rKTs


D119

(e-text produced by ADARSHA)




52-1-1b
༄##། །འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་ བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྩཝ་མཆོག་གི་གྲོང་ཁྱེར་སྐྱེས་བུ་སྟོབས་པོ་ཆེ་འབྱུང་བའི་གནས་ཀླུང་ཧ་རི་ལ་བ་ཏིའི་འགྲམ་ཤིང་སཱ་ལ་དྲུང་གཉིས་ཀྱི་བར་ན། དགེ་ སློང་ཆེན་པོའི་དགེ་འདུན་བརྒྱ་སྟོང་ཕྲག་བརྒྱད་ཅུ་སྙེད་ཀྱིས་ཡོངས་སུ་བསྐོར་ནས། མདུན་དུ་བདར་ཏེ་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་དཔྱིད་ཟླ་འབྲིང་པོའི་ཚེས་ བཅཝ་ལྔའི་ཉིན་པར་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་སུ་ཉེ་བ་ན། བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་གསུང་ཆེན་པོས་སྲིད་པའི་རྩེ་མོའི་བར་དུ་ཀུན་ཏུ་ཁྱབ་པར་སེམས་ཅན་ཐམས་ ཅད་ལ་སོ་སོའི་སྐད་དུ་གསུང་འདི་སྐད་ཅེས་གྲགས་པར་གྱུར་ཏོ། །དེང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐྱེ་བོ་མང་པོ་རྣམས་ལ་ཐུགས་བརྩེ་བ།