rKTs


D608

(e-text produced by ADARSHA)

see text in transliteration
91-1-40b
༄#། །རྒྱ་གར་སྐད་དུ། ཨཱརྱ་སརྦ་ཨནྟ་རཱ་ཡི་ཀ་བི་ཤོ་དྷ་ནི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་
91-1-41a
ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་ཤར་ཕྱོགས་བྲམ་ཟེའི་གྲོང་ཤིང་ཨ་མྲའི་གནས་ཞེས་བྱ་བ་དེའི་བྱང་ཕྱོགས་ན་ལུས་འཕགས་རི་ལ་དབང་པོའི་བྲག་ཕུག་ན་བཞུགས་སོ། །དེ་ནས་ལྷའི་ དབང་པོ་བརྒྱ་བྱིན་ལ་འཆི་འཕོའི་ཆོས་སུ་གྱུར་ཏེ། ཚེའི་འདུ་བྱེད་ཀྱི་ལྷག་མ་ལུས་པའི་སྔ་ལྟས་ཁོང་དུ་ཆུད་ནས་སྐྲག་པ་སྐྱེས་ཏེ། བཙུན་མོའི་འཁོར་དང ། གཡོག་དང་བཅས་པར་བཅོམ་ལྡན་འདས་ཀྱི་གན་དུ་སོང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་ འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་སྟེ། ཡང་དེའི་ཚེ་དོན་དུ་གཉེར་བ་དང ། བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། ཀཽ་ཤི་ཀ་དེའི་ཕྱིར་ཁྱོད་ཀྱི་རིག་པའི་གསང་སྔགས་ཀྱི་གཞི་གང་དག་གིས་བདུད་ཐམས་ཅད་དང ། ཕྱིར་རྒོལ་བ་ཐམས་ཅད་ དང ། ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཚར་བཅད་པར་འགྱུར་བ། བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིག་པའི་གསང་སྔགས་ཀྱི་གཞི་འདི་རྣམས་ཉོན་ཅིག་།ཏདྱ་ཐཱ། ཨ་བྷ་ཡེ། བྷ་ཡ་བི་ག་ཏེ། བྷ་ཡ་པ་རི་ཤོ་དྷ་ནེ། ཨ་བྷ་ཡེ། ཨ་བྷ་ཡཾ་ད་དེ། ནི་རུ་ པ་ཀླིཥྚི། ཨ་ནཱ་ཀུ་ལེ། ཨ་ཀུ་ལ་པ་རི་ཤོ་དྷ་ནེ། ཨ་གཝ་ཏེ་ཨ་བི་ཀལྤེ། ཨ་བི་ཀལྤ་ནེ། ཨ་ཙྱུ་ཏེ། ཤུབྷེ་ཤུབྷེ། ཏེ་ཛ་སྟེ་ཛོ་བ་ཏི། ཤ་མེ་ཨུ་པ་ཤ་མེ། མ་ཧོ་པ་ཤ་མེ། མཻ་ཏྲི་མཻ་ཏྲྱུད་དྷི་ཏེ། ཏོ་ཥེ། ཏོ་ཥ་ཡ་ཎེ་སཏྱེ། ས་ཏྱ་དར་ཤི། ཨ་བི་རུད་དྷེ། ས་ཧི་ཏེ། ས་ཧི་ཏ་ཏྭེ། ཨརྠི་ རྠ་སིད་དྷི། ཨ་མྲྀ་ཏེ། ཨ་མྲྀ་ཏ་བ་ཏི། ཨ་བྷཱི་ཏེ། བཛྲ་ས་ཏྱེ། ཨ་ཀྵ་ཡེ། ཨཀྵ་ཡ་པྲ་བྷེ། དྲན་ཏྲ་བ་རེ། ཤུདྡྷེ་ཤུདྡྷེ་པྲ་བྷེ། ཨ་བ་བྷཱ་སེ། ཨ་བ་བྷཱ་ས་བ་ཏི། ཨུ་པ་ཡོ་གེ་། ནུཏྟ་རེ། ས་མ་ཙིཏྟ། བུད་དྷ་ཨ་དྷིཥྛཱ་ནེ། ཤཱི་ལེ་བི་ཤོ་དྷ་ནེ། ། སཾ་ཧཱ་རྱེ། སུ་ནི་གྲྀ་ཧཱི་ཏཾ་མ་ར་བ་ ལཱ་ནཱཾ། བ་ར་ཛ་ཡོ་དྲྀཥྚཱ་ག་ཏྲཱ་ཎཱཾ། ཛྭ་ལ་ནཾ་དྷརྨོལྐཱ་ཡཻ། ཨུད་གྷ་ཊཱ་ནཱཾ། དྷརྨ་ནི་དྷ་ན་སྱ། སཾ་གྲ་ཧཱ་ཎཱཾ། དྷརྨ་ཀོ་ཥ་སྱ། ཀཽ་ཤི་ཀ་ཁྱོད་ཀྱིས་རིག་པའི་གསང་སྔགས་གཞི་དག་ནི་ཁྱོད་ཀྱི་རིག་པའི་གསང་སྔགས་གཞི་གང་དག་གིས་བདུད་ཐམས་ཅད་དང ། ཕྱིར་རྒོལ་བ་ཐམས་ཅད་
91-1-41b
དང ། ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཚར་བཅད་པར་འགྱུར་བ་དག་གོ། །འདི་བཟླས་བརྗོད་བྱས་ན་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པར་བར་དུ་གཅོད་པ་ཐམས་ཅད་རྣམ་པར་དག་པར་འགྱུར། དོན་ཐམས་ཅད་ཀྱང་གྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་ བཀའ་སྩལ་པ་དང ། ལྷའི་དབང་པོ་བརྒྱ་བྱིན་ཡི་རངས་ཏེ། དེའི་ཚེ་འདི་སྐད་དུ། ཁོ་བོ་ལྷ་ལས་མ་གྱུར་ལ། །འདི་ཉིད་ན་ནི་འདུག་བཞིན་དུ། །ཁོ་བོས་ཚེ་ཡང་ཐོབ་ཟིན་གྱིས། །གྲོགས་དག་དེ་ལྟར་ཤེས་པར་གྱིས། །ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །འདིའི་མཐུ་ ཐམས་ཅད་ཀྱིས་བདག་གི་བར་དུ་གཅོད་པ་དང ། བགེགས་དང ། ལོག་འདྲེན་ཐམས་ཅད་ནི་མེད་པར་གྱུར་ཅིག་།ཕུན་སུམ་ཚོགས་པ་ཐམས་ཅད་ནི་གྲུབ་པར་གྱུར་ཅིག་།ན་མོ་ཨ་ཀེ་ཏུ་ལེ་ན་གེ་ཙཎྜ་ན་ཡེ་སཝཱ་ཧཱ། སརྦ་ཨརྠ་སཱ་དྷ་ན་ཡེ་སཝཱ་ཧཱ། དྷརྨརྠ་སཱ་དྷ་ན་ཡེ་སཝཱ་ཧཱ། སརྦ་ཨནྟ་ རཱ་ཡི་བི་ཤོ་དྷ་ན་ཡེ་སཝཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་བཙུན་མོའི་འཁོར་དང་བཅས་ཤིང་འཁོར་དང་བཅས་པ་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་ པར་བསྟོད་དོ། །འཕགས་པ་བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང་ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། ་་