rKTs


H675

(e-text produced by ACIP)

see text in transliteration
48b
རྒྱ་གར་སྐད་དུ། ཨཱརྱ་བ་ལོ་ཀི་ཤཝ་ར་མཱ་ཏེ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར་ཡངས་པ་ཅན་ན་འཁོར་ཆེན་པོས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་བཞུགས་ཏེ། ཉན་ཐོས་ཆེན་པོ་ཤཱ་རིའི་བུ་ལ་སོགས་པ་དགེ་སློང་ལྔ་བརྒྱ་དང ། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་
49a
༄#། །ཆེན་པོ་རབ་ཏུ་མང་པོས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སོ། །འཁོར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཞེས་བྱ་བ་འདུས་ཏེ་འདུག་པར་གྱུར་པ་དེ་རང་གི་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སྤྱན་རས་གཟིགས་དབང་ཕྱུག་གི་མ་ཞེས་བགྱི་བའི་གཟུངས་ཀྱི་རིག་སྔགས་ཆེན་མོ་གསང་སྔགས་ཀྱི་གཞི་འདི་འདས་པ་དང ། མ་བྱོན་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་ཤིང ། ད་ལྟར་གསུངས་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་ཏེ་བྱང་ཆུབ་ཡོངས་སུ་ཚོལ་བ་ན་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བ་དང ། དོན་དང ། བྱང་ཆུབ་སེམས་དཔའི་དོན་གྱི་བར་གྱི་ཕྱིར་སྔོན་གསུངས་པ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རྣམས་ཀྱི་ཕར་གྱུར་པ། མར་གྱུར་པ།
49b
སྐྱབས་མ་མཆིས་པ་རྣམས་ཀྱི་སྐྱབས་དང ། དཔུང་གཉེན་མ་མཆིས་པ་རྣམས་ཀྱི་དཔུང་གཉེན་དང ། མགོན་མ་མཆིས་པ་རྣམས་ཀྱི་མགོན་དུ་གྱུར་པ། སྡིག་པ་ཐམས་ཅད་ཟད་པར་བགྱིད་པ་མཆིས་ཏེ། གཟུངས་དེ་ཐོས་མ་ཐག་ཏུ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར། རིག་སྔགས་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ང་སྔོན་བྱང་ཆུབ་སེམས་དཔར་གྱུར་ཏེ་བྱང་ཆུབ་ཡོངས་སུ་ཚོལ་བ་ན་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་ན་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཞེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཅེས་བྱ་བ་ད་ལྟར་ཡང་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །འཁོར་དེ་ཉིད་ན་བྲམ་ཟེ་དབང་ཕྱུག་འོད་ཅེས་བྱ་བ། བྱང་ཆུབ་སེམས་དཔའི་ས་གསུམ་པ་ཐོབ་པར་གྱུར་པ་ཞིག་འདུག་པ་དེས་སྤྱན་རས་གཟིགས་དབང་ཕྱུག་གི་མ་ཞེས་བྱ་བའི་གཟུངས། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་འདི་བྲམ་ཟེ་བརྒྱ་སྟོང་མང་པོ་དང ། སེམས་ཅན་བྱེ་བ་ཁྲག་ཁྲིག་དུ་མ་ལས་
50a
