ་དང ། མི་མཇེད་ཀྱི་བདག་པོ་ཚངས་པ་དང ། ལྷའི་དབང་པོ་བརྒྱ་བྱིན་དང ། རྒྱལ་པོ་ཆེན་པོ་བཞི་དང ། དགེ་སློང་དེ་དག་དང ། བྱང་ཆུབ་སེམས་དཔའ་དེ་དག་དང ། ་ཐམས་ཅད་དང་ལྡན་པའི་འཁོར་དེ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འདུས་པ་ཆེན་པོའི་ལེའུ་ལས་འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྫོགས་སོ།། ་་་་།། རྒྱ་གར་གྱི་མཁན་པོ་པི་ཙ་ཡ་ཤཱི་ལ་དང ། ཤཱི་ལེན་དྲ་བོ་དྷི་དང ། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། ཡང་ཞུས་བྱུང ། ནྡྲ།། བནྡེ། སྐར་མས་ཞུས་དག་བགྱིས། བསྒྱུར་དགོས་པ་བསྒྱུར་ཞིང་ད་མི་བཅོའོ། །