༄#། །བསྒྲགས། བཤད། བསྟན་ཏེ། དེ་དག་ཐམས་ཅད་ཀྱིས་གཟུངས་འདི་ཐོས་མ་ཐག་ཏུ་སྡིག་པ་ལྟུང་བར་བྱེད་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་དང ། སྐྱེ་བ་དྲན་པར་གྱུར་པ་ངས་དྲན་ནོ། །བྱང་ཆུབ་སེམས་དཔའ་ཆེན་པོ། དེ་སྨྲོས་ཤིག་།ཕྱི་མའི་དུས་ན་འཇིག་རྟེན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་དུ་སེམས་ཅན་སྡིག་པར་བྱེད་པ། མཚམས་མེད་པ་བྱེད་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མའི་སྡིག་པ་ཟད་པར་འགྱུར་རོ། །ཕན་པ་དང་བདེ་བར་འགྱུར། མགོན་མེད་པ་རྣམས་ཀྱི་མགོན་དུ་འགྱུར་རོ། །ངས་ཀྱང་གནང་ཞིང་རྗེས་སུ་ཡི་རང་ངོ ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་སྤྱན་རས་གཟིགས་དབང་ཕྱུག་གི་མ་ཞེས་བྱ་བའི་གཟུངས་ཀྱི་རིག་སྔགས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་སྨྲས་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དེ་དག་ལ་ཕྱག་
50b
འཚལ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས་རིག་སྔགས་ཆེན་མོའི་གསང་སྔགས་ཀྱི་གཞི་འདི་དག་བརྗོད་བར་བྱའོ། །བདག་ལ་རིག་སྔགས་འདི་གྲུབ་པར་གྱུར་ཅིག་།ཏདྱ་ཐཱ། ཨི་ལི་མི་ལི། ཙི་ལི་མི་ལི། ཀུན་ཏུ་ལེ་ཀུན་ཏུ་ལེ། ཀུན་ཏུ་ལེ་སི་རེ། སི་སི་རེ། བི་སི་རེ། བི་ར་ཡ། གཽ་རི། གནྡྷ་རི། ཌ་མི་ཌེ། མ་ཏཾ་གི་།པུཀྐ་སི། ཀཥྚཱ་ཡ། མཱ་ལ་ཙཎྜཱ་ལི། ཧུ་ཏུ་མཱ་ལི་ནི། ཧཱུཾ་དྷུ་དྷུ་མཱ་ལི་ནི། ཙི་ལི་མི་ལི། གྲྀཧྞ་སཽ་མ་དཪྵ་ནི། ཀུ་རུ་ཙཎྜ་མུ་ཁེ། ལ་གྷུ་མཱ་ན་ཡཾ་ཏེ། ཨཱརྱ་དཀྵི་ཎ་བྷུ་ཛེ། སརྦ་བིདྱཱ་ནཱ་མ། པྲ་སཱ་དྷ་ནེ། སརྦ་བིདྱཱ་ནཱ་མ། ཨཱི་ཤཝ་རི་སཝཱཧཱ། བཀླགས་པས་གྲུབ་པའི་གཟུངས་འདིའི་ཆོ་ག་ནི། འདི་ཡིན་ཏེ།་ཐོས་མ་ཐག་ཏུ་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་པར་འགྱུར་རོ། །འཇིགས་པ་ཐམས་ཅད་ལས་སྲུང་ངོ ། །དུས་གསུམ་དུ་བཟླས་པ་བྱས་ན། ཞག་བདུན་གྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་མཐོང་བར་འགྱུར་རོ། །གཞན་དུ་མི་སེམས་པའི་ཡིད་ཀྱིས་བཟླས་པ་བྱས་ན། ཟླ་བ་གཅིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མ། རིག་པ་ཆེན་མོ་བདག་ཉིད་སྟོན་ཏེ། འཕགས་པ་འོད་དཔག་མེད་ཀྱང་མཐོང་ངོ ། །བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་
51a
༄#། །རོ། །སྐྱེ་བ་དྲན་པ་དང ། ཐོས་པ་འཛིན་པར་ཡང་འགྱུར་རོ། །གང་དང་གང་དུ་སྐྱེས་པ་དེ་དང་དེར་དམ་པའི་ཆོས་དང་མི་འབྲལ་བར་འགྱུར་རོ། །ལོངས་སྤྱོད་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང ། བྱང་ཆུབ་སེམས་དཔའ་དེ་དག་དང ། དགེ་སློང་དེ་དག་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུ་ཆེན་གྱི་ལོཙྪ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་ཀྱང་བཅོས་ཏེ་གཏན་ལ་ཕབ་པ།། །།